དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་ས་མཱ་ཛ་མཎྜ་ལ་བི་དྷིཿཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๔๓ · หน้า 114a
བྲལ་བ། །ཏིང་འཛིན་ཡེ་ཤེས་སུ་བརྟགས་པ། །ལམ་གྱི་ཡེ་ཤེས་ཁྱད་པར་གྱིས། །རྔ་ཡབ་ཉིད་དུ་རྣམ་པར་བརྗོད། །བྱང་ཆུབ་ཡན་ལག་བདུན་པོ་ནི། །མེ་ཏོག་ཕྲེང་སྤྲས་དེ་བཞིན་དུ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དཔལ་མཆོག་དང་པོ་
ལས་ཀྱང་། ཡེ་ཤེས་མེ་ལོང་རྟག་མེ་ཏོག །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །དྲ་བ་མེ་ལོང་རྟག་མེ་ཏོག །མེ་ཏོག་ཕྲེང་བའི་རྒྱན་གྱིས་བསྐོར། །ཞེས་འབྱུང་སྟེ། དེ་ཡང་དོན་འདི་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ཡང་དྲ་བའི་སྒྲས་ནི་དྲ་བ་ཕྱེད་པ་ཡང་བསྡུའོ། །རྟག་ཏུ་དང་མེ་
ཏོག་ཅེས་བྱ་བའི་སྒྲ་གཉིས་ཀྱིས་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་གསུམ་དང་ཡང་དག་པར་ཆོས་མཐུན་པའི་ཕྱིར་བྱང་ཆུབ་ཀྱི་སེམས་དང་ཟླ་བ་ལ་སོགས་པ་གསུམ་གྱི་དོན་ཡིན་ནོ། །དེ་བཞིན་དུ་ཀུན་དུ་བཟང་པོའི་སྒྲུབ་ཐབས་ལས་ཀྱང་། སྣ་ཚོགས་རྒྱན་རྣམས་རྟག་དྲི་མེད། །ཅེས་བྱ་
བའི་སྒྲ་གཉིས་ཀྱིས་སྟོན་པར་ཤེས་པར་བྱའོ། །དེ་ལ་འཇིག་རྟེན་པའི་བསྒོམ་པའི་ལམ་གང་ཞེ་ན། ཇི་སྐད་བཤད་པའི་བསམ་གཏན་བཞི་དང་། འོག་ནས་འཆད་པའི་སྙོམས་པར་འཇུག་པ་བཞི་པོ་ནམ་མཁའ་མཐའ་ཡས་སྐྱེད་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་
དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། །ཡོད་མིན་མེད་མིན་སྐྱེ་མཆེད་དང་། །བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་འདི་དག་ནི་ས་འོག་མའི་སྐྱོན་རགས་པ་ལ་སོགས་པར་མཐོང་ཞིང་གང་གིས་དེའི་ཆགས་པ་དང་བྲལ་བར་བྱེད་པ་དང་། ས་གོང་མའི་ཡོན་ཏན་
ཞི་བ་ལ་སོགས་པར་མཐོང་བ་གང་གིས་དེ་ཐོབ་པར་བྱེད་པའོ། །འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་དེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་
དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །འདི་ལ་ཡང་དག་པའི་ལྟ་བ་ནི་ལུས་ཡིན་ལ། ལྷག་མ་རྣམས་ནི་འཁོར་ཡིན་ནོ། །དེ་ལ་བདེན་པ་རྣམས་ནི་ཡོངས་སུ་གཅོད་པར་བྱེད་པར་མཐོང་བ་
เล่ม ๔๓ · หน้า 114b
ནི་ཡང་དག་པར་ལྟ་བའོ། །ཇི་ལྟར་རྟོགས་པ་བཞིན་དུ་རྣམ་པར་འཇོག་པ་དང་། སྟོན་པ་ནི་གོ་རིམས་བཞིན་དུ་ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་ཡིན་ནོ། །ཚུལ་ཁྲིམས་རྣམ་པར་དག་པ་ནི་ཡང་དག་པའི་ལས་ཀྱི་མཐའ་ཡིན་ནོ། །ཆོས་གོས་ལ་སོགས་པ་ཆོས་
ཀྱིས་ཚོལ་བ་ནི་ཡང་དག་པའི་འཚོ་བ་ཡིན་ནོ། །བརྩོན་འགྲུས་གང་དང་། དྲན་པ་གང་དང་། ཏིང་ངེ་འཛིན་གང་གིས་འདོད་པའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་དང་། ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་དང་། མངོན་པར་ཤེས་པ་ལ་སོགས་པ་ཡོན་
ཏན་གྱི་སྒྲིབ་པ་མ་ལུས་པར་རབ་ཏུ་སྤོང་བར་བྱེད་པ་དེ་ནི་གོ་རིམས་བཞིན་དུ་ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཡིན་ནོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་གང་ཞེ་ན། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་
ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །དེ་ལ་ཤེས་བྱ་ཐམས་ཅད་ལ་རྟག་ཏུ་འཇུག་ཅིང་རྟག་པ་དང་རྣམ་པ་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པའི་
རབ་ཏུ་དབྱེ་བའི་རྒྱུ་གདུལ་བྱའི་སྐྱེ་བོ་ཐམས་ཅད་ལ་ཡེ་ཤེས་ཀྱི་གཟུགས་བརྙན་གྱི་མེ་ལོང་གང་ཡིན་པ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སེམས་ཅན་ཐམས་ཅད་ལ་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་།
ཡང་དག་པར་ལྡན་པ་གང་ཡིན་པ་དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཤེས་བྱ་ཐམས་ཅད་ལ་རྟག་ཏུ་ཐོགས་པ་མེད་པ་དང་། ཏིང་ངེ་འཛིན་དང་གཟུངས་ཐམས་ཅད་ཀྱི་རྒྱུར་གྱུར་པ་དང་། འབྱོར་པ་ཐམས་ཅད་ངེས་པར་སྟོན་པ་དང་། ཆོས་ཀྱི་ཆར་ཆེན་པོ་རབ་ཏུ་འབེབས་པར་
བྱེད་པའི་ཡེ་ཤེས་གང་ཡིན་པ་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྤྲུལ་པ་སྣ་ཚོགས་པ་དང་། མཐའ་ཡས་པ་དང་། བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་ཕྱོགས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ཡེ་ཤེས་གང་ཡིན་པ་དེ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །
เล่ม ๔๓ · หน้า 115a
སངས་རྒྱས་མ་ལུས་པ་རྣམས་ཀྱིས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང་དེར་རོ་གཅིག་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། འདིར་བྱང་ཆུབ་ནི་མཐོང་བའི་ལམ་སྟེ།
དེ་ཁོ་ཉིད་དང་པོར་རྟོགས་པ་ཡིན་པའི་ཕྱིར་རོ། །དེའི་ཡན་ལག་ཡིན་པས་ན་བྱང་ཆུབ་ཀྱི་ཡན་ལག་གོ། །དེ་ཡང་བདུན་ཏེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་
ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འདིའི་ཡང་མཐོང་བའི་ལམ་གྱི་ཆོས་རྣམ་པར་
འབྱེད་པ་ནི་ལུས་ཡིན་ལ། ལྷག་མ་རྣམས་ནི་འཁོར་ཡིན་ནོ། །དེ་ཡང་ཆོས་རྣམས་ལ་དྲན་པ་ཉེ་བར་འཇོག་པས་ཆོས་རྣམ་པར་འབྱེད་པ་ནི་བདེན་པ་མཐོང་བའི་བདག་ཉིད་ཅན་ཐོབ་པ་ཡིན་ནོ། །དེ་ཡང་བརྩོན་འགྲུས་ཀྱིས་ནི་མ་ལུས་པར་ཐོབ་ལ། དེ་སྐྱེས་པས་ཀྱང་དགའ་བ་
འཐོབ་པ་དང་། ཤིན་ཏུ་སྦྱངས་པས་ཏིང་ངེ་འཛིན་ལ་གནས་པ་རྣམས་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་ལ། དེས་ཉོན་མོངས་པའི་ས་བོན་གྱི་བདག་ཉིད་ཅན་གྱི་གནས་ངན་ལེན་བསལ་བས་དེ་ཉོན་མོངས་པ་མེད་པ་ནི་བཏང་སྙོམས་ཞེས་བྱ་བར་བཤད་དེ། དེ་བས་
ན་བྱང་ཆུབ་ཀྱི་ཡན་ལག་བདུན་དུ་འགྱུར་བ་ཡིན་ནོ། །དེའི་ཞེས་བྱ་བ་ནི་དཀྱིལ་འཁོར་གྲུ་བཞི་པའོ། །འཁོར་ལོ་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། །གང་གིས་ནི་དེར་དཀྱིལ་འཁོར་བརྒྱད་པ་ལྟ་བུར་བྱས་པ་ཡིན་ཞེ་ན། འཁོར་ལོ་ལ་སོགས་པ་ཀ་བ་ཞེས་བྱ་བ་
སྨོས་ཏེ། འཁོར་ལོའི་ཀ་བ་གཉིས་དང་རིན་པོ་ཆེའི་ཀ་བ་གཉིས་དང་། པདྨའི་ཀ་བ་གཉིས་དང་། རལ་གྲིའི་ཀ་བ་གཉིས་སོ། །ཇི་ལྟ་བུ་ཞེ་ན། རྣམ་པར་ཐར་པ་བརྒྱད་དེ་ཁོ་ན་ཉིད་དུ་སྦྱངས་པས་སོ། །རྣམ་པར་ཐར་པ་བརྒྱད་གང་ཞེ་ན། གཟུགས་ཅན་གཟུགས་
เล่ม ๔๓ · หน้า 115b
རྣམས་ལ་བལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་གྱུར་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པའི་རྣམ་པར་ལྟ་བ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་
ཐར་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་དང་། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་དང་། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པའོ། །དེ་ལ་གཟུགས་ཅན་
ཞེས་བྱ་བ་ནི་མཐོང་བ་པོའི་བདག་ཉིད་ནི་གཟུགས་ཅན་ཞེས་བྱའོ། །གཟུགས་ཞེས་བྱ་བ་ནི་བལྟ་བར་བྱ་བ་སྟེ། གཟུགས་ཆུང་ངུའམ་ཆེན་པོ་འམ་ཁ་དོག་ངན་པའམ། བཟང་པོའམ། ལྷ་དང་མིའི་ཅི་འདོད་པར་མཐོང་བ་ཞེས་བྱ་བ་ལྷག་པར་མོས་པའི་མཐོང་བས་
སྤྲུལ་པའི་སྒྲིབ་པ་མེད་པ་ནས་མོས་པའི་བར་དུའོ། །ནང་གི་གཟུགས་སུ་འདུ་ཤེས་པ་ཞེས་བྱ་བ་ནི་མཐོང་བ་པོ་བདག་ཉིད་ལ་གཟུགས་ཅན་དུ་འདུ་ཤེས་འཇོག་པའོ། ལྷག་མ་ནི་སྔ་མ་དང་འདྲ་བའོ། །དེ་ཡང་ཇི་ལྟ་བ་བཞིན་དུ་སྡུག་པ་དང་མི་སྡུག་པའི་གཟུགས་ཀྱི་
མཚན་མ་སྤྲུལ་པ་རྣམས་ལ་དེ་བཞིན་ཉིད་ལ་དམིགས་པའི་སྒོ་ནས་སྡུག་པར་རོ་གཅིག་པར་ལྷག་པར་མོས་ནས་བསྒོམ་ཞིང་སྙོམས་པར་འཇུག་སྟེ། སྡུག་པའི་གཟུགས་རྣམས་ལ་གོམས་པ་དང་། མི་སྡུག་པ་རྣམས་ལ་མི་མཐུན་པ་ཉིད་དུ་བྱ་བ་དེ་ནི་སྡུག་པའི་རྣམ་པར་ཐར་
པའོ། །དེ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་པས་ནམ་མཁའི་འདུ་ཤེས་ཐམས་ཅད་དུ་ཉེ་བར་འཕེལ་བས་ནམ་མཁར་ལྷག་པར་མོས་ནས་སྒོམ་ཞིང་སྙོམས་པར་འཇུག་པ་དེ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དོ། །དེ་ལ་དབང་ཐོབ་པར་གྱུར་པ་ཉིད་ནི་
རྣམ་པར་ཐར་པ་སྟེ། དེའི་སྒྲིབ་པ་རྣམས་ལས་རྣམ་པར་ཐར་པ་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པ་འོག་མའི་དོན་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ནས་ནམ་མཁའི་འདུ་ཤེས་ལས་ཀྱང་ཡང་དག་པར་འདས་ནས་རྣམ་པར་ཤེས་པ་གང་གིས་སྔར་ནམ་མཁར་མོས་པར་བྱེད་པའི་
เล่ม ๔๓ · หน้า 116a
རྣམ་པར་ཤེས་པ་དེ་ཉིད་མཐའ་ཡས་པར་ལྷག་པར་མོས་ཤིང་རྣམ་པར་ཤེས་པ་ནི་མཐའ་ཡས་སོ་ཞེས་བསྒོམ་ཞིང་སྙོམས་པར་འཇུག་པ་དེ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །དེ་རྣམ་པར་ཤེས་པ་ལས་གཞན་དུ་དམིགས་པ་ཚོལ་བ་ནི་གཟུགས་ཅན་
དང་གཟུགས་ཅན་མ་ཡིན་པ་ཅི་ཡང་མ་རྙེད་པ་ན་དེ་ཅི་ཡང་མེད་དོ་ཞེས་ཅི་ཡང་མེད་པར་ལྷག་པར་མོས་ཞིང་སྒོམ་པ་ལ་སྙོམས་པར་འཇུག་པ་དེ་ཡང་ཅི་ཡང་མེད་པའི་སྐྱེ་མཆེད་དོ། །དེ་རྒྱ་ཆེ་བ་ལ་སོགས་པ་ཉིད་ཀྱིས་ཉེས་པ་མཐོང་ནས་ཅི་ཡང་མེད་པའི་འདུ་ཤེས་ལས་ལྡོག་སྟེ། དེ་ཅུང་ཟད་མེད་
པའི་འདུ་ཤེས་ལས་ནི་སྔ་མ་ཉིད་དུ་ལོག་པ་ཡིན་ལ། ད་ལྟར་ནི་ཅི་ཡང་མེད་པའི་འདུ་ཤེས་ལས་ཀྱང་ལོག་པ་ཡིན་ནོ། །དེ་བས་ན་འདི་ནི་འདུ་ཤེས་མེད་མིན་ཏེ། གང་ཡང་ཕྲ་ཞིང་མཚན་མ་མེད་པའི་འདུ་ཤེས་གཞན་དག་འཇུག་པ་ཉིད་ཡིན་ནོ། །དེ་བས་ན་འདི་ལ་འདུ་ཤེས་མེད་འདུ་
ཤེས་མེད་མིན་སྐྱེ་མཆེད་ཅེས་བྱའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དེ་ཉིད་ལ་བརྟེན་ནས་ཉོན་མོངས་པ་ཅན་གྱི་ཡིད་དང་འཇུག་པའི་རྣམ་པར་ཤེས་པས་བསྡུས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་དེ་ནི་འདུ་ཤེས་དང་ཚོར་བ་འགོག་པའོ། །འདིར་རྣམ་པར་ཐར་པ་
གཉིས་ནི་ཅི་འདོད་པར་སྤྲུལ་པའི་ཕྱིར་རོ། །རྣམ་པར་ཐར་པ་གསུམ་པ་ནི་སྤྲུལ་པས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །ལྷག་མ་བཞི་པོ་ནི་ཞི་བར་གནས་པ་ལ་དབང་དུ་གྱུར་པའོ། །གཅིག་ནི་མཆོག་ཏུ་ཞི་བར་གནས་པ་ལ་དབང་བ་ཉིད་ཀྱི་ཕྱིར་རོ། །བརྒྱད་པོ་འདི་དག་
ནི་འཕགས་པའི་རྣམ་པར་ཐར་པ་སྟེ། འདིས་འཕགས་པ་རྣམས་གནས་པའི་ཕྱིར་རོ། །དེ་བས་ན་གནས་པའི་བདེ་བས་སྟེན་པར་བྱེད་པས་ཀ་བ་ནི་རྣམ་པར་ཐར་པ་ཡིན་ནོ། །ཕྱོགས་ཀུན་ནས་ཞེས་བྱ་བ་ལ་སོགས་པ་ལ་ཕྱོགས་ཐམས་ཅད་ན་དུས་གསུམ་དུ་བཞུགས་
པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་རྡོ་རྗེ་ཐེག་པ་རབ་ཏུ་སྟོན་པའི་དེ་ཁོ་ན་ཉིད་ནི་རྡོ་རྗེའི་ཐིག་གིས་ཀུན་ནས་ཡོངས་སུ་ཟླུམ་པོར་བསྐོར་བ་ཡིན་ནོ། །དེ་ཁོ་ན་ཉིད་འདི་དག་ནི་དཔལ་མཆོག་དང་པོ་ལས་བླངས་པ་ཡིན་ལ། དེ་ཁོ་ན་ཉིད་ལྷག་མ་ནི་དཔལ་
เล่ม ๔๓ · หน้า 116b
རྡོ་རྗེ་རྩེ་མོ་ལ་སོགས་པ་ལས་བླངས་སོ། །ཚོན་ནི་ཞེས་བྱ་བ་ནི་ཚོན་སྣ་ལྔ་པོ་ཉིད་རྫོགས་པའི་སངས་རྒྱས་ལྔ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་རྣམས་ཀྱིས་སེམས་ཅན་གྱི་ཤེས་པ་རྣམས་ཆགས་ཤིང་སྒྱུར་བར་མཛད་པས་ན་ཚོན་ནོ། །ཡུལ་དང་དབང་
པོ་ལ་སོགས་པའི་མཚན་ཉིད་དང་བྲལ་བས་རྣམ་པར་དག་པའི་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དེས་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དེ་ཉིད་ནི་བདུད་རྩིའོ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་རྡོ་རྗེ་ཅན་གྱིས་གསོལ་ཞིང་འཐུངས་པ་ཡིན་ཏེ། དེ་ནི་བུམ་
པའི་དེ་ཁོ་ན་ཉིད་ཡིན་ནོ། །ཚོགས་རྣམས་པ་གཉིས་ཡོངས་སུ་རྫོགས་པའི་རྒྱུ་མཐུན་པ་ལས་བྱུང་བའི་ཐུགས་རྗེས་བརླན་ཞིང་ཁུ་བ་ཡོད་པ་གང་ཡིན་པ་དེ་ནི་བུམ་པ་གང་བའི་དེ་ཁོ་ན་ཉིད་ཡིན་ནོ། །མེ་ཏོག་ལ་སོགས་པའི་དེ་ཁོ་ན་ཉིད་ནི་གོ་རིམས་བཞིན་དུ་དེ་བཞིན་གཤེགས་
པའི་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པའི་ཚོགས་ཡིན་ནོ། །བསྔགས་ཤིང་ཤིས་པའི་ཡིད་ཚིམ་པ་ནི་ཡིད་རབ་ཏུ་ཚིམ་པའོ། །ཆོས་ཀྱི་ཟས་ནི་ཆོས་ཀྱི་རོ་ལ་དགའ་བའོ། །བདག་ཉིད་ཁ་ན་མ་ཐོ་བས་འཇིགས་པ་ནི་ངོ་ཚ་བའོ། །གཞན་ཞིག་ལ་བརྟེན་ཏེ་ངོ་ཚ་བ་ནི་
ཁྲེལ་ཡོད་པའོ། །དེ་གཉིས་ནི་གོས་ཏེ་བླ་རེ་དང་། གོས་ཀྱི་ཕྲེང་བ་ལ་སོགས་པའི་དེ་ཁོ་ན་ཉིད་ཡིན་ནོ། །རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོ་རྣམ་པར་འཕེལ་བ་དེ་ནི་གླུ་ལ་སོགས་པའི་དེ་ཁོ་ན་ཉིད་ཡིན་ནོ། །གྲོང་ཁྱེར་གྱི་དེ་ཁོ་ན་ཉིད་ནི་ཐར་པའི་གྲོང་ཁྱེར་ཡིན་ནོ། །
དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི་སྙིང་པོ་བསྡུས་པ་ཡིན་ཏེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་སྙིང་པོའི་དཀྱིལ་འཁོར་ཏེ། དེ་ལེན་ཅིང་འཛིན་པར་བྱེད་པས་ནི་དཀྱིལ་འཁོར་རོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་བརྗོད་པའི་རྗེས་ཐོགས་ལ་ལྷའི་དེ་ཁོ་ན་ཉིད་བཤད་
པར་བྱ་བ་ཡིན་པས་འཁོར་ལོའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོན་པར་བྱེད་ཅེས་བྱ་བ་ནི་བཤད་པར་བྱ་བའོ། །དེ་ཡང་རྟེན་གྱི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ནི་བྱང་ཆུབ་ཡིན་ལ། བྱང་ཆུབ་དེ་ལ་སེམས་གང་རྣམ་
เล่ม ๔๓ · หน้า 117a
པ་ཐམས་ཅད་དུ་ཡོངས་སུ་དག་པ་དེ་ནི་རྟེན་པ་པོའི་དཀྱིལ་འཁོར་ཡིན་ནོ། །སྐུ་སོགས་འཛིན་པའི་རྣལ་འབྱོར་སེམས། །ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་རྣམས་ལ་རྣལ་འབྱོར་ཏེ། སངས་རྒྱས་རྣམས་ཀྱི་འདུས་པའི་སེམས་གང་ཡིན་པ་
དེའི་བདག་ཉིད་དུ་མཐོང་བའི་རྣལ་འབྱོར་པའི་སེམས་དེ་ཉིད་ནི་ཡང་དག་པར་ན་རྟེན་པ་པོའི་དཀྱིལ་འཁོར་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སེམས་ཉིད་ནི་དད་པ་ལ་སོགས་པ་དབང་པོ་བཞི་རྣམ་པར་དག་པས་སྒོ་སྲུང་བཞིའི་རང་བཞིན་ཡིན་ལ། དེ་ཡང་ཤེས་རབ་ཀྱི་དབང་པོ་
རྣམ་པར་དག་པས་ཤིན་ཏུ་དྲི་མ་མེད་པའོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕྱི་རོལ་དག་ཅིང་དྲི་མ་མེད་པ་དེའི་བདག་ཉིད་དུ་གྱུར་པ་གང་ཡིན་པ་དེ་ནི་གཟུགས་རྡོ་རྗེ་ལ་སོགས་པའི་རང་བཞིན་ཡིན་ཏེ། གང་གི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ནི་དེ་རྣམས་ཀྱི་དེ་ཁོ་ན་
ཉིད་ཡིན་ནོ། །ས་ནི་སའི་ཁམས་སོ། །ཐབས་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སོགས་པའི་སྒྲས་ནི་ཆུ་དང་མེ་དང་རླུང་གི་ཁམས་དང་། སྨོན་ལམ་དང་། སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྡུའོ། །མཚན་མ་མེད་པ་ནི་དགའ་བ་བཞི་པོའོ། །འདི་རྣམས་ཀྱི་ངོ་བོ་
ཉིད་ནི་དེ་ཁོ་ན་སྟེ་སེམས་ཡིན་ལ། དེ་ནི་དེའི་རང་བཞིན་ཅན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་གང་གི་ཕྱིར་དེ་རྣམས་ལྷ་མོ་བཞིའི་རང་བཞིན་ཡིན་པ་དེའི་ཕྱིར་དེ་ཉིད་དེ་ཁོ་ན་ཉིད་ཡིན་ནོ། །ས་ལ་སོགས་པ་ཇི་ལྟར་ན་དེ་ཁོ་ན་ཉིད་ཡིན་ཞེས་རྟོག་ན། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་
ཀྱིས་སོ་ཞེས་ཁོ་བོ་སྨྲ་སྟེ། ལོངས་སྤྱོད་རྫོགས་པའི་སྐུས་ཡང་དག་པར་བསྡུས་པའི་ཕྱིར་དང་ནང་གི་ས་ལ་སོགས་པ་གང་གི་ཡིན་པ་དེ་རྣམས་ཀྱང་དེ་ཁོ་ཉིད་ཡིན་ཏེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་ཉེས་པ་མེད་དོ། །སྦྱིན་པ་ལ་སོགས་
པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ཏེ། སྙིང་རྗེ་སྔོན་དུ་འགྲོ་བའི་སེམས་ཀྱིས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་དང་། དེ་བཞིན་དུ་སྡོམ་པ་ཐམས་
เล่ม ๔๓ · หน้า 117b
ཅད་ཡང་དག་པར་བླངས་ཏེ་སྲུང་བ་དང་། དེ་བཞིན་དུ་གནོད་པའི་སྡུག་བསྔལ་ཐམས་ཅད་ལ་བཟོད་པར་གནས་པ་དང་། དེ་བཞིན་དུ་དགེ་བའི་ཆོས་ཐམས་ཅད་ཡང་དག་པར་བསྡུ་བ་ལ་སྤྲོ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཏེ་དེ་དག་ནི་གོ་རིམས་བཞིན་དུ་སྦྱིན་པ་དང་། ཚུལ་
ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་བཞིན་དུ་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ལ་རྣམ་པ་ཐམས་ཅད་དུ་དབང་དུ་གྱུར་པས་སེམས་རྣམ་པ་ཐམས་ཅད་དུ་ཡང་དག་པར་གནས་པ་དང་གང་དེ་བཞིན་དུ་རྣམ་པ་ཐམས་ཅད་དུ་ཆོས་
རྣམ་པར་འབྱེད་པ་སྟེ། དེ་དག་ནི་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །འདིར་ཡང་ཆོས་ཉིད་ནི་རིགས་སོ། །བྱང་ཆུབ་ཀྱི་སེམས་ནི་སྨོན་པའོ། །བདོག་པ་ནི་གང་ཅི་ཡོད་པའོ། །སྡོམ་པ་ནི་མི་དགེ་བ་ལས་ལྡོག་པའོ། །གནོད་པ་ཐམས་ཅད་བཟོད་
པ་ནི་བསྟེན་ནུས་པའོ། །སྡུག་བསྔལ་ཐམས་ཅད་ལ་བཏང་སྙོམས་སུ་འཇོག་པ་ནི་གནོད་པའོ། །དབང་ཐོབ་པ་ནི་བདག་པོར་གྱུར་པའོ། །གནས་པ་ནི་མཉམ་པར་འཇོག་པའོ། །རྣམ་པར་འབྱེད་པ་ནི་ངེས་པར་དཔྱོད་པའོ། །ཐབས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན།
གང་ཕ་རོལ་ཏུ་ཕྱིན་པ་དེ་རྣམས་ཉིད་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་དང་། གང་དེ་རྣམས་ཉིད་སྐྱེ་བ་ཐམས་ཅད་དུ་ཡང་དག་པར་སྤྱད་པར་བྱ་བའི་ཕྱིར་སྐྱེ་བ་ལ་སོགས་པ་ཁྱད་པར་ཅན་དུ་སྨོན་ཅིང་དོན་དུ་གཉེར་བ་དང་། གང་དེ་རྣམས་ཉིད་སྐྱེ་བ་ཐམས་ཅད་དུ་རྒྱུན་དུ་བྱ་བའི་ཕྱིར་འབད་
པ་ལས་བྱུང་བའི་ནུས་པའི་ཤེས་རབ་ཀྱི་སྟོབས་ཞེས་བྱ་བ་དང་། སྔོན་གོམས་པ་ལས་བྱུང་བའི་བསྒོམ་པའི་སྟོབས་ཞེས་བྱ་བ་དག་དང་། གང་དེ་རྣམས་ཉིད་བསྟན་པར་བྱ་བའི་ཕྱིར་འབད་པ་ཆེན་པོས་དགོངས་པ་ཅན་གྱི་དོན་ཐམས་ཅད་ཡང་དག་པར་ཤེས་པའོ། །དེ་དག་ནི་གོ་རིམས་
ཇི་ལྟ་བ་བཞིན་དུ་ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །མཚན་མ་མེད་པ་ལ་དགའ་བ་རྣམས་གང་ཞེ་ན། གང་ཐེག་པ་ཆེན་པོ་ལ་དམིགས་པས་དེ་བཞིན་ཉིད་དུ་རོ་གཅིག་པ་ལ་དགའ་བའོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་པ་ལྔ་པོ་ནི་ཐེག་
เล่ม ๔๓ · หน้า 118a
པ་ཆེན་པོ་ལས་དོན་གྱི་ཤེས་པ་དང་། སེམས་ཅན་གྱི་ཤེས་པ་དང་། བདག་གི་ཤེས་པ་དང་། རྣམ་པར་རྟོག་པའི་ཤེས་པ་དང་། འཇུག་པའི་ཤེས་པའོ། །འདི་དག་ཀྱང་གོ་རིམས་བཞིན་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་རེག་བྱ་སྟེ་ཡུལ་གྱི་
བདག་ཉིད་ཅན་གྱི་ཀུན་གཞི་རྣམ་པར་ཤེས་པ་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོའི་བདག་ཉིད་ཅན་གྱི་ཀུན་གཞི་རྣམ་པར་ཤེས་པ་དང་། ང་དང་བདག་གི་རྣམ་པ་ཅན་གྱི་ཉོན་མོངས་པ་ཅན་གྱི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་མིག་ལ་སོགས་
པའི་རྣམ་པར་ཤེས་པ་དང་། རིམ་པ་བཞིན་དུ་སྦྱར་རོ། །དེ་རྣམས་ཀྱི་བདག་པོ་ནི་དེས་ཡང་དག་པར་བསྡུས་པའི་སྒྲིབ་པ་རྣམས་དང་བྲལ་བའོ། །རྒྱུ་དེས་ན་སེམས་དེ་ཉིད་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་
ཡེ་ཤེས་དང་། ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཀྱི་རང་བཞིན་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པ་དང་། མི་བསྐྱོད་པའི་རང་བཞིན་ཅན་ཡིན་ཏེ། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ནི་དོན་ལ་
སོགས་པའི་ཤེས་པ་དག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་དང་། རྣམ་པར་སྣང་མཛད་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར་དཀྱིལ་འཁོར་གྱི་བདག་པོའི་ངོ་བོ་ཉིད་དུ་རབ་ཏུ་གསལ་བར་
སྣང་བ་ཡིན་ནོ། །འདིར་ཡང་ངའི་སྐྱེ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པ་བྱ་བ་བྱས་པ་ཉིད་ཀྱི་ཡེ་ཤེས་ནི་ཟད་པའི་ཡེ་ཤེས་སོ། །ངས་འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་ལ་སོགས་པ་བྱ་བ་གཞན་མེད་པའི་ཤེས་པ་ནི་མི་སྐྱེ་བ་ཤེས་པའོ། །ཡང་ལྷའི་དེ་ཁོ་ན་ཉིད་གཞན་དག་
ཀྱང་བསྟན་པའི་ཕྱིར། གཟུགས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཉིད་གཟུགས་ལ་སོགས་པའི་འཁྲུལ་པ་རྣམ་པར་དག་ཅིང་དེ་ལས་ངེས་པར་གྲོལ་བ་ཉིད་ཀྱིས་རབ་ཏུ་བསྒོམས་ཤིང་དེའི་མཚན་ཉིད་དང་ལྡན་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་གང་ཡིན་པ་དེ་ནི་
เล่ม ๔๓ · หน้า 118b
ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་ཡིན་གྱི། ཡོངས་སུ་བརྟགས་པའི་ཕུང་པོ་ལ་སོགས་པའམ། ཟག་པ་དང་བཅས་པ་ལ་སོགས་པ་ནི་ལྷའི་དེ་ཁོ་ན་ཉིད་མ་ཡིན་ནོ། །རྣམ་པར་དག་པ་དེ་ཡང་སེམས་ལས་ཐ་མི་དད་པ་ཡིན་ལ། དེ་བས་ན་སེམས་དེ་ཉིད་ནི་ཕུང་པོ་ལ་སོགས་པ་ལྷའི་བདག་ཉིད་ཅན་
ཡིན་ནོ། །དེ་ལ་སངས་རྒྱས་རྣམས་ཀྱི་དེ་ཁོ་ན་ཉིད་ནི་ཕུང་པོ་ལྔ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་སྐྱེ་མཆེད་བཅུ་གཉིས་ཏེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་།
ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་སོ། །སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། རྡོ་རྗེ་འཆང་བའི་དེ་ཁོ་ན་ཉིད་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའོ། །ཡང་ལྷའི་དེ་ཁོ་ན་ཉིད་གཞན་དག་བསྟན་པ་ནི། སེར་སྣ་
ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་ནི་ཇི་སྐད་དུ་བཤད་པའི་ཕྱི་རོལ་ཏུ་ཕྱིན་པ་བཅུའོ། །ས་ནི་བཅུ་གཅིག་གོ། །ཤིན་ཏུ་གནས་པ་ནི་དེ་རྣམས་ལ་སེམས་དེའི་བདག་ཉིད་ཀྱིས་རབ་ཏུ་བརྟན་པར་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། སེར་སྣ་ལ་སོགས་གནས་གྱུར་པས། །ཞེས་
བྱ་སྨོས་པ་ཡིན་ཏེ། གནས་གྱུར་པ་དེ་ཡང་སེམས་ལས་ལོགས་ཤིག་ན་མེད་པའི་མཚན་ཉིད་ཅན་གྱི་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་དུ་གྱུར་པ་ཡིན་ནོ། །དེ་ལ་ལྷ་མོ་བཅུའི་དེ་ཁོ་ན་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །རབ་ཏུ་དགའ་བ་དང་དྲི་མ་མེད་པ་སྟེ། ས་
གཉིས་ནི་གཤིན་རྗེ་གཤེད་ཀྱིའོ། །དེ་ནས་ས་གསུམ་ནི་སྒོ་སྲུང་ལྷག་མ་གསུམ་གྱིའོ། །དེ་ནས་ས་ལྔ་ནི་དེ་བཞིན་གཤེགས་པ་ལྔའིའོ། །ཀུན་དུ་འོད་ནི་དཀྱིལ་འཁོར་གྱི་བདག་པོའིའོ། །ས་རྣམས་ཀྱང་གང་ཞེ་ན། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་
དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་དང་། ཀུན་དུ་འོད་དོ། །དེ་ལ་ཀུན་དུ་འགྲོ་བའི་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པས་རབ་ཏུ་དགའ་བར་གྱུར་པའི་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དག་པས་གནས་
เล่ม ๔๓ · หน้า 119a
པ་ནི་རབ་ཏུ་དགའ་བའོ། །ལྷག་པའི་བསམ་པ་རྣམ་པར་དག་པའི་རྒྱུས་རང་བཞིན་གྱིས་དག་པའི་ཚུལ་ཁྲིམས་དང་། ཡང་དག་པར་ལྡན་པར་གནས་པ་ནི་དྲི་མ་མེད་པའོ། །ཚུལ་ཁྲིམས་འཆལ་བའི་དྲི་མ་དང་བྲལ་བས་ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུས་འཇིག་རྟེན་པའི་
བསམ་གཏན་དང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སྣང་བས་གནས་པ་ནི་འོད་བྱེད་པའོ། །ཏིང་ངེ་འཛིན་དེ་ཉིད་ལ་བརྟེན་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དཔྱོད་པའི་འོད་དང་ཡང་དག་པར་ལྡན་པས་གནས་པ་ནི་འོད་འཕྲོ་བའོ། །རྣམ་པར་འབྱེད་པ་དེ་ཉིད་ལ་བརྟེན་ནས་
སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་བདེན་པ་རྣམ་པར་འབྱེད་པ་ནི་སྦྱང་དཀའ་བ་སྟེ། དཀའ་བས་རྒྱལ་ཞིང་བསླབ་པའི་ཕྱིར་རོ། །དེ་ལ་བརྟེན་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་རྣམ་པར་འབྱེད་པས་གནས་པ་ནི་མངོན་དུ་གྱུར་པ་སྟེ། ཐོགས་
པ་མེད་པའི་ཡེ་ཤེས་མངོན་དུ་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་གནས་པ་དེར་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རབ་ཏུ་རྣམ་པར་འབྱེད་པ་ལ་དབང་ཐོབ་པས་འབད་པ་རྒྱུན་མི་འཆད་པར་འཇུག་པས་མཚན་མ་མེད་པ་ལ་གནས་པ་ནི་རིང་དུ་སོང་བ་སྟེ། སྦྱོར་
བའི་སྤྱོད་པའི་མཐར་ཐུག་པར་སོང་བའི་ཕྱིར་རོ། །དེ་ལ་བརྟེན་ནས་རང་གི་ངང་གིས་རྒྱུན་མི་འཆད་པར་འཇུག་པས་མཚན་མ་མེད་པ་ལ་གནས་པ་ནི་མི་གཡོ་བ་སྟེ། དེར་སེམས་ཀྱི་མཚན་མ་མེད་པ་ལ་གཡོ་བ་མེད་པ་ཡིན་པའི་ཕྱིར་རོ། །གཡོ་བ་མེད་པའི་ཤེས་རབ་དང་ཏིང་ངེ་འཛིན་
ལ་བརྟེན་ནས་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམ་པར་དག་པ་ལ་གནས་པ་ནི་ལེགས་པའི་བློ་གྲོས་ཏེ། སོ་སོ་ཡང་དག་པར་རིག་པའི་བློ་དེར་ལེགས་པར་གྱུར་པའི་ཕྱིར་རོ། །ཆར་འབེབས་པ་ནི་སྤྲིན་ཏེ། དབང་སྐུར་བའམ་ཆར་འབེབས་པའོ། །
དེ་ཡང་གང་ལ་གནས་ན་བྱང་ཆུབ་ཆེན་པོར་ཆོས་ཀྱི་དབང་བསྐུར་བ་ཐོབ་པ་དང་། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་ཆར་ཤིན་ཏུ་རྒྱ་ཆེན་པོ་བདག་ཉིད་ཀྱང་ལེན་ཅིང་། སེམས་ཅན་རྣམས་ལ་ཡང་སྟེར་བར་བྱེད་པ་ནི་ཆོས་ཀྱི་སྤྲིན་ནོ། །གང་ལ་གནས་ན་སྒྲིབ་པའི་བག་ཆགས་ཐམས་ཅད་ཡང་དག་པར་
เล่ม ๔๓ · หน้า 119b
བཅོམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྣམ་པར་དག་པའི་མཐར་ཐུག་པ་ནི་ཀུན་དུ་འོད་དོ། །སེར་སྣ་ལ་སོགས་པ་གང་ཞེ་ན། སེར་སྣ་ནི་སྦྱིན་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་སེམས་ལས་བྱུང་བའི་ཆོས་སོ། །ཚུལ་ཁྲིམས་འཆལ་པ་ནི་ཚུལ་ཁྲིམས་གྱི་མི་མཐུན་པའི་ཕྱོགས་
སོ། །མི་བཟོད་པ་ནི་བཟོད་པའི་མི་མཐུན་པའི་ཕྱོགས་ཏེ། ཁྲོ་བ་དང་། སྡུག་བསྔལ་བ་དང་། འཇིགས་པ་ཉིད་དོ། །དེ་བཞིན་དུ་བརྩོན་འགྲུས་ལ་སོགས་པའི་མི་མཐུན་པར་གྱུར་པ་ནི་ལེ་ལོ་ལ་སོགས་པ་ཡིན་པར་ཤེས་པར་བྱའོ། །གཞན་ཡང་ལྷའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། རང་གི་མི་
མཐུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དོན་བཅུ་པོ་ལ་ནུས་པ་ཐོགས་པ་མེད་པ་མཁྱེན་པའི་མཚན་ཉིད་ཅན་ནི་ལྷ་མོ་བཅུ་པོའི་དེ་ཁོ་ན་ཉིད་ཡིན་ནོ། །མི་འཇིགས་པ་བཞིའི་བདག་ཉིད་ནི་གོ་རིམས་བཞིན་དུ་ཡེ་ཤེས་དང་། སྤངས་པ་དང་། མི་མཐུན་
པའི་ཕྱོགས་སྟོན་པ་དང་། གཉེན་པོའི་ཕྱོགས་སྟོན་པ་ལ་བསྙེངས་པ་མི་མངའ་བར་སོ་སོར་མཁྱེན་པའོ། །མི་འཇིགས་པ་བཞི་པོ་དེ་དག་ནི་སྒོ་སྲུང་རྣམས་ཀྱི་དེ་ཁོ་ན་ཉིད་ཡིན་ནོ། །ཡོངས་སུ་དག་པ་བཞི་པོ་དང་། བག་ཆགས་ཡང་དག་པར་བཅོམ་པ་དང་། རྣམ་པ་ཐམས་ཅད་ཀྱི་
མཆོག་མཁྱེན་པ་ནི་དཀྱིལ་འཁོར་གྱི་བདག་པོའི་དེ་ཁོ་ན་ཉིད་དོ། །སངས་རྒྱས་ཀྱི་ཆོས་ལྷག་མ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟེ། ཡན་ལག་འགའ་ཡིས་ཁྱད་པར་དུ་གྱུར་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཡིན་ནོ། །དེ་ལ་སྟོབས་ལ་སོགས་པའི་མི་མཐུན་པའི་
ཕྱོགས་ལས་དབེན་པའི་སེམས་ཉིད་ནི་སྟོབས་ལ་སོགས་པ་ཡིན་ནོ། །དེ་བས་ན། སྟོབས་སོགས་ཚང་ཞིང་དྲི་མ་མེད། །ཅེས་བྱ་སྟེ། སྟོབས་ལ་སོགས་པ་ལུས་པ་མེད་པ་དྲི་མ་མེད་པའི་ཆོས་ཀྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ལྷ་རྣམས་ཀྱི་བདག་ཉིད་ཅན་ཡང་ཡིན་ནོ། །གཞན་ཡང་
ཐུན་མོང་དུ་གྱུར་པའི་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་འདི་ནི་ལྷ་ཐམས་ཅད་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཡིན་ནོ། །དེ་ལ་ཤེས་རབ་ཀྱི་དེ་ཁོ་ན་ཉིད་ནི་ཟབ་པ་སྟེ། དེ་ཡང་རྣམ་པར་མི་རྟོག་པ་ཉིད་
เล่ม ๔๓ · หน้า 120a
ཡིན་པའི་ཕྱིར་རོ། །ཐབས་ཀྱི་དེ་ཁོ་ན་ཉིད་ནི་རྒྱ་ཆེ་བ་སྟེ། དེ་ཡང་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་དབང་བྱེད་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་ཉིད་དང་དབང་བྱེད་པ་དེ་ཡང་སེམས་ཉིད་ཀྱི་རྣམ་པར་དག་པ་ཡིན་ནོ། །དེ་བས་ན་དེའི་བདག་ཉིད་ཅན་གྱི་སེམས་ནི་ལྷ་ཐམས་ཅད་
ཀྱི་བདག་ཉིད་ཅན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཇི་སྐད་དུ་བཤད་པའི་ཚུལ་གྱིས་སེམས་ཀྱི་ཆོས་རྣམས་ཉིད་ལྷ་རྣམས་ཡིན་ན་སེམས་ཀྱི་ཆོས་ཐ་དད་པ་ལ་སོགས་པ་དེ་ཡང་ཅི་སེམས་ལས་ཐ་དད་པ་ཡིན་ནམ་ཐ་མི་དད་པ་ཡིན། ཐ་མི་དད་པ་ཡིན་ན་དེའི་བདག་ཉིད་ཅན་གྱིས་སེམས་
གཅིག་ཡིན་ནམ་དུ་མ་ཡིན་ཞེ་ན། དེའི་ཕྱིར། སོ་སོ་རང་རིག་ཆོས་ཡིན་ཕྱིར། །དབྱེ་ཡོད་དབྱེ་མེད་སོགས་མི་གནས། །ཞེས་བྱ་བ་སྨོས་ཏེ། རང་རིག་པའི་དད་པ་ལ་སོགས་པའི་ཆོས་རྣམས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ངོ་བོ་ཉིད་ནི་དེ་ཉིད་དོ། །དེ་ཡང་རིག་ཅིང་ཚོར་བཞིན་པའི་
ཆོས་ཐམས་ཅད་ནི་སེམས་ལས་ལོགས་ཤིག་ན་མེད་དེ། སེམས་དང་ཡང་དག་པར་རིག་པ་གཉིས་ནི་ནམ་མཁའ་གསལ་བའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དབྱེ་བ་མེད་པ་ཡང་མ་ཡིན་ཏེ། སེམས་གཅིག་ལས་དེ་རྣམས་ཐ་མི་དད་ན་གཅིག་པུ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་
རོ། །དེ་ལྟ་ན་ནི་སེམས་ཉིད་གཅིག་པ་དང་། དུ་མར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཐ་མི་དད་པར་ཡང་དག་པར་རིག་པའི་ཕྱིར་རོ། །དུ་མ་ཡིན་ན་ནི་སྐྱེས་བུ་དུ་མའི་སེམས་དང་འདྲ་བར་སོ་སོར་རིག་པར་འགྱུར་བ་ཡིན་ནོ། །དེ་ལྟ་ན་ནི་སེམས་གཅིག་པུ་འདི་ཉིད་རྣམ་པ་དུ་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ།
སེམས་གཅིག་ལས་ཐ་མི་དད་པའི་རྣམ་པ་རྣམས་དུ་མ་ཉིད་ཡིན་པར་འགལ་བའི་ཕྱིར་རོ། །གཅིག་པ་དང་དུ་མར་འགྱུར་རོ་ཞེ་ན། ཐ་དད་པའི་ཕྱོགས་ནི་སྔར་སུན་ཕྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་གང་གི་ཕྱིར་འདི་དག་ཐམས་ཅད་ནི་སོ་སོ་རང་གིས་རིག་པ་ཡིན་ཞིང་སེམས་འདི་ཉིད་ཀྱིས་
ཡང་དག་པར་རིག་པ་ཡིན་ནོ། །དེའི་ཕྱིར་སེམས་ཁོ་ན་ལས་དབྱེ་བ་ཡོད་པ་ཡང་མ་ཡིན། དབྱེ་བ་མེད་པ་ཡང་མ་ཡིན་པར་རྣམ་པར་གནས་སོ། །ཆོས་འདི་དག་དང་ལྡན་པ་ཉིད་ནི་གཅིག་ཉིད་དུ་ཡང་མ་ཡིན་ལ་དུ་མ་ཉིད་དུ་ཡང་གནས་པ་མ་ཡིན་ནོ། །དེས་ན་འདི་ལྟར་དབྱེ་བ་ཡོད་པ་དང་དབྱེ་བ་མེད་
เล่ม ๔๓ · หน้า 120b
པའི་བདག་ཉིད་ཅན་ནམ། གཅིག་པ་ཉིད་དང་དུ་མ་ཉིད་དུ་འགྱུར་བའི་གཉིས་མེད་པས་སེམས་དེ་ནི་གཉིས་སུ་མེད་པ་ཉིད་ཡིན་ལ། གཉིས་སུ་མེད་པའི་ཕྱིར་སྤྲོས་པ་མེད་པ་ཡིན་ནོ། །གལ་ཏེ་དེ་ལྟར་སེམས་སྤྲོས་པ་མེད་པ་ལ་ཅིའི་ཕྱིར་སྤྲོས་པར་བྱས་ཤེ་ན་དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
དེ་ལྟར་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་སྒོ་དང་། དེ་ཁོ་ན་ཉིད་ཀྱི་སྒོ་ནས་སྤྲོས་པར་བྱས་པའི་སེམས་ཀྱི་འབྲས་བུར་གྱུར་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་སུ་འགྱུར་ཞིང་སྣང་བ་ཐོབ་པར་འགྱུར་བ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་སེམས་ཙམ་
དུ་བསྒོམས་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་འདྲ་བར་འཇིག་རྟེན་པའི་ཏིང་ངེ་འཛིན་ཙམ་ཐོབ་པར་འགྱུར་ལ། འོན་ཏེ་སྟོང་པ་ཉིད་ཁྱད་པར་དུ་བསྒོམས་ན་ནི་དེ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཙམ་དུ་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་རྣམས་སྦྱང་བའི་ལས་རྫོགས་པར་བྱེད་པའི་ཕྱིར་
རོ། །ཡང་ན་ལྷའི་བདག་ཉིད་ཅན་འབའ་ཞིག་ཙམ་བསྒོམས་ན་དེ་ལྟ་ན་ནི་དེ་ཙམ་གྱིས་འཚང་རྒྱ་བ་ཉིད་དུ་མི་འགྱུར་ཏེ། ལས་རྫོགས་པ་མ་ཚང་བའི་ཕྱིར་རོ། །ཡང་ན་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་བསྒོམ་གྱི་ལྷ་རྣམས་མ་ཡིན་ན་ནི་དེ་ལྟ་ན་ཡང་བསྐལ་པ་གྲངས་མེད་པ་མང་པོས་སངས་རྒྱས་ཉིད་
ཐོབ་པར་འགྱུར་གྱི་མྱུར་དུ་ནི་མ་ཡིན་ནོ། །དེ་བས་ན་གཉི་ག་བསྒོམ་པ་ནི་ཤིན་ཏུ་ཡིད་དུ་འོང་བ་ཡིན་པའི་ཕྱིར་དང་། བྱིན་གྱི་རླབ་ཀྱི་ཁྱད་པར་གྱིས་མཆོག་ཏུ་མྱུར་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་པ་གཉིས་ཀྱང་
ཤིན་ཏུ་བསླབས་པའི་ལྷག་པར་མོས་པ་ཉིད་ཀྱིས་དེ་ཁོ་ན་ཉིད་བསྒོམ་པར་བྱ་བ་ཡིན་པས་དང་པོར་ནི་མ་ཡིན་གྱི་བསྒོམས་པའི་རྗེས་ལ་རང་བཞིན་བརྟན་པར་བྱ་བ་ཡིན་པས་དེ་ལ་ནི་མ་ཚང་བ་ཅི་ཡང་མེད་ལ་ལས་ཀྱི་རྒྱལ་པོའི་མཆོག་གི་ཕྱོགས་གཅིག་ཡིན་པ་དང་དེ་གཉི་ག་ཡང་སེམས་ལ་དབང་
ཐོབ་པར་བྱ་བའི་ཕྱིར་ཡིན་གྱི། རང་རྒྱུད་དུ་བྱང་ཆུབ་སྒྲུབ་པ་མ་ཡིན་པས་དེ་ལྟ་ན་ཡང་ཉེས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷའི་དེ་ཁོ་ན་ཉིད་བཤད་པའི་རྗེས་ཐོགས་ལ་སློབ་དཔོན་གྱི་ལས་བཤད་པར་བྱ་བ་ཡིན་པས་དེ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་
เล่ม ๔๓ · หน้า 121a
ནས་རྣལ་འབྱོར་དམ་ཚིག་མཆོག །ཅེས་བྱ་བ་ནས། དེ་རང་ཉིད་ཅེས་བྱ་བའི་བར་གྱིས་སྟོན་ཏོ། །འདིར་སློབ་དཔོན་གྱི་ལས་ནི་གཉིས་ཏེ། དངོས་གྲུབ་གསོལ་བ་འདེབས་པ་ལ་སོགས་པའི་ཆོ་ག་ནི་ཚིགས་སུ་བཅད་པ་ལྔས་སྟོན་ཏོ། །རབ་ཏུ་གནས་པའི་ཆོ་ག་ནི་
ཚིགས་སུ་བཅད་པ་གསུམ་གྱིས་སྟོན་ཏོ། །འདིར་རྣལ་འབྱོར་ཞེས་བྱ་བ་ནི་ལུས་ཀྱི་ཡང་དག་པར་སྦྱོར་བ་ཞེས་བཤད་དོ། །ཡོན་ཏན་ནི་དད་པ་དང་དུལ་བ་ལ་སོགས་པ་དང་། ལས་དང་རྗེས་སུ་མཐུན་པའོ། །ཁ་ཕྱེ་ལ་ཞེས་བྱ་བ་ནི་དབང་པོ་གཉིས་ཡང་དག་པར་སྦྱོར་བ་སྟེ། རྗེས་
བསྒྲུབ་བྱ་ཞེས་འོག་མ་དང་སྦྱར་བར་བྱའོ། །བརྟག་ཅེས་བྱ་བ་ནི་སྤྲུལ་པའི་དཀྱིལ་འཁོར་དུའོ། །དེའི་རྗེས་ལ་ནི་གསོལ་བ་གདབ་པར་བྱའོ། །སྐྱེས་བུའི་མཐར་ཐུག་པས་དབང་བསྐུར་ཞེས་བྱ་བ་ནི་སློབ་དཔོན་དུ་དབང་བསྐུར་བའི་བར་གྱིས་དབང་བསྐུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །
བཤད་གང་ཞེས་བྱ་བ་ནི་སྔར་ཇི་ལྟར་བཤད་པ་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཡི་གེ་གསུམ་ལ་སོགས་པའི་སྔགས་ཀྱིས་མངོན་པར་བཟླ་བར་བྱ་བ་དང་། ཕྱིའི་ཁྲུས་ཀྱང་བྱེད་དུ་གཞུག་གོ། །རང་ཉིད་ཅེས་བྱ་བ་ནི་སྐུ་གཟུགས་ལ་སོགས་པ་དེ་དག་ཉིད་དོ། །འཁོར་ལོས་
སྒྱུར་འདྲ་ཞེས་བྱ་བ་ནི། འཁོར་ལོས་སྒྱུར་བ་ལྟ་བུ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་འཁོར་ལོས་སྒྱུར་བའི་ཆ་ལུགས་དང་ལྡན་པར་གྱུར་པས་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ་དཀྱིལ་འཁོར་གྱི་ས་ལས་ཕྱི་རོལ་དུ་འདོམ་གང་བའི་གྲུ་བཞི་པ་ལ་དཔངས་སུ་ཁྲུ་དོ་ཡོད་པ་ཉེས་པ་
ཐམས་ཅད་དང་བྲལ་བ་བཀྲ་ཤིས་པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པའི་ཁྲུས་སའི་སྟེགས་བུ་བྱེད་དུ་བཅུག་ལ། དེའི་དབུས་སུ་གནས་པའི་ཁྲི་ལ་བཞུགས་པའི་ལྷ་ལ་དང་པོར་སྦྱང་བ་བྱས་ལ། བའི་རྣམ་ལྔས་བྱུགས་ཏེ་རྒྱལ་བའི་བཀྲ་ཤིས་པའི་ཚིགས་སུ་བཅད་པས་
བསྟོད་ཅིང་རོལ་མོ་དང་གླུ་དབྱངས་སྣ་ཚོགས་དང་ལྡན་པ་དང་། རྒྱལ་པོ་དབང་བསྐུར་བའི་ཚུལ་དུ་གདུགས་དཀར་པོ་ལ་སོགས་པ་བཟུང་ལ། དྲི་ཞིམ་པོ་དང་སྦྱར་བའི་ཆུ་དང་། རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པས་ཁྲུས་བྱེད་དུ་གཞུག་གོ། །དེ་ལ། གླེགས་བམ་རས་
เล่ม ๔๓ · หน้า 121b
རིས་འབག་ལ་སོགས། །ལྷ་ལ་ཆོ་ག་ཤེས་པ་ཡིས། །མེ་ལོང་དག་གིས་ཁྲུས་བྱ་སྟེ། །ལུགས་མ་སོགས་གཞན་དངོས་སུའོ། །དེ་ནས་གོས་འཇམ་པོས་སྐུ་ཕྱིས་ལ་ཐུགས་ཀ་དང་། དབུ་དང་། མགུལ་དང་། ཕྱག་གི་རྩེ་མོ་རྣམས་སུ་བྱུགས་ལ་ཡང་དག་པར་མཆོད་དེ། སྐུ་གཟུགས་
ལ་སོགས་པའི་ཐུགས་ཀའི་ཟླ་བ་ལ་འདུས་པའི་དཀྱིལ་འཁོར་བསྐྱེད་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པ་ལ་སོགས་པའི་ཆོ་ག་བྱས་ནས་སྐྱེས་བུའི་དབང་བསྐུར་བའི་མཐར་ཐུག་པས་དབང་བསྐུར་བར་བྱའོ། །འདུས་པའི་ལྷའི་གཟུགས་སུ་ངོས་མ་ཟིན་པ་རྣམས་ལ་ནི་རྡོ་རྗེ་འཆང་བའི་སྐུས་སོ། །
མར་མེ་མཛད་ལ་སོགས་པ་དང་། གཙུག་ལག་ཁང་དང་མཆོད་རྟེན་ལ་སོགས་པ་ལ་ནི་རྣམ་པར་སྣང་མཛད་ཀྱི་སྐུས་སོ། །གླེགས་བམ་ལ་སོགས་པ་ནི་འོད་དཔག་ཏུ་མེད་པ་བསམས་ལ་ཁྲུས་དང་དབང་བསྐུར་བ་ལ་སོགས་པ་བྱའོ། །སྦྱིན་སྲེག་གི་མཐར་ནི་གསེར་གྱི་ཐུར་མས་སྤྱན་
ཕྱེ་ལ་ལྷ་ལ་བཤོས་གསོལ་བའི་ཕྱིར་མེ་ལྷ་གཤེགས་སུ་གསོལ་ཟིན་པའི་ཐབ་ཏུ་མར་གྱི་ལྷག་མ་དང་འོ་མ་དང་། ང་རྒྱལ་དང་བཅས་པའི་ཚུལ་གྱིས་སྔགས་ཟློས་ཤིང་། བཤོས་སུ་བྱ་བའི་གཡོས་བྱའོ། །ད་ནི་གསང་བ་དང་ཤེས་རབ་ཀྱི་དབང་བསྐུར་བ་བརྗོད་པར་བྱའོ། །དེར་སློབ་
མ་སྤྲོ་བ་བསྐྱེད་པ་དང་དབང་བསྐུར་བའི་ཁྱད་པར་ནི་ཤེས་རབ་ཐབས་ཀྱི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་སྟོན་ཏོ། །མཆོག་ནི་དམ་པ་སྟེ་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པར་བྱེད་པའི་ཕྱིར་རོ། །གཉིས་ནི་རྒྱུ་མཐུན་པའི་འབྲས་བུའོ། །གསུམ་ནི་རྣམ་
པར་སྨིན་པའི་འབྲས་བུའོ། །གཉིས་ནི་དབང་གི་འབྲས་བུ་སྟེ། ལུས་ཀྱི་མངོན་སུམ་དུ་བྱས་པ་དང་ཡེ་ཤེས་མངོན་སུམ་དུ་བྱས་པས་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་ནི་གསང་བའི་དབང་བསྐུར་བ་སྟོན་ཏོ། །བདེ་བ་
དམ་པ་ནི་ཐུབ་པའི་དབང་པོའི་རྫས་ཏེ། དབབ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །བརྟན་པའི་བློ་གྲོས་ནི་ཡེ་ཤེས་ལ་ཐེ་ཚོམ་མེད་པར་གྱུར་པས་སོ། །སྣ་ཚོགས་བཞིན་ཏེ་སྣ་ཚོགས་གྱུར། །ཅེས་བྱ་བ་ནི་རྡོ་རྗེ་འཆང་བ་དང་འདྲ་བར་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ནོ། །འདི་
เล่ม ๔๓ · หน้า 122a
ཞེས་བྱ་བ་ནི་ལུས་ཀྱི་མངོན་དུ་བྱས་པའོ། །གཟུངས་འདི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་བསྟན་པ་ཡིན་ནོ། །བརྟགས་ཞེས་བྱ་བ་ནི་ཉེ་བར་མཚོན་པར་བྱའོ། །འདི་ཞེས་བྱ་བ་ལ་སོགས་པའི་ཚིགས་
སུ་བཅད་པ་ནི་སློབ་དཔོན་གྱིས་བརྗོད་པར་བྱ་བའོ། །ནོར་ལྡན་ཁོངས་སུ་ཞེས་བྱ་བ་ནི་མཚན་ཉིད་ཀྱི་ཁྱད་པར་བཤད་པའོ། །བལྟ་ཞེས་བྱ་བ་ནི་མཚན་པར་བྱ་བའོ། །འདི་ནི་ཡེ་ཤེས་མངོན་སུམ་དུ་བྱེད་པའོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པས་ནི་གསང་བ་
བཤད་པའི་དུས་སུའོ། །དབང་བསྐུར་འདི་ནི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་ནི་གསང་བ་བཤད་པ་བསྟན་ཏོ། །འདུས་པའི་གཞུང་གིས་ཤེས་རབ་དང་ཡེ་ཤེས་ཀྱི་མཐར་ཐུག་པས་གང་དབང་བསྐུར་བའི་རྒྱུ་དེས་ཇི་ལྟར་རྡོ་རྗེ་འཆང་བ་ལ་སོགས་པ་དངོས་
གྲུབ་ཀྱི་མཆོག་ཐོབ་པར་འགྱུར་བ་དེ་ལྟར། བྱང་ཆུབ་སྤྱོད་མཆོག་དེ་བཞིན་དུ། །དགེ་བའི་ཚུལ་ནི་གཞན་གསུངས་པས། །ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པའོ། །སོགས་པའི་སྒྲས་ནི་བྱ་བའི་རྒྱུད་ལ་སོགས་པའི་སྔགས་ཀྱི་སྤྱོད་པའོ། །གཞན་
ཞེས་བྱ་བ་ནི་རྒྱུད་ཀྱི་ནང་དུ་གཏོགས་པའི་དབང་བསྐུར་བ་གཞན་དག་གིས་སོ། །གང་བཤད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་དཔལ་མཆོག་དང་པོ་ལས་སོ། །དཔལ་གསང་བ་འདུས་པ་ལས་ཚིགས་སུ་བཅད་པའི་དོན་གཞན་དུ་བསྒྱུར་བའོ། །དེ་ལ། ཇི་ལྟར་འདི་ཡིས་དངོས་
གྲུབ་མཆོག །ཅེས་བྱ་བ་ནི་རྐང་པ་བཞི་པ་ཡིན་པ་ལ་གཞུང་རྩོམ་པར་མཛད་པས་འདིར་ཡོངས་སུ་བསྒྱུར་བ་ཡིན་ཏེ། དོན་ཡོངས་སུ་བསྒྱུར་བ་ཉིད་ཀྱིས་གསལ་བར་བྱ་བའི་ཕྱིར་རོ། །དམ་ཚིག་ལྔ་ནི་བཟའ་བར་བྱ་བའོ། །ལྷག་མ་རྣམས་ནི་བསྲུང་བར་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་
པས་ནི་ལུང་བསྟན་པ་བཤད་པ་ཡིན་ནོ། །གཟེངས་བསྟོད་པ་ཞེས་བྱ་བ་ནི་ཕྱག་རྒྱས་སོ། །གཡོན་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་ནི་འདིའི་མཚན་ཉིད་ཡིན་ནོ། །གཡོན་པ་ཞེས་བྱ་བ་ནི་གཡོན་པས་སོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནས་སྭཱའི་བར་ནི་སྔགས་ཡིན་
เล่ม ๔๓ · หน้า 122b
ནོ། །སྲིད་པའི་ངན་འགྲོ་ལས་ཞེས་བྱ་བ་ནི་སྲིད་པའི་ནང་དུ་ཆུད་པས་སོ། །མཐའ་ནི་འཆིང་བ་སྟེ་འཆིང་བ་ལས་འདས་པ་ནི་སྲིད་པའི་མཐའ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའོ། །འདི་ཡིས་ཞེས་བྱ་བ་ནི་གཟེངས་བསྟོད་པའི་ཕྱག་རྒྱས་སོ། །སྔགས་པ་ཞེས་བྱ་
བ་ཇི་སྐད་བཤད་པའི་སྔགས་དང་ལྡན་པའོ། །འགྲོ་བ་ཀུན་གྱི་བདག་ཅེས་བྱ་བ་ནི་རྡོ་རྗེ་འཆང་བའི་རང་བཞིན་ཅན་གྱི་སློབ་དཔོན་གང་ཡིན་པ་བྱང་ཆུབ་ཏུ་ལུང་བསྟན་པ་ན། དེ་ལ་ཕྱག་རྒྱ་དང་། སྔགས་དང་། རྡོ་རྗེ་འཛིན་པའི་མཐུ་འདི་དག་གིས་བདེ་བར་གཤེགས་པ་ཐམས་ཅད་དང་། འཕགས་
པ་རྣམས་ཀྱིས་ཀྱང་གསུང་གཅིག་ཏུ་ལུང་སྟོན་པར་མཛད་དོ་ཞེས་བཅོམ་ལྡན་འདས་ཀྱིས་དཔལ་མཆོག་དང་པོ་ལས་གསུངས་པ་ཡིན་ནོ། །དེ་ནས་རྗེས་སུ་གནང་བའི་དབང་བསྐུར་བར་བྱ་སྟེ། དེ་ལ་དང་པོར་བདག་པོའི་སྦྱོར་བ་དང་ལྡན་པས་གསེར་གྱི་ཐུར་མ་ལ་བཟླས་པ་བྱས་པ་ཐོགས་ཏེ། མདུན་
དུ་གནས་ནས་འདི་སྐད་ཅེས་བྱ་བ་བརྗོད་པར་བྱའོ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿསློབ་མའི་མིག་གཉིས་སུ་ཡི་གེ་པྲཾ་བསམས་ལ་མིག་
ཐུར་གྱིས་བྱུག་གོ། །དེ་ནས་མེ་ལོང་བསྟན་ལ་ཆོས་ཀྱི་མཚན་ཉིད་བསྟན་པར་བྱ་སྟེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་
ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་དབྱངས་ཀྱི་ཡི་གེ་ཐ་མ་ལས་བྱུང་བའི་དྲིལ་བུ་དཀྲོལ་ལ་བྱིན་ནས་ཐམས་ཅད་ནམ་མཁའི་མཚན་ཉིད་དེ། ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་
པ་ཉིད་དུ་གསལ། །དེ་ནས་ཡི་གེ་ཧོས་གཞུ་བྱིན་ལ་འདི་སྐད་དུ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱིས་ཤིག །ཅེས་བརྗོད་ལ་ཕྱོགས་བཞིར་མདའ་གཞུ་དགང་དུ་གཞུག་པ་དང་། སྟེང་དང་འོག་ཏུ་ཡང་རེ་རེ་འཕེན་དུ་གཞུག་གོ། །དེ་ནས་བཛྲ་སཏྭ་ཞེས་བྱ་བ་འདིས་མེ་ལོང་བླངས་ལ་འདི་སྐད་
เล่ม ๔๓ · หน้า 123a
ཅེས་བརྗོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །དག་ཅིང་གསལ་ལ་དྲི་མ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་གནས། །གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པར་ཤེས་པར་གྱིས་
ཤིག །དེ་ནས་ཨོཾ་བཛྲ་ཧེ་ཏུ་མཾ་ཞེས་བྱ་བས་འཁོར་ལོ་རྐང་པ་གཉིས་ཀྱི་བར་དུ་བཞག །ཨོཾ་བཛྲ་བྷ་ཥ་རཾ་ཞེས་བྱ་བས་དུང་ལག་པ་གཡས་སུ་སྦྱིན། དབྱངས་ཀྱི་ཡི་གེ་དང་པོས་གླེགས་བམ་དང་དབྱངས་ཀྱི་ཡི་གེ་ཐ་མས་དྲིལ་བུ་གཡོན་དུ་བྱིན་ལ་འདི་སྐད་ཅེས་བརྗོད་དོ། །དེང་ནས་བརྩམས་ཏེ་སེམས་
བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པས། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པའི་
ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་ཐོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང་། །ཀུན་དུ་ཁྱེད་ལ་སྲུང་བར་བྱེད། །ཡང་རང་རང་གི་འཁོར་ལོས་སྒྱུར་བའི་སངས་རྒྱས་ཀྱི་སྦྱོར་བ་དང་ཇི་ལྟ་བ་བཞིན་དུ་ལྡན་པར་བྱས་ལ། །མདོར་
ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་བྱ་བ་དང་། དེ་བཞིན་དུ་རྡོ་རྗེ་དང་། རལ་གྲི་དང་པདྨ་དང་། ནོར་བུའི་འཁོར་ལོ་བསྐོར་བར་གྱིས། །ཞེས་བྱ་བས་རྗེས་སུ་གནང་བ་སྦྱིན་པར་བྱའོ། །ཚིགས་སུ་
བཅད་པ་ལྔ་པོ་འདིས་ནི་སྐྱེས་བུའི་མཐར་དབང་བསྐུར་བ་སྦྱིན་པར་བྱའོ། །ལྷག་པའི་རྗེས་སུ་གནང་བ་ནི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དྲུག་གིས་བསྟན་པ་ཡིན་ནོ། །དུལ་བར་བྱས་པ་ནི་འདུལ་བའོ། །གཙང་བས་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཆོ་ག་རྣམས་ཀྱིས་རྣམ་པར་
དག་པའོ། །ཐུན་མོང་ཅིག་ཤོས་ཞེས་བྱ་བ་ནི་ཐུན་མོང་དང་མཆོག་ཅེས་བྱ་བའི་ཐ་ཚིག་གོ། །མི་སྣང་ཞེས་བྱ་བ་ནི་མི་སྣང་བའི་དངོས་གྲུབ་སྟེ། དེ་གྲུབ་ན་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོར་འགྱུར་རོ། །མངོན་པར་ཤེས་པ་གྲུབ་ན་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོར་འགྱུར་
เล่ม ๔๓ · หน้า 123b
རོ། །རིག་པ་འཛིན་པའི་དངོས་གྲུབ་གྲུབ་ན་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་མཉམ་དུ་འཇིག་པ་དང་མཉམ་དུ་འཆགས་པ་ལ་དབང་བའོ། །འདི་དག་ནི་ཐུན་མོང་གི་དངོས་གྲུབ་ཡིན་ནོ། །མཆོག་ནི། རྡོ་རྗེ་ཅན་ནི་འགྲོ་ཀུན་བདག །ཅེས་སྨོས་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་གྲུབ་ན་ནི་ཕྱོགས་བཅུའི་
འཇིག་རྟེན་གྱི་ཁམས་མཉམ་དུ་འཇིག་པ་དང་མཉམ་དུ་འཆགས་པ་ཐམས་ཅད་ཀྱི་བདག་པོར་འགྱུར་རོ། །ཞི་དང་རྒྱས་སོགས་ཞེས་བྱ་བ་ནི་ལས་ཀྱི་ཚོགས་ཀྱི་དངོས་གྲུབ་པོ། །གཞན་པ་ཞེས་བྱ་བ་ནི་གཏེར་ལ་སོགས་པ་སྟེ། འདི་ནི་ནོར་གྱི་དངོས་གྲུབ་པོ། །འཁོར་ལོ་རྗེས་མཉེས་
སྦྱོར་བ་ཡིས། །ཞེས་བྱ་བའི་བརྡ་མཚོན་པར་བྱེད་པའི་ཚིགས་སུ་བཅད་པ་ནི་རྡོ་རྗེའི་བདག་པོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་བས་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་སྡུད་པའི་ཚིགས་སུ་བཅད་པའོ། །དེ་ནས་བསངས་ཏེ་སློབ་མ་ཡི། །སྙིང་ག་ཉེ་བར་བྱུགས་ནས་ནི། །ཀུན་བྱེད་རིག་པ་བཟླས་པར་
བྱ། །སྲུང་སྐུད་ལག་པ་གཡས་པར་གདགས། །དེ་ནས་བླ་མ་བདག་ཉིད་ཀྱིས། །དེ་ཡི་སྤྱི་བོར་གདུགས་ཀྱང་གཟུང་། །ཐལ་མོ་སྦྱར་བ་བྱས་ནས་ནི། །དཀྱིལ་འཁོར་ལེགས་པར་བསྐོར་དུ་གཞུག །གདུགས་དང་བཅས་པས་སྒོ་ཕྱོགས་སུ། །སྤྱི་བོ་བཏུད་དེ་ཕྱག་འཚལ་གཞུག །སློབ་མ་འདི་ནི་ཕུལ་
བ་ལགས། །གསང་སྔགས་རྒྱུད་ནི་འཛིན་པར་འགྱུར། །བླ་མས་དེ་སྐད་སྨྲས་ནས་སུ། །གདུགས་བཞག་ནས་ནི་སློབ་མ་དེ། །ལག་པས་ལེགས་པར་བླང་བར་བྱའོ། །དེ་ནས་འདི་སྐད་བསྒོ་བར་བྱ། །ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། །གསང་སྔགས་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་
བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་བཀུར་བར་འགྱུར། །སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱ། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །དེ་ནས་གསང་སྔགས་རང་ཉིད་ཀྱིས་བརྒྱ་རྩ་བརྒྱད་བཟླས་ལ། བཅོམ་ལྡན་འདི་
ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བྱ་བས་སྦྱིན་བར་བྱའོ། །སློབ་མས་ཀྱང་། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་བྱ་བ་འདིས་བླངས་ལ་བཟླ་བར་བྱའོ། །དེ་ནས་རང་གི་ལྷའི་ཕྱག་རྒྱ་བཞི་བསླབས་ལ་ཁྱེད་ཀྱིས་འདི་
เล่ม ๔๓ · หน้า 124a
ཕྱག་རྒྱ་ལ་མི་མཁས་པ་དང་། གཞན་སུ་ཡང་རུང་བ་ལ་སྔགས་སམ་ཕྱག་རྒྱ་གཅིག་ཙམ་ཡང་བསྟན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་དེ་དཀྱིལ་འཁོར་མ་མཐོང་བར་སྔགས་དང་ཕྱག་རྒྱ་ལ་སྦྱོར་བས་འབྲས་བུ་མ་ཐོབ་པ་དང་ཐེ་ཚོམ་དུ་འགྱུར་བས་དུས་མ་ཡིན་པར་
འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །རྒྱུ་དེས་ན་ཁྱོད་ཀྱང་ངན་འགྲོར་འགྲོ་བར་འགྱུར་རོ། །ཇི་བཞིན་ཞུགས་པ་ཞེས་བྱ་བ་ལ་སོགས་པས་ནི་དབུགས་དབྱུང་བ་བཤད་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་སུ་གནང་བ་བྱིན་བའི་རྗེས་ཐོགས་ལའོ། །འདིས་ཀྱང་ཞེས་བྱ་
བ་ནི་འོག་ནས་བཤད་པ་དཔལ་མཆོག་དང་པོ་ལས་བཤད་པ་ནི། ཚིགས་སུ་བཅད་པར་གཏོགས་པར་འགྱུར། །ཞེས་བྱ་བའི་བར་གྱིས་སོ། །ཕན་ཡོན་ནི་འབྲས་བུར་གྱུར་པའི་ཡོན་ཏན་ནོ། །དེ་ནས་ཞེས་བྱ་བ་དབུགས་འབྱིན་པ་ནི་ཕྱིར་མི་ལྡོག་པ་ཐོབ་པའི་ཕྱིར་རོ། །བརྟན་པར་བྱ་བའི་དོན་དུ་ནི་སྐུ་དང་།
གསུང་དང་ཐུགས་ཀྱི་དམ་ཚིག་གསུམ་ཡིན་ནོ། །འདི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་རྣམས་ཀྱིས་གང་དུ་དབུགས་དབྱུང་བ་དེ་ནི་དམ་ཚིག་གསུམ་མོ། །མཆོག་ཅེས་བྱ་བ་ནི་ཡོན་ཏན་གྱིས་སོ། །གསང་བ་དམ་པ་ནི་ཤིན་ཏུ་གསང་བར་བྱ་བ་ཡིན་པའི་ཕྱིར་རོ། །མཐོང་བ་ཞེས་བྱ་བ་ནི་
མིག་གིས་སོ། །ཞུགས་གྱུར་པར་ཞེས་བྱ་བ་ནི་ཕྱི་དང་གསང་བའི་ཞུགས་པས་སོ། །དེས་གྲོལ་བ་ནི་དེ་མི་བྱེད་པར་ངེས་པས་སོ། །ལེགས་པར་གནས་པ་ནི་བདེ་འགྲོའི་བདེ་བར་ངེས་པས་སོ། །འཆི་བ་ནི་ལྟུང་བའོ། །མི་ཚུགས་པ་དང་མི་གསོད་པ་ནི་བདུད་རྣམས་ཀྱིས་ཏེ། དེ་ལྟར་ནི་མི་གནས་
པའི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་རོ། །ད་ནི་ཇི་ལྟར་ན་དེ་རྣམས་འགག་པར་འགྱུར་བ་དང་། ཇི་ལྟར་སྲིད་པ་བསྟན་པའི་ཕྱིར། སྲིད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཀྱི་སྐུ་ཐོབ་པས་མཐའ་མེད་པའི་སྲིད་པ་ཉིད་ཡོངས་སུ་དག་པར་གྱུར་པ་ནི་སྡུག་བསྔལ་ལས་ལྡོག་པ་ཡིན་གྱི།
ཉན་ཐོས་ལྟར་རྣམ་པ་ཐམས་ཅད་དུ་ལྡོག་པ་ནི་མ་ཡིན་ནོ། །སྟོན་པ་ནི་ཆོས་གསུང་བར་མཛད་པའོ། །མཆོག་ནི་དེ་བཞིན་གཤེགས་པའོ། །གྱུར་པ་ནི་སོང་བ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པས་ཐ་མ་མེད་པའི་སྲིད་པ་འགྲུབ་པ་ཡིན་གྱི་སོ་སོའི་སྐྱེ་བོ་ལྟར་ཐ་མར་གྱུར་པ་ནི་མ་ཡིན་ནོ། །དམ་ཚིག་
เล่ม ๔๓ · หน้า 124b
ནི་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །སྡོམ་པ་ནི་བྱ་བ་དང་མི་བྱ་བའི་ངེས་པའོ། །གྲུབ་པ་ནི་དོན་ཡོད་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །མཐུན་པར་ཞེས་བྱ་བ་ནི་གསུང་གཅིག་ཏུ་བཀའ་སྩལ་པའོ། །དམ་པ་རྟག་པ་ཞེས་བྱ་བ་ནི་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །རྡོ་རྗེ་གང་
ཡིན་པ་ཞེས་བྱ་བ་ནི་གང་རྡོ་རྗེར་གྲགས་པ་ཞེས་བྱ་བའི་ཐ་ཚིག་གོ། །བསྐྱེད་པ་ཙམ་ནི་བྱང་ཆུབ་ཏུ་སྨོན་པ་ལས་སམ་འཇུག་པ་ལས་ཏེ་སྙིང་གའི་ཟླ་བར་རྡོ་རྗེའི་རྣམ་པའོ། །སངས་རྒྱས་ཉིད་དུ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་ངེས་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །མི་སྤང་ཞིང་ཞེས་བྱ་བ་ནི་ནམ་མཁའི་སྙིང་པོའི་མདོ་
ལས་ཇི་སྐད་དུ་གང་ཡང་བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ཐེག་པ་བཤད་པའམ། རང་སངས་རྒྱས་ཀྱི་ཐེག་པ་བཤད་པའམ། ཐེག་པ་ཆེན་པོའི་ཆོས་བཤད་པ་སྤོང་ཞིང་འགོག་ཏུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་གཉིས་པོ་ཞེས་གསུངས་པ་ལྟ་བུའོ། །དེ་ཡང་བསྟན་པ་ནི་ཆོས་ཐམས་ཅད་
ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པས་འགྲོ་བའི་སྐྱབས་སུ་གྱུར་པ་ཡིན་པའི་ཕྱིར་སྤང་བར་མི་བྱ་སྟེ། དེ་ལ་སྐྱབས་སུ་སོང་བ་ཉིད་ཡོངས་སུ་སྤང་བར་མི་བྱ་བ་ཡིན་པའི་ཕྱིར་རོ། །མི་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་དམ་པའི་ཆོས་ཡི་གེའམ་དོན་ལ་ཉན་
པའི་སྐལ་བ་མེད་པའམ། སྐལ་བ་དང་མི་ལྡན་པར་གྱུར་པས་ཐེ་ཚོམ་མམ་ཕྱིན་ཅི་ལོག་ཏུ་གྱུར་པ་དེའི་ཚེ། དེ་ལ་ཡི་གེའི་དོན་བསྟན་པར་མི་བྱའོ། །བདག་ཉིད་ཅེས་བྱ་བ་ནི་རང་ཉིད་གཟིར་བར་མི་བྱའོ། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །ཞེས་བྱ་བ་ནི་རྣལ་འབྱོར་གྱི་སེམས་ཡོངས་
སུ་བོར་ནས་ཏེ། ཅི་ནས་ཀྱང་རྣལ་འབྱོར་དང་མི་མཐུན་པར་གྱུར་པས་གཟིར་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་བདག་ཉིད་འདི་ནི། ཅི་བདེ་བར་ནི་བདེ་བར་བཟུང་། །ཞེས་བྱ་སྟེ། ཅི་ནུས་ཀྱང་འདི་བདེ་བར་འགྱུར་བ་དེ་ལྟར་གཞག་པར་བྱའོ། །བདེ་བ་ནི་དཀའ་བ་མེད་
པ་སྟེ། ཡོངས་སུ་ཚོལ་བའི་སྡུག་བསྔལ་དང་། ཉེས་པར་སྤྱོད་པ་ལ་སོགས་པའི་སྡུག་བསྔལ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཅིའི་ཕྱིར་ཞེ་ན། འདི་ནི་ངེས་པར་ཕྱིས་འབྱུང་བར་འགྱུར་བར་རྫོགས་པའི་སངས་རྒྱས་ཡིན་ནོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་དེ་ཁོ་ན་ཉིད་
เล่ม ๔๓ · หน้า 125a
བསྒོམས་པས་བྱང་ཆུབ་པར་འགྱུར་ན་ཅི་དེ་རྡོ་རྗེ་ལ་སོགས་པས་སམ་སྙན་པས་དེ་དོར་བར་མི་བྱ་བའོ། །སྨད་པར་མི་བྱ་སྟེ་ཞེས་བྱ་བ་ནི་བླ་མ་ཚུལ་ཁྲིམས་འཆལ་པ་ལ་སོགས་པར་མངོན་ན་ཡང་མ་གུས་པར་མི་བྱའོ། །སངས་རྒྱས་ཀུན་དང་འདྲ་ཞེས་བྱ་བ་ནི།
དེ་ཡང་འདིར་བརྩོན་འགྲུས་དང་རྩོལ་བ་དང་ལྡན་པ་ལ་ཚེ་འདི་ཉིད་ལ་བྱང་ཆུབ་སྟེར་བར་བྱེད་པ་ཡིན་ལ། བརྩོན་པ་མེད་པས་བྱང་ཆུབ་པར་མ་གྱུར་པ་ནི་སློབ་མ་ཉིད་ཀྱི་ཉེས་པ་ཉིད་དོ། །དགེ་བ་རབ་ཏུ་མི་སྤྱོམས་པ། །ཞེས་བྱ་བ་ནི་དགེ་བ་ཆེན་པོའི་སྒྱུ་མའི་གཟུགས་ཀྱིས་གཡོགས་
ཏེ་གནས་པའོ། །གལ་ཏེ་བརྙས་པར་གྱུར་ན་ཉེས་པ་དེ་སླར་གསོ་བའི་ཐབས་བཤད་པ་ནི། བླ་མ་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ཏེ། ཁྱོད་ཀྱིས་ཞེས་པ་ནི་ཁྱེད་རྣམས་ཀྱིས་སོ། །ཕྱིར་ཞིང་ཞེས་བྱ་བ་ནི་སླར་ཡང་ངོ་། །རང་གི་དམ་ཚིག་ཅེས་བྱ་བ་ནི་རང་གི་ལྷའི་རྣལ་
འབྱོར་རོ། །རྟག་ཏུ་ཞེས་བྱ་བ་ནི་མི་ཟད་པའི་དགེ་བ་སྟེ། དེ་ཡང་གང་གི་ཕྱིར་སྡོམ་པ་འདི་ལ་ལེགས་པར་གནས་ཤིང་ཡང་དག་པར་མི་གཡོ་བར་གྱུར་ནའོ། །དམ་ཚིག་ཅེས་བྱ་ལ་སོགས་པ་ནི་གསང་སྔགས་ཀྱི་ལྷ་རྣམས་དང་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་
ཏོ། །ཁམས་གསུམ་པའི་རྒྱལ་པོ་ཆེན་པོར་གྱུར་པ་རྒྱལ་པོའི་བདག་པོ་སྟེ་རྒྱལ་པོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའོ། །བརྟན་པ་ནི་རྒྱལ་སྲིད་དེ་ཉིད་དང་བཅས་པས་རྟག་པ་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ཡིན་པའི་རྒྱུ་དེས་ན་བླ་མ་དང་སངས་རྒྱས་ལ་སོགས་པ་ལ་ཡིད་ནི།
རབ་ཏུ་དང་ཞིང་དད་པ་རྡོ་རྗེ་ལྟར་མི་ཕྱེད་པ་ཉིད་དུ་གྱིས་ཤིག་པའོ། །རང་གི་དམ་ཚིག་ནི་རང་གི་ལྷའོ། །བདེ་བ་ཆུང་ལ་སྡུག་བསྔལ་ཆེ་བའི་འཇིག་རྟེན་དུ་ཁྱེད་སྐྱེས་པར་གྱུར་ཀྱང་ངེས་པར་རྡོ་རྗེ་འཛིན་པ་དང་འདྲ་བར་མི་ཟད་ཅིང་གོད་པ་མེད་པ་དཔེ་མེད་ཅིང་ཁ་ན་མ་ཐོ་བ་མེད་པའི་བདེ་བ་དང་
བཅས་པ་ཐོབ་པར་གྱུར་ཏོ། །དེ་ནས་སྦྱིན་བླུགས་གསུམ་མམ་བདུན་ནམ་གཅིག་ཕུལ་ལ་ཞི་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ནས་རྒྱལ་པོ་དང་ས་བདག་དང་དགེ་འདུན་ལ་སོགས་པ་དང་ཕྱོགས་སྐྱོང་རྣམས་དང་། བདག་ཉིད་ཞི་བར་བྱ་བའི་ཕྱིར་སྦྱིན་བླུགས་སོ་སོར་ཕུལ་ལ་སློབ་མ་
เล่ม ๔๓ · หน้า 125b
རྣམས་ལས་ཡོན་བླང་བར་བྱའོ། །དེ་ལ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར་ཐོས་པ་དང་བསམས་པ་ལ་སོགས་པ་བྱ་བ་རྣམས་དང་། གླང་པོ་ཆེ་ལ་སོགས་པ་སྟེར་བར་བྱ་བའི་ཕྱིར་རེ་རེ་ཞིང་བླང་བར་བྱ་སྟེ། སོ་སོར་བླང་བར་བྱའོ་ཞེས་པའི་ཐ་ཚིག་གོ། །ཡང་ན་རང་གི་དངོས་གྲུབ་བསྒྲུབ་པའི་ཕྱིར་
གྲོགས་པོ་ཉིད་བྱེད་པར་བསྐུལ་ལོ། །དེ་ནས་དེ་རྣམས་ཀྱིས་བྱིན་པ་ལེགས་པར་བླངས་ལ་ཡོན་སྟེར་བར་བྱེད་པ་དེ་རྣམས་བཟའ་བ་དང་སྤྱོད་ལམ་ཐམས་ཅད་ཀྱིས་མགུ་བར་བྱས་ལ། དེ་རྣམས་དང་བདག་དང་གཞན་དག་གིས་ཀྱང་གར་མཁན་རྣམས་ཀྱི་གར་དང་། རོལ་མོ་དང་། བསྟོད་
པ་དང་། བཟླས་བརྗོད་ལ་སོགས་པའི་ཆོ་གས་མཚན་ཐོག་ཐག་མི་ཉལ་བར་དཀྱིལ་འཁོར་མཆོད་པར་བྱ་བའོ། །མུཿའི་མཐའ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་བསམས་པའི་དམ་ཚིག་གི་དཀྱིལ་འཁོར་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་ཨོཾ་ཨཱཿཧཱུཾ་མུཿཞེས་བྱ་བའི་སྔགས་དང་།
བསམ་གཏན་གྱིས་གཤེགས་སུ་གསོལ་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་སྭཱཧཱ་ཞེས་བྱ་བ་འདི་དང་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་ལེགས་པར་དབྱི་ཞིང་བསྡུ་བར་བྱའོ། །སློང་ལ་ཞེས་བྱ་བ་ནི་བསྲུང་བའི་དོན་དུ་སློང་བའོ། །ཆུ་བོ་ཆེན་པོ་ནི་གཙང་པོ་དང་རྒྱ་མཚོ་ཆེན་པོ་ལ་
སོགས་པའོ། །ཡེ་ཤེས་དབབ་པ་ལེགས་ཐོབ་པ། །ཞེས་བྱ་བ་ནི་ཡེ་ཤེས་ཅུང་ཟད་བབས་པ་ཞེས་བྱ་བའི་དོན་ཏོ། །བཤད་དེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་སོ། །ཡང་དག་མཆོད་ཅེས་བྱ་བ་ནི་སྔར་བཤད་པའི་ཆོ་གས་སོ། །རྣམ་སྣང་མཛད་དང་སྤྱན་ཞེས་བྱ་བ་ལ་དབབ་པར་
བྱའོ་ཞེས་བྱ་བ་ནི་ལྷག་མའོ། །གཡོ་བ་ནི་གཟེངས་མཐོ་བར་གྱུར་པའོ། །ཡོངས་སུ་ཤེས་པ་ནི་མ་འོངས་པ་ལ་སོགས་པ་དབང་པོ་ལས་འདས་པ་རྣམས་སོ། །སྨྲ་བ་ནི་མ་བསླབས་པའི་སྔགས་སྨྲ་བའོ། །རྗེས་གནང་བྱས་ཞེས་བྱ་བ་ནི་རྗེས་སུ་གནང་བའི་སྟོབས་ཀྱིས་སོ། །རྣལ་
འབྱོར་པ་གསུམ་ཆར་གྱིས་ཀྱང་ཞེས་བྱ་བ་ནི་ལས་དང་པོ་པ་ལ་སོགས་ལ་གསུམ་ཆར་གྱིས་ཀྱང་ངོ་། །ཆོ་ག་ནི་སྔོན་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཐུགས་ཀྱི་གསང་བ་དག་པར་བྱ་བའི་ཕྱིར་ནི་ཐུགས་ཀྱི་རྡོ་རྗེ་དཀྱིལ་འཁོར་གྱི་བདག་པོར་བཤད་དོ། །དེ་བཞིན་དུ་གསུང་གི་གསང་བ་
เล่ม ๔๓ · หน้า 126a
དག་པར་བྱ་བའི་ཕྱིར་ནི་གསུང་གི་རྡོ་རྗེའོ། །གནས་དེར་མི་བསྐྱོད་མཚན་མ་ཡིན། །ཞེས་བྱ་བ་ནི་བདག་པོའི་གནས་སུའོ། །གསུང་ཞེས་བྱ་བས་ནི་རིན་ཆེན་འབྱུང་ལྡན་དང་། དོན་ཡོད་གྲུབ་པ་ཡང་བསྡུའོ། སྐུའི་གསང་བ་དག་པར་བྱ་བའི་ཕྱིར་ནི་
སྐུའི་རྡོ་རྗེ་བདག་པོ་ཡིན་ནོ། །དེའི་གནས་སུ་མི་བསྐྱོད་པའི་མཚན་མ་གཞག་གོ། །འདིར་ཡང་དཀྱིལ་འཁོར་སྤྲུལ་པ་ལ་སོགས་པའི་ཆོ་ག་ཐམས་ཅད་རྣལ་འབྱོར་པ་གསུམ་ཆར་གྱི་ཡང་ཡིད་གཙོ་བོ་ཉིད་ཡིན་ཏེ། ལས་ཐམས་ཅད་ལ་ཡིད་ཀྱི་བྱ་བ་གཙོ་བོ་ཉིད་ཡིན་པས་གང་གི་ཕྱིར་འདི་དང་
བྲལ་ན་ནི་འགྲུབ་པར་མི་འགྱུར་རོ། །ཡེ་ཤེས་ཀྱི་སྒྲ་ནི་རེ་རེ་ཞིང་སྦྱར་བར་བྱ་སྟེ་ཡེ་ཤེས་ལས་དང་པོ་པ་དང་། ཡེ་ཤེས་ལ་ཅུང་ཟད་ཅིག་དབང་བ་དང་། ཡེ་ཤེས་ལ་དབང་ཐོབ་པའོ། །ཡིད་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི་ཡིད་ཀྱི་ཆོ་ག་ངེས་པར་བྱ་དགོས་པར་
བསྟན་ནས། རྡོ་རྗེ་སློབ་དཔོན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི་ཁྱད་པར་དུ་འཕགས་པ་ཉིད་དུ་སྟོན་ཏོ། །ཚིག་ཙམ་གྱིས་ཞེས་བྱ་བ་ནི་སྔགས་ཙམ་གྱིས་སོ། །འདི་དག་གིས་ནི་ཡིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡང་སྟོན་པ་ཉིད་ཡིན་ཏེ། སློབ་མ་ཞེས་སྨོས་
པའི་ཕྱིར་རོ། །དེར་སློབ་དཔོན་གྱིས་དཀྱིལ་འཁོར་བསྐྱེད་ལ་དེའི་འོག་ཏུ་སློབ་མས་རྫོགས་པའི་རིམ་པས་ཡུད་ཙམ་གྱིས་བལྟ་བར་བྱའོ། །བྱང་ཆུབ་ཀྱི་སེམས་ཀྱི་རྒྱུའི་གཙོ་བོ་ཡིན་པར་བསྟན་པའི་ཕྱིར། འཇུག་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇུག་པ་
ནི་ཚུལ་ཁྲིམས་སོ། །སྤྲོས་ཏེ་སྨྲས་པས་ཞེས་བྱ་བ་ནི་ཕྱི་རོལ་གྱི་སྤྲོས་པ་རྒྱ་ཆེ་བས་སོ། །ཁྱད་པར་དུ་ཞེས་བྱ་བ་ནི་གཙོ་ཆེར་རོ། །སེམས་བསྒྲུབ་སྟེ་ཞེས་བྱ་བ་ནི་རྫོགས་པར་བྱའོ། །ཇི་སྐད་དུ་བཤད་པའི་ཆོ་ག་རྣམས་ཀྱི་འབྲས་བུ་བྱང་ཆུབ་ལ་སོགས་པ་ཡང་སེམས་
ཉིད་ཀྱི་རང་བཞིན་ཡིན་ནོ་ཞེས་བསྟན་པའི་ཕྱིར་བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་གང་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཕྱིར་འབྲས་བུར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཉིད་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོག་བླ་ན་མེད་པ་ཡིན་ནོ། །རྡོ་རྗེ་སེམས་
เล่ม ๔๓ · หน้า 126b
དཔའི་རང་བཞིན་ཞེས་བྱ་བ་ནི་རང་གི་ངོ་བོ་སྟེ་དེ་ཉིད་ནི་རྡོ་རྗེ་འཆང་བའི་གོ་འཕང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཡན་ལག་ནི་སྐུ་གསུམ་ཡིན་ལ། །དེ་བས་ནི་ཡིད་ཀྱི་ཆོ་ག་ཁོ་ན་གཙོ་བོ་ཡིན་ནོ་ཞེས་བྱ་བར་གནས་སོ། །ཐར་པ་མེད་ན་ནི་སྲིད་པ་ཁོ་ནར་
འགྱུར་ལ། དེ་ཡང་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་ན་བདེ་བ་ཆེན་པོ་དེ་ག་ལ་ཡོད་ཅེས་རྟོག་ན། དེའི་ཕྱིར། ཐ་མལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་མལ་ནི་དམན་པའོ། །རྣམ་རྟོག་ནི་བརྟགས་པ་སྟེ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་ཡང་།
ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་སྨོས་པའི་ཕྱིར་རོ། །ཀུན་དུ་རྟོག་པ་དེའི་འཇུག་པ་ཉིད་སྲིད་པའི་སྡུག་བསྔལ་ཡིན་གྱི། །དེ་ལས་གཞན་པ་ནི་མེད་དེ། ཁམས་གསུམ་པ་ལས་ལོགས་ཤིག་ན་སྲིད་པ་མེད་པའི་ཕྱིར་རོ། །འདི་ཞེས་
བྱ་བ་ནི་སྲིད་པའི་སྡུག་བསྔལ་གྱིའོ། །དེ་ལྟར་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་རྣམ་པ་ཅན་གྱི་ཡིད་ཀྱི་མངོན་སུམ་དུ་འགག་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཤེས་རབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཐམས་ཅད་ཀྱི་དུས་གསུམ་གྱི་དུས་དང་། ཆོས་
གང་མཐའ་ཡས་པའི་རྣམ་པ་ཅན་ཕྱོགས་བཅུ་ན་ཁྱབ་པ་གང་ཡིན་པ་དེ་ནི་དེའི་བདག་ཉིད་ཅན་གྱིས་བསྡུས་པས་ཆགས་པ་མེད་ཅིང་དམིགས་སུ་མེད་ལ་གཟུང་བ་དང་འཛིན་པའི་རྟོག་པ་དང་བྲལ་བའི་འཁོར་ལོ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་
པའི་རང་བཞིན་ཅན་རྟེན་དང་བརྟེན་པ་པོའི་དཀྱིལ་འཁོར་དེར་སོ་སོར་སྣང་སྟེ། ཡིད་དེའི་རྣམ་པར་སྣང་བ་ནི་རྟོག་པ་དེ་སྣང་བར་མི་འགྱུར་ལ། དེའི་ཕྱིར་འགལ་བ་གྲུབ་པའི་སྣང་བ་དང་མུན་པ་དང་འདྲ་བ་ཡིན་ནོ། །འགལ་བ་འགྲུབ་པས་ན་ཡིད་དེ་ཤིན་ཏུ་
བསླབས་པ་ལས་སྲིད་པའི་སྡུག་བསྔལ་དེ་ལྡོག་པར་འགྱུར་རོ། །འདི་གཉིས་ནི་ལན་འགའ་ཞིག་འགལ་བར་འགྱུར་བ་ཡིན་པས་དེའི་ཕྱིར་ངེས་པར་ལྡོག་པར་འགྱུར་བ་མ་ཡིན་པའམ། གལ་ཏེ་རྟག་ཏུ་མི་མཐུན་པ་ཡིན་ན་རྣམ་གྲངས་གཉི་གར་ཡང་གནོད་
เล่ม ๔๓ · หน้า 127a
པ་དང་གནོད་པར་བྱ་བའི་རང་བཞིན་དུ་འགྱུར་ཏེ། བུམ་པ་དང་སྣམ་བུའི་རྟོག་པ་དང་འདྲའོ་ཞེ་ན། དེའི་ཕྱིར་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་ལན་འགའ་ཞིག་མི་མཐུན་པར་གྱུར་པ་དེ་ནི་རྟག་ཏུ་ཡང་མི་མཐུན་ཏེ། མུན་
པ་དང་སྣང་བ་དང་འདྲའོ། །དེ་བས་ན་ཇི་སྐད་བཤད་པའི་ཡིད་དེ་ཤིན་ཏུ་བསླབས་པའི་མཚན་ཉིད་ཅན་གྱིས་རང་གི་རྒྱུད་ལ་གོམས་པར་བྱས་པ་ཐོབ་ན་རྟོག་པ་ཤིན་ཏུ་ལྡོག་པར་བྱེད་དོ། །གཙང་སྦྲ་ཅན་ཐོད་པ་ཅན་དུ་གྱུར་པའི་གཙང་སྨེ་དང་འདྲ་བར་གཙང་སྨེ་མེད་པར་འགྱུར་བའམ།
གསེར་ཞུན་མ་ཡང་དང་ཡང་དུ་བསྲེགས་པས་སྦྱངས་པ་དང་འདྲའོ། །ཅི་སྟེ་ཀུན་གཞི་རྣམ་པར་ཤེས་པ་ཉེ་བར་མ་དམིགས་སུ་ཟིན་ཀྱང་གཞིར་གྱུར་པ་ཡིན་པའི་ཕྱིར་སྣང་བ་ཡིན་ནོ། །གཞན་དུ་ན་གཉིད་སྟུག་པོ་ལ་སོགས་པའི་ཚེ་ན་ཡང་དེ་ལྡོག་པར་ཐལ་བར་འགྱུར་རོ། །ཀུན་
གཞི་རྣམ་པར་ཤེས་པ་ཉིད་ནི་ཁམས་གསུམ་པའི་བདག་ཉིད་ཅན་ཡིན་ལ། དེ་དང་འབྲེལ་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དང་། འཇུག་པའི་རྣམ་པར་ཤེས་པའི་ལན་ནོ། །དེས་ན་དུས་གཅིག་ཏུ་ཡང་འགག་པར་མི་འགྱུར་ལ། དེ་གྲུབ་ཏུ་ཟིན་ཀྱང་ཤིན་
ཏུ་བསླབས་པ་ལས་སྲིད་པ་འགག་པར་མི་འགྱུར་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒོམས་པས་ཀྱང་སྲིད་པ་ལྡོག་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་འདི་ནི་གཞན་དུ་བཤད་པ་ཡིན་ཏེ། གང་གི་ཕྱིར་འདིར་ཐ་མལ་པའི་ཀུན་དུ་
རྟོག་པ་ཞེས་བྱ་བ་ནི་བདག་དང་བདག་གི་དང་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་ཡིད་ཀྱིས་བརྗོད་པ་ལ་བྱ་བར་བཤད་ན། སྲིད་པའི་བདག་ཉིད་ཅན་གྱི་སྡུག་བསྔལ་ཞེས་བྱ་བར་ཉེ་བར་གདགས་པས་སྲིད་པའི་བདག་ཉིད་ཅན་གྱི་སྡུག་བསྔལ་གྱི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་
བྱ་བའི་ཐ་ཚིག་གོ། །འདི་ཞེས་བྱ་བ་ནི་ཐ་མལ་པའི་རྟོག་པའི་བདག་ཉིད་ཅན་གྱི་སྡུག་བསྔལ་གྱི་རྒྱུའོ། །རྟོག་པ་དེ་སྣང་བར་མི་འགྱུར་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་རྣམ་པ་ཅན་གྱི་སེམས་ནི་མི་བདེན་པའི་རྣམ་པར་རྟོག་པ་ཐམས་ཅད་བསལ་བ་ལ་འཇུག་པ་ཡིན་
เล่ม ๔๓ · หน้า 127b
པའི་ཕྱིར་རོ། །དེ་ཡང་ལྷན་ཅིག་མི་སྣང་བ་ཙམ་གྱིས་ནི་མ་ཡིན་ནོ། །དེ་བས་ན་འདི་གཉིས་ནི་ལན་ཅིག་མི་མཐུན་པར་གྲུབ་ན་རྟག་ཏུ་མི་མཐུན་པར་གྲུབ་པ་ཡིན་པས་འདི་ཡང་རིགས་པ་ཡིན་ནོ། །རྟག་ཏུ་དེ་དང་མི་མཐུན་པ་ལ་དམིགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་གོམས་པ་མངོན་
དུ་གྱུར་པ་ནི་ཤིན་དུ་ལྡོག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིར་ལྡོག་གིས། །འབད་དུ་ཟིན་ཀྱང་གནོད་མེད་དེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་བྱ་བའི་ཚིགས་སུ་བཅད་པས་སོ། །གཉེན་པོ་དང་མི་མཐུན་པ་ལྡོག་པ་དང་འཇུག་པ་
ཡོད་པ་མ་ཡིན་ནོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ནི་བདག་མེད་པའི་རྣམ་པར་འཇུག་པ་མ་ཡིན་ཏེ། དེ་བདག་ཏུ་ལྟ་བ་ལས་མི་ལྡོག་པའི་ཕྱིར་དེའི་རྒྱུ་ཅན་སྡུག་བསྔལ་ཡང་ལྡོག་པ་མ་ཡིན་ནོ། །དེ་ཡང་འདི་ནི་སྐྱེ་བ་ནས་སྐྱེ་བར་བརྒྱུད་པའི་དགའ་བ་དང་འཆི་བ་ལ་
སོགས་པའི་སྡུག་བསྔལ་གྱི་བདེན་པའོ། །དེའི་རྒྱུར་གྱུར་པ་བདག་ཏུ་ལྟ་བ་ལ་སོགས་པ་ནི་ཀུན་འབྱུང་གི་བདེན་པའོ། །དེའི་གཉེན་པོར་གྱུར་པ་དཀྱིལ་འཁོར་གྱི་འཁོར་ལོ་ནི་ལམ་གྱི་བདེན་པའོ། །སྡུག་བསྔལ་འབྱུང་བ་ཤིན་ཏུ་མེད་པར་བྱ་བའི་ཕྱིར་སེམས་ཀྱི་རྒྱུན་གྱི་མཚན་ཉིད་
ཅན་གནས་ཡོངས་སུ་གྱུར་པ་ནི་འགོག་པའི་བདེན་པ་སྟེ་འདི་ནི་འདིར་དོན་དམ་པའོ། །ལམ་འདི་ནི་ཐར་པ་འབའ་ཞིག་ཙམ་གྱི་མ་ཡིན་གྱི་གཞན་དུ་ན་སངས་རྒྱས་ཀྱི་བདག་ཉིད་ཆེ་བ་ཡང་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་དེ་ལས་གཞན་པའི་དངོས་པོ་ཐམས་ཅད་ཀྱང་ཆོས་བདག་
མེད་པའི་མཉམ་པ་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་ངེས་པར་རྟོགས་པའི་ཕྱིར་རོ། །འདིས་བྱང་ཆུབ་པར་ནི་འགྱུར་ན་དེ་ཡང་བསྐལ་པ་དུ་ཞིག་གིས་འགྱུར་ཞེ་ན། བརྗོད་པར་བྱ་བ་སྟེ། དེའི་ཕྱིར་ཆོས་ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རང་
བཞིན་ཅན་གྱི་འཁོར་ལོ་གང་ཡིན་པ་དང་། འགྲོ་བ་སྟེ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དེ་གཉིས་ཀྱི་ཡོངས་སུ་དག་པ་ནི་རྣམ་པ་ཐམས་ཅད་དུ་ཡང་དག་པ་དེ་ལ་འཇུག་པ་མངོན་སུམ་དུ་གྱུར་ཅིང་སྒོམ་པ་ཡོངས་སུ་རྫོགས་པ་ཐོབ་པ་གང་ཡིན་པའོ། །དེ་བས་ན་མངོན་སུམ་གྱི་རྒྱུ་ཉིད་ལས་སྐད་
เล่ม ๔๓ · หน้า 128a
ཅིག་མ་ཉིད་ཀྱིས་བྱང་ཆུབ་པར་འགྱུར་ཏེ། མངོན་སུམ་གྱི་རྒྱུའི་འབྲས་བུ་ནི་གཞན་གྱིས་བར་མ་བཅད་པའི་ཕྱིར་རོ། །འོན་ཏེ་མངོན་སུམ་དུ་བྱེད་པའི་འཇུག་པ་དེ་བསྐལ་པ་དུས་འགྱུར་ཞེས་བྱ་བ་ནི་དྲིས་པའི་དོན་ཏོ། །དེ་ཡང་ཇི་སྲིད་ནི་སྒོམ་པ་ཡོངས་སུ་རྫོགས་
པར་གྱུར་བའི་དུས་དེ་སྲིད་ཀྱིས་འགྱུར་རོ། །དེ་བས་ན་མངོན་དུ་བྱེད་པ་འདི་ལ་བསྐལ་པ་ལ་ལྟོས་པ་ནི་འབྲས་བུ་མེད་དོ། །འབྲས་བུ་མེད་པ་མ་ཡིན་ཏེ། དེ་ཡང་གང་གི་ཕྱིར་རྒྱུ་ནི་འབྲས་བུ་དང་རྗེས་སུ་མཐུན་པར་འགྱུར་བ་ཡིན་པས། དེའི་ཕྱིར་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་
ཆུབ་ཐོབ་པར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་གསུངས་པ་དེ་ནི་ལེགས་པར་བཤད་པ་ཡིན་ལ། གང་ཡང་རྒྱུད་འདི་ལས་སྐད་ཅིག་ཐང་ཅིག་ཡུད་ཙམ་ཉིད་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་འགྱུར་བར་གསུངས་པ་དེ་ནི་མི་རིགས་སོ། །ཡང་ན་ནི་ཁྱད་པར་ཞིག་བརྗོད་དགོས་
སོ་ཞེ་ན། དེའི་ཕྱིར་ཁྱད་པར་བཤད་པ་ནི། རིམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རིམ་གྱིས་སྦྱིན་པ་ལ་སོགས་པ་གང་ཡིན་པ་དེ་ནི་སྦྱིན་པར་བྱ་བ་དང་། ཚུལ་ཁྲིམས་ལ་སོགས་པ་མི་དམིགས་སུ་ཟིན་ཀྱང་ཟབ་པ་ཉིད་དུ་འགྱུར་གྱི་རྒྱ་ཆེ་བར་ནི་མི་འགྱུར་ཏེ། ཐ་
མལ་པ་ཉིད་མ་སྤངས་པའི་ཕྱིར་རོ། །དེ་བས་ན་དེར་དེ་ཙམ་གྱི་དུས་ཉིད་ཀྱི་རྒྱ་ཆེ་བ་ཡོངས་སུ་རྫོགས་པར་འགྱུར་བས་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཞེས་དུས་ཀྱི་ཚད་གཟུང་བ་ནི་རིགས་པ་མ་ཡིན་ནོ། །དེ་ལ་ཇི་ལྟར་ན་ཐ་མལ་པ་སྤོང་བར་
འགྱུར་ཞེ་ན། དེའི་ཕྱིར་རང་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཙམ་གྱིས་ཞེས་བྱ་བས་ཕྱོགས་དང་དུས་ཡོངས་སུ་བཅད་པ་མེད་པ་གང་ཡིན་པ་དེ་ནི་ཆེན་པོ་ཡིན་པས་རྒྱ་ཆེ་བ་ཡིན་ལ། གང་རང་གི་ཡུལ་དང་དུས་ཀྱི་རྣམ་པ་ངེས་པའི་བདག་ཉིད་ཅན་དེ་ནི་ཆུང་བ་
ཉིད་ཡིན་པའི་ཕྱིར་ཐ་མལ་པ་ཞེས་བཤད་དོ། །དེ་ལྟ་བུའི་སྦྱིན་པ་ལ་སོགས་པ་ནི་ལ་ལར་ལན་འགའ་ཞིག་གིས་རྣམ་པ་གང་ཡང་རུང་བས་སྦྱིན་པ་ལ་སོགས་པ་སྒྲིབ་པ་ཡིན་ནོ། །དེ་ལྟར་ན་རྒྱུད་འདི་ཇི་ལྟར་ན་རྒྱ་ཆེ་བ་ཡིན། གང་གིས་སྐད་ཅིག་གིས་བྱང་ཆུབ་པར་འགྱུར་ཞེ་
เล่ม ๔๓ · หน้า 128b
ན། དེའི་ཕྱིར་འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་འགྲོ་བ་སེམས་ཅན་ཡང་དག་པར་རྫོགས་པར་བྱང་ཆུབ་པའི་རང་བཞིན་ཅན་གྱི་འཁོར་ལོ་གང་ཡིན་པ་རྒྱུད་འདིར་རྣལ་འབྱོར་པ་ནི་དེའི་བདག་ཉིད་ཅན་ཡིན་པས་དེ་ན་ཚེ་འདི་ཉིད་ལ་ཇི་སྐད་དུ་བཤད་པའི་མངོན་དུ་གྱུར་
པ་འཐོབ་པས་བྱང་ཆུབ་མངོན་པར་རྟོགས་པར་འགྱུར་བ་ནི་རིགས་པ་ཡིན་ནོ། །དེ་ཡང་འདིར་ཕྱོགས་བཅུ་དུས་གསུམ་དུ་གཏོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པའི་ཡོན་ཏན་གྱི་འབྱོར་བ་ཐམས་ཅད་དེ་རྣམས་ཉིད་ཀྱི་བླ་ན་མེད་ཅིང་དོན་ཡོད་པའི་དམ་ཚིག་
གི་བདག་ཉིད་ཅན་ཉིད་དང་། བླ་ན་མེད་པའི་མཆོད་པའི་བདག་ཉིད་ཅན་དང་། བདེ་བ་ཆེན་པོའི་རང་བཞིན་ཅན་དང་། ཡིད་དུ་འོང་བའི་རྣམ་པ་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུར་སྤྲོ་བ་དང་བསྡུ་བ་དང་ལྡན་པས་མདོར་བསྡུས་ཏེ། སེམས་ཅན་ཐམས་ཅད་བདག་ཉིད་ལ་
བསྐྱེད་ནས་མཉམ་པར་བཞག་པས་གོམས་པར་བྱེད་ལ། དེ་ལྟ་བུ་ཉིད་ཀྱང་ཀུན་དུ་སྤྱོད་པ་རྣམས་དང་། བཟླས་པ་ལ་སོགས་པས་རྗེས་སུ་འཇུག་ཅིང་རྟོགས་པར་བྱེད་དོ། །དེ་བས་ན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཐམས་ཅད་ཀྱང་མཆོག་ཏུ་རྨད་དུ་བྱུང་ཞིང་རྒྱ་ཆེ་བ་ཡིན་
ལ། དེ་ཁོ་ན་ཉིད་ཀྱི་རང་བཞིན་ཅན་དུ་ཐམས་ཅད་རྟག་ཏུ་མཐོང་བས་ཟབ་པ་ཡང་འདིར་མཆོག་ཏུ་གྱུར་པ་ཡིན་ཏེ། དམིགས་པ་ཡིད་དུ་འོང་བ་ཡིན་པའི་ཕྱིར་རོ། །དམ་ཚིག་གི་མཐུ་དང་སེམས་ཀྱི་དམིགས་པ་ཡིན་པས་དཀའ་བ་མེད་པ་ཡང་ཡིན་ནོ། །དེ་བས་ན་ཚེ་འདི་ཉིད་ལ་
སྐད་ཅིག་ཙམ་གྱིས་འདིར་བྱང་ཆུབ་རྟོགས་པར་འགྱུར་རོ་ཞེས་བྱ་བ་ནི་རིགས་པ་ཉིད་ཡིན་ནོ། །འདིས་ཚིགས་སུ་བཅད་པ་ནི། ཡོན་ཏན་ཚོགས་ཀུན་རང་བཞིན་གྱིས་ལེགས་བསླབས། །རྒྱལ་བ་རྣམས་ཀྱི་དམ་ཚིག་གྲོགས་འགྱུར་ཅིང་། །དེ་བཞིན་ཀུན་སྤྱོད་གཞན་ཡང་བཟླས་ལ་
སོགས། །ཐམས་ཅད་སེམས་བྱུང་དེ་ཕྱིར་མྱུར་བྱང་ཆུབ། །ཅེས་འབྱུང་བ་ཡིན་ནོ། །སྦྱིན་པ་ལ་སོགས་པ་ལ་འདི་ལྟ་བུའི་རྒྱ་ཆེ་བ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཡང་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པའི་ཕྱིར་རོ་ཞེས་འགའ་ཞིག་རྟོག་ན། དེའི་ཕྱིར་སྦྱིན་བྱ་
เล่ม ๔๓ · หน้า 129a
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་སུ་ཟིན་ཀྱང་སྦྱིན་པ་ལ་སོགས་པ་དེ་དག་ཐ་མལ་པའི་བདག་ཉིད་ཅན་ཡིན་ཏེ། ཡུལ་དང་དུས་ཀྱི་རྣམ་པ་ཡོངས་སུ་གཅོད་པའི་ཕྱིར་བདག་མེད་པས་ཚད་ཅན་འཇོམས་པར་མི་བྱེད་ཀྱི།
འཁོར་ལོའི་མཆོག་སྟེ་དམ་པ་ལ་ནི་དེ་ཡོད་པ་མ་ཡིན་ནོ་ཞེས་སྔར་བཤད་པ་ཡིན་ནོ། །དེ་བས་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་སྡུད་པར་བྱེད་པའི་ཚིགས་སུ་བཅད་པ་ཡིན་ཏེ། ཀུན་དུ་རྟོག་པ་ནི་ཐ་མལ་པའི་བག་ཆགས་ཐམས་ཅད་དོ། །ཀུན་ནས་འཕྲོ་བ་ནི་འགྲོ་བ་ཐམས་ཅད་ཀྱི་
དོན་རྣམ་པ་ཐམས་ཅད་དུ་བྱེད་པའི་སངས་རྒྱས་ཀྱི་སྤྲུལ་པས་འགྲོ་བ་ཐམས་ཅད་ཁྱབ་པའི་འོད་གང་ལ་མངའ་བ་དེ་ནི། ཀུན་ནས་འོད་ཟེར་རབ་འཕྲོ་བ། །ཞེས་བྱའོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ནི་དགེ་བ་ཐམས་ཅད་ཀྱི་རྒྱུ་དཀྱིལ་འཁོར་གྱི་འཁོར་ལོ་ཅན་ཞེས་བྱ་བའི་ཐ་ཚིག་
གོ། །བསྒོམས་པ་ཉིད་ཀྱི་ཞེས་བྱ་བ་ནི་བསྒོམ་པ་ལ་མངོན་པར་བརྩོན་པ་རྩོམ་པའི་ཚེ་སྐྱེ་བ་ཉིད་དམ། དེའི་ལོ་གཅིག་ནི་སྐྱེ་བ་ཉིད་དམ། དེའི་ལོ་ཕྱེད་ཉིད་དམ། དེའི་ཉིན་མོ་ཉིད་ལ་སྐལ་བ་ཇི་ལྟ་བར་དལ་འབྱོར་ཐོབ་པ་ན་བྱང་ཆུབ་འཐོབ་པར་འགྱུར་རོ། །འཁོར་ལོ་གསུམ་
ཞེས་བྱ་བ་ནི་ལེའུ་བཞི་པ་ལས་བཤད་པའི་ཐུགས་ཀྱི་དཀྱིལ་འཁོར་དང་། བཅུ་དྲུག་པ་ལས་གསུངས་པའི་ཆོས་ཀྱི་དཀྱིལ་འཁོར་དང་སྐུའི་དཀྱིལ་འཁོར་རོ། །དེ་ནི་སངས་རྒྱས་རྣམས་ཀྱི་སྐུ་གསུམ་དང་གསང་བ་གསུམ་ཡིན་ཏེ། རིམ་པ་བཞིན་དུ་ཐ་མལ་པའི་སྐུ་
གསུམ་དག་པ་འཐོབ་པར་བྱེད་པ་ཡིན་ནོ། །དཀྱིལ་འཁོར་གསུམ་ཆར་ཡང་དཀྱིལ་འཁོར་གསུམ་གསུམ་གྱི་བདག་ཉིད་ཅན་ཡིན་མོད་ཀྱི། བདག་པོར་བྱས་པས་ཕྱེ་བ་ཡིན་ནོ། །དེ་ཡང་དེ་བཞིན་གཤེགས་པ་རྣམས་ནི་སྐུའི་དཀྱིལ་འཁོར་རོ། །ལྷ་མོ་རྣམས་ནི་གསུང་གི་
དཀྱིལ་འཁོར་རོ། །ཁྲོ་བོ་རྣམས་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །ཅིའི་ཕྱིར་སའི་སྙིང་པོ་ལ་སོགས་པ་དང་། སྐུའི་རྡོ་རྗེ་ལ་སོགས་པ་ནང་གི་བདག་ཉིད་དུ་འགོད་ཅེ་ན། དེའི་ཕྱིར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡེ་ཤེས་ལྔ་དང་སྐུ་
เล่ม ๔๓ · หน้า 129b
གསུམ་ཡང་སྐུ་ཡིན་ལ། དེ་ཡང་འདི་ལྟར་འདི་དག་ཙམ་ཉིད་ནི་མདོར་བསྡུ་ན་ཐམས་ཅད་མཁྱེན་པའི་རྣམ་པ་ཡིན་པས་ན། དེ་གྲུབ་ན་ཐམས་ཅད་འགྲུབ་པ་ཡིན་ནོ། །གང་གི་ཕྱིར་ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་ཏེ། བདེ་བར་གཤེགས་པ་རྣམས་ཀྱི་
ཤེས་རབ་ཀྱི་མཐར་ཐུག་པ་ནི། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ས་རྣམས་དང་། གཟུངས་རྣམས་དང་། དེ་ལས་གཞན་པའི་སངས་རྒྱས་ཀྱི་ཆོས་རྣམས་ནི་བདེ་བ་ཆེན་པོའི་རྣལ་འབྱོར་པ་དེ་ལས་རྗེས་ལ་ཡོངས་སུ་གྲུབ་པ་ཡིན་ཏེ། དེའི་རྗེས་སུ་འབྲང་བ་
ཉིད་ཀྱིས་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཇི་ལྟར་ཕྱི་རོལ་གྱི་དཀྱིལ་འཁོར་རྒྱ་ཆེ་བར་སྒོམ་པར་བྱེད་ཅེ་ན། ཤིན་ཏུ་མྱུར་བ་ཁོ་ནར་ཚོགས་ཉེ་བར་བསགས་པའི་ཕྱིར་རོ། །དཔལ་ལྡན་དེ་ཞེས་བྱ་བ་ནི། ཤེས་རབ་དང་ཐབས་ཀྱི་བདག་ཉིད་
ཅན་དེ་ནི། འཕགས་པ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དག་པར་བསྡུས་པར་འགྱུར་བ་ནི། དཀྱིལ་འཁོར་གྱི་བདག་པོ་ལས་སམ། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པར་གྱུར་པ་
ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲ་རབ་ཀྱི་ནང་དུ་ཆུད་པའི་འཁོར་ལོ་གསུམ་པོ་ཡིད་གང་ལ་སྤྲོ་བ་དང་བསྡུ་བའི་ཚུལ་གྱིས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞུང་འདི་རྣམ་པར་སྦྱར་བ་ལ་བདག་ཉིད་ཀྱི་རང་བཞིན་ཡོངས་སུ་མ་ཤེས་པ་དེ་བསལ་བར་བྱ་
བའི་ཕྱིར། དམ་ཆོས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་སྨོས་པ་ཡིན་ཏེ། སྟོན་པའི་དམ་ཆོས་ཀྱི་རོའི་མཆོག་མྱང་ཞིང་རྟོགས་པའི་རོ་ཉམས་སུ་མྱང་བ་དང་། ཐོས་བ་མང་པོ་གནས་སུ་བྱས་ཤིང་གཞི་ཡོད་པའི་སྐྱེས་བུ་དམ་པ་སློབ་དཔོན་
དུ་གྱུར་པའི་སྐྱེ་བོ་དམ་པའི་གཞུང་འདི་བྱེད་པའི་ཚད་མར་གྱུར་པ་ཡིན་གྱི། བདག་ལྟ་བུ་ནི་མ་ཡིན་ནོ། །དེས་ན་སྟེ་དེའི་ཕྱིར་རང་གི་སེམས་ཀྱིས་ཞེས་པ་མང་དུ་ཐོས་པ་དང་རྟོགས་པས་སྟོང་པའི་ཕྱིར། ཇི་ལྟར་སྐྱེས་པའི་སེམས་ཉིད་ཀྱིས་བྱས་པ་འདི་ནན་
เล่ม ๔๓ · หน้า 130a
ཚངས་ཙམ་ཉིད་ཀྱིས་ཡང་དག་པར་གྲུབ་པ་ནི་མེད་དོ། །ཡང་ན་ཁོ་བོའི་འབད་པ་འདི་ནི་རང་གི་དོན་དུ་བྱས་པ་ཉིད་ཡིན་ཏེ། གང་གི་ཕྱིར། བླ་མ་དམ་པའི་གཞུང་བདག་གིས་གཟུང་བ་གང་ཡིན་པ་དེ་ཉིད་དད་པས་བསལ་བར་
བྱས་ཤིང་ཚིག་ཏུ་སྦྲེལ་བ་ཡིན་ཏེ། གང་གི་ཕྱིར། དད་པ་ལ་སོགས་པའི་འཕགས་པའི་ནོར་ནི་བསྟེན་པར་བྱ་བ་ཡིན་ནོ། །དེ་བས་ན་བསྟེན་ཅིང་གོམས་པར་བྱ་བའི་དོན་དུ་བྱས་ཤིང་བསྟེན་པས་སྣོད་དུ་རུང་བར་བྱས་པའི་སྐལ་ལྡན་ནི་སྨད་པར་འོས་པ་མ་ཡིན་ནོ། །
ཡང་ན་གང་གི་ཕྱིར། འདིར་བླ་མ་དམ་པའི་གཞུང་ལུགས་ཡིན་པ་དེ་ཉིད་ཀྱིས་ན་བདག་པོས་དམན་པའམ། བདག་དང་མཉམ་པའི་དོན་དུ་གཉེར་བ་རྣམས་ལ་འདི་འབྲས་བུ་དང་བཅས་པ་ཡིན་པ་དང་། ཤེས་རབ་ལྷག་པ་ཡོད་པས་ཀྱང་། ཤེས་རབ་
དམན་པ་ལས་ཀྱང་ལེགས་པར་བཤད་པ་བླང་བར་བྱའོ་ཞེས་བྱ་བ་ནི་སློབ་དཔོན་རྣམས་ཀྱི་ལུགས་ཡིན་ནོ། །དེ་བས་ན་དོན་དུ་གཉེར་བ་གསུམ་ཆར་ལ་ཡང་འབྲས་བུ་དང་བཅས་པ་ཡིན་ནོ། །དེའི་ཕྱིར་འབད་པ་ཆུང་ངུས་མན་ངག་ཆེན་པོ་ཐོབ་པར་བྱེད་པ་ཡིན་
ལ། དེས་ན་དེའི་ཕྱིར་གཞན་གྱི་དོན་དུ་འགྱུར་བར་ཡང་མཐོང་བས་དེ་ལྟར་ཞེས་བྱ་བ་གསུངས་ཏེ། འདི་ལྟར་རང་གི་སེམས་ཉིད་ཀྱི་བདག་གིས་ནན་གྱིས་བྱས་སོ་ཞེས་པའོ། །ལྷག་མ་རྣམས་ནི་གོ་སླའོ། །དཀྱིལ་འཁོར་ཆོ་ག་རྒྱས་བཤད་པ། །
བྲིས་ལས་བདག་དགེ་གང་ཐོབ་པ། །དེས་ནི་བླ་མ་དམ་པ་རྣམས། །རྫོགས་སངས་དྲི་མེད་དཔལ་གྱུར་ཅིག །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་འཇིག་རྟེན་སྣང་བྱེད་ཅེས་བྱ་བ་ཤློ་ཀ་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པ། སློབ་
དཔོན་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཱིརྱ་བྷ་དྲ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด