དཔལ་གསང་བ་འདུས་པའི་སྒྲུབ་པའི་ཐབས་དངོས་གྲུབ་འབྱུང་བའི་གཏེར་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་གུ་ཧྱ་ས་མཱ་ཛ་སཱ་དྷ་ནཾ་སིདྡྷི་སཾ་བྷ་བ་ནི་དྷི་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๔๔ · หน้า 1b
༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་སཱ་དྷ་ནཾ་སིདྡྷི་སཾ་བྷ་བ་ནི་དྷི་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་སྒྲུབ་པའི་ཐབས་དངོས་གྲུབ་འབྱུང་བའི་གཏེར་ཞེས་བྱ་བ།
དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཟབ་གསལ་གཉིས་མེད་དག་པའི་བདག་ཉིད་ཀྱིས། །བདག་དང་གཞན་དོན་ཕུན་སུམ་ཚོགས་པའི་སྐུ། །དཔལ་ལྡན་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་
ལ། །རྒྱལ་སྲས་རྒྱུ་དང་བཅས་པ་རབ་འབྱུང་ཞིང་། །རྟག་སོགས་རྒྱུ་འདྲས་ཁམས་ཀུན་རབ་བཀང་ནས། །ཇི་སྲིད་བར་དུ་དོན་མཛད་རྒྱུན་མི་འཆད། །ཁྱབ་བདག་རྡོ་རྗེ་སེམས་དཔའ་དེ་དང་ནི། །དེ་ཡི་
སྲས་རྣམས་ལ་ཡང་ཕྱག་འཚལ་ལོ། །ཁམས་གསུམ་རྒྱུ་དང་མི་རྒྱུ་ཀུན་ཁྱབ་པ། །སྙིང་གའི་དབུས་བསམ་དེ་ལ་བརྟན་སོགས་སྐྱེ། །ཆོས་བདག་ཁྲོས་པས་ཀྱང་ནི་མི་གནོན་པ། །མི་ཤིགས་ཐིག་ལེ་
གང་ཡིན་རྟོགས་པར་མོས། །བློ་དང་ལྡན་པ་རྣམས་ཀྱིས་པདྨ་ཁ་འབྱེད་པ། །རྨོངས་པ་སྲེག་བྱེད་སྙིང་གི་མུན་པ་སེལ་མཛད་པ། །ཡོན་ཏན་དག་པའི་མཁའ་ལ་རྒྱུ་ཞིང་འཇིགས་བྲལ་མཛད། །བླ་
เล่ม ๔๔ · หน้า 2a
མ་དམ་པ་རྣམས་ཀྱི་ཞལ་སྔ་རྒྱལ་གྱུར་ཅིག །དཔལ་ལྡན་གསང་འདུས་མཚོ་ཆེན་ལས། །བླ་མའི་བརྒྱུད་རིམ་གྲུ་གཟིངས་ཀྱིས། །ཡིད་བཞིན་ནོར་བུ་རྣམ་པ་གསུམ། །སྨན་པའི་ཞབས་ཀྱིས་རྙེད་པའོ། །
དེ་རྙེད་དཔེ་མཁྱུད་སྤངས་བྱས་ཏེ། །འདི་ནི་ཐུན་མོང་ཅིག་ཤོས་ཀྱི། །དངོས་གྲུབ་འབྱུང་ཕྱིར་གཏེར་འདྲ་བ། །ཕན་ཕྱིར་བདག་གིས་བརྩམ་པར་བྱ། །གཞུང་གཞན་སྤངས་ཏེ་བླ་མའི་བརྒྱུད་རིམ་གྱིས། །དཔལ་དང་ལྡན་པའི་
མཉམ་འདུས་སྒྲུབ་པའི་ཐབས། །དམ་པས་གསོལ་བ་བཏབ་ཕྱིར་རབ་བྲོད་ཅིང་། །དད་པས་ཅི་ནུས་བདག་གིས་བཤད་པར་བྱ། །དེ་ལ་ཁ་ཅིག་ནི་ཡང་དག་པའི་མན་ངག་དང་བྲལ་བ་རྣམས་ནི་དམ་པ་མ་ཡིན་པར་མཁས་
པར་གྲགས་པ་རྣམས་ལ་བླ་མ་ཉིད་དུ་ཁས་བླངས་ནས་དེའི་ལམ་ལ་ཞུགས་ཏེ། དཀའ་ཐུབ་དང་སྨྱུང་བ་དང་། བརྟུལ་ཞུགས་ལ་སོགས་པས་དོན་དམ་པ་གཅིག་པོ་ལ་དཔྱོད་ཅིང་། འདི་སྙམ་དུ་བདག་གི་རྒྱུའི་འཁྲུལ་འཁོར་
ལ་སོགས་པ་དང་ལྷན་ཅིག་ཏུ་སྐྱེས་ཀྱང་། དེ་རྣམས་ཀྱིས་སྟོང་པའི་དངོས་པོ་ནི་ཡོད་དེ། དེ་ཙམ་ཞིག་བརྟགས་པས་མངོན་དུ་བྱེད་ཀྱང་། དངོས་པོ་ལ་དོན་དམ་པར་ཞེན་པས་སྟོང་པ་ཉིད་མི་ཤེས་ཏེ་གྲོལ་བ་དང་རྒྱང་རིང་དུ་
เล่ม ๔๔ · หน้า 2b
འགྱུར་རོ། །ཇི་སྐད་དུ། སྟོང་པ་ཉིད་ནི་མ་ཤེས་པས། །ཀུན་ལ་འདས་པ་དེས་མི་ཤེས། །དངོས་དང་དངོས་མེད་རྣམ་འཇིགས་པས། །སྟོང་པ་ཉིད་ནི་ཤེས་པར་བྱ། །ཞེས་འབྱུང་བས་སོ། །ཡང་ཁ་ཅིག་དགེ་བའི་བཤེས་གཉེན་དང་ཕྲད་ཟིན་ཀྱང་། དམ་པ་མ་ཡིན་པས་དེའི་ལམ་
ལ་ཞུགས་ཏེ། བདག་ལ་སོགས་པ་དང་བྲལ་བའི་ཕུང་པོ་དང་སྐྱེ་མཆེད་དང་། ཁམས་རྣམས་མི་རྟག་པ་ལ་སོགས་པར་འཇིག་ཅིང་། སྡོམ་པའི་སྣོད་ལ་བརྟེན་ཏེ། ཞུགས་པ་ལ་སོགས་པའི་ལམ་གྱི་ཕུང་པོ་ལ་སོགས་པ་ལ་གྲོལ་ནས་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་མྱ་ངན་
ལས་འདས་པ་མངོན་དུ་བྱེད་དོ། །འདི་ཡང་མ་རིག་པ་དང་འབྲེལ་པའི་ཕྱིར་འབྲས་བུ་ཕྱིར་ལྡོག་པ་ཅན་ཞེས་བྱ་སྟེ། དེ་ཡང་ཇི་སྐད་དུ། རྩ་བའི་རྣམ་ཤེས་ལོག་གྱུར་ནས། །ལྷག་བཅས་ལྷག་མ་མེད་གྱུར་པའི། །རྣམ་གྲོལ་འབྲས་བུ་ཐོབ་འགྱུར་ཡང་། །མངོན་དུ་རྒྱུ་བ་མེད་པ་ཡི། །མ་རིག་
བག་ཆགས་དང་འབྲེལ་ཕྱིར། །རྣམ་པར་སྣང་མཛད་གང་ཆེན་མཚོས། །དེ་ལ་ཐུགས་རྗེས་གཟུང་བའི་ཕྱིར། །དཔལ་ལྡན་གོ་ཆའི་འོད་ཟེར་དང་། །ཕྱག་གིས་དབུ་ལ་རེག་མཛད་ནས། །དེ་ཡི་རོ་མྱོང་ཟློག་མཛད་དེ། །ཡང་དག་ལམ་ལ་འཛུད་པར་མཛད། །ཅེས་གསང་བའི་རིམ་པ་ཕྱེ་
བ་ལས་གསུངས་སོ། །ཡང་ཁ་ཅིག་ནི་དགེ་བའི་བཤེས་གཉེན་དམ་པ་དང་ཕྲད་དུ་ཟིན་ཀྱང་། དེ་རྣམས་ཀྱིས་བརྒྱུད་རིམ་མཁྱུད་པས། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་བསྐལ་པ་མི་ཉུང་བར་བསགས་ནས། སའི་དེ་བཞིན་ཉིད་དུ་མངོན་དུ་བྱེད་ཅིང་རིམ་གྱིས་ས་བཅུ་མངོན་དུ་མཐར་ཐུག་
པར་བྱེད་དོ། །དེའི་སྤྲུལ་པའི་སྦྱོར་བས་དགའ་ལྡན་གྱི་གནས་ཉིད་དུ་སྐྱེ་བ་ལེན་པ་དང་། གླིང་ལ་སོགས་པ་ལ་གཟིགས་པར་མཛད་ནས་ཡུམ་གྱི་ལྷུམས་སུ་འཇུག་པ་དང་། ལྷུམས་ནས་བལྟམ་པ་དང་། གཞོན་ནུ་རོལ་པ་མཛད་པ་དང་། ཁབ་བཞེས་པ་དང་། བཙུན་མོའི་འཁོར་གྱི་ནང་ནས་བྱུང་
བ་དང་། རབ་ཏུ་བྱུང་བ་དང་། དཀའ་བ་སྤྱད་པ་སྟོན་པ་དང་། དེའི་ཚེ་བདེ་བར་གཤེགས་པ་རྣམས་ཀྱིས་སྔོན་རང་ཉིད་མངོན་པར་རྫོགས་པར་སངས་རྒྱས་པའི་མན་ངག་རང་རིག་ཆོས་ཀྱི་སྐུ་མངོན་དུ་བྱེད་པ་བསྟན་པའི་ཕྱིར། ཏིལ་གྱི་གོང་བུ་བཞིན་དུ་ཆེད་དུ་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ཏེ།
เล่ม ๔๔ · หน้า 3a
ཡེ་ཤེས་ཀྱི་ཕྱག་རྒྱ་གནང་ནས། སྙོམས་པར་འཇུག་པའི་ཆོ་གས་རྩ་བའི་ཡེ་ཤེས་དམིགས་པ་དང་བྲལ་བ། སྦྱོར་བ་གཉིས་ཀྱི་བདག་ཉིད་སྔོན་དང་ཕྱིས་ཀྱི་སྦྱོར་བ་མངོན་དུ་བྱས་ཏེ། བདུད་བཏུལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་མཛད་དོ། །དོན་
དེ་ལྟ་བུའི་སྣོད་དཀོན་པར་གཟིགས་ནས། སྦ་བར་མཛད་དེ་སངས་རྒྱས་པའི་ཚུལ་སོ་སོར་མཐོང་བར་མཛད་དོ། །བླ་མ་ཆེན་པོའི་ཞལ་ནས་ཇི་སྐད་དུ། ཅིའི་ཕྱིར་ཤཱཀྱ་ཐུབ་པ་ཡིས། །གྲངས་མེད་བར་དུ་ཚོགས་བསགས་ཀྱང་། །འདི་དོན་མ་རྟོགས་ནཻ་རཉྫར། །ཅི་ཡང་མ་ཡིན་
ཏིང་འཛིན་གནས། །དེ་ཚེ་བདེ་གཤེགས་ཀུན་གྱིས་ཀྱང་། །ཐལ་བྱུང་བློ་ཆགས་དེ་བཟློག་སྟེ། །ནམ་མཁའི་དབྱིངས་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་རབ་བསྟན་ཏེ། །ནམ་ཕྱེད་དུས་སུ་རྒྱལ་བ་ལྟར། །དེ་ཉིད་བསྒོམས་པས་ཐོ་རངས་སུ། །སྐད་ཅིག་གིས་ནི་ཡང་
དག་རྟོགས། །བྱང་ཆུབ་སྙིང་པོར་ཞུགས་བྱས་ནས། །དཔུང་ཆེན་བདུད་རྣམས་རབ་བཅོམ་སྟེ། །སེམས་ཅན་གཟུང་བར་བྱ་བའི་ཕྱིར། །ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དེ་ནས་བཟུང་སྟེ་དོན་མཆོག་འདི། །སྐལ་བ་ལྡན་པ་འགའ་ཞིག་ལ། །ཞལ་ནས་ཞལ་དང་སྙན་ནས་སྙན། །
བརྒྱུད་དེ་ངེས་པའི་དོན་བསྟན་པའོ། །ཞེས་གསུངས་སོ། །དེ་བས་ན་སངས་རྒྱས་ཐམས་ཅད་སངས་རྒྱས་པའི་ཚུལ་འདིས་ཤེས་པར་བྱའོ། །གལ་ཏེ་ལམ་གཞན་གྱིས་སངས་རྒྱས་པ་སྲིད་ན་ནི། དེའི་བླ་མ་དང་བཅས་པར་འགྱུར་རོ། །དེ་བས་ན་འབྲས་བུ་སྐུ་གསུམ་ནི་གཅིག་ཁོ་ན་སྟེ་
དེའི་ལམ་ནི་སྔགས་ཀྱི་སྤྱོད་པ་འདིའོ། །ཇི་སྐད་དུ་རྣམ་པར་སྣང་མཛད་བྱང་ཆུབ་པའི་རྒྱུད་ལས། སངས་རྒྱས་དུས་གསུམ་ལས་བྱུང་བ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །གཞལ་མེད་ཡེ་ཤེས་ཐོབ་པ་ནི། །རྡོ་རྗེ་སྔགས་ཀྱི་དོན་སྒོམ་ཡིན། །ཞེས་འབྱུང་བས་སོ། །སྔགས་ཀྱི་སྤྱོད་པ་
ལ་མོས་པ་དེ་དག་ཀྱང་བཞིར་ཤེས་པར་བྱའོ། །ཁ་ཅིག་ནི་ཕྱིའི་གཙང་སྦྲ་ལ་སོགས་པ་དང་། བདག་གི་དེ་ཁོ་ན་ཉིད་ལ་སོགས་པས་ལྷག་པའི་ལྷ་མཉེས་པར་བྱས་པས་མངོན་པར་མཐོ་བའི་དཔལ་ཉམས་སུ་མྱོང་བར་བྱས་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱས་
เล่ม ๔๔ · หน้า 3b
ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་དོ། །ཡང་ཁ་ཅིག་ནི་ཕྱིའི་གཙང་སྦྲ་ལ་སོགས་པ་བྱ་བ་དང་བྱ་བ་མ་ཡིན་པ་སྤངས་ནས། མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་མངོན་པར་མཐོ་བའི་དཔལ་ཉམས་སུ་མྱོང་ནས། ཚོགས་གཉིས་བསགས་
ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་དོ། །ཡང་ཁ་ཅིག་ནི་གཙང་སྦྲ་ལ་སོགས་པ་སྨད་ཅིང་ནང་གི་རྣལ་འབྱོར་དམ་ཚིག་སེམས་དཔའ་དང་། ཕྱི་རོལ་གྱི་ཡེ་ཤེས་སེམས་དཔའ་ཕྱག་རྒྱ་བཞི་དང་ལྡན་པ་མཉེས་པར་བྱ་བ་ལ་སོགས་པའི་རིམ་པས་རང་གི་ལྷ་མཉེས་པར་བྱས་པས་
མངོན་པར་མཐོ་བའི་དཔལ་ཉམས་སུ་མྱོང་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་དོ། །དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ལྟ་བུ་ལ་མོས་པའི་གདུལ་བྱ་གཟུང་བའི་ཕྱིར་ཐབས་གསུངས་པ་སྟེ། ཕྱག་རྒྱ་ཆེན་པོའི་ལྷན་ཅིག་བྱེད་པ་
ཡིན་པར་ཤེས་པར་བྱའོ། །ཕྱག་རྒྱ་ཆེན་པོའི་ལྷན་ཅིག་བྱེད་པ་ནི་འདི་ལྟ་སྟེ། གང་དག་སེམས་ཇི་ལྟ་བ་བཞིན་དུ་བརྟག་པའི་ཐབས་ལ། བརྩོན་འགྲུས་འབར་བ་དང་ལྡན་པ་རྣམས་ཀྱིས་བསྐྱེད་པ་དང་རྫོགས་པའི་རིམ་པས་སྐད་ཅིག་རེ་རེ་ལ་ཡང་སྣོད་དང་བཅུད་དང་ལམ་དང་འབྲས་
བུར་བཅས་པ་སྦྱོང་བར་བྱེད་ཅིང་། རྣལ་འབྱོར་དང་ཕྱག་རྒྱ་ལ་བརྟེན་ནས་ཚེ་འདི་ཉིད་ལས་རབ་དང་རབ་ཀྱི་མཐར་ཕྱིན་པར་འགྱུར་བ་ལ་སོམ་ཉི་མེད་པས་བླ་ན་མེད་པའོ། །དེ་སྟོན་པར་བྱེད་པའི་གཞུང་ནི་དཔལ་ལྡན་འདུས་པ་སྟེ། ཇི་ལྟ་བུ་ཞེ་ན། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དག །འདུས་ཕྱིར་
སྣོད་ཡང་དམ་པའོ། །རྨོངས་པའི་མུན་ནག་སལ་བས་ན། །སྒྲོན་མའི་མཆོག་ནི་འདི་ཡིན་ནོ། །རྟ་རྒོད་ལྟ་བུའི་སེམས་འདུལ་བས། །འཐད་པའི་སྲབ་སྐྱོགས་འདི་ཡིན་ནོ། །རྣམ་ཤེས་གླང་ཆེན་ཡན་ལྟ་བུ། །འགུགས་ཕྱིར་ལྕགས་ཀྱུ་དམ་པའོ། །རྣལ་འབྱོར་མཆོག་ཏུ་ངེས་
པ་ཡི། །དམ་སྡོམ་ཅན་གྱི་ཚོང་འདུས་སོ། །འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །སྒྲོལ་བྱེད་གྲུ་ནི་ཆེན་པོའོ། །མངོན་མཐོ་ངེས་ལེགས་ཁང་བཟང་གི །སྟེང་དུ་ཕྱིན་བྱེད་ཐེམ་སྐས་སོ། །རྣམ་རྟོག་ལས་བྱུང་ཉོན་མོངས་ཀྱི། །གྲོང་ཁྱེར་འཇོམས་ཤིང་གྲོལ་བ་ཡི། །འཁོར་ལོ་
เล่ม ๔๔ · หน้า 4a
སྐྱོང་ཕྱིར་རྒྱལ་པོའོ། །བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོས། །ཉེ་བར་བསྟན་པའི་མདོ་སྡེ་དང་། །དེ་འདྲའི་ཚུལ་ལེན་རྒྱུད་འདི་ནི། །ཀུན་གྱི་ཕྱི་མ་གསུངས་པ་ནི། །དོན་རྣམས་དེ་རུ་གཏན་ལ་ཕབ། །འདི་དོན་སྒོམ་བྱེད་རྣལ་འབྱོར་པ། །མ་འོངས་རྡོ་རྗེ་འཆང་
བ་བས། །དགའ་དང་རྩོད་པ་མེད་པ་དང་། །སྲུང་བ་དང་ནི་དྲན་པ་དང་། །བག་ཡོད་པ་ཡིས་བརྩོན་བྱའོ། །དེ་ལྟ་བུའི་གཞུང་དེ་ལ་རྟོག་པ་མངོན་དུ་གཏོང་བའི་ཉན་པ་པོ་རྣམས་ཁས་ལེན་པའི་ཡན་ལག་དང་། གླེང་གཞི་ཕུན་སུམ་ཚོགས་པའི་རྣམ་པར་བཤད་པས། གང་ཟག་
གཞན་ཡིད་བརྟན་དུ་རུང་བར་བྱ་བ་ནི་བསྡུས་པའི་དོན་དུ་བཤད་པས་དེར་ཞེས་བྱའོ། །ཡེ་ཤེས་ལས་སྤྲུལ་པའི་འཁོར་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ་རྒྱུད་ཀྱི་དོན་ཇི་ལྟར་བསྟན་པ་ཡང་དེར་ཤེས་པར་བྱ་སྟེ། དེའི་ཕྱིས་འབྱུང་བའི་དོན་རྗེ་བཙུན་རྣམས་ཀྱིས་སྣོད་དུ་རུང་བར་
བྱས་པའི་གང་ཟག་ལ་རྒྱུད་ཀྱི་དོན་ཇི་ལྟར་བསྡུས་ཏེ་བསྟན་པ་དེ་སྒྲུབ་ཐབས་ཀྱི་རིམ་པ་འདིར་རྒྱས་པར་བཤད་པར་བྱའོ། །དེ་ལ་དང་པོ་སྙིང་རྗེའི་སྟོབས་ལས་སྐྱེས། །བྱང་ཆུབ་སེམས་ལྡན་སྦྱིན་པ་ལ་སོགས་བརྒྱན། །དཔལ་ལྡན་འདུས་པའི་འཁོར་ལོར་ཆོ་ག་བཞིན། །དབང་
བསྐུར་གནང་བ་ཐོབ་པས་རིམ་འདི་བྱ། །གང་ཞིག་དགོན་པ་ཆེན་པོའི་ས་ཕྱོགས་སོགས། །གང་རུང་གནས་སུ་སྟེགས་བུ་གྲུ་བཞི་པ། །ཙནྡན་མཆོག་སོགས་བྱུགས་ནས་བདེ་བའི་སྟན། །རྡོ་རྗེ་སྐྱིལ་མོ་ཀྲུང་འདུག་བསམ་གཏན་བྱ། །དང་པོར་ཐོ་རངས་ཉི་དབུས་སུ། །སྟེང་
སོགས་ཀྱིས་དག་མཐིང་གའི་ཧཱུྃ། །འོད་ཟེར་གྱིས་མཐོང་ཡུལ་དམིགས་ཏེ། །སྙིང་རྗེ་ལ་སོགས་བསྒོམ་པར་བྱ། །འོད་ཟེར་གྱིས་གསལ་སངས་རྒྱས་དང་། །བླ་མ་ལ་སོགས་མདུན་དུ་དམིགས། །གཟུགས་རྡོ་རྗེ་ལ་སོགས་པ་ཡི། །མཆོད་པའི་སྤྲིན་སྤྲོ་ཕྱག་ཀྱང་འཚལ། །གང་
ཞིག་ཐོགས་མེད་དུས་ནས་སྲིད་པའི་ཆུ་རྒྱུན་ལ། །རྟོག་པས་རྣམ་པར་བསྒོས་པའི་སྡིག་པ་མ་ལུས་རྣམས། །ཐུགས་རྗེ་ཆེར་ལྡན་ཁྱོད་ཀྱི་མདུན་དུ་ཡང་། །གསུམ་དུ་དམིགས་པ་གསལ་ཏེ་བཤགས་པར་བགྱི། །སངས་རྒྱས་དང་ནི་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་གཞན་
เล่ม ๔๔ · หน้า 4b
རྣམས་ཀྱི་ཡང་དགེ་བ་གང་། །མ་ལུས་བདག་གིས་དེ་དག་ཡི་རངས་ནས། །བླ་མེད་ཡང་དག་བྱང་ཆུབ་ཕྱིར་བསྔོའོ། །སྤྲོས་མེད་ཐུགས་ནི་ཟླ་བ་ལྟ་བུ་སྟེ། །མཐའ་ཡས་དོན་དུ་ཐབས་ཀྱི་སྐུ་ཆེན་པོ། །རྟག་ཏུ་བདག་གི་ཡིད་དང་དབྱེར་མེད་པ། །བདེ་བར་གཤེགས་པ་རྟག་ཏུ་སྐྱབས་
སུ་མཆི། །རྟོག་པ་ཀུན་ལས་ངེས་པར་གྲོལ་བ་ཡི། །དམ་པ་མ་ལུས་ཀུན་གྱི་ཕུན་ཚོགས་རྟེན། །དངོས་པོ་ཀུན་གྱི་ངོ་བོ་གཅིག་པ་པོ། །ཆོས་ལ་བདག་ནི་རྟག་ཏུ་སྐྱབས་སུ་མཆི། །བཅིངས་པ་མ་ལུས་རྣམ་པར་སྤངས་པ་ཡི། །དཔལ་ལྡན་སྙིང་རྗེ་མཆོག་གིས་རབ་དྲངས་
པ། །རབ་ཏུ་དགའ་ལ་སོགས་པ་རབ་གནས་པའི། །འདུལ་བའི་དབང་པོའི་ཚོགས་ལ་ཕྱག་འཚལ་ལོ། །བསམ་པ་དག་པས་རྣམ་སྨིན་དག་པ་ཡིས། །སྒྲིབ་པའི་བག་ཆགས་མ་ལུས་ཀུན་བཅོམ་སྟེ། །མི་འཕྲོག་པ་ཡིས་བརྒྱན་པའི་
སེམས་ཀྱིས་ཀྱང་། །བྱང་ཆུབ་ཏུ་ནི་སེམས་ནི་བསྐྱེད་པར་བགྱི། །སྲས་དང་ལྡན་པའི་བདེ་བར་གཤེགས་པ་ཡི། །ཐུན་མོང་ལམ་སྟེ་ཕ་རོལ་ཕྱིན་པ་བཅུ། །རྫོགས་སངས་རྒྱས་ཀྱི་བདག་ཉིད་ཡིད་ཀྱིས་ནི། །ད་ལྟར་འདིར་ནི་བདག་གིས་བསྟན་པར་བྱ། །སྡུག་བསྔལ་
ལ་གནས་སེམས་ཅན་རྣམས། །སྙིང་རྗེས་ཡང་ནི་དམིགས་བྱས་ཏེ། །བྱང་ཆུབ་སེམས་ནི་དཔག་མེད་པ། །རིན་ཆེན་བདག་གིས་བསམ་པར་བྱ། །རང་བཞིན་མེད་ཕྱིར་སྟོང་པ་ཉིད། །རྒྱུ་མེད་པས་ན་མཚན་མ་མེད། །རྗེས་སུ་དཔག་པ་དང་བྲལ་བས། །སྨོན་མེད་ཉིད་དུ་ངེས་
པའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྔགས་དེས་བདག་གཞན་དངོས་པོ་ཀུན། །གཅིག་བྱས་དེ་ཉིད་གསུམ་མཚན་མ། །དགྱེས་མཛད་ཡས་མར་སྦྲེངས་པ་ཡི། །མདུན་གྱི་མཁའ་ལ་བསམ་པར་བྱ། །སྟོང་ལས་ཉི་དཀྱིལ་ཧཱུྃ་ནག་ལས། །རྡོ་རྗེ་ཟེར་འཕྲོས་ཕྱི་
རོལ་བཅད། །འོག་དང་ཕྱོགས་མཚམས་སྟེང་སྤྲོས་པས། །ས་གཞི་ར་བ་བླ་རེར་བསྐྱེད། །བྷྲཱུྃ་འཁོར་རྩིབས་བཅུ་འོད་ཟེར་དྲག །པད་ཉིར་ཁྲོ་བོ་འཁོར་ལོར་བསྒོམ། །དེ་དབུས་ཧཱུྃ་མཛད་རྟག་པ་སོགས། །གནས་འགྱུར་དེ་ལས་ཆོས་འབྱུང་བསྐྱེད། །གྲུ་གསུམ་དཀར་པོ་
เล่ม ๔๔ · หน้า 5a
གྱེན་ལ་གནས། །སྣ་ཚོགས་འོད་ཟེར་ཕྱོགས་བཅུར་འཕྲོ། །ནམ་མཁའི་དཀྱིལ་དུ་པདྨ་དང་། །སྣ་ཚོགས་རྡོ་རྗེ་བསམ་པར་བྱ། །དེ་དབུས་ཟླ་སྟེང་བྷྲཱུྃ་ལས་སྐྱེས། །འཁོར་ལོ་བྷྲཱུྃ་མཚན་ལས་བྱུང་བ། །རིག་མ་དང་བཅས་སྣང་མཛད་ལས། །གྱུར་
པའི་ཁང་པ་བརྩེགས་པ་བསྒོམ། །གྲུ་བཞི་ལ་སོགས་ཡོན་ཏན་ལྡན། །སྣ་ཚོགས་པདྨ་བཅུ་དགུའི་སྟེང་། །ཉི་མའི་གདན་ནི་བདུན་དག་དང་། །ཟླ་བའི་གདན་ནི་བཅུ་གཉིས་བསྐྱེད། །དེ་ཉིད་གསུམ་གནས་སེམས་པ་བས་པས། །བདེ་གཤེགས་རྣམས་ཀྱིས་དེ་ལ་
གཟིགས། །རང་གི་ཁམས་སུ་ཤེས་རབ་ཐབས། །དབྱངས་ཡིག་བདེ་བའི་ཡི་གེར་འགྱུར། །དབུ་རྩེ་ལས་བྱོན་ཡེ་ཤེས་སེམས། །འདྲེས་གྱུར་རྟེན་བབས་ཟླ་གཉིས་གྱུར། །འདུ་ཞིང་འཕྲོ་བའི་སྦྱོར་བ་ལས། །གཅིག་ཏུ་གྱུར་པ་བསམ་པའོ། །དེ་ལས་ཧཱུྃ་དཀར་
ལས་བྱུང་བ། །རྡོ་རྗེ་རྩེ་ལྔ་མེ་ཤེལ་གཟུགས། །ཕྱོགས་ཀུན་འོད་ཟེར་འཕྲོ་བསམས་ནས། །ཧཱུྃ་བཅས་ལྡན་པས་ང་རྒྱལ་བྱ། །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། དེ་ལས་འཕྲོས་པ་བདེ་གཤེགས་ཀྱིས། །འགྲོ་བ་སངས་རྒྱས་ཉིད་དུ་བྱས། །སླར་འདུས་ཐུགས་ཀྱི་རྡོ་རྗེ་ལས། །
བཙུད་ནས་བདག་ལ་ང་རྒྱལ་བྱ། །ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་སྟ་ཐཱ་ཨ་ཧཾ། ས་བོན་གསང་གསུམ་རྡོ་རྗེར་གྱུར། །གཅིག་གྱུར་རྡོ་རྗེ་སེམས་དཔའ་མཆོག །འགྲོ་ཀུན་རོ་མཉམ་གཅིག་པ་པོ། །ཀུན་དུ་བཟང་པོ་བསྒོམ་པར་བྱ། །སྐུ་དང་དབུས་ཞལ་ཟླ་ནོར་འདྲ། །གཡས་གནག་
གཡོན་ནི་དམར་པོ་ལ། །རིན་ཆེན་སྣ་ཚོགས་རྒྱན་ལྡན་པའི། །ཕྱག་གཉིས་རང་སྣང་ཤེས་རབ་འཁྱུད། །གཡས་གཉིས་རྡོ་རྗེ་རལ་གྲི་སྟེ། །གཡོན་གཉིས་རིན་ཆེན་པདྨའོ། །མཚོན་བྱེད་མཚན་མ་དབུ་རྒྱན་ལ། །མི་བསྐྱོད་པ་ཡིས་བརྒྱན་པར་བསྒོམ། །དེ་ནས་འདོད་
ཆགས་ཆེན་པོ་ཡིས། །འདུས་པའི་འཇིག་རྟེན་གཟིགས་གྱུར་ནས། །སྦྱོར་བའི་སྒྲ་ཡིས་རང་ལུས་ལ། །རྣམ་སྣང་ལ་སོགས་གཞུག་པར་བྱ། །དེ་ནི་སྤྱན་མ་ལ་སོགས་དང་། །གཟུགས་ལ་སོགས་པ་ཡུལ་གྱི་བདག །རྣམ་པ་དགུ་ནི་སྤྲོ་བྱས་ནས། །རང་གི་ཤེས་རབ་
เล่ม ๔๔ · หน้า 5b
ཉིད་ལ་ཐིམ། །ཤེས་རབ་དེ་ཡི་པད་དཀྱིལ་དུ། །བདེ་ལས་སྤྲུལ་པའི་འཁོར་ལོ་བསྐྱེད། །གཟིགས་གྱུར་འགྲོ་བ་མ་ལུས་པ། །སྣོད་དུ་རུང་ཕྱིར་གཞུག་པར་བྱ། །རང་གི་ས་བོན་འོད་ཟེར་གྱིས། །ནམ་མཁའ་ཁྱབ་པའི་བདེ་གཤེགས་རྣམས། །ཟླ་བ་ལྟ་བུར་ཞུ་བྱས་
པས། །དེ་རྣམས་དག་ཕྱིར་དབང་བསྐུར་བྱ། །དེ་ཡི་སྟོབས་ཀྱིས་དེ་དག་རྣམས། །བདེ་དང་ཡིད་བདེ་ཐོབ་པ་དང་། །ཐ་མལ་ཕུང་སོགས་བཤིགས་པའི་ཕྱིར། །ཟླ་བ་ལྟ་བུར་ཞུ་བའོ། །དེ་ལ་མིག་ལ་སོགས་པ་རྣམས། །ཀྵཾ་ཛཾ་ཁཾ་གཾ་སྐཾ་སཾ་གྱུར། །དེ་བཞིན་གཟུགས་
ལ་སོགས་པ་རྣམས། །ཛཿཧཱུྃ་བཾ་ཧོཿཁཾ་རཾ་གྱུར། །ས་ལ་སོགས་པའི་རང་བཞིན་དག །ལཾ་མཾ་པཾ་ཏཾ་དུ་ནི་གྱུར། །གཟུགས་སོགས་ཕུང་པོའི་བདག་ཉིད་རྣམས། །བུཾ་ཨཱཾ་ཛཾ་ཁཾ་ཧཱུྃ་དུ་གྱུར། །དེ་ལས་མཚན་མ་དེ་ཡིས་མཚན། །དེ་རྣམས་ས་སྙིང་ལ་སོགས་པར། །ཁམས་ཀུན་
འདས་པར་བྱས་ནས་སུ། །དྲིས་ཤིང་རྟོགས་ཕུལ་མི་སྨྲ་འདུག །དེ་ནི་པདྨའི་གཞལ་ཡས་ནས། །ཕྱི་རོལ་ཕྱུང་ནས་བསྟོད་ནས་ནི། །སྣ་ཚོགས་པ་ཡི་གཟུགས་ཀྱིས་སོ། །རང་རང་ཁམས་སུ་འཕྲོས་པར་བསམ། །དེ་ནས་བར་མའི་སེམས་ཅན་རྣམས། །སྐར་མ་ལྷུང་
ཞིང་ཞལ་ཞུགས་ནས། །རྡོ་རྗེར་ཕྱུང་ནས་པདྨར་གནས། །ཤེས་རབ་ཆགས་པས་དེ་ཞུ་བྱེད། །དེ་ཡི་འོད་ཟེར་དམར་འཕྲོས་པས། །ཡབ་ཡུམ་བྱང་ཆུབ་སེམས་སུ་ཞུ། །དེ་ལས་བྱུང་བའི་སྤྱན་ལ་སོགས། །གླུ་ཡིས་བསྐུལ་ནས་ཐིམ་པར་བྱེད། །སེམས་ཅན་ཁམས་ན་གནས་ཀྱི་
དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བའི་ཡིད་འོང་དོན་ཆེན་འདོད་པ་བདག་ལ་བསྐབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེ་སྐུ་ཁྱོད་
བཀའ་ཡི་འཁོར་ལོས་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་ཏུ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པར་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་དུ་བཟང་པོས་བདག་ལ་དགྱེས་པར་མཛོད། །ཁྱོད་ནི་རྡོ་རྗེ་གསུང་
เล่ม ๔๔ · หน้า 6a
སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པར་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་དུ་བཟང་པོས་བདག་ལ་དགྱེས་པར་མཛོད། །ཁྱོད་ནི་རྡོ་རྗེ་
འདོད་པ་དམ་ཚིག་མཆོག་གི་ཕན་ཡོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་ཉིད་གཟིགས་ལ། །མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །ཀླུ་འདི་
ཡིས་ནི་དོན་བྱས་ནས། །ཞུ་བ་ཕུན་སུམ་ཚོགས་བྲལ་བ། །ཟླ་ཉིར་གྱུར་ཏེ་ཡི་གེ་ཧཱུཾ། །རྡོ་རྗེ་སྔོན་པོ་ཅུང་ཟད་གདེངས། །དེས་མཚན་བཤེས་གཉེན་ཞུ་བྱས་པས། །སྐུ་དང་ཞལ་དབུས་མཐིང་ཀའི་མདོག །གཡས་དཀར་གཡོན་ནི་དམར་པོ་ལ། །དམ་པ་དང་
པོའི་མཚན་མར་ལྡན། །དམ་པ་མ་ཡིན་རྣམ་རྟོག་རྣམས། །སྟོང་པ་ཉིད་དུ་བསམ་བྱས་ཏེ། །མྱ་ངན་འདས་པ་ཞེན་སྤང་ཕྱིར། །ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབས། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ས་སྙིང་རྡོ་རྗེ་ནམ་མཁའ་དང་། །དབང་ཕྱུག་སྒྲིབ་
སེལ་ཀུན་བཟང་རྣམས། །ཀྵིཾ་ལ་སོགས་པའི་རིམ་པ་ཡིས། །མིག་ལ་སོགས་པར་དགོད་པར་བྱ། །དེ་བཞིན་སྙིང་མགྲིན་མགོ་ཟླ་ལ། །ཧཱུཾ་ཨཱཿཨོཾ་ལས་སྐྱེས་པ་ཡི། །ལྟེ་བར་ཐུགས་རྡོ་རྗེ་སོགས་བསྐྱེད། །དེ་རྣམས་ཐུགས་ཀ་ནས་བྱུང་བའི། །གཟུགས་ཀྱི་
རྡོ་རྗེ་སོགས་འོད་ཀྱིས། །མ་ལུས་རྡོ་རྗེ་བསམ་མཆོད་ནས། །བྱིན་གྱིས་བརླབ་ཕྱིར་གསོལ་བ་བཏབ། །དཔལ་ལྡན་ཐུགས་ནི་རྡོ་རྗེ་འཆང་། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཅན་མཛད་དུ་གསོལ། །ཕྱོགས་
བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཅན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་བཛྲ་ཨཱཏྨ་ཀོ྅ཧཾ། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་
เล่ม ๔๔ · หน้า 6b
མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་དང་འདྲ་བར་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་ཅན་མཛད་དུ་
གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅ཧཾ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུ་དང་ལྡན་པར་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །
རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུ་ཅན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཡེ་ཤེས་སེམས་དཔའི་ས་བོན་གྱི། །འོད་ཀྱིས་ཕྱོགས་བཅུའི་མགོན་པོ་བསྐུལ། །དེ་ཡི་འོད་ཟེར་ལས་
བྱུང་བའི། །སྤྱན་ལ་སོགས་པ་མཆོག་རྣམས་ཀྱི། །བདུད་རྩི་ལྔ་ཡིས་ཆུས་གང་བའི། །བུམ་པས་དབང་བསྐུར་བཀྲ་ཤིས་སྒྲ། །རྔ་དུང་དྲིལ་སོགས་རོལ་མོའི་སྒྲ། །དབུ་རྒྱན་རྡོ་རྗེ་འཆང་ལྡན་བྱ། །དེ་བཞིན་ཟླ་བ་གཉིས་ལ་སོགས། །འགྲོ་བའི་དབང་བསྐུར་མ་
གཏོགས་པ། །ཐམས་ཅད་སྔོན་བཞིན་བཤེས་གཉེན་དང་། །གཟུགས་ཀྱི་ཁྱད་པར་ཤེས་བྱས་ནས། །བྱིན་གྱིས་བརླབ་ཅིང་མིག་ལ་སོགས། །ས་སྙིང་སོགས་བཀོད་རྡོ་རྗེ་གསུམ། །གནས་གསུམ་མཚན་ལས་དབུ་རྒྱན་ལ། །རྡོ་རྗེ་འཛིན་པས་མཚན་པའོ། །མགོ་
སྙིང་ལྟེ་བ་གསང་རྐང་པར། །ཨོཾ་ཧཱུྃ་སྭཱ་ཨ་ཧཱ་རྣམས་སམ། །ཆ་ཤས་ངོ་བོ་ཉིད་ཀྱིས་ནི། །སངས་རྒྱས་ལྔ་ཡིས་དགང་བར་བྱ། །ཧཱུྃ་ལས་རྡོ་རྗེ་ཆུ་སྐྱེས་ནི། །རྩེ་ལྔ་འདབ་བརྒྱད་བསམ་པར་བྱ། །ཨོཾ་ལས་ནོར་བུ་གེ་སར་བསྐྱེད། །ཕཊ་ཀྱིས་གཉིས་ཀྱི་ལམ་འགོགས་པའོ། །
མཚན་ཉིད་ལྔ་དང་ལྡན་བསམས་ནས། །བདེ་མཆོག་མྱོང་བར་བྱ་བའི་ཕྱིར། །རང་གི་ཤེས་རབ་ལ་ཞུགས་ནས། །དབང་པོ་གཉིས་སྦྱར་རྗེས་ཆགས་བྱས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྦྱོར་བ་དང་པོའི་ཏིང་འཛིན་ནོ། །ཐུགས་ཀའི་ས་བོན་འོད་ལྕགས་
เล่ม ๔๔ · หน้า 7a
ཀྱུས། །སངས་རྒྱས་འཁོར་ལོ་མཁའ་ཁྱབ་པ། །ཞལ་ཞུགས་ཞུ་གྱུར་རྡོ་རྗེར་ཕྱུང་། །པད་གནས་ཟླ་བ་ལྟ་བུའི་གཟུགས། །དེ་ལས་ས་བོན་ཧཱུྃ་བཅུ་དགུ། །མི་བསྐྱོད་པ་ཡི་འཁོར་ལོ་མཆོག །གསལ་བར་བསམས་ནས་འགྲོ་བ་ཀུན། །ཕན་
ཕྱིར་རིམ་གྱིས་དབྱུང་བར་བྱ། །བཛྲ་དྷྲྀཀ་གིས་རབ་བསྐུལ་ལ། །གོང་མ་ལྟ་བུའི་མི་བསྐྱོད་པ། །སངས་རྒྱས་མཛད་པ་བྱས་ནས་སུ། །འདུས་ནས་བདག་ལ་ཞུགས་པར་བསམ། །ཛི་ནི་ཛིཀ་གིས་རྣམ་སྣང་དབྱུང་། །དཀར་ནག་དམར་པོ་ཕྱག་དྲུག་པ། །འཁོར་ལོ་
རལ་གྲི་རིན་ཆེན་པད། །འདུས་ནས་ཤར་གྱི་ཟླ་བར་བསམ། །རཏྣ་དྷྲྀཀ་གིས་རིན་ཆེན་དབྱུང་། །སེར་ནག་དཀར་པོ་ཕྱག་དྲུག་པ། །རིན་ཆེན་རལ་གྲི་འཁོར་ལོ་པད། །འདུས་ནས་ལྷོ་ཡི་ཉི་མར་བསམ། །ཨཱ་རོ་ལྀཀ་གིས་འོད་དཔག་མེད། །དམར་ནག་དཀར་པོ་
ཕྱག་དྲུག་པ། །པདྨ་རལ་གྲི་རིན་ཆེན་འཁོར། །སླར་འདུས་ནུབ་ཀྱི་ཉི་མར་བསམ། །པྲཛྙཱ་དྷྲྀཀ་གིས་དོན་ཡོད་གྲུབ། །ལྗང་ནག་དཀར་པོ་ཕྱག་དྲུག་པ། །རལ་གྲི་འཁོར་ལོ་རིན་ཆེན་པད། །འདུས་ནས་བྱང་གི་ཉི་མར་བསམ། །དང་པོ་རང་གི་རིག་མ་འཁྱུད། །རྒྱན་
ཀུན་བརྒྱན་པའི་ན་བཟའ་དང་། །རིན་ཆེན་སྣ་ཚོགས་དབུ་རྒྱན་ཅན། །གདན་ལྟར་འོད་ཀྱི་དཀྱིལ་འཁོར་ལོ། །མོ་ཧ་ར་ཏིས་སྤྱན་མ་དབྱུང་། །སྐུ་ཡི་རྡོ་རྗེ་དང་འདྲ་བ། །འཁོར་ལོ་རལ་གྲི་རིན་ཆེན་པད། །སླར་འདུས་ཤར་ལྷོར་ཟླ་བར་བསམ། །དྭེ་ཥ་ར་ཏིས་མཱ་མ་ཀཱི། །
ཐུགས་ཀྱི་རྡོ་རྗེ་དང་འདྲ་བ། །ཨུཏྤལ་རལ་གྲི་རིན་ཆེན་པད། །འདུས་ནས་ལྷོ་ནུབ་ཟླ་བར་བསམ། །རཱ་ག་ར་ཏིས་གོས་དཀར་མོ། །གསུང་གི་རྡོ་རྗེ་དང་འདྲ་བ། །པད་རལ་གྲི་རིན་ཆེན་འཁོར། །འདུས་ནས་ནུབ་བྱང་ཟླ་བར་བསམ། །བཛྲ་ར་ཏིས་སྒྲོལ་མ་དབྱུང་། །རིན་
ཆེན་དབང་ཕྱུག་དང་འདྲ་བ། །ཨུཏྤལ་འཁོར་ལོ་རིན་ཆེན་པད། །སླར་འདུས་བྱང་ཤར་ཟླ་བར་བསམ། །ཨོཾ་ཨཱཿཧཱུཾ་གིས་ལྷ་མོ་དྲུག །གོ་རིམས་བཞིན་དུ་དབྱུང་བར་བྱ། །གཟུགས་ཀྱི་རྡོ་རྗེ་རྣམ་སྣང་འདྲ། །མེ་ལོང་རལ་གྲི་རིན་ཆེན་པད། །སྒྲ་ཡི་རྡོ་རྗེ་མི་བསྐྱོད་འདྲ། །
เล่ม ๔๔ · หน้า 7b
པི་ཝཾ་རལ་གྲི་རིན་ཆེན་པད། །དྲི་ཡི་རྡོ་རྗེ་རིན་ཆེན་འདྲ། །དུང་དང་རལ་གྲི་རིན་ཆེན་པད། །རོ་ཡི་རྡོ་རྗེ་མཐའ་ཡས་འདྲ། །སྣོད་དང་རལ་གྲི་རིན་ཆེན་འཁོར། །རེག་གི་རྡོ་རྗེ་དོན་ཡོད་འདྲ། །གོས་དང་རིན་ཆེན་འཁོར་ལོ་པད། །ཆོས་དབྱིངས་རྡོ་རྗེ་སེམས་དཔའ་འདྲ། །ཆོས་
འབྱུང་རལ་གྲི་རིན་ཆེན་པད། །མེ་མཚམས་ལ་སོགས་གྲྭ་བཞི་དང་། །ཤར་སྒོ་གཡས་གཡོན་ཟླ་སྟེང་བསམ། །ཡ་མཱནྟ་ཀྲྀཏ་གཤིན་རྗེའི་གཤེད། །མི་བསྐྱོད་ལྟ་བུ་ཕྱག་དྲུག་པ། །ཐོ་བ་རལ་གྲི་རིན་ཆེན་པད། །ཤར་སྒོར་ཁྲོ་དཀྱིལ་ཉི་དབུས་དགོད། །པྲཛྙཱནྟ་ཀྲྀཏ་
ཤེས་མཐར་བྱེད། །སྣང་མཛད་ལྟ་བུ་ཕྱག་དྲུག་པ། །དབྱུག་པ་རལ་གྲི་རིན་ཆེན་པད། །ལྷོ་སྒོར་ཉི་དབུས་ཉི་འོད་འབར། །པདྨནྟ་ཀྲྀཏ་རྟ་མགྲིན་ནི། །མཐའ་ཡས་ལྟ་བུ་ཕྱག་དྲུག་པ། །པདྨ་རིན་ཆེན་རལ་གྲི་འཁོར། །ནུབ་སྒོར་ཉི་དཀྱིལ་ཁྲོ་དཀྱིལ་བསམ། །བིགྷྣནྟ་ཀྲྀཏ་
བདུད་རྩི་འཁྱིལ། །མི་བསྐྱོད་ལྟ་བུ་ཕྱག་དྲུག་པ། །རྡོ་རྗེ་རལ་གྲི་རིན་ཆེན་པད། །བྱང་སྒོར་ཉི་དབུས་ཁྲོ་དཀྱིལ་བསམ། །དེ་རྣམས་རྒོད་དང་གདངས་པ་དང་། །མཆེ་བ་གཙིགས་དང་བཞད་བྱེད་པ། །དབུ་སྐྲ་དམར་སེར་གྱེན་དུ་བརྗེས། །སྟག་ལྤགས་སྨད་གཡོགས་དང་ལྡན་
པ། །གཏུམ་པའི་སྦྲུལ་གྱིས་བརྒྱན་པ་ཡི། །དང་པོས་རིག་མ་འཁྱུད་པ་དང་། །མེ་ཡི་འོད་ཀྱི་འཁོར་ལོ་ནང་། །གཏུམ་པོ་རབ་ཏུ་བསམ་པའོ། །དེ་ལྟར་དངོས་པོ་ཐམས་ཅད་ཀྱིས། །རྫོགས་པའི་དཀྱིལ་འཁོར་མཐོང་ནས་སུ། །ས་བོན་འོད་ཟེར་ལྕགས་ཀྱུ་ཡིས། །གཤིན་རྗེ་
གཤེད་བསྐུལ་འཁོར་ལོ་དགུག །དེ་དང་ལྷན་ཅིག་འོངས་པའི་བགེགས། །བསྐྲད་ནས་བསྲུང་བྱས་ཁྲོ་བོ་ཐིམ། །བདེ་བས་རྒྱས་པའི་དཀྱིལ་འཁོར་ནི། །མདུན་དུ་དམིགས་ལ་མཆོད་པར་བྱ། །དུང་གི་ཆུ་ཡིས་བསང་གཏོར་དང་། །ཀུན་དས་ཁ་བཀང་ཆུས་ཉེ་རེག །མཆོད་
ཡོན་སྣོད་ཀྱིས་མཆོད་ཡོན་དང་། །མཐའ་སོགས་དབྱེ་བས་ཞབས་བསིལ་ལོ། །དེ་བཞིན་ཁྲོ་བོ་གཞན་བསྐུལ་བས། །འོད་ཟེར་གྱིས་ནི་གཞུག་པ་དང་། །བཅིང་དང་རྗེས་སུ་དགྱེས་བསྐྱེད་ང་། །ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབ། །མོས་པས་མིག་ལ་སོགས་པ་རྣམས། །
เล่ม ๔๔ · หน้า 8a
རྡོ་རྗེ་གསུམ་ནི་གནས་གསུམ་བཀོད། །སྔ་མ་བཞིན་དུ་དབང་བསྐུར་བས། །རིགས་ཀྱི་དབང་བསྐུར་གཞག་པའོ། །སངས་རྒྱས་བཞི་པོ་མི་བསྐྱོད་པ། །ལྷ་མོ་རང་རང་བདག་པོས་བརྒྱན། །རྣམ་སྣང་མི་བསྐྱོད་སྣང་མཐའ་ཡས། །མི་བསྐྱོད་སྒོ་སྲུང་
མཚན་མའོ། །ས་བོན་འོད་ཀྱིས་ལྷ་མོ་བཀུག །ཞལ་ཞུགས་ཞུ་གྱུར་རྡོ་རྗེར་ཕྱུང་། །པད་ནང་ལཾ་མཾ་པཾ་ཏཾ་དང་། །ཛཿཧཱུྃ་བཾ་ཧོཿཁཾ་རཾ་གྱུར། །དེ་ཡི་འོད་ཀྱིས་བཅུ་པོ་དགུག །རང་རང་ས་བོན་ལ་ཞུགས་པས། །ནུས་དང་ལྡན་པར་རབ་བྱས་ནས། །ཤེས་རབ་བ་སྤུའི་བུ་གར་སྤྲོ། །
འོད་རྩེ་གཟུགས་རྡོ་རྗེ་སོགས་ནི། །རང་རང་མཚན་མས་རྣམ་མཛེས་པའི། །དྲི་མེད་རྒྱན་གྱིས་བརྒྱན་པའི་སྐུ། །སྒྱུ་མ་ལྟ་བུར་སྤྲོ་བར་བྱ། །དེ་བཞིན་ཕྱི་ཡི་གདུགས་ལ་སོགས། །འོད་རྩེ་ལས་སྤྲོ་ནམ་མཁའི་ཁམས། །བཀང་སྟེ་བདག་དང་འཁོར་ལོ་ལ། །མཆོད་པར་བྱས་ཏེ་
མཆོད་པ་དང་། །མཆོད་པ་པོ་དང་མཆོད་གནས་གསུམ། །རྨི་ལམ་ལྟ་བུར་ཤེས་བྱའི་ཕྱིར། །ཐ་དད་ལས་ནི་གྲོལ་བྱས་ནས། །སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་བྲག་ཅའི་སྒྲ་ལྟ་བུར། །སྒྲ་ཡུལ་ཐམས་ཅད་
རབ་བསམས་ནས། །རྡོ་རྗེ་དྲིལ་བུ་བདེ་དབྱངས་ཀྱིས། །རང་ཉིད་ལྷ་ཡིས་བསྟོད་པར་བསྒོམ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱིངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་
དགའ་ཆེན་པོ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །དངོས་ཉིད་དག་པས་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །
མི་རྟོགས་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །དག་པ་རྡོ་རྗེ་གདོན་མི་ཟ། །བསམ་པ་ཐམས་ཅད་ཡོངས་རྫོགས་པ། །རང་བཞིན་དག་པ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །རླུང་དང་
เล่ม ๔๔ · หน้า 8b
མེ་ཡི་དཀྱིལ་འཁོར་ནས། །པདྨ་བྷནྡྷར་བདུད་རྩི་ལྔ། །ཟླ་བ་ཉི་མར་ཡི་གེ་ལྔ། །བསམས་ནས་འོད་ཟེར་སྤྲོ་བྱའོ། །རྟག་སོགས་བཀུག་ནས་ས་བོན་དགུག །བཞུ་ཞིང་བསྐོལ་བས་རླངས་ནས་ཧཱུྃ། །དེ་བྱུང་རྡོ་རྗེ་ཞུ་བྱས་ནས། །ཕྲེང་བའི་རྒྱུན་དུ་དབབ་པར་བྱ། །ཨོཾ་གྱིས་
བསིལ་བར་བྱས་ནས་སུ། །ལྷ་རྣམས་ཕྱག་ཏུ་སྤྲོས་བྱས་ལ། །ལྕེ་ཧཱུྃ་ལས་བྱུང་རྡོ་རྗེ་བཀོད། །སྙིང་ཟླའི་འཁོར་ལོ་ཚིམ་པར་བྱ། །དཀྱིལ་འཁོར་རྒྱལ་བ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཡེ་ཤེས་སེམས་དཔའི་ཐུགས་འོད་ཀྱིས། །ཐུབ་པའི་དབང་པོས་ཀུན་
རྟོག་སྤངས། །འགྲོ་ཀུན་སངས་རྒྱས་ཉིད་བྱས་ནས། །ས་བོན་ལ་ནི་ཐིམ་པར་བྱ། །ཐུགས་ཀའི་མཚན་མ་ནང་གནས་པ། །ཉི་མའི་དབུས་ཀྱི་ཡི་གེ་ཧཱུྃ། །འོད་ཟེར་རྣམ་པ་ལྔ་ལྡན་པའི། །ཙ་ནའི་འབྲུ་ཙམ་ཐིག་ལེར་བསམ། །དེ་ཡི་འོད་ཀྱིས་གནས་ལ་སོགས། །རྡོ་རྗེ་
མཆོག་གསུམ་གསལ་བྱས་ནས། །བཞག་སྟེ་ཐིག་ལེ་ལྟ་བུ་རུ། །རང་གི་སེམས་ཉིད་ཞུགས་པར་བྱ། །དེ་མ་ཐག་ཏུ་ཏིང་འཛིན་གསུམ། །གྲུབ་པ་རབ་ཏུ་བསམ་བྱས་ནས། །དེ་ཡི་གསུམ་པ་ལས་སྤྲོ་ཞིང་། །ཐིག་ལེ་ཡན་ཆད་གསལ་བར་བྱ། །གཞན་པ་
བ་སྤུ་ལས་སྤྲོ་ཞིང་། །དཀྱིལ་འཁོར་རྟེན་ལ་སོགས་པ་ནས། །ཁམས་ཀུན་བཀང་ནས་མཐའ་ལ་བསྡུ། །དེ་རིམ་ཡང་ནི་སྤྲོ་བསྡུ་བྱ། །ཡང་ནི་ས་བོན་འོད་ཀྱིས་ནི། །བདེ་གཤེགས་དགུག་གཞུག་ཞུ་གྱུར་ནས། །རྡོ་རྗེའི་ལམ་ནས་ཕྱུང་ནས་སུ། །ཟེའུ་འབྲུ་བུམ་
པའི་ནང་དུ་དབབ། །དེ་ལས་རྡོ་རྗེ་མཐིང་ཀ་ཆེ། །ནས་ཚད་ལྟེ་བར་རིན་པོ་ཆེ། །ཡུངས་ཀར་ཚད་ཙམ་དབུས་སུ་ཡང་། །རྟེན་བཅས་ཏིང་འཛིན་གསུམ་པོ་བསྒོམ། །རྡོ་རྗེ་རྩེ་ལྔ་ལྕགས་ཀྱུ་ཡིས། །ཕྱུང་སྟེ་སྣ་རྩེར་གནས་པར་བྱ། །རྡོ་རྗེ་ནང་ནས་ཐུར་སེལ་རླུང་། །ཕྱུང་སྟེ་
གནས་བྱ་རྣམ་པ་གཞན། །འདི་ཡི་ཏིང་འཛིན་གསུམ་པ་ལས། །སྤྲོ་བསྡུ་གོང་མ་བཞིན་དུ་བྱ། །དེ་ལ་བཟུང་བས་སྟོབས་ལྡན་ན། །བརྟན་པའི་མཚན་མ་སྐྱེ་བར་འགྱུར། །དེ་སྐྱེས་སྤྲུལ་པ་འཕྲོ་བ་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྣམ་པ་སྣ་ཚོགས་ཕྱག་མཚན་
เล่ม ๔๔ · หน้า 9a
རྣམས། །ཡང་ནས་ཡང་དུ་སྤྲོ་བསྡུ་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་། །ཡེ་ཤེས་སེམས་དཔའི་ས་བོན་ལས། །གསང་སྔགས་བཟླས་བརྗོད་སྤྲོ་བྱེད་པ། །རིམ་པའམ་ནི་ཅིག་ཅར་བྱ། །ཨོཾ་སོགས་རེ་རེ་བརྗོད་སྐད་ཅིག །སྐུ་རྡོ་རྗེ་ལ་སོགས་འཁོར་
ལོ། །སྤྲོས་པས་ནམ་མཁའི་ཁམས་བཀང་ནས། །ཡན་ལག་བཅུ་གཉིས་གསུམ་ལྡན་མོས། །ཨོཾ་སོགས་རེ་རེ་བརྗོད་སྐད་ཅིག །མ་བསྐུལ་གཉིས་དང་གོང་མ་ལྟར། །དང་པོས་ཕྱུང་སྟེ་ནམ་མཁའ་ལ། །བཀོད་ནས་གཉིས་པ་གོང་མ་ལྟར། །མཆོད་པའི་ལྷ་མོ་སྤྲོ་བྱས་ནས། །
འཁྱུད་པའི་བདེ་བས་ཐུབ་དབང་རྣམས། །བདེ་ཆེན་དབང་དུ་གྱུར་བྱས་ལ། །གསུམ་པས་ནང་དུ་ཐིམ་པར་བྱ། །རྡོ་རྗེ་དང་ནི་གསལ་བ་དང་། །ལམ་བྱུང་ཆོས་ཀྱི་འཁོར་ལོ་ལས། །སྟེང་དུ་གཡས་གཡོན་གཉི་ག་ལས། །དྲག་དང་དལ་བར་ཤེས་པར་བྱ། །འབྱུང་བ་ཧཱུྃ་སྟེ་འཇུག་པ་ཨོཾ། །
གནས་པ་ཨཱཿསྟེ་དེ་ཉིད་བཟུང་། །ཡེ་ཤེས་ས་བོན་ངོ་བོ་སྟེ། །གཞི་རྣམས་གཅིག་ཏུ་བརྩི་བར་བྱ། །ཉིས་བརྒྱ་ཉི་ཤུ་རྩ་ལྔ་ལས། །བཞི་བསྡུས་བརྒྱ་ཕྲག་དགུ་ཉིད་དོ། །དེ་ནི་ཉི་ཤུ་རྩ་བཞི་རིམ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཕྲ་མྱུར་རྣམས་ཀྱིས་ངལ་བ་བསལ། །སྤྱན་སོགས་གླུ་
ཡིས་བསྐུལ་བྱས་ནས། །སྔོན་བཞིན་འཁོར་ལོ་མཆོད་བྱ་སྟེ། །སེམས་ཀྱི་གཟེངས་ནི་བསྟོད་བྱ་སྟེ། །ཉམ་ཆུང་སྤྱི་བོར་མཐོ་གང་ཚད། །ཟླ་སྟེང་ཨོཾ་གྱི་བརླན་པ་ཡི། །བདུད་རྩི་ཆོ་ག་བཞིན་ཕབ་པས། །རྡོ་རྗེ་གསུམ་སོགས་ཚིམ་པར་བྱ། །བཾ་ལས་བྱུང་བའི་བུམ་པ་བཟང་། །ཟླ་
གམ་ཕྱེད་ཀྱིས་ཁ་བཅད་པ། །ཐིགས་པ་ཡིད་བཞིན་རིན་པོ་ཆེས། །བརྒྱན་པ་རྐན་གྱི་དབུས་སུ་བསྒོམ། །འོད་ཟེར་ལྔ་ནི་རབ་འབར་བའི། །ཨོཾ་ནི་ལྕེ་ཡི་རྩེ་ལ་བསམ། །དེ་གཟེར་རིམ་པས་དབབ་བྱས་པས། །ནུས་དང་ལྡན་པས་བཀྲེས་སྐོམ་གཞོམ། །བཀྲེས་སྐོམ་ལ་སོགས་
ཉོན་མོངས་ལ། །རྣལ་འབྱོར་དེ་ནི་ཀུན་བརྩམས་ནས། །རྡོ་རྗེ་ཐུགས་ཀྱི་བཀའ་བཞིན་དུ། །སྡུག་བསྔལ་ཐམས་ཅད་འབྱང་བར་འགྱུར། །ཅུང་ཟད་ངལ་སོས་ཡུལ་གཞན་འགྲོ། །གོང་མིའི་ཆོ་གས་བརྟན་བྱའི་ཕྱིར། །རྡོ་རྗེ་གསུམ་སྔགས་མ་ཞེན་པར། །གསང་སྔགས་བཟླས་
เล่ม ๔๔ · หน้า 9b
བརྗོད་ཡང་བྱའོ། །ལྡང་བར་འདོད་ན་སྔགས་པ་ཡིས། །མཆོད་བསྟོད་བདུད་རྩི་མྱང་བྱས་ལ། །ཨོཾ་ཨཱཿཧཱུྃ་ཉིད་བརྗོད་བྱས་ལ། །དེ་ཉིད་གསུམ་ལ་འཁོར་ལོ་བསྡུ། །ལས་ཀྱི་རྒྱལ་བ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དཔལ་ལྡན་གསང་བ་འདུས་པ་ཡི། །རིག་པའི་
ལྟ་བ་མ་ཐོབ་པའི། །སེམས་ཅན་ཐུགས་རྗེས་གཟུང་བའི་ཕྱིར། །སྨོན་ལམ་འདི་ནི་སྔོན་དུ་བྱ། །དཔལ་དང་ལྡན་པའི་མི་བསྐྱོད་མགོན། །རྣལ་འབྱོར་གྱིས་ཐོབ་དགེ་བ་གང་། །བདེ་ཆེན་ཡེ་ཤེས་རང་བྱུང་ནས། །སེམས་ཅན་ཀུན་མཁྱེན་སར་འགོད་ཤོག །གང་ཞིག་འདི་
མཐོང་འདོད་པའམ། །གང་ཞིག་ཞུ་བར་འདོད་པ་དེས། །ཐུགས་ཀྱི་དབང་ཕྱུག་གྲངས་མེད་པ། །མགོན་པོ་དེ་ནི་མཐོང་བར་ཤོག །ནམ་མཁའ་མཐའ་ཀླས་ཕྱོགས་བཅུ་རུ། །སེམས་ཅན་ཀུན་གྱི་དོན་སྤྱོད་ལ། །ཇི་ལྟར་ཐུགས་ཀྱི་དབང་ཕྱུག་བཞིན། །བདག་གིས་ཀྱང་
ནི་སྤྱོད་པར་ཤོག །ཇི་སྲིད་ཐོག་མ་མེད་པ་ནས། །འཁོར་བ་ཡི་ནི་མཐར་ཐུག་པར། །དེ་སྲིད་སེམས་ཅན་ཕན་པ་ཉིད། །སངས་རྒྱས་སྤྱོད་པ་བདག་སྤྱོད་ཤོག །ཇི་སྲིད་སངས་རྒྱས་སྣ་ཚོགས་རྣམས། །འཇིག་རྟེན་བཤེས་གཉེན་མྱ་ངན་འདས། །དེ་ཡི་བསྟན་པའི་དོན་དུ་ནི། །
བསྐལ་པའི་བསྐལ་པར་བྱེད་པར་ཤོག །རྡོ་རྗེ་འཆང་སོགས་གཟུགས་ཀྱིས་ནི། །བདག་གིས་ཕྱོགས་བཅུར་སྤྲུལ་གྱུར་ཅིག །སྔགས་ཀྱི་ཚུལ་གྱིས་སེམས་ཅན་རྣམས། །དེ་ཚེ་བདག་གིས་འདུལ་གྱུར་ཅིག །ཏིང་འཛིན་ལས་ནི་ལངས་ནས་ནི། །ལྷ་ཡི་ང་རྒྱལ་དང་
ལྡན་པས། །སྤྱོད་ཡུལ་སེམས་ཙམ་ཤེས་བྱས་ལ། །རང་གི་ལྷ་ཡི་གཟུགས་སུ་དམིགས། །ཡང་ན་སྤྱོད་ཡུལ་དེ་དག་ཉིད། །རང་རང་དག་བས་གནས་པའོ། །སོ་སོ་རང་རིག་ཆོས་ཉིད་པས། །རྣམ་སྣང་མཛད་ལ་སོགས་པར་སྣང་། །ཡང་ན་རྡོ་རྗེ་འཛིན་པ་སྟེ། །རང་
ཡིད་དགའ་བར་བྱེད་པའི་ཕྱིར། །དབུགས་རྟོག་སྤངས་ནས་རབ་བསྒོམས་ནས། །གསང་བ་ཆེན་པོ་མཆོད་པའོ། །རང་གི་ཁ་ཟས་ཟ་དུས་སུ། །སྙིང་ཁར་འཁོར་ལོ་རབ་བསྒོམས་ལ། །བདུད་རྩི་ཤ་ཡི་སྦྱོར་བ་ཡིས། །གོང་མ་ལྟ་བུར་སྦྱང་བྱས་ཏེ། །དེ་ཉིད་གསུམ་ནི་
เล่ม ๔๔ · หน้า 10a
བཟླས་བྱས་ཏེ། །ལྕེ་དང་དབུ་རྒྱན་མཆོག་བསྒོམ་ལ། །ལྷ་རྣམས་མ་ལུས་ཚིམ་པ་ཡི། །བསམ་པས་ནང་གི་སྦྱིན་སྲེག་བྱ། །ཕྱི་རོལ་སྦྱིན་སྲེག་དཔག་པ་ཙམ། །ཡེ་ཤེས་མེ་ནི་འབར་བྱེད་པས། །ཕུང་སོགས་བླུན་པའི་བུད་ཤིང་བསྲེག །བླ་ན་མེད་པར་
བཤད་པའོ། །ཇི་སྐད་གསུངས་པའི་སྡོམ་པར་ལྡན། །ཇི་ལྟར་མྱོང་བར་མཉམ་པར་སྤྱོད། །བློ་དང་ལྡན་པས་དམ་མེད་ལ། །དུས་རིག་བྱས་ལ་གསང་བར་བྱ། །སྙིང་རྗེར་གནས་པས་ལས་གཉིས་བྱེད། །འགྲོ་བའི་དོན་དང་སངས་རྒྱས་མཉེས། །ལུས་ངག་ཐ་མལ་
ཁྱད་པར་ཅན། །ཕྱག་རྒྱ་སྔགས་ཀྱི་བདག་ཉིད་དོ། །ཆོས་ཅན་གཅིག་ལ་རྟོག་པ་ནི། །སྣ་ཚོགས་རྣམ་པར་སྣང་བ་ཡིན། །སྡུག་བསྔལ་བདེ་བ་གྲོལ་འབྱུང་བ། །ལས་ཀྱི་ཁྱད་པར་མང་གྱུར་ཡིན། །དེ་ཕྱིར་དགེ་དང་མི་དགེའི་ལས། །ལུས་ལ་སོགས་པའི་རྟོག་ལས་
བྱུང་། །ཀུན་རྟོག་ཐམས་ཅད་ལས་གྲོལ་བ། །ནག་པོའི་ལས་སུ་ག་ལ་འགྱུར། །དམ་ཚིག་ཉམས་པ་བསྐང་དོན་དུ། །དོན་ཡོད་རྡོ་རྗེ་སྦྱོར་བསྒོམ་སྟེ། །ཐུགས་ཀའི་ཟླ་བར་ཁཾ་བསྐྱེད་པའི། །སྣ་ཚོགས་རྡོ་རྗེ་བསམ་པར་བྱ། །གཟུགས་སོགས་ནམ་མཁའ་བཞིན་དག་ནས། །
རང་བཞིན་འོད་གསལ་སེམས་བསྐྱེད་དེ། །བསྐུལ་བ་སྔོན་དུ་འགྲོ་བ་ཡིས། །དབང་བསྐུར་བྱས་པས་དག་པར་བྱ། །བླ་མ་བརྙས་པའི་སྐྱོན་བྱུང་ན། །ཡོན་དང་ལྡན་པའི་སྟོན་མོ་དབུལ། །སྡིག་བཤགས་ལ་སོགས་སྔོན་འགྲོ་བའི། །སྡོམ་པ་བཟུང་བས་བསྐང་བར་བྱ། །
ཕྱི་ཡི་ཁྲུས་ཀྱི་ཆོ་ག་ལ། །རང་གི་རྣལ་འབྱོར་དམིགས་བྱས་ནས། །དབང་བསྐུར་གོང་མ་བཞིན་བསྒོམས་ནས། །མཐའ་རུ་བདག་པོ་གཞག་པའོ། །དེ་ལྟར་ཉིན་ཕྱེད་དུས་དང་ནི། །ཕྱི་འབྲེད་དུ་ཡང་བསྒོམ་པར་བྱ། །ནམ་ཕྱེད་དུས་སུ་ས་བོན་ནས། །བཟླས་པའི་དུས་སུ་
བསྐྱེད་པར་བྱ། །གཤེགས་སུ་གསོལ་འདོད་སྔགས་པ་ཡིས། །མཆོད་པ་བསྟོད་པ་བདུད་རྩི་མྱང་། །བྱས་ནས་མཐའ་རུ་མུ་བཞག་པའི། །ཡི་གེ་གསུམ་གྱིས་གཤེགས་སུ་གསོལ། །དེ་བཞིན་ཡི་གེ་གསུམ་བརྗོད་པས། །ཡེ་ཤེས་སེམས་དཔའི་འཁོར་ལོ་ལ། །ཕྱི་
เล่ม ๔๔ · หน้า 10b
རོལ་འཁོར་ལོ་བཅུག་བྱས་ཏེ། །ཤེས་རབ་སྙིང་རྗེ་ལྡན་པས་ཉལ། །ལྡང་བའི་དུས་ན་ལྷ་མོ་ཡི། །དབྱངས་ཀྱིས་བསྐུལ་བསམ་ལངས་ནས་སུ། །སྔོན་བཞིན་དུས་བཞིར་ཏིང་འཛིན་གསུམ། །རྩེ་གཅིག་པ་ཡིས་ཐམས་ཅད་བསྒོམ། །བྲེལ་བ་བཅད་པའི་རྣལ་འབྱོར་
པས། །དུས་དང་པོར་ནི་ཏིང་འཛིན་གསུམ། །མ་ལུས་པར་ནི་བསྒོམ་བྱས་ལ། །ཡན་ལག་རྣམས་ནི་སྔོན་བཞིན་བསམ། །དེ་ལས་གཞན་པའི་དུས་དག་ཏུ། །གློ་བུར་རང་གི་ལྷ་བཞེངས་ལ། །ཐུགས་ལས་འཁོར་ལོ་སྤྲོ་བྱས་ལ། །དབང་བསྐུར་བ་ནི་སྔོན་བཞིན་བླང་། །
མཆོད་བསྟོད་བདུད་རྩི་མྱང་བྱས་ལ། །ཐིག་ལེ་འམ་ཡང་ན་ཕྲ་མོའམ། །སྔགས་ཀྱི་བཟླས་བརྗོད་ཡང་བྱས་ནས། །འཁོར་ལོ་བསྡུ་བ་སྔོན་བཞིན་བརྩམ། །དེ་ལྟར་ཞུགས་པ་རྣམ་པ་གཉིས། །རང་གི་ལམ་གྱི་མི་མཐུན་ཕྱོགས། །བཟློག་པས་བརྟན་པའི་རྟགས་རྙེད་པས། །
ལས་དང་པོ་ཡི་རྣལ་འབྱོར་རོ། །དེ་ཡིས་སྐུ་ལ་དམིགས་པ་ཡིས། །མན་ངག་ཐོབ་པས་ཡེ་ཤེས་ཆེ། །འབེབས་ཐོབ་རང་དང་གཞན་མཐོང་ན། །ཅུང་ཟད་ཡེ་ཤེས་དབང་གྱུར་པའོ། །དུས་བཞིར་མིག་དང་ལུས་སོགས་རྣམས། །བྱིན་རླབས་དབང་བསྐུར་རབ་བྱས་ནས། །
མཆོད་པ་སོགས་ཀྱིས་མཉེས་བྱས་ལ། །བཟླས་བརྗོད་སྦྱོར་བ་བརྩམ་པའོ། །སྔོན་བཞིན་དུ་ནི་བསྡུ་བྱས་ནས། །སྡོམ་པ་བསྐྱང་སོགས་སྔ་མ་བཞིན། །རྒྱུན་དུ་གོམས་རླབས་བཅུ་དང་གཅིག །མཐུ་ཆེན་སྟོབས་རྟོགས་དེས་དམིགས་སོ། །དེ་ཡི་གསུང་ལ་དམིགས་པ་ཡིས། །
རླུང་གི་རང་བཞིན་རྟོགས་མཛད་ནས། །བདག་དང་གཞན་གྱིས་དཀྱིལ་འཁོར་མཐོང་། །ཡེ་ཤེས་དབང་དུ་གྱུར་པའོ། །དེ་ལ་ཉིན་མཚན་རྒྱུན་དུའམ། །ཡི་གེ་གསུམ་གྱི་ཏིང་ངེ་འཛིན། །ཀུན་དུ་སྤྱོད་ལས་ཆོས་ཐམས་ཅད། །དབྱེར་མེད་གོང་བཞིན་སྙེན་བྱེད་དོ། །འདི་ཡི་ཕྱག་
རྒྱ་ཆེན་པོ་ཡི། །བསྒྲུབ་པའི་མཚན་མ་གསུམ་མཐོང་ནས། །བརྟུལ་ཞུགས་ལ་སོགས་རིམ་འདི་ཡིས། །སེམས་དམིགས་རྡོ་རྗེ་འཆང་བ་ཐོབ། །འདི་ལས་གཞན་པ་བཅུ་བཞི་ཡི། །བསྙེན་པའི་ཆོ་ག་འདི་བཞིན་ཏེ། །རང་རང་ལྷ་ཡི་སྦྱོར་བ་ཡིས། །འོག་ནས་འབྱུང་བའི་
เล่ม ๔๔ · หน้า 11a
དོན་བརྩོན་བྱ། །དེ་ཡན་ཆད་ནི་སྔོན་དུ་བསྙེན་པ་བྱ་བའི་ཆོ་ག་རྒྱས་པར་བཤད་ཟིན་ཏོ།། །།ད་ནི་སློབ་མ་རྣམས་ལ་དབང་བསྐུར་བའི་ཆོ་ག་བཤད་པར་བྱའོ། །དེ་ལ་གང་གིས་དབང་བསྐུར་ཞེ་ན། དང་པོར་ཞུགས་དང་དང་པོ་པ། །ཐམས་ཅད་
ཀུན་གྱི་སློབ་དཔོན་ནོ། །ཅུང་ཟད་ཡེ་ཤེས་དབང་གྱུར་པ། །ནུས་དང་ལྡན་པའི་སློབ་དཔོན་ནོ། །ཡེ་ཤེས་དབང་དུ་གྱུར་པ་ནི། །སྦྱོར་བ་རྙེད་པའི་སློབ་དཔོན་ནོ། །དེ་རྣམས་ཅི་རིགས་མཉེས་བྱས་ནས། །དེ་ཡིས་དཀྱིལ་འཁོར་བརྩམ་པའོ། །གང་དག་གི་དོན་དུ་ཞེ་ན། །དད་ལྡན་
གཏོང་ཕོད་བརྩོན་འགྲུས་ལྡན། །སྣོད་རུང་སྲོག་ལ་མི་ལྟ་བ། །ཚེ་འདིར་དངོས་གྲུབ་ཐོབ་འདོད་པས། །གཉིས་སམ་གསུམ་གྱི་བར་དུ་ཞུས། །སྐུ་གཟུགས་བྲིས་དང་ལྡེར་སོ་དང་། །གླེགས་བམ་རྡོ་རྗེ་ལ་སོགས་དང་། །མཆོད་རྟེན་ལ་སོགས་གནས་པའི་ཕྱིར། །གཉིས་
སམ་གསུམ་གྱི་བར་དུ་ཞུས། །གང་དག་སྡིག་པའི་ལས་དབང་གིས། །མངོན་དུའམ་རྨི་ལམ་དག་ཏུ་ནི། །ལྷ་འཁྲུག་པ་ཡིས་མཚན་མ་མཐོང་། །གཉིས་སམ་གསུམ་གྱི་བར་དུ་ཞུས། །མོས་དང་བརྟན་ལ་དད་པ་ཅན། །གཞན་ལ་ཕན་དགའ་མཐོང་ནས་ནི། །མ་ཞུས་ཀྱང་ནི་
དེ་བོས་ལ། །ཕན་འདོད་ཕྱིར་ནི་དཀྱིལ་འཁོར་བརྩམ། །དེ་ཅིའི་ཕྱིར་ཞེ་ན། བུམ་པའི་དབང་གིས་རབ་སྦྱོར་བས། །ས་བརྒྱད་པ་རུ་ཡང་དག་གནས། །གང་དག་གསང་བའི་དབང་གིས་ནི། །དགུ་པ་དང་ནི་བཅུ་པར་བྱེད། །ཤེས་རབ་ཡེ་ཤེས་དབང་གིས་ནི། །རྡོ་རྗེ་ལྟ་བུར་
རབ་གནས་པའི། །འབྲས་བུ་འབྱུང་བར་ནུས་མཐུ་ལྡན། །དང་པོ་བཞི་པར་ཤེས་པར་བྱ། །རབ་གནས་མ་བྱས་གཟུགས་བརྙན་ལ། །ཐལ་བར་བརླག་ཀྱང་འབྲས་བུ་མེད། །སྔགས་དང་བྲལ་བའི་སྦྱིན་སྲེག་བཞིན། །ལུས་ཉོན་མོངས་པ་ཁོ་ནར་ཟད། །དེ་བས་ཇི་སྲིད་
གནས་པའི་བར། །མཆོད་པའི་རྟེན་དུ་རུང་བྱ་དང་། །འཁོར་ལོས་སྒྱུར་བ་བཞིན་ཏེ་དག །བྱིན་གྱིས་བརླབ་ཕྱིར་བརྩམ་པའོ། །སྔོན་བསགས་སྡིག་པ་དཔག་མེད་རྣམས། །སྐད་ཅིག་གིས་ནི་ཟད་བྱེད་པ། །དཀྱིལ་འཁོར་ཞུགས་དང་དབང་བསྐུར་བ། །དེ་ཡིས་རབ་ཏུ་བྱེད་པ་
เล่ม ๔๔ · หน้า 11b
ནས། །ཡེ་ཤེས་ཀྱིས་ཀྱང་འདེབས་པ་ཡི། །ཆོ་ག་ཟབ་མོས་སྡིག་པ་ཟད། །མཚན་མའི་འབྲས་བུ་མི་འབྱུང་ཞིང་། །གོང་གི་ཡོན་ཏན་ལྡན་པར་མཛད། །ཐབས་ཇི་ལྟར་ཞེ་ན། བདག་ཉིད་ཆེན་པོ་དེ་ལ་གོང་དུ་སྨོས་པས་ཞུ་བ་གསོལ་བ་དང་། ཁྱོད་ཀྱིས་སྤྲོ་བྱ་རྣམས་
ཚོགས་སམ་དྲི་བར་བྱའོ། །དེས་ཀྱང་ཁ་ཅིག་ནི་ཚོགས། ཁ་ཅིག་ནི་མ་ཚོགས་ཞེས་གསོལ་ནས། འཛབ་བཟླས་པ་བྱའོ། །འཕྲལ་དུ་དབེན་པར་འདུག་ནས་ནི། །ལྷ་ཡི་འཁོར་ལོ་བསྒོམ་བྱས་ལ། །ཚོགས་འཕེལ་བགེགས་ནི་ཞི་བའི་ཕྱིར། །སྔགས་ཀྱི་བཟླས་
བརྗོད་བྱས་པ་ཡིན། །དེ་ཉིད་གསུམ་པར་ཡི་གེ་གཞུག །ཡང་ན་དབྱུང་བ་བར་དུ་གཞུག །སྒྲུབ་པ་དེའམ་ཕྲེང་སྔགས་སམ། །རིག་པ་དང་བཅས་བཟླ་བར་བྱ། །དུ་མ་རབ་ཏུ་བཟླ་བའམ། །འཁོར་བདག་འབུམ་སྟེ་རང་ལྷའི་འབུམ། །གཞན་དག་ཁྲི་ཕྲག་བཟླ་བྱས་ཏེ། །
བསམ་མམ་དངོས་སུ་བཀའ་ཐོབ་བྲི། །གསུམ་པ་བསྲུངས་ནས་འཛབ་བྱ་བ། །ཆོ་ག་བཞིན་ཏེ་རང་གིས་སམ། །སྦྱོར་བ་དག་གིས་དག་བྱས་ནས། །རི་མོའི་དཀྱིལ་འཁོར་བྲི་བ་བརྩམ། །ལྷ་ཁང་གྲང་ངམ་སྐྱེད་ཚལ་གྱི། །བྱང་ཤར་མཚམས་ནི་ཇི་ལྟ་བར། །ཤར་དང་བྱང་དུ་
དམའ་བ་ཡི། །མཁས་པས་ས་ནི་བཙལ་བར་བྱ། །དེར་ནི་བཅགས་ནས་ས་བརྐོས་ཏེ། །ལྷག་འགྱུར་ཡང་ན་རྫིང་འདྲ་བ། །ཆུས་བཀང་མི་གཡོ་གཡས་སུ་འཁྱིལ། །མ་རུང་འཁྱིལ་བའི་ཕུར་བུས་གཞོམ། །དེར་ནི་ས་བདག་ཕྱོགས་སྐྱོང་བ། །ཕྱོགས་སུ་བསྐྱེད་
ནས་སྔོན་བཞིན་དུ། །གཏོར་མ་བྱིན་བརླབས་དབུལ་བྱས་ནས། །ས་གསོལ་བྱས་ནས་གཤེགས་སུ་གསོལ། །ཏིང་འཛིན་རིམ་པ་གསུམ་པོས་ནི། །དཀྱིལ་འཁོར་ལ་སོགས་སྟ་གོན་ནས། །མཆོད་བསྟོད་བདུད་རྩི་མྱང་བ་དང་། །གཏོར་མ་ཡོན་དང་ཕྱི་མཆོད་འབུལ། །
སྦྱིན་སྲེག་གིས་ནི་ཚིམ་བྱས་ནས། །གསོལ་བ་བཏབ་སྟེ་ནམ་མཁའ་ལ། །ཁུང་བུ་བརྐོ་བའི་ཆེད་དུ་ཡང་། །བྱིན་གྱིས་བརླབ་ཕྱིར་དགོད་པར་བྱ། །ལས་ཀྱི་རྡོ་རྗེ་སློབ་མ་ཡིས། །ལྟོ་འཕྱེ་བརྟགས་ནས་འཇོར་གྱིས་ཀློག །མགྲིན་པ་ལྟེ་བ་པུས་མོ་ཙམ། །དངོས་གྲུབ་
เล่ม ๔๔ · หน้า 12a
རིམ་པས་བརྐོ་བར་བྱ། །ཐོ་བས་བོང་བ་དག་དཀྲུགས་ནས། །ཞིབ་མོར་བཏགས་ནས་བཙགས་ནས་སུ། །ཤིས་པའི་ཕྱིར་དང་དགེ་བའི་ཕྱིར། །རིན་ཆེན་འབྲུ་སྨན་ནང་དུ་གཞུག །དེ་སྟིང་ས་གཙང་གཞན་ལས་ཀྱང་། །སྟེགས་བུ་ཁྲུ་གང་དཔངས་
བརྩིགས་ནས། །དམ་ཚིག་ལྔ་ཡིས་རབ་བྱུགས་ཏེ། །སྟེང་རྒྱན་སོགས་པས་མཛེས་པར་བྱ། །རང་གི་ལྷ་ཡི་རྣལ་འབྱོར་རམ། །ཡང་ན་བགེགས་དགྲའི་རྣལ་འབྱོར་གྱིས། །དབང་བསྐུར་བླངས་ནས་བགེགས་ཀྱི་ཚོགས། །བསྐྲད་པས་ནང་ཉིད་དག་པར་བསམ། །
ཨོཾ་བྷུ་ཁཾ་གི་སྔགས་ཀྱིས་ནི། །མཁའ་ལ་རི་རབ་བསྐྱེད་པར་བྱ། །ཧཱུྃ་ལཾ་ཧཱུྃ་ཞེས་རྡོ་རྗེའི་བདག །ས་གཞིར་བྱས་ནས་བརྟན་པར་བྱ། །ཨོཾ་མི་དི་ནཱི་བཛྲི་བྷ་བ་བནྡྷ་ཧཱུྃ། སྔོན་བཞིན་སྲུང་བའི་འཁོར་ལོ་ནས། །རྗེས་ཆགས་མཐའ་ཡི་སྦྱོར་དང་པོ། །དཀྱིལ་འཁོར་ཕྱུང་སྟེ་མཉེས་
མཛད་པ། །དཀྱིལ་འཁོར་རྒྱལ་བ་མཆོག་བདག་ཉིད། །འཁོར་ལོ་གོང་དང་འོག་ལས་བྱེད། །ལས་ཀྱི་རྒྱལ་མཆོག་སྦྱོར་བདག་ཉིད། །དེ་ཡི་དབང་ཕྱུག་མགོན་པོ་ནི། །ཏིང་འཛིན་གསུམ་གྱི་མཆོག་གྱུར་ཡིན། །དཔའ་བོ་རྡོ་རྗེ་དྲིལ་འཛིན་པས། །ཐམས་ཅད་དང་ནི་
བདག་མཉམ་མོ། །རང་བཞིན་གྱིས་ནི་བདག་དག་གོ། །རྡོ་རྗེའི་བདག་ཉིད་ང་རྒྱལ་བསྐྱེད། །འཁོར་ལོའི་དབུས་སུ་གནས་པ་ལ། །རྡོ་རྗེ་དྲིལ་བུ་འཛིན་པ་ཡི། །རྟག་སོགས་ལས་ཀྱི་རྡོ་རྗེ་ཡིས། །མཆོད་ནས་དཀྱིལ་འཁོར་གསོལ་བ་གདབ། །དེ་བཞིན་གཤེགས་པ་
ཀུན་ཞི་བའི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་ཆོས། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་ཉིད་མེད་པ་ཐམས་ཅད་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་
དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་མཆོག་ཡང་དག་བྱུང་། །ཡེ་ཤེས་སྤྱོད་ཡུལ་རྣམ་སྤྱོད་པ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་དྲི་མ་མེད། །ཀུན་དུ་བཟང་
เล่ม ๔๔ · หน้า 12b
པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །མི་བསྐྱོད་རྡོ་རྗེ་ཁྲོས་བྱས་ནས། །མ་དང་ཊ་ལས་རང་གི་མིག །ཉི་ཟླར་བསྐྱེད་ནས་མིག་འབྲས་ཧཱུཾ། །རྡོ་རྗེ་ལས་སྤྲོས་སྤྲུལ་པར་བྱ། །རྐང་མཐིལ་ཧཾ་ལས་རྡོ་རྗེ་བསྐྱེད། །གཡས་པ་རྡོ་རྗེ་གཡོན་པ་དྲིལ། །འགྱིང་
བག་མཆེ་གཙིགས་ཧཱུྃ་བརྗོད་ཅིང་། །ཕྱོགས་ཀུན་འབར་བར་བལྟ་བར་བྱ། །གཡས་བརྐྱང་གཡོན་བརྐྱང་ཟླུམ་པོ་དང་། །ས་ག་བཞི་སྟེ་མི་བསྐྱོད་པའི། །རྣལ་འབྱོར་གྱིས་ནི་ཕྱོགས་བཞི་རུ། །དང་པོར་རབ་ཏུ་བརྩམ་པའོ། །ཁྲོ་བོ་རེ་རེས་དྲུག་དྲུག་ཏུ། །ཕྱོགས་བཅུ་
རྣམས་སུ་བརྩམས་བྱས་པས། །འཁོར་ལོས་བགེགས་ཀྱི་ཚོགས་རྣམས་ནི། །བསྐྲད་པར་གདོན་མི་ཟ་བར་འགྱུར། །རུས་སྦལ་སྟོབས་དང་རྡོ་རྗེ་གར་དང་རྡོ་རྗེ་སྒྲ། །ལྕགས་ཀྱུ་ཐབས་དང་ཏིང་འཛིན་ཐབས་དང་མཐའ་ཡས་ཐབས། །གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས་
གནས་ནས། །ཤར་གྱི་ཕྱོགས་སུ་རྣལ་འབྱོར་པས་བྱའོ། །རྡོ་རྗེ་གདེངས་པ་དང་ནི་རྡོ་རྗེ་འཇིགས་སུ་རུང་བ་དང་། །རལ་གྲི་ཐབས་དང་ཕུབ་ཀྱི་ཚུལ་དག་དང་། །རྡོ་རྗེ་སྐྱིལ་ཀྲུང་རྣམ་པར་རྒྱལ་བའི་ཐབས། །ཤེས་རབ་མཐར་བྱེད་ཀྱིས་ནི་ལྷོ་ཕྱོགས་བརྩམ། །རྡོ་རྗེ་འཇོམས་ཚུལ་
དང་ནི་རྡོ་རྗེ་རོ་ལངས་དང་། །རྡོ་རྗེ་ཐབས་དང་མ་དུང་གི་ཐབས་དག་དང་། །པདྨོའི་འདུག་སྟངས་གསུས་པོ་ཆེ་ཡི་ཐབས། །རྟ་མགྲིན་གྱིས་ནི་ནུབ་ཀྱི་ཕྱོགས་སུ་བརྩམ། །རྐང་པ་ཡ་གཅིག་སྟངས་དང་རྡོ་རྗེ་ཐོ་བ་དང་། །འཁོར་ལོའི་ཐབས་དང་སེམས་དབའི་སྐྱིལ་ཀྲུང་དང་། །སྤྲིན་
སྒྲ་དང་ནི་གཞུ་ཡི་ཐབས་དང་ནི། །བདུད་རྩི་འཁྱིལ་པས་བྱང་ཕྱོགས་ནས་བརྩམ་མོ། །སེང་གེ་ཐབས་དང་རྡོ་རྗེ་གདུ་བུ་དང་། །བ་དན་ཐབས་དང་ཐག་མདུང་བསྐོར་བའི་ཐབས། །བཟང་པོའི་འདུག་སྟངས་ཕུར་བུ་བརྡུང་བ་ཡི། །ཤར་ལྷོའི་མཚམས་སུ་འདོད་པའི་རྒྱལ་པོས་
བརྩམ། །སེང་གེ་གླལ་དང་བུད་མེད་སྒྱུ་འཕྲུལ་ཐབས། །ཞགས་པའི་ཐབས་དང་མཆོད་སྦྱིན་པ་ཡི་ཐབས། །ཙོག་བུའི་འདུག་སྟངས་དང་ནི་ར་བའི་ཐབས། །ལྷོ་ནུབ་མཚམས་ནས་དབྱུག་པ་སྔོན་པོས་བརྩམ། །རྡོ་རྗེ་སྒྲོག་དང་སྟོབས་པོ་ཆེ་གདེངས་དང་། །པདྨོའི་སྟབས་དང་
เล่ม ๔๔ · หน้า 13a
མཚོན་རྩེ་གཅིག་པའི་ཐབས། །རྩེ་བའི་ཐབས་དང་མཚམས་བཅིང་པ་ཡི་ཐབས། །ནུབ་བྱང་མཚམས་དང་སྟོབས་པོ་ཆེས་བརྩམ་མོ། །བུང་བ་འཕུར་སྟབས་ཞལ་བཞིར་བྱིན་བརླབས་དང་། །གཏུན་ཤིང་ཐབས་དང་མདའ་འཕངས་པ་ཡི་ཐབས། །
དཔའ་བོ་འདུག་སྟངས་བཀྲ་ཤིས་རྒྱལ་མཚན་སྟངས། །བྱང་ཤར་མཚམས་ནས་མི་གཡོ་མགོན་པོས་བརྩམ། །རྡོ་རྗེ་གསོར་བ་དང་ནི་རྡོ་རྗེ་མཆེ་བ་དང་། །བེ་ཅོན་ཐབས་དང་ཐག་པའི་འཁོར་ལོའི་ཐབས། །ཕྱིར་འགྱེད་པ་དང་ཕྱོགས་བཅིང་བ་ཡི་ཐབས། །སྟེང་གི་ཕྱོགས་ནས་
འཁོར་ལོས་སྒྱུར་བས་བརྩམ། །རྡོ་རྗེ་སྒེག་པ་དང་ནི་རྡོ་རྗེ་གད་མོ་དང་། །མི་འཇིགས་པ་ཡི་ཐབས་དང་ཕྱག་འཚལ་བ་ཡི་ཐབས། །ཕུར་བུས་གནས་ལྔར་གདབ་དང་མཚོན་ཆ་ལྔ་ཡི་ཐབས། །འོག་གི་ཕྱོགས་ནས་གནོད་མཛེས་ཀྱིས་བརྩམ་མོ། །དེ་རྣམས་ཀྱིས་ནི་བགེགས་ཀྱི་ཚོགས། །
རུ་ཏྲའི་བི་བོ་ཤ་ན་དང་། །ཚངས་པའི་སྲིན་པོ་གཟའ་ཕུར་བུ། །གཙོ་བོ་དྲུག་ཅུ་རྩ་བཞི་སྐྲོད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་ཐམས་ཅད་བདག་ལ་གསོན། །བདག་ནི་དཔལ་ལྡན་རྡོ་རྗེ་འཛིན། །བཀའ་ཡི་འཁོར་ལོ་རབ་སྦྱོར་བས། །གལ་ཏེ་གང་གིས་བདག་
བཀའ་འགོམས། །རྡོ་རྗེ་འབར་བའི་གཟུགས་འདི་ཡིས། །འདོད་གསུམ་བསྐྱེད་ལུས་བཤིག་བྱེད་དེ། །འཇིགས་པར་འགྱུར་གྱི་གཞན་དུ་མིན། །བགེགས་བསལ་བྱ་ཕྱིར་ཕུར་བུ་ཡང་། །སྟོད་ནི་ཁྲོ་བོ་སྨད་ཟུར་གསུམ། །བདུད་རྩི་འཁྱིལ་པར་བསམས་ནས་སུ། །དཀྱིལ་འཁོར་
དབུས་སུ་གདབ་པར་བྱ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོ་ཨཱཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། དེ་ལས་འོད་ཟེར་འཁྲུགས་ཤིང་འབར། །ཕྱོགས་བཅུ་བདུད་བཅོམ་སླར་
འདུས་ནས། །མཚམས་དང་ར་བ་གུར་བཅིང་བས། །དཀྱིལ་འཁོར་ས་ནི་སྲུང་བའོ། །ས་གནོན་ཕྱག་རྒྱས་ས་ལ་མནན། །ས་ཡི་ལྷ་མོ་བཏོན་གྱུར་ནས། །མེ་ཏོག་སོགས་པས་མཆོད་ནས་ནི། །སྦྲན་ཕྱིར་གསོལ་བ་གདབ་པར་བྱ། །སྐྱོབ་བ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་
เล่ม ๔๔ · หน้า 13b
དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་པོར་གསོལ། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྟོབས་བཅོམ་པ། །དེ་ལྟར་བདག་གིས་བདུད་བཅོམ་ནས། །དཀྱིལ་འཁོར་ཀུན་དུ་བྲི་བར་བྱ། །དེ་སྐད་གསོལ་ནས་ཞལ་གྱིས་བཞེས། །དེ་ཉིད་
དུ་ནི་ཐིམ་པར་འགྱུར། །བདག་ཉིད་ཀྱིས་ནི་བསང་གཏོར་སོགས། །བྱས་ནས་དེ་རུ་ཉལ་བར་བྱ། །མཚན་མོ་གཉིས་པའི་ཆ་དང་པོར། །དྲི་ཞིམ་སོགས་ཀྱིས་རབ་བསྐུས་ལ། །མེ་ཏོག་སིལ་མ་ལ་སོགས་བཀྲམ། །ཙནྡན་མཆོག་སོགས་མཎྜལ་བྱ། །དེ་རུ་ཏིང་ངེ་འཛིན་གསུམ་
མམ། །ཡང་ན་ལྷག་པར་མོས་པ་ཡིས། །རྟེན་དང་བཅས་པ་དམ་ཚིག་གི། །དཀྱིལ་འཁོར་རབ་ཏུ་དགོད་པར་བྱ། །དེ་ནས་བདག་ཉིད་སྤྲོ་བསྐྱེད་ལ། །ཡེ་ཤེས་འཁོར་ལོ་བཀུག་ནས་ནི། །བྱིན་བརླབས་མཆོད་དང་བསྟོད་པ་དང་། །བདུད་རྩི་མྱང་བས་མཉེས་པར་བྱ། །བུམ་པ་
ནག་ནོག་མེད་པ་ལ། །མཆུ་འཕྱང་ཞབས་ནི་བརྟན་པ་དང་། །རྡོ་རྗེའི་ཆུས་བྱུགས་ཉི་ཤུ་གཅིག །ཡང་ན་དྲུག་ཏུ་སྟ་གོན་བྱ། །མགུལ་པ་དར་གྱི་ཅོད་པན་མཚན། །ཨ་མྲ་ལ་སོགས་ཁ་རྒྱན་ཅན། །སྤོས་བསྲེག་དྲི་ཞིམ་ཆུ་ཡིས་བཀང་། །རང་རང་སྔགས་ཀྱི་བཟླས་པའོ། །འབྲུ་
ལྔ་སྨན་ལྔ་རིན་ཆེན་ལྔ། །འཁོར་ལོ་དྲི་ཆུ་ཡོན་སྣོད་བསྡུ། །མཚན་མ་ལྔ་ཡིས་བརྒྱན་པ་ཡི། །རྣམ་རྒྱལ་བུམ་པ་བདག་པོས་བཟླ། །རྡོ་རྗེ་པདྨས་བཙིར་ནས་སུ། །མེ་ཏོག་དཀར་པོ་དེ་རུ་གཏོར། །བདག་གིས་སློབ་མ་ཐམས་ཅད་ལ། །དབང་བསྐུར་མཛོད་ཅིག་གསོལ་བ་
གདབ། །བདུད་རྩི་འཁྱིལ་བཟླས་བུམ་པ་ལ། །ཀུ་ཤའི་བེམ་པོར་བཅས་བ་ཡིས། །བདག་གིས་སློབ་མ་ཐམས་ཅད་ལ། །བགེགས་བཟློག་གསོལ་ཞེས་སྙན་གསན་དབབ། །དེ་རྣམས་བྱིན་གྱིས་བརླབས་བྱས་ལ། །ཐུན་གསུམ་གཏོར་མ་ཕུལ་ནས་ཀྱང་། །མཆོད་བསྟོད་
བདུད་རྩི་མྱང་བྱས་ལ། །སོ་སོའི་སྔགས་ཀྱིས་མཉེས་པར་བྱ། །འཁོར་ལོ་སྔོན་བཞིན་མཆོད་བྱས་ལ། །ལག་པར་པོག་པོར་ཐོགས་ནས་སུ། །པུས་མོ་བཙུགས་ནས་ཐལ་སྦྱར་བས། །དཀྱིལ་འཁོར་སོགས་ལ་སྙན་གསན་དབབ། །བཅོམ་ལྡན་མི་བསྐྱོད་རྡོ་རྗེ་ཡི། །རིག་
เล่ม ๔๔ · หน้า 14a
སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །བདག་གིས་སྙིང་རྗེའི་དཀྱིལ་འཁོར་ནི། །མགོན་པོ་བྲི་བར་འདོད་པ་སྟེ། །སློབ་མ་རྣམས་ལ་ཕན་ཕྱིར་དང་། །ཁྱེད་ལ་མཆོད་པའི་དོན་དུ་ནི། །དེ་བས་བཅོམ་ལྡན་གུས་བདག་ལ། །བྱིན་རླབས་གནང་བར་མཛད་
པར་རིགས། །དགོངས་ཤིང་བདག་ལ་སངས་རྒྱས་དང་། །འགྲོ་བའི་འཁོར་ལོ་དོན་བྱེད་རྣམས། །འབྲས་གནས་བྱང་ཆུབ་སེམས་དཔའ་དང་། །གང་ཞིག་གཞན་ཡང་སྔགས་ཀྱི་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང་། །འབྱུང་པོ་བྱང་ཆུབ་སྟོན་པ་རྣམས། །སེམས་ཅན་
བསྟན་ལ་མངོན་དགའ་བའི། །གང་ཞིག་རྡོ་རྗེའི་མིང་ཅན་རྣམས། །ཆེ་གེ་བདག་ནི་རྡོ་རྗེ་ཆེ། །དཀྱིལ་འཁོར་བྱང་ཆུབ་སེམས་འབྱུང་བ། །ཇི་ལྟར་ཉེར་སྤྱོད་ནུས་པ་ཡིས། །འགྲོ་དག་དོན་དུ་བྲི་བར་བྱ། །སློབ་མ་དང་བཅས་བདག་ལ་ནི། །ཐུགས་རྗེས་ཉེ་བར་བཟུང་ནས་ནི། །
ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སྙན་གསན་ལན་གསུམ་དུ་གསོལ་ནས། །མཆོད་པ་ལ་སོགས་རབ་སྦྱར་ནས། །མཚམས་ལ་སོགས་པ་བཅིངས་ནས་ནི། །ཕྱི་རོལ་བྱུང་ནས་སློབ་མ་གཟུང་། །ཤེས་རབ་ཆེན་པོ་
དགའ་ཆེན་པོ། །ང་རྒྱལ་མེད་ཅིང་དྲིན་ལན་ཤེས། །རིགས་ལྡན་ཡོན་ཏན་དད་པ་ཆེ། །གཟུགས་མདོག་གཞོན་པས་བརྒྱན་པའོ། །གསང་སྔགས་ཀྱི་ནི་གྲུབ་པ་མཆོག །འདོད་པ་རབ་ཏུ་ལྡན་འགྱུར་ན། །དམན་པའི་རིགས་དང་བྱད་ངན་དང་། །ཡོན་ཏན་མེད་ཀྱང་གཟུང་
བར་བྱ། །སློབ་དང་ཡིད་ཆེས་དད་ལྡན་དང་། །ཐེག་ཆེན་དགའ་བའི་བདག་ཉིད་དང་། །དཀྱིལ་འཁོར་མཐོང་དང་སྔགས་འགྲུབ་འདོད། །ཚོགས་འཕེལ་ཕྱིར་ནི་འཁོར་ལོར་གཟུང་། །སྣོད་ལྡན་འཁོར་ནི་བཞི་པོ་དང་། །འདི་དང་ཕ་རོལ་བསོད་ནམས་འདོད། །སྣོད་དང་སྣོད་
མིན་རབ་བསྒྲགས་ལ། །བདག་ཉིད་རང་གི་ནང་དུ་འགྲོ། །ཏིང་འཛིན་རྡོ་རྗེ་ཆུ་སྐྱེས་ཀྱིས། །སྦྱང་བའི་སློབ་མས་ཁང་པའི་སྒོར། །ཐལ་མོ་སྦྱར་བ་བྱས་ནས་ནི། །ཚིག་འདིས་གསོལ་བ་ལན་གསུམ་གདབ། །སྟོན་ཆེན་ཁྱོད་ལ་བདག་དགའ་བོ། །བརྟན་པོ་བྱང་ཆུབ་ཆེན་པོའི་
เล่ม ๔๔ · หน้า 14b
ལམ། །མགོན་པོ་ཆེན་པོ་བདག་འདོད་དེ། །དེ་ཉིད་དམ་ཚིག་བདག་ལ་སྩོལ། །བདག་ལ་བྱང་ཆུབ་སེམས་ཀྱང་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །སྐྱབས་སུ་འགྲོ་བ་བདག་ལ་སྩོལ། །ཐར་ཆེན་ཁང་པ་བརྩེགས་པ་རུ། །མགོན་པོས་བདག་ནི་གཞུག་པར་
མཛོད། །དེ་ལྟར་བརྗོད་པས་བླ་མ་ཡི། །སློབ་མ་གཅིག་ནི་གཙོར་བྱས་ནས། །དེ་སོགས་རྣམས་ལ་ཚིག་འདི་ཡིས། །གཞུག་ཕྱིར་བྲོད་པ་བསྐྱེད་པར་བྱ། །བུ་ཚུར་ཤོག་ཅིག་ཐེག་ཆེན་གྱི། །ཆོ་ག་སྔགས་ཀྱི་སྤྱོད་པའི་ཚུལ། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཚུལ་ཆེན་
ཁྱེད་ཀྱིས་བསྟེན་པར་གྱིས། །སངས་རྒྱས་དུས་གསུམ་ལས་བྱུང་བ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །གཞལ་མེད་ཡེ་ཤེས་ཐོབ་པ་ནི། །རྡོ་རྗེ་སྔགས་ཀྱི་དོན་བསྒོམ་ཡིན། །ཅི་ཕྱིར་དཔག་མེད་སྔགས་རྣལ་འབྱོར། །ཤཱཀྱ་སེང་གེ་སོགས་རབ་ཀྱིས། །དྲག་པོ་ཆེན་པོ་
བདུད་ཀྱི་ཚོགས། །དཔུང་ཆེན་དེ་དག་གཞོམ་བྱས་ནས། །འཇིག་རྟེན་རྗེས་འཇུག་རྟོགས་ནས་སུ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་ཕྱིར་བློ་ལྡན་བུ་ཁྱོད་ཀྱིས། །ཐམས་ཅད་མཁྱེན་པ་ཐོབ་པར་གྱིས། །དེ་ལྟར་བགྱི་ཞེས་དེར་འདུག་ནས། །བླ་མས་ཚིག་གིས་
བྱང་ཆུབ་སེམས། །མ་བསྐྱེད་པ་ནི་བསྐྱེད་པར་བྱ། །བསྐྱེད་པ་ཡིན་ན་འཕེལ་བར་བྱ། །སྡིག་པ་བཤགས་པ་རྗེས་ཡི་རང་། །བསྔོ་དང་གསོལ་བ་སྐྱབས་འགྲོ་དང་། །བྱང་ཆུབ་སེམས་བསྐྱེད་ལམ་བསྟན་དང་། །སྨོན་ལམ་གདབ་པ་སྔོན་འགྲོ་བྱ། །འཁྱིལ་བཟླས་བསྲུངས་ནས་
གནས་གསུམ་དུ། །འཁོར་ལོ་རྡོ་རྗེ་པདྨ་ལས། །ཨོཾ་ཧཱུྃ་ཨཱཿནི་བཀབ་བྱས་ལ། །རྡོ་རྗེ་ཁུ་ཚུར་དྲི་ཆུས་བྱུག །སྤྱི་བོར་མེ་ཏོག་མདུན་དུ་སྤོས། །མར་མེ་དྲི་ནི་སྙིང་ག་རུ། །ལས་ཀུན་བྱེད་པའི་སྔགས་བཟླས་ནས། །མཆོད་པའི་དོན་དུ་སྦྱིན་པར་བྱ། །ཨ་ཤྭཏྠ་དང་ཨུ་དུམ་
བཱར། །མེ་ཏོག་རྩེ་མོ་སོར་བཅུ་གཉིས། །དྲང་པོ་དྲི་ཞིམ་གྱིས་བྱུགས་པ། །དངོས་གྲུབ་ལྟས་ཕྱིར་སྦྱིན་པར་བྱ། །ཧ་ཅང་རིང་མིན་ཐུང་བ་མིན། །ཀུ་ཤ་སྔོན་པོ་འབུས་མ་ཟོས། །རྨི་ལམ་མི་འཁྲུག་བཀྲ་ཤིས་ཕྱིར། །ཉག་མ་གཉིས་ནི་སྦྱིན་པར་བྱ། །སུམ་བསྒྲིལ་མདུད་
เล่ม ๔๔ · หน้า 15a
པ་གསུམ་བྱས་ལ། །འཁྱིལ་པའི་སྔགས་བཟླས་ཕོ་ཡི་གཡོན། །མོ་ཡི་དཔུང་པ་གཡས་པ་རུ། །བསྲུང་བ་བྱ་ཕྱིར་བཅིང་བར་བྱ། །འཁྱིལ་བཟླས་ཆུ་གཙང་སྐྱོར་ཆུ་ཡིས། །ཁ་བཤལ་ལན་གསུམ་འཐུང་བཅུག་སྟེ། །བྱིན་ཆགས་གཙང་བར་
བྱ་བ་དང་། །ངག་གི་ཉེས་པ་སྦྱང་ཕྱིར་སྦྱིན། །ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་བོ་སོ་ད་ས་བོ་ཀལྤ་ཨ་ན་ཡ་ཧཱུྃ། ཕྱིར་མི་ལྡོག་དབང་དཀྱིལ་འཁོར་ལ། །བྱིན་ནས་མགོན་པོ་བདག་ལ་གསུངས། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ཕྲིན་ལས་དང་། །སངས་རྒྱས་
ཀུན་གྱི་དམ་ཚིག་དང་། །གསང་བ་མཆོག་གི་སྡོམ་པ་རྣམས། །རྟག་ཏུ་དབང་གི་སློབ་དཔོན་བགྱིད། །སེམས་ཅན་ཀུན་དོན་བྱེད་ཕྱིར་སྩོལ། །དེ་ནས་བླ་མས་ཐུན་མོང་སྡོམ། །བྱིན་ནས་སློབ་མ་དེ་ཡིས་ཀྱང་། །རིག་དབང་ཐོབ་ཕྱིར་ལན་གསུམ་དུ། །བཀའ་སྩལ་དེ་ནི་བླང་
བྱའོ། །ཀུན་མཁྱེན་གང་དུ་འཇིག་རྟེན་དུ། །བདེ་བར་འབྱུང་ངམ་མི་འབྱུང་བ། །ཨུ་དུམ་བཱ་རའི་མེ་ཏོག་བཞིན། །གལ་ཏེ་བརྒྱ་ལམ་བརྒྱ་འགའ་འབྱུང་། །བདེ་བས་ཐོབ་དཀའ་འབྱུང་བ་ནི། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །ཅི་ཕྱིར་དཔག་མེད་སེམས་ཅན་དོན། །བླ་ན་མེད་པ་
བྱེད་ནུས་པ། །ས་ཡང་བསྐལ་པ་དུ་མ་ཡི། །སྣོད་དུ་བྱས་པའི་སྡིག་པ་གང་། །དེ་ཀུན་ཟད་པར་འགྱུར་བ་ཡིན། །དཀྱིལ་འཁོར་འདི་འདྲ་མཐོང་བས་སོ། །གང་གཞུང་མཐའ་ཡས་གྲགས་པ་ཡི། །སྔགས་ཀྱི་སྤྱོད་པ་ལ་གནས་ནས། །བླ་མེད་གོ་འཕང་ཕྱིན་པ་ནི། །སྔགས་བཟླས་
པ་ལས་སྐྱེ་བའོ། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་གཏན་དུ་མི་གཡོ་བ། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་དག་གིས་གཅོད་དོ། །དེ་རིང་དཔག་མེད་རྙེད་པ་ནི། །བདག་ཆེན་ཁྱེད་རྣམས་ཀྱིས་ཐོབ་སྟེ། །སྲས་བཅས་རྒྱལ་བ་ཀུན་གྱིས་ཀྱང་། །
བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཐམས་ཅད་ཡོངས་སུ་བཟུང་གནས་པའི། །སྐྱེ་བར་གྱུར་པ་བདག་ཆེན་གྱི། །དེ་ཕྱིར་ཁྱེད་ཀྱིས་བདག་ཆེན་ལ། །བདེ་བ་སྐྱེ་བར་འོང་འགྱུར་ཅིག །དཔལ་ལྡན་མཆོག་གི་ཐེག་པ་འདི། །ཆེན་པོར་འབྱུང་བ་ཐེག་ཆེན་པོ། །གང་གིས་
เล่ม ๔๔ · หน้า 15b
ཁྱེད་ཆག་འགྲོ་འགྱུར་བ། །དེ་བཞིན་གཤེགས་རྣམས་འོང་འགྱུར་ལ། །ཞལ་བཟང་ཁྱེད་ནི་དེ་རིང་འོངས། །སང་ནི་འདུས་པའི་དཀྱིལ་འཁོར་ཆེ། །མཐོང་དཀའ་ང་ཡི་ཐུགས་རྗེ་ཡིས། །ཁྱེད་ཀྱིས་མཐོང་བར་འགྱུར་བའོ། །ཀྱེ་བུ་དག་ཉོན་ཅིག་དོ་ནུབ་ནི། །སེང་གེ་ཉལ་སྟབས་
བཞིན་དུ་ཉོལ། །ཁྱོད་ཀྱིས་རྨི་ལམ་དགེ་མི་དགེ། མཐོང་བ་ཐོ་རངས་བདག་ལ་སྨྲོས། །དེ་ལྟར་བགྱི་ཞེས་རབ་གསོལ་ནས། །དེ་དག་ཉལ་བཅུག་འཁྱིལ་བ་ཡི། །སྔགས་བཟླས་དྲི་ཆུ་བྱུགས་ནས་སུ། །སྲུང་བ་བྱས་ཏེ་གནས་པར་བྱ། །ལྷག་པར་མོས་པས་དཀྱིལ་
འཁོར་དམིགས། །མཆོད་བསྟོད་བདུད་རྩི་མྱང་བྱས་ཏེ། །བསྡུ་ཞིང་ཡེ་ཤེས་འཁོར་ལོ་ནི། །ཁ་སྦྱར་དབུས་སུ་མཁའ་ལ་བཞག །ཐོ་རངས་ལངས་ནས་ཤར་བལྟས་ཏེ། །སོ་ཤིང་འཆོས་ནས་སྟེང་དུ་བསྒྱུར། །བ་ལང་ཀོ་ཙམ་མཎྜལ་ལ། །ཞི་བ་ལ་སོགས་གྲུབ་པར་ལྟ། །
སྦྱིན་དང་སྲུང་བ་ལ་སོགས་ལ། །འཁྱིལ་པའི་སྔགས་ནི་མཆོག་ཉིད་ལས། །མཐོང་བའི་རྨི་ལམ་མི་དགེ་བས། །རང་ངམ་དེས་བཟླས་གཞོམ་པར་བྱ། །མཚན་མོ་གསུམ་པའི་ཆ་དང་པོར། །སྐུད་པ་བརྟག་པ་ལ་སོགས་འདྲ། །དེ་ཡི་ས་བོན་ལས་བྱུང་བ། །ཉི་ཤུ་རྩ་
ལྔར་མོས་པའོ། །མི་བསྐྱོད་རྡོ་རྗེ་མིག་གཉིས་ཀྱང་། །ཛ་ལ་ཉི་ཟླར་བསྐྱེད་དེས་མཚན། །རྫི་མའི་རྦ་རླབས་ལྕགས་ཀྱུ་ཡིས། །མཁའ་ཡི་འཁོར་ལོ་ལས་དགུག་བྱ། །ཨོཾ་ཨཱཿརྣམ་པར་སྣང་མཛད་ཆེ། །རང་གི་འཁོར་ལོ་ལ་མཆོད་ཕྱིར། །ཁྱེད་ཀྱིས་སྐུད་པ་བདག་ལ་སྩོལ། །
དིཔྟ་དྲིཥྚ་བཛྲ་ཨཾ་གུ་ཤ་ཛ་ཧཱུྃ། དེ་ལྟར་མི་བསྐྱོད་པར་བྱས་པས། །རང་རང་སྐུད་པ་རང་ལ་ཐིམ། །སོ་སོ་གནས་པའི་སྐུད་པ་ཀུན། །ཆོས་ཉིད་སྔགས་ཀྱིས་བསྒྲིལ་བར་བྱ། །སརྦ་དྷརྨ་སྤ་ར་ཎ་ཨ་ནུ་པྲ་བིཥྚ་སརྦ་དྷརྨ་ཨཏྱནྟ་ཨ་ནུ་པྲ་བིཥྚ་དྷརྨ། དཀྱིལ་འཁོར་ཉིས་འགྱུར་རིང་ཐུང་
དང་། །སྒོ་ཡི་ཉི་ཤུ་ཆས་སྦོམ་ཕྲ། །ཙནྡན་མཆོག་སོགས་དྲི་ཞིམ་གྱིས། །བྱུགས་ནས་གསེར་དངུལ་སྣོད་དུ་བསྲུང་། །ཡི་གེ་གསུམ་གྱི་བར་བསམས་ལ། །ཁྲུས་བྱས་རང་ལྷའི་ང་རྒྱལ་གྱིས། །དེ་ནས་སྐུད་པ་བསྡོགས་བྱས་ནས། །འཁོར་ལོ་ཐིག་ནི་གདབ་པར་བྱ། །
เล่ม ๔๔ · หน้า 16a
བདག་ཉིད་མི་བསྐྱོད་ཤར་བལྟས་ནས། །སློབ་མ་སྣང་མཛད་བདུད་རྩི་འཁྱིལ། །ལྟེ་བར་ཁུ་ཚུར་གཡོན་བཟུང་ནས། །ནམ་མཁའི་ཐིག་ནི་མ་ལུས་གདབ། །ནམ་མཁའ་ལ་གནས་དེ་བཞིན་གཤེགས། །སེམས་ཅན་དོན་བྱེད་དུས་བབ་པས། །གནས་འདིར་
བྱོན་པའི་དོན་ཆེད་དུ། །ཐིག་གི་སྒྲ་ཡིས་བསྐུལ་བར་བྱ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཡ་མ་ཧཱུྃ། གནོད་སྦྱིན་གཤིན་རྗེ་བརྒྱ་བྱིན་གླུ། །ཕྱོགས་སུ་ཁ་བལྟས་ཕྱོགས་བཞིར་གདབ། །མེ་མཚམས་བདེན་བྲལ་མཚམས་གནས་ནས། །གྲྭ་ཡི་ཐིག་ནི་རབ་ཏུ་གདབ། །དེ་ནས་ཚངས་
ཐིག་སོགས་གཅིག་ཏུ། །སུམ་ཆར་བྱས་ལ་མཐའ་གཉིས་དོར། །དང་པོ་ཆ་བཞིར་རབ་བྱས་ལ། །དེ་ཡི་དང་པོ་ཆ་གཉིས་སོ། །དེ་ཡི་གཉིས་པ་གཉིས་པ་བྱ། །རེ་རེ་ཡང་ནི་གཉིས་གཉིས་སོ། །གསུམ་པའི་དང་པོས་ཆ་ཆུང་གཉིས། །དེ་ནས་ཡང་ནི་ཆ་ཆུང་གཅིག །དེ་ནས་
ཆ་ཆུང་གཉིས་དོར་ནས། །ཆ་ཆེན་གཅིག་ནི་དོར་བྱས་ནས། །ཆ་ཆུང་གཅིག་ནི་བཅད་པའོ། །ཡང་ནི་གཉིས་དོར་གཅིག་བཅད་དོ། །གཉིས་དོར་གཅིག་བཅད་དེ་སྟེང་དུ། །ཆ་ཆུང་གཉིས་ནི་དོར་བར་བྱ། །དེ་ནས་ཆ་ཆེན་གསུམ་ནི་བཅད། །དེ་སྟེང་ཆ་ཆུང་གསུམ་དོར་ནས། །
ཡང་ནི་ཆ་ཆུང་གསུམ་དོར་བྱ། །ལྷག་མ་ཆ་ཆུང་གཅིག་ལུས་པའོ། །དེ་ནས་ཐིག་སྐུད་གཉིས་འགྱུར་བྱས། །ཙནྡན་ཕུར་བུས་དབུས་སུ་གཟུགས། །ཡང་ནི་རང་གི་ར་བ་དང་། །ཕྱི་རོལ་ར་བ་ཀུན་བསྐོར་བྱ། །ཆ་ཆེན་ལྔ་ནི་རབ་བསྐོར་ན། །ནང་གི་རྡོ་རྗེ་ར་བ་སྟེ། །ལྷ་ཡི་གནས་
ལ་ཆ་ཆུང་ལྔ། །བྱས་པའི་ཕྱེད་གཉིས་ཀ་བར་འགྱུར། །ཕྱི་ཡི་འཁོར་ལོ་ཆ་བརྒྱད་ལ། །ཆ་གཅིག་སྒོ་ཡི་དབུས་བྱའོ། །དེ་ཚད་ལྷ་ཡི་སྣམ་བུ་སྟེ། །དེ་ཕྱེད་འཁོར་ས་ཆུང་ངུའོ། །དེ་ཡི་ཚད་ཀྱི་ཁ་ཁྱེར་ས། །དྲ་བ་དྲ་བ་ཕྱེད་པ་དང་། །ཕྲེང་བཤལ་འཕྱང་བའི་སྣམ་བུ་དང་། །དེ་བཞིན་འགྲམ་པ་
གཤོག་པའོ། །ལོགས་ཀྱི་ཕྱི་རོལ་ཡ་ཕུགས་ཏེ། །དེ་ལྟར་ཀ་བ་ལ་ཡང་ངོ་། །དེ་ཕྱེད་རིན་ཆེན་ཕ་གུ་དང་། །ཚོན་སྣ་ལྔ་ཡི་ས་མཉམ་མོ། །དེ་བཞིན་འཁོར་ལོ་ཀ་སོགས་དང་། །རྡོ་རྗེ་ར་བའང་དེ་བཞིན་ནོ། །ཡ་ཕུགས་སྟེང་དུ་ཆ་ཆེན་གསུམ། །ཏ་ར་ཎ་ཡི་ས་རུ་འགྱུར། །ཆ་ཆུང་དྲུག་ལ་
เล่ม ๔๔ · หน้า 16b
པདྨ་དང་། །རྡོ་རྗེ་ར་བ་བསྐོར་བར་བྱ། །ཆ་ཆེན་གཅིག་ནི་འོད་དཀྱིལ་འཁོར། །བསྐོར་ནས་གཅིག་ནི་ཉེ་འཁོར་ལས། །ལྟས་ངན་གྱིས་ནི་འགྲུབ་མི་འགྱུར། །ཐིག་སྐུད་ཆད་ན་སློབ་དཔོན་འཆི། །ལྷག་ཆད་བྱུང་ན་འབྲས་སོགས་འབྱུང་། །ཕྱོགས་འཁྲུལ་སློབ་མ་སྨྱོ་བར་འགྱུར། །གྲུ་བཞི་
སྒོ་བཞི་རྟ་བབས་བཞིས། །བརྒྱན་ཅིང་དར་ཤམ་མེ་ཏོག་དང་། །འཕན་དང་རྒྱལ་མཚན་བ་དན་གྱིས། །བརྒྱན་པའི་འཁོར་ལོ་མཐོང་བར་བྱ། །གྲྭ་ཡི་ཆ་ནི་ཐམས་ཅད་དང་། །སྒོ་ཡི་ཟུར་ཀུན་ཆ་ལ་ཡང་། །ཟླ་བ་རིན་ཆེན་རྡོ་རྗེ་དགོད། །གམ་པའི་རི་སོགས་རབ་བརྒྱན་པ། །ཆོས་ཀྱི་འཁོར་ལོ་
རི་དྭགས་གཉིས། །འཕན་སོགས་ཀྱིས་བརྒྱན་ཏྭ་ར་ཎ། །ཇི་ལྟར་མཛེས་ཤིང་བཀླུབས་པར་བྱ། །སེམས་ཅན་རྣམས་ཀྱི་བསམ་དབང་གི། །འདི་ནི་ཐུགས་ཀྱི་དཀྱིལ་འཁོར་བས། །བཅོམ་ལྡན་འདས་ཀྱི་རྒྱུད་འདི་རུ། །ཁྲུ་ནི་བཅུ་གཉིས་ཉིད་དུ་གསུངས། །དེ་ལ་ཁྲུ་བཅུ་གཉིས་ནི་བྱང་ཆུབ་
ཀྱི་སེམས་ལ་དགའ་བའི་རྡོ་རྗེ་སྒེག་མོ་དང་། གཟུགས་དང་ཡོན་ཏན་གྱི་རྡོ་རྗེ་ཕྲེང་བ་མ་དང་། ཆོས་འཆད་པའི་རང་བཞིན་རྡོ་རྗེ་གླུ་མ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྡོ་རྗེ་གར་མ་དང་། གྲགས་པ་ཐམས་ཅད་འདུས་པའི་རྡོ་རྗེ་བདུག་པ་མ་དང་། བྱང་ཆུབ་ཀྱི་ཡན་ལག་གི་རྡོ་རྗེ་མེ་ཏོག་མ་
དང་། འགྲོ་བ་གཞན་དགའ་བར་བྱེད་པའི་རྡོ་རྗེ་མར་མེ་མ་དང་། ཚུལ་ཁྲིམས་ལ་སོགས་པའི་རྡོ་རྗེ་དྲི་ཆབ་མ་དང་། སྦྱིན་པའི་རང་བཞིན་རྡོ་རྗེ་ཀྱོ་བ་མ་དང་། སྙན་པར་སྨྲ་བའི་རང་བཞིན་རྡོ་རྗེ་གསོལ་ཀ་མ་དང་། དོན་མཐུན་པའི་རང་བཞིན་རྡོ་རྗེ་ཕོ་ཉ་མ་དང་། དོན་སྤྱོད་པའི་རང་བཞིན་རྡོ་རྗེ་འབེབས་
པ་མ་སྟེ། དེ་རྣམས་རྣམ་པར་དག་པའི་རང་བཞིན་ནོ། །དེ་བཞིན་དུ་སྐུའི་དཀྱིལ་འཁོར་ལ་ཁྲུ་བཅུ་དྲུག་ཏུ་གསུངས་པ་ནི། བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའི་རང་བཞིན་རྡོ་རྗེ་སེམས་དཔའ་དང་། ཐམས་ཅད་འགུགས་ནུས་པའི་རང་བཞིན་རྡོ་རྗེ་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཐམས་
ཅད་མཉེས་པར་བྱེད་པའི་ཡོན་ཏན་རྡོ་རྗེ་ཆགས་པ་དང་། གཟི་བརྗིད་བསྟོད་ཅིང་དགའ་བའི་ཡོན་ཏན་རྡོ་རྗེ་ལེགས་པ་དང་། ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་རྡོ་རྗེ་རིན་ཆེན་དང་། གཟི་བརྗིད་གཞན་ལས་འཕགས་པའི་ཡོན་ཏན་རྡོ་རྗེ་གཟི་བརྗིད་དང་། རེ་བ་ཡོངས་སུ་རྫོགས་པའི་ཡོན་ཏན་རྡོ་རྗེ་
เล่ม ๔๔ · หน้า 17a
དཔལ་རབ་དང་། མཛུམ་པས་ལུང་སྟོན་པའི་ཡོན་ཏན་རྡོ་རྗེ་བཞད་པ་དང་། ཆོས་ལ་དམིགས་ཤིང་སོ་སོར་རྟོག་པའི་ཡོན་ཏན་རྡོ་རྗེ་ཆོས་རབ་དང་། སྒྲིབ་པ་ཡོངས་སུ་གཅོད་པའི་ཡོན་ཏན་རྡོ་རྗེ་རྣོན་པོ་དང་། སྐུ་གསུང་ཐུགས་ཟད་མི་ཤེས་པར་ཀུན་ལ་ཁྱབ་པའི་ཡོན་
ཏན་རྡོ་རྗེ་རྒྱུ་དང་། གཞུང་གི་ཆོས་རབ་ཏུ་སྒྲོགས་པའི་ཡོན་ཏན་རྡོ་རྗེ་སྨྲ་བ་དང་། སེམས་ཅན་སྨིན་པ་དང་གྲོལ་བར་བྱེད་པའི་ཡོན་ཏན་རྡོ་རྗེ་ལས་རབ་དང་། མི་འཇིགས་པ་སྦྱིན་ཞིང་སྲུང་བའི་རང་བཞིན་རྡོ་རྗེ་སྲུང་བ་དང་། གདུལ་དཀའ་འདུལ་བར་བྱེད་པའི་ཡོན་ཏན་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་གསུམ་
བསྡུས་ཤིང་དབྱེར་མེད་པའི་ཡོན་ཏན་རྡོ་རྗེ་སྡུད་པ་སྟེ། དེ་རྣམས་རྣམ་པར་དག་པའོ། །གསུང་གི་དཀྱིལ་འཁོར་ལ་ཁྲུ་ཉི་ཤུ་གསུངས་པ་ནི། དེ་རྣམས་དང་རྡོ་རྗེའི་རིགས་རྣམས་སྡུད་ཅིང་དམ་ཚིག་གི་ཕྱག་རྒྱ་བྱིན་གྱིས་རློབ་པའི་ཡོན་ཏན་སེམས་མ་རྡོ་རྗེ་མ་དང་། རིན་པོ་ཆེའི་རིགས་སྡུད་ཅིང་དབང་
བསྐུར་བའི་བྱིན་གྱིས་རློབ་པའི་རང་བཞིན་ཡོན་ཏན་རིན་ཆེན་རྡོ་རྗེ་མ་དང་།པདྨའི་རིགས་སྡུད་ཅིང་ཆོས་ཀྱི་ཕྱག་རྒྱ་བྱིན་གྱིས་རློབ་པའི་ཡོན་ཏན་ཆོས་ཀྱི་རྡོ་རྗེ་མ་དང་། ལས་ཀྱི་རིགས་སྡུད་ཅིང་ལས་ཀྱི་ཕྱག་རྒྱ་བྱིན་གྱིས་རློབ་པའི་ཡོན་ཏན་ལས་ཀྱི་རྡོ་རྗེ་མ་སྟེ། དེ་རྣམས་རྣམ་པར་དག་པའོ། །ཅིའི་ཕྱིར་
ཞེ་ན། དེ་རྣམས་ས་བཅུ་རྣམ་པར་དག་པ་སྟེ། ས་བཅུ་ནི་ཡེ་ཤེས་ལྔའི་རྟེན་དུ་གྱུར་པའི་ཕྱིར་རོ། །ཇི་སྐད་དུ་གསང་བའི་ཐིག་ལེ་ནོར་བུའི་རྒྱུད་ཕྱི་མ་ལས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ལམ་རྣམས་དག་སྟེ་རིམ་པ་བཞིན། །བཅུ་གཉིས་བཅུ་དྲུག་ཉི་ཤུ་རུ། །ཡེ་ཤེས་ལ་ནི་ཡེ་ཤེས་
གནས། །ཐོས་དང་བསམ་པ་ངོ་བོ་ནི། །ཀྱོ་བ་ལ་སོགས་རང་བཞིན་ནོ། །ཤེས་རབ་བརྩོན་འགྲུས་ཏིང་ངེ་འཛིན། །ཐར་ཆགས་སྡུག་པ་ལ་སོགས་སོ། །དྲོད་ལ་སོགས་པ་དང་པོར་སྦྱོར། །སྒེག་མོ་ལ་སོགས་ངོ་བོའོ། །ལྷག་མ་ཉི་ཤུ་གཉིས་གཉིས་ཀྱང་། །ས་རེ་རུ་ནི་རྣམ་དག་པས། །
ཡེ་ཤེས་རྟེན་དུ་ཡང་དག་མཚམས། །སྟེགས་བུ་འདི་ཡང་འཁོར་ལོ་ཡི། །རྟེན་དུ་ཡང་དག་གྱུར་པས་ན། །རྣམ་པར་དག་པ་མངོན་དུ་བྱའོ། །ཞེས་སོ། །མདོར་ན་ཟབ་གསལ་གཉིས་མེད་ལས། །གྲུབ་པའི་ཁྱད་པར་འབྱུང་བས་ན། །རིགས་དང་ཚད་སོགས་ངེས་མེད་པས། །ཁྲུ་གང་
เล่ม ๔๔ · หน้า 17b
ནས་བརྩམས་སྟོང་ཕྲག་བརྒྱ། །རིན་ཆེན་ལྔ་ཡི་ཕྱེ་མའམ། །ཡང་ན་འབྱུང་ཁུངས་ནས་འབྱུང་དང་། །སཱ་ལུ་བཏགས་པའི་ཕྱེ་མ་ལ། །སྔ་མའི་རིམ་བཞིན་འཁོར་ལོས་དབབ། །བདེན་པའི་བྱིན་གྱི་རླབས་བརྗོད་དེ། །གསེར་སོགས་སྣོད་དུ་བདུག་པ་བསྲེག །གསལ་བར་བསམས་
ནས་གསང་སྔགས་འདིས། །མངོན་པར་བཟླས་པ་རབ་ཏུ་བྱ། །བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། རྡོ་རྗེ་ཤུགས་ཀྱིས་ཞུགས་ནས་སུ། །ཆོས་དབྱིངས་ཀྱིས་ནི་འདི་ཉིད་དག །སེམས་ཅན་དབྱིངས་ནི་རབ་སྒྲོལ་མཛད། །རྒྱལ་བའི་མཆོག་ནི་མི་བསྐྱོད་མགོན། །བདེ་བར་གཤེགས་པ་ཀུན་གྱི་གནས། །
སྐྱོན་ཀུན་ལས་ནི་གྲོལ་བར་མོས། །བླ་མས་གཡོན་པའི་ཁུ་ཚུར་གྱིས། །དབང་ལྡན་མཚམས་ནས་ཕྱི་རོལ་ནས། །རི་མོ་ལྔ་ནི་བྲི་བའོ། །དཀར་པོ་སེར་པོ་དམར་པོ་དང་། །ལྗང་ཁུ་ནག་པོ་ནང་དུའོ། །གཡས་སུ་བསྐོར་ཅིང་ཆད་མེད་པས། །རྡུལ་ཚོན་རི་མོ་བྲི་བའོ། །སྦོམ་པོར་བྲིས་ན་
ནད་འབྱུང་སྟེ། །ཕྲ་བས་ནོར་ཟད་འཁྱོག་འཐབ་འབྱུང་། །ཆད་ན་སློབ་མ་བླ་མ་འཆི། །དེ་བས་ཕྱོགས་ཀུན་མཉམ་པར་འགྱུར། །གཡས་སྐོར་ཚུལ་དུ་མི་འདེབས་ན། །ཚོན་ལ་ཕུར་བུས་གདབ་པར་བྱ། །རྡོ་རྗེ་རྩེ་མོ་གཉིས་དཀར་མོ། །གཞན་ནི་སེར་པོར་ཤེས་པར་བྱ། །པདྨ་རཱ་ག་འདྲ་བ་
གཞན། །མ་ར་ག་ཏ་ལྟ་བུ་སྟེ། །དབུས་མ་ནག་པོར་ཤེས་བྱས་ནས། །ཚོམ་གྱི་རིམ་པ་དེ་ལྟར་རོ། །ཤར་གྱི་ཕྱོགས་སུ་དཀར་པོ་ཆེ། །ལྷོ་སེར་ནུབ་དམར་བྱང་ལྗང་ཁུ། །དབུས་མའི་ཆ་ཕྱོགས་ར་བས་བསྐོར། །ཨིནྡྲ་ནཱི་ལའི་ཁ་དོག་གོ། །དེ་དུས་རླུང་དང་སྦྲུལ་སོགས་སྤྲུལ། །བགེགས་
དགྲའི་ཕྱག་རྒྱ་དྲན་བྱས་ནས། །སྡང་བའི་དགྲ་ཡི་སྔགས་རྒྱལ་འདི། །བརྗོད་པས་དེ་དག་སེལ་བར་བྱ། །ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚྲོཊ་ཀ་ཊ་བྷཻ་ར་བ་ཡ་ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ།
ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། བི་སྤོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷ་ནན་བི་ནཱ་ཡ་ཀ། མ་ཧཱ་ག་ཎ་པ་ཏི། ཛཱི་བནྟི་ཨནྟ་ཀ་ར་ཡ་ཧཱུྃ་ཕཊ། དེ་ལྟར་རྡུལ་ཚོན་བཏབ་གྱུར་ནས། །པདྨའི་གདན་ལ་ཉི་མ་དང་། །ཟླ་བ་རབ་ཏུ་བཀོད་བྱས་ནས། །མཚན་མའི་ཕྱག་རྒྱ་དགོད་པའོ། །དབུས་
เล่ม ๔๔ · หน้า 18a
སུ་རྡོ་རྗེ་རྩེ་ལྔ་པ། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །ཤར་དུ་ལྕེ་བརྒྱད་འཁོར་ལོ་ནི། །ཟླ་བ་ལྟ་བུའི་འོད་ཟེར་དང་། །ལྷོ་རུ་རིན་ཆེན་ཟུར་དགུ་པ། །མརྒད་ལྟ་བུའི་འོད་ཟེར་ལྡན། །ནུབ་ཏུ་པདྨ་འདབ་བརྒྱད་པ། །དམར་པོ་འོད་ཟེར་དང་ལྡན་པ། །བྱང་དུ་རལ་གྲི་རིན་ཆེན་ཡུ། །
སྔོན་པོ་འོད་ཟེར་དང་ལྡན་པའོ། །མེ་མཚམས་སྤྱན་ནི་སྔོན་པོའོ། །བདེན་བྲལ་མཚམས་སུ་རྡོ་རྗེ་བྲི། །རླུང་མཚམས་པདྨ་སྡོང་བུར་བཅས། །དབང་ལྡན་ཨུཏྤལ་ལྗང་སེར་ཅན། །ཕྱི་རོལ་མེ་མཚམས་ལ་སོགས་དང་། །ཤར་སྒོ་གཡས་གཡོན་གྲུ་གཉིས་ལ། །མེ་ལོང་པི་ཝང་དུང་དང་སྣོད། །གོས་
དང་ཆོས་ཀྱི་འབྱུང་གནས་བྲི། །ཐོ་བ་འབར་བ་ཤར་སྒོར་བྲི། །རྡོ་རྗེ་དབྱུག་པ་ལྷོ་སྒོར་བྲི། །པདྨ་ནུབ་ཀྱི་སྒོ་རུ་བྲི། །རྡོ་རྗེ་ཁ་བྱེ་བྱང་དུ་བྲི། །ཤེས་རབ་ཐབས་སུ་རབ་ལྡན་པས། །རྟག་ཏུ་མཉམ་པར་གཞག་སྟེ་བྱ། །རང་རང་གི་ནི་ངོ་བོ་རྣམས། །འཕྲོ་བའི་སྔགས་ཀྱིས་གདབ་པར་བྱ། །དེ་ནས་ལྷ་
རྣམས་གནས་བྱའི་ཕྱིར། །སྨེ་ཤ་ཅན་གྱི་བདག་ཉིད་ཆེ། །བུ་མོ་ལོ་གྲངས་བཅུ་གཉིས་པ། །མཱ་མ་ཀཱི་རུ་བྱིན་གྱིས་བརླབས། །གཉིས་སྦྱོར་རྗེས་སུ་ཆགས་བསྐྱེད་ནས། །སངས་རྒྱས་རང་གི་ནང་དུ་གཞུག །ཆོ་ག་གསུམ་གྱིས་བསྒྲུབ་བྱས་ནས། །བཞི་པས་གཉིས་སུ་མེད་པར་བྱ། །རྡོ་རྗེ་པདྨའི་སྒྲ་
ཡིས་ནི། །སངས་རྒྱས་དཀྱིལ་འཁོར་རྣམ་པར་དགུག །བསྐྲད་ནས་སྲུང་བྱ་སྔོན་བཞིན་དུ། །མཆོད་ཡོན་ལ་སོགས་དབུལ་བར་བྱ། །མཆོད་བསྟོད་བདུད་རྩི་མྱང་བྱས་ནས། །ཤེས་རབ་མཐར་བྱེད་ཀྱིས་གཞུག་དང་། །བཅིངས་ཏེ་དགའ་བྱས་ཉེར་སྒྲུབ་དང་། །སྒྲུབ་པ་དབང་བསྐུར་གྱིས་
མཚན་པའོ། །སྔོན་བཞིན་མཆོད་པ་ཡང་བྱས་ཏེ། །དེ་བཞིན་བསྟོད་དང་བདུད་རྩི་མྱང་། །གསལ་བར་བསྒོམས་ནས་བཟླས་བརྗོད་དང་། །རེག་པའི་མཆོད་པས་མཉེས་བྱའོ། །དེ་བཞིན་ཕྱི་ཡི་དྲི་ལ་སོགས། །སྔགས་དང་ཕྱག་རྒྱ་དང་ལྡན་པས། །རང་གི་ས་བོན་ལས་སྤྲུལ་ཏེ། །འཁོར་ལོ་ཡང་
དག་མཆོད་པའོ། །འདི་ནི་ཡང་དག་བདུག་པ་སྟེ། །རང་བཞིན་དང་ནི་སྦྱར་བའི་དྲི། །བདག་གིས་དབུལ་བ་འདི་བཞེས་ལ། །བདག་ལ་བཀའ་དྲིན་སྩལ་དུ་གསོལ། །བཛྲ་དྷཱུཔྤེ་པཱུ་ཛ་སྥ་ར་ཎ། སྣ་ཚོགས་མེ་ཏོག་ཡིད་འོང་བ། །རབ་ཏུ་ཡིད་འོང་འབར་བ་ཡི། །བྱང་ཆུབ་ཡན་ལག་མེ་ཏོག་འདི། །
เล่ม ๔๔ · หน้า 18b
བདག་ལ་བརྩེར་དགོངས་བཞེས་སུ་གསོལ། །བཛྲ་པུཥྤེ་པཱུ་ཛ་སྥ་ར་ཎ། ཏིང་འཛིན་མར་མེ་དགེ་བ་འདི། །སྲེག་བྱེད་ངན་འགྲོ་འཇིགས་ལས་སྐྱོབ། །ལྷ་ཡི་སྤྱན་ནི་ཐོབ་བྱེད་པ། །བདག་ལ་བརྩེར་དགོངས་བཞེས་སུ་གསོལ། །བཛྲ་ཨ་ལོ་ཀེ་པཱུ་ཛ་སྤ་ར་ཎ། ག་པུར་ལ་སོགས་བྱུག་པ་
ནི། །དྲི་ཞིམ་ལ་སོགས་མེ་ཏོག་རྒྱན། །ཧཱུྃ་དབྱངས་སྙན་པར་རོལ་འབྱུང་འདི། །བདག་ལ་བརྩེར་དགོངས་བཞེས་སུ་གསོལ། །བཛྲ་གནྡྷེ་པཱུ་ཛ་སྥ་ར་ཎ། སྣ་ཚོགས་བཟའ་བ་ཡིད་འོང་བ། །བཟའ་དང་བཅས་དང་བལྡག་དང་གཞིབ། །ཡིད་འོང་གདུང་བ་སེལ་བ་འདི། །བདག་ལ་བརྩེར་
དགོངས་བཞེས་སུ་གསོལ། །བཛྲ་ནཻ་བི་ཏྱེ་པཱུ་ཛ་སྥ་ར་ཎ། སྣ་ཚོགས་བཏུང་བ་ཡིད་འོང་བ། །འབྲུ་ཡི་ཆང་དང་བཅོས་པའི་ཆང་། །མྱོས་བྱེད་བདུད་རྩི་དཔའ་བོ་འདི། །བདག་ལ་བརྩེར་དགོངས་བཞེས་སུ་གསོལ། །བཛྲ་སུ་ར་པཱུ་ཛ་སྥ་ར་ཎ། རིན་ཆེན་རིའམ་རྒྱ་མཚོ་རིན་ཆེན་རྣམས། །བཞད་
དང་སྒེག་དགའ་རོལ་དང་བདེ་བ་དང་། །དཔག་བསམ་ཤིང་དང་ན་བཟའ་ཤིང་རྣམས་ཀུན། །འཁོར་ལོ་བླ་མར་བཅས་ལ་དབུལ་བར་བྱ། །བོ་དྷི་རཏྣ་ཨ་ལཾ་ཀ་ར། ས་ཧ་ལ་སེ་ར་ཏི་ཀྲི་ཧ་སཽ་ཁྱ་ཨ་ནུཏྟ་ར། ཨ་ནུཏྟ་ར་བོ་དྷྱཾ་ལཾ་ཀ་ར་བསྟྲ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་དབུལ་ལོ། །བསྲུངས་
ནས་ཕྱི་རོལ་བྱུང་ནས་ཀྱང་། །ཕྱོགས་སྐྱོང་རང་རང་རྣལ་འབྱོར་གནས། །སྡིག་མེད་ཤ་ཁྲག་ཆུ་ཟན་གྱི། །གཏོར་མ་ཕུལ་ནས་ནང་དུ་འགྲོ། །འདི་ནི་གཞན་དུ་བཤད་པས་དེར་ཤེས་པར་བྱའོ། །གོས་དང་རྒྱན་གྱིས་རབ་བརྒྱན་ཏེ། །རྡོ་རྗེ་ཧཱུྃ་མཛད་བདག་བསྒྱུར་ལ། །དཀྱིལ་འཁོར་བསྐོར་
བ་ཡང་བྱས་ཏེ། །ཕྱག་འཚལ་མེ་ཏོག་སྔོན་པོ་དོར། །བདག་པོས་བཅིང་བསམས་མགོ་རུ་བཅིངས། །དེ་ཡི་གོང་འོག་ཆོ་ག་རྣམས། །རྣམ་པར་དག་པར་འགྱུར་བས་ན། །དག་པའི་དག་པ་རྣམ་དག་པའོ། །དེ་ནས་ལྷ་རྣམས་ཚིམ་བྱའི་ཕྱིར། །ཐབ་ལ་སོགས་པ་དང་ལྡན་པའི། །
སྦྱིན་སྲེག་གནས་སུ་སོང་ནས་ཀྱང་། །སྦྱོར་བ་ལྡན་པས་མཉེས་པར་བྱ། །འདིའི་ཆོ་ག་ཡང་གཞན་དུ་བཤད་པས་དེར་ཤེས་པར་བྱའོ། །དཀྱིལ་འཁོར་མཆོད་པ་ཡང་བྱས་ཏེ། །ཤིས་པའི་ཕྱིར་ན་བཀྲ་ཤིས་གླུ། །འཁོར་ལོ་བསྐོར་ནས་བདག་ཉིད་ཀྱིས། །ཕེག་རྡོབ་པ་ཡི་གར་གྱིས་
เล่ม ๔๔ · หน้า 19a
ཀྱང་། །ཧཱུྃ་ཧཱུྃ་འཁོར་བ་འདོན་བྱེད་སྐུ་འཛིན་པ། །གཉིས་གཉིས་འཁྱུད་པའི་སྦྱོར་བའི་མཆོག །མི་བསྐྱོད་རྡོ་རྗེ་ཁྱོད་འབའ་ཞིག །ཏེ་ན་ཧཱུྃ་ཏེ་ན་ཧཱུྃ་ཏེ་ན་ཏེ་ཏེ་ཧཱུྃ། ཁྱོད་ཀྱི་ཞབས་ཀྱི་པདྨ་ལ། །ལྷ་དང་མི་ཡིས་འདུད་པའི་མཆོག །སྤྲུལ་པའི་མེ་ཏོག་སྣ་ཚོགས་དང་། །མི་
བསྐྱོད་རྡོ་རྗེ་ཁྱོད་འབའ་ཞིག །ཏེ་ན་ཧཱུྃ་ཏེ་ན་ཧཱུྃ་ཏེ་ན་ཏེ་ཏེ་ཧཱུྃ། དངོས་པོ་རྣམ་གྲོལ་རྣམ་པར་བསྙེན། །གསང་བའི་གསང་བ་འཛིན་པ་ཁྱོད། །བདུད་རྩི་མཐའ་མེད་གསོལ་བ་ཁྱོད། །ཁྱོད་ཀྱི་དགོངས་པ་པད་རྒྱས་ཡིན། །ཏེ་ན་ཧཱུྃ་ཏེ་ན་ཧཱུྃ་ཏེ་ན་ཏེ་ཏེ་ཧཱུྃ། རྩོམ་སྤངས་སེམས་ཅན་དོན་མཛད་པ། །རྒྱུ་མེད་
གཟུགས་ལ་ཕྱག་འཚལ་ལོ། །ཏེ་ན་ཧཱུྃ་ཏེ་ན་ཧཱུྃ་ཏེ་ན་ཏེ་ཏེ་ཧཱུྃ། དུང་དང་ཀུ་མུ་ཏ་ཡི་གཟུགས། །རྒྱ་མཚོ་དངས་མ་ཟླ་གཟུགས་འདྲ། །ཏེ་ན་ཧཱུྃ་ཏེ་ན་ཧཱུྃ་ཏེ་ན་ཏེ་ཏེ་ཧཱུྃ། རོལ་པ་གཉིས་མེད་རྣལ་འབྱོར་མཛད། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་འཛིན། །ཏེ་ན་ཧཱུྃ་ཏེ་ན་ཧཱུྃ་ཏེ་ན་ཏེ་ཏེ་ཧཱུྃ། སྒྱུ་འཕྲུལ་ལས་ཀྱི་འགྲོ་བ་བཟུང་། །རྐྱེན་
གྱིས་མ་བྱས་གཟུགས་ཅན་ཡིན། །ཏེ་ན་ཧཱུྃ་ཏེ་ན་ཧཱུྃ་ཏེ་ན་ཏེ་ཏེ་ཧཱུྃ། དེ་ནས་འོག་ནས་འབྱུང་བའི་རིམ། །བདག་ཉིད་ཞུགས་བྱས་ལྷ་ཡིས་ཀྱང་། །ཆུ་ནས་བཀའ་སྩལ་བར་གྱི་དབང་། །བསྐུར་བསམས་འཁོར་ལོ་དེ་ལ་ནི། །སློབ་མ་རྣམས་ནི་གཞུག་པའི་ཕྱིར། །རྡོ་རྗེ་འཆང་བ་ལས་བྱུང་བའི། །
དཀྱིལ་འཁོར་རྟེན་དང་བཅས་པ་ཡི། །དེ་བཞིན་ཉིད་ནི་ལན་གསུམ་བརྗོད། །ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་སེམས། །རྡོ་རྗེ་སེམས་དཔའ་ཆེ་རང་བཞིན། །མི་བསྐྱོད་རྡོ་རྗེ་དེང་གྲུབ་ཤོག །མཆོག་ཆེན་དངོས་གྲུབ་ཐམས་ཅད་དང་། །དབང་ཕྱུག་རྡོ་རྗེ་འཛིན་
པའི་ལྷ། །ཐམས་ཅད་རྡོ་རྗེ་འཛིན་པའི་གཟུགས། །དམ་པའི་ཡི་གེ་གྲུབ་པར་ཤོག །སྐྱོན་མེད་རྟག་པ་ལ་སོགས་པ། །འདོད་ཆགས་ཀུན་ལ་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །དེ་ཉིད་བཅོམ་ལྡན་བདག་ལ་གྲུབ། །གཏན་དུ་དག་པ་ཀུན་གྱི་མཆོག །གདོད་མ་
ནས་གྲོལ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སེམས་དཔའ་བདག་གྲུབ་བོ། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོའི་ཕྱག་རྒྱ་ཡིས། །རྡོ་རྗེ་སྙིང་གཙོ་བདག་ལ་ནི། །རྡོ་རྗེ་སྔགས་ཆེན་གྲུབ་པར་ཤོག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །
เล่ม ๔๔ · หน้า 19b
སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་དེ་བཞིན་ཕ། །དམ་ཚིག་མཆོག་གི་འདོད་པའི་མཆོག །བདེན་པ་གང་གིས་ཡེ་ཤེས་ཀྱི། །ཤེས་རབ་ཐབས་དག་དཀྱིལ་འཁོར་ནི། །མགོན་པོ་ཁྱོད་ཀྱི་བདེན་པ་དེས། །བདག་གིས་འདོད་པ་ཡོངས་སུ་སྐོངས། །གཟུགས་བརྙན་
དང་ནི་མཉམ་པའི་ཆོས། །དག་ཅིང་དང་བ་རྙོག་མེད་པ། །གཟུང་མེད་བརྗོད་དུ་མེད་པ་ཡང་། །རྒྱུ་དང་རྐྱེན་ལ་ཀུན་དུ་བྱུང་། །དེ་ཉིད་དེ་ཉིད་བསྐྱེད་པ་ནི། །དེ་དག་བདེན་པས་དཀྱིལ་འཁོར་ལ། །གཟུགས་བརྙན་གསལ་བར་སློབ་པ་ནི། །སྡིག་མེད་པས་ནི་བལྟ་བར་བགྱི། །ཐུན་མོང་སྡོམ་
པ་དང་ལྡན་པ། །བསྙེན་སྒྲུབ་གསུམ་གྱིས་བསྒྲུབས་ནས་སུ། །ཡོལ་བས་བར་དུ་བཅད་པ་ལ། །འཁྱིལ་བཟླས་ཆུ་ཡིས་གཏོར་བར་བྱ། །དམར་པོ་ཤམ་གྱིས་གདོང་གཡོགས་ནས། །དགའ་བ་ཁྱོད་གང་ཡིན་ཞེས་དྲི། །དགའ་བ་སྐལ་ལྡན་བདག་ཡིན་ཞེས། །འཇུག་པ་པོ་ཡིས་སྨྲ་
བར་བྱ། །དེ་ནས་མེ་ཏོག་སྙིམ་བཀང་ནས། །འཁོར་ལོས་བཞེས་ཞེས་གཏོར་ནས་ནི། །གཏོང་སེམས་བསྐྱེད་ནས་བླ་མ་ལ། །ཡོན་ནི་རབ་ཏུ་དབུལ་བར་བྱ། །ཡུལ་མཁར་ཁྱིམ་དང་གླང་པོ་རྟ། །བྲན་དང་བྲན་མོ་ཆུང་མ་དྲུག །བུ་མོ་ཤིན་ཏུ་ཡིད་འོང་དང་། །གང་གིས་རང་གི་ལུས་འདི་ཡང་། །
དེང་ནས་བརྩམས་ཏེ་དབུལ་པར་བྱ། །ཅི་ཡི་ཕྱིར་ནི་དབུལ་བྱ་ན། །སློབ་དཔོན་དུ་ནི་ཉེར་གནས་ཕྱིར། །སྙིང་རྗེ་ཆེན་པོས་ཉེར་གནས་ཕྱིར། །སེམས་ཅན་ཐམས་ཅད་སྐྱོབ་དོན་དུ། །བདག་གི་ལུས་འདི་དབུལ་བར་བགྱི། །ཧཱུྃ་གིས་སྙིང་ཀར་རྡོ་རྗེ་བསྒོམ། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི།
སུ་ར་ཏ་སྟྭཾ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། བརྗོད་པས་བྱང་ཆུབ་སེམས་བསྐྱེད་ལ། །ལུས་ཀྱི་འཁོར་ལོ་བསྐུལ་བར་བྱ། །དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ། །ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་གསང་ཆེན་འདི། །དཀྱིལ་འཁོར་དུ་མ་
ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱའོ། །དད་པར་མི་བྱེད་པ་ཡང་མི་རུང་ངོ་། །ཞེས་བརྗོད་པར་བྱའོ། །གཤིན་རྗེ་གཤེད་ལ་སོགས་པའམ། །ཨ་ཁཾ་བཱི་ར་ཧཱུྃ་བརྗོད་ནས། །དྲངས་ནས་འཇུག་པའི་སྒོར་གནས་ཏེ། །སྔ་མའི་སྡོམ་པ་བརྟན་པར་བྱ། །དེ་རིང་ཁྱོད་དེ་བཞིན་གཤེགས་པ་
เล่ม ๔๔ · หน้า 20a
ཐམས་ཅད་ཀྱི་རིགས་ལ་རབ་ཏུ་ཆུད་དོ། །དེ་བས་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱའོ། །ཡེ་ཤེས་དེ་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེའི་ཐབས་འདི་ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་
བ་རྣམས་ཀྱི་མདུན་དུ་མ་སྨྲ་ཤིག །ཁྱོད་དམ་ཚིག་ལས་འདའ་བར་མི་རུང་བའི་ཕྱིར་རོ། །སྙིང་གར་རྡོ་རྗེ་བཞག་ནས་ནི། །དེ་རིང་རྡོ་རྗེ་སེམས་དཔའ་ཉིད། །ཁྱོད་ཀྱི་སྙིང་ལ་ཡང་དག་གནས། །གལ་ཏེ་ཚུལ་འདི་འདས་ན་ནི། །སྙིང་འགས་སྡུག་བསྔལ་དེ་ལྟར་འབྱུང་། །བཛྲ་ས་ཏྭ་ཧཱུྃ། པདྨའི་བནྡྷར་
བདུད་རྩི་ལྔ། །ཡི་གེ་གསུམ་གྱིས་འབར་བྱས་ལ། །རྡོ་རྗེ་ཡིས་ནི་དེ་ཡི་ཁར། །མི་ལྡོག་ཕྱིར་ནི་བླུད་པར་བྱ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ལས་འདའ་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་པའི། །བདུད་རྩི་རྡོ་རྗེ་ཆུ་འཐུང་ཤིག །བཛྲོད་ཀ་ཋ། དེ་ནས་དེ་ཡིས་མི་འགྱུར་བྱས། །སེམས་
གཡོ་དོགས་ཕྱིར་བསྟན་པ་ཡི། །དམ་བཅས་འདི་ནི་བླ་མ་ཡིས། །ལན་གསུམ་དུ་ནི་བསྒྲགས་པར་བྱ། །དེ་རིང་ཕྱིན་ཆད་ཁྱོད་ཀྱིས་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་ཅི་སྨྲས་པའི་བྱ་བ་ཐམས་ཅད་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་བདག་ལ་བརྙས་པར་མི་རུང་སྟེ། །བརྙས་ན་ཡ་ང་བ་མ་སྤངས་པས་ཤི་
བའི་དུས་བྱས་ནས་དམྱལ་བར་ལྟུང་བས་མ་འགྲོ་ཤིག །དེ་ནས་སློབ་མ་དེ་ཡིས་ཀྱང་། །བརྟན་ནས་རང་ཉིད་དག་བྱའི་ཕྱིར། །གསོལ་བ་གདབ་པ་འདི་ཡི་མཆོག །སྨྲོས་ཤིག་ཅེས་ནི་བླ་མས་སྨྲས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་བདག་
ཅག་ལ་དབབ་དུ་གསོལ་ལོ། །དེ་ཡི་སྙིང་ག་རུ་ནི་ཧཱུྃ། །ལཾ་བྱུང་དབང་ཆེན་དབུས་སུ་བསམ། །མགྲིན་པར་ཨ་ནི་པྃ་བྱུང་བའི། །ཆུ་ཡི་དཀྱིལ་འཁོར་དབུས་སུ་བསམ། །སྤྱི་བོར་ཧྃ་ནི་དཀར་པོ་ཆེ། །ཡཾ་བྱུང་རླུང་དབུས་བསམས་ནས་ནི། །སྐུལ་བྱེད་ཛྷཻཾ་ནི་རྐང་མཐིལ་གཉིས། །རླུང་གིས་
བསྐྱོད་པས་འབར་བྱས་དབབ། །ཨོཾ་ཨཱ་བེི་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ། ཧཱུྃ་ཨ་ཧ་ཛྷཻཾ། རྡོ་རྗེ་དྲིལ་བུ་སྒྲ་དང་བཅས། །འཇིགས་རུང་གར་གྱིས་སྨིན་རིང་བསྐྱོད། །མིག་བགྲད་སོ་གཙིགས་བཞད་བྱེད་པས། །སློབ་མ་དབབ་པ་རབ་ཏུ་བྱ། །ལྕེ་ལ་ཐིག་ལེའི་ཡི་གེ་ཨཱཿ། །བསམས་ནས་
เล่ม ๔๔ · หน้า 20b
བཟླས་ཤིང་དགེ་མི་དགེ། བྲུ་ཧི་བཛྲ་ཞེས་བརྗོད་ནས། །དབབ་པ་བརྟན་པར་བྱ་བའོ། །པྲ་ཏི་བཛྲ་ཧོ་བརྗོད་ལ། །མེ་ཏོག་དཀྱིལ་འཁོར་དོར་དུ་གཞུག །དེ་ཡིས་བཅིངས་པར་རབ་བསམས་ལ། །བླངས་ནས་མགོ་རུ་བཅིང་བར་བྱ། །འདི་ནི་སྟོབས་ཆེན་སེམས་དཔའ་བས། །འདི་ཡི་མ་
འདྲེས་སོ་སོར་ཟུང་། །ཕྱག་མཚན་ཉེའམ་མི་ཉེ་བ། །རེའུ་ཆའི་གནས་ལས་ཤེས་པར་བྱའོ། །ཡང་ན་རང་གི་སྐལ་བ་ཡིས། །གདོང་ཕྱེ་མེ་ཏོག་དེ་ལ་གཏོར། །མིག་གཉིས་ཨོཾ་འབར་བསམས་ནས་ནི། །གདོང་ཕྱེ་ལས་ཀྱི་ཁ་དོག་བསྟན། །དེ་རིང་རྡོ་རྗེ་སེམས་དཔའ་ཉིད། །ནན་ཏན་བྱས་
ཏེ་ཁྱོད་མིག་ཕྱེ། །བླ་ན་མེད་པའི་རྡོ་རྗེས་མིག །ཐམས་ཅད་ལ་ནི་མིག་ཕྱེ་འགྱུར། །དཀྱིལ་འཁོར་གཙོ་བོ་ནས་བརྩམས་ནས། །བདུད་རྩི་འཁྱིལ་པར་བསྟན་པའམ། །ཡང་ན་བདུད་རྩི་འཁྱིལ་པ་ལས། །གཙོ་བོའི་བར་དུ་བསྟན་བྱའོ། །སློབ་མས་ཐལ་མོ་སྦྱར་བྱས་ལ། །རྡོ་རྗེ་དཀྱིལ་
འཁོར་ཆེན་པོ་ཡི། །དཀྱིལ་འཁོར་ཉིད་དུ་བདག་ཞུགས་སོ། །སྦྱོར་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དེ་རིང་བདག་གིས་མཐོང་། །གསང་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །དེ་སྐད་ལན་གསུམ་བརྗོད་པར་བྱ། །བུམ་པ་རྣམས་ཆུ་
གཅིག་ཏུ་བྱས། །མི་བསྐྱོད་རྡོ་རྗེ་རབ་བསྐྱེད་ལ། །ཞུགས་ནས་སློབ་མའི་མགོ་བོ་རུ། །འཁོར་ལོས་སྒྱུར་བཞིན་དབང་བསྐུར་བྱ། །རིན་ཆེན་ལ་སོགས་དབུ་རྒྱན་ལ། །རིན་ཆེན་འབྱུང་ལྡན་གྱུར་བྱས་ཏེ། །དབུས་སུ་རང་གི་ལྷ་བཞག་པས། །ཅོད་པན་དང་ལྡན་དབང་བསྐུར་བྱ། །རྡོ་རྗེ་རྩེ་མོ་དགུ་
ལྔ་པ། །འོད་དཔག་མེད་བསྒོམས་ཡོངས་གྱུར་ཏེ། །བྱིན་ནས་སྙིང་གར་དེ་བཟུང་བ། །རྡོ་རྗེའི་དབང་ནི་བསྐུར་བར་བྱ། །དྲིལ་བུ་དོན་ཡོད་གྲུབ་པ་རུ། །བསྒོམས་ནས་ཡོངས་གྱུར་བྱིན་ནས་ནི། །རྡོ་རྗེ་དྲིལ་བུ་ལ་འཁྱུད་ཚུལ། །བདག་པོར་དབང་ནི་བསྐུར་བར་བྱ། །སྤྱི་གཙུག་ལྟག་པ་ལ་
བཅུག་སྟེ། །སྤྱི་བོར་ཕྱག་རེག་མིང་གི་དབང་། །ཆེ་གེ་རྡོ་རྗེ་ཞེས་བོས་ནས། །ཁྱད་པར་གཞན་ཡང་མཐོང་བར་བྱ། །གང་གང་སྣང་བ་ཀུན་བདག་སྟེ། །དེ་ཡི་གཙོ་བོ་མི་བསྐྱོད་མགོན། །ཆོས་རྣམས་རང་བཞིན་གྱིས་དག་པས། །ཆོས་ཀྱི་དབྱིངས་ཀྱི་ཡི་གེ་ཚུལ། །ཀུན་གྱི་གཙོ་བོ་ཡིན་པའི་
เล่ม ๔๔ · หน้า 21a
ཕྱིར། །མིང་གོང་དཔལ་གྱི་སྒྲ་གཞུག་བྱ། །གོ་བ་ཉིད་དུ་བསྒྲགས་པའི་ཕྱིར། །དང་པོ་ཀྱེ་སྦྱོར་མཐའ་ཡི་བར། །ཧཱུྃ་བསྐྱེད་རྡོ་རྗེ་ལག་བྱིན་ནས། །འཆང་བས་རྡོ་རྗེ་ལན་གསུམ་གསོར། །བརྟུལ་ཞུགས་འདི་ནི་དང་པོ་རུ། །རྣལ་འབྱོར་པ་ཡིས་བླང་བར་བྱ། །
འདི་ནི་སངས་རྒྱས་ཐམས་ཅད་དང་། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །རྟག་པར་ཁྱོད་ཀྱིས་ཀྱང་བཟུང་སྟེ། །ལག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡ་མི། ཧི་ཧི་ཧི་ཧི་ཧཱུྃ། དེ་ཡི་དེ་ཉིད་བཤད་པར་བྱ། །སྔོན་མཐའ་མེད་པའི་
སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་གྱི་བདག །རྡོ་རྗེ་སྙིང་པོའི་གཙོ་བོའི་གཙོ། །ཨ་ལས་བྱུང་བའི་དྲིལ་བུ་ནི། །ལག་གཡོན་བྱིན་ནས་ཕྱོགས་བརྒྱད་དཀྲོལ། །བརྟུལ་ཞུགས་འདི་ཡང་དང་པོ་རུ། །དེ་ཡི་གྲོགས་སུ་སྦྱིན་པའོ། །འདི་ནི་
སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཆེན་འཁྲོལ་བར་འདོད། །རྟག་པར་ཁྱོད་ཀྱིས་ཀྱང་བཟུང་སྟེ། །རྒྱལ་བ་བྱང་ཆུབ་མཆོག་ཏུ་འདོད། །དེ་ཉིད་བཤད་པར་བྱ་བ་ནི། །འདི་ནི་ཁྱོད་ཀྱིས་དཀྲོལ་བྱ་སྟེ། །སྲིད་པ་རང་བཞིན་གྱིས་དག་ཕྱིར། །རང་བཞིན་གྱིས་ནི་འབྱུང་བར་བྱེད། །
རང་བཞིན་དག་པས་སེམས་ཅན་ཀུན། །དམ་པའི་སྲིད་པ་བྱེད་པ་པོ། །སློབ་མ་རྡོ་རྗེ་དབྱིངས་ཕྱུག་དང་། །ལྡན་པར་བསམས་ནས་བཅོམ་ལྡན་འདས། །མངོན་བྱེད་འདས་པ་མཆོག་འདི་ཡིས། །ཕྱག་རྒྱའི་དམ་ཚིག་སྦྱིན་པའོ། །ཕྱག་རྒྱ་ཆེན་པོའི་བྱིན་བརླབས་ཏེ། །སྙིང་པོ་བསྙེན་པ་ལ་སོགས་
གྲགས། །དམ་ཚིག་འདོད་གཟུགས་སོགས་རྣམས་ཀྱིས། །སྔགས་ནི་དབུགས་སུ་རྟོགས་ནས་བཟླ། །རང་གི་རང་བཞིན་དེ་རྣམས་ཀྱིས། །ཕྱོགས་བཅུ་དུས་གསུམ་ཁྱབ་པ་ཡི། །མ་ལུས་གཙོ་བོ་མཆོད་བྱས་ནས། །བདག་དང་གཞན་ཡང་མཉེས་པར་བྱ། །དཀའ་ཐུབ་དམ་བཅས་དེ་དག་
གིས། །བསྟན་པར་བྱས་ཀྱང་འགྲུབ་པ་མེད། །མི་སྣང་མངོན་ཤེས་མཁའ་འགྲོ་མེད། །སྐུ་གསུང་ཐུགས་ལས་གྲུབ་སྐྱེས་སོ། །དེ་བས་སངས་རྒྱས་སེམས་ཅན་རྣམས། །སྔགས་ཀྱི་སྤྱོད་པ་མཆོག་བཟུང་སྟེ། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །ཆོས་ཀྱི་ཡི་གེ་མཆོག་ཐོབ་འགྱུར། །
เล่ม ๔๔ · หน้า 21b
བདེ་སྡུག་གཉིས་མེད་བདག་ཉིད་ཀྱིས། །འདོད་པའི་ཡོན་ཏན་ལྔ་བསྟེན་ཏེ། །ཆགས་ཆེན་ཡེ་ཤེས་དོན་སྦྱོར་ན། །དེ་ཁོ་ན་ཉིད་ཀུན་ཀྱང་འགྲུབ། །སྐུ་གསུང་ཐུགས་གྲུབ་ཡང་དག་སྟེ། །གང་གཞན་དམན་པ་ཡང་སྐྱེ་འདོད། །དེ་ཡང་སྐུ་གསུང་ཐུགས་བསྒོམས་ནས། །སྔགས་བཟླས་
པ་ཡིས་འགྲུབ་པའོ། །ཐུན་མོང་མ་ཡིན་སྡོམ་པར་ལྡན། །སྦྱོར་བ་མ་ཉམས་ཡོན་ཕུལ་ནས། །རྡོ་རྗེ་སློབ་དཔོན་དབང་ནོད་ཕྱིར། །དེ་ཡིས་ལན་གསུམ་གསོལ་བ་གདབ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བགྱིས་པ་བཞིན། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །
ནམ་མཁའ་རྡོ་རྗེ་བདག་ལ་སྩོལ། །འཇུག་པའི་སྒོ་རུ་ཁྲུ་དོ་བར། །པདྨ་དཀར་པོ་འདབ་བརྒྱད་ལ། །ས་བོན་གྱིས་མཚན་དབང་སྟེགས་བྲི། །སེང་གེ་མཚན་པར་འདུག་ཏུ་གཞུག །དེ་ཉིད་ཏིང་འཛིན་གསུམ་ལྡན་པར། །བྱས་ནས་བླ་མའི་ལུས་དཀྱིལ་འཁོར། །སངས་རྒྱས་སོགས་སྤྲོ་
རྣམ་དགུག་ཅིང་། །ནམ་མཁའི་ཁམས་ཀུན་དགའ་བར་བྱ། །དེ་ཡིས་རྔ་དྲིལ་སིལ་སྙེན་དང་། །རྒྱལ་མཚན་འཕེན་སོགས་ཕེག་རྡོབ་ཅིང་། །བུམ་པ་གཙོ་སོགས་གཟུང་བྱས་ནས། །སྔོན་བཞིན་ཆུ་སོགས་དབང་བསྐུར་བསམ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་
ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱིས་སྦྱིན་པ་ཡིན། །དེ་སྐད་ལན་གསུམ་བརྗོད་ནས་སུ། །དགེ་བའི་ཕྱིར་དང་ཤིས་པའི་ཕྱིར། །བུམ་པ་སྤྱི་བོར་རབ་བཟུང་སྟེ། །བཀྲ་ཤིས་དབྱངས་འདི་བརྗོད་པར་བྱ། །དཔལ་ལྡན་གསེར་གྱི་རི་བོ་ལྟར་འབར་བ། །
འཇིག་རྟེན་གསུམ་མགོན་དྲི་མ་གསུམ་དང་བྲལ། །བཅོམ་ལྡན་པད་རྒྱས་ལྟ་བུའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་དེང་ཁྱོད་ཞི་བྱེད་ཤོག །དེ་ཡིས་བསྟན་པའི་དྲི་མེད་མཆོག་རབ་ནི། །འཇིག་རྟེན་གསུམ་གྲགས་ལྷ་དང་མིས་མཆོད་པ། །ཆོ་ག་སྐྱེ་དགུ་རྣམས་ནི་ཞི་བར་བྱེད། །བཀྲ་ཤིས་གཉིས་
པ་དེང་འདིར་ཁྱེད་ལ་ཤོག །དམ་པའི་ཆོས་ལྡན་ཐོས་གང་བཀྲ་ཤིས་ཤིང་། །དགེ་འདུན་ལྷ་དང་ལྷ་མིའི་མཆོད་འོས་པ། །ངོ་མཚར་དཔལ་རབ་མཆོག་རབ་ཚོགས་རྣམས་ཀྱི། །བཀྲ་ཤིས་གསུམ་པ་དེང་འདིར་ཁྱེད་ལ་ཤོག །དེ་ནས་དེ་དག་ཐམས་ཅད་ཀུན། །ཡེ་ཤེས་ངོ་བོར་ཞུགས་བསམས་
เล่ม ๔๔ · หน้า 22a
པས། །དབུ་རྒྱན་ཡེ་ཤེས་སེམས་དཔའ་བསྐྱེད། །བསྐོར་བྱས་སློབ་དཔོན་གནས་པར་བྱ། །སྔོན་བཞིན་མཆོད་དང་བསྟོད་པ་དང་། །བདུད་རྩི་མྱང་བ་ཡང་བྱས་ནས། །དཀྱིལ་འཁོར་དེ་བཞིན་ཉིད་བསྟན་བྱ། །སངས་རྒྱས་མ་རྒྱས་མཉམ་པའི་ཕྱིར། །གྲུ་བཞི་
རུ་ནི་རབ་ཏུ་བསྟན། །དྲན་པ་ཉེར་བཞག་ཤར་གྱི་སྒོ། །ཡང་དག་སྤོང་བ་ལྷོ་ཡི་སྒོ། །རྫུ་འཕྲུལ་རྐང་པ་ནུབ་ཀྱི་སྒོ། །དབང་པོ་སྟོབས་ནི་བྱང་གི་སྒོ། །བསམ་གཏན་བཞི་ནི་ཏྭ་ར་ཎ། །ཏིང་འཛིན་རྣམས་ནི་ཁ་ཁྱེར་བརྒྱད། །གཟུངས་རྣམས་དེར་གནས་ལྷ་མོའོ། །བསམ་པ་བསྐང་ཕྱིར་
ལྷ་ཚོགས་རྒྱན། །གསུང་རབ་ཡན་ལག་འཕགས་སོགས་སོ། །བྱང་ཆུབ་ཡན་ལག་དྲ་བ་སོགས། །རྣམ་པར་ཐར་བརྒྱད་ཀ་བ་བརྒྱད། །སྔགས་ཚུལ་རྡོ་རྗེ་ཕྲེང་བ་ཟླུམ། །ཕྱི་ལོགས་རྣམ་དག་ཡོན་ཏན་ལྔ། །དྲི་མེད་སྟོབས་སོགས་མཆོད་པ་ལྔ། །བུམ་པ་ཆུས་གང་ཐུགས་རྗེ་དང་། །
ཚོགས་རྫོགས་སེར་པོ་ཡེ་ཤེས་གཏེར། །འགྲོ་བ་རྣམས་དང་དབྱེར་མེད་ཀྱང་། །དེ་ཡི་ཉེས་པས་མི་གོས་ཕྱིར། །སྣ་ཚོགས་པདྨ་བཅུ་དགུ་ནི། །སྡོང་བུ་དང་ནི་བཅས་པའོ། །མི་དགེ་འདམ་རྫབ་སྐམ་མཛད་ཕྱིར། །དགེ་བའི་མྱུ་གུ་གསོ་མཛད་པ། །ཉི་མའི་གདན་ནི་བདུན་རྣམས་སོ། །ཉོན་
མོངས་ཚ་བ་བསིལ་བྱེད་དང་། །མ་རིག་མུན་ནག་སེལ་བའི་ཕྱིར། །ཟླ་བ་བཅུ་གཉིས་དང་ལྡན་པའོ། །ཚོར་བ་གསོབ་ལ་སོགས་པ་དང་། །འཇུ་བ་ལ་སོགས་དུས་བཅུ་གཉིས། །ཟད་དུས་སྒྲོན་བདུན་རྣམ་དག་པས། །གྲངས་ནི་ངེས་པར་བསྟན་པའོ། །ཉོན་མོངས་ཐམས་ཅད་ལས་གྲོལ་
ཕྱིར། །གཞལ་ཡས་ཁང་དུ་བཏགས་པ་ཡིན། །སྙིང་པོ་ལ་ནི་འདུས་པའི་ཕྱིར། །དཀྱིལ་འཁོར་ཞེས་སུ་བཤད་པ་ཡིན། །རྣམ་པར་ཤེས་པ་ཞེ་སྡང་ཐུགས། །ཆོས་དབྱིངས་རྣམ་དག་མི་བསྐྱོད་པ། །གཟུགས་ཕུང་གཏི་མུག་ཆེ་དང་སྐུ། །མེ་ལོང་རྣམ་དག་རྣམ་སྣང་མཛད། །ཚོར་བའི་
ཕུང་པོ་མཉམ་པ་ཉིད། །ང་རྒྱལ་རྣམ་དག་རིན་ཆེན་འབྱུང་། །འདུ་ཤེས་ཕུང་པོ་འདོད་ཆགས་གསུམ། །སོ་སོར་རྟོག་པ་སྣང་མཐའ་ཡས། །འདུ་བྱེད་ཕུང་པོ་ནན་ཏན་དང་། །ཕྲག་དོག་རྣམ་དག་དོན་ཡོད་གྲུབ། །ས་དང་སྟོང་ཉིད་ཐབས་དང་ནི། །སྙིང་རྗེ་ཞི་བྱེད་སྤྱན་མའོ། །བྱམས་དང་མཚན་མེད་
เล่ม ๔๔ · หน้า 22b
སྨོན་ལམ་དང་། །ཆུ་ཁམས་སྲུང་བྱེད་མཱ་མ་ཀཱི། །དགའ་དང་སྨོན་མེད་སྟོབས་དང་ནི། །མེ་ཁམས་རྒྱས་བྱེད་ན་བཟའ་དཀར། །བཏང་སྙོམས་ཡེ་ཤེས་རང་བཞིན་གསལ། །རླུང་ཁམས་སྒྲོལ་བྱེད་སྒྲོལ་མའོ། །སྦྱིན་པ་རྣམ་དག་གཟུགས་རྡོ་རྗེ། །ཚུལ་ཁྲིམས་རྣམ་དག་སྒྲ་རྡོ་རྗེ། །བཟོད་
པ་རྣམ་དག་དྲི་རྡོ་རྗེ། །བརྩོན་འགྲུས་རྣམ་དག་རོ་རྡོ་རྗེ། །བསམ་གཏན་རྣམ་དག་རེག་རྡོ་རྗེ། །ཤེས་རབ་རྣམ་དག་ཆོས་རྡོ་རྗེ། །ཕྱི་ཡི་ལོངས་སྤྱོད་ཀྱིས་མཆོད་ཕྱིར། །དབྱུང་སྔགས་ཏིང་འཛིན་གསུངས་པའོ། །མི་ལ་སོགས་པ་རྣམ་དག་ཕྱིར། །དེ་ཉིད་དུ་ནི་བཀོད་པར་གསུངས། །དབྱུང་
སྔགས་ཏིང་འཛིན་མ་གསུངས་པས། །ས་སྙིང་ལ་སོགས་ཕྱིར་མི་དགོད། །འཇིགས་སོགས་ཤེས་བྱ་ཕུང་པོའི་བདུད། །དད་དག་གཤིན་རྗེ་གཤེད་འགུགས་པ། །ཉོན་མོངས་དེ་བདུད་མཐར་འཛིན་ལྷ། །བརྩོན་དག་འཇུག་བྱེད་ཤེས་མཐར་བྱེད། །སྐྱེ་སྒྲིབ་འཆི་བདག་ལོག་པར་ལྟ། །
དྲན་དག་འཆིང་བྱེད་རྟ་མགྲིན་ནོ། །ལས་དང་ལྷ་བདུད་མཆོག་འཛིན་ལྷ། །ཏིང་འཛིན་མགུ་མཛད་བདུད་རྩི་འཁྱིལ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །ངོ་བོ་ཉིད་དེ་རྣམ་བཞི་ནི། །ཐུགས་སོགས་རྡོ་རྗེ་ཡེ་ཤེས་སེམས། །ཕྱག་རྒྱ་བཞི་ཞེས་བཤད་པ་ཡིན། །རྣམ་པར་རྟོག་པ་དང་བྲལ་
ཕྱིར། །གཏིང་དཔག་དཀའ་བས་ཟབ་མོ་སྟེ། །ཕྱག་རྒྱ་ཆེན་པོར་རབ་སྣང་བ། །རང་གཞན་སྨིན་བྱེད་གསལ་བ་པོ། །ཟབ་མོ་དང་ནི་ཡང་དག་གསལ། །ཤེས་རབ་ཐབས་ཀྱི་བདག་ཉིད་དེ། །མཐའ་གཉིས་སྐྱོན་ནི་རབ་བཀག་པས། །དུས་ཐམས་ཅད་དུ་དབྱེར་མེད་དོ། །དེ་བཞིན་སློབ་
མ་དབང་བསྐུར་དང་། །དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་གྱི། །སྒྲུབ་པའི་ཐབས་ནི་རབ་བསྟན་པས། །གང་ཟག་གཉིས་སུ་ཤེས་པར་བྱེད། །གཟུགས་བརྙན་གླེགས་བམ་ལ་སོགས་པ། །ཡོད་ན་ཁྱོད་ཀྱིས་རབ་གནས་མཛོད། །དེ་ནི་ཇི་སྲིད་བར་དུ་ནི། །སེམས་ཅན་དོན་དུ་འགྱུར་
བའོ། །དེ་ལྟར་ལུང་བསྟན་དབུགས་དབྱུང་དང་། །བཀའ་སྩལ་པ་ཡིས་དབང་བསྐུར་ནས། །བསྐྱེད་པའི་རིམ་པ་ཀུན་བསྟན་ཏེ། །བཀའ་ལུང་གཡར་གྱི་བླང་བའོ། །བུམ་པའི་དབང་གི་ཆོ་གའོ། །ལོ་འམ་ཡང་ན་ཟླ་བ་རུ། །རིག་དང་སློབ་དཔོན་དབང་ཐོབ་པས། །ལུས་དང་
เล่ม ๔๔ · หน้า 23a
ཟང་ཟིང་ཐབས་དང་བཅས། །སྤྱོད་པ་མཆོག་གིས་བླ་མ་བཀུར། །རིན་ཆེན་སྣ་བདུན་ལ་སོགས་པ། །རྗེས་སུ་མཐུན་པ་དབུལ་བྱ་སྟེ། །བླ་མ་དགྱེས་པར་བྱེད་པའི་ཆེད། །བུ་མོ་གཞོན་ནུ་གཟུགས་བཟང་བ། །རྒྱན་ལྡན་དམ་སྡོམ་དབང་བཅས་པ། །ལུས་རྒྱས་
མཛེས་པ་དབུལ་བྱས་ནས། །བླ་མའི་གཡོན་དུ་བུ་མོ་བཞག །རྒྱལ་པོ་མུ་སྟེགས་ཆོམ་རྐུན་གྱིས། །གནོད་མེད་དབེན་པའི་ས་ཕྱོགས་སུ། །མཆོག་གི་དྲིས་བྱུགས་པད་སོགས་གདན། །བླ་རེ་རྒྱལ་མཚན་སོགས་ཀྱིས་བཀླུབས། །རོལ་མོ་སིལ་སྙན་སྣ་ཚོགས་སྒྲས། །གོང་གི་
འཁོར་རམ་ཡང་ན་སྐུ། །ཚོགས་ཀྱི་མཆོད་པ་ཆེན་པོ་ཡིས། །དབྱེར་མེད་འཁོར་ལོ་མཆོད་བྱས་ནས། །མེ་ཏོག་སྙིམ་བཀང་གསོལ་བ་གདབ། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་སོགས། །པུས་བཙུགས་ཐལ་སྦྱར་མགྲིན་དམའ་བས། །གསང་བ་མཆོག་གི་སྡོམ་པ་ཆེ། །ཡང་དག་
བླངས་ནས་བསྲུང་བར་བྱ། །ཇི་ལྟར་དབང་བསྐུར་སོགས་ཚུལ་གྱིས། །སངས་རྒྱས་ལ་སོགས་ཐོབ་པ་བཞིན། །བྱང་ཆུབ་སྤྱོད་པ་གཞན་གྱིས་ནི། །འདུལ་བའི་དགེ་བ་དེ་བཞིན་མེད། །དེ་བས་དམ་ཚིག་བུས་སྲུངས་ཤིག །རྟག་ཏུ་སྡོམ་པ་ཡང་སྐྱོངས་ཤིག །ཤ་ལྔ་བདུད་རྩི་ལྔ་
བཟའ་སྟེ། །དེ་ལས་གཞན་ཡང་དམ་ཚིག་སྲུངས། །དཀོན་མཆོག་བླ་མ་བརྙས་བྱེད་གཞོམ། །གཞན་གྱི་བུད་མེད་སྤྱད་པ་དང་། །མ་བྱིན་པར་ཡང་བླངས་བྱས་ནས། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །རྣལ་འབྱོར་རྒྱུད་ལས་གསུངས་པ་བཞིན། །དེ་ནི་ཆོ་ག་བཞིན་དུ་སྲུངས། །དེ་ལྟར་བྱའོ་
ཞེས་གསོལ་ནས། །ཡང་ན་མེ་ཏོག་ཕྲེང་བ་གཏོར། །ཐལ་མོ་སྦྱར་ནས་གསང་བ་ཡི། །དབང་ནོད་ཕྱིར་ནི་གསོལ་བ་གདབ། །རྡོ་རྗེ་སེམས་ཁྱོད་ལ་སོགས་པ། །ཚིགས་བཅད་ལྔ་ཡིས་ལན་གསུམ་དུ། །ཞུགས་ནས་སློབ་མ་དམ་པ་ནི། །མཛེས་པའི་ཆས་ལྡན་གྱིས་བྱའོ། །དེ་ནས་བླ་
མ་ཡོན་ཏན་མཚོ། །མཆོག་གི་མཆོག་གིས་དེ་གསན་ནས། །ཞལ་ནི་མདངས་དང་ལྡན་བྱས་ནས། །སྙིང་རྗེ་དེ་ལ་བསྐྱེད་པར་བྱ། །གཟུགས་སོགས་ཕུན་སུམ་ཚོགས་ལྡན་པའི། །ལྷ་མོ་དེ་ནི་བྱིན་བརླབས་ནས། །ཐུབ་པའི་དབང་པོ་ཞུགས་བྱས་ནས། །རྡོ་རྗེ་ནང་དུ་གནས་པར་བྱ། །མཐེ་
เล่ม ๔๔ · หน้า 23b
བོ་སྲིན་ལག་གིས་བཀབ་ནས། །སློབ་མ་དཔལ་ལྡན་སྣང་མཛད་ཁར། །སྤྲོ་བའི་སྔགས་ཀྱིས་ཕབ་ནས་སུ། །གཉི་གས་འདི་ནི་བརྗོད་པར་བྱ། །ཨ་ཧོ་ཨ་ཧོ་སུ་ཁ་ཧོ། །གཞན་ཡང་བློ་ཡི་བྱེ་བྲག་གིས། །དབང་བསྐུར་བྱས་ནས་མགྲིན་པ་རུ། །དེ་ཉིད་མྱོང་བར་བྱས་ནས་སུ། །དེ་
ནས་འདི་ཡིས་བསྔགས་པའོ། །དེ་འདི་རྡོ་རྗེ་ཐམས་ཅད་ཀྱི། །དབང་བསྐུར་མཆོག་ཏུ་བསྔགས་པ་སྟེ། །ཐམས་ཅད་སྔགས་ནི་འགྲུབ་འགྱུར་ཏེ། །ལས་མཆོག་ཁྱད་པར་ཅན་ཡང་འགྲུབ། །ཟླ་བ་ཟ་བ་རབ་བྱུང་བ། །ལུང་བསྟན་དབུགས་དབྱུང་བཀའ་སྩལ་པ། །འོག་ནས་འབྱུང་
བཞིན་སྦྱིན་པར་བྱ། །རྡོ་རྗེ་བཟླས་པས་ཕྱི་ནང་ཚོགས། །སྒྱུ་མ་སྨིག་རྒྱུ་ལ་སོགས་པའི། །འདོད་དོན་ཕྱག་མཚན་མདོག་དང་དབྱིབས། །བསམ་མི་ཁྱབ་པའི་རྣམ་སྨིན་སྐུ། །བསྒོམ་པ་ལ་གནས་དེ་བསྒོམ་གཞུག །གསང་བའི་དབང་གི་ཆོ་གའོ། །དེ་བཞིན་གོང་མའི་རིམ་པ་ཡིས། །
མཚན་དང་ལྡན་པའི་རིག་པ་ཆེ། །བཙལ་ཏེ་བླ་མ་དག་ལ་ཡོན། །རྗེས་མཐུན་དང་བཅས་དབུལ་བར་བྱ། །སྔོན་བཞིན་གསོལ་བཏབ་སྡོམ་པ་བླངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རང་རྒྱལ་དེ་བཞིན་ཏེ། །སྐུ་གསུང་ཐུགས་སུ་སྦྱོར་བ་ན། །ཕྱག་འཚལ་ན་ནི་མ་རུང་
འགྱུར། །ཀུན་དུ་རྡོ་རྗེ་སེམས་དཔའ་ཡི། །ལུས་ངག་ཡིད་ཀྱི་དཀྱིལ་འཁོར་ལ། །བསམ་གཏན་རྡོ་རྗེ་གསུམ་སྦྱོར་བས། །སྔགས་ཟློས་པས་ནི་བསམ་གཏན་བྱ། །མདོར་ན་སེམས་ཅན་ཐམས་ཅད་ནི། །བསམ་གཏན་རྡོ་རྗེ་བསྐུལ་བར་བྱ། །དེ་འདི་རྡོ་རྗེ་ཐམས་ཅད་ཀྱི། །དམ་ཆོས་རབ་ཏུ་
བསྟན་པའོ། །དཀྱིལ་འཁོར་དག་ཀྱང་ཡང་མི་བྲི། །གླེགས་བམ་བཀླག་པར་མི་བྱ་ཞིང་། །མཆོད་རྟེན་དག་གི་ལས་མི་བྱ། །རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ། །གལ་ཏེ་བྱང་ཆུབ་མཆོག་འདོད་ན། །ལག་པའི་ཕྱག་རྒྱ་མི་བཅིང་ངོ་། །དེ་ལྟར་བྱ་ཞེས་གསོལ་བར་བྱ། །ཡང་ནི་མེ་ཏོག་གཏོར་
བྱས་ནས། །མཆོད་སྦྱིན་རྡོ་རྗེ་ལ་སོགས་པའི། །ཚིགས་བཅད་ལན་གསུམ་གསོལ་བཏབ་ནས། །ཤེས་རབ་ཡེ་ཤེས་ཡང་དག་བླང་། །དེ་ནས་ལྷ་མོ་བདག་ཉིད་དང་། །དམ་ཚིག་སྡོམ་པའི་མཆོག་སྨྲས་ནས། །བདེ་ཆེན་ཟ་མ་ཏོག་གི་ནི། །ལྷ་མོའི་བསྔགས་པ་རབ་ཏུ་བརྗོད། །དེ་དག་
เล่ม ๔๔ · หน้า 24a
མདུན་དུ་གནས་པའི་ལག །གཡས་གཡོན་འོག་དང་སྟེང་བཞག་ནས། །བྱིན་གྱིས་བརླབས་པའི་ལྷ་མོ་འདི། །སྔགས་འདི་ཡིས་ནི་སྦྱིན་པར་བྱ། །ཡིད་འོང་གཟུགས་མ་འདི་ཉིད་ནི། །སངས་རྒྱས་ཀུན་གྱི་སྤྱོད་དུ་གནང་། །དཀྱིལ་འཁོར་འཁོར་ལོ་རིམ་པ་ཡིས། །
དམ་པའི་བདེ་བ་ཁྱོད་ཀྱིས་མྱོང་། །དེ་ནས་རབ་མཉམ་བཞག་པ་ཡིས། །དལ་བའི་བྱ་བ་རྣམ་གསུམ་གྱིས། །རྡོ་རྗེ་སྐྱིལ་ཀྲུང་ནང་དུ་སེམས། །རིན་ཆེན་དཀྱིལ་དུ་རྟོགས་པ་བྱ། །རང་གི་ལྷ་ཡི་འཁོར་ལོར་ལྡན། །དབྱིངས་ཀྱི་དབང་ཕྱུག་དང་འབྲེལ་པ། །ཡོལ་བས་བཅད་དེ་བདེ་མྱོང་ལ། །
སྔོན་བཞིན་དབང་བསྐུར་བྱས་ནས་ཐིམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། གཏི་མུག་རང་བཞིན་གཏི་མུག་སྦྱོར། །གཏི་མུག་དགའ་དང་ཡང་དག་ལྡན། །གཏི་མུག་རྒྱུན་གྱིས་དབང་བསྐུར་ན། །གཏི་མུག་རྡོ་རྗེའི་བདག་ཉིད་འགྱུར། །ཞེ་སྡང་རང་བཞིན་ཞེ་སྡང་སྦྱོར། །
ཞེ་སྡང་དགའ་མ་དང་ལྡན་པར། །ཞེ་སྡང་རྒྱུན་གྱིས་དབང་བསྐུར་ན། །ཞེ་སྡང་རྡོ་རྗེའི་བདག་ཉིད་འགྱུར། །འདོད་ཆགས་རང་བཞིན་འདོད་ཆགས་སྦྱོར། །འདོད་ཆགས་དགའ་དང་ཡང་དག་ལྡན། །འདོད་ཆགས་རྒྱུན་གྱིས་དབང་བསྐུར་ན། །འདོད་ཆགས་རྡོ་རྗེའི་བདག་ཉིད་འགྱུར། །
ཤེས་རབ་ཡེ་ཤེས་བདག་སྦྱར་ན། །རྡོ་རྗེ་དགའ་མ་དང་ལྡན་པར། །ཡེ་ཤེས་རྒྱུན་གྱིས་དབང་བསྐུར་ན། །ཤེས་རབ་ཡེ་ཤེས་བདག་ཉིད་འགྱུར། །ཤེས་རབ་ཡེ་ཤེས་སོ། །དེ་ནས་བླ་མས་གཡོན་པ་ཡི། །ཕྱག་ནི་སློབ་མའི་སྤྱི་བོར་བཞག །དེ་བཞིན་གཤེགས་ཀུན་དཔང་བྱས་ལ། །
རིག་པའི་བརྟུལ་ཞུགས་སྦྱིན་པའོ། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །དེ་བས་རིག་མ་འདི་ནི་མཆོག །ཆོས་ཀུན་གཉིས་སུ་མེད་པ་ལ། །གཉིས་ཀྱིས་རྣམ་པར་མཚོན་པ་ཡིན། །དེ་བས་རྟག་ཏུ་འཁོར་བ་རུ། །ཁྱེད་ཀྱིས་འབྲལ་བར་མ་བྱེད་ཅིག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །
རིག་པའི་བརྟུལ་ཞུགས་བླ་ན་མེད། །བླུན་ཆེན་གང་ཞིག་འདའ་བྱེད་ན། །མཆོག་གི་དངོས་གྲུབ་དེ་ལ་མེད། །དེ་ལྟར་དེ་བཞིན་གཞིར་ཡང་གྲགས། །སྔོན་བཞིན་གཉིས་ནི་རྒྱས་བཏབ་པས། །གསལ་ཞིང་རབ་དགའ་མཁའ་འདྲ་བའི། །མན་ངག་ཏུ་ནི་དེ་ཉིད་བརྟག །བླ་མ་དེ་བཞིན་
เล่ม ๔๔ · หน้า 24b
གཤེགས་གྱུར་ན། །སྙིང་གར་ཁུ་ཚུར་ཆོས་གོས་གཡོན། །གཡས་པས་མཆོག་སྦྱིན་ཕྱག་རྒྱ་བྱ། །བདག་ཉིད་བཞེངས་ནས་ལུང་སྟོན་བྱ། །ཨོཾ་ཁྱོད་ལ་བདག་གིས་ལུང་འདི་སྟོན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པའི་ངན་འགྲོ་ཐར་བྱས་ནས། །ཡང་དག་སྲིད་པ་
གྲུབ་པའི་ཕྱིར། །ས་བླ་ས་སྟེང་ས་འོག་ཏུ། །ཀྱེ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། །རང་བྱུང་རང་ཉིད་གྲུབ་གྱུར་ཅིག །སྔགས་པ་གང་ལ་ལུང་འདི་བསྟན། །དེ་ནི་འགྲོ་བ་ཀུན་གྱི་གཙོ། །བླ་ན་མེད་པའི་བྱང་ཆུབ་ལ། །བདེ་གཤེགས་ཀུན་གྱིས་ལུང་བསྟན་ཡིན། །ལུང་བསྟན་པའོ། །ཇི་
ལྟར་དབང་བསྐུར་ཐོབ་པ་ཡིས། །སློབ་མས་ཡོན་ཏན་བརྗོད་པར་མོས། །དམ་ཚིག་གསུམ་གྱིས་དབུགས་ཕྱུང་ནས། །འདི་ཡིས་བསྔགས་པ་བརྗོད་པའོ། །དམ་ཚིག་གསང་ཆེན་དཀྱིལ་འཁོར་ལ། །རབ་ཏུ་ཞུགས་ནས་མཐོང་བས་ན། །ཁྱོད་ནི་སྡིག་པ་ཀུན་ལས་གྲོལ། །དེ་རིང་ཤིན་ཏུ་
ཁོ་ནར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་ཤི་བ་ཡོང་མེད་དེ། །མི་ཐུབ་མི་ཤིགས་གཞན་གྱིས་ཀྱང་། །རོལ་ཞིང་འཇིགས་པར་ག་ལ་འགྱུར། །སྡུག་བསྔལ་སྲིད་ལས་མྱ་ངན་འདས། །སྲིད་པ་གཏན་དུ་དག་པའི་ཕྱིར། །ཡང་དག་འབྱུང་བ་སྟོན་པའི་མཆོག །སྲིད་པ་
གཏན་དུ་དངོས་གྲུབ་པོ། །དངོས་གྲུབ་དམ་ཚིག་སྡོམ་པ་འདི། །རིག་མ་རྟག་ཏུ་བསྲུང་བར་བྱ། །དམ་པའི་ཤེས་རབ་བསྟན་པ་ནི། །སངས་རྒྱས་ཀུན་དང་མཉམ་པར་གསུངས། །བྱང་ཆུབ་སེམས་ནི་སྤང་མི་བྱ། །གང་ཞིག་རྡོ་རྗེ་ཕྱག་རྒྱ་ཞེས། །དེ་ནི་བསྐྱེད་པ་ཙམ་གྱིས་ཀྱང་། །སངས་རྒྱས་
ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ནི་སྨད་མི་བྱ། །མ་རིག་པ་དང་གཏི་མུག་གིས། །དེ་ནི་བོར་བར་མི་བྱའོ། །རང་བདག་ཡོངས་སུ་སྤངས་པ་དང་། །དཀའ་ཐུབ་སྡུག་བསྔལ་གཟིར་མི་བྱ། །ཇི་ལྟར་བདེ་བ་འདི་བཟུང་ནས། །རྫོགས་སངས་རྒྱས་པ་འདི་ལས་འབྱུང་། །རྡོ་རྗེ་དྲིལ་བུའི་ཕྱག་
རྒྱ་རྣམས། །ནམ་ཡང་སྤང་བར་བྱར་མི་རུང་། །བླ་མ་སངས་རྒྱས་དང་མཉམ་ཕྱིར། །རྡོ་རྗེ་སློབ་དཔོན་སྨད་མི་བྱ། །དེ་ནི་སངས་རྒྱས་ཀུན་མཉམ་ཕྱིར། །སློབ་དཔོན་ལ་ནི་སྨོད་བྱེད་ན། །སངས་རྒྱས་ཐམས་ཅད་སྨད་པ་ཡིན། །དེས་ནི་རྟག་ཏུ་སྡུག་བསྔལ་ཐོབ། །རིམས་དང་འོར་དང་དུག་དང་ནད། །མཁའ་
เล่ม ๔๔ · หน้า 25a
འགྲོས་གཙེས་དང་བཟུང་བ་དང་། །བགེགས་དང་ཚོགས་བདག་དྲག་པོ་ཡིས། །བསད་ནས་དམྱལ་བར་འགྲོ་བར་འགྱུར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །མཆོག་གི་དགེ་བ་མངོན་འགྱུར་བའི། །རྡོ་རྗེ་སློབ་དཔོན་བླ་ཆེན་ལ། །ནམ་ཡང་བརྙས་པར་བྱར་མི་རུང་། །
གུས་པས་བླ་མ་ཡོན་དུ་ནི། །རྗེས་སུ་འཐད་པས་དབུལ་བར་བྱ། །དེས་ནི་རིམས་ནད་ལ་སོགས་པ། །ཕྱི་ནས་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་བསྒྲུབ། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །སངས་རྒྱས་ཀུན་དང་དེ་མཉམ་ཕྱིར། །དེ་བྱིན་
སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་པས། །ཚོགས་ལ་བྱང་ཆུབ་མཆོག་ཏུ་འགྱུར། །ཅི་ཕྱིར་ཤིན་ཏུ་འདིར་གནས་པས། །ཁྱེད་ཀྱི་ཚེ་འདི་འབྲས་བུར་བཅས། །དམ་ཚིག་ལྷ་དང་མཉམ་པ་རུ། །གནས་པར་ཐེ་ཚོམ་མེད་པའོ། །རྡོ་རྗེ་
དང་བཅས་སངས་རྒྱས་ཀྱིས། །དེ་རིང་ཁྱེད་རྣམས་དབང་བསྐུར་བས། །རྒྱལ་པོ་ཆེན་པོ་ཁམས་གསུམ་ན། །རྒྱལ་པོ་གཙོ་བོ་བརྟན་པར་འགྱུར། །དེ་རིང་བདུད་རྣམས་རྣམ་བཅོམ་ནས། །གཞལ་ཡས་ཁང་མཆོག་དུ་ཆུད་ཕྱིར། །སངས་རྒྱས་ཉིད་ཕྱིར་དེ་ཁོ་ནར། །ཁྱབ་བདག་གིས་ནི་
ཐེ་ཚོམ་མེད། །རབ་ཏུ་དང་བའི་ཡིད་ཀྱིས་ནི། །རྡོ་རྗེ་དེ་དག་ཀུན་མཛོད་ཅིག །ཟད་མེད་རང་གི་དམ་ཚིག་བདེ། །བདེ་བར་སེམས་བསྐྱེད་ལ་བསྙེན་ཅིང་། །མྱུར་བར་འགྲོ་བའི་བདེ་ཆུ་རུ། །རྡོ་རྗེ་སེམས་དཔའ་འདྲ་བ་ཡི། །མཉམ་པ་དེ་རུ་གྱུར་ནས་སུ། །ཁྱོད་རྣམས་དེ་ལ་འགྲོ་བར་ཤོག །
དབུགས་དབྱུང་བའོ། །དེ་ནས་སློབ་མས་ཕྱག་འཚལ་ཏེ། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །སོགས་པའི་ཚིག་གིས་ཐམས་ཅད་ཀུན། །གནང་བའི་དབང་ནི་བླང་བར་བྱ། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །སེམས་ཅན་རང་བཞིན་དུ་འགྲོ་བགྱིས། །དེ་ལྟ་དེ་ལྟར་སེམས་ཅན་དོན། །འདོད་
ཆགས་ལ་སོགས་དག་པར་བྱ། །ཉིན་རེ་ཡི་ནི་མཚམས་གསུམ་ལ། །ཏིང་འཛིན་གསུམ་གྱི་སྦྱོར་ལྡན་ནི། །བསྒྲུབས་ནས་སྒྲུབ་པ་ཐུན་མོང་དང་། །ཅིག་ཤོས་དངོས་གྲུབ་བསྒྲུབ་པར་བྱ། །མི་སྣང་སྟོང་ནི་ཆུང་ངུ་ལ། །མངོན་ཤེས་ཉི་སྟོང་བར་མ་ལ། །རིག་འཛིན་དག་ནི་སྟོང་གསུམ་
เล่ม ๔๔ · หน้า 25b
ལ། །རྡོ་རྗེ་འཛིན་པ་འགྲོ་ཀུན་གཙོ། །ཞི་བ་རྒྱས་པ་སོགས་ལས་གང་། །དེ་ལས་གཞན་ནམ་གང་འདོད་ལ། །དཀྱིལ་འཁོར་ཀུན་དུ་ཆགས་སྦྱོར་ན། །བསྒྲུབ་པ་མྱུར་དུ་འགྲུབ་པར་འོང་། །རྡོ་རྗེ་བདག་པོ་ཐམས་ཅད་ཀྱིས། །འདོད་ཆགས་དེ་ཉིད་དོན་བསམས་ཏེ། །སེམས་ཅན་ཐམས་
ཅད་ཕན་བྱེད་པའི། །བྱང་ཆུབ་འདོད་ཆགས་ལས་སྐྱེས་མཛད། །དེ་བས་བྱང་ཆུབ་འདོད་བསྔགས་པས། །སྐུ་གསུང་ཐུགས་ནི་བསྒོམ་བྱས་ཏེ། །ཆོ་ག་བཞིན་དུ་ལས་བྱེད་ན། །དེ་ཀུན་རྟོགས་པར་འགྱུར་བ་ཡིན། །དེ་དག་བྱང་ཆུབ་ཐོབ་འདོད་ཀུན། །དགའ་བའི་སེམས་ཀྱིས་
ཐམས་ཅད་དབུལ། །གང་ཞིག་ཕོངས་པས་ཡིད་མི་བདེ། །དད་པའི་མཆོག་ལྡན་དེ་ཡིན་ནོ། །བཀའ་སྩལ་པའི་དབང་ངོ་། །དད་པ་མཆོག་ཏུ་གུས་ལྡན་པས། །བླ་མའི་ཞབས་ནི་སྤྱི་བོར་བླང་། །ཇི་ལྟར་རྗེ་བཙུན་བཀའ་སྩལ་ལྟར། །དེ་ལྟར་བྱ་ཞེས་སྤྱན་སྔར་གསོལ། །བཀྲ་
ཤིས་སྨོན་ལམ་དང་ལྡན་པར། །ཡང་དག་གནས་པར་གྱུར་ཅིག་བརྗོད། །སྣོད་རུང་བྱས་པའི་སློབ་མ་ལ། །བླ་མ་ཤིན་ཏུ་དགྱེས་པ་ན། །དེ་དག་ཀུན་ལས་གསང་བ་དང་། །རབ་གསང་ཤིན་ཏུ་གསང་བ་ཡི། །བསྒྲགས་མིན་མནའ་ཡིས་བཏབ་བྱས་ནས། །སོམ་ཉི་མེད་པར་བཤད་
པར་བྱ། །འབྱོར་ལྡན་སློབ་མ་ཀུན་ཚོགས་ནས། །སྦྱིན་སྲེག་གནས་སུ་གནས་བྱས་ནས། །བླ་མ་སློབ་མ་སྦྱོར་བར་ལྡན། །མར་ལ་སོགས་པ་རྒྱ་ཆེན་རྣམས། །སློབ་མས་གཡོན་པའི་མཐེ་བོང་ནི། །བླ་མའི་གཡས་པའི་མཐེ་བོང་དང་། །གུང་མོ་ཡིས་ནི་གཟུང་བྱས་ནས། །སྡིག་པ་
རྣམས་ནི་ཞི་བར་བྱ། །དེ་བཞིན་དེ་རུ་ས་བདག་དང་། །ཕྱོགས་སྐྱོང་རྒྱལ་པོ་ལ་སོགས་པ། །ཞི་བར་བྱ་ཕྱིར་བདུན་ནམ་ནི། །ཡང་ན་གསུམ་མམ་གཅིག་ཏུ་བྱའོ། །བདག་ཉིད་བཤད་དང་ཉན་པ་དང་། །བསམ་དང་བསྒོམ་དང་དངོས་གྲུབ་བསྒྲུབ། །ཐ་ན་འཇིག་རྟེན་ལས་གྲུབ་དང་། །ཁྱོད་ཀྱིས་
གྲོགས་ནི་མཛོད་ཅིག་ཅེས། །གསོལ་བ་བཏབ་ནས་གཤེགས་སུ་གསོལ། །སྔོན་བཞིན་མཆོད་པ་ཐམས་ཅད་དང་། །གླུ་གར་སིལ་སྙན་ལ་སོགས་དང་། །བཟའ་དང་བཏུང་བའི་མཆོག་རྣམས་ཀྱིས། །བདག་གཞན་འཁོར་ལོ་མཉེས་པར་བྱ། །དེ་ནས་པོག་སྣོད་ལག་ཐོགས་ཏེ། །
เล่ม ๔๔ · หน้า 26a
དྲིལ་བུ་གསིལ་ནས་པུས་མོ་བཙུགས། །ཡེ་ཤེས་འཁོར་ལོ་ཐམས་ཅད་ཀུན། །སྔགས་འདིས་གཤེགས་སུ་གསོལ་བའོ། །ཨོཾ་སེམས་ཅན་ཀུན་དོན་མཛད་ནས་སུ། །དངོས་གྲུབ་སྩལ་ཏེ་རིགས་པ་བཞིན། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །
ཡང་ནི་འབྱོན་པར་མཛོད་ཅིག་མུཿ། །དེ་བཞིན་ཨོཾ་དང་ཨཱཿདང་ཧཱུྃ། །བརྗོད་པས་ཏིང་འཛིན་འཁོར་ལོ་རྣམས། །རྡོ་རྗེ་གསུམ་ལ་བསྡུ་བྱས་ནས། །དེ་ཡང་ནམ་མཁའ་ལྟ་བུར་མོས། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུ་ཏྤ་ནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་བརྗོད་པས། གཟུགས་བརྙན་
སྟོང་པ་ཉིད་དམིགས་ལ། །སྣོད་གཙང་མ་རུ་བསྡུས་ནས་སུ། །འདོད་པ་ལ་ནི་ཉུང་ཤས་སྦྱིན། །ལྷག་མ་ཆུ་ཡི་སྐྱེ་བོ་སོགས། །ཕན་ཕྱིར་གདུགས་དང་རྒྱལ་མཚན་དང་། །འཕན་སོགས་སིལ་སྙན་རབ་ལྡན་པ། །དགེ་འདུན་ཚོགས་ཀྱིས་བཏེག་ནས་སུ། །ཆུ་བོ་ཆེན་པོར་བླུག་པར་བྱ། །
རྡོ་རྗེ་རྩེ་མོས་རི་མོ་དབྱི། །བུམ་པ་བླ་རེ་ལ་སོགས་པ། །སྤྱད་རུང་བླ་མས་བླང་བྱ་སྟེ། །ལྷག་མ་གོང་བཞིན་དོར་བར་བྱ། །དཀྱིལ་འཁོར་འདི་རུ་གཟུགས་བརྙན་དང་། །གླེགས་བམ་ལ་སོགས་རབ་གནས་ཀྱི། །ཆོ་ག་བྱ་བ་གཞན་དུ་བཤད། །མཁས་པ་རྣམས་ཀྱི་དེར་ཤེས་བྱ། །འདི་ནི་
དང་པོ་རྣལ་འབྱོར་པའི། །དཀྱིལ་འཁོར་ཆོ་ག་དང་པོར་གསུངས། །གཞན་དུ་ཁྱད་པར་མ་གཏོགས་པ། །ཆོ་ག་རྒྱས་པར་འདིར་ཤེས་བྱ། །ཅུང་ཟད་ཡེ་ཤེས་དབང་ཐོབ་པས། །འབེབས་པའི་ཆོ་གས་བྲི་བར་གསུངས། །ཁམས་གསུམ་སྐྱེ་བོས་སྨོན་འཛུགས་ཕྱིར། །རྣམ་པ་གཞན་དུ་
མི་བྱའོ། །རི་རྩེ་ཉམས་ནི་དགའ་བ་དང་། །ནགས་ཚལ་རབ་ཏུ་དབེན་པའམ། །མཆོད་རྟེན་ཀུན་དགའ་ར་བ་སོགས། །དགོན་པའི་གནས་སུ་སྤྱད་བྱའོ། །བུ་མོ་ལོ་གྲངས་བཅུ་གཉིས་མ། །དེ་བཞིན་བཅུ་གཉིས་ལོན་པའི་ཁྱེའུ། །ཆོ་རིགས་བཙུན་ཞིང་དྲང་པོར་སྐྱེས། །རྨ་སོགས་སྤངས་
དང་བཞིན་མཛེས་ཤིང་། །སོ་ཡི་ཐགས་བཟང་རབ་གཙང་བ། །སྐྲ་གནག་མིག་དཀྱུས་རིང་བ་དང་། །རང་བཞིན་དུལ་བ་རིག་པ་ཆེ། །བཟུང་ནས་དབབ་པར་རབ་ཏུ་བརྟག །དེ་ལ་གོང་དུ་སྨོས་པ་དང་། །སྣོད་རུང་སོགས་ཀྱིས་ཞུས་ནས་སུ། །དེ་རྣམས་དོན་དུ་ཚོགས་སྐྱེད་ཕྱིར། །རྣམ་པར་
เล่ม ๔๔ · หน้า 26b
དག་པའི་བཟླས་པ་བྱ། །དེ་བཞིན་ས་བཙལ་ལ་སོགས་ནས། །སྦྲན་པའི་ཆོ་གའི་བར་བྱས་ནས། །ལྷ་དང་བུམ་པ་སེམས་ཅན་རྣམས། །སྟ་གོན་དུ་ནི་གནས་པར་བྱ། །ཐིག་སྐུད་རྡུལ་ཚོན་བྱིན་བརླབས་ན། །གོང་གསུངས་སྣོད་ནི་ཁྲུས་བྱས་ཏེ། །གོས་དང་རྒྱན་གྱིས་རབ་བཀླུབས་ཏེ། །རི་སྐ་
ལ་སོགས་ཀྱིས་བདུག་བྱ། །དེ་ཡི་གནས་གསུམ་སྔ་མ་བཞིན། །དབང་ཆེན་ཆུ་དང་རླུང་དཀྱིལ་འཁོར། །ཡི་གེ་གསུམ་གྱི་བྱིན་བརླབས་ལ། །རྐང་མཐིལ་གཉིས་སུ་སྐུལ་བྱེད་པ། །རླུང་གིས་སྦར་བས་སྡིག་པ་བསྲེག །ཡེ་ཤེས་ཡང་དག་དབབ་པའི་ཕྱིར། །རིགས་གསུམ་བདག་
ཉིད་རྡོ་རྗེ་དྲིལ། །འཇིགས་རུང་གར་དང་བཅས་པ་ཡིས། །དེ་ཡི་སྙིང་ག་ཕྱེ་བྱས་ནས། །ཆུ་དང་མར་བཞིན་རོ་གཅིག་གྱུར། །གཟི་བྱིན་ལ་སོགས་ལྡན་གྱུར་ན། །བབས་པའི་རྟགས་ཀྱིས་ཤེས་པར་བྱ། །སྤྱན་དང་རྣམ་པར་སྣང་མཛད་ཞུགས། །ཁྲུ་གང་ཙམ་མམ་ཁྲུ་དོ་འམ། །ཁྲུ་ལྔ་
ཙམ་མམ་བརྒྱད་ཙམ་དུ། །འཇིགས་ཤིང་སྐྲག་ཚུལ་འབར་བར་འགྱུར། །སྣང་བ་མཐའ་ཡས་གོས་དཀར་ཞུགས། །ཕྲེང་བའི་སྔགས་དང་དབྱུང་བའི་སྔགས། །དེ་བཞིན་སྙིང་པོ་རིག་པ་སོགས། །མ་བསླབས་པར་ཡང་བརྗོད་པར་འགྱུར། །མི་བསྐྱོད་མཱ་མ་ཀཱི་བབས་པས། །འདས་
དང་མ་འོངས་དུས་དག་གི། །ཇི་ལྟར་བྱུང་འབྱུང་དངོས་པོ་རྣམས། །སྐད་ཅིག་གིས་ནི་ཡང་དག་སྟོན། །དེ་ནས་སྔགས་ཀྱིས་བསྟན་པར་བྱ། །དེ་གཉིས་བླ་མ་སློབ་མའི་ཚུལ། །ཐིག་འདེབས་དང་ནི་ཚོན་འགྱེད་དང་། །ཕྱག་རྒྱའམ་སྐུ་སོགས་འགོད་པར་བྱེད། །དེ་ནས་མདུན་དུ་འདུག་བྱས་
ནས། །ཇི་ལྟར་བགྱི་ཞེས་བཀའ་ནོད་བྱེད། །མཆོད་པ་སྣ་ཚོགས་རབ་བྱས་ལ། །ཡེ་ཤེས་ལྷ་ནི་གཤེགས་སུ་གསོལ། །སྣོད་གཉིས་ཟས་དང་སྐོམ་རྣམས་དང་། །ཡོན་གྱིས་མཉེས་པར་བྱས་ནས་སུ། །གྲངས་ལྷག་རུང་བར་བྱ་བ་སྟེ། །རང་གི་གནས་སུ་གཏང་བྱའོ། །དེ་ནས་འཁོར་ལོ་
གནས་བསམ་དང་། །མཆོད་དང་ཞུགས་དང་དབང་བསྐུར་བ། །བསྡུ་བ་དང་པོ་རྣལ་འབྱོར་བཞིན། །ཆོ་ག་རྒྱས་པར་བྱ་བའོ། །འདིའམ་གོང་དུ་སློབ་མའམ། །གཞན་དོན་རབ་ཏུ་བྱ་བའི་ཕྱིར། །བྲི་བའི་གསུང་གི་ཆོ་ག་ནི། །གཞན་དུ་བཤད་པས་དེར་ཤེས་བྱ། །འདི་ནི་ཅུང་ཟད་དབང་གྱུར་
เล่ม ๔๔ · หน้า 27a
པའི། །བྲི་བའི་ཆོ་ག་གསུངས་པའོ། །སྒྲུབ་པ་ལ་ཡང་རི་མོ་ནི། །ཚུལ་འདི་དང་ནི་མཚུངས་ཞེས་བྱ། །ཡེ་ཤེས་དབང་སྒྱུར་རྣལ་འབྱོར་པས། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །དཀྱིལ་འཁོར་རྒྱལ་མཆོག་ལས་རྒྱལ་མཆོག །རྫོགས་པའི་བསམ་གཏན་
གྱིས་བསྒྲུབ་བྱ། །བླ་མའི་མན་ངག་རབ་ཐོབ་ཅིང་། །སྦྱོར་ཤེས་དེ་དག་ལྷུར་ལེན་པ། །རྟགས་ཤེས་དང་པོ་ཕ་རོལ་ཕྱིན། །ཡུལ་ལ་ཞེན་པ་དང་བྲལ་བའི། །བདག་ཉིད་ཆེན་པོ་ཉག་གཅིག་དེས། །དེ་འདྲའི་ས་བཅུ་མགོན་པོ་ཆེ། །རང་གི་ནུས་པ་དང་ཕྲད་པ། །མཉེས་བྱ་དེ་ཡིས་ཡང་དག་
བླང་། །མེ་ཏོག་ལ་སོགས་མཆོད་པའི་ཚོགས། །ཕྱི་རོལ་ནང་དུ་བཅས་སྔོན་སོང་། །ཐལ་སྦྱར་པུས་མོ་བཙུགས་ནས་ནི། །བླ་ཆེན་དེ་ལ་གསོལ་བ་བཏབ། །འཇིག་རྟེན་སྒྲོན་མཆོག་རྣལ་འབྱོར་ཀུན་ལ་འཕགས། །ཁྱོད་ནི་སྐྱོན་རྣམས་དག་པའི་ཕ་རོལ་ཕྱིན། །སྲིད་པའི་མཚོ་ལས་
སེམས་ཅན་ཀུན་སྒྲོལ་བ། །དེད་དཔོན་ཆེན་པོ་ཁྱེད་ལ་སྐྱབས་སུ་མཆི། །བདག་ཅག་ཐབས་བྲལ་འཁོར་བར་འཁྱམས་གྱུར་ཏེ། །མ་རིག་མུན་པས་བསྒྲིབས་པས་དམུས་ལོང་གྱུར། །སྡུག་བསྔལ་གྱིས་གཟིར་ཡང་དག་དོན་མ་རྙེད། །བདག་ཉིད་ཆེན་པོ་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །
དེ་སྐད་གསོལ་ནས་དེ་ཡི་ཚེ། །བླ་མ་བདག་ཉིད་ཆེན་པོ་དེས། །སྙིང་རྗེ་ཆེན་པོ་རབ་བསྐྱེད་ནས། །ཚིག་འདིས་གནང་བ་སྦྱིན་པའོ། །བུ་ཚུར་ཤོག་ཅིག་བསམ་གཏན་གྱི། །འཁོར་ལོ་ཆེན་པོ་ང་ཡིས་བསྟན། །ཁྱོད་ཀྱིས་ཀྱང་ནི་མཉམ་ཞོག་ལ། །ང་ཡི་བཀོད་པ་ལྟ་བར་གྱིས། །དེ་སྐད་
གསོལ་ནས་བསམ་གཏན་གྱི། །དཀྱིལ་འཁོར་རིམ་པ་འདི་ཡིས་བསྒོམ། །ལྷུན་གྱིས་གྲུབ་པའི་སྦྱོར་བ་ནི། །སྐད་ཅིག་ཡེ་ཤེས་ཀྱིས་རྫོགས་པའོ། །སངས་རྒྱས་འཁོར་ལོ་སྦྱར་བ་ཡིས། །བསམ་གཏན་འཁོར་ལོ་རབ་རྫོགས་བྱ། །ཡེ་ཤེས་འཁོར་ལོ་བསམ་གཏན་གྱིས། །འཁོར་
ལོ་ཅན་ཀུན་མངོན་སུམ་ཞུགས། །གོང་གསུངས་མཆོད་པའི་ཆོ་ག་ནི། །བསམ་གཏན་ལྡན་པས་མཉེས་པར་བྱ། །དེ་ཉིད་བརྗོད་པས་འཁོར་ལོ་བསྐུལ། །ཞུགས་སོགས་གོང་བཞིན་རབ་བྱས་ཏེ། །ཡེ་ཤེས་དབབ་པ་སྔོན་འགྲོ་བའི། །མཐོང་བའི་ཡུལ་བཞིན་རྣམ་པར་གནས། །
เล่ม ๔๔ · หน้า 27b
ཡེ་ཤེས་ཀྱི་ནི་འཁོར་ལོ་ལ། །གཉིས་མེད་འཁོར་ལོ་གཞུག་པར་བྱ། །དེ་ནས་བྱིན་གྱིས་བརླབས་བརྗོད་ལ། །ས་བཅུའི་མགོན་པོའི་དཀྱིལ་འཁོར་ལ། །དངོས་གྲུབ་རྟགས་ནི་ཤེས་བྱའི་ཕྱིར། །མེ་ཏོག་འདོད་པར་བྱ་བ་སྟེ། །སྐུའམ་དབུས་སུ་ནུབ་གྱུར་ན། །ཕྱག་རྒྱ་ཆེན་པོ་བསྒྲུབ་
པར་བྱ། །ཞལ་གྱི་དཀྱིལ་འཁོར་ལ་བབས་ན། །སྔགས་ཀྱི་དངོས་གྲུབ་ཐོབ་པར་བཤད། །ལྟེ་བའི་དབུས་སུ་རབ་བབས་ན། །ཐུན་མོང་དངོས་གྲུབ་བརྒྱད་འགྲུབ་བོ། །སྐུ་སྨད་ཆ་ནི་གར་འབབ་ཀྱང་། །ཞི་སོགས་དངོས་གྲུབ་འབྱུང་བའོ། །རིང་ཞིང་ཐལ་བས་དངོས་གྲུབ་ཀྱང་། །ད་དུང་
རྒྱང་རིང་འགྱུར་བའོ། །ཕྱག་རྒྱ་ཆེན་པོ་ཇི་ལྟ་བཞིན། །བསྒྲུབ་པས་ཇི་བཞིན་དུས་ཐོབ་བོ། །ཡེ་ཤེས་བབས་པའི་མཐུ་ཉིད་ཀྱིས། །དམན་མཆོག་གསུམ་དང་རང་གི་ལས། །ཇི་སྐད་བཤད་བཞིན་གྱིས་རབ་ཐོབ། །དེ་ལས་གཞན་པ་ཇི་སྙེད་པ། །བླ་མའི་ཡེ་ཤེས་སྟོབས་ཀྱིས་ནི། །སྦྱར་
བ་ཡིས་ནི་རྙེད་པའོ། །དེ་ནས་མཁའ་དབྱིངས་ཐམས་ཅད་ཀུན། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རིག་པའི་ལྷ་མོ་ཁྲོ་བོ་ཚོགས། །ཆུ་སོགས་རྐྱེན་བཟུང་གང་བར་བསམས། །དེ་དག་ཀུན་གྱིས་བུམ་པ་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །བརྟུལ་ཞུགས་ལུང་
བསྟན་དབུགས་དབྱུང་དང་། །བཀའ་སྩལ་པ་རྣམས་རིམ་བཞིན་དབང་། །དེ་ཡིས་དེ་ཡི་བྱང་ཆུབ་ནི། །སྐུ་གསུང་ཐུགས་ཀྱི་བྱང་ཆུབ་ཆེ། །སེམས་ཅན་ཐམས་ཅད་ཕན་འདོད་པས། །ངོ་མཚར་ཆེན་པོ་རབ་ཏུ་གྲུབ། །བསམ་གཏན་དཀྱིལ་འཁོར་བསམ་གཏན་གྱིས། །མཆོད་དང་
དབང་བསྐུར་དེ་བཞིན་དུ། །བྱས་ནས་གཞན་ལ་འགའ་ཡི་དོན། །བསྒྲུབ་ཕྱིར་ལུང་འདི་བསྒོ་བའོ། །ང་ཡིས་ཁྱེད་ནི་དཀྱིལ་འཁོར་དུ། །བཅུག་ཟིན་དབང་བསྐུར་ཡང་ཟིན་གྱིས། །ཁྱོད་ཀྱིས་སློབ་དཔོན་སྒྲུབ་པོ་ལས། །འདོད་བཞིན་དུ་ནི་གྱིས་ཤིག་ཅེས། །གནང་ནས་བསྙེན་ལ་
སོགས་པ་ལ། །འཇུག་པར་གང་ཡིན་འགྱུར་བ་སྟེ། །དེ་ཡིས་ཀྱང་ནི་ཁྱོད་ཤེས་བྱ། །བསམ་གཏན་འཁོར་ལོས་སྦྱང་ཕྱིར་རོ། །གཉིས་པ་དེ་རུ་འཇུག་མི་ནུས། །མཐོང་བའི་ཡུལ་ལ་མངོན་ཞེན་ཞིང་། །བློ་གྲོས་ངན་ཞིང་སྦྱོར་བ་སྤངས། །དད་ལྡན་སྣོད་རུང་དེ་མཐོང་ནས། །དོན་རྣམས་
เล่ม ๔๔ · หน้า 28a
ཡལ་བར་མི་འདོར་ཕྱིར། །སྙིང་རྗེ་ཆེན་པོ་རབ་བསྐྱེད་ནས། །དག་སོགས་ཆོ་ག་སྔོན་འགྲོ་བའི། །ཕྱི་ཡི་བྱ་བ་བསྟེན་བྱ་སྟེ། །ཡེ་ཤེས་ཅུང་ཟད་དབང་གྱུར་ལྟར། །རི་མོའི་དཀྱིལ་འཁོར་བྲིས་ནས་ནི། །དབང་བསྐུར་ཡང་དག་བརྩམ་བྱ་སྟེ། །གཉིས་མེད་མན་
ངག་གིས་སྦྱང་བྱ། །དེ་བཞིན་སྐུ་སོགས་འཁོར་ལོ་ལ། །ཆོ་ག་སྔོན་བཞིན་རྒྱས་བྱ་སྟེ། ཀུན་ཁྱབ་ཆོས་ཀྱི་དབྱིངས་ཡེ་ཤེས། །ཐམས་ཅད་དེ་རུ་རྣམ་དག་པས། །བདེ་གཤེགས་གནས་སུ་མི་བསྐྱོད་དགོད། །གཞན་གྱི་གནས་སུ་གཞན་བཀོད་དེ། །གཉིས་ཤེས་རྡོ་རྗེ་མཚོན་ལ་སོགས། །
ཁྱད་པར་གཞན་ཡང་རྟོགས་པར་བྱ། །རྡོ་རྗེ་སློབ་དཔོན་སློབ་མ་སོགས། །གོང་དང་འོག་གི་ཆོ་ག་རྣམས། །སེམས་ཀྱི་འབའ་ཞིག་གཙོ་བོར་གསུངས། །དམན་པ་ལས་ནི་མཆོག་མི་འགྱུར། །སེམས་ཉིད་གླང་པོ་ཡན་ལྟ་བུ། །གཟུགས་ལ་སོགས་ལ་འཕྱན་བྱེད་པས། །ངན་འགྲོ་གཡང་
སར་ལྟུང་བར་འགྱུར། །དེ་ཉིད་རབ་ཏུ་རྟོགས་བྱས་ལ། །དྲན་པའི་ཐག་པ་དམ་པོ་ཡིས། །དམིགས་པའི་ཀ་བ་ལ་བཏགས་ཏེ། །འདོད་བཞིན་བ་ཡི་ཡུལ་སྤྱོད་པས། །ཇི་ལྟ་བཞིན་དུ་འདུས་པར་བྱ། །ཇི་སྐད་དུ། སེམས་ཅན་ཀུན་གྱི་སེམས་གང་ནི། །བརྟན་པའི་ཕྱིར་ན་སེམས་དཔར་
བརྗོད། །མཉམ་པར་གཞག་ན་ཏིང་འཛིན་ཏེ། །དེ་བསྟན་པ་ལས་རྡོ་རྗེར་འགྱུར། །སེམས་དཔའི་བྱིན་རླབས་སྦྱོར་བ་ལས། །སླར་ཡང་རྡོ་རྗེ་སེམས་དཔར་འགྱུར། །ཞེས་སོ། །བསོད་ནམས་ཚོགས་ཀྱི་ཡན་ལག་ཕྱིར། །བཅོམ་ལྡན་འདས་ཀྱིས་ལུས་ངག་གི། །བྱ་བ་བསྟན་ཏེ་དྲང་སྲོང་ལྟར། །
དང་པོ་རབ་ཏུ་འདྲིད་པའོ། །ཁང་སྐས་ཡན་ལག་དང་པོ་བཞིན། །སྟེང་ཕྱིན་མ་ཡིན་དགོས་མེད་མིན། །དེ་ཡི་རྟེན་གྱིས་དེ་བཟུང་སྟེ། །དེ་ཉིད་འབའ་ཞིག་རྟོགས་པར་བྱ། །དེ་བས་སེམས་ལ་ཁྱད་པར་འབྱུང་། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ། །དེ་ཡི་ཞིང་ཁམས་ཡོངས་དག་པ། །སེམས་ཉིད་
འབའ་ཞིག་ལས་འབྱུང་སྟེ། །མཚམས་ཀྱི་རྣམ་ཤེས་ཇི་ལྟ་དང་། །ཀླུ་ཁྲོས་པ་ཡི་སེམས་བཞིན་དུ། །མི་མཐུན་ལྟར་ཡང་སྣང་བ་སྟེ། །དེ་བས་སེམས་ཉིད་རྟོགས་པར་བྱ། །རྣལ་འབྱོར་པ་རྣམ་པ་གསུམ་གྱིས་སློབ་མ་རྣམས་དབང་བསྐུར་བའི་ཆོ་ག་རྒྱས་པར་བཤད་ཟིན་ཏོ།། །།ད་ནི་དངོས་
เล่ม ๔๔ · หน้า 28b
གྲུབ་སྒྲུབ་པའི་ཐབས་ཀྱི་ཆོ་ག་བཤད་པར་བྱའོ། །དེ་ལ་སྒྲུབ་པ་པོའི་གང་ཟག་ནི། །བརྟུལ་ཞུགས་སྡོམ་པ་སྔགས་ལྡན་པ། །མི་བརྟན་ལྷ་ཡི་ང་རྒྱལ་བྲལ། །ཅུང་ཟད་ཡེ་ཤེས་དབང་གྱུར་པ། །ཐུན་མོང་སྒྲུབ་པ་ཤེས་པར་བྱ། །རྒྱུ་དང་མི་རྒྱུར་བཅས་པ་རྣམས། །སྒྱུ་འདྲར་སེམས་ཅན་
དབྱེར་མེད་རྟོགས། །ཐུན་མོང་ཅིག་ཤོས་དངོས་གྲུབ་ཀྱི། །སྒྲུབ་པར་ཡེ་ཤེས་དབང་གྱུར་པའོ། །དེ་ཡི་ཡིད་དང་མཐུན་པའི་གནས། །ཤིན་ཏུ་དབེན་པའི་རི་དགོན་དང་། །རྣམ་པ་སྣ་ཚོགས་རི་བོ་དང་། །ཀླུང་དང་འབབ་ཆུ་རྣམས་དང་ནི། །དུར་གྱི་ཁྲོད་ལ་སོགས་པར་ཡང་། །བསམ་གཏན་
བསྡུས་པ་འདི་བསྒོམ་མོ། །དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །རི་བོ་དབེན་པ་དག་ཏུ་ནི། །དངོས་གྲུབ་ཐམས་ཅད་བསྡུས་པས་འགྲུབ། །ལམ་གྱི་བཞི་མདོ་ཤིང་གཅིག་དྲུང་། །མཚན་མ་གཅིག་དང་ཞི་གནས་སུ། །རྡོ་རྗེ་དགུག་པའི་ཁྱད་པར་
གྱིས། །སྒྲུབ་པ་པོས་ནི་རྟག་ཏུ་བསྒྲུབ། །དགོན་པ་ཆེན་པོའི་ས་ཕྱོགས་སམ། །རབ་ཏུ་རྣམ་པར་དབེན་པའམ། །རི་བོ་ནགས་འདབ་ཆུ་ངོགས་སུ། །ཏིང་འཛིན་བྱས་ནས་ཏིང་འཛིན་འཐོབ། །རྡོ་རྗེ་འགུག་གནས་མིག་སྨན་དང་། །ཀ་པཱ་ལ་རུ་བསྒོམ་པར་བྱ། །ཡིད་དུ་འོང་དང་ཤིས་པའི་གནས། །
སྒྲུབ་པ་པོ་ཡིས་རབ་ངེས་བྱ། །རྗེས་སུ་མཐུན་པའི་ཤིས་པའི་ཟས། །ཉི་མ་དང་ནི་ཟླ་བ་དང་། །ཆུ་དང་ཤེལ་དང་སྨན་དང་དྲི། །ཕྱག་རྒྱ་ཆེན་པོ་རིག་འཛིན་གྱིས། །ལམ་ལ་མཁས་པ་རྣམས་ཀྱིས་སྔགས། །གླང་ཆེན་ཤ་ཡིས་མངོན་ཤེས་བསྒྲུབ། །རྟ་ཡི་ཤ་ཡིས་མི་སྣང་བསྒྲུབ། །འགུགས་པ་
བ་ལང་ཤ་ཡིས་བསྒྲུབ། །ཁྱི་ཤ་ཡིས་ནི་ཐམས་ཅད་བསྒྲུབ། །ནུས་པ་ཡིས་ནི་དགུག་པར་བྱ། །མེད་ན་བསམ་པས་རྣམ་པར་བརྟག། །ངོ་བོ་ཉིད་དང་མཐུན་དག་དང་། །རང་བཞིན་གྱིས་ནི་དེ་འགྲུབ་པའོ། །དེ་ལྟར་བྱས་ན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་གྲགས་ཆེན་མཉེས། འདོད་
ཁམས་འཇིག་རྟེན་དབང་ཕྱུག་གི། །ལས་ཀྱི་གོ་འཕང་ཐོབ་པར་འགྱུར། །གཙོ་བོ་གཟི་ཆེན་སྟོབས་དང་ལྡན། །མདངས་བཟང་མཐོང་ན་ཡིད་དུ་འོང་། །མཐོང་བས་བསྐུལ་བ་མ་བྱས་ཀྱང་། །འཇིག་རྟེན་འདི་དག་དབང་དུ་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་དམ་པ་བྱང་ཆུབ་སྟེ། །
เล่ม ๔๔ · หน้า 29a
ཡང་དག་སྔགས་ཀྱི་གསང་བ་འདི། །རྨོངས་པའི་མན་ངག་སེམས་འདའོ། །མི་སྣང་སྟོབས་དང་བརྩོན་འགྲུས་དང་། །དམ་ཚིག་ཆེན་པོ་བསྒྲུབ་པ་དང་། །རྡོ་རྗེ་འགུགས་པ་མཆོག་དག་ཀྱང་། །དམ་ཚིག་འདི་ཡིས་རྣམ་པར་གྲུབ། །གྲུབ་པ་ཡི་ནི་མཚན་མ་ནི། །ཤིན་ཏུ་
འབེབས་པ་ཐོབ་པ་ཡིས། །གདོན་མི་ཟ་བར་འགྲུབ་འགྱུར་ཏེ། །བསོད་ནམས་ཚོགས་ཀྱི་ཡན་ལག་རྫོགས། །སྤྱི་ཡི་མཚན་མར་ཤེས་པར་བྱ། །བཟླས་དང་བསྒོམ་དང་རང་ལྷ་ཡི། །ཁྱད་པར་གང་ཡིན་རྟོགས་པར་མཛད། །རྨི་ལམ་བྱེ་བྲག་རབ་བྱེད་པས། །སོ་སོའི་མཚན་མ་ཤེས་པར་བྱ། །
བསམ་གཏན་ངག་གི་བཟླས་པ་ཡིས། །དུས་སམ་བྱིན་རླབས་རབ་སྡུད་དུ། །འདོད་པས་རྙེད་པའི་མཚན་མ་ནི། །རྨི་ལམ་དུ་ནི་ཤེས་པར་བྱ། །རྨི་ལམ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་ཐ་དད་པར་མཐོང་བ་དང་། རྨི་ལམ་ན་བདག་ཉིད་ཡེ་ཤེས་མཆོག་ཐོབ་ནས་སངས་
རྒྱས་ཐམས་ཅད་དང་མཐུ་མཉམ་པར་མཐོང་བ་དང་། རྨི་ལམ་ན་མཚན་དང་དཔེ་བྱད་དུ་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་རྒྱུད་དག་པ་ལ་སྣང་བར་བདག་ཉིད་མཐོང་བ་དང་། རྨི་ལམ་ན་བརྒྱ་བྱིན་དང་ཚངས་པ་དང་དྲག་པ་སོགས་པས་བདག་ཉིད་ལ་མེ་ཏོག་ལ་སོགས་པས་མཆོད་པར་མཐོང་བ་དང་།
རྨི་ལམ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱི་ནང་གི་འདོད་པའི་ཡོན་ཏན་ལྔས་བདག་ལ་མཆོད་པར་མཐོང་བ་དང་། རྨི་ལམ་ན་བདག་ཉིད་རྡོ་རྗེ་འཆང་བའམ། རྟག་པ་ལ་སོགས་པའི་གཟུགས་སུ་མཐོང་བ་དང་། རྨི་ལམ་ན་རྡོ་རྗེ་གསུམ་མམ་སྤྱན་མ་ལ་སོགས་
པའམ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བདག་ལ་བཏུད་ཅིང་ཕྱག་འཚལ་བར་མཐོང་བ་དང་། རྨི་ལམ་ན་མངོན་དགའ་ལ་སོགས་པའི་ཞིང་དུ་མི་བསྐྱོད་པ་ལ་སོགས་པ་མཐོང་བ་དང་། དེ་དག་ཀྱང་ཐུགས་རབ་ཏུ་དགྱེས་ནས་ཆོས་ཀྱི་མཛོད་ཆེན་པོ་གཏད་པར་མཐོང་བ་དང་། རྨི་
ལམ་ན་བདག་ཉིད་ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པས་བསྐོར་ཞིང་ཆོས་བཤད་པར་མཐོང་བ་དང་། རྨི་ལམ་ན་བདག་ཉིད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ནམ་མཁའ་ལ་གདུགས་དཀར་པོ་བཏེག་ཅིང་། སེང་གེའི་ཁྲི་ལ་
เล่ม ๔๔ · หน้า 29b
བཞག་ནས་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བར་མཐོང་བ་དང་། རྨི་ལམ་ན་གདོལ་བའི་བུ་མོའམ། ཁྱིའམ། རྟ་རྒོད་མ་ལ་སོགས་པའམ། སྙོམས་པར་འཇུག་པ་དེ་དག་ཕྱག་རྒྱ་ཆེན་པོ་གྲུབ་པའི་མཚན་མའོ། །གཞན་ཡང་རྨི་ལམ་ན་ཁ་དོག་སྣ་ཚོགས་པའི་ཀུན་དགའ་ར་བ་དང་སྐྱེད་མོས་
ཚལ་ཡིད་དུ་འོང་བ་མཐོང་བ་དང་། རྨི་ལམ་ན་ལྷའི་བུ་མོ་གདུ་བུ་དང་། དཔུང་རྒྱན་དང་། སྙན་ཆ་དང་། མགུར་ཆུ་དང་། ནུ་འབུར་དང་། ཟུར་ཕུད་ལ་སོགས་པས་བརྒྱན་པ་དང་། མིའི་ཁྱེའུ་དང་བུ་མོ་ཡིད་དུ་འོང་བ་བཅུ་དྲུག་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཐོང་བ་ནི་ཐུན་མོང་གི་འགྲུབ་པའི་
མཚན་མའོ། །རིགས་འཛིན་ལ་སོགས་ཡོངས་སྨིན་ལས། །འཛམ་བུ་གསེར་འདྲའི་སངས་རྒྱས་འགྱུར། །དེ་བས་དེ་དག་ཐམས་ཅད་ཀུན། །ཅིག་ཤོས་མཚན་མར་ཤེས་པར་བྱ། །སྔོན་དུ་བྱ་བའི་ལས་ཀྱི་རྒྱལ་པོ་མཆོག་ནི། སྔགས་པ་རྣམ་པར་དག་པ་ཡིས། །དེ་དག་རབ་ཏུ་རྟོགས་
བྱས་ནས། །སྔོན་གྱི་ཕྱིར་ན་གཉིས་ཀྱིས་ཀྱང་། །ཅི་རིགས་གསང་སྔགས་བཟླས་བརྗོད་བྱ། །དབེན་པར་གཙང་གཏོར་བྱས་ནས་སུ། །བགེགས་བསྐྲད་ས་ལ་གསོལ་བ་བཏབ། །ཅིག་ཤོས་ལ་ཡང་གསོལ་བྱས་ནས། །བཀའ་སྩལ་ས་ནི་བརྐོ་བར་བྱ། །སྔོན་གྱི་རིམ་པ་ཤེས་བྱས་
ལ། །ས་སྟེངས་རྒྱན་དང་ལྡན་པ་དང་། །དག་བྱའི་ཕྱིར་ན་གོང་བཞིན་དུ། །དབང་བསྐུར་བླང་བས་ཡིད་སྦྱང་བྱ། །རྡོ་རྗེས་ཁྱད་པར་བྱས་པ་ཡིས། །ས་འཛིན་ལྟ་བུར་བྱིན་བརླབས་ལ། །བདག་ཉིད་ཏིང་འཛིན་གསུམ་གནས་པས། །དེ་དབུས་ང་རྒྱལ་གསུམ་ལྡན་བྱ། །སྔོན་བཞིན་རྟག་སོགས་
གསོལ་བཏབ་ནས། །བྱིན་བརླབས་སྟངས་ཐབས་བརྩམ་པའོ། །ཕུར་བུས་བཏབ་ནས་ས་སྲུང་སྟེ། །ནུབ་གཅིག་སྟ་གོན་གནས་པར་བྱ། །ལྷ་རྣམས་གནས་པར་བྱས་ནས་སུ། །བྲོད་བསྐྱེད་མཆོད་པ་སྣ་ཚོགས་བརྩམ། །དགོངས་པར་བྱ་ཕྱིར་གོང་མ་བཞིན། །འཁོར་ལོ་གསོལ་
བ་གདབ་པར་བྱ། །ལྷ་མོ་བཞི་དང་མི་བསྐྱོད་པ། །བདུད་རྩི་འཁྱིལ་པའི་བུམ་པ་ནི། །རྫས་དང་ལྡན་པར་སྟ་གོན་བྱ། །ཡོད་ན་བཅུ་དགུ་ངེས་པའོ། །སྐུད་པ་ཚོན་རྩི་འདུས་བྱས་ལ། །སྔོན་བཞིན་འབེབས་པའི་ཆོ་ག་བྱ། །དེ་ཡིས་ཐིག་དང་ཚོན་བཏབ་ནས། །ཞལ་སོགས་ལྡན་པའི་
เล่ม ๔๔ · หน้า 30a
ཕྱག་རྒྱ་དགོད། །གཞན་ལ་མ་ཐོས་སེམས་ཅན་རྣམས། །གཟུང་བར་བྱ་ཕྱིར་སྔོན་བཞིན་བཤད། །གནས་རྣམས་སྟོང་བ་མི་མཛེས་པས། །དང་ཆུང་སྲིད་པས་དེ་མ་བསྔགས། །མི་རྣམས་ཀྱིས་ནི་ཕྱེ་མ་ཡིས། །ཞལ་ལ་སོགས་པ་རྫོགས་མི་འགྱུ། །ཡན་
ལག་མ་རྫོགས་བྱིན་མི་རློབ། །དེ་བས་ལྷ་ཡི་མཛེས་པ་བསྔགས། །རང་གི་ཕྱག་རྒྱའམ་སེམས་ཀྱིས་སུ། །ལྷ་རྣམས་རབ་ཏུ་གནས་བྱས་ནས། །བྱིན་རླབས་སྔོན་དུ་མཆོད་པ་སོགས། །བརྩམས་ཏེ་འབྱུང་གཏོར་ཁྱད་པར་དུ། །རྣམ་རྒྱལ་སྤྱོར་བས་སྐྱོན་བསལ་ནས། །ཚིམ་པར་
བྱ་ཕྱིར་ལྷ་རྣམས་ལ། །ཇི་སྲིད་རྫས་ཀྱི་ཐབ་རྣམས་སུ། །སྦྱིན་སྲེག་གིས་ནི་མཉེས་བྱའོ། །སློབ་མ་གཞུག་པའི་རིམ་པ་བཞིན། །བདག་ཉིད་འཁོར་ལོར་ཞུགས་པར་བྱ། །སྡིག་བཤགས་མེ་ཏོག་འདོར་བའི་བར། །བྱས་ནས་ལྷ་རྣམས་ཀྱིས་གནང་བའི། །སྔོན་བཞིན་བུམ་པ་གསང་བ་
དང་། །ཤེས་རབ་ཡེ་ཤེས་བརྟུལ་ཞུགས་དང་། །ལུང་བསྟན་དབུགས་དབྱུང་བཀའ་སྩལ་ཐོབ། །དེ་ཡིས་བསྒྲུབ་པ་བརྩམ་པའོ། །སྒྲུབ་པའི་ཐབས་གང་ཞེ་ན། དང་པོ་དེ་བཞིན་གཤེགས་པ་ཡི། །རིག་འཛིན་སྒྲུབ་ཐབས་བཤད་པར་བྱའོ། །ཇི་བཞིན་བྱས་པའི་སྔགས་པ་ཡིས། །ཐུན་
མོང་ཅིག་ཤོས་བགེགས་བསལ་ནས། །སྤྱི་གཟུགས་གྱུར་ནས་རྟག་པ་ལས། །བྱུང་བའི་གཞལ་ཡས་ཁང་པ་བསྒོམ། །ལྔ་དང་བཞི་ལས་མཆོག་དང་པོ། །རབ་བསྐྱེད་སྐྱེ་རིམ་བཞི་སྤངས་ནས། །དྲི་ཟ་རབ་ཏུ་ཞུགས་བྱས་པས། །དེ་ནི་ཆོ་ག་བཞིན་དུ་ཞུ། །རང་གི་ཚངས་པའི་སྤྱོད་པ་བཞི། །
མཱ་མ་ཀཱི་ལ་སོགས་གྱུར་ནས། །བསྐུལ་ཏེ་ཐིམ་གྱུར་ས་བོན་གྱུར། །ཕྱག་མཚན་དེས་མཚན་བཤེས་གཉེན་ཞུགས། །དེ་ལས་རྟག་པ་སྔོན་བཞིན་བསྐྱེད། །དེ་ཡི་ཐུགས་ཀར་ཟླ་བ་ལ། །ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན། །བསམས་ནས་སྔགས་ཀྱིས་བྱིན་གྱིས་བརླབ། །ཨོཾ་དྷརྨ་དྷཱ་ཏུ་
སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཉིས་སོགས་མ་གཏོགས་དེ་ཕྱག་རྒྱས། །གནས་ནས་སྔགས་འདི་བསྒོམ་པར་བྱ། །ཨོཾ་ཨཱཿཨོཾ་ཛི་ན་ཛི་ག་ཧཱུྃ། བརྗོད་པས་ཨོཾ་ལས་འོད་ཟེར་ཚོགས། །དཀར་བའི་རྒྱུན་གྱིས་ནང་གསལ་ཏེ། །བ་སྤུའི་བུ་ག་ནས་སྤྲོས་པའི། །འོད་རྩེ་རྟག་པའི་ཚོགས་རྣམས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด