དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ་ལྷན་ཅིག་སྐྱེས་པའི་སྣང་བ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་ཡ་མཱ་རི་ཏནྟྲ་པཉྫི་ཀ་ས་ཧ་ཛཱ་ལོ་ཀ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๔๖ · หน้า 81b
༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཡ་མཱ་རི་ཏནྟྲ་པཉྫི་ཀ་ས་ཧ་ཛཱ་ལོ་ཀ་ནཱ་མ། བོད་སྐད་དུ། དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ་ལྷན་ཅིག་སྐྱེས་པའི་སྣང་བ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །
དངོས་པོ་ཀུན་གྱི་བླ་མ་རྣམས། །ཟབ་མོ་རྡོ་རྗེ་འཆང་བཏུད་དེ། །དཔལ་ལྡན་གཤིན་རྗེའི་དཀའ་འགྲེལ་ནི། །ལྷན་ཅིག་སྐྱེས་པའི་སྣང་བ་བྲི། །ལུང་དང་ཚད་མས་དཔྱོད་པ་ཡི། །བློ་གསལ་རྣམས་ལའང་སྦས་པ་ལ། །སྒྲ་ཙམ་ཉིད་ཀྱང་མི་ཤེས་པའི། །བདག་འདྲ་རྨོངས་པ་སྨོས་ཅི་དགོས། །འོན་ཀྱང་བླ་མའི་
ཟབ་མོའི་བཀའི། །ཅུང་ཟད་དོན་ཐོབ་ཐོས་སྐྱེས་གང་། །བདག་ནི་ཡོངས་སུ་ངལ་བ་ཡིས། །དེ་ཡི་དོན་ནི་དྲན་པར་བྱ། །ཐམས་ཅད་དུ་རྟོག་པ་དང་ལྡན་པ་རྣམས་དགོས་པ་མཐོང་ནས་འཇུག་པ་ཡིན་པས། དེའི་ཕྱིར་དང་པོར་འཇུག་པའི་ཡན་ལག་ཏུ་ཐུན་མོང་མ་ཡིན་པའི་འབྲས་བུ་འཐོབ་པའི་རྒྱུ་དགོས་པ་བསྒྲུབ་
པར་ནུས་པ་བརྗོད་པར་བྱའོ། །གང་ཡང་། །བསྟན་བཅོས་དག་ནི་ཐམས་ཅད་དང་། །ལས་རྣམས་དག་ནི་འགའ་ཞིག་ལ། །ཇི་སྲིད་དགོས་པ་མ་སྨྲས་པར། །དེ་སྲིད་སུ་ཞིག་ལེན་པར་བྱེད། །ཅེས་བསྟན་པ་ཡིན་ནོ། །དེ་ཡང་འབྲེལ་པ་དང་རྗོད་པར་བྱེད་པ་མ་བསྟན་པར་རྟོགས་པར་མི་ནུས་པ་ཡིན་པའི་ཕྱིར།
འབྲེལ་པ་དང་རྗོད་པར་བྱེད་པ་ཡང་བསྟན་པར་བྱའོ། །ཐབས་མེད་པར་ཡང་བསྒྲུབ་པར་མི་ནུས་པས་ཐབས་ཀྱང་བསྟན་པར་བྱའོ། །དེ་ལ་བདག་དང་གཞན་གྱི་བདེ་བ་མཆོག་གི་རྒྱུ་བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ཉིད་འདིར་བརྗོད་པར་བྱ་བ་སྟེ་འདིར་དགོས་པའོ། །དེ་གང་གིས་ངེས་པར་སྟོན་པར་བྱེད་
པ་དེ་ཡང་རྗོད་པར་བྱེད་པ་ཡིན་པས་སངས་རྒྱས་ཀྱི་མཛད་པ་སྙན་དངགས་ཀྱིས་སྟོན་པ་ལྟར་རྒྱུད་ལ་ཡང་གཤིན་རྗེ་གཤེད་ནག་པོ་ཞེས་དེ་སྐད་བརྗོད་དོ། །རྗོད་བྱེད་དང་བརྗོད་བྱ་འདི་དག་གི་རྗོད་པ་དང་བརྗོད་བྱའི་མཚན་ཉིད་ཅན་གྱི་འབྲེལ་པ་ཡང་དོན་གྱི་ཤུགས་ཀྱིས་བསྟན་པ་ཡིན་ནོ། །འདིར་ཐབས་ཀྱང་
གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས་དབང་བསྐུར་བ་ཐོབ་པས་རྣལ་འབྱོར་བཞི་བསྒོམ་པའི་མཚན་ཉིད་ཅན་ཡིན་ཏེ། གང་གི་ཕྱིར་འདིས་བདག་དེའི་ངོ་བོར་མངོན་སུམ་དུ་འགྱུར་བ་ཡིན་ནོ། །དེ་ཕྱིར་ཡང་དག་ཡང་དག་མིན། །ཤིན་
เล่ม ๔๖ · หน้า 82a
ཏུ་བསྒོམས་པ་གང་གང་ཡིན། །བསྒོམ་པའི་སྟོབས་ནི་རྫོགས་པ་ན། །དེ་གསལ་མི་རྟོགས་བློའི་འབྲས་བུ། །ཞེས་བསྟན་པ་ཡིན་ནོ། །གལ་ཏེ་ཇི་ལྟར་ན་འདི་ཐུན་མོང་མ་ཡིན་པ་ཡིན་ཞེ་ན། བརྗོད་པར་བྱ་སྟེ་ཐམས་ཅད་ཀྱང་ཐམས་ཅད་དུ་བདག་ཉིད་ཀྱིས་བདེ་བའི་དོན་དུ་འཇུག་
པ་ཡིན་ཏེ། དེ་ཡང་འདི་ལྟར་སྤང་བྱ་དང་བསྒྲུབ་བྱ་མི་ཤེས་པས་མུ་སྟེགས་པ་རྣམས་ནི་ལྷ་དང་མིའི་བདེ་བ་འདོད་པ་ཉིད་ཀྱིས་འཇུག་པར་བྱེད་དེ། ཆུ་དང་མེ་ལ་སོགས་པའི་ནང་དུ་བདག་ཉིད་འཇུག་པ་དང་། འདབ་མ་དང་ནས་ལ་སོགས་པ་ཟ་བ་དང་གཅིག་ལ་སློང་བ་དང་གཉིས་ལ་སློང་བ་ལ་སོགས་པའི་ལུས་
ལ་གནོད་པ་བྱེད་ཀྱང་། རེ་ཞིག་དེ་ལ་སོགས་པའི་དཀའ་བླས་ཀྱི་བརྟུལ་ཞུགས་ཀྱིས་སྤྱོད་ན་ཡང་འབྲས་བུ་བདེ་བ་ནི་མེད་དོ། །གང་གི་ཕྱིར། །སྡུག་བསྔལ་ལ་སོགས་སེམས་གཡེངས་ནས། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །དངོས་གྲུབ་མེད་ན་འཁོར་བ་སྟེ། །འཁོར་བས་དམྱལ་བ་སྒྲུབ་
པར་བྱེད། །ཅེས་གསུངས་པས་སོ། །ཉན་ཐོས་ལ་སོགས་པ་ཡང་དངོས་པོ་མ་ལུས་པའི་དེ་ཁོ་ན་ཉིད་ཡོངས་སུ་མི་ཤེས་པས་ཕུང་པོ་མེད་པའི་བདེ་བ་མཆོག་ཡིན་ནོ་ཞེས་བྱ་བར་ཤེས་ནས་བདག་ཉིད་མྱ་ངན་ལས་འདས་པར་ངེས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་སྤྱོད་པ་ཡང་སྦྱིན་པ་ལ་སོགས་པ་ལ་
ཞུགས་ན་ཡང་རྟག་ཏུ་སྟོང་པ་ཉིད་དུ་རོ་གཅིག་པ་ཉིད་ཀྱིས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་སུ་མེད་པའི་ཕྱིར། སྙིང་རྗེ་དམན་པས་བདག་ཉིད་ཀྱིས་མྱ་ངན་ལས་འདས་པ་གཙོར་བྱེད་པ་ཉིད་དོ། །ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་པ་ཕྱིར་མི་ལྡོག་པ་གང་ཡིན་པ་དེ་ཡང་སངས་རྒྱས་ནི་མ་ཡིན་ཏེ། དེ་ལྟ་ན་ནི་ས་བཅུ་
པར་སངས་རྒྱས་པར་ཐལ་བར་འགྱུར་རོ། །གཞན་ཡང་ཟབ་མོ་མངོན་སུམ་དུ་བྱས་པ་ཉིད་ཡིན་ཡང་སེམས་ཅན་གྱི་དོན་ནི་མེད་དེ་འགྲོ་བ་མ་ལུས་པར་ཉེ་བར་འཚོ་བར་གྱུར་པ་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འདོད་ན་བདག་མེད་པའི་མཐར་ཐུག་པ་ལ་འཇུག་པར་བྱེད་པ་ཉིད་ཀྱི་རྒྱུ་ནི་མ་ཡིན་ཏེ་དེ་ནི་བརྟགས་པའི་
གཉེན་པོ་ཙམ་ཡིན་པའི་ཕྱིར་རོ། །དེ་ཡང་། །ཐབས་དང་བྲལ་བའི་དངོས་མེད་ཙམ། །བསྒྲུབ་པར་བྱ་བའང་མ་ཡིན་ཏེ། །བདག་དང་གཞན་གྱི་དོན་སྒྲུབ་མཐུ། །མེད་ཕྱིར་ནམ་མཁའི་མེ་ཏོག་བཞིན། །ཞེས་བསྟན་པ་ཡིན་ནོ། །སྦྱིན་པ་ལ་སོགས་པ་ཐབས་ཀྱི་སྒོ་ནས་དང་། སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་
เล่ม ๔๖ · หน้า 82b
བར་འགྱུར་རོ་ཞེས་བརྗོད་པར་ཡང་མི་བྱ་སྟེ། གང་གི་ཕྱིར་མ་བསྒོམས་པའི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་བདག་ཉིད་དག་ལ་ཡང་ཐེ་ཚོམ་ཟ་བ་ན་ཇི་ལྟར་སེམས་ངེས་པར་འགྱུར། དེ་ལྟར་ན་ཡང་སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་བར་འགྱུར་རོ་ཞེ་ན། བདག་མེད་པ་ཡང་མ་བསྒོམས་པ་ཉིད་དུ་མངོན་སུམ་ཉིད་
དུ་འགྱུར་བས་དེ་བསྒོམ་པའི་ངལ་བས་ཅི་ཞིག་བྱ། གལ་ཏེ་དེ་ནི་བསྒོམས་པ་ཉིད་ཀྱིས་འབྱུང་བར་འགྱུར་རོ་ཞེ་ན། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ཀྱིས་ཉེས་པ་ཅི་ཞིག་བྱས་ན་གང་གི་ཕྱིར་དེ་དག་བསྒོམ་པར་མི་བྱ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་གནས་པས་ཀྱང་སྐུ་གསུམ་གྱི་བདག་
ཉིད་ཅན་གྱི་སངས་རྒྱས་ཁས་བླང་བར་བྱའོ། །དེ་ནི་བསྒོམས་པས་གསལ་བར་འགྱུར་རོ། །དེའི་ཕྱིར། །སངས་རྒྱས་ཉིད་ནི་སྒྲུབ་པའི་རྒྱུ། །སངས་རྒྱས་རྣལ་འབྱོར་ཀུན་དུ་ཡང་། །རྒྱུ་དང་འདྲ་བའི་འབྲས་བུ་ཉིད། །ཀུན་དུ་མཐོང་བ་མ་ཡིན་ནམ། །ཞེས་བསྟན་པ་དང་ཐམས་ཅད་གསང་བ་ལས་
ཀྱང་། །སངས་རྒྱས་ཉིད་ཀྱང་མདོར་བསྡུ་ན། །ཏིང་འཛིན་ཡེ་ཤེས་ལས་ངེས་འབྱུང་། །སངས་རྒྱས་རྣལ་འབྱོར་མ་གཏོགས་པར། །སངས་རྒྱས་རྣལ་འབྱོར་པས་མི་ཐོབ། །ཅེས་གསུངས་པས་སངས་རྒྱས་ཀྱི་རྣལ་འབྱོར་ཡང་སེམས་ཅན་མ་ལུས་པ་འདུལ་བས་ཁྲོ་ཞིང་ཞི་བའི་བདག་ཉིད་ཅན་གཤིན་རྗེ་
གཤེད་ནག་པོ་ཉིད་དོ། །བྱ་བ་དང་སྤྱོད་པའི་ལུགས་ལ་ཡང་བསྒྲུབ་བྱ་དང་སྒྲུབ་པའི་ཐབས་དུས་རིང་པོར་རྗེས་སུ་མི་འཇུག་སྟེ། དེ་དག་ནི་བརྟགས་པ་ལས་རབ་ཏུ་བྱུང་བ་ཉིད་ཡིན་ཏེ། དེ་ནི་འདི་ལྟར་རས་རིས་ལ་སོགས་པར་རྟོགས་པའི་ལྷའི་སྟོབས་ཀྱིས་དངོས་གྲུབ་རྫོགས་པར་བྱེད་པའི་ཕྱིར་རོ། །རྣལ་འབྱོར་
གྱི་རྒྱུད་དུ་ནི་ཁྱད་པར་འདི་ཡོད་དེ་རང་གི་ལྷའི་རྣལ་འབྱོར་གྱིས་རས་རིས་ལ་སོགས་པར་རྟོགས་པའི་ལྷ་ལ་དམིགས་ནས་མཐུན་པའི་དངོས་གྲུབ་སྒྲུབ་པར་བྱེད་དོ། །རྣལ་འབྱོར་བླ་ན་མེད་པར་ནི་གཙོ་བོ་ཉིད་དུ་དེ་རྒྱུའི་གཙོ་བོར་མ་བསྟན་ནོ། །འདིར་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྣལ་འབྱོར་གྱིས་ཆོས་
དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་བདག་ཉིད་ཅན་ཅིག་ཏུ་འགྲོ་བ་མ་ལུས་པ་ལ་ཕན་པར་བྱེད་པ་ཟག་པ་མེད་པའི་བདེ་བའི་རང་བཞིན་ཅན་བསྟན་ཏེ། དེས་ན་ཐུན་མོང་མ་ཡིན་པའི་འབྲས་བུ་ཐོབ་པའི་རྒྱུ་ཉིད་ཡིན་པས་བླ་ན་མེད་པའོ། །ཏཀྵ་ཀའི་མགོ་ལ་ཡོད་པའི་རིམས་ནད་སེལ་བའི་གཙུག་གི་ནོར་བུ་བཞིན་
เล่ม ๔๖ · หน้า 83a
དུ་བསྒྲུབ་པར་མི་ནུས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཡུལ་མ་ལུས་པ་ལ་བརྟེན་ཅིང་བསྒྲུབས་པས་གསལ་པོར་འགྱུར་རོ། །དེ་ཇི་ལྟ་བུ་ཞིག་ཅེ་ན་སྔགས་ལ་སོགས་པས་སྦྱངས་པའི་དུག་ལ་སྤྱོད་པ་ལྟར་ཁྱད་པར་ཅན་གྱི་འབྲས་བུ་འདྲེན་པར་བྱེད་པ་ཉིད་དོ། །དེ་ཡང་། ཇི་ལྟར་དུག་གི་
དེ་ཉིད་རིག །དུག་གིས་དུག་ནི་སེལ་བར་བྱེད། །དེ་བཞིན་འདོད་པའི་རྩེད་མོའི་རོས། །བརྟགས་པ་ཐམས་ཅད་སྦྱོར་བར་བྱ། །ཞེས་གསུངས་པས་སོ། །དཔལ་གསང་བ་འདུས་པ་ལས་ཀྱང་། །དཀའ་ཐུབ་སྡོམ་པ་མི་ཟད་པས། །བརྟེན་ཀྱང་འགྲུབ་པར་མི་འགྱུར་ཏེ། །འདོད་པ་ཀུན་ལ་ལོངས་སྤྱོད་
ཅིང་། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ད་ནི་འདི་སྐད་ཅེས་བྱ་བ་ལ་སོགས་པས་དགོས་པ་དང་བསྡུས་པའི་དོན་དང་ཚིག་གི་དོན་དང་། འབྲེལ་པ་དང་། རྒལ་བ་དང་། ལན་རྣམས་བརྗོད་པར་བྱའོ། །དེ་ལ་རེ་ཞིག་དགོས་པ་སྨྲས་ཟིན་ཏོ། །བསྡུས་པའི་དོན་ནི་མངོན་པར་རྟོགས་
པ་ལས་ཤེས་པར་བྱའོ། །ད་ནི་འབྲེལ་པ་སྔོན་དུ་འགྲོ་བའི་ཚིག་འགའ་ཞིག་གིས་བཤད་པ་བརྗོད་པར་བྱའོ། །རྒལ་བ་དང་ལན་ནི་དེ་དང་དེར་བསྒྲུབ་པར་བྱའོ། །འདི་སྐད་ཅེས་བྱ་བ་ལ་སོགས་པ་ལ། འདིར་སྡུད་པར་བྱེད་པ་ཕྱག་ན་རྡོ་རྗེས་རྒྱུད་མ་ལུས་པའི་དོན་དང་གཞུང་སེམས་ལ་བསྔོགས་ནས་འདི་སྐད་ཅེས་
ངེས་པར་བྱས་ནས་རང་དང་རྗེས་སུ་མཐུན་པའི་ཤེས་པས་ངེས་པར་བཟུང་བའི་རྒྱུད་ཀྱི་དོན་མ་ལུས་པར་ཉེ་བར་སྟོན་པ་ལ་གཅིག་ཏུ་ངེས་པ་བྱས་ནས་ཕྱིན་ཅི་མ་ལོག་པར་སྨྲས་པའོ། །བདག་གི་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་པ་སྟེ། བཅོམ་ལྡན་འདས་ལས་བདག་གིས་དོན་དང་གཞུང་
དག་ཐོས་ཀྱི་བདག་གིས་བྱས་པ་ཡང་མ་ཡིན། བཅོམ་ལྡན་འདས་ལས་གཅིག་ནས་གཅིག་ཏུ་བརྒྱུད་པས་བསྟན་པ་ཡང་མ་ཡིན་ཞེས་པའོ། །ཡང་ན་བདག་རང་གི་མོས་པའི་དབང་གིས་འདི་སྐད་ཐོས་ཀྱི་གཞན་གྱིས་ནི་གཞན་དུ་ཡང་མ་ཡིན་ཏེ་འཆད་པར་འགྱུར་བའི་འཁོར་བསྟན་པས་སོ། །འདིས་ནི་གཞན་དང་
ལྡན་པ་རྣམ་པར་གཅོད་པ་སྤངས་པ་ཡིན་ནོ། །སློབ་དཔོན་མ་ཁོལ་གྱིས་ཀྱང་། །གསུང་གཅིག་གིས་ནི་བསྟན་མོད་ཀྱང་། །དུ་མ་ཉིད་དུ་རྟོགས་མཛད་པར། །བདག་ལ་ཉེ་བར་སྟོན་ཏོ་ཞེས། །སྐྱེ་བོ་ཀུན་གྱིས་ཤེས་པར་འགྱུར། །ཞེས་གསུངས་སོ། །ཐོས་པས་ཞེས་བྱ་བས་ནི་བདག་ཉིད་ཉན་པའི་དུས་ན་བྱང་
เล่ม ๔๖ · หน้า 83b
ཆུབ་སེམས་དཔའ་ཉིད་དུ་བསྟན་ལ། སྡུད་པའི་དུས་ན་ནི་འདིས་སངས་རྒྱས་ཉིད་ཡིན་ཏེ། གང་གི་ཕྱིར་ལེའུ་བཅོ་བརྒྱད་པ་ལས། །དེའི་དུས་ན་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཐོས་ཏེ། སྐད་ཅིག་མ་གཅིག་ལ་བཟུང་ཞིང་དོན་བཟུང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །འདིས་ནི་
ཡང་བསྟན་པས་ཤིན་ཏུ་ཡང་ཚད་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །མངོན་སུམ་དུ་ཐོས་པས་ཡང་འདི་ལྟར་ཤེས་པར་བྱ་སྟེ། སློབ་དཔོན་མེད་པར་འདིའི་བྱ་བ་མི་བྱའོ་ཞེས་ཡང་དག་པར་གཟུང་བར་བྱའོ། །དེ་ལྟར་བསྟན་ནས་གང་གི་ཚེ་གང་ལས་གང་དུ་གང་དང་ལྷན་ཅིག་ཐོས་པ་དེ་དང་དེ་རིམ་པ་བཞིན་བསྟན་པར་བྱ་
བའི་ཕྱིར། དུས་གཅིག་ན་ཞེས་བྱ་བ་གསུངས་ཏེ། འདིས་ནི་ཤིན་ཏུ་དཀོན་པ་ཉིད་དང་བདག་ཉིད་མང་དུ་ཐོས་པ་ཉིད་དུ་སྒྲུབ་པར་བྱེད་དེ། འདི་ལྟ་བུའི་ཕྱིན་ཅི་མ་ལོག་པ་ངོ་མཚར་ཆེ་བའི་ཆོས་ནི་གཞན་གྱི་ཚེ་བསྟན་པར་མི་སྲིད་པའི་ཕྱིར་རོ། །འདིས་ནི་མ་འོངས་པའི་འགྲོ་བ་རྣམས་གུས་པ་བསྐྱེད་པ་བསྟན་
པར་བྱེད་པའོ། །དུས་གཅིག་གི་ཚེ་བདག་གིས་འདི་ཐོས་ཀྱི་གཞན་གྱི་ཚེ་ནི་གཞན་དང་གཞན་པ་འདི་ཐོས་སོ་ཞེས་མང་དུ་ཐོས་པ་ཉིད་ཀྱང་བསྟན་ཏོ། །གལ་ཏེ་ཡི་གེ་དང་ངག་དང་ཚིག་སྣ་ཚོགས་པ་ཐ་དད་པ་ཉིད་ཀྱི་ཕྱིར་དུས་གཅིག་ན་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། བདེན་ན་ཡང་རྒྱུན་མི་ཆད་པར་རྟག་ཏུ་ཐོས་པའམ། ཡང་ན་བཅོམ་
ལྡན་འདས་བདག་པོར་གྱུར་པའི་དབང་གིས་བདག་གིས་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་སྒོ་ཐོབ་པས་དུས་གཅིག་ཉིད་དུ་ཐོས་ཞེས་བྱ་བའོ། །གང་ལས་ཞེས་འདྲི་ན་བཅོམ་ལྡན་འདས་ལས་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་མ་ལུས་པའི་གཉེན་པོ་བླ་ན་མེད་པའི་ཤེས་རབ་ནི་བཅོམ་
ལྡན་ཏེ། དེ་གང་ལ་ཡོད་པ་དེ་ནི་བཅོམ་ལྡན་འདས་སོ། །དེ་ཡང་། །འཇོམས་པའི་ཕྱིར་ན་བཅོམ་ལྡན་ཏེ། །ཉོན་མོངས་བདུད་ལ་སོགས་འཇོམས་པས། །ཤེས་རབ་ཉོན་མོངས་དེ་འཇོམས་ཕྱིར། །དེ་ཕྱིར་ཤེས་རབ་བཅོམ་ལྡན་བརྗོད། །ཅེས་གསུངས་པ་དང་ཡང་ན། དབང་ཕྱུག་དང་ནི་གཟུགས་བཟང་དང་། །
དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བྱ། །ཞེས་བྱ་བས་དེ་དང་ལྡན་པ་ལ་བཅོམ་ལྡན་འདས་ཞེས་བྱ་སྟེ། དེ་ལྟ་བུར་གྱུར་པས་གསུངས་པ་ནི་ཕྱིན་ཅི་མ་ལོག་པ་ཞེས་པའོ། །དེའི་ཕྱིར་བཅོམ་ལྡན་འདས་དེ་ཉིད་ལས་ཐོས་པས་གཞན་དག་
เล่ม ๔๖ · หน้า 84a
ལ་དེ་ལྟ་བུར་གྱུར་པ་མེད་པའི་ཕྱིར་རོ། །འདིས་ནི་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །གནས་གང་དུ་ཐོས་ཞེས་འདྲི་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོའོ། །རང་རང་གི་རང་བཞིན་གྱིས་དེ་བཞིན་
ཉིད་དུ་སོང་བས་ན་དེ་བཞིན་གཤེགས་པ་སྟེ་ཆོས་ཀྱི་སྐུའི་ངོ་བོའོ། །ཀུན་རྫོབ་ཏུ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་གཟུགས་ཉིད་ཀྱིས་རང་གི་མོས་པའི་དབང་གིས་རྣམ་པ་གང་དང་གང་གིས་འཇིག་རྟེན་ལ་སྣང་བར་འགྱུར་བའི་གཟུགས་དེ་དང་དེར་གཤེགས་པས་དེ་བཞིན་གཤེགས་པའོ། །ཆོས་ཀྱི་སྐུ་ཉིད་ཡིན་ན་
ཡང་སྙིང་རྗེའི་དབང་གིས་དེ་བཞིན་དུ་སྣང་བ་ཡིན་གྱི་དེ་ཁོ་ན་ཉིད་ལ་ནི་རྟོག་པ་མ་ལུས་པ་མི་མངའ་བས་གར་ཡང་གཤེགས་པ་མེད་དོ། །ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་དེ། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་
དང་གསུང་དང་ཐུགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཙུན་མོ་ཐམས་ཅད་ཀྱི་བྷ་ག་སྟེ། མི་ཕྱེད་ཅིང་འབྱེད་པར་བྱེད་པས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡིན་པའི་ཕྱིར་དང་། བླ་ན་མེད་པའི་དགའ་བའི་རྒྱུ་ཡིན་པའི་ཕྱིར་དང་། སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཆོས་འབྱུང་གི་ཕྱག་རྒྱ་གྲུ་གསུམ་
ཉིད་དེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་འོག་ཏུ་ཟུར་གཅིག་སྟེང་དུ་ཟུར་གཉིས་པའོ། །འདིས་ནི་འདི་ལྟར་བསྟན་པར་འགྱུར་ཏེ། གང་གི་ཚེ་འདོད་ཆགས་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། གཤིན་རྗེ་གཤེད་ཀྱི་
ཚོགས་ཆེན་པོ་དང་ལྷན་ཅིག་བཅོམ་ལྡན་འདས་ཆོས་ཀྱི་འབྱུང་གནས་ཀྱི་ཁོངས་སུ་གཏོགས་པའི་གཞལ་ཡས་ཁང་ན་བཞུགས་པ་དེའི་ཚེ་འདི་སྐད་བདག་གིས་ཐོས་པ་ཞེས་བྱའོ། །འདིས་ནི་གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །འདི་ལྟ་བུའི་ཁྱད་པར་ཅན་གྱི་གནས་སུ་འདོད་ཆགས་ཆེན་པོས་འདུལ་བ་
རྣམས་ཡིད་མཉམ་པར་འཇོག་པར་འགྱུར་རོ། །སེམས་མཉམ་པར་གཞག་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་ཉིད་སོ་སོར་རྟོགས་པ་བཟོད་པར་འགྱུར་རོ། །དེས་ན་འདི་དག་ལ་འདི་ནི་ཕན་གདགས་པ་ཆེན་པོ་ཉིད་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བདེ་བ་དང་ལྡན་པའི་སེམས་མཉམ་པར་
เล่ม ๔๖ · หน้า 84b
འཇོག་པར་འགྱུར་རོ། །སེམས་མཉམ་པར་བཞག་པས་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་ཤེས་པར་འགྱུར་རོ་ཞེས་བྱ་བ་རྒྱས་པར་གསུངས་པ་ཡིན་ནོ། །མང་པོའི་ཚིག་ཉིད་ནི་འཇིག་རྟེན་གསུམ་པོ་མ་ལུས་པའི་རྡུལ་ཕྲ་རབ་སོ་སོའི་ཁོངས་སུ་གཏོགས་པའི་ཆོས་འབྱུང་གི་ནང་གི་གཞལ་
ཡས་ཁང་གི་ནང་ན་དཀྱིལ་འཁོར་པ་ཐམས་ཅད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་རང་གི་རིག་མ་དང་གཉིས་སུ་མེད་པར་སྣང་བར་འགྱུར་བའོ། །བཞུགས་ཏེ་ཞེས་བྱ་བ་ནི་རྫུ་འཕྲུལ་རྣམ་པ་སྣ་ཚོགས་ཀྱིས་གདུལ་བྱའི་འགྲོ་བའི་སེམས་འཕྲོག་པར་བྱེད་ཅེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་བདག་
ཉིད་ཆེ་བ་དང་། ཕན་པ་ཆེན་པོ་མཛད་པ་ཉིད་དང་། དབང་པོ་དང་བཅས་པ་ཉིད་དུ་བསྒྲུབ་པའི་ཕྱིར། འཁོར་འདུས་པ་ཆེན་པོ་ཉིད་གསུངས་པ། གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ་གཅིག་དང་དུ་མ་ལ་སོགས་པ་དང་བྲལ་བ་ཉིད་ཀྱིས་ཆོས་ཐམས་ཅད་ལ་རྟོགས་པ་མེད་པ་དང་ཤེས་པ་
མེད་པ་ནི་གཏི་མུག་སྟེ། དེ་ཉིད་ནི་གཟུགས་བརྙན་ལྟར་མི་འཁྲུལ་པ་ཉིད་ཀྱི་ཕྱིར་མི་ཕྱེད་པ་དང་། དེ་ལས་གཞན་པ་འབྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཡང་ཡིན་ཏེ། བྱམས་པ་ཆེན་པོ་མངོན་སུམ་དུ་བྱས་པའི་ཕྱིར། མྱ་ངན་ལས་འདས་པའི་འཆི་བའི་གཤིན་རྗེ་འཇོམས་པས། དེའི་ཕྱིར་གཏི་མུག་
རྡོ་རྗེ་གཤིན་རྗེ་གཤེད་དེ། དེས་ཀྱང་དེར་ཐོས་ཞེས་བྱའོ། །ཕྲ་མ་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ་གཞན་འབྱེད་པའི་ཚིག་ནི་ཕྲ་མ་ཞེས་བྱའོ། །དེ་ལ་གཞན་ནི་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་སྟེ། རིགས་པ་དང་ལུང་གིས་ཕྱེ་ཞིང་སུན་ཕྱུང་ནས་རང་དང་མཉམ་པ་ཉིད་ཀྱི་རྒྱུད་ལ་སྦྱོར་བར་བྱེད་དེ་
ཞེས་བྱ་བ་རང་དང་མཉམ་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དབྱེར་མེད་པ་དང་དེས་གཞན་དག་འབྱེད་པ་ཉིད་ཀྱིས་རྡོ་རྗེ་ཞེས་བྱ་ལ། སྙིང་རྗེ་ཆེན་པོ་རང་བཞིན་གྱིས་མངོན་སུམ་དུ་བྱས་པའི་ངོ་བོས་མི་འདྲ་བའི་མྱ་ངན་ལས་འདས་པའི་གཤིན་རྗེ་གཤེད་ནག་པོ་ཡིན་པས་ཕྲ་མ་རྡོ་རྗེ་གཤིན་རྗེ་གཤེད་དོ། །འདོད་ཆགས་
རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ་སེམས་ཅན་གྱི་དོན་ལ་སོ་སོར་རྟོག་པ་ལ་ཞེན་པ་ནི་ཆགས་པའོ། །དེའི་ངོ་བོ་ཉིད་ཀྱིས་མི་ཕྱེད་པ་དང་གཞན་འབྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དང་དགའ་བ་ཆེན་པོ་མངོན་སུམ་དུ་བྱས་པའི་ཕྱིར། འདོད་ཆགས་དང་བྲལ་བས་བསྐྱེད་པའི་མྱ་ངན་ལས་འདས་
เล่ม ๔๖ · หน้า 85a
པའི་འཆི་བའི་གཤིན་རྗེ་འཇོམས་པས་འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དོ། །ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་དང་། ཕྲག་དོག་ནི་གཞན་གྱི་ཡོན་ཏན་ལ་སྡང་བ་སྟེ། རང་རང་གི་སེམས་ཅན་གྱི་དོན་བྱེད་པ་གྲུབ་པ་ལ་གཞན་གྱིས་མི་བྱ་སྟེ་དེ་བདག་གིས་བྱའོ་
ཞེས་རྣམ་པར་སྣང་བའོ། །བྱ་བ་ནན་ཏན་ཉིད་ཀྱི་ཕྱིར་མི་ཕྱེད་ཅིང་འབྱེད་པར་བྱེད་པས་རྡོ་རྗེ་སྟེ། བཏང་སྙོམས་ཆེན་པོ་མངོན་སུམ་དུ་བྱས་པའི་ཕྱིར་རང་གི་དོན་ཙམ་གྱི་མྱ་ངན་ལས་འདས་པའི་གཤིན་རྗེ་འཇོམས་པར་བྱེད་པས་ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད་དོ། །ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་
བྱ་བ་ལ་ཕན་ཚུན་དགའ་བར་མི་བྱེད་པ་ལ་སྡང་བ་ནི་ཞེ་སྡང་ངོ་། །ཡང་ན་ཆོས་ཐམས་ཅད་ཤེས་པ་དང་ཤེས་བྱ་ལ་སོགས་པའི་ངོ་བོར་རྣམ་པར་གཞག་པ་ལ་སྡང་བ་ནི་བདག་མེད་པའི་ངོ་བོ་ཉིད་ཡིན་པའི་ཞེ་སྡང་ངོ་། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སྟེ་མི་བྱེད་པ་ཉིད་དང་། དེ་ལས་གཞན་པ་འབྱེད་པར་བྱེད་པའི་
ཕྱིར་དང་། སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་མངོན་སུམ་དུ་བྱས་པ་ཉིད་ཀྱིས་སེམས་ཅན་གྱི་དོན་འདོར་བའི་རྟག་ཏུ་བདེ་བ་ཉིད་ཀྱི་མྱ་ངན་ལས་འདས་པར་ལྟུང་བའི་གཤིན་རྗེ་འཇོམས་པར་བྱེད་པའི་ཕྱིར་ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤེད་དོ། །ཐོ་བ་རྡོ་རྗེ་གཤིན་རྗེ་དང་། །ཞེས་བྱ་བ་ལ་འཇིག་ཚོགས་ལ་ལྟ་བ་དང་ཤེས་བྱའི་
སྒྲིབ་པ་འཇིག་པར་བྱེད་པ་མཚོན་པས་ཐོ་བ་སྟེ། ཕུང་པོའི་བདུད་ཀྱི་གཤིན་རྗེ་འཇོམས་པར་བྱེད་པས་ཐོ་བ་རྡོ་རྗེ་གཤིན་རྗེ་གཤེད་དོ། །མཐར་འཛིན་པ་ལྟ་བ་དང་ཉོན་མོངས་པའི་སྒྲིབ་པ་འཇིག་པར་བྱེད་པས་དབྱུག་པས་ཉེ་བར་མཚོན་པ་སྟེ། ཉོན་མོངས་པའི་བདུད་ཀྱི་གཤིན་རྗེ་འཇོམས་པར་བྱེད་
པས་དབྱུག་པ་གཤིན་རྗེ་གཤེད་དོ། །ལོག་པར་ལྟ་བ་དང་སྐྱེ་བའི་སྒྲིབ་པས་གོས་པ་མེད་པའི་ཆོས་རབ་ཏུ་སྟོན་པ་ནི་པདྨས་ཉེ་བར་མཚོན་པ་ཡིན་པ་དང་། འཆི་བདག་གི་བདུད་ཀྱི་གཤིན་རྗེ་འཇིག་པར་བྱེད་པས་པདྨ་གཤིན་རྗེ་གཤེད་དོ། །ལྟ་བ་མཆོག་ཏུ་འཛིན་པ་དང་ལས་ཀྱི་སྒྲིབ་པ་གཅོད་པར་
བྱེད་པ་ནི་རལ་གྲིས་ཉེ་བར་མཚོན་པ་ཡིན་པ་དང་། རྣམ་པར་གཡེང་བར་བྱེད་པའི་ལྷའི་བུའི་བདུད་ཀྱི་གཤིན་རྗེ་འཇོམས་པར་བྱེད་པས་རལ་གྲི་གཤིན་རྗེ་གཤེད་དོ། །མི་ཕྱེད་པའི་བྱམས་པ་ཆེན་པོའི་ངོ་བོས་རང་གི་གདུལ་བྱ་ལ་སྤྱོད་པར་བྱེད་པས་རྡོ་རྗེ་ཙརྩི་ཀའོ། །རྡོ་རྗེ་ནི་གཏི་མུག་རྡོ་རྗེ་གཤིན་རྗེ་
เล่ม ๔๖ · หน้า 85b
གཤེད་ལ་སོགས་པའོ། །བར་ནི་དེ་རྣམས་ཀྱི་མཆོག་སྟེ་གཤིན་རྗེ་གཤེད་པོའོ། །ཧི་ནི་དེ་ལ་ཕན་པ་སྟེ་བྱང་ཆུབ་ལའོ། །དེ་ཡང་རང་གི་ཕྱག་རྒྱ་དང་གཉིས་སུ་མེད་པར་གྱུར་པ་ཉིད་ལས་འཐོབ་པས་དེས་ན་རྡོ་རྗེ་ཕག་མོའོ། །བར་ཧི་ཞེས་བྱ་བའི་ཚིག་གིས་ནི་དབྱེར་མེད་པའི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་
འབྱུང་བས་ཞེ་སྡང་གི་ནང་དུ་ལྷུང་བའི་སེམས་ཅན་ཟློག་པར་བྱེད་ཅིང་ཞེ་སྡང་ལས་བཟློག་ནས་ཞེ་སྡང་ཆེན་པོ་ལ་སྦྱོར་བར་བྱེད་དོ། །དེའི་ཕྱིར་བཛྲ་བར་ནི་བཅོམ་ལྡན་འདས་ཉིད་དོ། །ཧི་ནི་དེ་ལ་ཕན་པ་ཉིད་སྔ་མ་བཞིན་ནོ། །དབྱེར་མེད་པའི་གདུལ་བྱའི་པདྨ་མ་ལུས་པའི་སྐྱེ་གནས་ཡིན་པའི་ཕྱིར་རྡོ་རྗེའི་མཚོན་ནི་
འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དོ། །དེ་ཉིད་ནི་ལྷན་ཅིག་སྐྱེས་པའི་མཆོག་གི་བདེ་བ་གཉིས་སུ་མེད་པའི་དགའ་བ་སྐྱེད་པར་བྱེད་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་དབྱངས་ཅན་མའོ། །གོ་ནི་མིག་ལ་སོགས་པའི་དབང་པོ་རྣམས་སོ། །དེའི་བདག་ཉིད་ཅན་གྱི་བླ་ན་མེད་པའི་སེམས་ཅན་གྱི་དོན་
གྱི་ངོ་བོ་ཉིད་དུ་སོང་ཞིང་འཛིན་པར་བྱེད་པས་གཽ་རཱི་སྟེ། ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད་དོ། །འདི་ནི་དེ་ལ་ཕན་པའི་བླ་ན་མེད་པའི་ལྷན་ཅིག་སྐྱེས་པའི་བདེ་བ་གཉིས་སུ་མེད་པའི་ངོ་བོ་ཉིད་ཡིན་པས་གཽ་རཱི་སྟེ། རང་གི་བྱ་བ་ལ་མི་ཕྱེད་པས་རྡོ་རྗེ་ཡང་ཡིན་ལ་དེ་ཉིད་གཽ་རཱི་ཡང་ཡིན་པས་རྡོ་རྗེ་གཽ་རཱིའོ། །མཚམས་སུ་
ཞེས་བྱ་བ་ནི་མཚམས་བཞིར་གནས་པའི་ཐོད་པ་བཞི་པོ་མཐོང་བ་གཤིན་རྗེ་གཤེད་དེ། དེ་དག་ལ་སོགས་པ་ཞེས་བྱ་བ་ནི་དེ་དག་གཙོ་བོར་གྱུར་པ་གཤིན་རྗེ་གཤེད་ཀྱི་ཚོགས་ཆེན་པོའོ། །བཅུ་བདུན་པོ་སྨོས་པས་འདི་དག་དང་ཞེས་བྱ་བ་བརྗོད་པར་བྱ་བ་ཡིན་ན་ཡང་སོགས་པ་ཞེས་བྱའི་སྒྲས་ནི་འདི་ལྟར་སྒྲུབ་པར་
བྱེད་དེ། འདི་དག་ཉི་ཚེ་བ་མ་ཡིན་གྱི་གཞན་ཡང་ནང་གི་བདག་ཉིད་ཅན་གྱི་དབང་པོ་རྣམ་པར་དག་པར་གྲུབ་པ་རྡོ་རྗེ་མིག་ལ་སོགས་པ་དང་ཡང་ངོ་། །འདི་སྐད་བསྟན་པར་ཡང་འགྱུར་ཏེ་དེ་ལྟ་བུའི་ཁྱད་པར་ཅན་གཙོ་བོར་གྱུར་པ་གང་ལ་ཡོད་པ་དེ་ནི་དེ་དག་ལ་སོགས་པ་སྟེ་མིག་རྡོ་རྗེ་ལ་སོགས་པ་དང་། ལུས་རྡོ་རྗེ་ལ་
སོགས་པའོ། །འདི་རྣམས་ཀྱིས་ཐམས་ཅད་ཀྱི་རྡོ་རྗེ་མིག་ལ་སོགས་པ་བྱིན་གྱིས་བརླབ་པར་གྲུབ་པ་ཡིན་ནོ། །ཁ་ཅིག་ནི་བཅོམ་ལྡན་འདས་ཁོ་ནའི་སྤྱན་ལ་སོགས་པ་བྱིན་གྱིས་བརླབ་པར་འདོད་དོ། །དེ་ནི་ཐམས་ཅད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འགྲུབ་པ་ལ་མཐུན་པ་མ་ཡིན་ནོ་ཞེས་ཁོ་བོའི་བླ་མ་
เล่ม ๔๖ · หน้า 86a
གསུང་ངོ་། །རྟ་མཆོག་གི་དཀྱིལ་འཁོར་ལ་སོགས་པའི་ལྷ་མོ་ལ་སོགས་པ་དང་ལྷན་ཅིག་ཐོས་སོ་ཞེས་བྱ་བར་འབྲེལ་ལོ། །ད་ནི་དངོས་གྲུབ་དང་མན་ངག་ནི་བླ་མ་ལ་རག་ལས་པར་བྱ་བའི་ཕྱིར་དང་རང་དགར་འཇུག་པ་དགག་པའི་ཕྱིར་མངོན་པར་རྟོགས་པ་ལ་སོགས་པའི་འབྲེལ་
པ་འཚོལ་བར་བསྟན་པ་ནི་ཐེ་ཚོམ་མེད་པར་བསྒྲུབ་པའི་ཕྱིར་ཏེ། ཇི་ལྟ་བ་བཞིན་དུ་བསྟན་ན་ཐེ་ཚོམ་དུ་འགྱུར་བ་ནི་སྒྲའི་དོན་དུ་མར་འབྱུང་བའི་ཕྱིར་རོ། །ཇི་ལྟར་དཀར་པོ་རྒྱུག་ཅེས་བྱ་བས་ཅི་ཁྱི་འདི་རྒྱུག་གམ་འོན་ཏེ་དཀར་པོའི་ཡོན་ཏན་དང་ལྡན་པ་གཞན་རྒྱུག་ཅེས་བྱ་བ་ལྟ་བུའོ། །དེ་ལྟ་བས་ན་གང་མཁས་པ་ང་
རྒྱལ་བྱེད་པ་དག་རང་དགར་འཇུག་པར་མ་གྱུར་ཅིག་ཅེས་བསླབ་པར་བྱ་བའི་ཕྱིར་འབྲེལ་པ་འཚོལ་བར་བསྟན་ཏོ། །དེ་ལ་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་སུ་ཞེས་བྱ་བ་ནས་གཤིན་རྗེ་གཤེད་ཀྱི་ཁྲོ་བོ་ཆེན་པོ་ངེས་པར་ཕྱུང་ནས་ཞེས་བྱ་བའི་བར་རིམ་པར་ཕྱེ་བ་བཅོ་བརྒྱད་པ་ལས་གསུངས་པའི་
དེ་མ་ཐག་ཏུ་དེ་ནས་ཞེས་བྱ་བ་ལ་སོགས་པ་འདི་ལྟར་བལྟ་བར་བྱའོ། །དང་པོའི་དེ་ནས་ཞེས་བྱ་བ་ལ་སོགས་པའི་དེ་ནས་ཞེས་བྱ་བ་ནི་ངེས་པར་གཟུང་བའམ་ཚིག་གི་རྒྱན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔས་ཕྱག་ན་རྡོ་རྗེ་ལ་བོས་ཏེ། གསུངས་པ་
ཞེས་བྱ་བར་འབྲེལ་ལོ། །དེ་ལ་བོས་ཏེ་གསུངས་པ་ནི་འདི་ཡིན། ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ཐུབ་པ་ཆེན་པོའི་བཀའ་བཞིན་བྱེད་པ་ལ་ཕྱག་ན་རྡོ་རྗེ་ཁྱོད་འདི་ལྟ་བུའི་གཤིན་རྗེ་གཤེད་ཀྱི་ཁྲོ་བོའི་གཟུགས་སུ་བསྒྱུར་ལ། བདུད་ལ་སོགས་པ་སོད་ཅིག་ཅེས་བྱ་བ་ལ་སོགས་པ་རིམ་པར་ཕྱེ་བ་བཅོ་བརྒྱད་པ་
ནས་གསུངས་པ་འབྲེལ་ཏོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་གང་དེ་ལྟ་བུའི་རྣམ་པ་ལྔ་མངོན་པར་བྱང་ཆུབ་པའི་རྡོ་རྗེ་འཆང་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་བསྒོམ་པར་བྱའོ་ཞེས་སྟོན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བའི་སྒྲས་ནི།
སྣ་ཚོགས་རྡོ་རྗེ་འཇིགས་རུང་བ། །ནམ་མཁའི་རྡོ་རྗེའི་དཀྱིལ་དུ་བསམ། །ཞེས་བྱ་བའི་རྗེས་ཐོགས་སུའོ། །ཐམས་ཅད་ཀྱང་དེ་ཡིན་ལ་དེ་བཞིན་གཤེགས་པ་ཡང་དེ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེགས་ལ་སོགས་པའོ། །དེ་རྣམས་ཀྱི་བདག་པོ་ནི་རྡོ་རྗེ་
เล่ม ๔๖ · หน้า 86b
འཆང་ངོ་། །བདུད་ཐམས་ཅད་ནི་ཕུང་པོ་ལ་སོགས་པའོ། །ཏིང་ངེ་འཛིན་གང་གིས་དེ་དག་(འཛོམས་,འཇོམས་པར་བྱེད་དེ་གཅོད་པར་བྱེད་པ་དེ་ཉིད་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་མིང་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་དེའི་
བདག་ཉིད་དུ་ངེས་པར་བསྟན་ཏོ་ཞེས་བྱ་བ་སྟེ་རྣམ་པར་སྤྲོས་སོ་ཞེས་བྱ་བ་ནི་དོན་ཏོ། །ཏིང་ངེ་འཛིན་གྱི་དོན་བསྟན་པའི་ཕྱིར། ཟླ་བ་རྡོ་རྗེ་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཉིས་འགྱུར་དུ་བྱས་པ་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་ཟླ་བའོ། །དེའི་སྟེང་
དུ་ཀ་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་བཞི་དང་ཌ་ཌྷ་ད་དྷ་ཡ་ལ་སོགས་པའི་ཡི་གེ་བཞི་བཅུ་ཉིས་འགྱུར་དུ་བྱས་པའི་ཐབས་ཀྱི་བདག་ཉིད་ཅན་གྱི་ཟླ་བ་གཞན་ནོ། །དེ་དག་གཉི་ག་ཡང་རོ་མཉམ་པར་གྱུར་པའི་ཟླ་བ་དང་། དེ་ལས་གྱུར་པའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་དཀར་ལ་དམར་བའི་
ཧཱུཾ་ལས་སྐྱེས་པ་ནོར་བུ་དམར་པོ་ལྟ་བུའི་རྡོ་རྗེའོ། །དེའི་སྦྱོར་བ་ཁྱད་པར་ཅན་ལས་ཉིད་དང་མཚུངས་པའི་ཤེས་རབ་ཀྱིས་འཁྱུད་པའི་རྡོ་རྗེ་འཆང་གི་རྣམ་པ་ཅན་དཀར་ལ་དམར་བ་གཡོན་བརྐྱང་པ་གཡས་བསྐུམ་པ་དེ་ལས་གྱུར་པ་རོལ་ཅིང་ཁྲོ་བ་ཕྱག་གཡས་པ་རྣམས་ན་རྡོ་རྗེ་དང་རལ་གྲི་དང་གྲི་གུག་བསྣམས་
པ། ཕྱག་གཡོན་པ་རྣམས་ན་འཁོར་ལོ་དང་པདྨ་དང་ཐོད་པ་བསྣམས་པ། ཞི་བ་ཐ་མལ་པ་རྗེས་སུ་འཛིན་པས་ཞི་བ། ཤིན་ཏུ་གདུག་པ་ཅན་རྗེས་སུ་འཛིན་པས་ཁྲོ་བོའི་གཟུགས་ཅན་ནོ། །ནག་པོར་ལ་ལར་འདོད་དོ། །དེ་ནི་མི་འཐད་དེ་གང་གི་ཕྱིར་ཐམས་ཅད་རྗེས་སུ་གཟུང་བའི་
ཕྱིར་རྣམ་པར་གནས་པ་ཡིན་ལ། ནག་པོ་ཉིད་ནི་ཞེ་སྡང་ལ་སྤྱོད་པ་རྗེས་སུ་གཟུང་བའི་དོན་ཡིན་པའི་ཕྱིར་རོ། །གཞན་ཡང་རྒྱུད་གཞན་ནས་བསྟན་པ་དང་ཡང་འགལ་བ་ཡིན་ཏེ། དེ་ཡང་དགྱེས་པའི་རྡོ་རྗེ་ལས། །ནོར་བུ་ཆུ་ཤེལ་འོད་འདྲ་ཞིང་། །ཞེས་གསུངས་པ་དང་། དཔལ་འདུས་པའི་དོན་ཡེ་ཤེས་
ཞབས་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་། ཟླ་བ་རྒྱས་པའི་མདངས་ལྟར་དཀར་བ་ལ། །གཡས་དང་གཡོན་པའི་ཞལ་ནི་སྔོ་དང་དམར། །ཞེས་གསུངས་པས་དེའི་ཕྱིར་ཟླ་བ་རྡོ་རྗེ་སྦྱོར་བ་ཡིས་ཏེ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་མཐར་བྱེད་བསྒོམ་པར་བྱའོ། །འདིའི་ཕྱག་དང་ཞལ་
เล่ม ๔๖ · หน้า 87a
དང་མདོག་དང་དབྱིབས་ནི་རིམ་པར་ཕྱེ་བ་བཞི་པར་བསྒྲུབ་པར་བྱའོ། །ཅིའི་ཕྱིར་ཞེ་ན། བདུད་རྣམས་ཞི་བར་བྱ་ཕྱིར་དང་། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྟོང་པ་ཉིད་བསྒོམ་པའི་རྗེས་ཐོགས་སུ་རྣལ་འབྱོར་པའི་སྲུང་བ་གསུངས་པ། རྡོ་རྗེ་བསྲུང་བའི་དོན་དུ་བསྒོམ། །ཞེས་བྱའོ། །
རང་གི་དོན་རྫོགས་ནས་གཞན་གྱི་དོན་བྱ་བའི་ཕྱིར་གཞན་གྱི་དོན་སྤྲུལ་པའི་དཀྱིལ་འཁོར་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དེ་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པ་བསྐྱེད་པ་ནི་ཉིད་དང་མཚུངས་པའི་ཆུ་སྐྱེས་སུ་རྫོགས་པར་བྱེད་
པས། དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པ་པོ་སྟེ། དཔལ་གཤིན་རྗེ་གཤེད་ནག་པོའི་ངོ་བོའོ། །གང་གིས་བདུད་ཐམས་ཅད་འདུལ་བར་བྱེད་པ་དེས་ནི་མི་ཕྱེད་པའི་གཤིན་རྗེ་གཤེད་ཀྱི་གཟུགས་དེ་ཉིད་རྡོ་རྗེའོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བསྟན་ཏོ། །དེ་ལ་སྙོམས་པར་
ཞུགས་པ་ནི་དེར་སེམས་རྩེ་གཅིག་པར་བྱས་པའོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་ཐམས་ཅད་ཀྱི་ས་བོན་འདི་ཞེས་བྱ་བ་ནི་བསྐྱེད་པའི་རྒྱུའོ། །ངེས་པར་ཕྱུང་བ་ཞེས་བྱ་བ་ནི་རྣམ་པར་སྤྲོས་པའོ། །འདི་སྐད་བསྟན་པར་འགྱུར་ཏེ་རང་གི་སྙིང་གའི་འོད་
ཀྱིས་དེ་བཞིན་གཤེགས་པ་རྣམས་བཀུག་ནས་ཞལ་དུ་བཅུག་སྟེ་ཐུགས་སུ་བཞུས་ནས་རྡོ་རྗེའི་ལམ་ནས་ཕྱུང་ཞིང་ཉིད་དང་མཚུངས་པའི་ཆུ་སྐྱེས་སུ་ཟླ་བ་ཞུ་བར་གྱུར་པ་ལས་བྱུང་བའི་ཡ་ལས་གཞལ་ཡས་ཁང་སྤྲུལ་པར་མཛད་དེ་འདི་ལྟར་འཆད་པར་འགྱུར་བའི་གནས་དེར་ཉི་མ་དང་ཟླ་བ་ལ་ས་བོན་བཅུ་བདུན་དགོད་
པར་བྱ་བ་ཡིན་ནོ། །འདིར་ནི་བཅོམ་ལྡན་འདས་སྙོམས་པར་ཞུགས་པ་ནི་མ་ཡིན་ནོ་ཞེས་ལ་ལ་འདོད་དོ། །དེའི་ལུགས་ལྟར་ན། །བྷ་གར་ལིངྒ་རྣམ་བསྒོམ་ཉིད། །དཀྱིལ་འཁོར་བདག་པོར་རྣམ་པར་བསྒོམ། །ཞེས་རིམ་པར་ཕྱེ་བ་བཅུ་པ་ལས་བསྟན་པ་དང་འགལ་བར་འགྱུར་རོ། །གཞན་
ཡང་ཉིད་དང་མཚུངས་པའི་ཆུ་སྐྱེས་སུ་དཀྱིལ་འཁོར་བསྐྱེད་ནས་འབྱིན་པར་བྱེད་པ་ཡང་སྙོམས་པར་འཇུག་པ་མེད་ན་ཇི་ལྟར་དེར་འགྱུར། འོན་ཏེ་དེ་མེད་དུ་ཟད་མོད་ཅེ་ན། དེ་ལྟར་ན་ནི་འབྱིན་པའི་སྔགས་དགོས་པ་མེད་པར་འགྱུར་རོ། །འོན་ཏེ་སྔགས་ཉིད་ཀྱིས་རང་གི་སྙིང་ག་ནས་སྤྲོ་བར་བྱའོ་ཞེ་ན་དེ་ལྟར་
เล่ม ๔๖ · หน้า 87b
ན་ནི་ས་བོན་དགོད་པའི་དོན་ཅི་ཡིན། ས་བོན་ལས་བསྐྱེད་ནས་གནས་ཇི་ལྟ་བར་འབྱིན་པར་བྱེད་ཅིང་དགོད་པར་བྱ་བར་ནི་གྲགས་སོ། །གང་གི་ཚེ་དམ་ཚིག་གི་དཀྱིལ་འཁོར་དུ་ས་བོན་ལས་རྫོགས་པར་གྱུར་ན། དེའི་ཚེ་དེ་ལྟར་ཕྱུང་ནས་གང་དུ་ཁྱེར་བར་བྱེད་དེ་དེའི་ཕྱིར་ངེས་པ་ཁོ་ནར་གསང་བའི་དཀྱིལ་
འཁོར་དུ་ས་བོན་དང་ཕྱག་མཚན་གྱི་རིམ་གྱིས་ལྷའི་འཁོར་ལོ་མ་ལུས་པ་སྤྲུལ་ལ་ཕྱུང་ནས་དམ་ཚིག་གི་དཀྱིལ་འཁོར་དུ་རྣམ་པར་གཞག་པར་བྱའོ་ཞེས་བྱ་བས་ཆོག་གི་མང་དུ་སྨྲ་ཅི་དགོས། ར་སོགས་ཡི་གེ་དང་པོ་ནི་ཡའོ། །དེ་ནི་གཤིན་རྗེ་གཤེད་དུ་འགྱུར་བ་སྟེ་འབྱུང་བའོ། །དེ་ཡོངས་སུ་གྱུར་པ་ལས་
ཞེས་བྱ་བའི་དོན་ཏོ། །ཡི་གེ་ཀྵེ་ནི་གཏི་མུག་བརྗོད། །ཅེས་བྱ་བ་ལ་ཡི་གེ་ཀྵེ་གྱུར་པ་ལས་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དུ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གཞན་དག་བསྐྱེད་པ་ཡང་རང་རང་གི་ས་བོན་དུ་གྱུར་པ་ལས་རབ་ཏུ་བསྒྲུབ་པར་བྱའོ། །ཉིད་དང་མཚུངས་པའི་ཆུ་སྐྱེས་སུ་གཞལ་ཡས་
ཁང་བསྐྱེད་པ་ནི་རིགས་སོ། །སྣ་ཚོགས་རྡོ་རྗེ་འཇིགས་རུང་བ། ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའ་ནི་ནམ་མཁའོ། །དེ་ཉིད་བརྟགས་པ་མ་ལུས་པ་ཟད་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དང་མི་ཕྱེད་པའི་ཕྱིར་རྡོ་རྗེའོ། །ཆོས་ཀྱི་བརྡས་ནི་ཉིད་དང་མཚུངས་པའི་ཆོས་འབྱུང་བའི་
ཕྱག་རྒྱ་ཡང་ཡིན་ནོ། །དེའི་དཀྱིལ་དུ་སྟེ་ཉིད་དང་མཚུངས་པའི་ཆུ་སྐྱེས་ཀྱི་ལྟེ་བའི་ངོ་བོ་སྣ་ཚོགས་པདྨ་དང་། སྣ་ཚོགས་རྡོ་རྗེའི་སྟེང་དུ་ཟླ་བ་ལ་གནས་པའི་གཞལ་ཡས་ཁང་གི་གཟུགས་དེར་བསམ་པ་སྟེ། སྣ་ཚོགས་རྡོ་རྗེ་ནི་སྣ་ཚོགས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འདིའི་ཁ་དོག་གི་ཁྱད་པར་ནི་བཅུ་བཞི་
པ་ལས་བསྟན་པར་བྱའོ། །དེའི་དཀྱིལ་དུ་གཤིན་རྗེ་གཤེད་བསྒོམ་པར་བྱའོ། །ཤར་དུ་ཞེས་བྱ་བ་ནི་རྩིབས་ཀྱི་རྩ་བར་ཞེས་བྱ་བའི་དོན་ཏོ། །གཞན་དུ་ཡང་དེ་བཞིན་ནོ། །མཚམས་ཀྱི་རྡོ་རྗེ་རྩེ་བཞི་ལ། །ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའི་མཚམས་བཞིར་ཞེས་བྱ་བའི་དོན་ཏོ། །སྒོ་ཡི་རྡོ་རྗེ་རྩེ་བཞི་ལ། །
ཞེས་བྱ་བ་ནི་སྒོར་བྱུང་བའི་སྣ་ཚོགས་རྡོ་རྗེའི་རྩེ་མོ་ལའོ། །སྣ་ཚོགས་རྡོ་རྗེའི་མཚམས་བཞི་རུ། །ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའི་མཚམས་བཞིའི་དཀྱིལ་འཁོར་ལ་ཞེས་བྱ་བ་ནི་ལྷག་མའོ། །ད་ནི་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པས་འབྱིན་པའི་སྔགས་
เล่ม ๔๖ · หน้า 88a
གསུངས་པ་ནི། ཨོཾ་ཧྲཱིཿཥྚྲྀཿཞེས་བྱ་བ་ལ་སོགས་པ་ཇི་ལྟར་རིགས་པའོ། །གཤིན་རྗེ་གཤེད་ཉིད་དུ་རིགས་གཅིག་པའི་ཕྱིར་ཐམས་ཅད་གཤིན་རྗེ་གཤེད་ཀྱི་གཟུགས་སུ་གདོན་པར་བྱའོ། །སྤྲོ་བ་ཡང་བཅུ་པ་ལས། བ་སྤུའི་ཁུང་ནས་སྤྲོ་བར་བྱ། །ཞེས་བྱ་བ་ལ་སོགས་པ་འཆད་པར་
འགྱུར་རོ། །དཀྱིལ་འཁོར་ཡོངས་སུ་རྫོགས་པའི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་སྔགས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་དང་གསུང་དང་ཐུགས་ནི་ཨོཾ་ཨཱཿཧཱུཾ་ལས་སྐྱེས་པའི་འཁོར་ལོ་དང་པདྨ་དང་རྡོ་རྗེའི་དཀྱིལ་ན་བཞུགས་པའི་ལྷའི་གཟུགས་
ཏེ། སྔགས་འདི་རྣམས་ཀྱིས་བྱིན་གྱིས་བརླབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་བསྐྱེད་ཟིན་པའི་མདོག་དང་ཞལ་དང་ཕྱག་མཚན་བསྟན་ཏོ། །ཞི་བ་ལ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་བཞི་བྱེད་པའི་ཕྱིར་རོ། །གསལ་བའི་གཟུགས་ནི་ཟླ་བའི་གཟུགས་སོ། །གང་གི་གཟུགས་
དེ་དང་འདྲ་བར་འོད་གསལ་བའི་རྒྱུ་ཞེས་བྱ་བའོ། །རྒྱས་པ་ཞེས་བྱ་བ་ནི་རྒྱས་པའི་ལས་ལའོ། །གསེར་གྱི་རྣམ་པའི་ཞེས་བྱ་བ་ནི་སེར་པོའོ། །དབང་བྱེད་པ་ཞེས་བྱ་བ་ནི་དབང་དུ་བྱ་བའི་ལས་ལའོ། །པདྨ་རཱ་ག་ནི་རིན་པོ་ཆེའི་ཁྱད་པར་རོ། །རིན་ཆེན་མརྒད་འོད་དང་ལྡན། །ཞེས་བྱ་བ་ནི་ལྗང་གུ་སྟེ། རིན་པོ་
ཆེ་མརྒད་དང་འདྲ་བའི་འོད་ཅན་ནོ། །ཤུགས་ཅན་ཞེས་བྱ་བ་ནི་རལ་གྲིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་ནི་གཤིན་རྗེ་གཤེད་ནག་པོའོ། །དེ་རྒྱས་པར་སྟོན་པར་བྱེད་པ་དེ་ལ་ཡང་དེ་སྐད་ཅེས་བསྟན་ཏོ། །མངོན་པར་ནི་དངོས་པོ་ཀུན་གྱིས་སོ། །རྟོགས་པ་ནི་
མངོན་སུམ་དུ་ངོ་བོ་ཉིད་གང་གིས་ཐོབ་པ་སྟེ་དེ་ནི་མངོན་པར་རྟོགས་པའོ། །མི་ཤེས་པ་ཐམས་ཅད་མི་སྣང་བར་བྱེད་པས་གོས་དང་འདྲ་བའི་ཕྱིར་རིམ་པའོ། །དེ་ལེན་ཅིང་འཛིན་པར་བྱེད་པས་དེ་ཉིད་ནི་རིམ་པར་ཕྱེ་བ་ཡང་ཡིན་པས་མངོན་པར་རྟོགས་པའི་རིམ་པས་ཕྱེ་བ་སྟེ་གཉིས་པ་ལ་ལྟོས་ནས་དང་པོའོ། །
རྫོགས་སོ་ཞེས་བྱ་བ་ནི་ལྷག་མ་མེད་པའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་དང་པོའི་བཤད་པའོ།། །།ད་ནི་སེམས་ཅན་རྣམས་དབང་བསྐུར་བ་ལ་སོགས་པས་སྣོད་དུ་བསྒྲུབས་ནས་གསང་བ་བསྟན་པར་བྱའོ་ཞེས་བྱ་བ་ཡིན་ལ་
เล่ม ๔๖ · หน้า 88b
དེ་ཡང་སྔོན་དུ་དཀྱིལ་འཁོར་འགྲོ་བ་ཡིན་ནོ་ཞེས་བྱ་བས་ལས་དང་པོའི་རྣལ་འབྱོར་པས་དཀྱིལ་འཁོར་བྲི་བ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་འགྲོ་བ་རྣམས་སྡུད་པ་པོ་ཉིད་ཡིན་པས་ཆེན་པོའོ། །བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་
ཡིན་པས་རྡོ་རྗེའོ། །དེ་ཡང་། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཞེས་གསུངས་པས་སོ། །གང་ལ་དེ་ལ་སེམས་པ་ཡོད་པ་དེ་ལ་བསྟོད་པ་ཞེས་བྱ་བ་འཆད་པར་འགྱུར་བའི་ཡོན་ཏན་དམ་པས་བསྟོད་པ་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་ལ་རྟོགས་པ་མེད་པ་ནི་གཏི་མུག་གོ། །དེ་
ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་མི་ཕྱེད་པའི་རྡོ་རྗེ་སྟེ། གང་ལ་དེའི་ངོ་བོ་ཡོད་པ་དེ་ནི་དེ་ཉིད་དོ། །གཤིན་རྗེ་གཤེད་ནག་པོ་ནི་བསྟན་ཟིན་ཏོ། །རབ་འཇིགས་པར་ཞེས་བྱ་བ་ནི་རང་གི་མི་མཐུན་པའི་ཕྱོགས་སོ། །འདི་ཡང་ཡེ་ཤེས་ལྔའི་བདག་ཉིད་ཡིན་པས་སངས་རྒྱས་ཀུན་རང་བཞིན་
ནོ། །གང་གི་གདུལ་བྱ་རྣམས་ལ་སྟོན་ཅིང་ཕན་པ་ལ་སྦྱོར་བར་བྱེད་པས་སྟོན་པའོ། །རྡོ་རྗེ་སྐུ་ཞེས་བྱ་བ་ལ་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་མི་འཇིགས་ཤིང་མི་ཕྱེད་པའི་ཡེ་ཤེས་ལྔའོ། །དེ་ལྟར་བོས་ནས་ཕྱག་འཚལ་ཞིང་བསྟོད་པའོ། །ཡང་ན་གཤིན་རྗེ་ཞེས་བྱ་བ་ནས་བསྟོད་པ་ལ་
ཐུགས་པའི་ཚིག་ལྔས་གཤིན་རྗེ་གཤེད་ལྔ་བསྟན་ཏོ། །རྡོ་རྗེ་སྐུ་ལ་ཞེས་བྱ་བ་གཅིག་པུས་ནི་དབྱེ་བ་མ་བྱས་པའི་རྡོ་རྗེ་འཆང་སྟེ་ཅི་རིགས་པར་སྦྱར་བར་བྱའོ། །དེ་བཞིན་དུ་ཕྲ་མ་རྡོ་རྗེ་ལ་སོགས་པ་ལ་ཡང་སྦྱར་རོ། །འདིས་ནི་མ་འོངས་པའི་སློབ་དཔོན་རྣམས་ཀྱིས་ཀྱང་གསོལ་བ་གདབ་པ་སྔོན་དུ་འགྲོ་
བས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །མཆོད་པའི་རྗེས་ཐོགས་སུ་བསྟོད་པ་ཡང་བྱ་བའོ། །ད་ནི་རྣལ་འབྱོར་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་གསུངས་པ། རྡོ་རྗེ་མིག་དང་ཞེས་བྱ་བ་ལ་སོགས་པ་སྟེ། གང་གིས་རྡོ་རྗེ་ལྟར་མི་ཕྱེད་
ཅིང་མི་ཤིགས་པའི་མིག་སྒྲུབ་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་གཞན་ལ་ཡང་གོ་བར་བྱའོ་ཞེས་བྱ་བ་ནི་བསྟན་ཟིན་པའོ། །མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་རྡོ་རྗེ་མིག་ལ་སོགས་པ་ལྷའི་ངོ་བོ་ཉིད་ཡང་དག་པར་སྒྲུབ་པར་བྱེད་དོ། །འཐོབ་པར་བྱེད་པ་གང་ཡིན་པ་ནི་རྡོ་རྗེ་མིག་ལ་སོགས་པ་
เล่ม ๔๖ · หน้า 89a
ནི་བྱིན་གྱིས་བརླབ་པའི་ཆོ་གའོ། །འདི་རྣམས་རྡོ་རྗེ་སྟེ་དབྱེར་མེད་པའི་ཚུལ་གྱིས་སོ། །དམ་ཚིག་སྒྲུབ་པར་བྱེད་པ་ནི་འདིར་མ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་བྲི་བ་བསྟན་ཏོ། །འཇིགས་པ་ཞེས་བྱ་བ་ནི་དྲག་པོའི་གཟུགས་ཅན་ཡིན་པའི་ཕྱིར་
རོ། །དཀྱིལ་འཁོར་ནི་བྱང་ཆུབ་ཀྱི་སེམས་ངོ་བོ་ཉིད་དོ། །དེ་ཡང་དཔལ་གསང་བ་འདུས་པ་ལས། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། །ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་གསུངས་པ། གཤིན་རྗེ་གཤེད་པོ་ཉིད་མཚུངས་པ། །ཞེས་བྱ་བ་ནི་འདྲ་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བཅོམ་
ལྡན་འདས་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་གཟུགས་ཅན་ཡིན་པ་དེ་བཞིན་དུ་དཀྱིལ་འཁོར་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདོད་པའི་དོན་ཀུན་ནི་འདོད་པར་བྱ་བ་ལྔ་པོ་གཟུགས་ལ་སོགས་པའོ། །དེས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་སྒྲུབ་པར་བྱེད་པ་སྟེ། དཔལ་
གཤིན་རྗེ་གཤེད་ནག་པོ་བསྒོམས་པས་མངོན་སུམ་དུ་བྱེད་པས་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པའོ། །ཐིག་གདབ་པ་གསུངས་པ་ལ་སར་པ་ཞེས་བྱ་བ་ནི་མ་སྤྱད་པའོ། །ལེགས་བསྒྲིལ་བ་ཞེས་བྱ་བ་ནི་ཉི་ཤུ་རྩ་ལྔའི་དབྱེ་བ་ལས་སྐུད་པ་ལྔའི་བདག་ཉིད་དུ་བསྒྲིལ་བའོ། །ལེགས་པའི་ཚད་ལ་
ཞེས་བྱ་བ་ནི་སྒོའི་ཉི་ཤུ་ཆར་སྦོམ་པ། དཀྱིལ་འཁོར་གྱི་ཉིས་འགྱུར་གྱི་ཚད་དུ་རིང་བའོ། །མཛེས་པ་ཞེས་བྱ་བ་ནི་དྲི་ཞིམ་པོ་ལྔ་དང་བདུད་རྩི་ལྔས་སྦངས་པ་རང་གི་ལྷའི་གཟུགས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པས་ཡེ་ཤེས་ཀྱི་སྐུད་པར་བྱས་པས་ཐིག་གདབ་པོ་ཞེས་བྱ་བར་འབྲེལ་ཏོ། །ཤེས་རབ་
ཅན་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པ་ལ་གཟོ་བའོ། །ཆོ་ག་ནི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བསྒྲུབས་སོ། །མཚན་ཉིད་ཐམས་ཅད་རབ་རྫོགས་ཤིང་། །ཞེས་བྱ་བ་གྲུ་བཞི་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །བར་ཆད་ཐམས་ཅད་རབ་མཉམ་པ། །ཞེས་བྱ་
བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་བར་ཆད་ཐམས་ཅད་རྣམ་པར་ཉམས་པའོ། །ཞི་བ་ལ་སོགས་རབ་འཇུག་པ། །ཞེས་བྱ་བ་ནི་ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་བྱེད་པའོ། །དཀྱིལ་འཁོར་ཉིད་གང་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཆ་བྱད་དང་འདྲ་བ་ཡོད་པ་བསྡུ་བར་བྱའོ། །འདིས་ནི་ཕྱི་རོལ་ཉིད་ཀྱི་
เล่ม ๔๖ · หน้า 89b
རྟོག་པ་སྤོང་བར་བྱེད་དོ། །ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའོ། །དེ་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་དབུས་སུ་བྲི་བར་བྱའོ། །རྩེ་མོ་ལྔ་དང་མཉམ་ལྡན་པ། །ཞེས་བྱ་བ་ནི་ཕྱོགས་བཞིར་རོ། །དེའི་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའོ། །དབུས་སུ་ཞེས་བྱ་བ་ནི་དབུས་ཀྱི་གནས་སུ་རྡོ་རྗེ་སྔོན་པོ་རྩེ་
ལྔ་ཁ་གྱེས་པ་མཛེས་པ་བྲི་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འབར་བས་འཁྲིགས་པ་ཡི། །ཞེས་བྱ་བ་ནི་དབྱེར་མེད་པའི་འོད་ཀྱིས་བསྐོར་བས་སོ། །ཤར་གྱི་རྩིབས་ལ་ཞེས་བྱ་བ་ནི་ཤར་གྱི་རྩིབས་ཀྱི་རྩ་བར་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་ཞེས་བྱ་བ་ནི་རྩིབས་བརྒྱད་པ་དཀར་པོའོ། །འཁོར་ལོའི་འོད་ཀྱིས་འཁྲིགས་བསྐོར་
བ། །ཞེས་བྱ་བ་ནི་འཁོར་ལོའི་རྣམ་པ་ཅན་གྱི་འོད་ཀྱིས་ཀུན་ཏུ་བསྐོར་བའོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ཕྱོགས་ཀྱི་རྩིབས་ཀྱི་རྩ་བ་ལ་ནི་རིན་པོ་ཆེ་དང་པདྨ་དང་རལ་གྲིའོ། །ཤར་གྱི་མཚམས་སུ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་མེའི་མཚམས་སུ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ལྷོ་དང་ནུབ་དང་
བྱང་གི་མཚམས་རྣམས་སུ་ནི་རྡོ་རྗེ་ལ་སོགས་པའོ། །དེ་བཞིན་དུ་ཐོ་བ་དང་དབྱུག་པ་དང་འདམ་སྐྱེས་དང་རལ་གྲི་རྣམས་ཤར་ལ་སོགས་པའི་སྒོ་རྣམས་སུ་བྲི་བར་བྱའོ། །རྫོགས་པ་ཞེས་བྱ་བ་ནི་དཀྱིལ་འཁོར་སྒྲུབ་པའི་རིམ་པས་བསྐྱེད་པ་སྟེ། དེ་ནི་བཅུ་བཞི་པ་ལ་འཆད་པར་འགྱུར་རོ། །ཐེ་
ཚོམ་མེད་པར་ཞེས་བྱ་བ་ནི་མཆོད་བྱ་དང་མཆོད་པ་པོ་དང་མཆོད་པ་དབྱེར་མེད་པའི་བློས་སོ། །རིམ་པར་ཕྱེ་བ་གང་གི་དཀྱིལ་འཁོར་ཆེན་པོ་སྒྲུབ་པར་བྱེད་པའི་རིམ་པར་ཕྱེ་བ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་
གཉིས་པའི་བཤད་པའོ།། །།གསོལ་བ་མ་བཏབ་པར་དཀྱིལ་འཁོར་བྲི་བར་མི་བྱའོ་ཞེས་མ་འོངས་པའི་སློབ་དཔོན་རྣམས་ལ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་གདབ་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་ཞེས་བྱ་བ་ནི་རྡུལ་
ཚོན་གྱི་དཀྱིལ་འཁོར་རོ། །སྡིག་པ་ཐམས་ཅད་དེ་དེས་སྐྱེས་ཟིན་པའི་སྲོག་གཅོད་པ་ལ་སོགས་པ་རྣམས་འཇོམས་པའོ། །དཀྱིལ་འཁོར་ཐམས་ཅད་ནི་རྒྱུད་གཞན་སྒྲུབ་པ་ཡང་ལེན་ཅིང་བསྒྲུབས་པས་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོའོ། །འདི་སྐད་བསྟན་པར་འགྱུར་ཏེ། འདིར་དབང་བསྐུར་
เล่ม ๔๖ · หน้า 90a
བ་ཐོབ་པའི་བསྒོམ་པ་པོས་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་བྱའོ། །རྣལ་འབྱོར་ཆེན་པོ་རྫོགས་པར་བྱ་བའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་འཛིན་ཆེན་པོ་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་ལྔའོ། །དེ་དེའི་བདག་ཉིད་དུ་འཛིན་
པར་མཛད་པས་རྡོ་རྗེ་འཆང་ཆེན་པོ་སྟེ། བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེའི་བདུད་རྩི་གང་གིས་མྱོང་བར་བྱེད་ཅིང་དེ་ཉིད་ཀྱིས་དབང་དུ་བྱེད་པ་དེ་ནི་མི་འདའ་བར་བྱ་བ་ཉིད་ཀྱི་ཕྱིར་དམ་ཚིག་གོ། །ངེས་པར་ཕྱུང་བ་ཞེས་བྱ་བ་ནི་དེའི་བདག་ཉིད་དུ་སྤྲོས་པ་དང་ལྡན་པའོ། །དེ་ཉིད་གསུངས་པ། ཨོཾ་ཨཱཿ
ཧཱུཾ་ཆོས་ཐམས་ཅད་དངོས་པོ་མེད་པ་ཞེས་བྱ་བ་ནི་ཨ། ཅིའི་ཕྱིར་ཞེ་ན་སྐྱེ་བ་དང་བྲལ་བའི་ཕྱིར་ཏེ་དེས་ན་ཨུའོ། །གནས་པ་གསུངས་པ། སྒྱུ་མ་ལྟ་བུའི་ཞེས་བྱ་བས་མའོ། །འདི་དག་བསྡུས་པ་ནི་ཨོཾ་མོ། །ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་ཞེས་བྱ་བ་ཨ་སྟེ། མཚན་མ་མེད་པ་ཞེས་
བྱ་བའི་དོན་ཏོ། །གནས་པ་གསུངས་པ་དངོས་པོ་དང་བྲལ་བ་ལས་དངོས་པོ་དང་བྲལ་བའི་ཆོས་རྣམས་རབ་ཏུ་འབྱུང་ངོ་ཞེས་བྱ་བས་ཨཱཿའོ། །ཆོས་ཐམས་ཅད་ཉམས་པ་མེད་དོ་ཞེས་བྱ་བས་ཧའོ། །ཆོས་ཐམས་ཅད་རྟོག་པ་དང་བྲལ་བས་ཨུའོ། །དེ་ཉིད་ཀྱིས་སྨོན་པ་མེད་པས་སྒྱུ་མ་ལྟ་བུའོ་
ཞེས་བྱ་བས་མའོ། །དེ་རྣམས་བསྡུས་པ་ནི་ཧཱུཾ་ངོ་། །ཡང་བདུད་རྩི་ནི་བདུད་རྩི་ལྔའོ། །དེ་མྱང་བ་ནི་ཉེ་བར་ལོངས་སྤྱོད་པའོ། །དེའི་དོན་གྱིས་དམ་ཚིག་ནི་འདའ་བར་མི་བྱ་བའི་སྔགས་ཀྱི་གཟུགས་སོ། །ངེས་པར་ཕྱུང་ཞེས་བྱ་བ་ནི་གསལ་བར་བསྟན་པ་སྟེ། ཨོཾ་ཨཱཿཧཱུཾ་འདི་སྐད་བསྟན་ཏེ། འདིས་
བདུད་རྩི་ལྔ་མངོན་པར་བསྔགས་ལ་མྱང་བར་བྱའོ་ཞེས་བྱ་བ་ཡིན་ནོ། །མྱང་བའི་ཆོ་ག་གསུངས་པ། རྡོ་རྗེ་ལྕེའི་ཞེས་བྱ་བ་ལ་ལྕེ་ཉིད་རྡོ་རྗེ་སྟེ་མན་ངག་གིས་ཧཱུཾ་ལས་སྐྱེས་པའོ། །དེའི་ཁྱད་པར་ཅན་གྱི་སྦྱོར་བ་ནི་སྦྱོར་བ་ཡིས་ཞེས་བྱ་བ་སྟེ། འོད་ཟེར་སྦུ་གུ་འདྲ་བའི་རྡོ་རྗེ་ལྕེའི་སྦྱོར་བ་དེས་སོ། །རྡོ་རྗེ་ཅན་
ཀུན་ཞེས་བྱ་བ་ལ། །རྡོ་རྗེ་ནི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་། བྱ་བ་ནན་ཏན་དང་། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །དཔལ་གསང་བ་འདུས་པ་ལས་ཀྱང་། ཤེས་དང་ཤེས་བྱ་ལྔ་ཉིད་ནི། །རྡོ་རྗེ་ཞེས་ནི་བརྗོད་པ་ཡིན། །ཞེས་གསུངས་
เล่ม ๔๖ · หน้า 90b
པ་ཡིན་ནོ། །རྡོ་རྗེ་ཅན་གང་ལ་དེ་ཡོད་པ་དེ་ནི་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །དེ་ནི་ཀུན་ཡང་ཡིན་ལ་རྡོ་རྗེ་ཅན་ཡིན་པས་རྡོ་རྗེ་ཅན་ཀུན་ཏེ་དེ་རྣམས་སོ། །ཀུན་ཞེས་བྱ་བའི་སྒྲས་ནི་དེའི་རིགས་རྣམས་ཀྱང་བསྡུའོ། །འདིས་ནི་འདི་སྐད་བསྟན་པ་ཡིན་ཏེ་འཇིག་རྟེན་གསུམ་པོ་མ་
ལུས་པ་ན་བཞུགས་པའི་འཁོར་དང་བཅས་པའི་སངས་རྒྱས་རྣམས་བདག་གི་ལུས་ལ་བཅུག་ལ་བདུད་རྩི་མྱང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བདུད་རྩི་སྒྲུབ་པའི་ཐབས་གསུངས་པ། །རྫོགས་པའི་སངས་རྒྱས་ཐམས་ཅད་གཞུག །ཅེས་བྱ་བ་ནི་རླུང་དང་མེ་ལ་གནས་པའི་སྣོད་དུ་བི་མུ་མ་ར་སུ་དང་།
ད་ཧ་ན་གོ་ཀུ་རྣམས་རྡོ་རྗེ་དང་བཅས་པ་ཞུ་བར་བྱས་ལ་ཨོཾ་གྱི་འོད་ཀྱིས་དགུག་གོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་འབྱུང་གནས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ངོ་བོས་ཞེས་བྱ་བའི་དོན་ཏོ། །དམ་ཚིག་གི་འཁོར་ལོ་བསྐྱེད་ནས་ཡེ་ཤེས་ཀྱི་འཁོར་ལོ་ཇི་ལྟར་གཞུག་པར་བྱ་ཞེ་ན་གསུངས་པ། ངོ་བོ་ཉིད་ཅེས་
བྱ་བ་སྟེ་ངོ་བོ་ཉིད་ནི་དམ་ཚིག་གི་འཁོར་ལོའི་ངོ་བོ་ཇི་ལྟ་བའི་གཟུགས་དེས་ཞེས་བྱ་བའི་དོན་ཏོ། །དགུག་པ་དང་ཞེས་བྱ་བ་ནི་དགུག་པའོ། །གཞུག་དང་ཞེས་བྱ་བ་ནི་རབ་ཏུ་གཞུག་པའོ། །བཅིངས་པ་དང་ཞེས་བྱ་བ་ནི་ཡིད་མི་གཡོ་བར་བྱ་བའོ། །དབང་དུ་བྱ་ཞེས་བྱ་བ་ནི་དགའ་བར་བྱའོ། །འདི་
དག་ཇི་ལྟར་བྱ་བ་ཡིན་ཞེ་ན་གསུངས་པ། ཐོ་བ་ལ་སོགས་སྔགས་བཞི་ཡིས། །ཞེས་བྱ་བས་སོ། །ཐོ་བ་ལ་སོགས་པ་སྟེ། ཐོ་བ་དང་དབྱུག་པ་དང་པདྨ་དང་རལ་གྲི་གཤིན་རྗེ་གཤེད་བཞིའི་སྔགས་བཞིས་ཞེས་བྱ་བའི་དོན་ཏོ། །དེ་ཡང་རིམ་པར་ཕྱེ་བ་བཅུ་གསུམ་པ་ལས་གོ་བར་བྱའོ། །དཀྱིལ་འཁོར་
གྱི་གཙོ་བོ་བསྒོམ་པ་གསུངས་པ་མ་ཧེ་རྡོ་རྗེ་ཞེས་བྱ་བ་ལ་མ་ཧིཪྵ་ནི་མ་ཧེའོ། །དེའི་རྒྱབ་ཏུ་ནི་རྡོ་རྗེ་སྟེ། ཡ་ལས་རྫོགས་པ་ཞེས་བྱ་བའི་དོན་ཏོ། །རྣམ་བསྒོམ་ཞེས་བྱ་བ་དེ་གྱུར་པ་ལས་བསྒོམ་པའོ། །རྟ་བདུན་ལྡན་པ་ནི་ཉི་མའོ། །དམར་པོ་ཡིན་པའི་ཕྱིར་དེ་ཉིད་ནི་དཀྱིལ་འཁོར་དམར་
པོའོ། །རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་ནི་ལས་ཀྱི་དཀྱིལ་འཁོར་ཏེ་ཉི་མ་ཉིད་དོ། །གཞན་ནི་གོ་སླའོ། །ད་ནི་རྣལ་འབྱོར་པ་མཚན་མ་ཐོབ་པས་ཕྱག་རྒྱ་ཆེན་པོ་བསྒྲུབ་མི་ནུས་ན་ངལ་སོ་བའི་རྒྱུར་མི་སྣང་བ་ལ་སོགས་པའི་དངོས་གྲུབ་གསུངས་པ། མི་ཚིལ་ཞེས་བྱ་བ་ལ་སོགས་པ་སྟེ་དོན་ནི་འདི་
เล่ม ๔๖ · หน้า 91a
ཡིན་ནོ། །རྡོ་རྗེ་ལས་ཀྱི་རྣལ་འབྱོར་པས་སྔོན་དུ་བསྙེན་པ་བྱས་ལ་མདུང་གིས་ཕུག་པའམ། དཔྱངས་པའམ། མཚོན་གྱིས་རྒྱབ་པའི་མིའི་ཐོད་པར་དེ་ལྟ་བུའི་ཚིལ་ལ་མིའི་སྐྲ་དང་ཨ་རྐའི་སྤྲ་བ་བསྲེས་པས་སྡོང་བུ་བྱས་ལ་མར་མེ་སྦར་ཏེ། དེའི་སྟེང་དུ་ཐོད་པ་གཞན་ཞིག་ལ་
ཇི་སྐད་གསུངས་པའི་གནས་སུ་དུ་བ་བསྒྲུབས་ལ་དེ་བསྡུས་ནས་ཐོད་པར་བཞག་ལ། དེ་ཡང་རྡོ་རྗེ་ལས་ཀྱི་རྣལ་འབྱོར་བསྒོམས་ནས་མར་ངོའི་གང་ཡང་རུང་བ་ཞིག་གི་ནུབ་མོ་ལག་པ་གཡོན་པས་བཀབ་ནས། ཇི་སྲིད་འབར་བའི་བར་དུ་བཟླས་པ་བྱས་ནས་དེ་མིག་ལ་བསྐུས་ན་སུས་ཀྱང་མི་མཐོང་ངོ་། །འཇིག་
རྟེན་གསུམ་དུ་ཡང་སྤྱོད་པར་འགྱུར་རོ། །དུ་བ་བྱུང་བས་ན་ས་སྤྱོད་དུ་འགྱུར་རོ། །དྲོ་བས་ནི་འགྲོ་བ་ཐམས་ཅད་དགའ་བར་འགྱུར་རོ་ཞེས་བྱ་བ་ནི་མན་ངག་གོ། །རྐང་མགྱོགས་བསྒྲུབ་པ་ནི་དེའི་རྣལ་འབྱོར་པས་སོ། །གུར་གུམ་ཞེས་བྱ་བ་ནི་མངལ་ནས་སྐྱེས་པའི་རང་བྱུང་གི་ཁྲག་གོ། །དེ་ཡང་གུར་གུམ་
མངལ་གྱི་ཁྲག་ཡིན་ནོ་ཞེས་བྱ་བ་བསྟན་པས་སོ། །ཁྲག་ཅེས་བྱ་བ་ནི་སྔར་བསྟན་པའི་ཤའི་ལས་བྱ་བ་ནི་མན་ངག་གོ། །སྔར་བསྟན་པའི་གནས་སུ་སྔར་བསྟན་པ་བཞག་ལ་དེར་རྡོ་རྗེ་ལས་རྣམ་པར་བསྒོམས་ནས་ལག་པ་གཡས་པས་བཀབ་ལ་ཇི་སྲིད་དུ་སྔར་བསྟན་པའི་དངོས་གྲུབ་གསུམ་འབྱུང་
གི་བར་དུ་བཟླ་བར་བྱའོ་ཞེས་བྱ་བའོ། །རི་ལུ་སྒྲུབ་པའི་ཐབས་ནི། གསེར་དང་དངུལ་དང་ཟངས་མ་རྣམས། །མན་ཆ་གསུམ་དང་བཞི་བཞི་དག །ར་ཏི་དང་པོ་ཐུབ་པ་དང་། །ཡོན་ཏན་མདའ་ཡིས་བཤད་པའོ། །རིམ་པ་བཞིན་དུ་རི་ལུར་བཅིང་། །ཞེས་བྱ་བ་འདི་དག་གིས་ཤ་ལྔ་དང་ལྡན་པའི་
བདུད་རྩི་ལྔ་རྒྱ་ཤུག་གི་འབྲས་བུ་ཙམ་མམ་རས་བལ་གྱི་འབྲས་བུ་ཙམ་མམ། རིམ་པ་བཞིན་གཏུབས་ནས་དེའི་རྣམ་པར་བསྒོམས་ལ་ལག་པས་བཀབ་ཅིང་ཇི་སྲིད་འབར་བར་འགྱུར་གྱི་བར་དུ་བཟླ་བར་བྱའོ། །དེ་ནས་ཁར་བཅུག་ནས་གང་དུ་འདོད་པ་དེར་བསམས་པ་ཙམ་གྱིས་ཐོགས་པ་
མེད་པར་འགྲོའོ། །རལ་གྲི་སྒྲུབ་པ་ནི་གདོང་དྲུག་པའི་ས་བོན་ལས་བྱུང་བའི་ཁབ་ལོང་གི་ལྕགས་ལས་བྱས་པའི་རལ་གྲི་དེའི་རྣལ་འབྱོར་གྱིས་དེའི་བདག་ཉིད་དུ་བསྒོམས་ནས་ལག་པས་བཟུང་ནས་ཇི་སྲིད་འབར་བར་གྱུར་གྱི་བར་དུ་བཟླ་བར་བྱའོ། །དེ་ནས་དེ་བླངས་ནས་ཐོགས་པ་མེད་པའི་གང་དུ་འདོད་པ་
เล่ม ๔๖ · หน้า 91b
དེར་འགྲོའོ། །སུམ་ཅུ་པས་ཁྲོས་ཀྱང་མི་འཕམ་མོ། །དེ་བཞིན་དུ་ཞེ་སྡང་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་ལྕགས་ལས་བྱས་པའམ། གསེར་ལས་བྱས་པའི་རྡོ་རྗེ་ལ་བསྒྲུབ་པར་བྱའོ། །དེ་བཞིན་དུ་གཏི་མུག་གི་རྣལ་འབྱོར་གྱིས་ནི་དངུལ་ལས་བྱས་པའམ་ཤེལ་ལས་བྱས་པའི་
འཁོར་ལོ་ཐོགས་པའི་རིག་པ་འཛིན་པ་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཕྲ་མའི་རྣལ་འབྱོར་གྱིས་ནི་རིན་པོ་ཆེ་མརྒད་ཆ་དགུ་པས་ནི་རིན་པོ་ཆེའི་རིག་འཛིན་གྱི་དངོས་གྲུབ་བསྒྲུབ་པར་བྱའོ། །དེ་བཞིན་འདོད་ཆགས་ཀྱི་རྣལ་འབྱོར་གྱིས་ཟངས་ལས་བྱས་པའམ་པདྨ་རཱ་ག་ལས་བྱས་པའི་པདྨས་ནི་པདྨ་
ཐོགས་པའི་རིག་འཛིན་གྱི་དངོས་གྲུབ་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཀྱོ་བ་དང་། ཞགས་པ་དང་། གི་ཝང་གི་ཐིག་ལེ་དང་། མཆིལ་ལྷམ་ལ་སོགས་པ་རྒྱུད་གཞན་དུ་མཐོང་བ་དག་ལ་ཡང་ལས་ཀྱི་རྣལ་འབྱོར་ཉིད་ཀྱིས་བསྒྲུབ་པར་བྱའོ་ཞེས་བྱ་བ་ཡིན་ནོ། །ལས་ཀྱི་དངོས་གྲུབ་སྣ་ཚོགས་
ཀྱི་རྒྱུ་མཚན་གྱི་ཁྱད་པར་གྱི་ལྷའི་རྣལ་འབྱོར་གྱི་གཟུགས་ཀྱིས་དེ་དང་དེ་བསྒྲུབ་པའོ། །རིམ་པར་ཕྱེ་བ་གང་དུ་བསྟན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་གསུམ་པའི་བཤད་པའོ།། །།ད་ནི་གདུག་པ་
ཅན་དང་ཞི་བ་དང་བར་མ་རྣམས་རྗེས་སུ་གཟུང་བའི་ཕྱིར། རྣལ་འབྱོར་པས་ཚར་བཅད་པ་དང་། རྗེས་སུ་གཟུང་བའི་ལས་བྱའོ་ཞེས་བྱ་བ་ལས། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་ཡོན་ཏན་རྒྱ་མཚོ་རྣམས་གསན་ཞེས་བྱ་བའི་བར་གྱིས་དེའི་དོན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་
གསུངས་པ་ཡིན་ནོ། །བུད་མེད་དབང་དུ་བྱ་བ་དང་སྲུང་བ་ལ་ནི་གི་ཝང་གིས་སོ། །སྐྱེས་པ་ལ་གུར་ཀུམ་གྱིས་སོ། །ངག་རེངས་པར་བྱ་བ་ལ་ཁྱད་པར་འདི་ཡོད་དོ། །བསྒྲུབ་བྱའི་ལྕེ་ལ་ལཾ་ལས་སྐྱེས་པའི་དབང་ཆེན་གྱི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གནོན་པའི་གཤིན་
རྗེ་གཤེད་སེར་པོར་བསྒོམ་པར་བྱའོ། །ཚར་གཅོད་པའི་སྤྲུལ་པའི་ཁྲོ་བོ་གསུངས་པ་བ་སྤུའི་ཁུང་ནས་ཞེས་བྱ་བ་སོགས་པ་ལ། ཆེན་པོ་ནི་བ་སྤུའི་ཁུང་ཆེན་པོ་སྟེ་ཁུང་བུའི་ཚོགས་སོ། །དེ་ལས་རྣམ་པར་སྤྲོ་བར་བྱའོ། །རང་གི་བདག་པོ་ཞེས་བྱ་བ་ལ་རིགས་ནི་གཏི་མུག་ལ་སོགས་པའོ། །དེ་དང་
เล่ม ๔๖ · หน้า 92a
ལྡན་པ་ནི་བདག་པོ་སྟེ་རིགས་ཀྱི་བདག་པོའོ། །འདི་རང་ཡང་ཡིན་ལ་རིགས་ཀྱི་བདག་པོ་ཡང་ཡིན་པས་རང་རིགས་བདག་པོའོ། །དོན་ནི་འདི་ཡིན་ཏེ། འདིས་བདག་ཉིད་ཀྱི་རིགས་ཀྱི་ཁྲོ་བོའི་གཟུགས་ཀྱིས་སྤྲོ་བར་བྱའོ། །དེ་རྣམ་པར་སྤྲོས་ནས་བསྒྲུབ་བྱའི་ལུས་
ལ་ཞུགས་ཏེ་དེ་ལ་གནས་པའི་ཡེ་ཤེས་ཀྱི་ལྷ་ཡང་དག་པར་མཆོད་དེ། དེའི་ལས་དེ་བྱེད་པར་ཤེས་པར་བྱ་སྟེ་བཅོམ་ལྡན་འདས་རྣམས་འདི་ནི་འདི་ལྟ་བུའི་ལས་བྱེད་པ་དམྱལ་བར་འགྲོ་བ་ཡིན་གྱི་དེའི་ཕྱིར་འདི་ཡོངས་སུ་བཏང་བར་འཚལ་ལོ་ཞེས་བྱས་པ་དང་། དེ་དག་དེ་མ་ཐག་ཏུ་དེ་བཏང་ནས་
འོང་བར་འགྱུར་རོ། །དེ་ནས་ཡོན་ཆབ་ལ་སོགས་པ་ཕུལ་ལ་རང་གི་ཡེ་ཤེས་ཀྱི་ས་བོན་ལ་གཞུག་གོ། །རང་གི་ཁྲོ་བོའི་ཚོགས་ཀྱིས་དེའི་སྲུང་བ་ལ་སོགས་པ་བླངས་ནས་འོང་བར་བྱེད་དོ། །སྲུང་བ་ལ་སོགས་པ་དེ་དག་ཀྱང་ཉིད་ཀྱི་བཙུན་མོའི་པདྨའི་ནང་དུ་གཤིན་རྗེ་གཤེད་ཁྲོ་བོའི་ཕུར་བུས་
བཏབ་ལ་རྡོ་རྗེས་བཙིར་བར་བྱའོ། །ཕྱི་ནས་ལས་ཐམས་ཅད་ཀྱང་བྱའོ། །གསལ་པོར་ནི་བླ་མ་ལས་ཤེས་སོ། །འཁྲུལ་འཁོར་ནི་བྲིས་པའི་འཁོར་ལོའོ། །སྔགས་ནི་ཧྲཱིཿཥྚྲྀཿལ་སོགས་པའོ། །རྒྱུད་ནི་བསམ་གཏན་ཏོ། །འདི་དག་ཉིད་གསད་པ་ལ་སོགས་པ་ལ་འདའ་བར་བྱ་བ་མ་
ཡིན་པའི་ཕྱིར་ན་དམ་ཚིག་གོ། །གང་དུ་རིམ་པར་ཕྱི་བ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་བཞི་པའི་བཤད་པའོ།། །།ད་ནི་སྔར་བསྟན་པའི་མངོན་སྤྱོད་ཀྱི་ཕྱོགས་གཅིག་དབྱེ་བ་དང་བསྐྲད་པའི་ལས་
གཉིས་ཉེ་བར་གཞག་པར་བྱ་བའི་ཕྱིར། འཁོར་ལོ་རིམ་བཞིན་བྲི་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །ལྷོར་བལྟས་ལ་ཞེས་བྱ་བ་ནི་ལྷོར་མངོན་པར་ཕྱོགས་པའོ། །རང་ཁྲག་ཅེས་བྱ་བ་ནི་སྲིན་ལག་གིའོ། །རོ་བསྲེགས་ཐལ་བ་ནི་དུར་ཁྲོད་ཀྱི་མེའི་འོ། །
སྨྱོན་པའི་ཁུ་བ་ནི་ད་དུ་རའི་འདབ་མའི་ཁུ་བའོ། །རས་ནི་རས་ཉིད་དོ། །གཤིན་རྗེའི་ལུས་ལ་གནས་པ་ཞེས་པ་ནི་གཤིན་རྗེའི་ལྟོ་བར་གནས་པའོ། །རྟ་དང་མ་ཧེ་ནི་རྒྱབ་ཏུའོ། །བསྐྲད་པ་ནི་གདོང་པའོ། །རྔ་མོའི་ལུས་ལ་བསྐྱོན་ཞེས་པ་ནི་རྒྱབ་ཏུ་གནས་པའོ། །བཙུན་མོའི་སྙིང་
เล่ม ๔๖ · หน้า 92b
ག་ནི་པདྨའོ། །ར་ལ་ཞེས་བྱ་བ་ནི་རའི་སྙིང་ལ་གནས་པའོ། །རི་བོའི་དཀྱིལ་དུ་ཞེས་བྱ་བ་ནི་སྟེང་དང་འོག་དང་གཡས་དང་གཡོན་དང་མདུན་རྒྱབ་ཀྱི་རིའི་དཀྱིལ་དུ་གཞག་པ་ཞེས་བྱ་བའི་དོན་ཏོ། །ཤ་ར་བ་ནི་རྐང་པ་བརྒྱད་ཡོད་པའི་སེང་གེའོ། །དེ་བཞིན་དུ་སྨྱོ་བར་བྱ་བ་ནི་སྨྱོས་པའི་བྱེད་
པའམ། །སྤྲེའུ་ལ་སོགས་པ་ལ་བསྒྲུབ་བྱ་དགོད་པར་མཚོན་པར་བྱའོ། །རོ་ཙ་ན་ནི་གི་ཝང་སྟེ། བུད་མེད་དབང་དུ་བྱ་བ་དང་སྲུང་བ་ལའོ། །ཁ་ཆེ་ནི་གུར་གུམ་སྟེ་སྐྱེས་པ་དབང་དུ་བྱ་བ་དང་རྒྱས་པ་ལའོ། །ཞི་བ་དང་རྒྱས་པ་ནི་དགེ་བའི་སེམས་ཀྱིས་སོ། །ཁྭ་ནི་བྱ་རོག་ཆེན་པོའོ། །
བྲི་བར་བྱ་ཞེས་བྱ་བ་ནི་བསྐྲད་པ་ལའོ། །རོ་སྲེག་པ་ནི་དུར་ཁྲོད་ཀྱི་མེའོ། །པདྨ་ཁ་སྦྱར་ནི་ཐོད་པ་ཁ་སྦྱར་རོ། །མངོན་སྤྱོད་གསུམ་ལ་ཞེས་བྱ་བ་ལྷག་མའོ། །ཚར་གཅད་པ་ནི་ཚར་གཅད་པར་བྱ་བའོ། །ལྷོ་ཕྱོགས་གནས་ཏེ་ཞེས་བྱ་བ་ནི། ཁ་ལྷོར་བལྟས་ཏེ་གནས་ཞེས་བྱ་བའི་དོན་ཏོ། །
ཞི་བ་ལ་ཞེས་བྱ་བ་ནི་ཞི་བའི་ལས་ལའོ། །ཡ་ཞེས་བྱ་བ་ནི་ཤར་གྱི་ཡའོ། །ནི་དེ་གཉི་ག་ཞེས་བྱ་བ་ཡི་གེ་གཉིས་སོ། །ཡ་ནི་དེའི་དབུས་ཀྱི་ཡི་གེ་ཡའོ། །ཡེ་ཤེས་ནི་གཤིན་རྗེ་གཤེད་ཀྱི་རྣམ་པའོ། །དེ་ཉིད་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་མི་ཕྱེད་པས་རྡོ་རྗེ་སྟེ་རྣལ་འབྱོར་པ་གང་ལ་
དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རབ་ཏུ་དྲག་པའི་ཞེས་བྱ་བ་ལ་སོགས་པས་ནི་འཁོར་ལོ་ཆེ་བའི་བདག་ཉིད་གསུངས་པའོ། །འཁོར་ལོ་བྲི་བའི་གོ་རིམས་གོང་དུ་བསྟན་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་
རིམ་པར་ཕྱེ་བ་ལྔ་པའི་བཤད་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ནས། །དབུ་ལ་གཤིན་རྗེ་གཤེད་པོ་བསྒོམ། །ཞེས་བྱ་བའི་བར་གྱིས་རྒྱས་གདབ་པ་གསུངས་ནས། གཏོར་མ་སྔོན་དུ་འགྲོ་བའི་འཁོར་ལོ་རྣམ་པར་ལྟ་བའི་རིམ་པར་ཕྱེ་བ་གསུངས་པ། དེ་ཡང་རྟག་ཏུ་
དཀྱིལ་འཁོར་སྒོམ་པར་བྱེད་པ་དང་། དམ་ཚིག་སྒྲུབ་པ་ལ་བརྩོན་པ་དང་། སྡོམ་པ་གཟུང་བ་དང་དབང་ཐོབ་པས་བྱའོ་ཞེས་བསླབ་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། །རྟག་ཏུ་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བ་ལ་བྲི་བར་བྱ་བ་ནི་བསྒོམ་པར་བྱའོ། །རྟག་ཏུ་ནི་རྒྱུན་དུའོ། །སྦྱིན་སྲེག་ནི་
เล่ม ๔๖ · หน้า 93a
ནང་གི་བདག་ཉིད་ཅན་ནོ། །དམ་ཚིག་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའོ། །དེ་ལ་བསྲུང་བ་ནི་མཚམས་མེད་པ་བྱེད་པ་ལས་སོ། །བཟའ་བ་ནི་གོ་ཀུ་ལ་སོགས་པའོ། །སྡོམ་པ་ནི་སློབ་དཔོན་གྱིའོ། །དང་པོ་ཞེས་བྱ་བ་ལ་སོགས་པས་དབང་མདོར་བསྟན་པའོ། །
རྒྱས་པར་བསྟན་པ་ཡང་བཤད་པར་བྱའོ། །ཟླ་བ་བཟའ་བ་ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བའོ། །བཞི་པོ་འདི་ནི་དབང་ཆེན་པོ། །ཞེས་བྱ་བ་ལ་དབང་བསྐུར་བ་བཞི་པོ་འདི་ཉིད་ཤེས་རབ་ཡེ་ཤེས་ཀྱི་རྒྱུའི་གནས་སྐབས་ཙམ་དང་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དབང་ནི་མ་ཡིན་ནོ། །
དྲི་མ་འཁྲུད་པར་ཆོས་མཐུན་པས་སོ་ཞེ་ན་དེ་ཡིན་དུ་ཟད་མོད་བདག་ལ་ཅི་གནོད། །སྔགས་ནི་དེ་ནས་བཤད་པར་བྱ། །ཞེས་བྱ་བ་ནི་རབ་ཀྱི་མཐར་ཐུག་པར་བཤད་པར་བྱའོ། །རབ་ཀྱི་མཐར་ཐུག་པའི་དོན་ཡང་དཀྱིལ་འཁོར་གྱི་ཆོ་གར་རྒྱས་པར་བསྟན་པས་འདིར་མི་བརྗོད་དོ། །ཕྱི་རོལ་གྱི་ལྷ་མཉེས་
པར་བྱ་བའི་གནས་གསུངས་པ། དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། གྲུ་གསུམ་ནི་ཟུར་གསུམ་མོ། །ཆུ་ནི་བྱང་ཆུབ་ཀྱི་སེམས་སོ། །བསྲེས་ཞེས་བྱ་བ་ནི་ཁྲག་དང་གསལ་བྱེད་ལྔའོ། །དོན་ནི་འདི་ཡིན་ཏེ་གསལ་བྱེད་ལྔ་དང་བཅས་པའི་བདུད་རྩི་ལྔས་དཀྱིལ་
འཁོར་གྲུ་གསུམ་བྱས་ལ་དེར་ཕྱི་རོལ་གྱི་ལྷ་རྣམས་ཚིམ་པར་བྱ་ཞིང་གཏོར་མ་ཡང་དེར་སྦྱིན་པར་བྱ་ཞེས་བྱའོ། །ཧ་ཧ་ཞེས་ཀྱང་དྲན་པར་བྱ། །ཞེས་བྱ་བ་ནི་མཉེས་ནས་མཇུག་རྫོགས་པར་བྱ་བའི་ཕྱིར་གད་མོ་རྣམ་པ་བརྒྱད་བྱའོ། །ད་ནི་འཁོར་ལོ་བྲི་བའི་རིམ་པ་གསུངས་པའི་འཁོར་ལོ་རིམ་
གསུམ་བྱས་ནས་ཞེས་བྱ་བ་ལ། དཀྱིལ་འཁོར་མ་གཏོགས་པར་རེའུ་མིག་བརྒྱད་པའི་དཀྱིལ་འཁོར་དང་། དེའི་ཕྱི་རོལ་དུ་གཞན་རེའུ་མིག་བཅུ་གཉིས་པའི་དཀྱིལ་འཁོར་དང་། དེའི་ཡང་ཕྱི་རོལ་དུ་གཞན་རེའུ་མིག་བཅུ་དྲུག་པའི་དཀྱིལ་འཁོར་བྲི་བར་བྱའོ། །ཇི་སྐད་གསུངས་པའི་ཞི་བ་དང་
རྒྱས་པའི་ཆོ་ག་དང་ལས་དེ་དང་དེའི་རྣལ་འབྱོར་གྱིས་སོ། །མཁས་པ་ནི་གོམས་པའི་བདག་ཉིད་དོ། །ཀུན་དུ་ཞེས་བྱ་བ་ནི། རྣམ་པ་ཀུན་གྱིས་དགོད་པར་བྱ། །ཞེས་བྱ་བའི་དོན་ཏོ། །གྲུབ་པའི་སྔགས་ནི་ཡི་གེ་བཅུ་གཉིས་པའི་ཡཙྪ་ནི་རཱ་ཛ་ས་དོ་རུ་ན་ཡོ་ནི་ར་ཞེས་བརྗོད་པ་སྟེ། རེའུ་མིག་
เล่ม ๔๖ · หน้า 93b
བཅུ་གཉིས་པར་དགོད་པར་བྱའོ། །འདིའི་ཆེ་བའི་བདག་ཉིད་གསུངས་པ། མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་བྱ་བ་ལ་སོགས་པ་སྟེ་ལྷག་མ་མ་ལུས་པ་ནི་མ་ལུས་པའོ། །དེ་ནས་ལུས་པ་མེད་པར་འགྲུབ་པའོ། །ཅི་ཞིག་ཅེ་ན། འཇིག་རྟེན་གསུམ་སྟེ་འཇིག་རྟེན་གསུམ་གྱི་ལས་ཞེས་
བྱ་བ་ནི་ལྷག་མའོ། །རྒྱུ་དང་མི་རྒྱུ་བ་ནི་བརྟན་པ་དང་གཡོ་བའོ། །རྩ་བའི་སྔགས་གསུངས་པ། ཡ་མ་རཱ་ཛ་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་དུ་ཡང་ཞེས་བྱ་བ་ནི་དཀྱིལ་གྱི་རེའུ་མིག་ལའོ། །ཀྵེ་མ་མེ་ད་ནི་ཤར་ལ་སོགས་པའི་ཕྱོགས་སུའོ། །ཧཱུཾ་གཉིས་དང་བཅས་པའི་བསྒྲུབ་བྱའི་མིང་
ལས་ཐམས་ཅད་ལ་དགོད་པར་བྱའོ་ཞེས་གསུངས་པས་བསྒྲུབ་བྱའི་མིང་ནི་ཞེས་བྱ་བ་ལ་སོགས་པའོ། །རེའུ་མིག་བཅུ་གཉིས་པའི་སྔགས་གསུངས་པ། ཡཙྪ་ཞེས་བྱ་བ་ལ་སོགས་པའོ། །ཕྱི་རོལ་ཞེས་བྱ་བ་ནི་རེའུ་མིག་བརྒྱད་པའི་ཕྱི་རོལ་རེའུ་མིག་བཅུ་གཉིས་པ་ལའོ། །གཡོན་ནས་བརྩམས་
ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུའོ། །གསུམ་པ་ཞེས་བྱ་བ་ནི་རེའུ་མིག་བཅུ་དྲུག་པ་ལའོ། །ཆ་རེ་བོར་བ་ལ་སྟེ་དེའི་རེའུ་མིག་དང་པོ་ལ་ཨོཾ་དེའི་རྒྱབ་ཏུ་ཧྲཱིཿའོ། །དེའི་གཉིས་པ་ལ་ཥྚྲྀཿའོ། །དེའི་རྒྱབ་ཏུ་ཝིའོ། །གསུམ་པ་ལ་ནི་ཀྲྀའོ། །དེའི་རྒྱབ་ཏུ་ཏཱའོ། །བཞི་པ་ལ་ནི་ནའོ། །དེའི་རྒྱབ་ཏུ་ཡང་ནའོ། །
ལྔ་པ་ལ་ནི་ཧཱུཾ་ངོ་། །དེའི་རྒྱབ་ཏུ་ཡང་ཧཱུཾ་ངོ་། །དྲུག་པ་ལ་ནི་ཕའོ། །དེའི་རྒྱབ་ཏུ་ཊའོ། །བདུན་པ་ལ་ཡང་དེ་ཉིད་དོ། །བརྒྱད་པ་ལ་ནི་སྭཱའོ། །དེའི་རྒྱབ་ཏུ་ནི་ཧཱའོ། །དེ་ལྟར་མདོར་བསྡུས་ནས་བྲི་བར་བྱའོ། །ཨོཾ་ཧྲཱིཿཥྚཱྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བ་རེའུ་མིག་བརྒྱད་པོ་ལ་དགོད་པར་རོ། །
ཡང་འདི་ནི་མངོན་སྤྱོད་ཙམ་ལ་ཡིན་ནོ། །ཞི་བ་ལ་སོགས་པ་ལ་ནི་ཚུལ་ཇི་ལྟ་བ་བཞིན་དུའོ། །བོར་བའི་རེའུ་མིག་རྣམས་ལ་ཡང་བྲི་བར་བྱ་བ་ཡིན་པས་གསུངས་པ། དེའི་བར་དག་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་སྟེ་ལས་དང་རྗེས་སུ་མཐུན་པར་ནི་ཞེས་བྱ་བ་ནི་ལས་ཇི་ལྟ་བའི་རྗེས་སུ་
འབྲངས་ནས་སོ། །ཕྱག་འཚལ་ཞེས་པ་ནི་ཨོཾ་མོ། །དེའི་ཕྱི་ནས་ན་མའོ། །དེའི་རྗེས་ལ་སྔགས་དང་མིང་ངོ་། །མཐའ་དང་ལྡན་པར་ཡང་ན་མའོ། །ཞེས་བྱ་བའི་སྭཱ་ཧཱའི་ལྟག་ཏུ་ཡང་ན་མཿསྟེ་ཞི་བ་ལའོ། །རྒྱས་པ་ལ་ནི་པུཥྚིཾ་བཽ་ཥ་ཊའོ། །དབང་ལ་ནི་ཝ་ཤཾ་བཽ་ཥ་ཊ་ཧོ། རྗེས་སུ་ཧཱུཾ་ཕཊ་ནི་མཐའ་སྟེ།
เล่ม ๔๖ · หน้า 94a
མངོན་སྤྱོད་ལའོ། །ཇི་ལྟར་རིགས་པས་བྱེད་ཅེས་བྱ་བ་བྱེད་པ་པོར་འགྱུར་རོ་ཞེས་བྱ་བར་ཤེས་པར་བྱའོ། །རིམ་པར་ཕྱེ་བ་གོང་དུ་འཁོར་ལོ་རྣམ་པར་བྲི་བར་དགོད་པར་ཀུན་དུ་བསྟན་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་
ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་དྲུག་པའི་བཤད་པའོ།། །།ད་ནི་རྣལ་འབྱོར་པ་མཚན་མ་ཐོབ་པས་གདུག་པ་ཅན་ཚར་བཅད་ཅིང་སེམས་ཅན་གཞུག་པའོ་ཞེས་བྱ་བས་དེའི་ཕྱིར་གདུག་པ་ཅན་ཚར་བཅད་པ་གསུངས་པ་ཞལ་གསུམ་ཕྱག་དྲུག་ཅེས་བྱ་བ་ལ་སོགས་པ་སྟེ་བསྒོམ་
བྱ་ཞེས་བྱ་བ་དང་འབྲེལ་ལོ། །དེ་ལ་སྙིང་གར་སྣ་ཚོགས་པདྨ་དང་ཟླ་བར་ཡི་གེ་ཛ་བཀོད་ལ། སངས་རྒྱས་རྣམས་ལ་དམིགས་ནས་ཕྱག་འཚལ་བ་ལ་སོགས་པ་མ་ལུས་པ་བསྒྲུབས་ལ། སྟོང་པ་ཉིད་དུ་བསྒོམས་ནས་སྔགས་ཀྱི་བྱིན་གྱིས་བརླབ་པར་བྱ་ཞིང་ཨོཾ་ལས་ཉི་མ་ཧཱུཾ་ལས་རྡོ་རྗེའི་གུར་
གྱི་དཀྱིལ་དུ་པདྨ་དང་ཟླ་བ་ལ་ཛ་དང་འཁོར་ལོ་ལས་བྱུང་བའི་ཞལ་གསུམ་པ་རྩ་བའི་ཞལ་དང་སྐུ་ཀུན་དཀར་བ། ཞལ་གཡས་དང་གཡོན་སྔོ་བ་དང་དམར་བ། གཡས་ན་འཁོར་ལོ་དང་རལ་གྲི་འཛིན་པ། གཡོན་ན་པདྨ་དང་ནོར་བུ་འཛིན་པ། རྩ་བའི་གཡས་དང་གཡོན་ན་གྲི་གུག་དང་ཐོད་
པ་བསྣམས་པས་འཁྱུད་པའི་ཚུལ་ཅན། གཡོན་བརྐྱང་བའི་ཞབས་ཅན་ལུས་ལ་ཤ་མེད་པ་སྐྲ་དམར་སེར་འབར་ཞིང་གྱེན་དུ་འགྲེང་བ། མི་མགོ་རློན་པ་ཁྲག་འཛག་པའི་ཕྲེང་བ་འཕྱོང་བ་རུས་པའི་རྒྱན་གྱིས་བརྒྱན་པ། འོད་ཀྱི་ཕྲེང་བ་འཕྲོ་བའོ། །མཁས་པས་ཞེས་བྱ་བ་ནི་འགུགས་པ་
ལ་མཁས་པའོ། །ཁྲག་དགུག་པའི་སྦྱོར་བ་ནི་ཞེས་བྱ་བ་ལ་དེའི་སྦྱོར་བ་ནི་འདི་ཡིན་ཏེ། རང་གི་ལྕེ་ལ་ཡི་གེ་ཛ་དམར་པོ་བཀོད་ལ་དེའི་འོད་ཁབ་ཀྱི་རྣམ་པ་ལྟ་བུས་སྙིང་ཕུག་ལ། དེའི་ཕྱི་ནས་སྤྲོས་པའི་འོད་ཟེར་པདྨའི་རྣམ་པ་ལྟ་བུས་ཁྲག་རྣམས་བཀུག་ནས་བདག་ཉིད་ཀྱི་ཁ་གང་བར་བསྒོམ་
པར་བྱའོ། །དོན་འདི་འཆད་པར་འགྱུར་བའི་ཁ་གདངས་པ་དག་བྱས་པས་ནི་ཞེས་བྱ་བས་རྫོགས་པར་བྱའོ། །ཕག་མོའི་ཏིང་ངེ་འཛིན་གྱིས་ཆང་དགུག་པ་གསུངས་པ། ཞལ་གསུམ་པ་སྟེ་རྩ་བའི་ཞལ་ཕག་གདོང་ལྟ་བུ་སྔོན་པོའོ། །ཞལ་གཡས་དང་གཡོན་པ་ནི་དཀར་པོ་དང་དམར་པོའོ། །ཕྱག་
เล่ม ๔๖ · หน้า 94b
གཡས་ན་རྡོ་རྗེ་དང་རལ་གྲི་གཡོན་ན་འཁོར་ལོ་པདྨ་བསྣམས་པ། ཕྱག་གཙོ་བོ་གཉིས་ན་གྲི་གུག་དང་ཐོད་པ་དང་འཁྱུད་པའི་ཚུལ་ཅན་ནོ། །ཕྱག་འཚལ་བ་ལ་སོགས་པ་ལྷག་མ་ནི་སྔ་མ་བཞིན་ནོ། །ས་དང་རྡོ་རྗེ་ལས་བྱུང་བ་ཞེས་བྱ་བ་ནི་ཁྱད་པར་རོ། །ཆང་དགུག་པའི་སྦྱོར་བ་ཞེས་བྱ་བ་
ལ་ལྕེ་ལ་ཛ་དམར་པོ་བཀོད་ལ་དེའི་འོད་སྦུ་གུའི་རྣམ་པ་འདྲ་བས་བཀུག་ལ་འཆད་པར་འགྱུར་བའི་རྫ་མཁན་གྱི་ལག་པ་ཕྱིས་པའི་ས་ལ་བུམ་པ་བྱས་པར་གཞུག་གོ། །ཤེས་རབ་འཕེལ་བར་བྱ་བའི་ཕྱིར་དབྱངས་ཅན་མ་སྤྲུལ་པ་གསུངས་ཏེ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པའོ། །ཕྱག་
འཚལ་བ་ལ་སོགས་པ་ཐམས་ཅད་ནི་སྔ་མ་བཞིན་ནོ། །ཁྱད་པར་ནི་འདི་ཡིན་ཏེ། ཧོ་དང་པདྨ་ལས་བྱུང་བའི་རྩ་བའི་ཞལ་དང་ལུས་ཀུན་དམར་བ་གཡས་སྔོ་བ་གཡོན་དཀར་བ་གཡས་ན་པདྨ་དང་རལ་གྲི། གཡོན་ན་འཁོར་ལོ་དང་ནོར་བུ་འཛིན་པ། གཞན་དག་གིས་གྲི་གུག་དང་ཐོད་པ་
བསྣམས་པས་འཁྱུད་པའི་ཚུལ་ཅན་ཞི་བ། རིན་པོ་ཆེའི་རྒྱན་འཆང་བའོ། །འདིར་སྦྱོར་བ་ནི་འཆད་པར་འགྱུར་བའི་ཚེས་ཀྱི་དང་པོ་ནས་བཟུང་སྟེ་ཞེས་བྱ་བ་ལ་སོགས་པས་ཤེས་པར་བྱའོ། །ཁུ་བ་དགུག་པའི་གཽ་རཱི་སྤྲུལ་པ་གསུངས་པ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། གཡས་
དང་གཡོན་པའི་ཞལ་ནི་སྔོ་བ་དང་དཀར་བ། ཕྱག་གཡས་ན་རལ་གྲི་དང་འཁོར་ལོ། །གཡོན་ན་ནོར་བུ་དང་པདྨ་བསྣམས་པ། གཞན་དག་གིས་གྲི་གུག་དང་ཐོད་པ་བསྣམས་པས་འཁྱུད་པའི་ཚུལ་ཅན་ནི་ནོར་བུ་མརྒད་འདྲ་བ་ནི་རིན་པོ་ཆེ་ལྗང་གུའོ། །ཁུ་བ་དགུག་པའི་སྦྱོར་བ་ནི་ཞེས་བྱ་བ་ནི་ཛ་
དམར་པོའི་འོད་ཀྱིས་འཆད་པར་འགྱུར་བའི་པདྨའི་ཁ་དང་ཞེས་བྱ་བ་ལ་སོགས་པས་ཤེས་པར་བྱའོ། །ལྷ་མོ་ཀུན་ཡང་གཡོན་བརྐྱང་བའི་ཞབས་ཀྱིས་སྣ་ཚོགས་པདྨ་དང་ཟླ་བ་ལ་བཞུགས་པའོ། །ཕག་མོ་དང་གཽ་རཱི་གཉིས་ནི་ཐུང་ཞིང་ལྟོ་འཕྱང་བའོ། །ཙརྩི་ཀ་ནི་སྐེམ་པའོ། །དབྱངས་ཅན་
མ་ནི་ཞི་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་སྨྲས་པའི་སྦྱོར་བ་རྣམས་སྟོན་པར་བྱེད་པའོ། །ཁྲག་འགུགས་པའི་ཞེས་བྱ་བ་ལ་གང་གིས་ཁྲག་འགུགས་པར་བྱེད་པའི་རྡོ་རྗེ་ཙརྩི་ཀ་འདི་ནི་བྱམས་པ་ཆེན་པོའི་ངོ་བོ་དང་དབྱེར་མེད་པ་ཡིན་པའི་ཕྱིར་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་
เล่ม ๔๖ · หน้า 95a
ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །སྔགས་ཞེས་བྱ་བ་ནི་ཡིད་སྐྱོབ་པར་འགྱུར་བའི་ཕྱིར་རོ། །གསུངས་སོ་ཞེས་བྱ་བ་ནི་གསུངས་པ་དང་ལྡན་པའོ། །ཁ་ཞེས་བྱ་བ་ནི་ཁྲོ་བོའི་གཟུགས་ཅན་ཉིད་དོ། །གདངས་ཞེས་བྱ་
བ་ནི་རབ་ཏུ་ཕྱེ་བའོ། །འདི་དག་ཅེས་པ་ནི་སྨྲས་མ་ཐག་པའོ། །འཇིག་རྟེན་གསུམ་ནི་འཇིག་རྟེན་གྱི་སྲིད་པའོ། །ཁྲག་ཆེན་ཞེས་བྱ་བ་ནི་ཁྲག་ཀུན་ནོ། །དཀོན་མཆོག་གསུམ་ལ་སོགས་པ་ལ་སྡང་བའི་ཞེས་བྱ་བ་ལྷག་མའོ། །ཆང་འགུགས་པའི་རྡོ་རྗེ་ཞེས་བྱ་བ་ལ་གང་གིས་ཆང་
འགུགས་པའི་བྱེད་པ་འདི་ནི་སྙིང་རྗེའི་ངོ་བོ་དང་དབྱེར་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །གསུངས་པ་ཞེས་བྱ་བ་ནི་གསུངས་པ་དང་ལྡན་པའོ། །ཁྲུ་གང་ཙམ་གྱི་བུམ་པ་རྫ་མཁན་ལག་པ་ཕྱིས་པའི་སས་ཞེས་བྱ་བ་རྫ་
མཁན་གྱིའོ། །བུམ་པ་ཞེས་བྱ་བ་རྫ་མཁན་གྱིས་སོ། །ཁ་མཛེས་ཞེས་བྱ་བ་ནི་མཐོ་གང་གི་ཁྱོན་ཙམ་མོ། །རྐུན་མའི་སྐྲ་ཡི་རྟེན་གཞག་སྟེ། །ཞེས་བྱ་བ་ནི་དཔྱངས་པའི་རྐུན་མའི་སྐྲའི་རྟེན་ལ་གཞག་པའོ། །དོན་ནི་འདི་ཡིན་ཏེ། ཆང་འཚོང་གི་ཁྱིམ་ནས་ཆང་བླངས་ལ་སྔར་
བསྟན་པའི་རྡོ་རྗེ་ཕག་མོའི་རྣལ་འབྱོར་གྱིས་བུམ་པར་བླུགས་ལ་ཤིན་ཏུ་མཉམ་པར་གཞག་པའི་ཡིད་ཀྱིས་རྟེན་ལ་བཞག་ལ་སྔར་བསྟན་པའི་ཆོ་གས་སྔགས་གང་དང་གང་དུ་བཟླས་པ་བྱས་པའི་ཆང་ལུས་པ་མེད་པར་འགུགས་པར་བྱེད་དོ། །སྔགས་འདིའི་ཆེ་བའི་བདག་ཉིད་ནི། པ་
ཏ་ན་མཆོད་རྟེན་དུ་བསྟན་ཞེས་བྱ་བ་ནི་པ་ཏ་ནའི་མཆོད་རྟེན་ཞེས་བྱ་བ་ཨོ་ཊའི་ཡུལ་ཤར་ཕྱོགས་ཀྱི་ཡུལ་གྱི་རྒྱ་མཚོའི་འགྲམ་མོ། །དེར་དཔའ་བོ་དང་དཔའ་མོའི་དབང་ཕྱུག་གི་ཚོགས་ཀྱི་དཀྱིལ་འཁོར་དུ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོས་འཇིག་རྟེན་གསུམ་པོ་མ་ལུས་པའི་ཆང་
བཀུག་གོ་ཞེས་ཐོས་ཏེ། དེ་ནས་ད་ལྟར་ཡང་རྡོ་རྗེ་ཕག་མོའི་སྙིང་པོའི་ཁྱིམ་ན་ནམ་ཡང་ཆང་ཟད་པ་མེད་དོ་ཞེས་ཟེར་ཏེ། འདི་ལ་དད་པ་རྣམས་ཀྱིས་དད་པ་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་འདིའི་ཆེ་བའི་བདག་ཉིད་ཉེ་བར་བསྟན་ཏོ། །དལ་གྱིས་དམིགས་ནས་ཞེས་བྱ་བ་ནི་བརྟན་པར་བྱས་
เล่ม ๔๖ · หน้า 95b
ནས་སོ། །རབ་ཏུ་གྲགས་ཞེས་པ་ནི་སྒྲུབ་པར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་ཤེས་རབ་ནི་ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་ཉིད་དོ། །འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་པར་རྟོག་པ་རྒྱ་མཚོའི་ཕ་རོལ་མི་གནས་པའི་མྱ་ངན་ལས་འདས་པར་ཕྱིན་པ་ནི་
སོན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དབྱེར་མེད་པའི་ངོ་བོ་རྡོ་རྗེ་དབྱངས་ཅན་མའི་རྣམ་པ་ཡིན་པའི་ཕྱིར་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །ཚེས་ཀྱི་དང་པོ་ནས་བཟུང་སྟེ། ཀུན་དུ་ཟླ་བ་ཉ་ཡི་
བར། ཞེས་བྱ་བ་ལ་ཚེས་གཅིག་ནས་བརྩམས་ནས་ཟླ་བ་ཉའི་བར་དུའོ། །ཀུན་དུ་ནི་རྣམ་པ་ཀུན་གྱིས་སོ། །ཇི་སྲིད་ཟླ་བའི་རྗེས་འཇུག་པས། །ཞེས་བྱ་བ་ནི་ཟླ་བ་འཕེལ་བའི་རིམ་པས་སོ། །དེ་ལ་མངོན་དུ་ཕྱོགས་པས་ཞེས་བྱ་བ་ནི་མན་ངག་གོ། །དེས་ཅིར་འགྱུར་ཞེ་ན་གསུངས་པ་འགྲུབ་
པར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །རྣལ་འབྱོར་ནི་ཐབས་དང་ཤེས་རབ་ཀྱི་སྙོམས་པར་འཇུག་པའོ། །དེ་འདི་ལ་ཡོད་པས་རྣལ་འབྱོར་ཏེ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོའོ། །དེའི་དབང་ཕྱུག་ནི་ཇི་སྲིད་ཕྱག་རྒྱ་ཆེན་པོའི་བར་ཕུན་སུམ་ཚོགས་པ་མ་ལུས་པ་འགྲུབ་
པ་སྟེ། འདིའི་བསྒོམ་པ་རབ་ཀྱི་མཐར་ཕྱིན་ན་དེ་ལྟ་བུའི་དངོས་གྲུབ་ཁྱད་པར་ཅན་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །བྱ་བའི་འབྲས་བུ་གསུངས་པ། ཚིགས་བཅད་བརྒྱ་ཞེས་བྱ་བ་ལ་འདི་ནི་ཉེ་བར་མཚོན་པ་ཡིན་ཏེ། བརྒྱ་དང་སྟོང་ཡང་ཟིན་པའོ། །འདི་ཞེས་བྱ་དང་ལྡན་པའི་རྣལ་འབྱོར་
པའོ། །འགྲུབ་པར་འགྱུར་ཞེས་པ་ནི་ངེས་པར་འགྲུབ་པར་བྱེད་པའོ། །མ་ལུས་པར་ཞི་བ་ལ་སོགས་པའི་ལས་རྣམས་སོ། །ལུས་པ་མེད་པ་ནི་ཇི་ལྟར་འབྱུང་བ་སྟེ། ཁམས་གསུམ་པའི་ལས་དེ་ལྟར་བྱ་ཞེས་བྱ་བའི་དོན་ཏོ། །མ་ལུས་པ་དག་ནི་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་
རྒྱས་དང་ཁྱབ་འཇུག་དང་བདེ་བྱེད་དང་ཚངས་པ་ལ་སོགས་པ་འདུལ་བའི་ལས་ཞེས་བྱ་བའི་དོན་ཏེ། ཁུ་བ་འགུགས་པའི་རྡོ་རྗེ་ཞེས་བྱ་བ་ནི་གང་གིས་ཁུ་བ་འགུགས་པར་བྱེད་པ་འདི་ལ་བཏང་སྙོམས་ཆེན་པོའི་ངོ་བོས་གཽ་རཱིའི་རྣམ་པ་ལྟ་བུའི་མི་ཕྱེད་པ་ཡོད་པའི་ཕྱིར་རྡོ་རྗེ་སྟེ་དེ་སྐད་ཅེས་བྱ་
เล่ม ๔๖ · หน้า 96a
བའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །པདྨའི་ཁ་ཞེས་བྱ་བ་ནི་བཙུན་མོའི་ཟེའུ་འབྲུའོ། །རྡོ་རྗེ་ནས་ཞེས་བྱ་བ་ནི་སྐྱེས་པའི་རྡོ་རྗེའི་ཁུང་བུའོ། །རླུང་ཞེས་བྱ་བ་ནི་འཇུག་པའི་རླུང་ངོ་། །དྲིལ་བུ་ཞེས་བྱ་བ་ནི་ཨོཾ་ཀ་ཌྷ་ནི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་སྒྲའོ། །
ལྕགས་ཀྱུའི་སྦྱོར་བ་ནི་ལྕགས་ཀྱུའི་རྣམ་པ་ལྟ་བུའི་འོད་ཟེར་གྱི་སྦྱོར་བའོ། །རླུང་དང་དྲིལ་བུ་དང་ལྕགས་ཀྱུའི་སྦྱོར་བ་ནི་དྲིལ་བུས་ལྕགས་ཀྱུའི་རླུང་སྦྱོར་རོ། །དོན་ནི་འདི་ཡིན་ཏེ། ཛ་དམར་པོ་ལྕེ་ལ་བཀོད་པའི་འོད་ཟེར་འབྱུང་བའི་རླུང་དག་བྱུང་ནས་བསྒྲུབ་བྱའི་བསྟན་པའི་ལམ་ནས་ཞུགས་ནས།
ཀླད་པ་ན་ཡོད་པ་ཚུན་ཆད་བླངས་ནས་བསྟན་པའི་ལམ་དུ་བལྟས་ལ། དེ་ལས་འཇུག་པའི་རླུང་གིས་རང་གི་ཁར་བཏུང་བར་བསམ་མོ། །དེ་ཡང་གསུངས་པ། འགུགས་པར་བྱེད་ཅེས་བྱ་བ་ལ་སོགས་པ་སྟེ་ཁུ་བའི་ཚོགས་ནི་ཁུ་བ་བསྡུས་པའོ། །བཟླས་དང་ཞེས་བྱ་བ་ནི་སྔགས་བཟླས་པའོ། །
བསྒོམས་པ་ནི་གོམས་པར་བྱེད་པའོ། །སྦྱོར་བ་འདི་དག་ལ་སེམས་བརྟན་པར་གྱུར་པར་བྱའོ། །དབེན་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དབང་བསྐུར་རྒྱས་པར་བཤད་པ་གསུངས་པ། ནག་པོ་འཇིག་པ་ཞེས་བྱ་བ་ལ་ནག་པོ་ནི་གཤིན་རྗེ་
གཤེད་ནག་པོའོ། །དེ་འཇིག་པ་ནི་ཉམས་པར་བྱེད་པའོ། །དེ་ཉིད་ནི་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དབྱེར་མེད་པས་རྡོ་རྗེའོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །དབང་བསྐུར་བ་མཆོག་གི་དམ་ཚིག་ཅེས་
བྱ་བ་ལ། མཆོག་ནི་གང་དུ་དབང་བསྐུར་བས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་བའོ། །དེ་ནི་འདའ་བར་མི་བྱ་བ་ཡིན་པས་དམ་ཚིག་གོ། །དེ་ཕྱུང་བར་མཛད་དོ་ཞེས་བྱ་བར་གསུངས་པར་གྱུར་པའོ། །ཨུ་དུམྺཱ་ར་ཞེས་བྱ་བ་ལ་སོགས་པ་ལ་དོན་ནི་འདི་ཡིན་ཏེ། དཀྱིལ་
འཁོར་དུ་འཇུག་པའི་དུས་སུ་དཀྱིལ་འཁོར་དུ་འཕངས་པའི་ཕྲེང་བ་ཚིགས་བཅད་འདིས་མགོ་ལ་བཅིང་བར་བྱའོ། །ཡང་ན། །རིགས་ལྔ་ཉིད་དུ་རྟོགས་པ་ཡི། །རིག་མ་ལྔ་པོ་བསྟན་པས་ནི། །མེ་ཏོག་མིང་གིས་སློབ་མ་ལ། །བདེ་བ་དམ་པ་རྟོགས་པར་བྱེད། །ཅེས་པས་དེ་
เล่ม ๔๖ · หน้า 96b
དག་རེ་རེ་ལ་ཡང་མྱུ་གུ་དང་ཁ་བྱེ་བ་དང་རྒྱས་པའི་བྱེ་བྲག་གིས་གསུམ་ཡིན་པ་ཉིད་ནི་ཕྲེང་བ་སྟེ་རྒྱན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རལ་གྲི་ཆེན་པོ་ཁམས་གསུམ་པའི། །ཞེས་བྱ་བ་ལ་ཁམས་གསུམ་དུ་བྱུང་བའི་འདོད་ཆགས་ལ་སོགས་པ་དེ་གཅོད་པའི་ཆོས་མཐུན་པའི་རལ་གྲི་དང་འདྲ་
བས་རལ་གྲི་སྟེ་རྡོ་རྗེ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་སྤྲོས་པ་མེད་པ་ཡེ་ཤེས་ལྔའི་ངོ་བོ་ཉིད་ཡིན་པའི་ཕྱིར་སངས་རྒྱས་ཀུན་གྱིས་ཕྱག་བྱས་པའོ། །བདུད་ལས་ཞེས་བྱ་བ་ནི་ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་འཆི་བདག་གི་བདུད་དང་། རྣམ་པར་གཡེང་བར་བྱེད་པ་ནི་
ལྷའི་བུའི་བདུད་དེ་དེ་དག་ལས་སོ། །ལས་ཀྱི་རལ་གྲི་ཞེས་བྱ་བ་ནི་ལས་ཐམས་ཅད་བྱེད་པའི་ཕྱིར་ཕྲག་དོག་གཤིན་རྗེ་གཤེད་དོ། །དེ་ནི་རལ་གྲི་དང་འདྲ་བར་ཇི་ལྟར་ལས་ཐམས་ཅད་རབ་ཏུ་སྒྲུབ་པ་ཉིད་ཀྱིས་ཉོན་མོངས་པ་གཅོད་པར་བྱེད་པ་དེ་བཞིན་དུ་འདི་ཡང་དེ་ལྟ་བུའི་དོན་དུ་ཞེས་
བྱ་བའི་དོན་ཏོ། །འདི་ནི། རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའོ། །ཤེས་རབ་ཐབས་ཀྱི་ངོ་བོ་ཉིད། །ཅེས་བྱ་བ་ལ་ཤེས་རབ་ཉིད་རྣམ་པར་རྟོག་པ་མ་ལུས་པ་ཉམས་པར་བྱེད་པས་ཐབས་ཏེ་དེའི་ངོ་བོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་
ལྡན་པའི་སྟོང་པ་ཉིད་དོ། །དེ་ཡང་། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་པ་ཉིད་ནི་རྡོ་རྗེར་བརྗོད། །ཅེས་གསུངས་པས་སོ། །དེ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པར་བྱེད་པས་དྲིལ་བུའོ། །སྒྲུབ་པ་ནི་བླ་ན་མེད་པའི་བྱང་ཆུབ་རྫོགས་པར་བྱེད་པའོ། །རྡོ་རྗེ་ཁྱོད་ཅེས་བྱ་བ་
ནི་མི་ཕྱེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཁྱོད་ཅེས་བྱ་བའི་དོན་ཏོ། །འདི་ནི་དྲིལ་བུའི་དམ་ཚིག་སྔོན་དུ་འགྲོ་བའི་དབུགས་དབྱུང་བའོ། །སློབ་མ་ཡང་དག་ཟུང་ཞེས་བྱ་བ་ནི་རྗེས་སུ་གནང་བ་སྦྱིན་པའོ། །འདི་ནི་ཞེས་བྱ་བ་ནི་བླ་མའི་མདུན་ན་གནས་པའོ། །བླ་མའི་རྡོ་རྗེའི་ནང་གི་མཐར་མཐེ་
བོང་དང་སྲིན་ལག་གིས་མནན་པའི་རང་གི་རིག་པས་མྱོང་བའོ། །བཏུང་བ་རིན་པོ་ཆེ་ཞེས་བྱ་བ་ནི་བླ་ན་མེད་པའི་དེ་བཞིན་གཤེགས་པའི་དགའ་བ་རྒྱས་པར་བྱེད་པས་རིན་པོ་ཆེའོ། །རྡོ་རྗེའི་ལུས་ནི་རབ་ཏུ་སྒྲུབ། །ཅེས་བྱ་བ་ནི་ཕུང་པོ་ལྔའི་རང་བཞིན་གྱི་ལུས་ཀྱི་རྡོ་རྗེ་སྟེ། ཡེ་ཤེས་ལྔའི་
เล่ม ๔๖ · หน้า 97a
ངོ་བོ་ཉིད་དེ་སྒྲུབ་པར་བྱེད་པའོ། །འཐུང་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་སྦུབས་སུ་གཏོང་བར་བྱེད་པ་སྟེ། རང་རིག་པའི་མཐར་བྱ་བའི་ཕྱིར་རོ། །འདིས་ཅིར་འགྱུར་བ་དེ་གསུངས་པ། ཡེ་ཤེས་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་དབྱེར་མེད་པ་བླ་ན་མེད་པའི་རྟོག་པའི་ངོ་
བོ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་དགའ་བའི་སེམས་ཞེས་བྱ་བ་ནི་བརྟན་པའོ། །བདག་ཉིད་ཅེས་བྱ་བ་ནི་རང་གིས་རིག་ན་ཡང་སློབ་མ་གཟུང་བའི་ཕྱིར་ཏེ། དེ་ལྟ་བུའི་རྣམ་པར་བཞུགས་པའི་རྡོ་རྗེ་སློབ་དཔོན་གྱིས་ཞེས་བྱ་བའི་དོན་ཏོ། །གང་དུ་དགུག་པ་ལ་སོགས་པའི་སྦྱོར་བ་མངོན་པར་
བརྗོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས། རིམ་པར་ཕྱེ་བ་བདུན་པའི་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་ལའོ། །རྡོ་རྗེ་ནི་ཡེ་ཤེས་ལྔའོ། །དེའི་བདག་ཉིད་
འཆང་བས་རྡོ་རྗེ་འཛིན་ནོ། །སྲུང་བ་ནི་བདུད་མ་ལུས་པ་སྐྲོད་པར་བྱེད་པས་རྡོ་རྗེ་ར་བ་སྤྲུལ་པ་ཉིད་དོ། །འཁོར་ལོ་ནི་རྡོ་རྗེ་ར་བ་དང་གུར་གྱི་རྣམ་པ་གཉིས་སྦྱོར་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །བགེགས་ནི་ལུས་ལས་ཀུན་དུ་བྱུང་བའོ། །ལོག་པར་འདྲེན་པ་ནི་ངག་ལས་ཀུན་དུ་འབྱུང་བའོ། །གདུག་
པ་ཅན་ནི་སེམས་ལས་ཀུན་དུ་འབྱུང་བའོ། །བསལ་བ་ནི་རྣམ་པར་གཅོད་པའོ། །བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་གཅིག་པའོ། །རལ་གྲི་འཆང་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་འཆང་དེ་ཉིད་དུ་གྲུབ་པས་རལ་གྲི་གང་འཛིན་པ་ཉིད་ཀྱིས་མཚན་མ་
ཐམས་ཅད་ཉེ་བར་མཚོན་པའི་དོན་ཏོ། །དོན་ནི་འདི་ཡིན་ཏེ། བརྗོད་པའི་དུས་སུ་རལ་གྲིའི་གནས་སུ་རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་རིན་པོ་ཆེ་བཅུག་པས་ཚིགས་སུ་བཅད་པ་ལྔར་འགྱུར་བའོ། །བླ་ན་མེད་པའི་བསོད་ནམས་དང་ཡེ་ཤེས་དང་ལྡན་པས་དཔལ་ལྡན་ནོ། །རལ་གྲི་འབར་བ་ཞེས་བྱ་
བ་ནི་མཚོན་པ་སྟེ་སྔ་མ་བཞིན་ནོ། །གང་ལ་འབར་ཞིང་གསལ་བའི་གཟུགས་ཡོད་པ་དེས་གཅོད་པ་ཞེས་བྱ་བ་འགེགས་པ་སྟེ། སྔར་བསྟན་པའི་བགེགས་ལ་སོགས་པའོ། །གསལ་པོར་བྱ་བའི་ཕྱིར་གསུངས་པ། རིགས་གསུམ་ལས་སྐྱེས་ཞེས་བྱ་བ་ལ་སོགས་པ་སྟེ། རིགས་གསུམ་ནི་
เล่ม ๔๖ · หน้า 97b
སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ལས་སྐྱེས་པའོ། །སའི་ལྷ་མོ་ལྷག་པར་གནས་པར་བྱ་བའི་ཕྱིར་གསུངས་པ། ལྷ་མོ་ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་དྲུག་པའི་དོན་གྱི་གཉིས་པའོ། །སློབ་མ་གཞུག་པར་གསུངས་པ་གོས་ཀྱི་ཞེས་
བྱ་བ་ནི་གོས་ཀྱི་ཁྱད་པར་དེ་དམར་པོའོ། །སློབ་དཔོན་གྱིས་དྲི་བར་བྱ་བ་གསུངས་པ། ཁྱོད་སུ་ཞེས་བྱ་བ་སྟེ། གང་ལ་དགའ་ཞེས་བྱ་བ་ནི་ལྷག་མའོ། །སློབ་མས་སྨྲ་བར་བྱ་བ་གསུངས་པ། སྐལ་བཟང་བདག་ནི་ཞེས་བྱ་བ་སྟེ་བདེ་བ་ཆེན་པོ་ཞེས་བྱ་བ་ནི་ལྷག་མའོ། །ཅི་ཞིག་བྱས་ནས་བྱ་བ་
ཡིན་པ་དེ་གསུངས་པ། ཡོལ་བའི་བར་དུ་ཞེས་བྱ་བ་གོས་ཀྱི་ཡོལ་བའི་བར་དུའོ། །བླ་མ་ལ་གསོལ་བ་བཏབ་པ་ཞེས་བྱ་བར་འབྲེལ་ཏོ། །བློ་བཟང་ཞེས་བྱ་བ་ནི་དཀྱིལ་འཁོར་མཐོང་བར་སྤྲོ་བའི་ཡིད་ཅན་ནོ། །གསོལ་བ་བཏབ་པ་གསུངས་པ། ཇི་ལྟར་ཞེས་བྱ་བ་ནི་ཆོ་ག་གང་གིས་སོ། །
སངས་རྒྱས་ནི་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པའི་སྤྲུལ་པའི་ངོ་བོ་ཉིད་དོ། །ཆོས་ཆེན་པོས་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་གནས་སྐབས་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་རྡོ་རྗེ་ནི་བླ་ན་མེད་པའི་ཆོས་ཐམས་ཅད་དབྱེར་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ་དེ་ལ་སེམས་དཔས་ན་
དེ་སྐད་ཅེས་བྱའོ། །བདག་གི་ཞེས་བྱ་བ་ནི་བདག་ལའོ། །དེ་བཞིན་དུ་ཆོ་ག་དེས་དབང་བསྐུར་བར་བྱའོ། །མཆོག་ནི་མངོན་པར་འདོད་པ་དེ་འདོད་པའོ། །བདག་ནི་བདག་གོ། །སྩལ་དུ་གསོལ་བ་ནི་བྱིན་ཅིག་པའོ། །སློབ་མའི་བྱ་བ་མདོར་བསྟན་པ་གསུངས་པ་དེ་བཞིན་གླུ་དང་ཞེས་བྱ་བ་ལ་
སོགས་པ་ནི་གོ་སླའོ། །འདི་དག་ཐམས་ཅད་ནི་དཀྱིལ་འཁོར་གྱི་ཆོ་ག་ལས་རྟོགས་པར་བྱའོ། །དེ་ནས་ཞེས་བྱ་བ་བསོད་ནམས་ཀྱི་ཚོགས་ཀྱི་རྗེས་ཐོགས་སུའོ། །རྡོ་རྗེ་ནི་ཆོས་ཐམས་ཅད་དབྱེར་མེད་པའི་ངོ་བོ་ཉིད་དོ། །དེ་དེའི་བདག་ཉིད་དུ་འཛིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་
བླ་ན་མེད་པ་ཉིད་ཡིན་པས་རྒྱལ་པོ་ཉིད་དོ་ཞེས་བྱ་བས་རྒྱལ་པོའོ། །ཨོཾ་ཞེས་བྱ་བ་ནི་ཁས་ལེན་པ་སྟེ་མ་སྐྱེས་པ་དང་། རྣམ་པར་རྟོག་པ་སྤངས་པ་དང་། སྒྱུ་མ་ལྟ་བུ་ཉིད་ནི་ཨོཾ་མོ། །ཤཱུ་ནྱ་ཏཱ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདག་གཅིག་དང་དུ་མ་ཉིད་དང་བྲལ་བས་བདག་མེད་པ་ཉིད་དོ། །
เล่ม ๔๖ · หน้า 98a
དེའི་ངོ་བོ་ཉིད་ནི་བདེན་པའོ། །དེ་ཉིད་ནི་རྟོགས་པའི་ངོ་བོ་ཉིད་ཀྱི་ཛྙཱ་ནའོ། །དེ་ཉིད་ནི་མི་ཕྱེད་ཅིང་གཞན་འབྱེད་པའི་ཕྱིར་དང་། བླ་ན་མེད་པའི་ཕྱིར་བཛྲའོ། །དེའི་བདག་ཉིད་ཀྱི་ངོ་བོ་སྭ་བྷཱ་བ་གང་ལ་ཡོད་པ་དེའི་བདག་ཉིད་ནི་ཨཱཏྨ་ཀོའོ། །དེའི་བདག་ཉིད་ཡིན་པས་ཨ་
ཧཾ་སྟེ། ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བསྡུ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་ངོ་བོ་ཟང་ཟིང་མེད་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །དེའི་བདག་ཉིད་གང་ལ་ཡོད་པ་དེ་ནི་བདག་སྟེ་ཨ་ཧཾ་ཞེས་བྱ་བ་ནི་པཱུ་ཛ་བཛྲེ་སྭ་བྷཱ་བ་ཨཱཏྨ་ཀོ་སྟེ་ཡེ་ཤེས་ཀྱི་འཁོར་
ལོ་བཅུག་པའི་རྗེས་ཐོགས་སུ་བྱ་བའོ། །ཁུ་བ་ཡོངས་སུ་གྱུར་པས་བཞེངས་ནས་སྲིད་པ་དང་ཞི་བ་གཉིས་སུ་མེད་པ་ཉིད་ཀྱིས་ང་རྒྱལ་གསུངས་པ། དྷརྨཱ་དྷཱ་ཏུ་ནི་རང་བཞིན་སྟོང་པ་ཉིད་དོ། །གང་ལ་རང་བཞིན་ཡོད་པ་དེ་སྭ་བྷཱ་བ་སྟེ། ཕྱག་དང་ཞལ་དང་དབྱིབས་ཀྱི་བདག་ཉིད་ཅན་ནི་ཨཱཏྨ་ཀོ྅ཧཾ་ངོ་། །
ད་ནི་ཞི་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་སྦྱིན་སྲེག་གི་ལས་རབ་འབྱམ་གསུངས་པ་སྟེ། ཞི་བ་ལ་སོགས་དབྱེ་བ་ཡི། །ཞེས་བྱ་བ་ནི་ཞི་བ་དང་རྒྱས་པ་དང་དབང་དང་དགུག་པ་དང་རེངས་པ་དང་དབྱེ་བ་དང་བསྐྲད་པ་དང་མངོན་སྤྱོད་ཀྱི་དབྱེ་བས་སོ། །གྲུབ་པ་སྟེ་རྫོགས་པར་གྱུར་པ་ནའོ། །
ཡི་ཞེས་བྱ་བ་བྱུང་ནའོ། །དེ་ཉིད་ཀྱི་ཕྱིར། ལས་རྣམས་ཐམས་ཅད་རབ་སྒྲུབ་པ། །ཞེས་བྱ་བའོ། །ཞི་བའི་སེམས་ཀྱིས་ཞེས་བྱ་བ་ནི། དགེ་བའི་སེམས་ཀྱིས་རྣམ་པར་མི་གཡེངས་པས་སོ། །རྒྱས་པའི་སེམས་ཀྱིས་ཞེས་བྱ་བ་ནི་བུ་རམ་དང་འོ་མ་ཟ་ཞིང་ངོ་། །ཆགས་པའི་སེམས་ཀྱིས་ཞེས་
བྱ་བ་ནི་ཆགས་པའི་སེམས་ཀྱིས་སོ། །ལ་ཡང་ངོ་ཞེས་བྱ་བ་ནི་ཁྲོས་པ་དང་བཅས་པའི་སེམས་ཀྱིས་སོ། །ཐབ་ཁུང་གསུངས་པ། ཞི་བའི་དཀྱིལ་འཁོར་རྣམ་པ་སྟེ། །ཞེས་པ་ནི་ཟླུམ་པའོ། །རྫིང་བུ་འདྲ་ཞེས་བྱ་བ་ནི་གྲུ་བཞིའོ། །ཟླ་གམ་འདྲ་ཞེས་བྱ་བ་ནི་གཞུ་ལྟ་བུའོ། །ནམ་
མཁའི་ཁམས་འདྲ་ཞེས་བྱ་བ་ནི་གྲུ་གསུམ་པའོ། །དེ་དག་གི་རྒྱའི་ཚད་གསུངས་པ། ཁྲུ་གང་ཞེས་བྱ་བ་ལ་སོགས་པ་སྟེ། ཟབས་སུ་གསུངས་པ་ནི་གཏིང་དུ་ཁྲུ་ཕྱེད་ཚད་ཅེས་བྱ་བ་ལ་སོགས་པའོ། །སོར་ལྔ་གཉིས་ནི་བཅུའོ། །ཞི་བ་ལ་ནི་སོར་བཞི་བོར་བའི་པདྨ་རྒྱས་པ་ལྟ་བུའི་རྣམ་པ་སོར་བཞིས་
เล่ม ๔๖ · หน้า 98b
མཐོ་བའི་ཁ་ཁྱེར་རོ། །དཀྱིལ་དུ་ནི་སོར་བརྒྱད་པ་བཞིའི་རྡོ་རྗེའོ། །ཡམ་ཤིང་ནི་དཀྱིལ་འཁོར་གྱི་ཆོ་གར་བསྟན་ཏོ། །རྒྱས་པ་ལ་ནི་སོར་བརྒྱད་བོར་བའི་ཁ་ཁྱེར་རྡོ་རྗེས་མཚན་པའོ། །དཀྱིལ་དུ་ནི་རྡོ་རྗེ་སྔ་མ་ལྟ་བུའོ། །ཞོ་དང་སྦྲང་རྩི་དང་ཤ་ཁ་ར་དང་། མ་གོད་པའི་འབྲས་དང་། སྲན་གེའུ་
དང་། ནྱ་གྲོ་དྷ་རློན་པའི་ཡམ་ཤིང་སོར་ཉི་ཤུ་རྩ་བཞི་པའོ། །མངོན་སྤྱོད་ལ་ནི་ནིམ་པ་དང་། དུག་དང་། ད་དུ་ར་དང་། ཚ་བའི་མར་དང་། སྐྱེ་ཚེ་དང་། ཚ་བ་རྣམས་སོ། །བསྐྲད་པ་ལ་ནི་ཁྭའི་སྒྲོའོ། །གང་དུ་སྦྱིན་སྲེག་གི་ཆོ་ག་གསུངས་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །དཔལ་གཤིན་
རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་བརྒྱད་པའི་བཤད་པའོ།། །།ད་ནི་རྒྱ་མཚོའི་ཞེས་བྱ་བ་ལ་སོགས་པས་ཆར་དབབ་པའི་ཆོ་ག་གསུངས་པ་ནི། དེ་ལ་དཔལ་གཤིན་རྗེ་གཤེད་ནག་པོའི་རྣལ་འབྱོར་པ་ལྷག་པའི་བསམ་པ་བརྟན་པས་
རམས་ཀྱི་ཁུ་བས་ཁམ་ཕོར་མ་བསྲེགས་པའི་ནང་དུ། རལ་གྲིའི་འཁོར་ལོ་རྩིབས་བརྒྱད་པའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་བྲིས་ལ། དེའི་སྟེང་དུ་ཀུ་རུ་ཀུལླེའི་སྔགས་བསྒྲུབ་བྱའི་མིང་དང་སྤེལ་བར་བྲི་བར་བྱའོ། །དེ་ལ་དབྱར་ཟླ་ཐ་ཆུངས་ལ་ཀརྐོ་ཊས་སོ། །སྟོན་ཟླ་ར་བ་ལ་ཤཾ་ཀ་པཱ་ལས་
སོ། །སྟོན་ཟླ་འབྲིང་པོ་ལ་ཏཀྵ་ཀའོ། །སྟོན་ཟླ་ཐ་ཆུངས་ལ་བ་སུ་ཀིས་སོ། །དེ་དག་ཉིད་ཡང་གདབ་ནས་དགུན་ཟླ་ར་བ་ལ་སོགས་པ་ལ་ཆར་འབེབས་སོ། །དེ་ལས་གཞན་པའི་ཁམ་ཕོར་མ་བསྲེགས་པ་དང་ཁ་སྦྱར་དུ་བྱས་ལ། སྐུད་པ་སྔོན་པོས་བཅིངས་ནས་དེར་ཀུ་རུ་ཀུལླེ་འཆད་པར་འགྱུར་
བའི་གཟུགས་ཀྱིས་བཀུག་ལ་ཡང་དག་པར་མཆོད་དེ་བཀས་བསྒོ་ལ་ཀླུ་གནས་པའི་མཚོ་ལ་སོགས་པར་གཞུག་པར་བྱའོ། །ཡང་ན་མ་སི་བིཥྚི་ཀོ་ཊ་བསྟེན་པའི་སྔགས་ཀྱི་ཚིག་བྲིས་ལ། དེ་ཡོངས་སུ་གྱུར་པ་ལས། ཀུ་རུ་ཀུལླེ་ཀླུ་ཐམས་ཅད་སྐྲག་པར་བྱེད་པ་བསྒོམས་ལ་ཡང་དག་པར་མཆོད་དེ།
བཅོམ་ལྡན་འདས་མ་བདག་གི་ཆེ་གེ་མོའི་དགོས་པ་མཛོད་ཅིག་ཅེས་བཀའ་བསྒོ་ནས་ཀླུའི་གནས་སུ་གཞུག་པར་བྱའོ། །དེ་ནས་ཆར་དབབ་པའི་ས་ཕྱོགས་སུ་འདུག་ལ་གདུགས་དང་རྒྱལ་མཚན་དང་། བླ་རེ་དང་ཡོལ་བ་ལ་སོགས་པ་ཐམས་ཅད་སྔོན་པོར་བྱས་ལ་གདུང་བའི་ཁྱད་པར་
เล่ม ๔๖ · หน้า 99a
ཐམས་ཅད་དང་ལྡན་པར་རྒྱན་སྔོན་པོ་དང་ལྡན་པའི་རྣལ་འབྱོར་པས་མེའི་དཀྱིལ་འཁོར་གྲུ་གསུམ་པ་འོད་འབར་ཞིང་གསལ་བར་བྲིས་ལ་དེའི་དབུས་སུ་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་བ་དན་གྱིས་མཚན་པ་སྔོན་པོའོ། །དེའི་དབུས་སུ་ཆུའི་དཀྱིལ་འཁོར་བུམ་པ་ལྟ་བུ་
དཀར་པོའོ། །དེ་ལ་པདྨ་འདབ་མ་བརྒྱད་པའོ། །དེའི་དཀྱིལ་དུ་ཆུ་བདག་སྦྲུལ་དཀར་པོ་བདུན་གྱི་གདེངས་ཀ་ཡོད་པ། སྐྱེས་བུའི་ཆ་བྱད་ཅན་ལག་པ་གཡས་ན་རལ་གྲི་གཡོན་ན་ཀླུའི་ཞགས་པ་ཐོགས་པའོ། །ཤར་གྱི་འདབ་མ་ལ་དགའ་བོ་ཨུཏྤལ་སྔོན་པོ་ལྟར་ལྗང་བ། ལྷོ་ཡི་འདབ་
མ་ལ་ནོར་རྒྱས་ཀྱི་བུ་དཀར་པོ། །ནུབ་ཀྱི་འདབ་མ་ལ་ཏཀྵ་ཀ་དམར་པོ། །བྱང་གི་འདབ་མ་ལ་ཀརྐོ་ཊ་ནག་པོ། །མེར་ནི་པདྨ་སྟེ་དཀར་པོའོ། །བདེན་བྲལ་དུ་ནི་པདྨ་ཆེན་པོ་སྟེ་དཀར་སྐྱ། རླུང་དུ་དུང་སྐྱོང་སེར་པོ། །དབང་ལྡན་དུ་རིགས་ལྡན་སྣ་ཚོགས་ཀྱི་མདོག་གོ། །དེ་ནས་ནཾ་ལས་ཀླུ་ཐམས་
ཅད་བསྐྱེད་ལ། བུ་རམ་དང་འོ་མ་དང་མར་ལ་སོགས་པ་ཀླུ་ལ་འོས་པས་བཤོས་གཙང་ཡི་གེ་ཕུས་སྔགས་ལ་དབུལ་ལོ། །མེ་ཏོག་སྔོན་པོ་དེ་བཞིན་དྲི། །གོས་དང་འཕན་ཡང་སྔོན་པོ་དང་། །སྔོན་པོ་ཆུ་དང་ལྡན་པ་ཡི། །བུམ་པ་དག་ཀྱང་དབུལ་བར་བྱ། །དུས་ཀྱི་རྗེས་སུ་འབྲང་བ་དང་། །ཏ་
ཀ་ར་དང་། ཆུ་སྲིན་སྡེར་མོ་དང་། ཡུངས་ཀར་སེར་པོ་དང་། ནཱ་ག་པུཥྤ་རྣམས་ཤ་ཁ་ར་དང་སྦྱར་བའམ། ཡང་ན་ནཱ་ག་གེ་སར་གྱི་རྡུལ་ཤ་ཁ་ར་དང་སྦྱར་བའི་སྤོས་དང་ཞུན་མར་གྱི་མར་མེ་མངོན་པར་བསྔགས་པ་ཡང་དབུལ་བར་བྱའོ། །དེ་ནས་ཛྷ་ནཾ་ཛཿཞེས་བྱ་བའི་སྔགས་ཀྱིས་ཡིད་ཀྱིས་རྡོ་རྗེ་ལྕགས་ཀྱུ་
སྤྲོས་ལ། ཀླུ་རྣམས་བཀུག་ནས་རང་རང་གི་གནས་སུ་བསྒོམ་ཞིང་། ཡོན་ཆབ་བྱིན་ནས་ཡང་དག་པར་མཆོད་དེ་ཀླུ་ཆེན་པོ་ཁྱེད་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་དང་། བདག་ལ་བརྩེ་བར་དགོངས་ནས་ཆར་ཆེན་པོ་དབབ་པར་མཛོད་ཅིག་ཅེས་གསོལ་བ་གདབ་བོ། །དེ་ནས་ཀླུ་རྣམས་ཀུན་
ནས་ཆར་ཆེན་པོ་འབེབས་པ་ལ་ཆེད་ཆེར་བྱེད་པར་བསམས་ལ། ཨོཾ་ཧྲཱིཿཥྚཱྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཨོཾ་ཕུ་ནཱ་ག་ནཾ་པ་རི་ཤ་པ་ཡ་སྭཱ་ཧཱ་ཞེས་བཟླས་ལ་དེའི་རྗེས་ལ་ཆར་འབེབས་སོ། །གལ་ཏེ་ཡང་མི་འབེབས་ན། དེ་ནས་མེ་ཐབ་ཟླུམ་པོ་ལ་དེ་བཞིན་དུ་དཀྱིལ་འཁོར་བྲིས་ལ་དགུག་ཅིང་
เล่ม ๔๖ · หน้า 99b
དེ་རྣམས་ཀྱི་ལྕེ་ལ་ཡི་གེ་ནཾ་བསྒོམས་ནས། ཡོན་ཆབ་ལ་སོགས་པ་སྔོན་དུ་འགྲོ་བའི་སྦྱིན་སྲེག་གི་ཆོ་གས་བུ་རམ་དང་འོ་མ་དང་ཞུན་མར་གྱིས་བཀང་བའི་སྲེག་བླུགས་གསུམ་བྱིན་ནས། ཨོཾ་ནཾ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་བུ་རམ་དང་འོ་མ་ལ་སོགས་པ་བསྲེག་གོ། །དེ་ལྟར་ཚིམ་
པར་གྱུར་པས་ཆར་འབེབས་སོ། །དེ་ལྟ་ན་ཡང་ཆར་མི་འབེབས་ན་ཆད་པ་བྱ་སྟེ། སྔ་མའི་རིམ་པ་ཉིད་ཀྱིས་ཀླུའི་དཀྱིལ་འཁོར་བྱ་སྟེ། འོན་ཀྱང་དང་པོར་རླུང་གི་དཀྱིལ་འཁོར་བྲི་བར་བྱའོ། །བདག་ཉིད་ཀྱང་བློ་ཡིས་པདྨའི་དབུས་སུ་བསྐལ་པའི་མེ་ལྟར་འབར་བའི་རྣམ་པ་ཅན་ཀླུ་ཐམས་
ཅད་འཇིགས་པར་བྱེད་པའི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དུ་བྱས་ནས། ཀླུ་ཐམས་ཅད་ཀྱི་མཇུག་མ་བསྡོམས་ལ་གཡོན་བརྐྱང་བའི་ཞབས་ཀྱིས་མནན་ནས་རང་གི་སྔགས་ཀྱི་ཡི་གེ་རེ་རེའི་བར་དུ་ཀླུའི་སྙིང་པོ་བཅུག་ནས་ང་རྒྱལ་དང་བཅས་པས་བཟླ་བར་བྱའོ། །དེ་ནས་རླུང་གིས་བསྐུལ་
བའི་མེའི་འོད་ཀྱིས་པདྨ་རྙིད་པར་བལྟ་སྟེ། དེ་ལྟར་འོག་ནས་མེས་གདུངས་ཤིང་སྟེང་ནས་ཀྱང་ཁྲོ་བོའི་མེས་གདུངས་བས་ཤིན་ཏུ་སེམས་སྟོར་བར་གྱུར་པས་ཆུ་སྐྱུག་པར་བྱེད་པའི་ཀླུའི་འཁོར་ལོར་མོས་པར་བསམས་ན་ངེས་པར་ཆར་འབེབས་སོ། །དེ་ལྟ་ན་ཡང་ཆར་མི་འབེབས་ན་དུར་ཁྲོད་
ཀྱི་གོས་སམ་མཚོན་གྱིས་བསད་པའི་གོས་ལ་དུག་དང་། ཚ་དང་། སྐྱེ་ཚེ་དང་། ཚ་བའི་མར་གྱིས་རྩིབས་བརྒྱད་པ་རལ་གྲིའི་འཁོར་ལོ་བྲིས་ལ། དེའི་ལྟེ་བ་ལ་པདྨ་འདབ་མ་བརྒྱད་པའི་འདབ་མ་སོ་སོ་ལ་ཀླུའི་སྙིང་པོ་ཡི་གེ་བཾ་དང་ཧཱུཾ་གི་བར་དུ་བཅུག་པ་བྲི་བར་བྱའོ། །ཆུ་ཀླུང་གི་ངོས་ཀྱི་
སའམ། ཀླུའི་གནས་ཀྱི་ས་དང་བསྲེས་པའི་ཐལ་བ་དང་གྲོག་མཁར་གྱི་ས་དང་། ཤིང་གཅིག་གི་རྩ་བའི་ས་དང་བཅས་པ་ལས་ཀླུའི་གཟུགས་བྱས་ལ་འཁྲུལ་འཁོར་བྲིས་ནས་དེའི་སྙིང་གར་བཅུག་ནས་བཀུག་པའི་རྗེས་ལ་བསྐལ་པའི་མེ་ལྟར་འབར་བའི་གཤིན་རྗེ་གཤེད་ཀྱི་གཟུགས་
སུ་གྱུར་པས་ཞབས་ཀྱིས་དེའི་གཟུགས་མནན་ནས། སྔ་མ་བཞིན་དུ་ཁྲོས་པ་དང་བཅས་པས་སྔགས་བཟླ་བར་བྱ་ཞིང་ནམ་མཁའི་དཀྱིལ་མ་ལུས་པ་ན་ཀླུ་རྣམས་ཀྱིས་ཁྱབ་པས་ཆར་ཆེན་པོ་འབེབས་པར་བྱེད་པར་བསམས་ན་ཆར་འབབ་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་ཡང་མི་འབེབས་ན་
เล่ม ๔๖ · หน้า 100a
གཟུགས་དེ་ཉིད་ཚ་བ་གསུམ་དང་སྐེ་ཚེ་ལ་སོགས་པས་མངོན་པར་བྱུགས་ལ་གྲུ་གསུམ་པའི་ཐབ་ཁུང་གི་འགྲམ་དུ་བཞག་ནས་དུར་ཁྲོད་ཀྱི་ཤིང་ལས་མེ་སྦར་ལ་ཁྲོས་པས་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ཤིང་བརྡུང་པའམ། ཡུངས་ཀར་བརྡེགས་ན་ངེས་པར་ཆར་
འབེབས་སོ། །དེ་ལྟ་ན་ཡང་མི་འབབ་ན། དེའི་ཚེ་གཟུགས་དེ་ཉིད་སྐྱེ་ཚེ་དང་ཚྭ་དང་དུག་དང་། ད་དུ་ར་ལས་བྱས་པ་ལ་སེང་ལྡེང་གི་ཕུར་པ་སོར་དགུ་པས་སྙིང་གར་གདབ་ཅིང་རྐང་པ་གཡོན་པས་མགོ་བོ་མནན་ལ། ཁ་ལྷོ་འམ་ནུབ་དུ་བལྟས་ཏེ། ཆར་དབབ་པའི་ཚུལ་གྱིས་མནན་ཅིང་མེ་ཐབ་
གྲུ་གསུམ་པ་ལ་དུར་ཁྲོད་ཀྱི་མེ་ཕུས་སྦར་ལ། དེའི་དཀྱིལ་དུ་གཤིན་རྗེ་གཤེད་བསྒོམས་ནས། དེའི་ཞལ་དུ་ཧཱུཾ་གིས་མནན་པའི་ལྕེ་ལ་ཁྲོས་ཤིང་སྔགས་འཆོལ་བར་བརྗོད་པས་འཇུག་མ་ནས་བརྩམས་ནས་མཚོན་རྣོན་པོས་བཅད་ཅིང་བཅད་ཅིང་བརྒྱ་རྩ་བརྒྱད་ཀྱི་བར་དུ་བསྲེགས་པས་ཆར་འབབ་པར་
འགྱུར་རོ། །དེ་ལྟ་ན་ཡང་གལ་ཏེ་མི་འབབ་ན། འདི་ནི་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་སྐྱོན་ཏེ། བདག་ཉིད་ཁྲོ་བོ་ཆེན་པོ་རྡོ་རྗེ་འཆང་གི་རྣལ་འབྱོར་དུ་བསྒོམས་ནས་སྔ་མ་བཞིན་དུ་ཆུ་ངོགས་གཉིས་ཀྱི་ས་ལ་སོགས་པ་ལས་གཤིན་རྗེ་གཤེད་ཀྱི་གཟུགས་བྱས་ལ། འཁོར་ལོ་དེའི་སྙིང་གར་
བཅུག་ནས་རྐང་པས་མནན་ཏེ། རྐང་པ་གཡོན་པའི་མཐེའུ་ཆུང་ནས་བརྩམས་ནས་དེ་བཞིན་དུ་བཅད་ཅིང་བཅད་ཅིང་མངོན་སྤྱོད་ལ་གནས་པའི་རྡོ་རྗེ་འཆང་གི་ཞལ་དུ་བསྐྱུར་བར་བྱའོ། །དེ་ལྟ་བུ་ཁྲི་བྱས་ན་ངེས་པར་གཤིན་རྗེ་གཤེད་ཀྱིས་ཆར་འབེབས་པར་བྱེད་དོ། །གཅད་པ་ནི་ཀླུ་ལ་སོགས་
པའི་ཞི་བའི་ཐབ་ཁུང་དུ་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ཇི་ལྟ་བ་བཞིན་དུ་བསྒོམས་ནས་ཞི་བའི་ཆོ་གས་མར་དང་འོ་མ་ལ་སོགས་པའི་སྦྱིན་སྲེག་ཁྲི་བྱའོ། །དེ་ལྟ་ན་ཡང་ཀླུ་གདུག་པ་ཅན་ཚར་མི་གཅོད་ན། དེའི་ཚེ་སྔར་བསྟན་པའི་མངོན་སྤྱོད་ཀྱི་ཐབ་ཁུང་དུ་མངོན་སྤྱོད་ཀྱི་ཚོགས། དཔལ་རྡོ་རྗེ་
སེམས་དཔའ་ལ་ཕུལ་བའི་མེ་ཏོག་རྙིང་པ་དང་། རས་བལ་གྱི་འབྲས་བུར་བཅས་པས་སྦྱིན་སྲེག་བྱས་ན་ངེས་པར་ཆར་གཅོད་དོ། །ཆར་ནི་མི་འབབ་དུས་དག་ཏུ། །ཞེས་བྱ་བ་ནི་ཆར་མི་འབབ་པའི་ཚེའོ། །འབབ་པར་ཞེས་བྱ་བ་ནི་ཆར་འབབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྒྱ་
เล่ม ๔๖ · หน้า 100b
མཚོར་བཞོན་པ་དང་འགྲོ་བའི་ཚེ་རླབས་རེངས་པར་བྱེད་པའི་ཚོགས་གསུངས་པ། སྦྲུལ་ནག་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལྷ་ལ་སོགས་པ་ལྟ་བའི་ཕྱིར་སྦྱོར་བ་གསུངས་པ། ཙན་དའི་འབྲས་བུ་ཞེས་བྱ་བ་ལ་སོགས་པ་ལ། ཙན་དའི་འབྲས་བུ་ནི་ད་དུ་རའི་འབྲས་བུའོ། །
གཞན་དག་ནི་གོ་སླའོ། །དོན་ནི་འདི་ཡིན་ཏེ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་དབང་དུ་བྱ་བའི་ཆོ་གས་ཐབ་ཁུང་བྱས་ལ་བསྟན་པ་ལྟར་སྦྱིན་སྲེག་བྱས་ལ། ལྷ་སྟེ་བཅོམ་ལྡན་འདས་གཤིན་རྗེ་གཤེད་དོ། །འདི་ནི་མཚོན་པ་ཙམ་སྟེ། ཚངས་པ་ལ་སོགས་པ་ཡང་མཐོང་བར་འགྱུར་
རོ། །མཐོང་ནས་དགྱེས་པར་འགྱུར་བས་མངོན་པར་འདོད་པ་སྟེར་བར་འགྱུར་རོ། །གདུག་པ་ཅན་ཚར་གཅད་པའི་ཕྱིར། །དུར་ཁྲོད་རོ་བསྲེགས་ཡོག་པའི་ཤིང་། །ཞེས་བྱ་བ་གསུངས་ཏེ། ཡོག་པ་ནི་གང་གིས་ཤི་བའི་རོ་བསྒུལ་བའོ། །མན་ངག་ནི་ཨར་ཀའི་ཤིང་ལས་གཟུགས་ནི་
གཟུགས་བརྙན་བྱ་བའོ། །སྨྱོན་པའི་ཁུ་བ་ནི་ད་དུ་རའི་ལོ་མའི་ཁུ་བའོ། །དེ་ལ་བསྒྲུབ་བྱ་བཀུག་ལ་བཟླས་ན་མཛེས་ཐེབས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འབུམ་ཕྲག་བཞི་ནི་བཟླས་བྱས་ན། ཞེས་བྱ་བ་ནི་འབུམ་ཕྲག་བཞི་བཟླས་པའོ། །གྲུབ་པའི་ཡུངས་ཀར་ནི་ཡུངས་
ཀར་སེར་པོའོ། །དེ་བླངས་ཏེ་ཞེས་བྱ་བ་མང་པོ་ཉིད་དོ། །དེ་ན་གྲུབ་པའི་ཡུངས་ཀར་བླང་བྱ་ས་ཞེས་བྱའོ། །སྦྲུལ་གྱིས་བཟུང་ནས་འགྱེལ་བ་ལ། ཞེས་བྱ་བ་སྦྲུལ་གྱིས་བཟུང་བས་འགྱེལ་བ་ལ་གཏོར་ན་འཚོ་བར་འགྱུར་བས་འགྱེལ་བ་འཚོ་བྱ་ཞེས་བྱ་སྟེ། བྱ་ཞེས་བྱ་བ་ནི་བྱ་བ་ཉིད་
དོ། །དོན་ནི་འདི་ཡིན་ཏེ། གཤིན་རྗེ་གཤེད་མདོག་དཀར་པོ་ཞི་བས་ཡར་ངོའི་ཚེས་གཅིག་ལ་གྲུབ་པའི་ཡུངས་ཀར་དཀར་པོ་ལག་ཏུ་བླངས་ལ་སྔགས་འབུམ་ཕྲག་བཞིའི་བར་དུ་བཟླས་པར་བྱའོ། །དེ་ནས་དེ་རྣལ་འབྱོར་པས་བསྡུས་ནས་གཟུང་བར་བྱའོ། །དེ་ནས་སྦྲུལ་གྱིས་གཟུང་བ་
བྱུང་ན་དེས་བརྡེགས་ན་འཚོ་བར་འགྱུར་རོ། །དེ་ལས་གཞན་པའི་སྦྱོར་བ་མན་ངག་གིས་བཤད་པར་བྱའོ། །དེ་ལ་ཇི་ལྟ་བ་བཞིན་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བྱས་ལ་དུག་གསད་པར་བྱ་བའི་དོན་དུ་བསྒྲུབ་བྱའི་སྙིང་གར་ཧཱུཾ་ངམ་ཧྲཱིཿཥྚྲྀཿལ་སོགས་པའི་སྔགས་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་
เล่ม ๔๖ · หน้า 101a
ཡི་གེ་ཧཱུཾ་དེའི་འོད་ཀྱིས་དེ་ན་ཡོད་པའི་དུག་རབ་ཏུ་འབར་བར་འགྱུར་རོ། །ལག་པ་གཡོན་པའམ་ལག་པ་གཡས་པའི་མཐིལ་དུ་པཾ་ལས་སྐྱེས་པའི་པདྨ་འདབ་མ་བརྒྱད་པའོ། །དེའི་དཀྱིལ་དུ་འོད་ཟེར་གྱིས་བརྒྱན་པའི་ཧཱུཾ་དཀར་པོ་བདུད་རྩི་འཛག་པ་བལྟ་བར་བྱའོ། །
གཞན་དག་ནི་འོད་དཀར་པོ་ཅན་གྱི་དཀྱིལ་དུ་ཧ་བཀོད་པས་སོ་ཞེས་མན་ངག་ཏུ་སྟོན་ཏོ། །དེ་ནས་ཧྲཱིཿཥྚྲྀའི་སྔགས་སམ། དབྱུག་པ་གཤིན་རྗེ་གཤེད་ཀྱིའམ། བི་ཀྲྀ་ཏཱ་ན་ནའམ། ཨོཾ་ཧྲི་ཧ་ཧཱུཾ་ཛ་ཧ་ཞེས་བྱ་བའི་སྔགས་བརྗོད་ཅིང་འགྱེལ་བ་དེའི་སྤྱི་བོའི་སྐྲ་ནས་བརྩམས་ནས་རྐང་པའི་བར་དུ་
བྱ་བའོ། །དེ་ལ་ལག་པ་ལ་བཀོད་པའི་ས་བོན་གྱི་འོད་ཀྱིས་དུག་བླངས་ནས་འོངས་པས་ནག་པོར་གྱུར་པ་དེ་བཞིན་དུ་བོར་ནས་བདུད་རྩིས་གང་བའི་དཀར་པོ་འཕྲོ་བར་གྱུར་པས་དཀར་པོར་གྱུར་པར་བསམ་མོ། །ཡང་ན་སྤང་ལེབ་ལ་ནི་ཡི་གེ་བཅུ་པ་རེ་རེ་དང་ཧ་ཡིག་དཀར་པོ་རེ་རེ་སྤེལ་ལ་བསྒྲུབ་བྱའི་མིང་སྤེལ་བ་
བྲི་བར་བྱའོ། །དེས་དུག་མེད་པར་འགྱུར་ཞིང་འཚོ་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །ཡང་ན་མགོ་ལ་ཧྲཱི་བདུད་རྩིའི་ཚོགས་འོ་མ་ལྟ་བུར་འབབ་པ་བཀོད་ལ་ལུས་ལ་གནས་པའི་དུག་ངོ་བོ་ཉིད་ཀྱིས་ནག་པོར་འདུག་པའི་དྲི་མ་རིམ་གྱིས་སེལ་བར་བྱེད་པའི་འོད་ཀྱི་རྒྱུན་བསམས་ལ། སྔགས་བཟླས་པས་
དུག་མེད་པར་འགྱུར་རོ། །རེངས་པར་བྱ་བའི་དོན་དུ་ནི་སྔགས་ཀྱི་ཡི་གེ་ཉིད་དབང་ཆེན་གྱིས་བཅིངས་པ་མདོག་སེར་པོ་མགོ་ལ་སོགས་པ་རྣམས་སུ་དགོད་དོ། །སྦར་བ་ནི་མེའི་ས་བོན་མཆེ་བས་བཏབ་པའི་གནས་སུ་བསྒོམས་ལ། ཕྱག་འཚལ་དང་པོ་གཤེགས་གསོལ་མཐའ། །བརྡེག་པ་ཆོ་ག་
བཞིན་དུ་སྦྱར། །དུག་ནི་བཅིང་བ་བྱས་པ་ཡིན། །རྣལ་འབྱོར་པས་ནི་གསལ་འདོད་ཀྱང་། །ཞེས་པས་སོ། །གཏོར་ན་འཚོ་བྱ་ཐེ་ཚོམ་མེད། །ཅེས་བྱ་བ་ཡིན་ནོ། །རི་གཤོང་ཆུའི་ས་ཞེས་བྱ་བ་ལ་སོགས་པ་མགོའི་ནད་ཞི་བར་བྱ་བ་ནི་གོ་སླའོ། །དེ་ལྟ་བུ་གཞན་ཡང་འབྱུང་པོ་དང་ཕོལ་མིག་
དང་འབྲུམ་ཕྲན་ལ་སོགས་པ་ཡང་གསོ་བར་བྱའོ། །གདུག་པ་ཅན་ཚར་གཅད་པའི་ཕྱིར་འཇིགས་བྱེད་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གསུངས་པ། བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་ལ། དུར་ཁྲོད་ཐལ་བ་ནི་དུར་ཁྲོད་ཀྱི་མེའི་ཐལ་བའོ། །དེ་ཡི་ས་ནི་དུར་ཁྲོད་ཀྱི་ས་སྟེ། གཤིན་
เล่ม ๔๖ · หน้า 101b
རྗེ་གཤེད་ཀྱི་གཟུགས་བྱའོ་ཞེས་བྱ་བར་འགྲེལ་ཏོ། །གཡས་པ་ན་སྟེ་ཞེས་བྱ་བ་ནི་ཕྱག་གཡས་ནའོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་འགྱེས་པའོ། །གཡོན་པ་ཞེས་བྱ་བ་ནི་ཕྱག་གཡོན་པའོ། །མི་མགོ་ཞེས་བྱ་བ་ནི་སྐྱེས་པའི་མགོ་བོའོ། །དཀར་པོ་ཞེས་བྱ་བ་ནི་བྲི་བའམ་དེ་ལྟར་བསྒོམ་
པའོ། །དེ་ཡིས་ཞེས་བྱ་བ་ནི་དེ་ཉིད་ཀྱིས་ཏེ། དེས་བཀུག་སྟེ་འཇོམས་པར་བྱེད་རྣམ་པར་འཇིགས་པར་བྱེད་པའོ། །འདི་སྐད་ཅེས་བསྟན་པར་འགྱུར་ཏེ། གཤིན་རྗེ་གཤེད་ཀྱི་གཟུགས་ཇི་ལྟ་བ་བཞིན་དུ་གསང་བའི་གནས་སུ་བྱས་ལ་རབ་གནས་བྱ་ཞིང་རང་དེ་ལྟ་བུའི་སྦྱོར་བ་དང་ལྡན་པས་
བསྟན་པ་ལྟར་བྱའོ། །དེ་ཉིད་གསུངས་པ། ཉིན་རེ་ཞེས་བྱ་བ་ལ་སོགས་པ་སྟེ། བདུད་རྩི་དང་ནི་ཤ་ལྔ་ཡིས། །ཞེས་བྱ་བ་ནི་བདུད་རྩི་ལྔ་ཤ་ལྔ་དང་ལྡན་པས་སོ། །རྟག་ཏུ་ཞེས་བྱ་བ་ནི་ཉིན་རེ་ཞིང་ངོ་། །གསོལ་བ་གདབ་པ་ཞེས་བྱ་བ་ནི་དོན་དུ་གཉེར་བའོ། །ཐུན་བཞིའམ་ཐུན་གསུམ་དུ་
བདག་གི་དགྲ་འདི་ཆོམས་ཤིག་ཅེས་བྱ་བའི་བསྐུལ་ཚིག་དང་བཅས་པའི་སྔགས་བཟླ་ཞིང་ནུབ་མོ་འདི་སྐད་བརྗོད་པས་ཉལ་ན་ཐོ་རངས་ཀྱི་དུས་སུ་དགྲ་སྟེ། དགྲ་བོ་ཉིད་འཆི་བར་འགྱུར་བ་སྟེ། དེའི་ཚེ་འདུ་བྱེད་ཟད་པར་འགྱུར་རོ། །ཡང་ན་ནད་ཀྱིས་ཐེབ་པར་འགྱུར། །ཞེས་བྱ་བ་ནི་གལ་ཏེ་མ་
ཤི་ན་ཡང་དེ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་སྨྱོ་བར་བྱ་བའི་སྦྱོར་བ་གསུངས་པ་ལ། དགྲའི་རོ་ཙ་ན་ཞེས་བྱ་བ་ནི་དགྲའི་དྲི་ཆེན་ནོ། །མིའི་རྐང་སྦུབས་ཞེས་བྱ་བ་ནི་སྐྱེས་བུའི་རྐང་གི་སྦུབས་སོ། །དེས་དགང་བར་བྱའོ་ཞེས་བྱ་བ་དང་འབྲེལ་ཏོ། བཀང་ནས་ཞེས་བྱ་བ་གང་ཡིན་པ་དེ་གསུངས་པ།
རབ་ཏུ་བཀང་ནས་འབུམ་བཟླས་ན། ཤིང་རྩེར་རྒྱུ་བའི་ཡི་དགས་མཚུངས། །ཞེས་བྱ་བ་ལ་ཡི་དགས་ཀྱི་ཤིང་གི་རྩེ་མོ་ལ་བཏགས་ནའོ། །རྒྱུ་བའི་ཡི་དགས་མཚུངས་ཞེས་བྱ་བ་ནི་ཇི་ལྟར་ཡི་དགས་ཤིང་སྐམ་པོ་ལྟ་བུའི་བདག་ཉིད་ཡིན་པ་ལྟར་དེ་ལྟ་བུའི་རྒྱུ་བ་སྟེ་ཡོངས་སུ་འཁྱམས་ཞེས་བྱ་བ་དང་སྨྱོ་
བར་འགྱུར་ཞེས་བྱ་བའི་དོན་ཏོ། །དོན་ནི་འདི་ཡིན་ཏེ། མིའི་རྗེ་ངར་གྱི་རུས་པའི་སྦུབས་སུ་དགྲའི་དྲི་ཆེན་གྱིས་བཀང་ནས་འཁྲུལ་འཁོར་ནི་དུག་དང་ཚྭ་དང་ད་དུ་རའི་ལོ་མའི་ཁུ་བའི་སྣག་ཚ་དང་། བྱ་རོག་གི་རྗེ་ངར་གྱི་རུས་པའམ། སྒྲོའི་རྩ་བའི་སྨྱུ་གུས་རྒྱལ་མཚན་གྱི་གོས་སམ་དུར་ཁྲོད་ཀྱི་གོས་
เล่ม ๔๖ · หน้า 102a
ལ་བྲིས་ལ་གཞུག་ཅིང་། ས་ཀོ་ཏ་ཀའི་ཤིང་ངམ། བ་རུ་རའི་ཤིང་ལ་བཏགས་ན་བསྟན་པ་བཞིན་དུ་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རོ་ལངས་ཆེན་པོ་བསྒྲུབ་པ་བསྟན་ཏེ། རིམ་པར་ཕྱེ་བ་བཅུ་པ་ལས་བསྟན་ཏོ། །གཤིན་རྗེ་གཤེད་འཇིགས་བྱེད་ནི་འཇིགས་
སུ་རུང་བའོ། །གང་དུ་དགྲ་ཚར་གཅད་པ་གསུངས་པ་དེ་ནི་འཇིགས་བྱེད་གཤིན་རྗེ་གཤེད་དེ། དེ་སྟོན་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་དགུ་པའི་བཤད་པའོ།། །།ད་ནི་དེ་
ནས་ཞེས་བྱ་བ་ལ་སོགས་པས་རོ་ལངས་སྒྲུབ་པའི་ཐབས་མདོར་བསྟན་ཏོ། །ཤིང་ལ་དཔྱངས་པ་ཞེས་བྱ་བ་ནི་དཔྱངས་པའོ། །མ་གོད་ཅེས་བྱ་བ་ནི་མཚོན་གྱིས་མ་ཕོག་པའོ། །རྨ་མེད་པ་ཞེས་བྱ་བ་ནི་རྣག་ཏུ་མ་རུལ་བའོ། །ཕབ་ལ་ལེགས་པར་བཀྲུ་བྱ་སྟེ། །ཞེས་བྱ་བ་ནི་ཁྲུས་བྱའོ། །
སྔགས་ནི་ཧྲཱིཿཥྚྲྀ་ལ་སོགས་པའོ། །དེར་ཞེས་བྱ་བ་ནི་དེའི་སྙིང་གར་རོ། །ཁ་ཅིག་ནི་དེའི་མདུན་དུ་ཞེས་ཟེར་རོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། རྐུན་མ་དཔྱངས་པའི་རོ་ཤིང་ལས་ཕབ་ལ་དྲི་ཞིམ་པོ་ལ་སོགས་པས་བཀྲུ་ཞིང་དེར་རོ་ལངས་གཞུག་སྟེ། ནག་པོ་འཇིགས་སུ་རུང་བ་གྲི་གུག་
དང་ཐོད་པ་ལག་ན་ཐོགས་པའོ། །སྤོས་དང་མེ་ཏོག་ལ་སོགས་པས་མཆོད་ཅིང་སོ་རྩི་ལ་སོགས་པ་ཡང་བྱིན་ནས། དེའི་སྙིང་གའི་སྟེང་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་ཁྲོ་བ་དང་བཅས་པས་འདུག་ལ་སྔགས་བཟླ་བར་བྱའོ། །སྔགས་ཀྱི་ཆེ་བའི་བདག་ཉིད་གསུངས་པ། ཨེ་
མའོ་ཞེས་བྱ་བ་ལ་སོགས་པ་ལ་བསམ་པ་མེད་པ་ནི་ཤི་བའོ། །རྣལ་འབྱོར་པས་འཇིགས་པར་མི་བྱ་བ་གསུངས་པ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པའོ། །དེས་ཅིར་འགྱུར་ཞེ་ན་གསུངས་པ། རྣལ་འབྱོར་པ་ནི་གང་འདོད་པ། །ཞེས་བྱ་བ་ལ་སོགས་པ་ལ་རལ་
གྲི་དང་། མིག་སྨན་དང་། རྐང་པ་བྱུག་པ་དང་། ཞགས་པ་དང་། ལྕགས་ཀྱུ་དང་། རྡོ་རྗེ་དང་། གི་ཝང་དང་། དངུལ་ཆུ་དང་། བཅུད་ཀྱིས་ལེན་པ་ལ་སོགས་པ་གང་ཅི་ཡང་རུང་བ་རྣལ་འབྱོར་པས་བླང་བར་བྱ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །དེ་ཀུན་ཐམས་ཅད་
เล่ม ๔๖ · หน้า 102b
སྟེར་བར་བྱེད། ཅེས་བྱ་བ་སྦྱིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་མཚན་མ་ཐོབ་པའི་རྣལ་འབྱོར་པས་རིག་པའི་བརྟུལ་ཞུགས་ཀྱི་ཕྱིར་བུ་མོ་དགུག་པའི་སྦྱོར་བ་གསུངས་པ། མ་ཧེ་དང་ནི་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དོམ་ནི་དོམ་ཉིད་དོ། །འདི་དག་ཅེས་བྱ་བ་ནི་
རྫས་འདི་དག་གཅིག་ཏུ་བྱས་ནས་སོ། །གཟུགས་སུ་བྱ་བ་ནི། ཤིན་ཏུ་འཇིགས་པའི་གཤིན་རྗེ་གཤེད་ཀྱི་གཟུགས་ཏེ། དེ་ཉིད་ཀྱི་ཕྱིར། གཤིན་རྗེ་གཤེད་པོ་འཇིགས་པའི་གཟུགས། །ཞེས་གསུངས་པའོ། །འདིར་ཡང་ཉིན་རེ་ཞིང་སྔ་མ་བཞིན་དུ་ཤ་ལྔ་དང་བཅས་
པའི་བདུད་རྩི་ལྔས་གཏོར་མ་སྦྱིན་པར་བྱའོ་ཞེས་ཤེས་པར་བྱའོ། །དེ་ལ་རྣལ་འབྱོར་པས་གསོལ་བ་གདབ། ཧྲཱིཿཥྚྲྀཿལ་སོགས་སྔགས་ཀྱིས་ནི། ཞེས་བྱ་བ་ལ་ཆེ་གེ་མོ་དེ་བདག་ལ་སྩོལ་ཞེས་བྱ་བའི་གསོལ་བ་གདབ་པའི་ཚིག་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕ་གང་ཡིན་པས་
ཞེས་བྱ་བའོ། །འདིར་ནི་དེའི་ཕ་ལ་ཇི་ལྟར་འབྱུང་བ་དེ་གསུངས་པ་སྟེ། རྨི་ལམ་གཤིན་རྗེ་གཤེད་ཅེས་བྱ་བ་ལ་སོགས་པ་ལ། དེ་ལྟར་འཇིགས་པར་གྱུར་ན་ངེས་པར་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དོན་ནི་འདི་ཡིན་ཏེ། བསྟན་པའི་ཆོ་གས་གཤིན་རྗེ་གཤེད་འདུས་བྱས་ལ་
རབ་གནས་བྱ་ཞིང་དེའི་མདུན་དུ་བདག་ཉིད་གཤིན་རྗེ་གཤེད་ནག་པོའི་རྣལ་འབྱོར་གྱི་ང་རྒྱལ་དང་བཅས་པས་བཟླས་པ་བྱས་ན་འདོད་པ་དེ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མངོན་པར་རྟོགས་པའི་རིམ་པར་ཕྱེ་བར་ཞེ་སྡང་གཤིན་རྗེ་གཤེད་ལ་སོགས་པའི་ཕྱག་དང་ཞལ་དང་མདོག་ནི་བསྟན་
ཟིན་ཏོ། །སྒོ་སྐྱོང་རྣམས་ཀྱི་འདིར་གསུངས་པ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རལ་གྲི་ཞེས་བྱ་བ་ནི་སྔོ་ལྗང་ངོ་། །རིམ་པར་ཕྱེ་བ་དང་པོར་གསུངས་པའི་དཀྱིལ་འཁོར་གྱི་བདག་པོ་ཇི་ལྟར་བསྒོམ་པར་བྱ་བ་དེ་ལྟ་བུ་ཉིད་དུ་སྒྲུབ་པའི་ཕྱིར། བྷ་གར་ཞེས་བྱ་བ་གསུངས་
པ་ནི། ཉིད་དང་མཚུངས་པའི་པདྨ་ལའོ། །ལིངྒ་ཞེས་བྱ་བ་ནི་རང་གི་གསང་བའི་རྡོ་རྗེའོ། །རྣམ་བསྒོམ་ཉིད་ཅེས་བྱ་བ་ནི་རྣམ་པར་བསྒོམ་པར་བྱ་བའོ། །དཀྱིལ་འཁོར་བདག་པོ་ནི་དཀྱིལ་འཁོར་གྱི་གཙོ་བོའོ། །རྣམ་པར་བསྒོམ་ཞེས་བྱ་བ་ནི་དོན་འདི་ཡིན་ཏེ་ཉིད་དང་མཚུངས་
เล่ม ๔๖ · หน้า 103a
པ་དང་། འཁྱུད་པ་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བ་བྱས་ལ་བཅོམ་ལྡན་འདས་རྣམ་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་བཅོམ་ལྡན་འདས་ནི་སྙོམས་པར་ཞུགས་པ་མ་ཡིན་ནོ་ཞེས་འདོད་པ་བསལ་བ་ཡིན་ནོ། །ད་ནི་རིམ་པ་གང་གིས་གསང་བའི་དཀྱིལ་
འཁོར་དུ་ཞེ་སྡང་གཤིན་རྗེ་གཤེད་ལ་སོགས་པའི་རྗེས་སུ་དྲན་པའི་བསྒོམ་པ་གསུངས་པ། ཞེ་སྡང་རྗེས་དྲན་ཞེས་བྱ་བ་ལ་སོགས་པ་ལ་ཞེ་སྡང་ནི་ཞེ་སྡང་གཤིན་རྗེ་གཤེད་ཀྱི་གཟུགས་སོ། །འབྲས་བུ་རྡོ་རྗེ་འཆང་གཤིན་རྗེ་གཤེད་ནག་པོའི་གཟུགས་ཀྱི་རྗེས་སུ་སྟེ་ཕྱི་ནས་སོ། །དྲན་པ་ནི་རྗེས་སུ་
དྲན་པ་སྟེ་ཞེ་སྡང་རྗེས་སུ་དྲན་པ་དང་ལྡན་པའོ། །རྣལ་འབྱོར་ནི་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པའོ། །དེ་ཡང་དཔལ་གསང་བ་འདུས་པ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པས། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་པས་སོ། །དེ་གང་ལ་ཡོད་པ་དེ་
ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་རོ། །འདིས་ནི་བདག་ཉིད་དེ་ཁོ་ནའི་བདག་ཉིད་ཅན་ནོ་ཞེས་བསྟན་ཏོ། །གཏི་མུག་ནི་གཏི་མུག་གཤིན་རྗེ་གཤེད་དོ། །ཞེ་སྡང་གི་རྗེས་ལ་སྟེ་ཕྱི་ནས་སོ། །དྲན་པ་ནི་རྗེས་སུ་དྲན་པའོ། །ཕྲ་མ་ཞེས་བྱ་བ་ལ་ཕྲ་མ་ནི་གཏི་མུག་གི་རྗེས་ལ་སྟེ་སྔ་མ་
བཞིན་ནོ། །འདོད་ཆགས་ནི་ཕྲ་མའི་རྗེས་ལ་སྔ་མ་བཞིན་ནོ། །དེའི་རྗེས་ལ་ནི་ཕྲག་དོག་སྟེ། ཕྲག་དོག་ནི་གཤིན་རྗེ་གཤེད་དོ། །དྲན་པ་ཞེས་བྱ་བ་ནི་རྣམ་པར་བལྟ་བར་བྱ་ཞེས་བྱ་བའི་དོན་ཏོ། །བརྟུལ་ཞུགས་ཅན་ཞེས་བྱ་བ་ནི་བརྟུལ་ཞུགས་ཀྱི་དམ་ཚིག་བསྲུང་བ་གང་ལ་ཡོད་པ་དེ་ནི་བརྟུལ་ཞུགས་
ཅན་ནོ། །ད་ནི་གསང་བའི་འཁོར་ལོ་རྫོགས་ནས་སྤྲོ་བ་གསུངས་པ། བ་སྤུའི་ཁུང་ནས་སྤྲོ་བར་བྱ། །ཞེས་བྱ་བ་ལ་སྤྲོ་བ་ནི་སྟོན་ལ། དམ་ཚིག་གི་འཁོར་ལོར་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བ་སྤུའི་ཁུང་ནས་ཞེས་བྱ་བ་ནི་ཤེས་རབ་ཀྱི་བ་སྤུའི་ཁུང་ནས་སོ། །རིགས་ཀྱི་ཞེས་བྱ་བ་ནི་
གཞན་དག་གི་རྒྱུར་གྱུར་པ་ཞེ་སྡང་ལ་སོགས་པའི་རིགས་སོ། །དེ་ཉིད་ཀྱི་སྤྲིན་རྣམས་ནི་མཐའ་མེད་པའི་སྤྲུལ་པའི་གཟུགས་ཉིད་ཀྱིས་ནམ་མཁའི་དཀྱིལ་འཁོར་ཁྱབ་པའོ། །སོ་སོ་ཞེས་བྱ་བ་རེ་རེ་ལས་ཀྱང་ངོ་། །སྤྲོ་བར་བྱ་ཞེས་བྱ་བ་སྔ་མ་བཞིན་སྦྱར་རོ། །དཀྱིལ་འཁོར་པའི་གདན་གསུངས་
เล่ม ๔๖ · หน้า 103b
པ། ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པའོ། །རྗེས་སུ་དྲན་པ་བསྒོམ་པ་གང་བསྟན་པ་དེ་ནི་རྗེས་སུ་དྲན་པ་བསྒོམ་པའི་རིམ་པར་ཕྱེ་བའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་བཅུ་པའི་བཤད་པའོ།། །།ད་ནི་རྣལ་
འབྱོར་པ་མཚན་མ་ཐོབ་པས་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར་རིག་པའི་བརྟུལ་ཞུགས་ཀྱི་ངོ་བོ་སྤྱོད་པ་བྱའོ་ཞེས་བྱ་བས་དེའི་ཕྱིར་ཞེ་སྡང་ལ་སོགས་པ་རྣམ་པར་དག་པས་བརྩེ་བ་སྔོན་དུ་འགྲོ་བ་བསྟན་པས་སྤྱོད་པའི་རིམ་པར་ཕྱེ་བ་གསུངས་པ། ཞེ་སྡང་གིས་ཞེས་བྱ་བ་ལ་སོགས་པ་ལ།
ཞེ་སྡང་ནི་ཕན་ཚུན་མི་དགའ་བའོ། །དེས་མནན་པ་ནི་ཤིན་ཏུ་ཁྱབ་པའོ། །འགྲོ་བ་ཞེས་བྱ་བ་ནི་སྣ་ཚོགས་པའོ། །མཐོང་ནས་ཞེ་སྡང་གཤིན་རྗེ་གཤེད་ཀྱི་གཟུགས་སུ་མཛད་དོ་ཞེས་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། གསུངས་པ། ཞེ་སྡང་ཐམས་ཅད་ཟད་པར་བྱེད། །ཅེས་བྱ་
བ་སྟེ་ཞེ་སྡང་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བའི་དོན་ཏོ། །དེའི་ཟད་པ་ནི་དངོས་པོ་མེད་པར་བྱེད་པའོ། །དེས་ན། ཞེ་སྡང་ཐམས་ཅད་ཟད་པར་བྱེད། །ཅེས་བྱའོ། །འདིས་ནི་འདི་ལྟར་བསྟན་པ་ཡིན་ཏེ། འདིའི་ངོ་བོ་མངོན་པར་རྟོགས་པར་གྱུར་པ་ན་དེ་ཟད་པར་འགྱུར་རོ། །
གལ་ཏེ་བཅོམ་ལྡན་འདས་སྒྲིབ་པ་ཐམས་ཅད་སྤངས་པ་ཡིན་ན་ཇི་ལྟར་གཟུགས་འདི་ལྟ་བུར་འགྱུར་ཞེ་ན། དེའི་ཕྱིར་གསུངས་པ་སྙིང་རྗེའི་དབང་གིས་ཞེས་བྱ་བ་སྟེ་སྙིང་རྗེའི་གཞན་དབང་དུ་གྱུར་པས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གཏི་མུག་གིས་མནན་ཞེས་བྱ་བ་ལ་སོགས་པར་ཡང་གོ་བར་
བྱའོ། །རྣལ་འབྱོར་མ་རྣམས་ཀྱི་རྣམ་པར་དག་པའི་ངོ་བོ་གསུངས་པ་ནི། བྱམས་པ་ཞེས་བྱ་བ་ལ་སོགས་པ་སྟེ། བྱམས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྟེར་བའོ། །དེར་ནི་ཙརྩི་ཀ་ཞེས་གསུངས་སོ། །སྙིང་རྗེ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་ཞུགས་པ་
ལས་འབྱིན་པར་འདོད་པའོ། །དགའ་བ་ནི་སེམས་ཅན་རྣམས་ངོ་བོ་ཉིད་མེད་པར་རྟོགས་ནས་དེ་དག་ལ་འདི་ཡོད་དོ་ཞེས་བྱ་བས་དཀའ་བ་མེད་པར་རྟོགས་པར་ནུས་སོ་ཞེས་དགའ་བའི་སེམས་སོ། །བཏང་སྙོམས་ནི་བདག་ཉིད་ཀྱི་བདེ་བ་དང་། སྡུག་བསྔལ་དང་། རྙེད་པ་དང་། མ་རྙེད་པ་དང་།
เล่ม ๔๖ · หน้า 104a
གྲགས་པ་དང་། མ་གྲགས་པ་དང་། སྨད་པ་དང་། བསྟོད་པ་ཞེས་བྱ་བ་འཇིག་རྟེན་གྱི་ཆོས་བརྒྱད་ལ་སེམས་མཉམ་པ་ཉིད་དོ། །དཀྱིལ་འཁོར་ཇི་ལྟར་སྤྲོ་བར་བྱ་ཞེ་ན་གསུངས་པ། བདག་ཉིད་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་ཅེས་བྱ་བ་ནི་
རང་གི་གཟུགས་ཀྱིས་སོ། །རྫོགས་པར་བྱས་ནས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་རྗེས་ཐོགས་ལའོ། །བཅོམ་ལྡན་འདས་ཀྱི་གཟུགས་སུ་རྫོགས་པར་བྱས་ནས་དཀྱིལ་འཁོར་སྤྲོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །གང་ནས་ཤེ་ན་གསུངས་པ། སྙིང་གའི་ས་བོན་ཞེས་བྱ་བ་གསུངས་
ཏེ། སྙིང་ག་ན་གནས་པའི་ཡ་ལས་ཞེས་བྱ་བའི་དོན་ཏོ། །འདི་སྐད་བསྟན་པ་ཡིན་ཏེ། སྙིང་གའི་ས་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ལ། ཁ་ནས་ཞུགས་པ་སྙིང་གའི་ས་བོན་གྱིས་ཞུ་བར་གྱུར་ཏེ་དེ་ཉིད་སྤྲོ་བར་བྱའོ་ཞེས་བྱ་བ་སྟེ། ལྷ་མོའི་པདྨའི་ནང་
དུ་བསྐྱེད་ནས་ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན་གསུངས་པ། འགྲུབ་པར་འདི་ལ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ད་ནི་ཡེ་ཤེས་ཅུང་ཞིག་ལ་དབང་ཐོབ་པའི་རྣལ་འབྱོར་པས། ཡང་དག་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཕྱིར་རིག་པའི་བརྟུལ་ཞུགས་ཀྱི་ངོ་བོ་
སྤྱད་པར་བྱའོ་ཞེས་བྱ་བ་གསུངས་པ། དེ་ནས་ད་ནི་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱོད་པ་ནི་བྱ་བའི་ངོ་བོ་ཉིད་དོ། །དེ་མཚན་ཉིད་གང་གིས་མཚོན་པར་བྱེད་པ་དེའི་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན་མཆོག་ཅེས་བྱ་བ་ཀུན་གྱི་གོང་མ་སྟེ། བདག་དང་གཞན་གྱི་དོན་ངེས་པར་བསྒྲུབ་པའི་ཕྱིར་
རོ། །གང་གི་ཡིན་ཞེ་ན། གཤིན་རྗེ་གཤེད་པོ་ཞེས་བྱ་བ་གསུངས་པའོ། །འཇིགས་གཟུགས་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་འཇིགས་པར་མཛད་པས་འཇིགས་གཟུགས་ཏེ་གཟུགས་དེ་གང་ལ་ཡོད་པའོ། །ཅིའི་དོན་དུ་སྤྱོད་པར་བྱེད་ཅེ་ན་གསུངས་པ། སྐུ་དང་གསུང་དང་
ཐུགས་སུ་འགྲུབ། །ཅེས་བྱ་སྟེ་དྲག་པོ་དང་ཞི་བ་ལ་སོགས་པའི་རྣམ་པའི་སྐུའི་སྦྱོར་བ་ཉིད་ནི་སྤྲུལ་པའི་སྐུའི་གཟུགས་སོ། །གདུལ་བྱ་མ་ལུས་པའི་དབང་གིས་བསྟན་པའི་ངོ་བོ་དག་གི་སྦྱོར་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །རྣམ་པར་རྟོག་པ་མ་ལུས་པ་ནུབ་པར་འགྱུར་བའི་རང་
เล่ม ๔๖ · หน้า 104b
བཞིན་མེད་པའི་ངོ་བོ་ཉིད་ཀྱི་སེམས་ནི་ཆོས་ཀྱི་སྐུའོ། །འདི་རྣམས་འགྲུབ་པ་ནི་རྫོགས་པར་འགྱུར་བ་སྟེ་དེའི་དོན་དུའོ། །སྐུ་དང་གསུང་དང་ཐུགས་འགྲུབ་པར་བྱ་བའི་ཕྱིར་ཏེ། སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །
དགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལྕགས་ནི་ལྕགས་སོ། །གཟུང་བར་བྱ་ཞེས་པ་ནི་གསོར་བའོ། །སེང་གེ་སྒྲ་ཞེས་བྱ་བ་ནི་ཉོན་མོངས་པའི་རི་དགས་མ་ལུས་པ་གསོད་པར་བྱེད་པས་སེང་གེའོ། །བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོའོ། །དེའི་སྒྲ་ནི་ཡ་
མ་རཱ་ཛ་ཞེས་བྱ་བ་ལ་སོགས་པའོ། །རིག་པ་དང་ཡང་དག་པར་སྦྱོར་བ་གསུངས་པ། རྡོ་རྗེ་གཤིན་རྗེ་གཤེད་སྦྱོར་བས། །ཞེས་བྱ་བ་ལ་རང་ཉིད་གཤིན་རྗེ་གཤེད་ཉིད་དོ། །རང་གི་རིག་པའི་ཉམས་སུ་མྱོང་བ་དེ་ཉིད་གཤིན་རྗེ་གཤེད་དོ། །རྣམ་པར་མི་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར་
རྡོ་རྗེའོ། །དེའི་ཁྱད་པར་ཅན་གྱི་སྦྱོར་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་སྙོམས་པར་འཇུག་པའོ། །དེའི་ཕྱིར་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པ་ཉིད་ཀྱི་རིག་པའི་བརྟུལ་ཞུགས་སྔོན་དུ་འགྲོ་བའི་སྤྱོད་པ་སྤྱད་དོ་ཞེས་པ་ནི་ལྷག་མའོ། །ཅི་དང་པོ་ཉིད་ནས་བྱ་
བའམ་ཞེ་ན་གསུངས་པ། ནུས་པ་ཅུང་ཞིག་སྐྱེས་པ་ན། །ཞེས་བྱ་བ་སྟེ་ནུས་པ་ནི་སེམས་ཀྱིས་ཏེ་སྔགས་ལ་སོགས་པའི་ནུས་པའོ། །སྐྱེས་པ་ནི་ཡོད་པའོ། །རོལ་ཅིང་ཞེས་བྱ་བ་ནི་སེམས་ཅན་མངོན་པར་དད་པར་བྱ་བའི་མཚན་ཉིད་དོ། །སྡུག་ལས་སྐྱེས་པ་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་དང་ལྡན་པའི་གླུའི་
ཁྱད་པར་རོ། །འདིས་ནི་མཉམ་པར་གཞག་པའི་སྦྱོར་བ་བསྟན་ཏོ། །བསྟན་པའི་རིག་པ་དང་སྙོམས་པར་འཇུག་པ་གསལ་པོར་བསྟན་པའི་ཕྱིར། བསྒྲུབ་པར་བྱ་བ་ངེས་པར་བཤད་པ་གསུངས་པ། རྒྱལ་མཚན་ཞེས་བྱ་བ་ལ་རྒྱལ་མཚན་ནི་མཚན་མའོ། །དེ་ཡང་བཅོམ་ལྡན་འདས་
ཀྱི་རྡོ་རྗེའོ། །ཁྱམས་ཞེས་བྱ་བ་ནི་ཤེས་རབ་ཀྱི་མཚོ་སྐྱེས་སོ། །དེ་ནས་ཞེས་བྱ་བ་ནི་བུ་མོ་རྙེད་པའི་རྗེས་ཐོགས་སུའོ། །མཐོང་ནས་ཞེས་བྱ་བ་ནི་ཧཱུཾ་དང་ཨོཾ་ལས་བསྐྱེད་པའི་རྡོ་རྗེ་དང་། ནོར་བུ་དང་ཕཊ་ལས་བུག་པ་དང་། ཧཱུཾ་དང་ཨ་དག་ལས་པདྨ་དང་གེ་སར་དང་ཕཊ་ནི་བུག་པར་རོ། །འོ་མ་
เล่ม ๔๖ · หน้า 105a
ཞེས་བྱ་བ་ནི་བདུད་རྩི་སྟེ། ཀུན་རྫོབ་དང་དོན་དམ་པའི་ངོ་བོ་ཅན་གྱི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །དེར་ནི་ཞེས་བྱ་བ་ནི་གཉི་གའི་བུག་པ་ནས་མཉམ་དུ་ཚོགས་པའི་སྐད་ཅིག་གོ། །རབ་བསྒྲུབ་བྱ་ཞེས་བྱ་བ་ནི་རབ་ཀྱི་མཐར་ཐུག་པར་བསྒྲུབ་པར་བྱའོ། །དོན་
ནི་འདི་ཡིན་ཏེ། བླ་མ་ལ་སོགས་པའི་བཀའ་ཐོབ་ནས་སྔགས་པས་རིག་པའི་བརྟུལ་ཞུགས་ཀྱི་རིམ་པས་ཐུན་བཞིར་ལྷ་ལ་སོགས་པའི་བུ་མོ་བཀུག་སྟེ། ནང་དང་ཕྱིའི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་ཇི་ལྟར་རྙེད་པའི་མན་ངག་གིས་གོམས་པར་བྱེད་པས་ཉེ་བར་མཚོན་པར་བྱ་སྟེ།
ཨ་བ་དྷཱུ་ཏཱི་ཞེས་བྱ་བའི་རྩར་སོར་མོ་དང་ལྕེས་མངོན་དུ་ཕྱོགས་པར་བྱས་ལ། རྡོ་རྗེ་དལ་བུས་བསྐྱོད་པས་དུས་དང་གནས་ཀྱི་ཁྱད་པར་གྱིས་བྱང་ཆུབ་ཀྱི་སེམས་མི་གཏོང་བས་གནས་ན་ཟླ་བ་བཅོ་བརྒྱད་དམ། ཟླ་བ་དྲུག་གམ། གསུམ་མམ། ཕྱེད་དང་གཉིས་སམ། ཐུན་བཞིའི་
སྐྱ་རེངས་འཆར་བའི་དུས་སུ་ཆོས་ཐམས་ཅད་དབྱེར་མེད་པའི་བདེ་བ་ཆེན་པོའི་ངོ་བོར་དངོས་པོ་ཐམས་ཅད་མཚོན་ནས། ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ། །ཞེས་བྱ་བ་ནི་རྫོགས་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་གསུངས་པ། འོ་མ་ལ་སེམས་
གཅིག་གོམས་པས་ཞེས་བྱ་བ་ལ་སོགས་པ་འོ་མ་ནི་རང་གིས་རིག་པའི་ཕན་པའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཏེ། གོམས་པ་ནི་ཡང་དང་ཡང་དུ་འཇལ་བའོ། །འོ་མ་གོམས་པའི་དེ་ཉིད་གཉིས་སུ་མེད་པའི་སེམས་ཏེ། དེས་ན་འོ་མ་ལ་སེམས་གཅིག་གོམས་པས་སོ། །
པས་ཞེས་བྱ་བ་ནི་རྒྱུའི་དོན་གྱི་གསུམ་པའོ། །དེའི་རྒྱུས་གོམས་པའི་གནས་སྐབས་ན་རྒྱུར་གྱུར་པས་སོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་འགྲོ་བ་མ་ལུས་པའི་དོན་བདེ་བ་ཆེན་པོའི་ངོ་བོ་མངོན་པར་རྫོགས་པར་བྱང་ཆུབ་པ་རབ་ཏུ་བསྒྲུབ་པ་སྟེ། རྫོགས་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཡང་། སོར་
མོས་ཅུང་ཞིག་བསྐྱོད་བྱས་ནས། །ཕྱི་ནས་ལྕེ་ཡི་སྐམ་པས་ཀྱང་། །ན་ཌ་གང་དེ་རྒྱས་པ་ལས། །བྱང་ཆུབ་སེམས་ནི་འབབ་པར་འགྱུར། །སྔགས་པས་རྡོ་རྗེ་ཅུང་ཞིག་ཙམ། །བར་བར་དུ་ནི་བསྒུལ་བར་བྱ། །ནོར་བུ་ལ་གནས་ཕཊ་ཀྱིས་ནི། །སེམས་ལས་བྱུང་བ་བརྟན་
เล่ม ๔๖ · หน้า 105b
པར་བྱ། །བྱང་ཆུབ་སེམས་ནི་མ་ཤོར་ན། །དམ་པའི་བདེ་བ་རྒྱས་མྱོང་འགྱུར། །འགྲོ་བ་དེ་ཡི་རང་བཞིན་དུ། །སྤྲོས་ལ་རྒྱུན་མི་འཆད་སྣང་བྱ། །བརྟན་པ་ཁྱབ་པ་བདེ་བ་ཞི། །གོ་འཕང་མཆོག་ནི་ཐོབ་པར་འགྱུར། །བྱང་ཆུབ་སེམས་ནི་ཤོར་གྱུར་ན། །ཐོབ་པ་ཉམས་འགྱུར་སེམས་
བརྒྱལ་ཕྱིར། །ཞེས་བསྟན་པ་ཡིན་ནོ། །རིག་མ་འདུ་བྱ་བ་གསལ་བར་གསུངས་པ། །ཕག་མོའི་ཞེས་བྱ་བ་ལ་སོགས་པ་ལ་ཕག་མོའི་ནི་བཤད་ཟིན་ཏོ། །ཉིད་དང་མཚུངས་པའི་ཤེས་རབ་པོ། །དེའི་ངོ་བོ་གཟུང་བ་ནི་བརྟག་པ་སྟེ་བསྒོམ་པར་བྱ་ཞེས་བྱ་བའི་བར་དུའོ། །བཙུན་མོ་ཀུན་ལ་ཞེས་
བྱ་བ་ནི་རིགས་ཐམས་ཅད་ལས་བྱུང་བའི་བཙུན་མོའོ། །འདོད་པའི་ཞེས་བྱ་བ་ནི་འདོད་པར་བྱ་བའོ། །དོན་ནི་འདི་ཡིན་ཏེ། རིགས་ལྔ་དང་འབྲེལ་པའི་གང་ཡང་རུང་བའི་བུ་མོ་བླངས་ལ། ཐོས་པ་ལ་སོགས་པའི་ཡོན་ཏན་གྱིས་འདུས་བྱས་པ་ཉིད་དང་མཚུངས་པར་བསྐྱེད་ལ། ཕྱག་རྒྱ་ཆེན་
པོའི་དངོས་གྲུབ་ཀྱི་ཕྱིར་འདོད་པར་བྱའོ། །དེ་ལྟར་རྣམ་པར་གནས་པའི་རྣལ་འབྱོར་པས་འཇིགས་པ་མེད་པར་བྱ་བ་གསུངས་པ། དཔའ་བོས་སེང་གེ་བཞིན་ཞེས་བྱ་བ་ལ་ཉོན་མོངས་པའི་རི་དགས་ཐམས་ཅད་གསོད་པར་བྱེད་པས་སེང་གེ་སྟེ་བཅོམ་ལྡན་འདས་སོ། །དེ་བཞིན་དུ་སྤྱོད་པ་
བྱ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་གསུངས་པ། དཔའ་བོས་ཞེས་བྱ་བ་ལ་ཉོན་མོངས་པའི་དགྲ་མ་ལུས་པ་ལས་རྒྱལ་བས་ན་དཔའ་བོའོ། །འདོད་པའི་དོན་ཀུན་རབ་ཏུ་སྒྲུབ། །ཅེས་བྱ་བ་ལ། འདོད་པར་བྱ་བས་ན་འདོད་པ་སྟེ་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །ཐམས་
ཅད་ཀྱང་ཡིན་ལ་འདོད་པ་ཡང་ཡིན་པས་འོདད་པའི་དོན་ཀུན་ནོ། །དེས་དོན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཅན་སྒྲུབ་པར་བྱེད་པས་འདོད་པའི་དོན་ཀུན་རབ་སྒྲུབ་པའོ། །དོན་ནི་འདི་ཡིན་ཏེ། འདོད་པའི་ཡོན་ཏན་ལྔའི་རོལ་མོ་མ་ལུས་པས་རིག་པའི་བརྟུལ་
ཞུགས་ཀྱི་སྤྱོད་པ་བསྒྲུབ་པར་བྱའོ་ཞེས་པའོ། །ད་ནི་སྙིང་རྗེས་གདུལ་བྱའི་བསམ་པའི་དབང་གིས་སྒྲུབ་པའི་ཐབས་ཀྱི་ཁྱད་པར་གཞན་གསུངས་པ། དེ་ནས་ད་ནི་ཞེས་བྱ་བ་ལ་སོགས་པ་ལ་སྲུང་བ་དང་གུར་གྱི་རྗེས་ཐོགས་སུའོ། །གང་ལ་ཕྱག་རྒྱ་ཡོད་པ་དེ་ནི་ཕྱག་རྒྱ་སྟེ། དེའི་སྒྲུབ་
เล่ม ๔๖ · หน้า 106a
པའི་ཐབས་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གསང་སྔགས་ཆེན་པོའི་ཡི་གེ་གཅིག །ཅེས་བྱ་བ་ནི་ཧྲཱིཿཥྚྲྀཿཉིད་དེ་བསྐྱེད་པའི་རྒྱུ་ཉིད་ཀྱི་ས་བོན་ནོ། །དེ་ཉིད་ནི་བཟླས་པ་ཡིན་ནོ་ཞེས་བསྟན་ཏོ། །མ་ཧེ་ཡང་དག་བསྒོམ་པར་བྱ། །ཞེས་བྱ་བ་ལ་གང་ལ་མ་ཧེ་
ལྟ་བུའི་གདོང་ཡོད་པ་དེ་ནི་མ་ཧེའོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྡོ་རྗེ་གུར་གྱི་ཁོངས་སུ་ཆུད་པའི་དཀྱིལ་འཁོར་ནི་རྡོ་རྗེའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་ཁྲོ་བོའི་གཟུགས་ཉིད་ཡིན་པས་ཉི་མའི་དཀྱིལ་འཁོར་ཏེ་དེ་ལ་གནས་པའོ། །མ་ཧེའི་སྟེང་དུ་ཞེས་བྱ་བ་ནི་མ་ཧེའི་རྒྱབ་ཀྱི་
སྟེང་དུའོ། །དོན་ནི་འདི་ཡིན་ཏེ། སྡིག་པ་བཤགས་པ་ལ་སོགས་པ་སྔོན་དུ་འགྲོ་བའི་སྟོང་པ་ཉིད་དང་། སྲུང་བ་དང་གུར་གྱི་ནང་དུ་ཥྚྲྀཿཡོངས་སུ་གྱུར་པ་ལས་ཕྱག་བརྒྱ་པ་མ་ཧེའི་ཞལ་ཅན། མ་ཧེའི་སྟེང་དུ་གཤིན་རྗེ་མནན་པ་དཔག་ཏུ་མེད་པའི་འོད་ཀྱི་ཕྲེང་བ་འཕྲོ་བ། གཡོན་
བརྐྱང་པ་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསྒོམ་པར་བྱའོ། །ཕྱག་གི་གཙོ་བོ་གཉིས་ན་གྲི་གུག་དང་ཐོད་པ་བསྣམས་པ། ཕྱག་ལྷག་མ་རྣམས་ན་རྡོ་རྗེ་དང་རལ་གྲི་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་མཚོན་ཆ་བསྣམས་པ་ཞེས་བྱ་བར་གསུངས་པ། གང་ཡང་ཅུང་ཞིག་
གཅོད་ཅིང་ཞེས་བྱ་བ་ལ་སོགས་པས་སོ། །བློ་དང་ལྡན་པ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་བདེ་བ་ཆེན་པོ་དང་ལྡན་པའོ། །དེ་ལས་གཞན་ཡང་དེ་ནས་ཞེས་བྱ་བ་ལ་སོགས་པས་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་གསུངས་པ་ལ་ཡང་གཞན་ཐམས་ཅད་ནི་སྔ་མ་དང་འདྲའོ། །འོན་ཀྱང་ཡི་གེ་
ཧྲཱིཿལས་རྫོགས་པ་ཐལ་བས་བྱུགས་པ། ཕྱག་འབུམ་ཕྲག་གཉིས་མངའ་བའོ། །དེ་ནས་ཡང་དག་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་འགྱུར་བའི་ཞལ་ཅན་གྱི་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་གསུངས་པ་སྟེ། ཡང་གཞན་ཐམས་ཅད་ནི་སྔ་མ་དང་འདྲའོ། །
ཧཱུཾ་ལས་བསྐྱེད་པ་ཞེས་བྱ་བ་ནི་ཁྱད་པར་རོ། །སྔར་གཤིན་རྗེ་གཤེད་གཉིས་ཀྱི་བཟླས་པའི་སྔགས་ཡི་གེ་ཥྚྲྀཿགཅིག་པ་ཉིད་དོ། །དེ་ཉིད་ཞལ་རྣམ་པར་འགྱུར་བ་འདི་ཡང་དེ་རང་ཉིད་ཡིན་ནོ། །ད་ནི་རྣལ་འབྱོར་པའི་བཟའ་བ་དང་མི་བཟའ་བའི་རྣམ་པར་རྟོག་པ་སྤངས་པ་དང་སྔགས་
เล่ม ๔๖ · หน้า 106b
ཀྱིས་དུབ་ན་རྒྱས་པར་བྱ་བའི་ཕྱིར་དམ་ཚིག་སྒྲུབ་པའི་ཐབས་གསུངས་པ། དམ་ཚིག་སྒྲུབ་ཐབས་བཤད་པར་བྱ། །ཞེས་བྱ་བ་ལ། དམ་ཚིག་འདིས་རྣམ་པར་མི་རྟོག་པ་དང་མཉམ་པར་བྱེད་ཅིང་ཐོབ་པར་བྱེད་པས་དམ་ཚིག་གམ། རྣལ་འབྱོར་པས་འདའ་བར་བྱ་བ་མ་ཡིན་
པས་དམ་ཚིག་སྟེ་དེའི་སྒྲུབ་ཐབས་སོ། །རྣམ་པར་མི་རྟོག་པ་ཉིད་ཀྱིས་དགོས་པ་ཐམས་ཅད་སྒྲུབ་པས་དེའི་ཕྱིར་དགོས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདི་ནི་སེམས་ཅན་ལ་གནོད་པ་མེད་པས་བྱའོ་ཞེས་གསུངས་པ་ནི་ངན་པ་དང་བྲལ་ཞེས་བྱ་བ་སྟེ་
དཔྱས་པ་དང་བྲལ་བ་ནི་ངན་པ་དང་བྲལ་བ་སྟེ། སྲོག་ཆགས་ལ་གནོད་པ་དང་བྲལ་བས་ངན་པ་དང་བྲལ་བའོ། །རྙེད་དཀའ་མིན་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་བོར་བ་ཉིད་དོ། །ཤ་ཆེན་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྣུམ་ཆེན་གྱིས་ཞེས་བྱ་བ་ནི་མདུང་ལ་བསྐྱོན་པ་འམ་
མཚོན་གྱིས་ཕུག་པ་འམ། ཤིང་ལ་བཏགས་པའི་མིའི་ཚིལ་གྱིས་སོ། །རམས་དང་བསྲེས་པའི་ཞེས་བྱ་བ་ལ། དེ་དག་མཉམ་པར་བསྐོར་བར་བྱ། །ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན་དེའི་ཕྱིར་གསུངས་པ་དབང་དུ་འགྱུར་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་
སྦྱོར་བ་གསུངས་པ། སྣང་མཛད་ནི་བཻ་རོ་ཙ་ནའོ། །སིནྡུ་བ་ར་ནི་སིནྡུ་བ་རའི་ལོ་མའོ། །བིལ་བ་ནི་དཔལ་འབྲས་སོ། །སོ་ཕག་ཕྱེ་མ་བསྲེས་པ་དང་། །ཞེས་བྱ་བ་ལ་རྟག་པ་ལ་སོགས་པ་དང་མཉམ་པའི་སོ་ཕག་གི་ཕྱེ་མའོ། །གསེར་ཤིང་ལོ་མའི་ཁུ་བ་རྣམས། །ཞེས་བྱ་བ་ནི་ད་དུ་རའི་
ལོ་མའི་ཁུ་བ་དང་བཏགས་ལ་བསྲེ་བར་བྱའོ། །འདི་ཡི་ཞེས་བྱ་བ་ནི་གོ་སླའོ། །སྦྱོར་བ་གཞན་ཡང་གསུངས་པ། གཅི་བ་ཆེན་པོ་ཞེས་བྱ་བ་ལ་གཅི་བ་ཆེན་པོ་ནི་གཅིན་ནོ། །རྡོ་རྗེ་བདུད་རྩི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །འདི་དག་མཉམ་པར་རྟག་ཏུ་བཏུང་བར་བྱ་སྟེ། དབུགས་
རྒྱུ་བའི་སྣའི་ཁུང་བུ་ནས་སོ། །རེ་རེས་ཀྱང་རྒས་པ་དང་ཤི་བ་སྤང་བར་འགྱུར་རོ་ཞེས་ཤེས་པར་བྱས་ལ། འཆི་བའི་ཚེ་འཕྲལ་གྱི་རྡོ་རྗེའི་བདུད་རྩི་སྣ་གཉིས་ཀྱི་སྦུབས་ནས་ཕུས་བཏབ་ལ་བླུགས་ན་ཡང་འཚོ་བར་འགྱུར་རོ། །སྦྱོར་བ་འདིའི་ཕན་ཡོན་གསུངས་པ་ནི། འདི་ནི་རྣལ་འབྱོར་མཆོག་
เล่ม ๔๖ · หน้า 107a
གཙོ་བོས། །ཞེས་བྱ་བའོ། །ཅི་ལྟར་ཞེ་ན་གསུངས་པ། རང་བྱུང་མེ་ཏོག་བཏུང་བ་བཞིན། །ཞེས་བྱ་བ་སྟེ་རང་བྱུང་གི་མེ་ཏོག་ནི་བུད་མེད་ཀྱི་དང་པོའི་མེ་ཏོག་གོ། །བསྟན་པའི་ཆོ་གས་འཐུངས་ན་འཆི་བར་མི་འགྱུར་རོ་ཞེས་གྲགས་ཏེ། དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །དེ་ཡང་
ནག་མོ་ཡི་ནི་མར་ངོ་བླང་། །དཀར་པོ་ཡི་ནི་ཡར་ངོ་བླང་། །ཞེས་བྱ་བ་ཡིན་ལ་སྔོ་བསངས་དང་། དཀར་བསངས་ནི་དེ་དག་གི་ཁོངས་སུ་གཏོགས་སོ་ཞེས་བྱ་བ་ནི་མན་ངག་གོ། །གང་དུ་སྤྱོད་པར་སྟོན་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་
སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པ་ཕྱེ་བ་བཅུ་གཅིག་པའི་བཤད་པའོ།། །།ད་ནི་འདོད་པའི་ཡོན་ཏན་ལྔ་ཞེས་བྱ་བ་ལ་སོགས་པས་བསྒྲུབ་པའི་མཆོད་པ་གླུས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཤད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་
ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །སེམས་ཀྱི་ཕུང་པོ་ཆེན་པོའི་དོན་མཛད་པའི་བྱམས་པའི་བདག་ཉིད་ཡིན་པའི་ཕྱིར་ཆེན་པོའོ། །འདི་ནི་ཆེན་པོ་ཡང་ཡིན་ཞིང་སྐྱེས་བུ་ཡང་ཡིན་པས་སྐྱེས་བུ་ཆེན་པོ་སྟེ། གང་ཕྱིར་ཕོ་བྲང་འགེངས་བྱེད་པ། །དེའི་ཕྱིར་སྐྱེས་བུ་ཞེས་བརྗོད་དོ། །
ཞེས་བྱ་བའི་ཚིག་གིས་སྐྱེས་བུ་སྟེ་སངས་རྒྱས་ཀྱི་ཞིང་གི་ངོ་བོ་མ་ལུས་པའི་རྟེན་གྱི་དཀྱིལ་འཁོར་གྱི་ཕོ་བྲང་བརྟེན་པའི་དཀྱིལ་འཁོར་གྱིས་འགེངས་པའི་ཕྱིར་རོ། །སྙིང་རྗེའི་དབང་གིས་འདའ་བར་མི་བྱ་བའི་ཕྱིར་དམ་ཚིག་གོ། ཙ་རྩི་ཀའི་རྣམ་པའི་ཏིང་ངེ་འཛིན་ལ་ཞེས་བྱ་བ་ལ་དེའི་
རྣམ་པར་སེམས་རྩེ་གཅིག་པར་བྱས་ཞེས་བྱ་བའི་དོན་ཏོ། །ཕག་མོའི་རྣམ་པ་ལྟ་བུ་ཡི། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་དག་ཅེས་བྱ་བ་ནི་འཆད་པར་འགྱུར་བའོ། །མཆོད་པའི་གླུ་ཞེས་བྱ་བ་ནི་བླ་ན་མེད་པའི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་ངོ་བོ་ཉིད་དོ། །བརྗོད་པར་
མཛད་དོ་ཞེས་བྱ་བ་ནི་གསུང་བ་དང་ལྡན་པའོ། །ཨ་ཀྱེ་ཀྱེ་ཞེས་པ་ནི་ཡུལ་ར་དའི་འབོད་སྐད་དོ། །ཡང་བླ་ན་མེད་པའི་སྐུ་གསུམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཨ་ཀྱེ་ཀྱ་ཞེས་བོད་པའོ། །གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བ་ནི་དེ་ཉིད་བོད་པ་སྟེ། འདིའི་དོན་ནི་བཤད་ཟིན་ཏོ། །བླ་མ་
เล่ม ๔๖ · หน้า 107b
བྱ་བ་ནི་བླ་མའོ། །སྲིན་པོའི་གཟུགས་ཅན་རང་བཞིན་ཁྱོད། །ཅེས་བྱ་བ་ནི་སྲིན་པོའི་གཟུགས་ཀྱི་རང་བཞིན་ཏེ། གདུག་པ་ཅན་རྣམས་འཇིགས་པར་བྱེད་པས་སྲིན་པོའི་གཟུགས་སོ། །ཉོན་མོངས་པའི་རྣམ་པར་རྟོག་པ་མ་ལུས་པར་ཟད་པར་བྱེད་པའི་ཕྱིར་རང་བཞིན་ཁྱོད་
ཅེས་བྱ་བ་ནི་སྲིན་པོའི་གཟུགས་ཀྱི་རང་བཞིན་ནོ། །བདག་གིས་ཞེས་བྱ་བ་ནི་བྱམས་པ་བདག་གིས་སོ། །ཁྱོད་ཅེས་བྱ་བ་ནི་ཁྱོད་ཉིད་དོ། །མཐོང་ན་ཞེས་བྱ་བ་ནི་བལྟས་ན་ཞེས་བྱ་བ་སྟེ་མཐོང་བར་གྱུར་ན་ཞེས་བྱ་བའི་བར་དུའོ། །ཤིན་ཏུ་འཇིགས་ཞེས་བྱ་བ་ནི་སྐྲག་པར་གྱུར་པ་སྟེ།
ཞི་བ་ཉིད་ཡིན་ན་ཡང་འདི་ལྟ་བུའི་རྣམ་པར་གནས་པར་གྱུར་པའི་ཕྱིར་རོ། །འདི་ཐོང་མཛོད་ཅེས་བྱ་བ་ནི་ཡོངས་སུ་ཐོང་མཛོད་ཅེས་བྱ་བའོ། །ཁྲོས་པའི་རང་བཞིན་ཞེས་བྱ་བ་ནི་ཁྲོ་བོའི་ངོ་བོ་སྟེ། ཞི་བ་དང་བར་མར་གནས་པའི་གདུལ་བྱ་རྣམས་ལ་ཡང་སོ་སོར་དེའི་ངོ་བོར་མཛད་དོ་ཞེས་
བྱ་བའི་དོན་ཏོ། །སྙིང་རྗེའི་གླུ་གསུངས་པ། ཁྱེད་ཀྱི་ཞེས་བྱ་བ་ནི་ཁྱོད་ཉིད་ཀྱིའོ། །གར་གྱིས་ཞེས་བྱ་བ་ནི་བླ་ན་མེད་པའི་སངས་རྒྱས་ཀྱི་གར་བྱས་པ་ནའོ། །གཡོས་པར་ཞེས་བྱ་བ་ནི་འདར་བར་རོ། །མཐོ་རིས་ས་སྟེངས་ས་འོག་བཅས། །ཞེས་བྱ་བ་ནི་ས་བླ་ས་སྟེངས་ས་འོག་རྣམས་
སོ། །དོན་ནི་འདི་ཡིན་ཏེ། ཁྱོད་ཀྱིས་གར་མཛད་པས་སྲིད་པ་གསུམ་གཡོས་པར་འགྱུར་གྱིས་ངོ་བོ་དེ་ཐོང་མཛོད་ལ་སངས་རྒྱས་ཀྱི་གཟུགས་སུ་མཛོད་ཅིག་ཅེས་བྱ་བའོ། །ནག་པོ་ནི་རྣམ་པར་འགྱུར་བའོ། །ཨཉྫ་ན་བཅག་པ་འདྲ་ཞེས་བྱ་བ་ལ་བཅག་པ་ནི་མིག་སྨན་གྱི་འདེ་གུ་སྟེ་ཨཉྫ་ན་
བཅག་པ་དང་འདྲ་བར་མཐོང་བའོ། །ཁྲོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལ་ཁྲོས་པའི་ཡིད་ཅན་ནོ། །གར་མཛོད་ཅེས་བྱ་བ་ནི་བླ་ན་མེད་པའི་གར་མཛོད་ཅིག་ཅེས་བྱའོ། །ཁྱོད་ཅེས་བྱ་བ་ནི་ཁྱོད་ཀྱིས་སོ། །རོ་ལངས་ནི་རོ་ལངས་ཉིད་དེ་ཁྲོ་བོ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དགའ་བའི་གླུ་གསུངས་
པ། མདོག་ནག་ཚད་ནི་ཐུང་བ་ལ། །ཞེས་བྱ་བ་ནི་མདོག་ནག་པོ་ཚད་ཐུང་བའོ། །རྣམ་པ་སྣ་ཚོགས་གཟུགས་སྤྲུལ་ཞིང་། །ཞེས་བྱ་བ་ནི་སེམས་ཅན་གྱི་དོན་མཐོང་བས་དགའ་བར་གྱུར་ནས་གཟུགས་རྣམ་པ་སྣ་ཚོགས་པ་སྤྲུལ་པར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ། །རྡོ་རྗེ་དབྱངས་ཅན་མ་ཞེས་བྱ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด