དཔལ་གཤིན་རྗེ་དགྲ་ནག་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་ཀྲྀཥྞ་ཡ་མཱ་རི་མ་ཧཱ་ཏནྟྲ་རཱ་ཛ་པཉྩི་ཀ་ར་ཏྣ་པྲ་དཱི་པ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๔๖ · หน้า 124a
༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀྲྀཥྞ་ཡ་མཱ་རི་མ་ཧཱ་ཏནྟྲ་རཱ་ཛ་པཉྩི་ཀ་ར་ཏྣ་པྲ་དཱི་པ་ནཱ་མ། བོད་སྐད་དུ། དཔལ་གཤིན་རྗེ་དགྲ་ནག་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རབ་
འཇིགས་བསྙེན་པར་དཀའ་ཞིང་བདུད་ཀྱི་རྩ་ལག་མང་པོ་འཁྲུགས་པ་ཚར་གཅོད་ལ། །རང་གི་མཐུ་ཡི་ཁྱད་པར་འཇིག་རྟེན་གསུམ་ལས་ཁྱད་འཕགས་བདུད་དགྲ་རབ་ཏུ་དཔའ། །འདི་འདྲའི་དཔལ་ལྡན་གཤིན་རྗེ་ལ་སྡང་དེ་ནི་དེང་འདིར་བདག་ལ་སྲུང་གྱུར་ཅིག །དེས་བསྲུངས་གྱུར་
པས་དེ་སྟོན་རྒྱུད་འདི་ཅུང་ཟད་བདག་འབྱེད་འདི་ལ་མཁས་བཟོད་མཛོད། །འདིར་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ནས་བརྩམས་ཏེ་ལེའུ་བཅོ་བརྒྱད་པའི་ཞབས་ནས་བདུད་ཞི་བར་བྱ་བའི་ཕྱིར་དེ་སྐད་ཅེས་གསུངས་སོ་ཞེས་བྱ་བའི་བར་དུའོ། །རྒྱུད་
འདིའི་གཞུང་གིས་ཅི་ཞིག་སྟོན་ཞེ་ན། དེ་ནི་བཅོམ་ལྡན་འདས་འདིའི་རང་གི་ངོ་བོ་དང་། དེའི་ཕྲིན་ལས་དང་། དེ་འཐོབ་པའི་རྒྱུ་རྣམས་སྟོན་ཏེ། དེ་ཡང་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་
རིགས་པ་རྣམས་ཀྱིས་ནི། འདིའི་རང་གི་ངོ་བོ་བསྟན་ཏོ། །ཇི་ལྟར་སེམས་ཅན་རབ་འཇུག་པ། །ལས་ཀྱི་དབྱེ་བ་རབ་འབྱེད་པ། །ཞེས་བྱ་བ་ལ་སོགས་པ། ཇི་ལྟར་རིགས་པ་རྣམས་ཀྱིས་ནི་འདིའི་ཕྲིན་ལས་བསྟན་ཏོ། །སློབ་དཔོན་ལ་ནི་བརྙས་མི་བྱ། །ཞེས་བྱ་བ་ལ་
སོགས་པ་ཇི་རིགས་པ་རྣམས་ཀྱིས་ནི་བཅོམ་ལྡན་འདས་འདིའི་གོ་འཕང་ཐོབ་པའི་རྒྱུ་ཕུལ་དུ་བྱུང་བ་བསྟན་ཏོ། །དེ་ལྟར་ན་རྒྱུད་འདིས་ནི་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ཉིད་ཀྱི་དོན་ཕུན་སུམ་ཚོགས་པ་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དག་བསྟན་ཅིང་། སྐལ་བ་དང་ལྡན་པ་
གང་ཞིག་རྒྱུད་འདིར་སློབ་པ་དེ་ཡང་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རིམ་གྱིས་འགྱུར་བ་ནི། ཇི་ལྟར་དཔལ་འཁོར་ལོ་བདེ་མཆོག་ལས། །མི་མཆོག་གང་ཞིག་ཀུན་སྤྱོད་པ། །སྡིག་ཀུན་རྣམ་དག་བདག་ཉིད་ཅན། །དེ་བཞིན་གཤེགས་པའི་ས་འཐོབ་ཅིང་། །སྐྱེ་དང་སྐྱེ་
เล่ม ๔๖ · หน้า 124b
བར་བདེ་གཤེགས་ཀྱི། རིགས་འགྱུར་ཆོས་ལྡན་རྒྱལ་པོར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་རྒྱུད་འདི་ནི་རྗོད་པར་བྱེད་པ་ཡིན་ལ་འདིའི་དོན་ནི་བརྗོད་པར་བྱའོ། །དེ་ཡང་ཐབས་དང་དེ་ལས་བྱུང་བར་འབྲེལ་ཅིང་འབྲེལ་བ་དང་བཅས་པས་དོན་ཕྱིན་ཅི་མ་ལོག་པ་ཁོང་དུ་ཆུད་ཅིང་།
ཇི་ལྟར་ཁོང་དུ་ཆུད་པ་ལྟར་གུས་པས་བསྒྲུབས་པས་མི་གནས་པའི་མྱ་ངན་ལས་འདས་པའི་བར་དུ་ཡང་དག་པར་འཐོབ་པས་ན། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དེ་ཡང་དགོས་པ་ལ་སོགས་པའི་ཡན་ལག་འདི་དག་གིས་འགྲུབ་པར་རྟོགས་པ་དང་ལྡན་པ་རྣམས་ཀྱིས་ཤེས་སོ། །
དེའི་ཕྱིར་ངེས་པར་འདི་ལ་འཇུག་པ་རྣམས་ནི་དོན་མེད་པར་ནམ་ཡང་རིགས་པས་ཀྱང་མི་འགྱུར་ལ་གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་ཡང་ཐུགས་རྗེ་ཆེ་བ་ནི་གཞན་ལ་དོན་མེད་པའི་ཚིག་གསུང་མི་སྲིད་པས་ན། ལུང་རྣམ་པར་དག་པ་འབའ་ཞིག་ལ་གུས་པས་ཀྱང་
འདི་ལ་འཇུག་པར་རིགས་ཏེ། ཇི་སྐད་དུ། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། ཉེས་ཟད་ལུང་དུ་ཤེས་པར་བྱ། །ཉེས་པ་ཟད་ཕྱིར་བརྫུན་གྱི་ཚིག །གསུང་བར་མི་རིགས་རྒྱུ་མེད་ཕྱིར། །ཞེས་ཚིགས་སུ་བཅད་པས་སོ། །གལ་ཏེ་སྦྱིན་པ་ལ་སོགས་པ་བདག་དང་གཞན་ལ་ཕན་པའི་
ཐབས་རྒྱུད་འདི་ནས་སྟོན་པ་ལྟ་ན་བདེན་གྲང་ན། རྒྱུད་འདི་ནས་ནི་གསད་པ་ལ་སོགས་པ་སྟོན་ཅིང་དེ་ནི་གཞན་ལ་ཕན་པ་ཡང་མ་ཡིན་ལ། །ཡང་བུད་མེད་དབང་དུ་བྱ་བ་ལ་སོགས་པའི་བྱ་བ་ཡང་སྟོན་ཅིང་དེ་ནི། དྲག་ཤུལ་སྤྱོད་སྔགས་མི་བྱེད་བུད་མེད་སྦྱོར་སྔགས་མིན། །ཞེས་རྒྱལ་བའི་
ཡུམ་ལས་བཀག་ཅིང་། རིགས་པས་ཀྱང་འཐད་པའི་ལམ་དུ་མ་གྲུབ་པས་དེ་མི་རུང་ཞིང་། སྲིན་པོ་ལྟར་མ་རུངས་པའི་ལུས་སུ་གནས་པ་དང་འདོད་པའི་ལྷ་མེ་ཏོག་གི་མདའ་ཅན་ལྟར་གཞན་ཟེར་རོ། །སློང་བའི་ལུས་སུ་གནས་པ་ཡང་། སྡང་བའམ་ཆགས་པའི་རྐྱེན་དུ་གྱུར་
ལ། དེ་ཡང་རབ་ཏུ་མི་འདོད་དེ། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །རྒྱལ་བའི་གྲོང་སོགས་དེ་དག་གིས། །ཉོན་མོངས་རྒྱུན་གཅོད་ཉོན་མོངས་མེད། །ཅེས་གསུངས་ན། འདི་ནི་ཉན་ཐོས་དག་པས་དམན་པར་གྱུར་པས། རྒྱུད་འདིར་
เล่ม ๔๖ · หน้า 125a
རྒྱུ་དང་དེ་ལས་བྱུང་བ་གཉི་ག་བླང་བར་བྱ་བ་མ་ཡིན་ནོ། །དེ་བས་ན་ལུང་རྣམ་པར་དག་པ་ཡང་འདི་མ་ཡིན་པས་སུ་ཞིག་འདི་ལ་འཇུག །དེ་བས་ན་འདིའི་འབྲས་བུ་མཆོག་རྒྱུ་དང་བཅས་ཏེ་འདོད་པར་བྱ་བ་མ་ཡིན་ཏེ། འདམ་བུ་ཁྲུས་བྱས་པའི་ཆོ་ག་འགྲུབ་པར་
ལྟ་ན་ཡང་དེ་ཁྲུས་མ་ཡིན་པས་མ་གྲུབ་པ་དང་བྱེ་བྲག་མེད་པའམ། ཆེས་སྨད་པ་ལྟ་བུའོ་ཞེ་ན། དེ་ལྟར་རྟག་པ་ནི་མ་ཡིན་ཏེ་རྒྱུད་འདིར་གསད་པ་ལ་སོགས་པའི་བྱ་བ་གཞན་ལ་གནོད་པ་ལྟར་སྣང་བ་ཡང་། བདེ་བ་མ་ཡིན་ཡང་ཕན་པ་ཉིད་ཡིན་ཏེ་སྨན་ཚ་བ་ལ་བརྟེན་པ་ལྟ་བུའོ། །དེ་ནི་
བྱང་ཆུབ་སེམས་དཔའི་བྱ་བ་ཡིན་ཏེ་མ་བྱས་ན་སླར་ཉེས་པ་ཉིད་ཡིན་པར། ཉོན་མོངས་བཅས་ཀྱང་ཆོས་མི་བྱེད། །ཅེས་བཤད་པས་སོ། །དེའི་ཕྱིར་སྙིང་རྗེ་ལས་བྱུང་བའི་གསད་པ་ལ་སོགས་པ་མདོ་སྡེ་དང་རྒྱུད་དུ་མ་ལས་གསལ་པོར་སྣང་བས་རྒྱལ་བའི་ཡུམ་ལས་ནི་རང་གི་སྡང་བ་རྒྱུར་
གྱུར་པས་དྲག་ཤུལ་སྤྱད་པ་བཀག་པར་ཟད་དེ། དེ་བས་ན་འཕགས་པ་དེ་ཁོ་ན་འདུས་པ་ལས་ཀྱང་། སྡིག་པའི་སེམས་ཅན་ཕན་དོན་དུ། །སྡིག་ཅན་སྡིག་སྤྱོད་ལོག་པ་དང་། །སངས་རྒྱས་བཀའ་ནི་བསྒྲུབ་པའི་ཕྱིར། །གསད་པ་བྱས་ན་འགྲུབ་པར་འགྱུར། །ཞེས་པ་དང་ཡང་། སྡིག་པ་
དག་པའི་རྒྱུ་ཡི་ཕྱིར། །མཚམས་མེད་བྱེད་པ་མི་བཟློགས་ན། །བསད་པའི་ལས་ལ་དད་ན་ཡང་། །དེས་ནི་དངོས་གྲུབ་འགྱུར་རོ་ཞེས། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་ཞེས་གསུངས་ལ། འཕགས་པ་གསང་ཆེན་ཐབས་ལ་མཁས་པའི་མདོ་ལས་ཀྱང་ཚོང་དཔོན་
བྱང་ཆུབ་སེམས་དཔས། ཚོང་པ་གཡོན་ཅན་མདུང་ཐུང་གིས་བསད་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་གསུངས་པ་ན་གསད་པའི་བྱ་བ་སྟོན་པས་ནི་རྒྱུད་འདི་སྨད་པར་མི་བྱའོ། །བུད་མེད་དབང་དུ་བྱ་བ་སྟོན་པས་ཀྱང་འདི་སྨད་པར་མི་བྱ་སྟེ། སྨོན་ལམ་གྲུབ་པའི་བུད་
མེད་བྱང་ཆུབ་སེམས་དཔའི་གནས་ཐོབ་པ་དག་ཡོད་ཅིང་དེ་དག་དབང་དུ་བྱ་བའི་ཕྱིར་སྔགས་དང་བསམ་གཏན་ལ་རབ་ཏུ་འབད་པ་ཉིད་ཀྱིས་སྒྲུབ་པ་པོ་དེའི་སྒྲིབ་པའི་དྲ་བ་སེལ་ཅིང་། སྒྲིབ་པ་སྲབ་མོར་གྱུར་པ་ནས་དེ་དང་འདུ་བའི་སྐལ་བ་ཅན་དུ་འགྱུར་ཞིང་། དེ་དང་འདུས་པས་དེའི་འདོད་
เล่ม ๔๖ · หน้า 125b
ཆགས་ལ་སོགས་པ་ཟད་པར་གྱུར་ཏེ། ཇི་ལྟར་འཕགས་པ་སྡོང་པོ་བཀོད་པ་ལས། སྨད་འཚོང་མ་བཅོམ་པ་མོ་ལྷའི་བཤེས་གཉེན་གྱི་རྣམ་པར་ཐར་པ་བསྟན་པ་ལས་ཀྱང་། རིགས་ཀྱི་བུ་ཁོ་མོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འདོད་ཆགས་དང་བྲལ་བའི་མཐར་ཕྱིན་པ་
ཞེས་བྱ་བ་ཐོབ་པ་སྟེ། རིགས་ཀྱི་བུ་དེ་ལྟར་ཁོ་མོ་ནི་ལྷ་རྣམས་ལ་ལྷ་མོའི་གཟུགས་དང་། ཁ་དོག་དང་དབྱིབས་དང་། ཆུ་ཞེང་ལས་ཀྱང་ལྷག་པར་ཁ་དོག་གསལ་བ་དང་། རྣམ་པར་དག་པས་ཅི་ལ་མོས་པ་བཞིན་དུ་སྣང་བར་བྱེད་དོ། །དེ་བཞིན་དུ་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་།
ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ལ་ཡང་བུད་མེད་ཀྱི་གཟུགས་དང་ཁ་དོག་དང་དབྱིབས་དང་ཆུ་ཞེང་ལས་ལྷག་པར་འོད་གསལ་ཞིང་རྣམ་པར་དག་པས་ཅི་ལ་མོས་པ་བཞིན་དུ་སྣང་བར་བྱེད་དོ། །སེམས་ཅན་
གང་དག་འདོད་ཆགས་ཀྱིས་ཀུན་ནས་འཁོར་བའི་སེམས་དང་ལྡན་པ་དག་ཁོ་མོའི་དྲུང་དུ་འོང་ན་ཡང་། དེ་དག་ཐམས་ཅད་ལ་ཁོ་མོ་ནི་འདོད་ཆགས་དང་བྲལ་བར་འགྱུར་བའི་ཆོས་སྟོན་ཏེ། དེ་དག་གིས་ཆོས་དེ་ཐོས་ནས་ཀྱང་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་རོ། །བྱང་ཆུབ་
སེམས་དཔའི་ཏིང་ངེ་འཛིན་ཆགས་པ་མེད་པ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་ཁོ་མོ་མཐོང་མ་ཐག་ཏུ་འདོད་ཆགས་དང་བྲལ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དགའ་བ་དང་ལྡན་པ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་གཏམ་བྱས་པ་ཙམ་གྱིས་
འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆགས་པ་མེད་པའི་དབྱངས་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་ལག་ནས་གཟུང་བ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་
རྒྱས་ཀྱི་ཞིང་ཐམས་ཅད་དུ་རྗེས་སུ་འགྲོ་ཞིང་གནས་བ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་གནས་གཅིག་ཏུ་འགྲོགས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བྲལ་བས་སྣང་བ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་
เล่ม ๔๖ · หน้า 126a
བལྟས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རབ་ཏུ་ཞི་བའི་རྣམ་པའི་རྒྱན་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་གླལ་བ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་
དཔའི་ཏིང་ངེ་འཛིན་ཕས་ཀྱི་རྒོལ་བ་རྣམ་པར་འཐོར་བ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་མིག་བཙུམས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཡུལ་སྣང་བ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་པང་
དུ་འཁྱུད་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འགྲོ་བ་ཐམས་ཅད་ཡོངས་སུ་སྡུད་ཅིང་མི་གཏོང་བའི་སྙིང་པོ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་འོ་བྱས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཏེ། བྱང་
ཆུབ་སེམས་དཔའི་ཏིང་ངེ་འཛིན་འགྲོ་བ་ཐམས་ཅད་བསོད་ནམས་ཀྱི་མཛོད་ལ་རེག་པར་བྱེད་པ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །དེ་ལྟར་ཁོ་མོ་ནི་སེམས་ཅན་གང་ཇི་སྙེད་ཅིག་ཁོ་མོའི་དྲུང་དུ་འོངས་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་འདོད་ཆགས་དང་བྲལ་
བ་མཐར་ཕྱིན་པ་ཐམས་ཅད་མཁྱེན་པའི་ས་ཆགས་པ་མེད་པ་ལ་མངོན་དུ་གྱུར་པ་འདི་ཉིད་ལ་རབ་ཏུ་དགོད་དོ་ཞེས་གསུངས་ལ་ཡང་དེ་ཉིད་ལ། རྒྱལ་པོ་རིན་ཆེན་མང་བ་ཞེས་བྱ་བའི་བུ་མོ་དག་གི་རྣམ་པར་ཐར་པ་བསྟན་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་ཆེན་མང་པོ་དེ་ལ་བུ་མོ་རྒྱ་མཚོ་ཀུན་
ཀྱང་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྤྲུལ་པའི་བུད་མེད་ཀྱི་རིན་པོ་ཆེ་དང་འདྲ་བ། ཡིད་ཀྱི་ལུས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྡན་པ་སྲིད་པའི་ལམ་གྱི་རྒྱུན་གྱི་འཁོར་ལོ་སྣ་ཚོགས་རྒྱ་མཚོ་
འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྡན་པ། བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་མགོ་དང་ལྡན་པ། ཆོས་ཀྱི་དབྱིངས་ནམ་མཁའི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་
เล่ม ๔๖ · หน้า 126b
སྙེད་ཀྱི་དཔྲལ་བ་དང་ལྡན་པ། བསམ་པ་དང་ལྷག་པའི་བསམ་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྨིན་ཚུགས་ཅན། ཤེས་རབ་དང་ཡེ་ཤེས་ཡངས་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་མིག་དང་ལྡན་པ། དེ་བཞིན་
གཤེགས་པ་ཐམས་ཅད་ལས་ཐོས་པ་འཛིན་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་རྣ་བ་ཡིད་དུ་འོང་བ་དང་ལྡན་པ། སྡོམ་པ་ཆེན་པོ་ཡང་དག་པར་བླང་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྣ་ལེགས་པ་དང་ལྡན་པ། ཆོས་རྒྱ་མཚོ་
རབ་ཏུ་སྒྲོགས་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ལྕེ་དང་ལྡན་པ། ཆོས་ཀྱི་དབྱིངས་མཐའ་གཉིས་ཡོངས་སུ་སྤངས་བས་འཛུམ་པར་དགོད་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྡན་པ། བྱམས་པ་ཆེན་པོ་དང་།
སྙིང་རྗེ་ཆེན་པོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ལག་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་བསྒྲུབ་པས་མི་ངོམས་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྙིང་དང་ལྡན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་
རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ནུ་མ་ལེགས་པ་དང་ལྡན་པ། ཆོས་ཟབ་མོ་སྣ་ཚོགས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ལྟེ་བ་དང་ལྡན་པ། དམིགས་པ་ཐམས་ཅད་ཡོངས་སུ་བསིལ་བའི་མཐར་ཐུག་པ་རྒྱ་མཚོ་འཇིག་
རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་རྟོག་པ་དང་ལྡན་པ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡངས་ཤིང་མི་ཤིགས་པ། བརྟན་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྟ་ཟུར་དང་ལྡན་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་
ཅད་རིམ་གྱིས་ལེགས་པར་འབྲེལ་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་རྐང་པ་དང་ལྡན་པ། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་སྣ་ཚོགས་ཀྱི་དྲ་བ་ཕྲེང་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མཛེས་པར་ཐོགས་པ་དང་།
เล่ม ๔๖ · หน้า 127a
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་ཐར་པའི་གོས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཤིན་ཏུ་བཟང་བར་གྱོན་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་རྒྱན་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་
མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ལེགས་པར་བརྒྱན་པ། དེ་བཞིན་གཤེགས་པ་ཚུལ་ཁྲིམས་དྲི་ཞིམ་པོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྤོས་ཀྱིས་ལུས་ཤིན་ཏུ་བྱུགས་པ། དགའ་བའི་རྒྱན་དང་ཐབས་མཁས་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་
མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དེ། དེ་དག་གི་ཁམས་ནས་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་ཆོས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ངོ་། །དེ་དག་
གི་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་སྙིང་རྗེའི་རྗེས་སུ་འབྲང་བའི་ཙནྡན་གྱི་སྤོས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ངོ་། །སྤོས་རྒྱ་མཚོ་དེ་དག་གི་དྲི་ཞིམ་པོས་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་
ཁམས་རྒྱ་མཚོ་མང་པོ་ཡོངས་སུ་རྒྱས་པར་འགེངས་པ། དེ་དག་གི་དགའ་བའི་རྒྱན་དང་ཐབས་མཁས་པ་རྒྱ་མཚོས་འདུལ་བའི་སེམས་ཅན་རྒྱ་མཚོ་གང་ཇི་སྙེད་ཡོད་པས་དྲི་ཞིམ་པོ་རྒྱ་མཚོ་དེ་དག་ཚོར་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དྲི་ཞིམ་
པོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་པོ། །སེམས་ཅན་གང་དག་དགའ་བའི་རྒྱན་དང་ཐབས་མཁས་པ་རྒྱ་མཚོས་འདུལ་བ་དེ་དག་གི་གཟུགས་ཀྱི་ཡོན་ཏན་རྣམ་པར་ཕྱེ་བ་རྒྱ་མཚོ་དེ་དག་མཐོང་བ་དེ་དག་ཐམས་ཅད་དང་། དེ་བཞིན་གཤེགས་
པའི་ཤེས་རབ་དང་ཡེ་ཤེས་ཀྱི་སྐུ་རྣམ་པར་དག་པ་ཡོངས་སུ་སྟོན་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་པོ། །གང་གིས་དབྱངས་རྒྱ་མཚོ་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་། དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐོས་པ་ཡོངས་སུ་འཛིན་པ་
เล่ม ๔๖ · หน้า 127b
རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་བོ། །གང་གི་ལག་ནས་གཟུང་བ་དེ་དག་ཐམས་ཅད་ཀྱང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་བོ། །གང་གིས་མཐོང་ལ་
རེག་པ་དེ་དག་ཐམས་ཅད་ཉིད་བསོད་ནམས་ཡེ་ཤེས་སྣ་ཚོགས་ཀྱི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་བོ། །གང་དག་སྟན་གཅིག་ལ་ལྷན་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་སྙིང་པོ་བྱང་ཆུབ་ཀྱི་སེང་གེའི་ཁྲི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་
རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་རབ་ཏུ་གནས་པར་འགྱུར་རོ། །གང་གི་ཁ་དང་ཁར་ཕྲད་པར་བྱས་པ་དེ་དག་ཐམས་ཅད་ཀྱང་རྣམ་པར་ཐར་པའི་སྒོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་པའོ། །གང་གིས་པང་དུ་འཁྱུད་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་
གཤེགས་པའི་ཆོས་ཀྱི་སྐུ་མཉམ་པ་ཉིད་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་བོ། །གང་དང་ཆོས་ཀྱི་དབྱིངས་སུ་བརྟེན་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་མང་པོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་
ནི་སེམས་ཅན་གྱི་ཁམས་རྒྱ་མཚོ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་དག་པ་རྒྱ་མཚོ་ལ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་པ་དང་། ཡོངས་སུ་དག་པ་དང་ཡོངས་སུ་རྫོགས་
པར་གྱུར་པར་ས་བོན་རྒྱ་མཚོ་རབ་ཏུ་འབེབས་སོ་ཞེས་གསུངས་ཏེ་འདིར་ཆོས་ཀྱི་དབྱིངས་སུ་རྟེན་པར་གྱུར་པ་ཞེས་བྱ་བ་གཉིས་ཀྱིས་གཉིས་སྙོམས་པར་འཇུག་པ་སྟེ། གཙུག་ལག་གི་ཚིག་ཚོགས་པར་དབྱུང་བ་མ་ཡིན་པ་སྦས་པའི་ཕྱིར་གཞན་དུ་འགྱུར་བ་སྟེ། ས་བོན་ཞེས་བྱ་བ་ཡང་རང་
གི་རྫས་ཉིད་དེ་དེ་དང་འདྲའོ། །དེ་བས་ན་འདི་ལྟ་བུའི་བུད་མེད་དབང་དུ་བྱ་བར་འདོད་པ་ཙམ་ཡང་བསོད་ནམས་དང་ལྡན་ཏེ་སངས་རྒྱས་རྗེ་བཙུན་ཉིད་བུད་མེད་དུ་གྱུར་པས་ན། འཕགས་པ་དེ་ཁོ་ན་འདུས་པ་ལས་ཀྱང་། ཨེ་མ་ཧོ་གང་ཕྱིར་བྱང་ཆུབ་སེམས། །སེམས་ཅན་ཀུན་ལ་ཕན་བཞེད་པ། །
เล่ม ๔๖ · หน้า 128a
འདུལ་བའི་གང་གིས་དཔའ་བོ་གང་། །བུད་མེད་གཟུགས་སུ་མཛད་པར་གྱུར། །ཞེས་གསུངས་སོ། །གཞན་ཡང་ཐུགས་རྗེའི་དབང་གིས་གང་དག་བུད་མེད་ལ་ལྷག་པར་ཆགས་པས་ཚུལ་བཞིན་མ་ཡིན་པ་རབ་ཏུ་མང་པོ་ཡིད་ལ་བྱེད་ཅིང་། གཞན་གྱི་བུད་མེད་འཕྲོག་
པར་སེམས་ཤིང་སྦྱོར་བ་དག་གིས་དེ་རྒྱུན་བཅད་པས་ཉེས་པ་བསྲབ་པར་བྱ་བའི་ཕྱིར་དབང་དུ་བྱ་བ་གསུངས་ཏེ་དེ་ལྟར་ནི། གསང་སྔགས་རྒྱལ་པོ་མི་རྣམས་ཀྱིས་ཐོས་ནས། །སངས་རྒྱས་བྱེ་བ་དུ་མའི་བདེ་འཐོབ་ཅིང་། །ཁུ་བ་ཟག་ཅིང་སྲ་བ་ལ་རེག་དང་། །འཁོར་ལོར་བལྟ་ཞིང་ངེས་པར་རྟོགས་
བྱེད་ལ། ས་ལ་འགྱེལ་ཞིང་རྐང་པ་འཁྱལ་བ་དང་། །ཁུ་བ་འབྱུང་ཞིང་ཆགས་སྟོབས་ལྡན་གྱུར་པ། །མཛེས་པ་མཛེས་མ་རྣམས་ཀྱིས་འདི་གཟིགས་ལ། །ཀུ་རུ་ཀུལླེའི་གསང་སྔགས་འགྲོ་བ་རྣམས། །དབང་དུ་བྱེད་པའི་སྔགས་ཀྱིས་བསྒྲུབ་པ་དང་། །བྲིས་སྐུ་བྲི་བ་ཡི་ནི་དམ་ཚིག་རྣམས། །
མགོན་པོ་གཟུགས་བཟངས་ཀྱིས་ནི་བཤད་དུ་གསོལ། །ཞེས་གསུངས་ལ། ཡང་གཞན་ལས། གཞན་གྱི་ཆུང་མ་ཡིད་ལ་བཞག་ནས་སུ། །གང་ཞིག་དེ་ལ་འདོད་གདུངས་སྟེན་བྱེད་པ། །མི་ཤེས་ཡིད་ཀྱིས་གཞན་གྱི་ཆུང་མ་ལ། །འདོད་པ་དད་པས་སྡིག་པ་མང་དུ་འཐོབ། །
རྒྱལ་བ་ལ་དད་གཞན་ཕན་བརྩོན་པ་ཡིན། །ལྷ་ཀླུ་ལྷ་མིན་གནོད་སྦྱིན་དྲི་ཟ་དང་། །གྲུབ་པར་བཅས་པས་སྔགས་བཤད་གང་ཡིན་པ། །དེ་དག་རྒྱལ་བའི་ཉན་ཐོས་རང་སངས་རྒྱས། །དེ་བཞིན་གཤེགས་དང་བྱང་ཆུབ་སེམས་དཔའ་ཡིས། །མ་འོངས་སེམས་ཅན་མགོན་སྐྱབས་
མེད་རྣམས་ལ། །རབ་ཏུ་གཟིགས་ནས་བྱིན་གྱིས་བརླབ་པ་མཛད། །ཅེས་གསུངས་ཏེ། དེ་བས་ན་ལམ་འདི་བུད་མེད་དབང་དུ་བྱ་བའི་སྦྱོར་བ་སྟོན་པས་ན་སྤང་བར་བྱ་བ་ནི་རབ་ཏུ་ཡང་མ་ཡིན་ཏེ། འཕགས་པ་གསང་ཆེན་ཐབས་ལ་མཁས་པ་ལ་སོགས་པའི་གཞུང་ཡང་དོར་བར་
བྱ་བར་གྱུར་པས་སོ། །གཞན་ཡང་སྲིན་པོ་ལྟར་རབ་ཏུ་མི་སྡུག་པའི་སྐུ་འཛིན་པ་འདི་ནི་གདུལ་བྱ་ཞི་བས་རབ་ཏུ་མི་འདུལ་བ་དག་ལ་དེ་ཉིད་ཐབས་དམ་པ་སྟེ། དེ་བས་ན་འཕགས་པ་དེ་ཁོ་ན་འདུས་པ་ལས་ཀྱང་། ཨེ་མ་ཧོ་ཐབས་ཀྱིས་འདུལ་བ་ཡི། །ཐབས་ཆེན་ལྡན་པ་བདག་ཡིན་ཏེ། །
เล่ม ๔๖ · หน้า 128b
གང་ཕྱིར་སེམས་ཅན་འདུལ་ཐབས་བཞིན། །དྲི་མ་མེད་པའི་ཁྲོ་བོར་གྱུར། །ཞེས་གསུངས་ལ། འཕགས་པ་སྡོང་པོ་བཀོད་པ་ལས། ལྷ་ལྷ་ཆེན་པོའི་རྣམ་པར་ཐར་པ་བསྟན་པ་ལས་ཀྱང་རིགས་ཀྱི་བུ་གཞན་ཡང་ཁོ་བོ་ནི་སེམས་ཅན་འདོད་པའི་དགའ་བས་མྱོས་པ། ཡུལ་གྱི་ལོངས་
སྤྱོད་ལ་ཡོངས་སུ་ཆགས་པ་རྣམས་ལ་ཡུལ་དེ་དག་མི་སྡུག་པར་བྱིན་གྱིས་བརླབ་བོ། །ཁྲོ་བས་ནོན་པ་དང་། ང་རྒྱལ་ཅན་དང་། རྒྱགས་ཤིང་དྲེགས་པ་དང་། རློམ་པར་ཚར་བཅད་པས་འདུལ་བ་རྣམས་ལ་ནི་གཏུམ་ཞིང་སྲིན་པོ་ལྟར་མི་སྡུག་ལ་འཇིགས་པའི་ལུས་ཤ་ཟ་ཞིང་ཁྲག་འཐུང་
བའི་ཚུལ་དང་ལྡན་པར་བསྟན་ཏེ་རློམ་པ་དང་བསྙེམས་པས་འཁྲུག་པ་དེ་དག་ཐམས་ཅད་ཞི་བར་བྱེད་དོ། །ལེ་ལོ་ཅན་ལ་སོགས་པ་ལ་ལེ་ལོ་ཅན་བརྩོན་འགྲུས་བོར་བའི་སེམས་ཅན་རྣམས་ལ་ནི་མེ་དང་ཆུ་དང་རྒྱལ་པོ་དང་། རྐུན་པོ་དང་གནོད་པའི་འཇིགས་པ་ཡོངས་སུ་བསྟན་ཅིང་སྐྱོ་
བར་བྱས་ཏེ་བརྩོན་འགྲུས་རྩོམ་པ་ལ་འགོད་པར་བྱེད་དེ། དེ་ལྟར་ཐབས་དེ་དང་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕྱོགས་དང་མི་མཐུན་པ་རབ་ཏུ་གཞོམ་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་ཚོགས་བསགས་པ་དང་། སྒྲིབ་པའི་རིའི་གཡང་ས་ཐམས་ཅད་ལས་
ཡང་དག་པར་འདའ་བ་དང་། སྒྲིབ་པ་མེད་པའི་ཆོས་ལ་གཟུང་བའི་ཕྱིར་མི་དགེ་བ་ཐམས་ཅད་ལས་རྣམ་པར་བཟློག་སྟེ། དགེ་བ་ཐམས་ཅད་ཕུན་སུམ་ཚོགས་པ་ལ་ཡང་དག་པར་འགོད་པར་བྱེད་དོ་ཞེས་གསུངས་ལ། གཞན་ལས་ཀྱང་། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་
ཕན་པར་མི་འགྱུར་ཏེ། །རྡོ་རྗེ་ཅན་གྱིས་དེ་གཟིགས་ནས། །རང་ཉིད་དགྱེས་པའི་རྡོ་རྗེར་གྱུར། །ཅེས་གསུངས་ཏེ། དེ་བས་ཁྲོ་བོའི་སྐུ་ལ་ཡང་སྨད་པར་མི་བརྗོད་དོ། །དེ་བཞིན་དུ་གཞན་རབ་ཏུ་ཆགས་པར་བྱེད་པའི་སྐུ་ཡན་ལག་མེད་པའི་རྡོ་རྗེ་ལ་སོགས་པ་ལ་ཡང་སྨད་པར་མི་བྱ་སྟེ།
ཁ་ཅིག་སྐུ་ཡིད་དུ་འོང་བ་མ་ཡིན་པ་ཅི་ལ་ཡང་མི་འདུད་པ་དག་གི་ཕྱིར་དེ་ཉིད་དམ་པ་ཡིན་ཏེ། དེ་བས་ན། གང་ཞིག་རང་བཞིན་ཆགས་སྡང་དང་བྲལ་བ། །འདུལ་བའི་དོན་ཕྱིར་ཁྲོ་ལ་ཁྲོ་བ་དང་། །འདོད་ཆགས་ཅན་ལ་ཆགས་ཅན་ལྟར་སྟོན་པ། བྱང་ཆུབ་མཆོག་གནས་དེ་ལ་ཕྱག་
เล่ม ๔๖ · หน้า 129a
འཚལ་ལོ། །གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡིས། །འགྲོ་བ་ཀུན་དང་ཇི་ལྟར་མཐུན་པ་ཡི། །གསང་སྔགས་གཟུགས་ཀྱིས་རྗེས་སུ་ཆགས་མཛད་པ། །སྔགས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། དེའི་ཕྱིར་གསད་པའི་བྱ་བ་སྟོན་
པ་དང་། བུད་མེད་དབང་དུ་བྱ་བ་བརྗོད་པ་དང་། འཇིགས་པའི་སྐུ་འཛིན་པ་དང་། ཆགས་པར་བྱེད་པའི་སྐུ་འཛིན་པ་རྣམས་རིགས་པ་དང་ལུང་གིས་འཐད་པར་བྱས་ལ། རྒྱུད་ཀྱི་རྒྱལ་པོ་འདི་ལ་གུས་པར་འཇུག་པར་བྱ་ཞེས་འཇུག་པར་འདོད་པ་དེ་དག་གིས་ཀྱང་རྒྱུད་འདིའི་ཚུལ་ནི་འདི་
ལྟར་ཤེས་པར་བྱ་སྟེ། འདི་སྐད་བདག་གིས་ཞེས་བྱ་བ་ནས་ཐབས་ཅིག་གོ་ཞེས་བྱ་བའི་བར་གྱིས་ནི་གླེང་གཞི་བསྟན་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔས་བོས་ནས་ཞེས་བྱ་བ་དང་། ལེའུ་བཅོ་བརྒྱད་པ་བསྟི་
སྟང་དུ་བྱས་སོ་ཞེས་བྱ་བའི་བར་གྱིས་ནི་གླེང་བསླང་བ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཞེས་བྱ་བ་ནས། ལེའུ་བཅུ་བདུན་པ་རྫོགས་པའི་བར་གྱིས་ནི་རྒྱུད་དངོས་བསྟན་ཏོ། །གསང་བའི་བདག་པོ་རྡོ་རྗེའི་རིགས་ཁྱད་པར་ཅན་གྱིས་བདུད་
ཀྱི་སྡེ་ཞི་བར་བྱ་བའི་ཕྱིར་དེ་སྐད་ཅེས་གསུངས་སོ་ཞེས་བྱ་བས་ནི་རྒྱུད་འདི་སུས་བཤད་པ་དང་། ཅིའི་ཕྱིར་བཤད་པ་བསྟན་ཏོ། །དེ་ལ་འཇུག་པར་བྱ་བ་རྒྱུད་ཀྱི་དངོས་པོ་བསྟན་པའི་སྐབས་སུ་ཡང་ལེའུ་དང་པོས་ནི་སྒྲུབ་པ་པོའི་ལམ་མངོན་པར་རྟོགས་པ་བསྟན་ཏོ། །ལེའུ་གཉིས་པས་ནི་
བསྟོད་པ་དང་། ཡན་ལག་དྲུག་བྱིན་གྱིས་བརླབ་པ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དག་སྟོན་ཏོ། །ལེའུ་གསུམ་པ་ལས་ནི་དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་གདབ་པ་དང་བདུད་རྩི་མྱང་བ་དང་། ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་ལ་སོགས་པ་དང་། ལྷ་རྣམས་ཀྱི་གདན་ངེས་པ་དང་།
ལས་བཞི་ལྷའི་རྣལ་འབྱོར་དང་། ལས་ཀྱི་སྦྱོར་བ་རྣམས་བསྟན་ཏོ། །ལེའུ་བཞི་པ་དང་ལྔ་པས་ནི་འཁྲུལ་འཁོར་གྱི་བྱ་བ་བསྟན་ཏོ། །ལེའུ་དྲུག་པ་ལས་ནི་ཕྱག་རྒྱ་ངེས་པ་དང་། དམ་ཚིག་དང་། དབང་དང་། གཏོར་མ་དང་། འཁྲུལ་འཁོར་གྱི་བྱ་བ་བསྟན་ཏོ། །ལེའུ་བདུན་པ་
เล่ม ๔๖ · หน้า 129b
ལས་ནི་ལྷ་མོ་བཞིའི་ལས་ཀྱི་བྱེ་བྲག་དང་དབང་བསྐུར་བ་བསྟན་ཏོ། །ལེའུ་བརྒྱད་པ་ལས་ནི་བཀའི་སྲུང་བའི་འཁོར་ལོ་དང་། སློབ་མ་གཞུག་པ་དང་། སྟོང་པ་ཉིད་དུ་བྱིན་གྱིས་བརླབ་པ་དང་། མཆོད་པ་བྱིན་གྱིས་བརླབ་པ་དང་། འབྲས་བུའི་སྐུ་བྱིན་གྱིས་བརླབ་པ་དང་སྦྱིན་སྲེག་གི་བྱ་བ་
བསྟན་ཏོ། །ལེའུ་དགུ་པ་ལས་ནི་ཆར་དབབ་པ་ལ་སོགས་པའི་ལས་ཀྱི་ཚོགས་བསྟན་ཏོ། །ལེའུ་བཅུ་པ་ལས་ནི་རོ་ལངས་ཀྱི་སྦྱོར་བ་དང་། བུ་མོ་དགུག་པ་དང་། སྒོ་སྐྱོང་གི་ངེས་པ་དང་། གསང་བའི་དཀྱིལ་འཁོར་དབྱུང་བའི་ཏིང་ངེ་འཛིན་དང་སྒོ་སྐྱོང་དང་། ལྷ་མོ་རྣམས་ཀྱི་གདན་ངེས་པར་
བསྟན་ཏོ། །ལེའུ་བཅུ་གཅིག་པ་ལས་ནི་ལྷའི་དེ་ཁོ་ན་ཉིད་དང་། གསང་བའི་དཀྱིལ་འཁོར་བསྐྱེད་པའི་བྱ་བ་དང་། སྤྱོད་པ་དང་། ཕྱག་རྒྱའི་སྒྲུབ་ཐབས་དང་། གཤིན་རྗེའི་དགྲ་བེ་ཅོན་གྱི་སྒྲུབ་པའི་ཐབས་དང་། དམ་ཚིག་གི་རྫས་དང་། བྱུག་པའི་བྱ་བ་དང་བདུད་རྩི་བསྟེན་པ་རྣམས་
བསྟན་ཏོ། །ལེའུ་བཅུ་གཉིས་པ་ལས་ནི། བསྟོད་པའི་གླུ་དང་། བཟླས་པའི་ཚུལ་དང་། བགྲང་ཕྲེང་དང་། གདོན་ཚར་གཅད་པ་དང་། བཟླས་པའི་ཚད་དང་། གཏོར་མའི་བྱ་བ་དང་། ལྷ་བཤོས་དབུལ་བ་དང་། ཡོན་དབུལ་བའི་བྱ་བ་རྣམས་བསྟན་ཏོ། །ལེའུ་བཅུ་
གསུམ་པ་ལས་ནི་རྡོ་རྗེ་མཁའ་འགྲོ་མའི་སྒྲུབ་ཐབས་དང་། རྡོ་རྗེ་ས་འོག་གི་སྒྲུབ་པའི་ཐབས་དང་། །རྡོ་རྗེ་རྟ་མགྲིན་གྱི་སྒྲུབ་པའི་ཐབས་རྣམས་བསྟན་ཏོ། །ལེའུ་བཅུ་བཞི་པ་ལས་ནི། །ཐིག་གི་བྱ་བ་ངེས་པ་དང་། སློབ་མ་གཞུག་པ་དང་། ཡང་ཐིག་གི་བྱ་བ་དང་། གསོལ་བ་
གདབ་པ་དང་། སའི་བྱ་བ་དང་། སའི་ཆ་ལ་ཐིག་གི་ཆ་དབྱེ་བ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། རྡུལ་ཚོན་དགྱེ་བ་དང་། དགང་གཟར་དང་། བླུགས་གཟར་གྱི་ཚད་དང་། རྒྱུད་ཀྱི་ཆེ་བ་དང་། དབབ་པའི་བྱ་བ་དང་། ལྡེར་སོ་དང་། རི་མོའི་བྱ་བ་དང་། རལ་པ་གཅིག་མའི་
སྒྲུབ་པའི་ཐབས་དང་། པུཀྐ་སཱིའི་སྒྲུབ་པའི་ཐབས་དང་། འཇམ་པའི་རྡོ་རྗེའི་སྒྲུབ་པའི་ཐབས་རྣམས་བསྟན་ཏོ། །ལེའུ་བཅོ་ལྔ་པ་ལས་ནི་འཕགས་མ་དུག་སེལ་གྱི་སྒྲུབ་པའི་ཐབས་དང་། ཀུ་རུ་ཀུལླིའི་སྒྲུབ་ཐབས་དང་། རྡོ་རྗེ་ཡན་ལག་མེད་པའི་སྒྲུབ་པའི་ཐབས་རྣམས་བསྟན་
เล่ม ๔๖ · หน้า 130a
ཏོ། །ལེའུ་བཅུ་དྲུག་པ་ལས་ནི་དཔལ་ཁྲག་འཐུང་གི་སྒྲུབ་པའི་ཐབས་འབའ་ཞིག་བསྟན་ཏོ། །ལེའུ་བཅུ་བདུན་པ་ལས་ནི་བདག་པོ་བསྒོམ་པ་དང་། དཀྱིལ་འཁོར་པ་ལྷག་མ་བསྒོམ་པ་དང་། བདག་པོ་བསླང་བའི་གླུ་དང་། ལྡང་བའི་ཚུལ་དང་། རྣལ་འབྱོར་བསྡུ་བ་བསྟན་པ་དང་།
དམ་ཚིག་གི་ཚུལ་དང་། རྒྱུད་ཀྱི་ཆེ་བ་བསྟན་པ་དང་། དོན་དམ་པའི་བདེན་པ་རྫོགས་པའི་རིམ་པ་རྣམས་བསྟན་ཏེ་འདི་ནི་བསྡུས་པའི་དོན་ཏོ། །དེ་དག་ཀྱང་ཐམས་ཅད་དུ་འགྲོ་བ་དམ་ཚིག་གི་བྱ་བ་དང་། དམ་ཚིག་ལ་བརྟེན་པ་དབང་བསྐུར་བའི་བྱ་བ་དང་། དབང་ཐོབ་པ་བསྙེན་པ་བྱ་བའི་ཕྱིར་བསྙེན་པའི་བྱ་བ་དང་། བསྙེན་པ་ཉེ་བར་སྒྲུབ་པའི་བྱ་
བ་དང་། སྒྲུབ་པ་བསྒྲུབས་པས་འབྲས་བུ་ལ་གནས་པ་ཡིན་པས་འབྲས་བུའི་ཚུལ་དང་། འབྲས་བུ་ཐོབ་པ་གཞན་གྱི་དོན་བྱེད་པ་ཡིན་པས་ལས་ཀྱི་སྤྲོས་པ་སྟེ། གང་ཟག་མཆོག་གི་དབང་དུ་ནི་དྲུག་པོ་འདིར་ངེས་ལ་དམན་པ་དག་ལ་ནི་དམ་ཚིག་དང་དབང་དང་། བསྙེན་པ་དང་ལས་ཀྱི་སྤྲོས་པ་སྟེ་བཞིར་
ངེས་པ་ནི་དེས་དངོས་གྲུབ་མཆོག་བསྒྲུབ་པར་མི་ནུས་པས་སོ། །གཞན་ཡང་རྒྱུད་ཀྱི་རྒྱལ་པོ་འདི་ནི་རབ་ཏུ་འཁྲུགས་པ་སྟེ། དེའི་ཕྱིར་བླ་མའི་གདམས་ངག་གིས་བསྙེན་པའི་བྱ་བ་ལ་སོགས་པ་རེ་རེ་ལ་ཅི་རིགས་སུ་འབྲེལ་པར་བྱ་སྟེ། དེ་ཡང་དང་པོ་ནི་དམ་ཚིག་བྱ་བ་སྟོན་པ་རྣམས་གཅིག་ཏུ་
བསྲེའོ། །དེ་ནས་ནི་དབང་བསྐུར་བའི་བྱ་བ་སྟོན་པ་རྣམས་སོ། །དེ་ནས་ནི་བསྙེན་པ་དང་སྒྲུབ་པའི་བྱ་བ་སྟོན་པ་རྣམས་སོ། །དེ་ནས་ནི་འབྲས་བུའི་བྱ་བ་སྟོན་པ་རྣམས་སོ། །དེ་ནས་ནི་ལས་རབ་འབྱམས་རྣམས་སོ། །དེ་ལྟར་བསྡུས་པའི་དོན་ཀུན་བསྟན་ནས་ད་ནི་གཞུང་དབྱེ་བར་བྱ་བའི་ཕྱིར་འཇུག་
སྟེ། ཨེ་ཝཾ་ཞེས་བྱ་བ་ལ་ཨེ་ནི་རྩོལ་བ་དང་བྲལ་བར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྤྲོས་པ་མེད་པའམ་རང་གི་ཡུལ་ཇི་ལྟ་བར་བྱེ་བྲག་འབྱེད་ཅིང་འཚལ་བའོ། །དེ་ལྟར་ཡང་། སྣང་བ་མེད་དང་བྱེ་བྲག་ལ། །ཤེས་རབ་ཡང་དག་རབ་ཏུ་འཇུག །ཅེས་གསུངས་སོ། །དེ་ཡང་ཤིན་ཏུ་སྟོང་པ་
མ་ཡིན་ཏེ། སྙིང་རྗེའི་སྙིང་པོ་ཅན་དུ་སྟོན་པ་ནི་ཡི་གེ་ཝཾ་སྟེ། མཆོག་གི་ཐབས་ཀྱིས་འགྲོ་བ་ཡང་མི་འདོར་ལ། བདག་གི་བདེ་བ་ཡང་མི་གཏོང་བས་སོ། །དེ་བས་ན་ཡི་གེ་ཨེ་ནི་ཤེས་རབ་བཟང་པོ་ཡིན་ལ། ཡི་གེ་ཝཾ་ནི་ཐབས་དམ་པ་སྟེ། ཡི་གེ་ཨེ་འདྲ་མཛེས་གང་གིས། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །ཞེས་གསུངས་
เล่ม ๔๖ · หน้า 130b
ལ། དེ་ཉིད་སངས་རྒྱས་བདེ་བ་ཆེན་པོ་རྣམས་ཀྱི་གནས་ཡིན་པས་ན། སངས་རྒྱས་རིན་ཆེན་ཟ་མ་ཏོག །བདེ་བ་མ་ལུས་པ་ཡི་གཞི། །ཞེས་གསུངས་སོ། །ཤེས་རབ་དང་ཐབས་དེ་ཉིད་བདེ་བ་ཆེན་པོ་ཡིན་པའི་ཕྱིར་ཡི་གེ་མ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པ་འགྲོ་བའི་དོན་གང་
དང་གང་ཡིན་པ་བྱེད་པ་ནི་ཡི་གེ་ཡའོ། །དེས་འགྲོ་བ་རྣམས་ཀྱི་ཟག་པ་ཟད་པར་བྱེད་པ་ནི་ཤྲུ་ཏིའི་ཡི་གེ་སྟེ། ཟག་པ་ཟད་ནས་དེ་ཁོ་ན་ཉིད་ལ་དགོད་པ་ཡང་ཡི་གེ་ཏའོ། །དེ་བས་ན་དུས་གཅིག་ན་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པས་བདེ་བ་ཆེན་པོས་འགྲོ་བའི་དོན་མཛད་པའི་དུས་
གཅིག་ནའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ཨེ་ཝཾ་མ་ཡཱ་སྟེ་སྔར་བསྟན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱང་མི་ཕྱེད་པས་ཨེ་ཝཾ་མ་ཡཱ་ཡིན་པས་ན་རྡོ་རྗེ་སྟེ། མི་ཕྱེད་རྡོ་རྗེ་ཞེས་
བརྗོད་དེ། །ཞེས་གསུངས་པས་སོ། །དེ་ཉིད་སངས་རྒྱས་བསྐྱེད་པའི་ཕྱིར་བཙུན་མོ་སྟེ། གཞན་དོན་ལ་དགའི་བདག་ཉིད་ཅན། །དཔའ་བོ་དང་ནི་ཀུན་གྱི་ཡང་། །གསོ་མཛད་སྐྱེད་པར་མཛད་མ་སྟེ། །བྱམས་པ་ཡི་ནི་ཡུམ་ལགས་སོ། །ཞེས་བསྟན་པས་སོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་དེ་ཉིད་བྷ་ག་སྟེ་ཉོན་མོངས་པའི་བདུད་འཇོམས་པས། བྷ་ག་འཇོམས་པར་བྱེད་པར་གསུངས། །ཤེས་རབ་ཉོན་མོངས་འཇོམས་པས་ཀྱང་། །དེ་ཕྱིར་ཤེས་རབ་བྷ་གར་གསུངས། །ཞེས་བསྟན་པས་སོ། །བཞུགས་ཏེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གཤིན་རྗེའི་དགྲ་དེ་
བཞིན་གཤེགས་པ་རྣམས་དབྱེར་མེད་པར་གནས་པ་སྟེ། འཕགས་མ་ཡོན་ཏན་ཕྱུག་ཁྱོད་དང་། །སངས་རྒྱས་འགྲོ་བའི་བླ་མ་དག །ཁྱད་པར་ཡོད་པར་མ་མཐོང་སྟེ། །ཟླ་བ་དང་ནི་ཟླ་ལྡན་བཞིན། །ཞེས་བསྟན་པས་སོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ནས། དེའི་བྱིན་གྱི་རླབས་
ཀྱིས་སྣང་བ་སངས་རྒྱས་དང་ཆོས་དང་དགེ་འདུན་ནི་གཤིན་རྗེའི་དགྲ་གཏི་མུག་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་དོན་ནི་འཆད་པར་བྱེད་པ་དང་འདྲའོ། །རྒྱུད་ཀྱི་གླེང་གཞི་སྐུ་གཉིས་ཀྱི་དབང་དུ་བྱས་པའོ། །ད་ནི་བཤད་པ་གཞན་བརྗོད་དོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་
เล่ม ๔๖ · หน้า 131a
ཞེས་བྱ་བ་ནི་ཡང་དག་པར་སྡུད་པ་པོ་ཕུན་སུམ་ཚོགས་པར་བསྟན་ཏེ། འདི་ལྟར་འདི་སྐད་ཅེས་བྱ་བ་ནི་དྲིས་པའི་ལན་ཏེ། སངས་རྒྱས་ཀྱི་གསུང་རབ་ཡང་དག་པར་སྡུད་པ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཁྱོད་ཀྱིས་བཅོམ་ལྡན་འདས་ལ་ཇི་ལྟར་ཐོས་པ་ལྟར་སྨྲས་ཤིག་ཅེས་དྲིས་པ་དང་།
ཕྱག་ན་རྡོ་རྗེས་བདག་གིས་ནི་འདི་སྐད་ཐོས་སོ་ཞེས་འཆད་པར་བྱེད་པ་རྣམས་ལ་བསམས་ཏེ་བསྙད་པས་སོ། །བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་ཀྱིས་གཞན་དུ་བརྒྱུད་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐོས་པ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་བཟུང་བ་སྟེ་མངོན་དུ་ནི་མ་བྱས་ཞེས་བྱ་བའོ། །
དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་ན་འདི་ཐོས་ལ་དུས་གཞན་དུ་ནི་གཞན་ཐོས་ཞེས་བདག་ཉིད་མང་དུ་ཐོས་པར་ཁས་བླངས་པའོ། །དེ་ལྟར་ན་གཞན་གྱིས་ཞུ་བར་བྱ་བའི་འོས་ཡིན་པ་དང་། མངོན་སུམ་གྱི་སློབ་མའི་ཕྱིར་དང་། ཐོས་པ་ཙམ་ཁས་ལེན་པས་ང་རྒྱལ་བཅོམ་པ་དང་། མང་དུ་ཐོས་པ་དག་གིས་སྡུད་པ་པོ་བཟང་པོ་བརྗོད་
པའོ། །དུས་གཅིག་ན་ཞེས་བྱ་བས་ནི་བསྟན་པ་རྙེད་པར་དཀའ་བ་ཉིད་ཀྱང་བསྟན་ཏེ། དུས་གཅིག་ན་འདི་ཐོས་ཀྱི་ཡང་དང་ཡང་དུ་ཐོས་པར་མ་གྱུར་ཏོ་ཞེས་བསམས་པ་སྟེ་འདིས་ནི་ཤིན་ཏུ་ཡང་རྙེད་པར་དཀའ་བས་བསྟན་པ་ཕུན་སུམ་ཚོགས་པ་ཉིད་བསྟན་ཏོ། །ཡང་དུས་གཅིག་ན་འདི་འབྱུང་བའི་དུས་ཏེ་མཆོག་ཉིད་ཀྱི་ཕྱིར་དུས་
གཅིག་ན་ཞེས་བྱ་བ་དུས་ཕུན་སུམ་ཚོགས་པ་ཡང་བསྟན་ཏེ་སུ་ཞིག་ལས་ཐོས་ཤེ་ན། བཅོམ་ལྡན་འདས་ཞེས་སྨོས་ཏེ། བདུད་རྣམ་པ་བཞི་བཅོམ་པའི་སྟོན་པ་ལས་འདི་སྐད་ཐོས་སོ་ཞེས་པའོ། །ཡང་ན་ཡོན་ཏན་མཐའ་ཡས་པའི་སྟོན་པ་ལས་འདི་སྐད་ཐོས་ཏེ། ཇི་སྐད་དུ། ཡོན་ཏན་ལྡན་པའི་སངས་རྒྱས་ནི། །བཅོམ་
ལྡན་འདས་ཞེས་བཤད་པ་སྟེ། །ཡོན་ཏན་དྲུག་དང་ལྡན་གསུངས་པ། །དབང་སོགས་ཡོན་ཏན་ཐམས་ཅད་དོ། །ཞེས་གསུངས་སོ། །འདིས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །གང་དུ་ཐོས་ཤེ་ན་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་ཞེས་གསུངས་ཏེ།
སེམས་ཅན་གྱི་དོན་ལ་ཇི་ལྟར་འདུལ་བ་དེ་བཞིན་གཤེགས་པའི་སྐུ་གཉིས་ནི་འདིར་དེ་བཞིན་གཤེགས་པའོ། །དེ་རྣམས་ཐམས་ཅད་མཚུངས་པར་བྷ་ག་ལ་གནས་པ་ཐམས་ཅད་ཀྱི་ཞེས་བྱ་བ་སྟེ་འགའ་ཞིག་ནི་མ་ཡིན་ནོ། །དེ་ནས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་འདོད་ཆགས་ཅན་རྣམས་རྗེས་སུ་གཟུང་
เล่ม ๔๖ · หน้า 131b
བའི་ཕྱིར་བུད་མེད་ཀྱི་གཟུགས་སུ་གྱུར་པས་ན་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོ་ཞེས་བྱ་བའོ། །བྷ་གར་ཞེས་བྱ་བ་ནི་རྡོ་རྗེ་བཙུན་མོའི་བྷ་ག་ལྟར་གནས་པའི་གཞི་སྟེ་ཇི་ལྟར་བཙུན་མོའི་བྷ་ག་ཞེས་བྱ་བ་ལ། གསང་བའི་དཀྱིལ་འཁོར་བཞུགས་པ་ལྟར་ཆོས་འབྱུང་བའི་ཕྱག་རྒྱ་གྲུ་གསུམ་སྤྱི་འགྲེང་དུ་གནས་པ་ཁ་དོག་
དཀར་པོ་ནམ་མཁའ་ཁྱབ་པ་དེའི་དབུས་ན་བཅོམ་ལྡན་འདས་འཁོར་དང་བཅས་པ་བཞུགས་ཞེས་པའོ། །དེ་ཡང་དེའི་དབུས་ན་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཁང་པ་བརྩེགས་མ་དེ་ལ་བཞུགས་པ་སྟེ་དེའི་ཕྱིར་བྷ་ག་ལ་བཞུགས་ཞེས་པ་ནི་བྷ་གའི་དབུས་ཀྱི་ཁང་པ་བརྩེགས་མ་ན་བཞུགས་པར་དགོངས་པའོ། །
འདི་སྐད་དུ་བྷ་གའི་དཔེས་བསྟན་པ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་ནང་དུ་འབྱུང་བའི་གཞལ་ཡས་ཁང་དུ་བཞུགས་པ་ལ་ཐོས་ཞེས་པ་སྟེ། འདིས་ནི་གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །བཞུགས་ཏེ་ཞེས་བྱ་བ་ནི་སྤྱོད་ལམ་གསུམ་གྱིས་བཞུགས་པའམ། སྐུ་གསུམ་གྱིས་བཞུགས་པའོ། །ཇི་ལྟ་བུའི་
འཁོར་དང་ཞེ་ན། གཤིན་རྗེའི་སྒྲ་གཏི་མུག་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་དང་དངོས་པོ་མེད་པ་ལ་མྱ་ངན་ལས་འདས་པར་འཛིན་པ་ནི་ཉེ་བར་གནོད་པས་ན་གཤིན་རྗེ་སྟེ་ལྟ་བ་དེ་གང་གིས་འཇོམས་པ་དེ་ནི་དགྲའོ། །ཆོས་རྣམས་ཀྱི་དངོས་པོ་ལ་ལོག་པར་མི་ཤེས་པ་ནི་གཏི་མུག་སྟེ། དེ་ཉིད་མེ་ལོང་ལྟ་
བུའི་ཡེ་ཤེས་ཀྱི་ཕྱིར་དངོས་པོ་དང་དངོས་པོ་མེད་པའི་ལྟ་བ་འཇིགས་པས་རྡོ་རྗེའོ། །དེ་དང་ཐབས་ཅིག་གོ་ཞེས་བྱ་བར་སྦྱར་ཏེ་དེ་བཞིན་དུ་འཆད་པར་འགྱུར་བ་གཞན་ལ་ཡང་ངོ་། །མི་མཐུན་པའི་མྱ་ངན་ལས་འདས་པ་ནི་གཤིན་རྗེ་སྟེ་དེ་མཐར་བྱེད་པ་ཉིད་དགྲའོ། །གང་དག་གི་བྱ་བ་ལ་སེམས་ཅན་ཐམས་ཅད་ཡོངས་སུ་
མི་གཏོང་བར་ཀུན་དུ་འཛིན་པ་ནི་སེར་སྣ་སྟེ། དེ་ཡང་སྙིང་བརྩེ་བ་མེད་པར་འཇོམས་པ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཐམས་ཅད་བདག་གིར་བྱེད་པས་རྡོ་རྗེའོ། །གླེགས་བམ་ལ་ལ་ལས་གཤིན་རྗེའི་སྒྲ་ཕྲ་མ་རྡོ་རྗེ་དང་ཞེས་འདོན་ཏེ། དེར་ནི་འདི་ལྟར་བཤད་དེ་གང་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་སུན་འབྱིན་པ་སྨྲ་བའི་
ལུང་དང་རིགས་པ་སྨྲ་བ་ནི་ཕྲ་མ་ཞེས་བྱ་བ་ལ་དེ་དག་སུན་ཕྱུང་ནས་རང་གི་གྲུབ་པའི་མཐའ་ལས་བྱུང་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་འཇོག་ཅིང་སྡེ་པ་ངན་པ་འཇོམས་པས་ན་རྡོ་རྗེའོ། །མི་མཐུན་པའི་མྱ་ངན་ལས་འདས་པ་ནི་གཤིན་རྗེ་སྟེ་དེ་འཇོམས་པས་ན་དེ་ཉིད་དགྲ་ཞེས་བྱའོ། །སེམས་ཅན་གྱི་དོན་ལ་ཆགས་པ་ནི་འདོད་
เล่ม ๔๖ · หน้า 132a
ཆགས་ཏེ་དེ་ཡང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ཐ་མལ་པའི་དངོས་པོ་ལས་གྲོལ་ཞིང་ཐ་མལ་པའི་རྟོག་པ་འཇིག་པས་རྡོ་རྗེའོ། །ཤིན་ཏུ་ཞི་བ་ལ་ཆགས་པའི་མྱ་ངན་ལས་འདས་པ་ནི་གཤིན་རྗེ་སྟེ་དེ་མཐར་བྱེད་པས་ན་དགྲ་ཞེས་པའོ། །བདག་གི་བདེ་བ་དོན་དུ་གཉེར་བ་ལ་འཁྲུལ་ཞིང་གཞན་གྱི་
དོན་ལ་སྲེད་པ་ནི་ཕྲག་དོག་སྟོང་ཉིད་བྱ་བསྒྲུབ་པའི་ཡེ་ཤེས་སོ། །དེ་ཡང་རང་གི་དོན་ལ་གཞོལ་བ་འཇིགས་པས་ན་རྡོ་རྗེའོ། །གཟུང་བ་དང་འཛིན་པ་ལ་སོགས་པ་ལ་སྡང་བས་ན་ཞེ་སྡང་སྟེ་དེ་ཡང་དངོས་པོར་འཛིན་པ་འཇིག་པས་ན་རྡོ་རྗེ་ཞེས་སྨོས་པའོ། །སྙིང་རྗེ་སྤངས་པའི་མྱ་ངན་ལས་འདས་པ་ནི་གཤིན་རྗེ་སྟེ་དེ་དབྱིས་འབྱིན་
པའི་ཕྱིར་ཞེ་སྡང་རྡོ་རྗེའི་བདག་ཉིད་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ཉིད་ལ་དགྲ་ཞེས་གསུངས་པའོ། །ཕུང་པོའི་བདུད་ནི་གཤིན་རྗེ་སྟེ་དེ་འཇོམས་པས་དེ་ནི་དགྲའོ། །དེ་ཡང་འཇིག་ཚོགས་ལ་ལྟ་བ་དང་ཤེས་བྱའི་སྒྲིབ་པ་འཇོམས་པའི་ཕྱིར་ཐོ་བ་འཛིན་པས་ན་ཐོ་བ་སྟེ་མི་ཕྱེད་པས་ན་རྡོ་རྗེ་ཡང་དེ་ཉིད་
དོ། །མཐར་འཛིན་པའི་ལྟ་བ་དང་ཉོན་མོངས་པའི་སྒྲིབ་པ་འཇོམས་པའི་ཕྱིར་བེ་ཅོན་འཛིན་པས་ན་བེ་ཅོན་ཏེ་དེ་ཉིད་གཞན་གྱིས་མི་ཤིགས་པས་ན་རྡོ་རྗེའོ། །ཉོན་མོངས་པའི་བདུད་ནི་གཤིན་རྗེའོ། །དེ་འཇོམས་པ་ཉིད་དགྲ་ཞེས་བྱའོ། །ལོག་པར་ལྟ་བ་དང་སྐྱེ་བའི་སྒྲིབ་པས་མ་གོས་པར་ཆོས་སྟོན་པས་ན་པདྨ་སྟེ་དེ་ཉིད་མི་ཤིགས་པས་
རྡོ་རྗེའོ། །འཆི་བདག་གི་བདུད་ནི་གཤིན་རྗེ་སྟེ་དེ་འཇོམས་པས་དེ་ཉིད་དགྲ་ཞེས་སོ། །ལྟ་བ་མཆོག་ཏུ་འཛིན་པ་དང་ལས་ཀྱི་སྒྲིབ་པ་གཅོད་པའི་ཕྱིར་རལ་གྲི་སྟེ་དེ་ཡང་མི་ཆོམས་པས་རྡོ་རྗེའོ། །ལྷའི་བུའི་བདུད་ནི་གཤིན་རྗེ་སྟེ་དེ་མཐར་བྱེད་པ་ནི་དགྲ་ཞེས་གསུངས་སོ། །མི་མཐུན་པའི་ཕྱོགས་ཀྱིས་མི་ཤིགས་པའི་ཕྱིར་བྱམས་པ་ཆེན་
པོ་ནི་རྡོ་རྗེའོ། །དེ་ཉིད་གདུལ་བྱ་མ་ལུས་པ་ལ་སྐུ་མཐའ་ཡས་པར་འཕྲོ་བས་ན་འཕྲོ་བྱེད་མའོ། །གླེགས་བམ་ལ་ལ་ལས་ནི་རྡོ་རྗེ་སེམས་མ་དང་ཞེས་འདོན་ཏེ་དེར་ནི་གདུལ་བྱའི་དོན་ལ་ཐོགས་པ་མེད་པར་སེམས་པའི་ཕྱིར་རྡོ་རྗེ་སེམས་མ་དང་ཞེས་བྱའོ། །དེ་ནི་གཏི་མུག་བདག་ཉིད་བཅོམ་ལྡན་འདས་ཉིད་དེར་སྣང་བའོ། །མི་ཕྱེད་པའི་ཡེ་
ཤེས་ནི་རྡོ་རྗེ་སྟེ་དེ་ཉིད་རྣམ་པར་དག་པའི་ཡེ་ཤེས་སུ་སྐྱེས་པས་ན་ཕག་མོའོ། །དེ་ཡང་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་དེར་སྣང་བའོ། །མི་ཕྱེད་པའི་ཡེ་ཤེས་ནི་རྡོ་རྗེ་སྟེ་དེ་ཡང་གདུལ་བྱ་རྣམས་ཀྱི་མོས་པ་དང་འཚམ་པར་ཆོས་ཀྱི་དབྱངས་བརྗོད་པས་ན་དབྱངས་ཅན་མའོ། །དེ་ཡང་བཅོམ་ལྡན་འདས་འདོད་ཆགས་ཀྱི་བདག་ཉིད་དེ་དེ་ལྟར་
เล่ม ๔๖ · หน้า 132b
སྣང་བའོ། །མི་ཤིགས་པའི་ཡེ་ཤེས་ནི་རྡོ་རྗེ་སྟེ་དེ་ཡང་སེམས་ཅན་གྱི་དོན་དུ་མགོ་ལ་སོགས་པའི་དབང་པོ་དྷ་རི་བས་ནི་གཽ་རཱིའོ། །དེ་ཡང་བཅོམ་ལྡན་འདས་ཕྲག་དོག་གཤིན་རྗེ་གཤེད་དགྲ་ཉིད་དེར་སྣང་བའོ། །གླེགས་བམ་ལ་ལ་ལས་ནི་རྡོ་རྗེ་རལ་གྲི་མ་དང་ཞེས་འདོན་ཏེ་དེར་ནི་རྒྱལ་བ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དགྲ་གཅོད་
པའི་གསང་བའི་རལ་གྲི་འཛིན་པས་ན་རལ་གྲི་མ་སྟེ་སྐུ་གསུང་ཐུགས་གསང་བའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ན་དཀྱིལ་འཁོར་གྱི་ལྷ་དང་། ཆོས་ཉན་པའི་ལྷ་དང་། རྗེས་སུ་མཐུན་པའི་ལྷ་ཞེས་བྱ་བ་རྣམ་པ་གསུམ་ལས། དཀྱིལ་འཁོར་གྱི་ལྷ་རྣམས་ཉིད་ཆོས་ཉན་པའི་ལྷར་བསྟན་ནས་ཆོས་ཉན་པའི་ལྷ་གཞན་ལ་
སོགས་པ་འཁོར་ལྷག་མ་འདུས་པར་བསྟན་པའི་ཕྱིར་དེ་དག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པའི་ལྷ་བཅུ་གསུམ་ནི་གཙོ་བོ་ཙམ་བརྗོད་པ་སྟེ་གཙོ་བོ་དེ་དག་ལ་སོགས་པ་མཐའ་ཡས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་རྣམས་ཀྱང་ཆོས་ཉན་པའི་ཕྱིར་འདུས་སོ་ཞེས་བྱ་བའི་
ཐ་ཚིག་གོ། །དེ་དག་དེའི་ཚེ་ཚུལ་ཇི་ལྟར་གནས་ཤེ་ན། དེའི་ཕྱིར་ན་གཤིན་རྗེའི་དགྲ་ཆེན་པོའི་དགེ་འདུན་རྣམས་དང་ཞེས་གསུངས་ཏེ། ཁ་ཅིག་ནི་འདོད་ཆགས་གཤིན་རྗེའི་དགྲའི་གཟུགས་ཅན་ཞེས་བྱ་བ་ནས། དེ་བཞིན་དུ་ཁ་ཅིག་ནི་ཕྲག་དོག་གཤིན་རྗེའི་དགྲའི་གཟུགས་ཅན་ཞེས་བྱ་བའི་བར་གྱིས་ཐམས་ཅད་ཀྱང་
གཤིན་རྗེའི་དགྲའི་གཟུགས་དང་མི་ལྡན་པ་མེད་དོ་ཞེས་བྱ་བའོ། །དེ་དག་ཀྱང་མི་ཕྱེད་པའམ་གཤིན་རྗེ་ཡང་དག་པར་འཇོམས་པའི་ཕྱིར་དགེ་འདུན་རྣམས་དང་ཞེས་སྨོས་སོ། །ཐབས་ཅིག་གོ་ཞེས་བྱ་བ་ནི་བཙུན་མོའི་བྷ་ག་ལ་གནས་པར་ལྷན་ཅིག་པའོ་ཞེས་པའོ། །འདིས་ནི་འཁོར་ཕུན་སུམ་ཚོགས་པའོ། །དེ་ལྟར་ན་སྔར་
གྲྭར་ཏེ་ཞེས་བྱ་བའི་ཚིག་བྱུང་བ་གང་ཡིན་པ་ཡང་ཆོས་ཉན་པའི་ལྷ་ཕལ་པ་སྟེ། གྲྭ་བཞི་ན་གཤིན་རྗེ་གཤེད་མཚམས་སུ་སྲུང་བ་བཞི་གནས་ཏེ། དེ་དག་ནི་ཐོད་པ་གཤིན་རྗེའི་དགྲ་བཞིའོ་ཞེས་སློབ་དཔོན་ལ་ལས་འཆད་དེ་དེ་ནི་རིགས་པ་མ་ཡིན་ཏེ། དེ་ལྟ་ན་དཀྱིལ་འཁོར་གྱི་ལྷ་བཅུ་བདུན་དུ་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན།
དེར་ནི་དཀྱིལ་འཁོར་གྱི་ལྷ་འབའ་ཞིག་སྨོས་པའི་ཕྱིར་དང་། དཀྱིལ་འཁོར་གྱི་ལྷ་བཅུ་གསུམ་ལས་མེད་པར་སློབ་དཔོན་རྒན་པོ་རྣམས་ཀྱིས་བཤད་པའི་ཕྱིར་རོ། །གང་ཡང་། གྲྭ་བཞི་ལ་ནི་མི་ཐོད་ཡིན། །ཞེས་རྒྱུད་འཆད་པ་ཡང་དེ་དག་ལྷ་ཡིན་པར་ནི་མ་གསུངས་སོ། །དེ་བས་ན་གྲྭར་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ཙ་རྩི་ཀཱ་ལ་
เล่ม ๔๖ · หน้า 133a
སོགས་པ་བཞིའི་གནས་ལྷའི་སྣམ་བུའི་གྲྭའམ། ནང་གི་གྲྭ་ཉིད་གཟུང་བར་རིགས་སོ། །རྒྱུད་ཀྱི་གླེང་གཞི་ནི་མི་ཟབ་པ་དབྱིབས་ལྟར་བཤད་པའོ། །ཨེ་ཝཾ་ལོངས་སྤྱོད་རྫོགས་པའི་སྐུ། །བདག་གིས་ཆགས་བཅས་སེམས་ཀྱིས་ཏེ། །ཐོས་པ་སྟོན་ཏེ་དུས་གཅིག་ན། །གཉིས་མེད་ཆོས་ཏེ་བཅོམ་ལྡན་
འདས། །རང་རྫས་ཐིགས་པ་དེ་ཡིས་ནི། །དེ་བཞིན་གཤེགས་པ་ཀུན་ཉིད་དང་། །སྐུ་དང་གསུང་ཐུགས་རྡོ་རྗེ་ཞེས། །བཙུན་མོའི་པདྨ་བྷ་ག་ལ། །བཞུགས་ཏེ་ཆོས་སྐུའི་ངོ་བོ་ཉིད། །རྡོ་རྗེ་གཤིན་རྗེའི་དགྲ་རྨོངས་སོགས། །སྤྲུལ་པའི་སྐུ་ཡིས་ཉན་པར་གཞོལ། །དེར་ནི་ལོངས་སྤྱོད་རྫོགས་སྐུ་ལས། །ཆོས་ཚིག་
སྤྲུལ་པའི་སྐུ་ཡིས་ཐོས། །འདི་ནི་རྒྱུད་ཀྱི་གླེང་གཞི་ཟབ་པ་སྔགས་ལྟར་བཤད་པའོ། །དེ་ལྟར་གླེང་གཞི་བཤད་ནས། ད་ནི་གླེང་བསླང་བ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དེ་ནས་ཞེས་བྱ་བ་ནི་བཀྲ་ཤིས་པར་གྱུར་ཅིག་ཅེས་བྱ་བའམ་བདུད་བཏུལ་མ་ཐག་ཏུའམ། གླེང་གཞི་བཀོད་
མ་ཐག་ཏུའོ། །ཁ་ཅིག་ན་རེ་རྒྱུད་འདི་ནི་རྩ་བའི་རྒྱུད་འབུམ་ཉི་ཁྲི་ལྔ་སྟོང་པའི་དོན་མདོར་བསྡུས་པ་ཡིན་པའི་ཕྱིར་དེ་ནས་ཞེས་བྱ་བ་ནི་མདོར་བསྡུས་པའི་དབང་དུ་བྱས་པའོ་ཞེས་ཟེར་ཏེ། འདི་ནི་མི་འཐད་དེ། དང་པོ་ཉིད་དུ་དེ་ནས་ཞེས་བྱ་བའི་སྒྲ་འདི་ལ་དབང་དུ་བྱ་བ་སྟོན་པའི་ཉི་ཚེ་བ་ཉེ་བའི་གྲོགས་སྨོས་པར་བྱ་བ་
ཡིན་ན་དེ་ཡང་འདི་ལ་མེད་པས་དེའི་མཐུ་ཡང་མེད་ཅིང་། རྒྱུད་འབུམ་ཉི་ཁྲི་ལྔ་སྟོང་པ་ནི་འདི་ཉིད་ཀྱི་གཞུང་ཡིན་ཡང་འདིས་དེ་ལས་བསྡུས་པར་སྟོན་པ་མ་ཡིན་ཏེ། འདིར་གླེང་གཞི་དང་པོར་སྨོས་པའི་ཕྱིར་ཡང་དེ་མི་རུང་ངོ་། །དེ་བས་ན་དེ་ནས་ཞེས་བྱ་བའི་སྒྲ་ནི་ངེས་པར་སྔ་མ་ལྟར་དྲང་བར་བྱའོ། །ཁ་ཅིག་ན་རེ་
དེ་ནས་ཞེས་བྱ་བ་ནི་དོན་གྱིས་ན་བཞུགས་མ་ཐག་ཏུའོ་ཞེས་ཟེར་ཏེ། དེ་ལྟ་ན་བོད་པ་དང་བསྒོ་བ་དང་། དེའི་སྔོན་དུ་བདུད་ཚར་བཅད་པ་ཇི་ལྟར་དྲང་། དེ་བས་ན་དེ་ནི་མི་རུང་ངོ་། །ཁ་ཅིག་ན་རེ་དེ་ནས་ཞེས་བྱ་བ་ནི་སྨོན་ལམ་ཡང་མ་ཡིན་ཏེ་དང་པོར་མ་སྨོས་པས་སོ། །གླེང་གཞི་བཀོད་མ་ཐག་ཏུ་ཡང་མ་ཡིན་ཏེ་འདིར་དོན་
ལ་བརྟེན་པས་སོ། །མདོར་བསྡུས་པའི་དབང་དུ་བྱས་པ་ཡང་མ་ཡིན་ཏེ་ནུས་པ་མེད་པས་སོ། །དེའི་ཕྱིར་འདི་ནི་ཕྱག་ན་རྡོ་རྗེའི་དབང་དུ་བྱས་ཏེ་གསུངས་པར་སྟོན་པའོ་ཞེས་ཟེར་རོ། །ཕྱག་ན་རྡོ་རྗེ་ལ་ཞེས་བྱ་བ་ནི་འདི་གནོད་སྦྱིན་ལག་ན་རྡོ་རྗེའི་རིགས་སུ་བྱུང་བས་ནའམ། འདི་ལ་ལག་ཏུ་རྡོ་རྗེ་བྱིན་ཏེ་མིང་གིས་དབང་བསྐུར་
เล่ม ๔๖ · หน้า 133b
བས་ན་ཕྱག་ན་རྡོ་རྗེ་སྟེ། མ་འོངས་པའི་དུས་ན་བཅོམ་ལྡན་འདས་རྡོ་རྗེ་རབ་ཏུ་འཇོམས་པར་ཞེས་བྱ་བར་ལུང་བསྟན་པས་ས་བཅུ་པའི་དབང་ཕྱུག་ཏུ་བསྟན་པའོ། །དེ་ཉིད་རྣལ་འབྱོར་གྱི་རྒྱུད་འདིར་ནི་རྣམ་པར་སྣང་མཛད་ཆེན་པོའི་རྣམ་པར་འཕྲུལ་པ་བྱང་ཆུབ་ཀྱི་སེམས་ཀུན་དུ་བཟང་པོ་སྟེ། འདིར་རྡོ་
རྗེ་ནི་ཡེ་ཤེས་ཆེན་པོའོ། །དེ་ལྟར་ཡང་གསུངས་པ། བསྐལ་པ་དུ་མར་རབ་ཏུ་སློབ་པ་ཡིས། །རྒྱུད་དང་རིགས་པའི་ཚུལ་དང་ས་ལ་མཁས། །གང་གིས་འདུས་བྱས་གྲོང་ཁྱེར་རྣམ་འཇིག་པ། །ཡེ་ཤེས་རྡོ་རྗེ་བརྟན་ཏེ་འཕགས་དག་སྩོལ། །ཞེས་སོ། །དེ་ལྟར་ན་རྡོ་རྗེ་ཡེ་ཤེས་པའི་རང་བཞིན་
གྱི་ཕྱག་ལ་སོགས་པའི་སྐུ་མངའ་བ་དེ་ནི་ཕྱག་ན་རྡོ་རྗེ་སྟེ། སྤྲུལ་པའི་སངས་རྒྱས་ཞེས་བྱ་བའོ། །དེ་བས་ན་བཅོམ་ལྡན་འདས་འདི་ཉིད་ཀྱིས་གཞན་དུ། ཨེ་མ་ཧོ་བདག་ནི་རང་བྱུང་བ། །ཀུན་དུ་བཟང་པོ་སེམས་དཔའ་བརྟན། །དེ་ནི་བསྟན་ཕྱིར་ལུས་མེད་ཀྱང་། །སེམས་དཔའི་ལུས་སུ་གྱུར་པ་ཡིན། །
ཞེས་ཆེད་དུ་བརྗོད་དོ། །དེ་བས་ན་སྤྲུལ་པའི་སྐུས་སྤྲུལ་པའི་སྐུ་གསུངས་པའོ། །བཅོམ་ལྡན་འདས་ནི་ཤཱཀྱ་ཐུབ་པ་སྟེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡང་ཡིན་ཏེ། སངས་རྒྱས་རྣམས་གཅིག་ཉིད་སྣ་ཚོགས་སུ་སྣང་བ་བསྐྱེད་པར་སྤྱོད་པས་སོ། །དེ་ལྟར་ཡང་གསུངས་པ། ཡང་
དག་སངས་རྒྱས་སྐུ་གཅིག་སྟེ། །འདྲེན་པ་ཐམས་ཅད་དོན་གཅིག་ཀྱང་། །ཚད་མེད་གཞན་དང་གཞན་དག་ཏུ། །ཕྱོགས་བཅུ་ཀུན་ན་རབ་ཏུ་སྣང་། །ཞེས་སོ། །དེའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ནི་ཐམས་ཅད་ཀྱང་བདག་པོ་ཉིད་ཡིན་ཏེ་གཅིག་ལ་གཅིག་གིས་དབང་གིས་སོ། །དེ་བས་
ན་སྔར་བཙུན་མོའི་བྷ་ག་རྣམས་ལ་ཞེས་བདུན་པ་མང་པོའི་ཚིག་ཅན་དུ་བསྟན་ཏོ། །རྡོ་རྗེ་སེམས་དཔས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་སྟེ་དེ་ཉིད་མི་འགྱུར་བར་རབ་ཏུ་གྲུབ་པས་ན་སེམས་དཔའ་ཞེས་བྱའོ། །དེ་ལྟར་ཡང་གསུངས་པ། བརྟན་པའི་ཕྱིར་ན་སེམས་དཔར་བརྗོད། །ཅེས་
བྱའོ། །དེ་བས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་དོ། །དེ་བོས་ནས་ཞེས་བྱ་བ་ནི། ཀྱེ་ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །ཞེས་ངག་གི་བརྡས་གོ་བར་མཛད་པའོ། །བོས་ནས་དེ་ལ་ཅི་ཞིག་
เล่ม ๔๖ · หน้า 134a
གསུངས་ཤེ་ན། དེའི་ཕྱིར་ལེའུ་བཅོ་བརྒྱད་པ་ལས། དེ་ནས་གཏམ་གྱི་མན་ངག་བཤད་པ་ཞེས་བྱ་བ་འདིར་དྲངས་ཏེ་བླ་མ་བརྒྱུད་པ་ལས་ཤེས་པར་བྱ་བའི་བདག་ཉིད་ཀྱི་གཞུང་གི་ལུགས་ངེས་པར་བྱེད་པ་ནི་མན་ངག་སྟེ་དེ་ཉིད་ནི་གཏམ་མོ། །ཅི་འདི་ཉིད་ག་ལས་ཤེས་ཤེ་ན།
རྒྱུད་ཆེན་པོ་འབུམ་ཉི་ཁྲི་ལྔ་སྟོང་པ་ལས་སོ། །དེ་ཉིད་གང་ན་གནས་ཤེ་ན། སའི་འོག་ན་ཀླུ་རྣམས་ཀྱིས་བདག་གིར་བྱས་ནས་གནས་ཏེ། བསྟན་པ་རབ་ཏུ་རྒྱས་པ་རྣམས་ནི་མི་རྣམས་རབ་ཏུ་སྣོད་དུ་མ་གྱུར་པས་རབ་ཏུ་བསྡུས་པ་ཙམ་ཞིག་འཛམ་བུའི་གླིང་ན་སྤྱོད་ཀྱི། ཕལ་ཆེར་ནི་དེ་ན་གནས་པས་ན་
བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་ཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོ་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛད། །ཅེས་གསུངས་སོ། །འོ་ན་མི་རྣམས་ཇི་ལྟར་རབ་ཏུ་སྣོད་དུ་
མ་གྱུར་ཅེ་ན་ཇི་སྐད་དུ་གསུངས་པ། བཅོམ་ལྡན་འདས་ཇི་ལྟར་ན་སྤྲོས་པ་ལས་བསྡུས་པ་ལགས། བཀའ་སྩལ་པ། བསྐལ་པ་བཟང་པོ་འདི་ལ་བྱང་ཆུབ་སེམས་དཔའ་རྣམས་དང་སོ་སོའི་སྐྱེ་བོ་རྣམས་ཚེ་ཐུང་བར་འགྱུར་ཏེ་ཇི་ལྟར་དེ་རྣམས་ཀྱིས་འཛིན་ནུས་པར་འགྱུར། ཇི་ལྟར་ན་དེ་རྣམས་ཐོས་པ་བྱེད་པར་འགྱུར།
ཇི་ལྟར་ན་ཀུན་ཆུབ་པར་བྱེད་པར་འགྱུར། གསོལ་པ་བཅོམ་ལྡན་འདས་ཅིའི་ཕྱིར་སྐྱེ་དགུ་རྣམས་ཚེ་ཐུང་བར་གྱུར་པ་ལགས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། གང་རྣམས་སློབ་དཔོན་དུ་གྱུར་པ་དེ་སྲིད་དུ་དེ་རྣམས་རྩ་བའི་ལྟུང་བ་དང་ལྡན་པར་འགྱུར་བ་དང་། གང་རྣམས་འཇུག་པར་འགྱུར་
བ་སློབ་མ་དེ་རྣམས་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་འཇུག་པར་འགྱུར་བ་དང་། གང་རྣམས་སོ་སོའི་སྐྱེ་བོ་དེ་རྣམས་ཀྱང་སྲོག་གཅོད་པ་ཅན་དུ་འགྱུར་ཏེ། ཇི་ལྟར་འཛིན་ནུས་པར་འགྱུར། དེ་ལྟ་བུར་གང་དག་བུད་མེད་ཀྱི་ཚོགས་རྣམས་འདོད་པ་ལ་གཅིག་ཏུ་མངོན་པར་ཞེན་ཅིང་
ཀུན་དུ་ཞེན་པར་འགྱུར་ཏེ། དེའི་ཕྱིར་རྒྱུད་རྣམས་ཐམས་ཅད་ཀྱིས་རྒྱ་ཆེར་བསྟན་པ་མ་ཡིན་ནོ་ཞེས་ཏེ། དེ་བས་ན་བསམ་གཏན་གྱི་བདུད་རྩིའི་རོ་མ་མྱངས་པས་ཐོས་པ་དང་བསམས་པའི་ཤེས་རབ་ཙམ་ལ་ཆགས་བཞིན་དུ་འཆི་བའི་དུས་བྱེད་པར་མ་གྱུར་ཅིག་སྙམ་དུ་དགོངས་པས་
เล่ม ๔๖ · หน้า 134b
ཆེད་དུ་གཞུང་རྒྱས་པ་མི་སྣང་བར་བྱིན་གྱིས་བརླབས་པའོ། །ཁ་ཅིག་ན་རེ་གཞུང་རབ་ཏུ་རྒྱས་པ་ནི་རིག་པ་འཛིན་པའི་གནས་ན་མཁའ་འགྲོ་མ་རྣམས་ཀྱིས་གུས་པར་བཟུང་ནས་གནས་སོ་ཞེས་ཟེར་ཏེ། བདག་གིས་ནི་འདི་ལྟ་བུའི་ལུང་མ་མཐོང་ངོ་། །གལ་ཏེ་འདི་ལྟ་བུའི་
གཞུང་རྒྱས་པ་ཡོད་པ་ནི་བདག་ཅག་གིས་ཇི་ལྟར་ཡང་མི་ཤེས་པས་སུ་ཞིག་ཡིད་ཆེས། འདི་ལ་ཡོད་པར་བསྒྲུབ་པའི་ཚད་མ་ཡང་གང་ཞིག་ཡོད་ཅེ་ན། འདི་ལ་ཇི་ལྟར་བསྟན་པའི་བླ་མའི་མན་ངག་ལ་ཡིད་ཆེས་པ་ནི་དོན་རབ་ཏུ་འཐོབ་པ་ཡིན་ཏེ། ཇི་སྐད་དུ། བྱང་ཆུབ་
སེམས་དཔའ་གང་ཞིག་རྗེས་སུ་བསྟན་དང་མཐུན་བྱེད་ཅིང་། །དྲན་པ་ཉེ་བར་བཞག་སྟེ་བླ་མའི་ངག་གཅོག་མི་བྱེད་ན། །དེའི་ཕྱིར་དེ་ཡི་དོན་རྣམས་ཐམས་ཅད་མཐུན་པ་འགྲུབ་པར་འགྱུར། །མཐུན་པའི་སངས་རྒྱས་ཡེ་ཤེས་བྱང་ཆུབ་དྲུང་དུ་འཚང་ཡང་རྒྱ། །ཞེས་གསུངས་
ཏེ། རྒྱ་ཆེར་ནི་བྲམ་ཟེར་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་གཏམ་ལ་སྦྱར་རོ། །དེ་ལྟ་ན་སྒྲུབ་པའི་ཚད་མ་ཡང་དེ་ཉིད་ཡིན་ཏེ། ཇི་ལྟར་འཕགས་པ་ནོར་བཟངས་མེའི་ནང་དུ་ཞུགས་པས་དོན་རབ་ཏུ་སྒྲུབ་པ་ཡིན་ནོ། །དེ་བས་ན་མངོན་སུམ་ལ་སོགས་པའི་རྟོག་གེས་ཅི་ཞིག་བྱ།
དཔལ་འཁོར་ལོ་བདེ་མཆོག་ལས་ཀྱང་། སྔགས་རྣམས་ཀུན་ལ་ཐུན་མོང་དུ། །གཏན་ཚིགས་དག་གིས་གཞོམ་མི་བྱ། །མིག་དང་ལག་པས་མ་ཡིན་ཏེ། །དད་པ་ཉིད་ཀྱིས་བླང་བར་བྱ། །ཞེས་གསུངས་སོ། །དེ་ལྟར་ན། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་
བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་ཇི་ལྟར་དྲང་ཞེ་ན། ཡང་དག་པའི་བཤེས་གཉེན་དང་མ་ཕྲད་པ་འཇིག་རྟེན་རྒྱང་པན་ལ་སོགས་པའི་ལུང་ལ་ཡང་ཡང་དག་པར་འཛིན་པ་སྲིད་པ་དགག་པའི་ཕྱིར་འདི་ཡང་རིགས་
པ་ཡང་དག་པའི་བཤེས་གཉེན་དང་མ་ཕྲད་པ་ན་དེས་ཇི་ལྟར་བསྟན་པ་ཉིད་ཚད་མ་ཡིན་ཏེ་དེ་བས་ན་འདི་ལ་གནོད་པ་མེད་དོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ཤཱཀྱའི་སྐྱེས་མཆོག་གོ། །མངོན་པར་རྫོགས་པར་སངས་རྒྱས་པ་ན་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་པ་ན་སྟེ་དེའི་ཕྱིར་བྱང་ཆུབ་མངོན་པར་རྫོགས་པར་
เล่ม ๔๖ · หน้า 135a
འཚང་རྒྱ་བར་བཞེད་པ་ན་ཞེས་རྣམ་པར་སྦྱར་རོ། །བདུད་ནི་འདོད་པའི་ལྷ་སྡིག་ཅན་ཏེ། དེའི་དཔུང་ནི་དཔུང་གི་ཚོགས་ཡན་ལག་བཞི་པོ་རྟ་པ་དང་རྐང་ཐང་པ་དང་ཤིང་རྟ་པ་དང་། གླང་པོ་ཆེ་ཞོན་པ་རྣམས་སོ། །ཆེར་འཇིགས་སུ་རུང་ཞིང་ཞེས་བྱ་བ་ནི་བདེན་པ་མ་མཐོང་
བ་དག་སྙིང་འགས་པ་སྲིད་དེ། དེ་ལྟར་ཡང་འཕགས་པ་རྒྱ་ཆེར་རོལ་པ་ལས། གལ་ཏེ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་མ་བརླབས་ན་བདུད་ཀྱི་དམག་དེས་འཛམ་བུ་གླིང་པ་རྣམས་སྙིང་འགས་པར་འགྱུར་བར་གསུངས་ཏེ། བདུད་ཀྱི་དཔུང་བཀོད་པ་ཡང་དེ་ལས་རྒྱ་ཆེར་
བསྟན་ཏོ། །འཇིགས་པར་བྱེད་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་སྐྲག་པ་བསྐྱེད་པ་ཉེ་བར་གནས་པའོ། །དུ་མ་འདུས་ཏེ་ཞེས་བྱ་བ་ནི་འཛམ་བུ་གླིང་འདིར་སྟོང་གསུམ་གྱི་སྟོང་ཆེན་པོ་བྱེ་བ་ཕྲག་བརྒྱའི་བདུད་མ་ལུས་པ་དམག་གི་ཕྱིར་འདུས་སོ་ཞེས་འཕགས་པ་རྒྱ་ཆེར་རོལ་པ་ལས་
གསུངས་པ་དེ་སྙེད་དུ་མང་བའོ། །ལོག་པའི་སྟོབས་ཀྱིས་ཞེས་བྱ་བ་ནི་རི་འཕེན་པ་ལ་སོགས་པ་བྱིས་པའི་སྤྱོད་པ་ལ་རྩལ་དུ་ལོག་པའི་ང་རྒྱལ་བྱེད་པས་སོ། །བཅོམ་ལྡན་འདས་ནི་སྔོན་བཞིན་ནོ། །བདུད་ཀྱི་དཔུང་ཆེན་པོ་ཐུབ་པས་ན་ཐུབ་པ་ཆེན་པོ་སྟེ། དེའི་བྱང་ཆུབ་རང་གི་སེམས་སོ་སོར་
རྟོག་པ་འཇིགས་པར་བྱེད་དོ་ཞེས་བྱ་བ་སྐུ་ལ་གནོད་པར་བྱས་པས་དེའི་བགེགས་བྱེད་པར་གནས་པའོ། །དེའི་ཚེ་ཞེས་བྱ་བ་ནི་དེ་ལྟར་འགྱུར་བའི་དུས་ནའོ། །བདུད་ཆེན་པོ་ཞེས་བྱ་བ་ནི་ལྷའི་བུའི་བདུད་དམག་གི་དཔུང་རབ་ཏུ་རྒྱ་ཆེན་པོའོ། །དེ་ལས་རྒྱལ་བ་ཞེས་བྱ་བ་ནི་རྒྱལ་བར་བྱེད་པའི་
རྒྱུར་གྱུར་པས་སོ། །དེ་སྐད་ཅེས་བྱ་བ་ནི་ཏིང་ངེ་འཛིན་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། ཇི་སྐད་དུ། ཤཱཀྱའི་སྲས་པོ་ཆོས་རྣམས་རྟེན་འབྱུང་བ། དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས། །ནམ་མཁའ་ལྟ་བུའི་སེམས་དང་རབ་ལྡན་པས། །དབུང་བཅས་གཡོ་སྒྱུ་མཐོང་ཡང་འཇིགས་
པ་མེད། །ཅེས་གསུངས་པའོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་མངོན་སུམ་དུ་མཛད་པ་སྟེ་རྒྱུད་ལས་བསྐྱེད་ཅེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཤཱཀྱའི་མགོན་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རང་བཞིན་གཅིག་ཏུ་གྱུར་ཅིང་མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟར་གྱུར་
เล่ม ๔๖ · หน้า 135b
པ་ནི་གཅིག་ཡིན་ཡང་། བྱིས་པ་རྣམས་ལ་གྲགས་པ་དང་རྗེས་སུ་མཐུན་པར་དྲུག་པ་མང་པོའི་ཚིག་ཅན་དུ་རྣམས་ཞེས་གསུངས་ལ། དེ་རྣམས་ལས་ཀྱང་ལུས་ལས་བྱུང་བའི་འོད་ཟེར་ལྟར་ཁྲོ་བོ་ཆེན་པོ་གཤིན་རྗེའི་དགྲ་ངེས་པར་ཕྱུང་ངོ་། །ཁ་ཅིག་ན་རེ་འདིར་སྐུ་དང་གསུང་དང་
ཐུགས་རྣམས་ལ་ཞེས་བྱ་བ་མང་པོའི་ཚིག་ཅན་དུ་བྱས་པ་ནི་སྐུ་ལས་ནི་ཁྲོ་བོའི་སྐུ་ཕྱུང་ལ། གསུང་ལས་ཀྱང་རབ་ཏུ་མ་རུངས་པའི་ང་རོ་དྲག་པོར་སྒྲོགས་པར་བྱུང་ཞིང་། ཐུགས་ལས་ཀྱང་དངོས་པོས་རབ་ཏུ་དབེན་ཞིང་རྣམ་པར་རྟོག་པ་མེད་པར་བྱུང་སྟེ། དེ་བས་ན་མང་པོའི་ཚིག་ཅན་
འདི་ནི་འདོད་པའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་གསུངས་པས། རྡོ་རྗེ་ནི་ཟུང་དུ་འཇུག་པ་ཉིད་ཡིན་པས་ན་ཡང་དག་པར་ན་མངོན་པར་བྱང་ཆུབ་པ་བརྙེས་པ་ལས། །གདུལ་བྱའི་དབང་དུ་བདུད་འདུལ་བ་སྟོན་ཅིང་ཁྲོ་བོ་ཆེན་པོ་ཡང་ཟུང་དུ་འཇུག་
པ་ལས་སྤྲུལ་པས་ན་མང་པོའི་ཚིག་ཅན་ནི་དོན་དང་མི་མཐུན་ནོ་ཞེས་ཟེར་རོ། །དེ་ལ་ཁྲོ་བོ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའི་རྣམ་པར་རྩེན་པས་གདུལ་བྱ་འདུལ་བའི་ཐབས་ཀྱིས་ནོར་ཡོད་པས་ན་རྣམ་པར་རྩེན་པའི་ནོར་ཅན་ནི་ཁྲོ་བོའོ། །དེ་ཉིད་བདུད་ཀྱི་རིས་ཀྱི་ཁྲོ་བོ་རྣམས་ལས་རྣམ་པར་
གནོན་པ་ཆེ་བས་ན་ཆེན་པོ་སྟེ་ཡང་ན་ལུས་ཀྱི་བོང་ཚོད་ཆེ་བའོ། །གཤིན་རྗེའི་དགྲ་ཞེས་བྱ་བ་གཤིན་རྗེ་རྣམས་ཀྱི་སྒྲ་ནི་གཤིན་རྗེའི་དགྲ་སྟེ། གཤིན་རྗེ་རབ་ཏུ་འཇོམས་པའོ། །དེ་ནི་དེ་ལྟར་ན་གཤིན་རྗེ་ཞེས་བྱ་བ་འདི་ཉིད་ཅི་ཞིག་ཅེ་ན། ལུས་ཅན་རྣམས་ལ་ལྷན་ཅིག་སྐྱེས་
པའི་ལྷ་ལྟར་རྗེས་སུ་འབྲང་ཞིང་གསོད་པར་བརྩོན་པ་ནི་གཤིན་རྗེ་སྟེ་མིང་གི་རྣམ་གྲངས་འཆི་བདག་ཅེས་བྱའོ། །དེ་ལྟ་ན་ནི། འདི་ནི་དེང་བྱ་འདི་ཐང་ཅིག་འོག་ཏུ་བྱ། །འདི་ནི་དེའུ་རུ་བྱ་ཞེས་སྐྱེ་བོ་སེམས་པ་ན། །གཤིན་རྗེ་བེ་ཅོན་ལག་ཐོགས་ཟུར་གྱིས་ལྟ་བ་ཡིས། །མིག་རྩ་
དམར་ཁྲོམ་རངས་གད་མོས་རེ་སྙམ་འདེབས། །ཞེས་བརྗོད་ལ་འཕགས་པ་མཚན་མོ་བཟང་པོའི་མདོ་ལས་ཀྱང་། སང་ཙམ་འཆི་ཡོང་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་བདེ་ཆེན་འདི་དང་ནི། །བདག་ཏུ་བཤེས་པ་མ་ཡིན་ནོ། །ཞེས་གསུངས་སོ། །
เล่ม ๔๖ · หน้า 136a
དེ་དག་ནི་ཡི་དགས་ཀྱི་འགྲོ་བ་མཐུ་རབ་ཏུ་ཆེ་བས་ཁྱད་ཞུགས་པ་སྡིག་པ་སྤྱོད་པ་རྣམས་དུས་མ་ཡིན་པར་གསོད་པ་སྟེ། ཇི་སྐད་དུ། གནད་ཀྱི་གཤིས་སུ་འཇིབས་པས་གཟིར་ནས་ནི། །ཤིན་ཏུ་མི་བཟད་མུན་རུམ་འཇུག་པ་ལྟར། །ཡིད་འོང་འདྲིས་
པ་རྣམ་པར་འདོར་བར་འགྱུར། །གཤིན་རྗེའི་ཞགས་པས་དམ་དུ་བཅིངས་པ་ལ། །ཅོ་ཏོ་འབལ་ཞིང་ཆོ་ངེས་འདེབས་བྱེད་ཀྱང་། །དེ་ཡིས་ཀློངས་པ་ཉེ་དུའི་སྐྱེ་བོ་ཡིས། །རང་གི་དུད་སྒྲས་འདིར་བ་བཞིན་མི་ཐོས། །ཞེས་བཤད་པས་སོ། །དེ་བཞིན་དུ་དེ་དག་ནི་སྲིད་པ་བར་མའི་
དུས་ན་ཡང་། དྲི་ཟའི་སེམས་ཅན་དེ་དག་རབ་ཏུ་གཟིར་བྱེད་དེ། །བགྲོད་དཀའ་ཆུ་དང་ཕ་བོང་ཐག་ཐུག་འདོམ་པའི་བར། །ཚེར་མ་རྣོན་པོས་འཛིངས་པ་ཉམ་ངའི་ལམ་དག་ཏུ། །དུས་ཀྱི་ཞགས་པས་སྐེ་ནས་བཏགས་ཏེ་གཤིན་རྗེའི་མི། །གཏུམ་པོ་རྣམས་ཀྱིས་དབྱུག་
པས་བཏགས་ཤིང་ཁྲིད་པར་འགྱུར། །ཞེས་བཤད་པས་སོ། །དེ་བཞིན་དུ་དེ་དག་ནི་སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་རབ་ཏུ་ཡང་འཇོམས་པ་སྟེ། དམྱལ་བའི་སྲུང་མས་དབྱུག་པས་བརྡེག་ཅིང་མཆི་མ་ཟག་བཞིན་དུ་ལྕགས་ཞུན་ཁུ་བ་མེ་སྟག་འབར་བའི་ཕྲེང་
བ་འཁྲིགས་པ་ལྡུད་ཅེས་བཤད་དེ་དམྱལ་བའི་སྲུང་མ་ནི་གཤིན་རྗེའི་སྐྱེས་བུ་ཡིན་ཏེ། དེ་ནས་སེམས་ཅན་དམྱལ་བ་པ་དེ་དག་ལ་གཤིན་རྗེའི་སྐྱེས་བུ་དེ་དག་གིས་སྨྲས་པ། ཁྱེད་ཅི་འདོད་བྱ་བ་ལ་སོགས་པ་མདོ་ལས་གསུངས་པས་སོ། །འདི་ལྟར་རབ་ཏུ་
མི་ཟད་པའི་འགྲོ་བར་སྐྱེ་བའི་རྒྱུ་ཡང་ཇི་སྐད་དུ། ཤིན་ཏུ་ཁྲོ་ཞིང་གཏུམ་པ་དང་། གཡོ་བྱེད་བརྫུན་དུ་སྨྲ་བ་དང་། །གཞལ་ལ་གཡོ་ཕྱེད་དགའ་བ་ནི། །གཤིན་རྗེ་སྲིན་པོར་སྐྱེ་བར་འགྱུར། །ཞེས་གསུངས་པའོ། །དེའི་ཕྱིར་འདི་དག་ནི་གསོད་ཅིང་ཁྲིག་པ་དང་ཆེར་གཟིར་བས་
ན་གཤིན་རྗེ་ཞེས་བྱའོ། །དེ་ལྟ་ན་སྔར་ལྷ་རྣམས་རྣམ་པར་བཤད་པའི་དུས་སུ། གཤིན་རྗེ་ཞེས་བྱ་བའི་མིང་གི་དོན་འདི་ལྟར་མ་བརྗོད་པ་ཇི་ལྟ་བུ་ཞེ་ན། ཡུ་གམ་ཞེས་ཡ་དྲངས་པས་ན་གཉིས་སུ་གྱུར་པའི་དོན་འདི་གྱུར་པས་ན། དོན་མཆོག་སྟོན་པ་ན་དེ་ལྟར་གནོད་པ་མེད་ཅིང་
เล่ม ๔๖ · หน้า 136b
བཤད་པ་འདི་ཡང་དོན་གྱི་གླེང་གཞིར་ཡང་ཤེས་པར་འདིར་བཤད་པ་ཉིད་ཀྱིས་འགྱུར་བས་དེར་མ་བཀོད་པའོ། །སྔར་བཤད་པའི་ལྕགས་ཀྱིས་ཞི་བས་མི་འདུལ་བ་དེ་དག་མཐོང་བ་ཙམ་གྱིས་ཚར་གཅོད་པའི་ཁྲོ་བོ་དེ་ནི་དགྲའོ། །ངེས་པར་ཕྱུང་ངོ་ཞེས་བྱ་བ་ལ། ངེས་པར་
ཞེས་བྱ་བ་ནི་ཚར་བཅད་པའི་ཕྱིར་རོ། །ཕྱུང་ངོ་ཞེས་བྱ་བ་ནི་མངོན་པར་འཐོན་པའོ། །དེ་ལྟར་ན་འདི་རབ་ཏུ་ཡང་དམན་ཏེ། རྣམ་པར་སྣང་མཛད་ཆེན་པོའི་སྤྲུལ་པ་ནི་རྣམ་པར་སྣང་མཛད་ཡིན་ལ། དེའི་ཡང་རྣམ་པར་འཕྲུལ་པ་ནི་སངས་རྒྱས་རྗེ་བཙུན་ཤཱཀྱ་ཐུབ་པ་ཡིན་ཏེ།
འོག་མིན་གནས་ནི་ཉམས་དགའ་བ། །གཙང་མའི་གནས་ཀྱི་སྟེང་དུ་ནི། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་རྣམས་ནི་འདིར་སངས་རྒྱས། །ཞེས་གསུངས་པས་སོ། །སྤྲུལ་པ་དེའི་ཡང་སྤྲུལ་པ་ནི་འདི་ཡིན་པས་སོ་ཞེ་ན་འདི་ནི་མ་ཡིན་ཏེ། ཇི་སྙེད་དུ་བརྒྱུད་པ་འདྲ་བའི་
སྤྲུལ་པ་དག་ཀྱང་རྣམ་པར་སྣང་མཛད་ཆེན་པོ་ཁོ་ན་སྣང་བ་སྐྱེས་པའི་ཕྱིར་རོ། །སྔར་སངས་རྒྱས་རྣམས་གཅིག་ཉིད་དུ་བསྟན་ཅིང་། གཞན་ཡང་སྤྲུལ་པ་ཞེས་བྱ་བ་ཡེ་ཤེས་ཀྱིས་རབ་ཏུ་རྣམ་པར་དབེན་པ་ཡང་མ་ཡིན་ཏེ། ཡེ་ཤེས་ཉིད་སྣང་བ་ཐོབ་པའོ། །དེ་བས་ན་སློབ་དཔོན་སངས་
རྒྱས་དཔལ་གྱི་ཞལ་སྔ་ནས་ཀྱིས་ཀྱང་། ཇི་སྐད་བཤད་པའི་རིམ་པས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་རང་གི་ངོ་བོ་མངོན་སུམ་དུ་བྱས་ནས། ཇི་སྲིད་དུ་སྤྲུལ་པ་རྣམས་ལ་དེ་དབང་དུ་གྱུར་པ་དེ་སྲིད་དུ། བདག་ཉིད་ཀྱི་ངོ་བོ་དང་ཐ་མི་དད་པའི་ངོ་བོ་མངོན་དུ་བྱ་བ་ཡིན་
ཏེ། ཕྱིན་ཅི་མ་ལོག་པའི་རང་གི་ངོ་བོ་བསྐྱེད་པར་རུང་བ་ཉིད་དང་། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དང་མཚན་ཉིད་གཅིག་པའི་ཕྱིར་དང་རྒྱུད་ཐ་མི་དད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཀུན་ཏུ་རྟོག་པ་སྔ་མ་སྔ་མ་ལས་བྱུང་བའི་རྣམ་པར་རྟོག་པའི་རྒྱུན་ནི་རྒྱུད་ཡིན་ཏེ།
སྤྲུལ་པ་ཞེས་བྱ་བ་གཞན་ཉིད་ཀྱང་མ་ཡིན་ཏེ། གཞན་དུ་དེ་ནི་ཀུན་དུ་རྟོག་པ་ཙམ་ཡིན་པའི་ཕྱིར་རོ། །རིགས་ཐ་དད་པས་སྣ་ཚོགས་པའི་རང་བཞིན་ཉིད་ཡིན་པས་ཅི་ལྟར་གཅིག་ཅེས་བྱ་ཞེ་ན། དེ་ལྟར་ན་ནི་འགའ་ཞིག་ཀྱང་གཅིག་ཉིད་དུ་མི་འགྱུར་ཏེ། ལྷའི་སྐུ་
เล่ม ๔๖ · หน้า 137a
གཅིག་ཉིད་ལ་ཡང་ཆ་ཤས་དུ་མའི་རང་བཞིན་ཉིད་ཀྱིས་སྣ་ཚོགས་པའི་བདག་ཉིད་ཡིན་པའི་ཕྱིར་ལ། ཆ་ཤས་མེད་པ་ཡང་དམིགས་པར་མ་གྱུར་བའི་ཕྱིར་རོ། །ཇི་ལྟར་གཅིག་ཉིད་དུ་རྣམ་པར་གཞག་པ་ནི་ཀུན་རྫོབ་ཏུ་གཅིག་ཉིད་
ཡིན་པ་དེ་ལྟར་ཚུལ་གཞན་པའི་སྣ་ཚོགས་པའི་རང་བཞིན་ཉིད་ལ་ཡང་དེའི་ངོ་བོར་ཞེན་པ་ལ་ལྟོས་ནས་ཐམས་ཅད་བདག་ཉིད་ཡིན་ནོ་ཞེས་ཐ་མི་དད་པའི་ཞེན་པས་ཡིད་ལ་བྱེད་པ་ལ་འཇུག་པའི་ཕྱིར་རོ། །དེ་དག་གིས་ནི་དངོས་པོ་ཐམས་ཅད་མཉམ་པ་ཉིད་དུ་
ལྷག་པར་མོས་པར་བཤད་པ་ཡིན་ཏེ། འཛིན་པ་ལ་སོགས་པའི་རྣམ་པ་དང་བྲལ་བར་ཐམས་ཅད་དུ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་དེའི་སྣང་བའི་ཡུལ་ལས་ཐ་སྙད་ཀྱི་གཞིར་འགྱུར་བའི་ཐམས་ཅད་ཅེས་བྱ་བ་གཞན་ལ་ཡང་ཡོད་པ་མ་ཡིན་ཏེ། དེ་རྣམས་ཀྱང་ཅིག་
ཅར་རྟོགས་པའི་རང་བཞིན་ཡིན་པས་ཐ་དད་པར་བྱེད་མི་ནུས་པ་ཉིད་ཀྱི་ཕྱིར། གཅིག་གིས་མཚན་ཉིད་གཞན་ཡོད་པ་ཡང་མ་བསྟན་ཞེས་པ་ཡིན་ནོ། །དེ་བས་ན་ཡང་དག་པ་ཇི་ལྟ་བ་རང་གི་ངོ་བོ་སོ་སོར་རྟོག་པ་ལས་གཞོལ་པ་ནི་ཀུན་རྫོབ་འབའ་ཞིག་པ་འདི་ལ་
ཐམས་ཅད་བདག་ཉིད་ཡིན་ནོ་ཞེས་བཤད་པ་འཇུག་པར་འགྱུར་གྱི། དངོས་པོ་གང་ཞིག་ལ་ཅུང་ཟད་ཀྱང་ཐ་དད་པ་མ་ཡིན་པར་ཡུལ་དུ་བྱེད་པར་མི་ནུས་ཏེ། ཤེས་པ་ཐམས་ཅད་ནི་རང་གི་ངོ་བོ་ཙམ་ལ་སོན་པ་ཉིད་ཀྱིས་གཞན་གྱི་ངོ་བོ་ཡོངས་སུ་འཛིན་པ་མེད་
པའི་ཕྱིར་རོ། །རྣལ་འབྱོར་པའི་རང་གི་སེམས་ལས་བྱུང་བ་རེ་རེ་ཡང་མི་མཐུན་པའི་ཕྱོགས་མ་ལུས་པ་ལྡོག་པའི་ངོ་བོ་ཉིད་ཀྱི་དཀྱིལ་འཁོར་བའི་ལྷ་མ་ལུས་པ་ཉིད་ཀྱིས་རང་བཞིན་དུ་སོ་སོར་བརྟག་པར་བྱ་བ་ཡིན་ཏེ། འདི་ལྟར་རང་གི་ཏིང་ངེ་འཛིན་རྣམས་
ནི་ཕྱིན་ཅི་ལོག་དེ་དང་དེ་མི་དམིགས་པར་སྟོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །དེའི་ཕྱིར། ཡང་དག་སངས་རྒྱས་དེར་སངས་རྒྱས། །ཞེས་བྱ་བ་ལ་སོགས་པ་ནི་བྱིས་པ་གང་དག་སེམས་ཁྱད་པར་དུ་སྦྱོར་བ་ལ་གཞུག་པར་བྱ་བ་
เล่ม ๔๖ · หน้า 137b
དེ་དག་གི་ངོ་བོར་གསུངས་ཀྱི། རིགས་པར་ན་རྣམ་པར་སྣང་མཛད་དང་ཤཱཀྱ་ཐུབ་པ་ལ་སོགས་པ་ནི་ཡེ་ཤེས་གཅིག་ཉིད་ལ་ཐ་དད་པར་མཐོང་ཞིང་མིང་དུ་མར་བཏགས་པ་སྟེ་དེ་བས་ན་དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་ལས། རྒྱལ་བ་རྣམས་ཀྱི་
མཚན་གྱི་རྣམ་གྲངས་ནི། །རྟག་དང་རྡོ་རྗེ་གཏི་མུག་དང་། །སྣ་ཚོགས་གྱུར་དང་རྣམ་སྣང་མཛད། །ཨོཾ་ཡིག་སྒྱུ་འཕྲུལ་དྲ་བ་དང་། །སྐུ་ཡི་རྡོ་རྗེ་རབ་ཏུ་གྲགས། །ས་སྙིང་དང་ནི་གཏི་མུག་ཆེ། །ཐོ་བའི་དབང་ཕྱུག་གཤིན་རྗེ་གཤེད། །དེ་བཞིན་
གཤེགས་དང་ཤཱཀྱ་ཐུབ། །སངས་རྒྱས་ཞེས་བྱར་མཚན་དུ་གྲགས། །ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མཚན་གྱི་རྣམ་གྲངས་བསྟན་ཏེ། དེའི་ཕྱིར་ན་མཚན་མི་འདྲ་བའམ་སྤྲུལ་པར་སྣང་བ་ཐ་དད་པས་ནི་འདི་དམན་པར་
ག་ལ་འགྱུར། དེ་ནི་དེ་ལྟར་བདེན་མོད་ཀྱི་དྲི་བ་གཞན་གནས་ཏེ་སྒྱུ་འཕྲུལ་དྲ་བ་ལས། ཧཱུཾ་གི་ཡེ་ཤེས་ལས་གྲུབ་པ། །གཟི་བརྗིད་ལྡན་པ་འཇམ་དབྱངས་ཀྱི། །གཤིན་རྗེའི་དགྲ་ཞེས་རྣམ་གྲགས་པ། །བསྐལ་པ་མེ་ལྟར་འབར་བ་སྟེ། །
ཞེས་གསུངས་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་ལས་ཀྱང་། དེ་ནས་འཇམ་པའི་དབྱངས་ཀྱི་ནི། །ཁྲོ་བོའི་མིང་ནི་གཤིན་རྗེ་གཤེད། །དྲག་ལ་མཐུ་རྩལ་དྲག་ལྡན་པ། །མཚོན་ཆ་མེ་ལྕེ་འབར་བས་འཁྲིགས། །
ཞེས་གསུངས་པས་སོ། །གཤིན་རྗེའི་དགྲ་འདི་ནི་འཇམ་པའི་དབྱངས་ཀྱི་ཁྲོ་བོར་གསུངས་ན། རྒྱུད་འདི་ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཁྲོ་བོར་འདི་གསུངས་ཤེ་ན། རྒྱུད་དེ་དག་ལས་འཇམ་དཔལ་མ་ཡིན་པ་ལ་ནི་གཤིན་རྗེ་གཤེད་ཅེས་
བྱ་བའི་ཁྲོ་བོ་མེད་དོ་ཞེས་བཀག་པ་ནི་མེད་ལ་དེ་ཉིད་ཀྱིས་ན་བཅོམ་ལྡན་འདས་འདི་ལ་གཤིན་རྗེའི་གཤེད་དུ་རྣམ་པར་གཞག་པ་ལ་སུ་ཞིག་འགོག་པར་བྱེད་ན། རྩོད་པ་འདི་སྨྲ་བ་དེ་བས་ན་དེ་དག་གིས་འདི་ལ་གནོད་པ་ཅི་ཡོད། གཞན་ཡང་འཇམ་དཔལ་ཞེས་
เล่ม ๔๖ · หน้า 138a
བྱ་བ་ཉིད་དཔྱད་དེ་བསྐལ་པ་མཐའ་ཡས་པའི་གོང་དུ་དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བ་ལས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་པས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དགེ་སློང་རྒྱལ་
བའི་བློ་གྲོས་ཞེས་བྱ་བར་གྱུར་པ་ན། ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བས་བསྐུལ་བས་བློ་གྲོས་མཆོག་ཐོབ་པ། དེ་ཡང་ས་བཅུའི་དབང་ཕྱུག་ཏུ་གྱུར་ཅིང་བསྐལ་པ་བརྗོད་ཀྱིས་མི་ལང་བ་ལ། དེ་བཞིན་གཤེགས་པ་ཀུན་དུ་གཟིགས་པ་ཞེས་བྱ་
བར་ལུང་བསྟན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པའི་འཇམ་དཔལ་གཞོན་ནུར་གྱུར་པའོ། །གསང་སྔགས་ཀྱི་ཚུལ་ཆེན་པོར་འདི་ནི། རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་རྡོ་རྗེ་སེམས་དཔའ་རྣམ་པར་སྣང་མཛད་ཆེན་པོའི་ཕྱག་རྒྱ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་
རྡོ་རྗེ་རྣོན་པོ་ནི་འཇམ་པའི་དབྱངས་ཏེ་དེ་ལྟར་དེ་ཁོ་ན་འདུས་པ་ལས་ཀྱང་། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱི་དམ་ཚིག་ལས་བྱུང་བ་ཆོས་ཀྱི་བྱིན་གྱི་རླབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
ནས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཡེ་ཤེས་ཆེན་པོའི་དམ་ཚིག་ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་སྙིང་པོ་འདི་ཐུགས་ཀ་ནས་བྱུང་ངོ་། །བཛྲ་ཏཱིཀྵྞ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་གྱུར་མ་ཐག་
པ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ་ཤེས་རབ་ཀྱི་རལ་གྲིར་གྱུར་ཏེ་བྱུང་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ་གཅིག་ཏུ་འདྲེས་པར་གྱུར་ནས་རྡོ་རྗེ་རལ་གྲིའི་དབྱིབས་སུ་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཕྱག་གཉིས་སུ་
གནས་སོ། །དེ་ནས་རྡོ་རྗེ་རལ་གྲིའི་དབྱིབས་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ཤེས་ལ་སོགས་པ་དང་། སངས་རྒྱས་
เล่ม ๔๖ · หน้า 138b
ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ཏེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཤིན་ཏུ་འཇམ་པའི་དཔལ་ཡིན་པ་དང་། ཤིན་ཏུ་བརྟན་པ་ཡིན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུའི་སྐུར་གྱུར་ཏེ།
བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །འཇམ་དབྱངས་བདག་ནི་ཡིན་པར་དགོངས། །གང་ཕྱིར་ཤེས་རབ་གཟུགས་མེད་ཀྱང་། །དབྱངས་ཉིད་དུ་
ནི་དམིགས་པ་ཡིན། །ཞེས་གསུངས་ཏེ། དེའི་ཕྱིར་འཇམ་དཔལ་ནི་བཅོམ་ལྡན་འདས་ཤཱཀྱའི་ཏོག་ཉིད་དེ། རྣམ་པར་སྣང་མཛད་ཆེན་པོ་ཉིད་འཇམ་དཔལ་དུ་སྣང་བའི་ཕྱིར་རོ། །དེ་བས་ན་འཇམ་དཔལ་ནི་ཁྲོ་བོ་གཤིན་རྗེ་གཤེད་དུ་གསུངས་པས་
རྒྱུད་འདིར་རྩོད་པ་ནི། རྩོད་པ་ལ་རབ་ཏུ་མི་གཟོ་བར་ཟད་དོ། །ད་ནི་མཚམས་སྦྱར་བ་དྲན་པར་བྱ་སྟེ། དེ་ལྟར་ཕྱུང་བའི་གཤིན་རྗེ་གཤེད་པོ་དེས་བདུད་ཀྱི་དཔུང་ཚར་བཅད་ནས། བཅོམ་ལྡན་འདས་ཀྱི་ཟུང་དུ་འཇུག་པའི་གནས་བརྙེས་ཏེ། ཁྲོ་བོ་ཆེན་པོ་དེ་
གདུལ་བྱ་འབྱུང་བར་འགྱུར་བའི་དོན་དུ་ཕྱག་ན་རྡོ་རྗེ་རྟག་ཏུ་ཕྱི་བཞིན་འབྲང་བ་ལ་གཏད་པར་དགོངས་པས་ཕྱུང་ནས་ཕྱག་ན་རྡོ་རྗེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་བོས་ནས། བཅོམ་ལྡན་འདས་ཐུབ་པ་ཆེན་
པོས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཀྱེ་ལག་ན་རྡོ་རྗེ་ཁྱོད་ཀྱིས་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོའི་སྐུ་ནི་ཟུང་ལ། བདུད་དང་ཀླུ་དང་གནོད་སྦྱིན་དང་ལྷ་རྣམས་སྐྲག་པར་གྱིས་ཤིག །འཇིགས་པར་གྱིས་ཤིག །སོད་ཅིག་ཅེས་གསུངས་སོ། །དེའི་ཚེ་བཅོམ་ལྡན་
འདས་ཀྱི་དྲུང་དུ་ཇི་ལྟར་ཐོས་པ་ལྟར་དེ་མ་ཐག་ཏུ་བཟུང་ངོ་། །བཅངས་སོ། །ཀུན་ཆུབ་པར་བྱས་སོ། །བསྟི་སྟང་དུ་བྱས་སོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལ་སྐུ་འདི་ཟུང་ལ་ཞེས་བྱ་བ་ནི། ཇི་ལྟར་ང་ལ་ཁྱོད་གུས་ཤིང་རྟག་ཏུ་ཕྱི་བཞིན་དུ་འབྲང་བ་ལྟར་ཁྲོ་བོ་
เล่ม ๔๖ · หน้า 139a
ཆེན་པོ་འདི་ལ་ཡང་ཁྱོད་ཀྱིས་གུས་པ་དེ་ལྟར་བྱོས་ཤིག་ཅེས་བྱའོ། །ཡང་ན་སྐུ་འདི་ཟུང་ལ་ཞེས་བྱ་བ་ནི་ཁྱོད་འདིའི་ལུས་སུ་བྱོས་ལ་འདི་དང་གཉིས་སུ་མེད་པར་བྱོས་ཤིག་ཅེས་པ་སྟེ། དེ་བས་ན་འདི་འཆད་པ་པོ་ཡང་ལག་ན་རྡོ་རྗེ་ཡིན་
པར་འཆད་ཅིང་འཁོར་ཕུན་སུམ་ཚོགས་པ་བསྟན་པའི་དུས་སུ་ཡང་། ཞེ་སྡང་གཤིན་རྗེའི་དགྲ་དང་ཞེས་རྗེ་བཙུན་ཤཱཀྱ་ཐུབ་པ་ལས་ལྟོས་ཏེ་འཁོར་དུ་བསྟན་པ་ཡང་ཡིན་ལ། ཕྱག་ན་རྡོ་རྗེ་དང་། ཁྲོ་བོ་ཆེན་པོ་འདི་གཉིས་སུ་མེད་པ་ཉིད་སྟོན་པ་ཡང་ཡིན་ཏེ།
རྒྱུད་འདིའི་འཆད་པ་པོ་ནི་འདི་ཉིད་ཡིན་ལ། སྟོན་པ་བཟང་པོ་ནི་བཅོམ་ལྡན་འདས་ཤཱཀྱ་ཏོག་ཉིད་དོ། །བདུད་དང་ཞེས་བྱ་བ་ལ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་ནག་པོའི་རྩ་ལག་རྣམས་སོ། །ཀླུ་དང་ཞེས་བྱ་བ་ནི་གང་དག་ལྷ་མ་ཡིན་དང་བདུད་ལ་དགའ་
བའི་ཀླུའི་རིགས་རྣམ་པ་ལྔ་དག་གོ། །གནོད་སྦྱིན་དང་ཞེས་བྱ་བ་ནི་ལག་ན་རྡོ་རྗེ་དང་། གོས་སྔོན་པོ་འཛིན་པ་དང་། གསང་བ་པ་བདུད་ཀྱི་རིས་རྣམས་སོ། །ལྷ་མས་ཞེས་བྱ་བ་ནི་རྒྱལ་ཆེན་རིས་བཞི་ལ་སོགས་པ་གང་དང་གང་བདུད་ལ་མངོན་པར་
དགའ་བ་རྣམས་སོ། །དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་མ་བསྐོར་བའི་དུས་ན་ནི། ལྷ་ལ་སོགས་པ་ཕལ་ཆེར་གཞན་ལ་འཚེ་བ་མ་བཏང་ཞིང་བདུད་ཀྱི་རིས་པ་ཉིད་དུ་བགྲང་བ་ཡིན་ཏེ། དེ་ལྟར་ནི་གསང་བ་ཟླ་བའི་ཐིག་ལེ་ལས།
དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་ཀུན་དུ་བཟང་པོས་དཔལ་རྡོ་རྗེ་འཆང་བདེ་བ་ཆེན་པོས་བརྒྱན་པའི་དཔལ་ཡང་དག་པར་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བཞེངས་ནས་ཕྱོགས་བཅུའི་མཐའ་ཡས་འབྱམ་ཀླས་པའི་འཇིག་རྟེན་གྱི་ཁམས་ཀུན་དུ་
གཟིགས་ནས་ངོ་མཚར་དུ་གྱུར་ཏེ། ཀྱི་ཧུད་འཇིག་རྟེན་གྱི་ཁམས་འདི་ནི་སྟོངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་རྣམས་དང་བྲལ་བས་གདུག་པ་ཐམས་ཅད་ཀྱིས་འདི་ཉེ་བར་གཙེས་ཏེ་གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་དང་། ནད་དང་།
เล่ม ๔๖ · หน้า 139b
འཚེ་བ་དང་། གདོན་ཆེན་པོ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཡང་དག་པར་ཟོས་ཞེས་དགོངས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ལ་ཡང་དེ་ཉིད་ལས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་
འདུ་བ་མཛད་ནས་ཡང་ནས་ཡང་བཅོམ་ལྡན་འདས་ལ་གཟིགས་ཏེ། བདེ་བ་ཆེན་པོ་ཤིན་ཏུ་དགྱེས་པ་གཉིས་སུ་མེད་ལ་ལོངས་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བསྐུལ་ནས། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞུགས་
ནས། བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་ཡང་དག་པར་ཐིམ་པར་གྱུར་པ་ན། ཁམས་གསུམ་འདིར་དམ་པའི་ཆོས་སྟོན་པ་དང་། འཇུག་པར་བྱེད་པ་དང་། བསྟན་པ་ལ་གནས་པར་བྱེད་པ་འགའ་ཡང་མེད་ཅིང་། སངས་རྒྱས་དང་། ཆོས་དང་། དགེ་
འདུན་འཇུག་པར་བྱེད་པ་ཡང་མེད། ཁྲོས་པ་དང་། གཏུམ་པོ་དང་། རྔམ་པ་ཆེན་པོ་དང་། རབ་ཏུ་གདུག་པ་ཆེན་པོར་སེམས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མུན་པས་བསྒྲིབས་པ་དང་། གཏུམ་འཁྲུག་ཆེན་པོ་དང་། གཞན་
གྱི་སྲོག་འཕྲོག་པ་དང་། གཞན་གྱི་སེམས་འཕྲོག་པ་དང་། གཞན་གྱི་བུད་མེད་ཀྱི་མཚུངས་པ་དང་། བརྫུན་དང་ཕྲ་མ་དང་། ཚིག་རྩུབ་མོ་ལ་སོགས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པས་གཞན་ལ་གཙེས་པ་དང་། གཅིག་གི་ཤ་
གཅིག་གིས་ཟ་བ་དང་། ཐབས་མེད་པའི་ལས་ལ་གནས་པ་རྣམས་ཀྱིས་ཀྱི་ཧུད་འཇིག་རྟེན་གསུམ་པོ་འདི་བརླག་གོ་ཞེས་སྔོན་གྱི་སྨོན་ལམ་གྱི་སྟོབས་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་གཟིགས་སོ་ཞེས་གསུངས་ཏེ། དེ་བས་ན་སངས་རྒྱས་འབྱུང་བ་ལ་འཇིག་
རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་མ་ལུས་པ་བརྟེན་པས་ན། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །ཞེས་ཚིགས་སུ་བཅད་དོ། །ད་ནི་རབ་ཏུ་མ་རུངས་པ་དེ་དག་གདུལ་བའི་ཐབས་གཞན་མེད་པས་སྐྲག་པར་གྱིས་ཤིག་ཅེས་གསུངས་
เล่ม ๔๖ · หน้า 140a
ཏེ། གདུལ་སླ་བ་རྣམས་སོ། །གདུལ་བྱ་བར་མ་རྣམས་ནི་ཆེར་འཇིགས་པར་གྱིས་ཤིག་ཅེས་གསུངས་སོ། །རབ་ཏུ་གདུལ་དཀའ་བ་དག་ནི་སོད་ཅིག་ཅེས་གསུངས་སོ། །དེ་ཡང་ཇི་ལྟར་འཕགས་པ་དེ་ཁོ་ན་འདུས་པ་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་འཇིག་རྟེན་
གསུམ་གྱི་འཁོར་ལོ་གཏུམ་པོ་ལྟ་བུ་སྟེ། འདི་ནི་གཞུང་རབ་ཏུ་བསྡུས་པས་མ་གསུངས་པར་ཟད་དོ། །ཁ་ཅིག་ན་རེ་ཚིག་འདི་དག་གིས་ནི་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་ཕྱུང་སྟེ། གཏད་པ་མཛད་ནས་དེ་ནས་བདུད་ཚར་བཅད་དེ་སྲུང་བའི་འཁོར་ལོ་འཆད་པ་ལྟར་བསྒྲུབས་ནས། དེའི་
དབུས་ཟླ་བ་རྡོ་རྗེ་རབ་སྦྱོར་བས། །གཤིན་རྗེ་གཤེད་པོ་བསམ་པར་བྱ། །ཞེས་བྱ་བ་ལ་སོགས་པའི་རིམ་པས་བཅོམ་ལྡན་འདས་འདི་གཤིན་རྗེ་གཤེད་ཀྱི་སྐུར་མངོན་པར་སངས་རྒྱས་སོ་ཞེས་ཟེར་ཏེ་དེ་མ་ཡིན་ཏེ། སྐུ་ཡང་དག་པར་གཏད་པའི་དོན་མེད་པའི་ཕྱིར་དང་། ཡང་དག་པར་ཐ་མི་དད་
དུ་ཟིན་ཀྱང་། བཅོམ་ལྡན་འདས་འདིའི་བྱང་ཆུབ་གཞན་ལ་རག་ལས་པ་ནི་བྱིས་པ་དག་མི་འདོད་པའི་ཕྱིར་རོ། །གཤིན་རྗེ་ཞེས་བྱ་བ་ནི་འཆི་བདག་གི་བདུད་དོ་ཞེས་སྔར་སྨྲས་པ་མ་ཡིན་ནམ། འདིར་ནི་ལྷའི་བུའི་བདུད་བཏུལ་བར་གྱུར་པས་འདི་ནི་ལྷའི་བུའི་བདུད་ཀྱི་དགྲ་ཡིན་གྱི། གཤིན་རྗེའི་
དགྲ་མ་ཡིན་ནོ་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་ལྷའི་བུའི་བདུད་ནི་ཉེ་བ་ན་མེ་ཏོག་གི་མདའ་འཕེན་པའམ། བུད་མེད་ཀྱིས་སྒྱུ་འཕྲུལ་གྱི་ལམ་གྱི་བར་ཆད་བྱེད་པ་ལ་བརྗོད་ལ། འདིར་ནི་མཚོན་ཆའི་ཆར་རབ་ཏུ་བབ་པ་དང་། མེའི་ཆར་འབེབས་པ་ལ་སོགས་པའི་ཐུབ་པ་ཆེན་པོ་འགྲོངས་པར་
སྦྱོར་བས་འཆི་བདག་ཉིད་ཡིན་ཏེ་ཇི་སྐད་དུ། བདུད་ཀྱི་དབང་ཕྱུག་གིས་སྨྲས་པ་ཡང་། དགེ་སྦྱོང་མྱུར་ལོངས་ང་ཡི་བསམས་པ་བཞིན་དུ་སོང་། འོད་མའི་མྱུ་གུ་སྔོ་ལྟར་དོ་མོད་གཏུབས་ས་རེ། །ཞེས་སོ། །གཞན་ཡང་རགས་པའི་གཟུགས་རྣམས་ཐོ་བ་ལ་སོགས་པས་བཅོམ་པ་ན་འཇིགས་པ་རགས་
པ་ཐོབ་པ་ལ་སོགས་པས་བུམ་པ་ལ་སོགས་པ་བཅོམ་པར་སྣང་ཡང་ངེས་པར་ནི་འཇིགས་པར་རབ་ཏུ་ཕྲ་བ་སྐད་ཅིག་རེ་རེ་ལ་འཇིག་པ་ཉིད་ཀྱིས་དེ་ཞིག་པ་ཡིན་པ་ལྟར། གང་དག་འཆི་བར་བྱེད་པ་རགས་པ་དེ་དག་མ་ལུས་པ་ལ་ཡང་དངོས་སུ་ནི་གསོད་པ་པོ་གཤིན་རྗེ་ཡིན་ལ། ཐོ་བ་ལ་སོགས་
เล่ม ๔๖ · หน้า 140b
པ་རགས་པ་འཇིག་པར་བྱེད་པ་མེད་ན་སྐད་ཅིག་རེ་རེ་ལ་འཇིག་པའི་འཇིགས་པས་ནི་མ་ཞིག་པ་དང་ཁྱད་མེད་པ་ལྟར་འཆི་བར་བྱེད་པ་རགས་པ་དག་བཟློག་ན། རྟག་ཏུ་གླགས་ལྟ་བའི་འཆི་བདག་གིས་གནས་མི་ཐོབ་པས་ན། འདིར་བཅོམ་ལྡན་འདས་དེས་གཤིན་རྗེ་དེ་རྒྱུ་དང་བཅས་རྐྱེན་
དང་བཅས་པར་བཅོམ་པ་ཡིན་ནོ། །གཞན་ཡང་རིགས་པར་ན་བདུད་བཞི་ཆར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དུས་ཉིད་དུ་བཅོམ་པར་ཤེས་པར་བྱའོ། །དེའི་ཚེ་ཞེས་བྱ་བ་ནི་བཀའ་ལུང་སྩལ་པའི་ཚེའོ། །བཅོམ་ལྡན་འདས་ཀྱི་དྲུང་དུ་ཇི་ལྟར་ཐོས་པ་ལྟར་ཞེས་བྱ་བ་ནི་སྟོན་
པ་ལ་གུས་པ་དང་ཡིད་ཆེས་པས་བསྒོ་བ་རྣ་ལ་གཟོན་པའི་ཕྱིར་རོ། །དེ་མ་ཐག་ཏུ་བཟུང་ངོ་ཞེས་བྱ་བ་ནི་བཀའ་ལུང་སྩལ་མ་ཐག་ཏུ་བདག་ཉིད་གཤིན་རྗེའི་དགྲ་དང་གཉིས་སུ་མེད་པར་གྱུར་ནས། དེའི་རང་བཞིན་བཟུང་ངོ་ཞེས་བྱ་བ་སྟེ། སངས་རྒྱས་རྣམས་ནི་གཅིག་ཏུ་མ་གྱུར་ཞིང་། དུ་མ་ཡང་གཅིག་ཏུ་འགྱུར་
བ་ལ་ཐོགས་པ་མེད་དེ། བསྐལ་པ་དུ་མར་ཚད་མེད་པའི་ཐབས་མཁས་པ་ལ་བསླབས་པས་སོ། །ཅིའི་ཕྱིར་འདིར་འདྲི་བར་བྱེད་ཅེ་ན། རབ་ཏུ་མཐུ་དང་ལྡན་པའི་ལྷ་གཉིས་གཅིག་ཏུ་གྱུར་པ་ནི་མཐུའི་ཁྱད་པར་རབ་ཏུ་ཕུལ་དུ་བྱུང་བ་སྟོན་པ་སྟེ། དེ་བས་ན་རྒྱུད་འདི་ནི་རབ་ཏུ་འགྲུབ་པ་འབྲས་བུ་འཕྲལ་
དུ་འབྱིན་པའོ་ཞེས་དེང་སང་བླ་མ་རྣམས་བཀུར་ནས་གསུང་ངོ་། །གཞན་ཡང་སངས་རྒྱས་ཀྱི་རོལ་མོ་བསྟན་པ་རྒྱ་ཆེན་པོ་ལ་འཇུག་འདོད་པར་བྱ་བའི་ཕྱིར་ཏེ། ཇི་ལྟར་འཕགས་པ་དེ་ཁོ་ན་ཉིད་འདུས་པའི་རྒྱུད་དུ་དེ་བཞིན་གཤེགས་པ་ཐམས་ཅད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་
ཞུགས་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིང་ངའི་ཐུགས་སུ་ཞུགས་ཤིག་ཅེས་གསུངས་པ་ལྟ་བུའོ། །བཅངས་སོ་ཞེས་བྱ་བ་ལ་དེའི་བདག་ཉིད་བཟུང་བ་དེ་ཉིད་མ་བཏང་བར་གནས་པའོ། །ཀུན་ཆུབ་པར་བྱས་སོ་ཞེས་བྱ་བ་ནི་དེའི་བདག་ཉིད་འཛིན་པ་ལ་
རྗེས་སུ་དགའ་བ་བསྐྱེད་པའོ། །བསྟི་སྟང་དུ་བྱས་སོ་ཞེས་བྱ་བ་ནི་རྒྱུད་འདིའི་དོན་ཡང་བཅོམ་ལྡན་འདས་དེ་ལ་གུས་པའི་ཕྱིར་བཤད་དོ་ཞེས་བྱ་བའོ། །ཁ་ཅིག་ནི་འདིར་སྐུ་ཡང་དག་པར་གཏད་པའི་བཤད་པ་དང་པོ་ལ་གུས་པས་ཚིག་འདི་དག་ཀྱང་གཞུང་ཡང་དག་པར་མནོས་པས་འཆད་ལ་རྒྱུད་ཡོངས་སུ་རྫོགས་པ་ན་བྱེད་
เล่ม ๔๖ · หน้า 141a
དོ། །གླེང་སློང་བ་རྒྱ་ཆེར་བཤད་པ་རྫོགས་སོ།། །།ད་ནི་ཡོངས་སུ་ཤེས་པར་བྱ་བ་རྒྱུད་ཀྱི་གཞུང་ཉིད་བསྟན་ཏེ། དེ་ནས་ཞེས་བྱ་བ་ནི་སྐུ་ཡང་དག་པར་གཏད་པ་དག་ཏུའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་གཤིན་རྗེའི་དགྲ་
སྟེ། ཇི་སྐད་དུ་འཕགས་པ་དེ་ཁོ་ན་འདུས་པ་ལས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པས་འདི་སྐད་ཅེས་བཀའ་སྩལ་ཏེ། ཀྱེ་མ་ལྷ་རྣམས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ། དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཐུ་བོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་སྟེ། སེམས་ཅན་ཐམས་ཅད་གདུལ་བའི་དོན་བྱ་བའི་ཕྱིར། ཁྲོ་བོའི་རྒྱལ་པོ་ཆེན་པོར་དབང་བསྐུར་རོ་ཞེས་གསུངས་པས་སོ། །བདུད་ཐམས་ཅད་ཅེས་
བྱ་བ་ནི་ལྷའི་བུའི་དང་འཆི་བདག་གི་བདུད་དོ། །སེལ་བར་བྱེད་པ་ཞེས་བྱ་བ་ནི་ཡང་དག་པར་སྤོང་ཞིང་དེ་དག་ལས་གསུང་བའོ་ཞེས་བྱ་བ་ནི་ཚིག་གིས་མཚམས་སྦྱར་བ་དང་མིང་གི་མཐའི་ཕྲད་དོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི་སེམས་རྩེ་གཅིག་པའོ། །འདིས་ཞེས་བྱ་བ་ནི་འོད་ཟེར་ལྔ་པོ་ནི།
འཁྲུགས་པའི་རྡོ་རྗེ་བསྒོམ་བྱས་ཏེ། །ཞེས་བྱ་བ་ལ་སོགས་པའོ། །དེ་མ་ཐག་ཏུ་ཞེས་བྱ་བ་ནི་དོན་གྱི་དབང་གིས་ན་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་སྟེ། དེ་ཉིད་ཀྱི་ཕྱིར་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་གསུངས་ཏེ། ཉིད་ཀྱི་ཞེས་བྱ་བ་ནི་གཤིན་རྗེའི་དགྲའོ། །
སྐུ་དང་གསུང་དང་ཐུགས་རྣམས་ཆོས་ཀྱི་དབྱིངས་སུ་བསྒོམས་པས་དེ་ཉིད་བདག་ཉིད་ལས་མི་ཕྱེད་པར་གྱུར་པ་ནི་རྡོ་རྗེའོ། །དེ་ཉིད་ལས་སྲུང་བ་ལ་སོགས་པའི་མན་ངག་རྣམས་ཕྱུང་ངོ་། །དེ་བས་ན་འདི་ནི་ཆོས་ཀྱི་དབྱིངས་ལས་བྱུང་བ་ཡིན་གྱི། དེ་བཞིན་གཤེགས་པ་སྔོན་ཆད་མེད་པ་ཞིག་སྦྱར་བ་ནི་མ་ཡིན་
ཏེ། ཇི་སྐད་དུ། འཇིག་རྟེན་འདས་པའི་སྔགས་རྣམས་ཀྱི། །ཐོག་མའི་བྱེད་པ་མེད་པའོ། །ཞེས་གསུངས་ལ། ཡང་གསུངས་པ། གསང་བའི་བདག་པོ་གཞན་ཡང་གསང་སྔགས་རྣམས་ཀྱི་མཚན་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་བྱས། བྱེད་དུ་མ་བཅུག །རྗེས་སུ་ཡི་རང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་
เล่ม ๔๖ · หน้า 141b
ཞེ་ན། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་ཡེ་ཤེས་གནས་པ་སྟེ། དེ་ཡང་འདི་ལྟར་གསང་སྔགས་རྣམས་ཀྱི་ཆོས་ཉིད་དོ། །གསང་བའི་བདག་པོ་དེ་ལ་གང་གི་ཚེ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ། འཇིག་རྟེན་དུ་འབྱུང་བ་དེའི་ཚེ་ཆོས་ཉིད་ཚུལ་སྣ་ཚོགས་དང་། དགོངས་པ་སྣ་ཚོགས་ཀྱི་སེམས་ཅན་བསམ་པ་སྣ་ཚོགས་པ་རྣམས་ལ་ཚིག་སྣ་ཚོགས་དང་ཡིག་འབྲུ་སྣ་ཚོགས་དང་། ཡུལ་གྱི་ངེས་པའི་
ཚིག་ཏུ་བརྗོད་པ་སྣ་ཚོགས་དང་དབྱངས་སྣ་ཚོགས་སུ་གོ་བ་རྣམས་སུ་བྱིན་གྱིས་བརླབས་ཏེ་གསང་སྔགས་ཀྱི་ཚུལ་འཆད་དོ་ཞེས་གསུངས་སོ། །དེ་ལས་བྱུང་བ་དེ་ཉིད་གང་ཞེ་ན། ཟླ་བ་རྡོ་རྗེ་རབ་སྦྱོར་བས། །གཤིན་རྗེ་གཤེད་པོ་བསམ་པར་བྱ། །ཞེས་བྱ་བ་གསུངས་ཏེ་དང་པོར་
སྟོང་པ་ཉིད་དུ་གྱུར་པ་ལས་ཨ་ལས་བྱུང་བའི་ཟླ་བ་ལ་ཧཱུཾ་གི་ཡི་གེ་ལས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པ་བསམ་པའི་འོད་ཟེར་འཕྲོ་བ་དང་འདུ་བའི་བར་དུ་སྦྱོར་བས་དེ་དག་ཡོངས་སུ་གྱུར་པའི་འོད་ཀྱི་གོང་བུ་ལས་ཞེ་སྡང་གཤིན་རྗེ་གཤེད་པོར་བདག་ཉིད་བསམ་པར་བྱའོ། །འདིའི་དོན་ཡང་
ཞིབ་ཏུ་ནི་ཀུ་མུ་ཏ་ཁ་ཕྱེ་བར་གསལ་བར་བྱས་པས་དེར་བལྟའོ། །ཅི་སྲུང་བ་མ་བསྒོམས་པར་རམ་ཞེ་ན་མ་ཡིན་ཏེ། བདུད་རྣམས་མེད་པའི་དོན་དུ་ནི། །ཕྱོགས་བཅིང་དོན་ནི་རབ་བསྟན་པ། །བསྒོམ་ཞེས་བྱ་བ་ནི་ཚིག་ལྷག་མའོ། །ཇི་ལྟ་བུ་ཞིག་བསྒོམ་ཞེ་ན། བསྲུང་བའི་
དོན་ལ་པདྨའི་ཟླ་བ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསྒོམ་པར་བྱ་སྟེ། དེ་ཡང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། དཀར་པོའི་འོད་ཟེར་ཁ་དོག་ལྔ་པོ་རབ་ཏུ་འཁྲུག་པར་རོ། །དེས་ཅི་ཞིག་བྱེད་ཅེ་ན། འོད་ཟེར་ཁ་དོག་ལྔ་པོ་འཁྲུག་པ་དེ་དག་རྡོ་རྗེ་རབ་ཏུ་
ཕྲ་བ་ནས་འབྲས་ཙམ་དུ་གྱུར་ཅིང་དེ་དག་འོག་ཏུ་རབ་ཏུ་འཐོབ་པ་ནི་འོག་ཏུ་མ་ལུས་པའམ། བཅུད་ཀྱི་ངོས་ལ་ཐུག་པར་རྡོ་རྗེའི་རང་བཞིན་གྱི་ས་གཞིར་གྱུར་ཅིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་ཚད་ཙམ་དུ་ཀུན་ནས་གྲུ་བཞི་ལྷམ་པར་ཁོར་ཡུག་ཆེན་པོར་རོ། །ཕྱོགས་སུ་
เล่ม ๔๖ · หน้า 142a
ནི་འོད་ཟེར་དེ་དག་རྡོ་རྗེའི་རང་བཞིན་གྱི་ལྕགས་རིའི་ར་བར་གྱུར་ཏོ། །ཡང་འོད་ཟེར་དེ་དག་ཕྱོགས་སུ་ཁོར་ཡུག་ཆུང་ངུའི་རྣམ་པ་ལྟར་ཀུན་ནས་ཟླུམ་པོའི་རྡོ་རྗེའི་རྩིག་པ་ཉིད་དུ་གྱུར་ཏོ། །ཡང་འོད་ཟེར་དེ་དག་སྟེང་གི་ཕྱོགས་སུ་རྡོ་རྗེའི་རང་བཞིན་གྱི་
གུར་དག་ཏུ་གྱུར་པར་ཇི་ལྟར་གསུངས་པ་དེ་བཞིན་དུ་བསམ་པར་བྱ་སྟེ། དེ་བས་ན་གང་ཞིག་དཔལ་གཤིན་རྗེའི་དགྲའི་གོ་འཕང་འདོད་ན་དེས་དང་པོར་སྲུང་བ་བགྱིས་ལ། དེ་ནས་དེར་བདག་ཉིད་སྒོམས་ཤིག་ཅེས་གསུངས་པའོ། །དེ་ལ་ཁ་ཅིག་ན་རེ་སྲུང་བ་ལ་སོགས་
པ་ནི་རྣལ་འབྱོར་ཡང་བདག་ཉིད་ལྷའི་སྐུར་གནས་པར་བྱ་བའི་རིགས་ལ། རྒྱུད་ལས་ཀྱང་དང་པོར་ལྷའི་རྣལ་འབྱོར་གསུངས་པས། རེ་ཞིག་དང་པོ་ཟླ་བ་དང་། རྡོ་རྗེ་ཙམ་ལས་ལྷའི་སྐུ་མངོན་དུ་བྱས་ལ་དེས་སྲུང་བར་བྱ་སྟེ། དེའི་དབུས་སུ་མཆོད་པ་ལ་སོགས་པ་ལྷའི་
རྣལ་འབྱོར་རྒྱས་པ། ཡན་ལག་དང་བཅས་པར་བྱའོ་ཞེས་ཟེར་རོ། །དེ་ནས་ཞེས་བྱ་བ་ནི་སྲུང་བ་བསྟན་མ་ཐག་ཏུའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ཞེ་སྡང་གཤིན་རྗེ་གཤེད་ཉིད་དུ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་དཀྱིལ་འཁོར་བའི་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་བྱང་ཆུབ་ཀྱི་སེམས་ལས་བསྐྱེད་པའོ་ཞེས་བྱ་བའོ། །དེ་བདུད་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་འབྲས་བུའི་གཤིན་རྗེ་གཤེད་དུ་གྱུར་ནས་སོ། །གཤིན་རྗེའི་དགྲ་གཏི་མུག་རྡོ་རྗེ་བྱ་བ་ལ་སོགས་པ་ནི་གོ་སླའོ། །
ནམ་མཁའི་རྡོ་རྗེ་དབུས་ནི་ཞེས་བྱ་བ་ལས་ནམ་མཁའི་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཡོངས་སུ་གྱུར་པ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་ནམ་མཁའ་ཐམས་ཅད་ཁྱབ་པའི་ཚད་ལ་ཆོས་འབྱུང་གི་རྡོ་རྗེ་དང་དབྱེར་མེད་པའི་གློ་བུར་གྱི་སྒྲིབ་པ་དང་བྲལ་བས་ཁ་དོག་དཀར་བ་འདོད་པའི་
ཁམས་སུ་ཁྱབ་པས་རྩེ་མོ་གཅིག་ཐུར་དུ་བལྟས་པ་ཁམས་གོང་མ་གཉིས་ལ་ཁྱབ་པར་རྩེ་མོ་གཉིས་སྟེང་ན་གནས་པའོ། །དེའི་དབུས་སུ་ཞེས་བྱ་བ་ནང་དུ་པཾ་ལས་བྱུང་བའི་པདྨ་སྣ་ཚོགས་འདབ་མ་བརྒྱད་ཀྱི་ལྟེ་བ་ལ་ཧཱུཾ་ལས་བྱུང་བའི་ཉི་མར་ཡི་གེ་ཁཾ་ལས་བྱུང་བའི་སྣ་ཚོགས་
เล่ม ๔๖ · หน้า 142b
རྡོ་རྗེ་འོད་ཟེར་བསྐལ་པའི་མེ་འབར་བ་ལྟ་བུས་བདུད་ཀྱི་དཔུང་ཆེན་པོ་བསྲེགས་པས་འཇིགས་པར་བསམ་པར་བྱ་ཞིང་དེའི་དབུས་སུ་ཡང་རྣམ་པར་སྣང་མཛད་ལ་སོགས་པ་སྦྱོར་བས་གཞལ་ཡས་ཁང་ཁང་པ་བརྩེགས་མ་བསམས་ཏེ། ཁང་པ་བརྩེགས་མ་དེའི་དབུས་སུ་ཇི་ལྟར་གསུངས་པའི་
གདན་ལ་བསམ་པར་བྱ་བ་ནི་དེའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་གོ་སླའོ། །སྣ་ཚོགས་རྡོ་རྗེའི་གྲྭ་བཞི་ལ། མི་ཡི་མགོ་བོ་དེ་བཞིན་བཞི། །ཞེས་བྱ་བ་ལ། །སྣ་ཚོགས་རྡོ་རྗེ་གྲྭ་ཞེས་བྱ་བ་ནི། སྣ་ཚོགས་རྡོ་རྗེ་ལ་བརྟེན་པའི་ཁང་པ་བརྩེགས་མའི་གྲྭའི་རེའུ་ཆ་བཞི་པ་པདྨའི་ཟླ་བ་བདུད་རྩིས་
བཀང་བའི་མིའི་མགོ་བོ་བཞི་དེ་བཞིན་དུ་བསྒོམ་པར་བྱའོ་ཞེས་ཚིག་རྣམ་པར་སྦྱར་རོ། །ཁ་ཅིག་ན་རེ་དབུས་སུ་པདྨ་འདབ་བརྒྱད་བསྒོམ་ཞིང་དེའི་མཚམས་ཀྱི་འདབ་མ་བཞི་ལའོ་ཞེས་ཟེར་བ་ནི་མི་འཐད་དོ། །འདིར་གྲྭ་ཞེས་བྱ་བ་ཡང་། ནང་གི་རྡོ་རྗེ་ར་བའམ་ལྷའི་སྣམ་བུའི་གྲྭ་གང་ལ་ཡང་རུང་བའོ། །
དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གསང་བའི་དཀྱིལ་འཁོར་དབྱུང་བའི་སྔགས་ཏེ་གོ་སླའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྟེ་འདིར་དོན་ནི་སྔོན་དུ་བྱ་བའི་ཡན་ལག་རྣམས་བྱས་ལ། དེ་ནས་རེ་ཞིག་རང་གི་མཚོག་མར་ཡི་གེ་
ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཨོཾ་ཁ་དོག་དཀར་པོ་ལས་བྱུང་བའི་འཁོར་ལོ་རྩིབས་བརྒྱད་པ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་དཀར་པོ་རྩ་བའི་ཞལ་དཀར་པོ། ཞལ་གཡས་གཡོན་གནག་པ་དང་དམར་བ་ཕྱག་གཡས་པ་གཉིས་ན་འཁོར་ལོ་དང་
རལ་གྲི་འཛིན་པ། གཡོན་པ་གཉིས་ན་ནོར་བུ་དང་པདྨ་འཛིན་པ། གཡས་གཡོན་དང་པོ་གཉིས་ན་གྲི་གུག་དང་ཐོད་པ་འཛིན་པས་རང་དང་འདྲ་བའི་བཙུན་མོ་ལ་འཁྱུད་པ་རྡོ་རྗེ་སྐྱིལ་ཀྲུང་དུ་གནས་པ་བསམས་ཏེ། ཡང་དེའི་ཐུགས་ཀ་ན་གནས་པའི་ཡི་གེ་ཨོཾ་གྱི་འོད་ཟེར་གྱི་ཚོགས་ཀྱིས་ནམ་མཁའི་གཏོས་ཁྱབ་པའི་སངས་རྒྱས་
དཔག་ཏུ་མེད་པ་བསྡུས་ཏེ། མཁའ་ལ་གནས་པ་ལ་ཡང་དག་པར་མཆོད་དེ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་
เล่ม ๔๖ · หน้า 143a
བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་བཀང་བ། །སངས་རྒྱས་སྐུ་ཡི་ངོ་བོ་ཉིད། །བདག་ཀྱང་དེ་དང་འདྲ་བར་ཤོག །ཅེས་གསོལ་བ་བཏབ་པས་སངས་རྒྱས་ཐམས་ཅད་སྐུ་རྡོ་རྗེ་ལ་ཞུགས་པར་བསམས་ཏེ། ཨོཾ་སརྦ་ཏ་
ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བཟླས་པས་བྱིན་གྱིས་བརླབ་བོ། །དེ་ནས་ཡང་མགྲིན་པའི་ཕྱོགས་སུ་ཨའི་ཡི་གེ་ལས་བྱུང་བའི་ཟླ་བ་ལ། ཡི་གེ་ཨཱཿདམར་པོ་བསམས་ཏེ་དེ་ལས་བྱུང་བའི་པདྨ་དམར་པོ་དང་། དེ་ལས་བྱུང་བའི་བཅོམ་ལྡན་འདས་ཚེ་མཐའ་ཡས་པ་སྐུ་མདོག་པདྨ་རཱ་
གི་འདྲ་བ་ཞལ་གསུམ་ལ་རྩ་བའི་ཞལ་དམར་བ། ཞལ་གཡས་དང་གཡོན་གནག་པ་དང་དཀར་བ། ཕྱག་དྲུག་པ། གཡས་ན་པདྨ་དམར་པོ་དང་ནོར་བུ་མརྒད་འཛིན་པ། གཡོན་ནོར་བུ་བཻ་ཌཱུརྱ་དང་འཁོར་ལོ་འཛིན་པ། གཡས་གཡོན་དང་པོ་གཉིས་ན་གྲི་གུག་དང་ཐོད་པས་བྲེལ་བས་རང་
སྣང་བའི་བཙུན་མོ་ལ་འཁྱུད་པར་བསམས་ཏེ། དེའི་ཐུགས་ཀའི་ཡི་གེ་ཨཱཿའི་འོད་ཟེར་གྱིས་སངས་རྒྱས་ནམ་མཁའ་ཁྱབ་པ་བཀུག་ལ་ཡང་དག་པར་མཆོད་དེ། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་
གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་ཞིང་། །ཆོས་འཛིན་པ་
དང་འདྲ་བར་ཤོག །ཅེས་གསོལ་བ་བཏབ་པས། །སངས་རྒྱས་ཐམས་ཅད་གསུང་རྡོ་རྗེ་ལ་རབ་ཏུ་ཞུགས་པར་བསམ་མོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བཟླས་པས་བྱིན་གྱིས་བརླབ་པོ། །དེའི་འོག་ཏུ་སྙིང་གར་ཡི་གེ་ཨ་ལས་བྱུང་བའི་ཟླ་བ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལས་
བཅོམ་ལྡན་འདས་མི་གཡོ་བ་སྐུ་མདོག་ནག་པོ་ཞལ་གསུམ་པ་ལ་ཕྱག་དྲུག་པ། ཞལ་དང་པོ་གནག་པ་གཡས་དང་གཡོན་དཀར་བ་དང་དམར་བ། ཕྱག་གཡས་པས་རྡོ་རྗེ་དང་རལ་གྲི་གཡོན་པ་དག་ན་ནོར་བུ་དང་པདྨ། ཕྱག་དང་པོ་གཉིས་ནི་གྲི་གུག་དང་ཐོད་པ་འཆང་བས་རང་ལྟ་བུའི་ཤེས་རབ་མ་ལ་འཁྱུད་
เล่ม ๔๖ · หน้า 143b
པར་བསམས་ལ་དེའི་ཐུགས་ཀ་ན་གནས་པའི་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བའི་སངས་རྒྱས་ནམ་མཁའ་གང་བ་ལ་ཡང་དག་པར་མཆོད་དེ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །
ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཀུན་དུ་བཟང་པོའི་ཐུགས་གང་ཡིན། །གསང་བའི་བདག་པོ་བློ་ལྡན་པ། །བདག་ཀྱང་དེ་དང་འདྲར་གྱུར་ཅིག །རྡོ་རྗེ་འཛིན་དང་
མཚུངས་པར་ཤོག །ཅེས་གསོལ་བ་བཏབ་པས་སངས་རྒྱས་ཐམས་ཅད་ཐུགས་རྡོ་རྗེ་ལ་ཞུགས་པར་བསམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བཟླས་པས་བྱིན་གྱིས་བརླབས་ཏེ། འདི་དག་ལ་སོགས་པ་བྱིན་གྱིས་བརླབ་པའི་སྔགས་ནི། གང་དུ་ཡང་ལན་གསུམ་
མམ། བདུན་ནམ། ཡང་ན་དེའི་དོན་ལ་མོས་པ་ངེས་པར་གྱུར་གྱི་བར་དུ་བཟླས་སོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་གཙོ་བོ་ལྔའི་རང་བཞིན་བཤད་པ་སྟེ། དེའི་ལྷག་མ་ནི་ལེའུ་བཅུ་པ་ལས་འཆད་པར་བྱེད་དོ། །ཚིག་གི་དོན་ནི་གོ་སླ་བས་མ་ཕྱེའོ། །མངོན་
པར་རྟོགས་པ་ཞེས་བྱ་བ་ནི་རང་གི་སེམས་སོ་སོར་རྟོག་པ་ལ་སོགས་པའི་ལམ་སྟེ་དེ་གསལ་བར་བྱེད་པའི་ལེའུ་ཞེས་བྱའོ། །ལེའུ་དང་པོའི་བཤད་པ་རྫོགས་སོ།། །།དེ་ལྟར་མངོན་པར་རྟོགས་པ་བསྒོམ་པའི་དུས་སུ་བསྟོད་པ་ལ་སོགས་པ་བྱ་དགོས་པས་ན། དེ་ནས་བསྟོད་
པ་ལ་སོགས་པའི་ལེའུ་གཉིས་པ་བསྟན་ཏོ། །དཀྱིལ་འཁོར་ཆེན་པོ་བྲི་བ་ཡང་སློབ་མས་གསོལ་བ་གདབ་དགོས་པས་གསོལ་བ་གདབ་པ་ལ་སོགས་ལེའུ་གསུམ་པ་བསྟན་ཏོ། །བདག་གི་དོན་དུ་དངོས་གྲུབ་ཐོབ་ནས་གཞན་རྗེས་སུ་གཟུང་བ་དང་ཕན་གདགས་པར་རིགས་ཏེ། དེ་ལྟར་ན་
ནི་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་ཀྱང་། འདི་ན་ཡུལ་རྣམས་སྤངས་ཤིང་ཆོས་བསྒྲུབས་པས། །ཚེ་རིང་བ་ཉིད་ལེགས་པར་ཐོབ་གྱུར་ན། སྐྱོ་བ་མེད་པའི་སེམས་ཀྱིས་འགྲོ་བ་ཡི། །བསམ་པ་རྣམས་ནི་རྟག་ཏུ་རྫོགས་པར་བྱ། །ཞེས་གསུངས་སོ། །དེ་བས་ན་དེ་བཞིན་གྱི་དོན་
เล่ม ๔๖ · หน้า 144a
ལེའུ་བཞི་པ་གསུངས་སོ། །དེ་ནས་ཁ་ཅིག་ནི་ཞི་བ་ལ་སོགས་པའི་ལས་ཀྱིས་མི་འདུལ་གྱི་དབྱེ་བ་དང་བསྐྲད་པས་འདུལ་བར་བྱེད་པས་ན་ལེའུ་ལྔ་པ་གསུངས་སོ། །དེ་ལྟར་ལས་རབ་འབྱམ་བྱེད་པ་ན་རང་གི་ལྷ་རྗེས་སུ་དྲན་ཞིང་བྱེད་ལ་ལས་དེ་ཡང་ལྷ་ལ་དབུལ་བར་
རིགས་ཏེ། ཇི་སྐད་དུ་འཕགས་པ་དེ་ཁོ་ན་ཉིད་འདུས་པ་ལས། དགེ་བའམ་ཡང་ན་མི་དགེ་བ། །གང་གི་ལས་རྣམས་བྱས་པ་ནི། །རྒྱལ་བ་ལ་ནི་ཕུལ་གྱུར་ན། །སྐད་ཅིག་གིས་ནི་གཟི་ཅན་འགྱུར། །ཞེས་གསུངས་སོ། །དེ་བས་ན་ལས་དབུལ་བའི་ཡུལ་དུ་གྱུར་པར་སྤྱི་གཙུག་ཏུ་གཞག་པའི་
ལྷ་རྒྱས་གདབ་པ་ལ་སོགས་པ་སྟོན་པ་ལེའུ་དྲུག་པ་གསུངས་སོ། །དེ་ལྟར་འཁྲུལ་འཁོར་བསྟན་ཀྱང་ཏིང་ངེ་འཛིན་ཐོབ་པ་རྣམས་ནི་ཕྱི་རོལ་གྱི་བྱ་བ་ལ་མི་ལྟོས་ཀྱི། དགོས་པ་ཐམས་ཅད་ནང་གི་རྣལ་འབྱོར་གྱིས་བྱེད་ན་ལྷ་མོ་བཞི་ནང་གི་རྣལ་འབྱོར་སྟོན་པ་ལ་སོགས་པ་ལེའུ་བདུན་པ་གསུངས་སོ། །དེ་ལྟར་
དབང་བསྐུར་བ་ནི་དཀྱིལ་འཁོར་ལ་རག་ལས་ལ། དཀྱིལ་འཁོར་བྲི་བ་ན་ཡང་བཀའི་སྲུང་བའི་འཁོར་ལོ་བསྒྲགས་པར་རིགས་པས་ན་བཀའི་སྲུང་བའི་འཁོར་ལོ་ལ་སོགས་པ་བསྟན་པ་ལ་ལེའུ་བརྒྱད་པ་གསུངས་སོ། །དེ་ལྟར་སྦྱིན་སྲེག་བསྟན་ཀྱང་གནས་སྐབས་འགའ་ཞིག་ཏུ་ལས་གཞན་ངེས་པར་
དགོས་པས་ན། སྦྱིན་སྲེག་ལས་ལས་གཞན་པ་ཆར་དབབ་པ་ལ་སོགས་པའི་ལས་སྟོན་པའི་ལེའུ་དགུ་པ་བསྟན་ཏོ། །ལས་དེ་དག་ནི་ཕྲ་བ་ཡིན་པས་སྒྲུབ་པ་པོ་སྟོབས་ཆེ་བ་དག་ལ་ནི་དེས་ཡིད་མགུ་བར་བྱེད་མི་ནུས་པས་ན་དངོས་གྲུབ་ཆེན་པོ་རོ་ལངས་ཀྱི་སྒྲུབ་པ་ལ་སོགས་པ་སྟོན་པའི་ལེའུ་བཅུ་པ་བསྟན་
ཏོ། །དེ་ལྟར་བསྟན་པའི་ལྷ་དེ་རྣམས་ཀྱི་རྣམ་པར་དག་པ་གང་ཞེ་ན་ཞེས་སྟོན་པ་དག་གི་ཕྱིར་ནི་ལྷའི་རྣམ་པར་དག་པ་ལ་སོགས་པའི་ལེའུ་བཅུ་གཅིག་པ་བསྟན་ཏོ། །ཇི་ལྟར་ལྷ་ཚིམ་པར་བྱ་བའི་ཕྱིར་བདུད་རྩི་ཟ་བ་དེ་བཞིན་དུ་ལྷ་རྣམས་དགྱེས་པར་བྱ་བའི་ཕྱིར་གླུའི་མཆོད་པ་ཡང་བྱ་སྟེ་ཇི་སྐད་དུ།
གསང་བ་ཟླ་བའི་ཐིག་ལེ་ལས། པི་ཝང་གླིང་བུ་ཡ་མཚན་སྒྲ་བརྙན་གྱི། །གླུ་དབྱངས་དངོས་གྲུབ་རྒྱ་ཆེན་ཐོབ་པར་བྱེད། །ཇི་སྙེད་ཡིད་དུ་འོང་བའི་གླུ་དག་ནི། །འཇིག་རྟེན་གྲགས་པའི་བདེ་བའི་བདེ་བ་དག །བདེ་བའི་སྒྲ་ཡིས་བསྐྱེད་པ་རྣམས་བསྒྱུར་བ། །དེ་དང་མཐུན་པའི་དབྱངས་
เล่ม ๔๖ · หน้า 144b
འདི་འགྲུབ་པར་བྱེད། །ཅེས་གསུངས་ཏེ་གླུའི་མཆོད་པ་བསྟན་པ་ལ་སོགས་པ་ལེའུ་བཅུ་གཉིས་པ་བསྟན་ཏོ། །དེ་ལྟར་ཡོན་ཆེན་པོ་ཕུལ་བས་བླ་མ་མཉེས་པར་བྱ་བའི་སྔགས་ནི་དངོས་གྲུབ་མ་ལུས་པའི་ཞིང་ཡིན་པས་ནམ་མཁའ་ལ་སྤྱོད་པའི་སྔགས་ཀྱི་མཐུས། ལྷའི་རྣ་བ་ལ་སོགས་
པའི་དངོས་གྲུབ་སྒྲུབ་པ་བསྟན་པའི་ཕྱིར་ལེའུ་བཅུ་གསུམ་པ་བསྟན་ཏོ། །ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་དངོས་གྲུབ་དེ་དག་ཀྱང་དཀྱིལ་འཁོར་དུ་དབང་ཐོབ་པ་ལ་རག་ལུས་ལ་དཀྱིལ་འཁོར་ཡང་ཐིག་གིས་བསྒྲུབ་པར་རིགས་ཏེ། དཀྱིལ་འཁོར་ཀུན་ལ་མཁས་པ་ཡིས། །ཐིག་
ནི་ཆོ་གས་བྲི་བར་བྱ། །ཞེས་གསུངས་པས་སོ། །དེ་བས་ན་ཐིག་གདབ་པ་ལ་སོགས་པའི་བྱ་བ་བསྟན་པ་ལེའུ་བཅུ་བཞི་པ་བསྟན་ཏོ། །ཁ་ཅིག་མི་སྣང་བས་དངོས་གྲུབ་མི་འདོད་ཀྱི། །ཆུ་ལ་མི་བྱིང་བ་ལ་སོགས་པའི་དངོས་གྲུབ་འདོད་པ་སྲིད་པའི་ཕྱིར། འཕགས་པ་དུག་སེལ་བ་ལ་
སོགས་པའི་སྒྲུབ་པའི་ཐབས་བསྟན་པའི་ལེའུ་བཅོ་ལྔ་པ་གསུངས་སོ། །ཁ་ཅིག་དངོས་གྲུབ་དེ་དག་མི་འདོད་ཀྱི། །དཔལ་ཧེ་རུ་ཀ་མཉེས་པའི་མཆོག་གྲུབ་པ་འདོད་པ་ཡོད་པས། དེ་དག་གི་ཕྱིར་ནི་དེ་ནས་དེ་སྒྲུབ་པའི་ཐབས་ལེའུ་བཅུ་དྲུག་པ་གསུངས་སོ། །དེ་ལྟར་བསྐྱེད་པའི་རིམ་པ་མང་
པོར་བསྟན་པ་དེ་དག་ཐམས་ཅད་ཀྱང་ཕལ་ཆེར་མངོན་པར་བྱང་ཆུབ་པའི་རིམ་པ་ཆོ་ག་ལྔས་བདག་པོ་རྣམས་བསྐྱེད་པར་བྱ་བ་ཡིན་པས་ན། ཆོ་ག་ལྔ་ལ་སོགས་པ་སྟོན་པའི་ལེའུ་བཅུ་བདུན་པ་གསུངས་སོ། །དེ་ལྟར་བསྟན་པ་ལ་ཁ་ཅིག་འདི་སྙམ་དུ་རྒྱུད་འདི་དང་པོ་ནི་ཅིའི་ཕྱིར་གསུངས། སུས་གསུངས་
ཞེས་རྟོག་པའི་ཕྱིར་གླེང་གཞི་དང་འདྲ་བའི་ལེའུ་བཅོ་བརྒྱད་པ་གསུངས་སོ། །རེ་ཞིག་རྒྱུད་འདིའི་ལེའུ་རྣམས་ཀྱི་གོ་རིམས་ངེས་པ་དང་། མཚམས་སྦྱར་བ་ནི་རེ་ཞིག་ནི་འདི་ཙམ་དུ་ཤེས་པར་བྱའོ། །ཁ་ཅིག་ན་རེ་རྒྱུད་ཆེན་པོ་འབུམ་ཉི་ཁྲི་ལྔ་སྟོང་ལས། ཅུང་ཟད་ཅུང་ཟད་ཆུང་བ་ཡིན་པས་མཚམས་སྦྱར་བ་དང་། གོ་རིམས་ངེས་
པར་བྱ་བ་མི་ནུས་སོ་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་བསྟོད་པ་སྟོན་ཏེ་ཚིག་གི་དོན་ནི། དེ་ནས་ཞེས་བྱ་བ་ནི་ལེའུ་དང་པོ་བསྟན་མ་ཐག་ཏུའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་གཤིན་རྗེ་མཐར་བྱེད་རྣམས་ཏེ། ཚིག་གི་དོན་ནི་སྔོན་བཞིན་ནོ། །དེ་བཞིན་
เล่ม ๔๖ · หน้า 145a
གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་གཤེགས་པ་དེ་དག་ཐམས་ཅད་ཅེས་བྱ་བ་མ་ལུས་པ་རྣམས་ཀྱིས་གཤིན་རྗེ་མཐར་བྱེད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་འཆད་པར་འགྱུར་བའི་ཚིག་འདི་དག་གིས་བསྟོད་པ་སྟེ། གཅམ་བུའི་ངག་མིན་གྱི། ཡང་དག་
པའི་ཡོན་ཏན་ཇི་ལྟ་བར་བསྙད་པའོ། །ཇི་སྐད་ཅེ་ན། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །ཅེས་བྱ་བ་ལ་སོགས་པ་སྟེ་གཏི་མུག་ཅེས་བྱ་བ་ནི་སྔར་བསྟན་པ་དེ་བཞིན་ཏེ་དེ་ཉིད་མི་ཕྱེད་པས་རྡོ་རྗེའི་རང་བཞིན་ཏེ་དེ་ཡང་ཞེ་སྡང་གཤིན་རྗེའི་དགྲ་ཁྱོད་དེར་སྣང་བའོ། །ཤན་ཏུ་མིང་ཟད་ཅེས་བྱ་བ་རབ་ཏུ་
དྲག་པོས་འདུལ་བའོ། །གཤིན་རྗེའི་དགྲ་ཞེས་བྱ་བ་ནི་སྔོན་བཞིན་ནོ། །སྟོན་པ་ཞེས་བྱ་བ་ནི་གཤིན་རྗེ་རབ་ཏུ་ཞི་བར་བྱེད་པས་ནའམ་ཆོས་ཀྱི་ངོ་བོ་ཉིད་ལས་མི་གཡོ་བས་སོ། །སངས་རྒྱས་ཀུན་གྱི་གནས་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་སོ། །རྡོ་རྗེ་ཞེས་བྱ་བ་ནི་སྐུ་བྱིན་གྱིས་བརླབས་པས་
རྡོ་རྗེ་ལྟར་མི་ཕྱེད་པའོ། །ཕྱག་འཚལ་བསྟོད་ཅེས་བྱ་བ་ནི་ལུས་དང་ངག་གིས་སོ། །ཕྲ་མ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པའི་ཚོགས་ལས་དྲང་བར་བྱའོ། །ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་མི་བསྐྱོད་པ་ཐུགས་བྱིན་གྱིས་བརླབ་ཅིང་རྡོ་རྗེ་ལྟར་མི་ཕྱེད་པས་སོ། །རབ་སྣང་ཞེས་བྱ་བ་ལ་རབ་
ཏུ་སྣང་བ་ནི་མཆོག་ཏུ་འདྲ་བའོ། །ཇི་སྐད་ཅེ་ན་རིགས་འདི་ནི་རྡོ་རྗེའི་རིགས་ཐ་དད་པར་སྣང་བ་ཙམ་ཡིན་པས་ན་རིགས་ཀྱི་བཙུན་མོ་ཡང་བདག་ཉིད་མའམ་རྡོ་རྗེ་ཕག་མོ་གང་ཡང་རུང་བས་གཉིས་ཀའི་བྱ་སྟེ། རིགས་གཅིག་ལས་གསུམ་དང་། གསུམ་ལས་ལྔར་འགྱུར་བ་ན་འདི་ནི་ཐུགས་ལ་
རིན་པོ་ཆེར་འགྱུར་ཏེ། སེམས་དེ་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་འབྱུང་བས་རིན་པོ་ཆེར་གཞག་གི །ལུས་དང་ངག་ནི་དེ་ལྟ་མ་ཡིན་ཏེ་དེས་ཁྱད་པར་ཙམ་སྣང་བར་ཟད་པས་སོ། །རིན་ཆེན་ཞེས་བྱ་བ་ནི་ཉིད་ཀྱི་ཐུགས་རིན་པོ་ཆེ་ལྟར་འདོད་པ་འབྱིན་པའི་ཕྱག་རྒྱ་ནོར་བུ་མརྒད་ཆ་དགུ་པས་
མཚན་པ་ནི་འདིར་བརྟགས་ལ་བྱ་སྟེ། རཱ་ཛའི་ཕྱག་རྒྱ་ཞེས་བྱ་བ་ཞེ་སྡང་ལྟ་བུའོ། །རྡོ་རྗེ་ལྟར་མི་ཕྱེད་པ་ལ་སྔ་མ་ལྟར་ཕྱག་འཚལ་བསྟོད་ཅེས་གསུངས་སོ། །འདོད་ཆགས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་ནོ། །མངའ་བདག་ཅེས་བྱ་བ་ནི་བདག་པོའོ། །འདོད་ཆགས་ནི་སེམས་
เล่ม ๔๖ · หน้า 145b
ཅན་ལ་ཆགས་པ་སྟེ། དེ་ཉིད་ཐེག་པ་ཆེན་པོ་འདིར་ཆོས་ཏེ་མཁས་པ་དག་གིས་གཟུང་བར་བྱ་བས་ནའོ། །དེ་ཡང་ཁྱོད་ལས་བྱུང་བ་སྟེ་འདི་ནི་འདོད་ཆགས་ཉིད་མཆོག་ཏུ་སྟོན་པ། སངས་རྒྱས་ཀུན་གྱི་འདོད་ཆགས་ཀྱི། །དེ་ཉིད་ཁོ་ན་རྟོགས་པ་འདི། །བདག་སྟེ་བདག་གི་ལག་ཏུ་བྱིན། །ཆོས་
ལ་ཆོས་ནི་གནས་པར་འགྱུར། །ཞེས་ཇི་ལྟར་གསུངས་པ་ལྟ་བུའོ། །དེ་བས་ན་གསུང་རྣམས་ཏེ་སྨྲ་བའི་ཕྱི་རོལ་བསྟན་པ་ཀུན་གྱི་མཆོག་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྨྲ་བ་དག་གིས་ཡང་དམ་པ་དང་། གང་དུ་འདོད་ཆགས་ཀྱི་ཚུལ་སྨད་པ་དག་གིས་དམ་པས་ཀྱང་འདི་མཆོག་གོ། །
དེ་ཉིད་ཀྱིས་ངག་རྡོ་རྗེ་གྲུབ་པར་འདོད་པས་གསུང་གི་གནས་སུ་རྡོ་རྗེ་འདོད་ཆགས་བསྒོམ་པར་བྱ་བ་ཁྱོད་ལ་སྔོན་བཞིན་དུ་ཕྱག་འཚལ་བསྟོད་ཅེས་གསུངས་སོ། །ཕྲག་དོག་ཅེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་ནོ། །སྐུའི་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཏེ་ཚིག་གི་དོན་ནི་སྔོན་བཞིན་
ནོ། །རབ་ཏུ་སྣང་བའི་མཆོག་ཏུ་འདྲ་བ་སྟེ་ཇི་ལྟ་ཞེ་ན། འདི་ནི་ལས་ཐམས་ཅད་པ་ཡིན་ལ། ལས་རབ་འབྱམས་ཡང་ལུས་ཀྱིས་བྱེད་པར་ཚུ་རོལ་མཐོང་བ་དག་ལ་མངོན་སུམ་དུ་གྲུབ་པས་དེའི་ཕྱིར་སྐུའི་རིགས་ཉིད་ལས་ཕྲིན་ལས་ཀྱི་རིགས་འདི་ཕྱེ་བས་ནི་ལས་ཀུན་མཛད་ཅེས་གསུངས་སོ། །
དེ་ཉིད་ཀྱི་ཕྱག་རྒྱར་ནི་ཕྱག་ན་རལ་གྲི་འཛིན་པ་སྟེ་དེ་ལ་སྔོན་བཞིན་དུ་ཕྱག་འཚལ་བསྟོད་ཅེས་གསུངས་སོ། །སངས་རྒྱས་རྣམས་ནི་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། །ཀུན་སྡུད་པ་ཞེས་བྱ་བ་ནི་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་སུའོ། །དེ་དག་འབྱིན་པ་པོ་ཡང་ཡིན་ཏེ། དེ་བས་ན་སངས་རྒྱས་ཀུན་
ཞེས་བྱ་བ་ནི་དཀྱིལ་འཁོར་གཞན་པའི་ལྷ་སྟེ། དེ་དག་པས་མཆོག་ནི་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའོ། །དེ་དག་གི་ཡང་དམ་པ་ནི་ཞེ་སྡང་གཤིན་རྗེ་གཤེད་ཀྱི་སྐུ་སྟེ་འབྱིན་པ་དང་སྡུད་པ་པོའི་ཕྱིར་རོ། །དེ་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་སྣང་བའི་ཕྱིར་དེ་ནི་མཆོག་གོ། །དེ་བས་ན་བྱང་ཆུབ་ཀྱི་
སེམས་དེ་ཉིད་དཀྱིལ་འཁོར་གྱི་རྗེ་སྟེ་དབང་ཕྱུག་གོ། །དེ་ལ་ཕྱག་འཚལ་བསྟོད་ཅེས་སྔོན་བཞིན་སྦྱར་བ་གསུངས་སོ། །དེ་བས་ན་བདག་པོ་ཁོ་ན་ལ་བསྟོད་པས་ལྷ་ཐམས་ཅད་ལ་བསྟོད་པ་ཁོ་ནའོ། །རྡོ་རྗེ་མིག་ཅེས་བྱ་བ་ལ་སོགས་པས་ནི་ཡན་ལག་དྲུག་བསྒོམ་པའི་ཆོ་ག་སྟོན་ཏེ། འདིར་དོན་ནི་
เล่ม ๔๖ · หน้า 146a
སྔར་བྱ་བ་རྣམས་བྱས་ཏེ། དེ་ནས་མིག་རྣམས་སུ་ཡི་གེ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡི་གེ་ཀྵིཾ་དཀར་པོ་ལས་བྱུང་བའི་འཁོར་ལོ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་སའི་སྙིང་པོ་སྐུ་མདོག་དཀར་བ། ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དཀར་བ། ཞལ་
གཡས་གཡོན་ན་གནག་པ་དང་དམར་བ། ཕྱག་གཡས་གཉིས་ན་འཁོར་ལོ་དང་རལ་གྲི་འཛིན་པ། གཡོན་པ་དག་ན་ནོར་བུ་དང་པདྨ་འཛིན་པ། ཕྱག་དང་པོ་གཉིས་ན་རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་ཅིང་རལ་གྲི་དང་ཐོད་པའམ། རྡོ་རྗེ་དང་དྲིལ་བུ་གཡས་དང་གཡོན་ན་འཛིན་པ་བསམ་
མོ། །འདིར་ཟླ་བ་དང་ཕྱག་དང་པོ་གཉིས་དང་། རང་སྣང་བའི་བཙུན་མོ་དང་། །ཐམས་ཅད་ལ་པདྨའི་གདན་དང་ལྡན་པར་ཤེས་པར་བྱ་བ་ནི་ཐུན་མོང་བར་ཤེས་པར་བྱའོ། །དེ་བཞིན་དུ་རྣ་བ་རྣམས་སུ་ཡི་གེ་ཛྲྀཾ་ནག་པོ་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ།
རྩ་བའི་ཞལ་གནག་ཅིང་སྐུ་མདོག་གནག་པ། ཞལ་གཡས་པ་དང་གཡོན་པ་དཀར་པོ་དང་དམར་བ། ཕྱག་གཡས་པ་དག་ན་རྡོ་རྗེ་དང་རལ་གྲི་འཛིན་པ། གཡོན་པ་དག་ན་ནོར་བུ་དང་པདྨ་འཛིན་པའོ། །སྣའི་བུ་ག་རྣམས་སུ་ཡི་གེ་ཁཾ་སེར་པོ་ལས་བྱུང་བའི་རིན་པོ་ཆེ་ཡོངས་སུ་གྱུར་པ་ལས་བྱུང་བའི་
ནམ་མཁའི་སྙིང་པོ་སྐུ་མདོག་སེར་པོ་ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ཞལ་སེར་བ། ཞལ་གཡས་གཡོན་སྔོ་བ་དང་དཀར་བ། ཕྱག་གཡས་པ་དག་ན་ནོར་བུ་དང་རལ་གྲི་འཛིན་པ། གཡོན་པ་དག་ན་འཁོར་ལོ་དང་པདྨ་འཛིན་པའོ། །ལྕེའི་དབུས་སུ་ཡི་གེ་གཾ་དམར་པོ་ལས་འབྱུང་བའི་པདྨ་ཡོངས་
སུ་གྱུར་པ་ལས། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ། རྩ་བའི་ཞལ་བྱི་རུའི་མདོག་འདྲ་བ། ཞལ་གཡས་དང་གཡོན་གནག་པ་དང་དཀར་བ་ཕྱག་དྲུག་པ་གཡས་དག་ན་པདྨ་དང་ནོར་བུ་འཛིན་པ། གཡོན་དག་ན་ནོར་བུ་དང་འཁོར་ལོ་འཛིན་པའོ། །དཔྲལ་བར་
ནི་ཡི་གེ་ཀཾ་ལྗང་གུ་ལས་བྱུང་བའི་རལ་གྲི་ཡོངས་སུ་གྱུར་པ་ལས། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྐུ་མདོག་ལྗང་གུ་ཞལ་གསུམ་པ་རྩ་བའི་ཞལ་ལྗང་གུ། ཞལ་གཡས་གཡོན་སྔོ་བ་དང་དཀར་བ། ཕྱག་དྲུག་པ་གཡས་དག་ན་རལ་གྲི་དང་འཁོར་ལོ་འཛིན་པ་གཡོན་དག་ན་ནོར་བུ་དང་པདྨ་
เล่ม ๔๖ · หน้า 146b
འཛིན་པའོ། །ལྟེ་བར་ཡི་གེ་སཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཀུན་དུ་བཟང་པོ་སྐུ་མདོག་དཀར་པོ་ཞལ་གསུམ་པ་རྩ་བའི་ཞལ་དཀར་བ། ཞལ་གཡས་གཡོན་གནག་པ་དང་དམར་བ་ཕྱག་དྲུག་པ་གཡས་དག་ན་རྡོ་རྗེ་དང་རལ་གྲི་འཛིན་པ་གཡོན་པ་དག་ན་ནོར་བུ་དང་པདྨ་འཛིན་
པའོ། །འདི་དག་ཀྱང་འོད་ཟེར་རབ་ཏུ་སྤྲོས་པ་དང་བསྡུས་པའི་རིམ་པ་གཉིས་ལས་བྱུང་བའི་སེམས་དཔའི་རྒྱན་གྱིས་རབ་ཏུ་བརྒྱན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་འཁོད་པའོ། །ཁ་ཅིག་ན་རེ་རྒྱུད་འདིར་བཙུན་མོ་རྣམས་གསུངས་པས། ལྷ་ཇི་སྙེད་པ་ཇི་ལྟར་བསྟན་པ་ཙམ་མོ་ཞེས་ཟེར་ཏེ་
གལ་ཏེ་བཙུན་མོ་མེད་ན་བཙུན་མོའི་བྷ་ག་རྣམས་ལ་བཞུགས་ཏེ་ཞེས་བྱ་བ་ཅི་ཞིག་ཡིན། རིགས་ཀྱི་བཙུན་མོ་མེད་ན་བྱང་ཆུབ་ཀྱི་སེམས་ཀྱི་དབང་ལ་སོགས་པ་ཡང་ཇི་ལྟར་སྦྱིན། དེ་བས་ན་རྒྱུད་འདི་ནི་དཔལ་གསང་བ་འདུས་པ་དང་རྗེས་སུ་མཐུན་པའི་རྒྱུད་ཡིན་པས། རྒྱུད་དེ་ནས་མཱ་མ་
ཀཱི་རྡོ་རྗེ་དང་རིན་པོ་ཆེའི་རིགས་སུ་གཞག་པ་ལྟར། འདིར་ཡང་རྡོ་རྗེ་ཕག་མོ་ནི་རིགས་དེ་གཉིས་ཀའི་བཙུན་མོར་གཞག་ཅིང་། ལྷའི་ཚོགས་མ་ལུས་པར་ཡང་རང་སྣང་བའི་བཙུན་མོ་དང་བཅས་པའོ། །དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་ཐིག་གི་བྱ་བ་སྟོན་ཏེ་གོ་སླའོ། །དེ་རུ་ལས་ཀྱི་
རྡོ་རྗེ་བྲི། །ཞེས་བྱ་བ་ནི་དཀྱིལ་འཁོར་དེ་རུ་རྟ་བབས་ཀྱི་ཕྱོགས་གསུམ་དུ་རྩེ་མོ་གནས་པ་རིགས་ཐམས་ཅད་ཀྱི་ལས་གྲུབ་པར་བྱེད་པའི་རྡོ་རྗེ་ཀུན་དུ་རྩེ་གནས་པར་བྲི་བར་བྱའོ། །འདི་ཡང་ཁ་ཅིག་ན་རེ་འཇིག་ཚོགས་ལ་ལྟ་བ་འཇོམས་པས་རྩེ་མོ་ལྔ་པའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་རྟེན་
ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་རྣམ་པར་དག་པ་སྟོན་པས་རྩེ་མོ་བཅུ་གཉིས་པར་བྲིའོ་ཞེས་ཟེར་རོ། །གཞན་ཡང་ཁ་ཅིག་ན་རེ་དཀྱིལ་འཁོར་འདིར་ནང་གི་རྡོ་རྗེ་ཕྲེང་བའི་ནང་དུ་རྡོ་རྗེ་རྩེ་མོ་ཉི་ཤུ་པ་ཁ་ཕྱོགས་ཐམས་ཅད་དུ་བལྟས་པ་བྲི་བར་བྱའོ་ཞེས་ཟེར་ཏེ་དེ་དག་གིས་ནི་འདིའི་
དོན་ཅི་ལྟར་ཡིན་པ་བརྗོད་དགོས་ཏེ་བདག་གིས་ནི་འདིའི་དོན་ཤེས་པ་མེད་དོ། །ཁ་ཅིག་ན་རེ་ལས་ཀྱི་རྡོ་རྗེ་ཞེས་སྨོས་པ་ལས། ལྷ་རེ་རེ་ལ་ཡང་རང་རང་གི་ལས་གྲུབ་པར་མཛད་པའི་མཚན་མ་ལྷ་ཐམས་ཅད་ཀྱི་གདན་དུ་སྣ་ཚོགས་རྡོ་རྗེ་རེ་རེ་ཡོད་དོ་ཞེས་ཟེར་ཏེ། དེ་ལྟར་ན་དེར་མང་པོའི་ཚིགས་
เล่ม ๔๖ · หน้า 147a
ཅན་དུ་ཅིའི་ཕྱིར་མི་བསྟན། གཞན་ཡང་ལུགས་འདི་ལྟ་བུའི་རྒྱུད་འདིའམ་གཞན་ལས་ཟུར་གྱིས་ཀྱང་མ་བསྟན་པའི་ཕྱིར་མི་རུང་ངོ་། །ཀུན་དུ་རིགས་ནི་ལྔ་ཉིད་དེ། །ཞེས་བྱ་བ་ལ་སོགས་པ་ནི་ཕྱག་རྒྱ་དགོད་པ་སྟེ་གོ་སླའོ། །དཀྱིལ་འཁོར་རྫོགས་པ་བསམས་ནས་
ནི། །ཞེས་བྱ་བ་ནི་ནམ་མཁའི་དཀྱིལ་འཁོར་བསྟིམ་པའི་བར་དུ་བྱས་ནས་སོ། །མཆོད་པའི་བྱེ་བྲག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལེའུ་གཉིས་པའི་བཤད་པའོ།། །།དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་ས་ཡོངས་སུ་གཟུང་བའི་དུས་སུ་རྣམ་པར་སྣང་
མཛད་ལ་སོགས་པའི་གཟུགས་འཛིན་པའི་སློབ་མ་བཞིས་ཕྱོགས་བཞི་ནས་དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་བཏབ་པ་བསྟན་པ་སྟེ། དཀྱིལ་འཁོར་ཀུན་གྱི་རྩ་བ་སྟེ། །ཞེས་བྱ་བ་ནི་དཀྱིལ་འཁོར་འདིར་དབང་བསྐུར་ན་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བར་འགྱུར་བའི་ཕྱིར་རོ། །
ཇི་ལྟར་ཞེ་ན། གདུལ་བྱའི་དབང་ལས་བྱས་པའི་རྒྱུད་དག་ཏུ་ནི་ཡན་ལག་གི་སྨད་ལས་བྱུང་བས་རྡོ་རྗེའི་རིགས་ནི་རིགས་རྣམས་ཀྱི་ཐ་མ་ཡིན་པས་ན། དེར་དབང་ཐོབ་པས་ནི་རིགས་གཞན་རྒྱལ་བ་གཙུག་ཏོར་ལས་བྱུང་བ་དང་པདྨ་རིགས་སུ་དབང་ཐོབ་པ་མ་ཡིན་ཞིང་། དེ་དག་གི་དངོས་གྲུབ་
མི་ཐོབ་པར་བསྟན་ལ་རྣལ་འབྱོར་གྱི་རྒྱུད་འདིར་ནི་རྣམ་པར་སྣང་མཛད་ཆེན་པོ་ནི་མི་ཕྱེད་པས་རྡོ་རྗེ་ཡིན་ཞིང་ལྷ་ཐམས་ཅད་དེ་ལས་བྱུང་བས་ན། ལྷ་ཐམས་ཅད་ཀྱང་རྡོ་རྗེའི་རིགས་ཡིན་ལ་ཡན་ལག་གི་ཆ་ནི་གཙོ་བོར་མི་འདོད་པས་ན་རིགས་པར་ན་རིགས་གཅིག་ཅེའམ། གཞན་ཡང་རྡོ་རྗེའི་
རིགས་ནི་སེམས་ཡིན་ཏེ། རྡོ་རྗེ་ནི་གྲུབ་པའི་མཐའ་ལས་སེམས་ལ་འདོད་དེ་ཇི་སྐད་དུ། སེམས་ཅན་ཀུན་གྱི་སེམས་གང་ཡིན། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་པས་སོ། །སེམས་དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་སྐྱེད་པས་ཆོས་
ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུ་ཡིན་ལ་དེ་ཉིད་ཀྱིས་ན་དེའི་བདག་ཉིད་ཀྱི་རིགས་དེ་ཡང་རིགས་ཐམས་ཅད་ཀྱི་མཆོག་ཏུ་འདོད་དེ། དེ་བས་ན་རིགས་མཆོག་དེའི་མཚན་མ་རྡོ་རྗེ་ཡང་མཚན་མ་གཞན་པས་མཆོག་ཏུ་བསྟན་ཏེ། དེའི་ཕྱིར་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་འདིར་དབང་བསྐུར་ན་དཀྱིལ་འཁོར་
เล่ม ๔๖ · หน้า 147b
ཐམས་ཅད་དུ་དབང་བསྐུར་བར་འགྱུར་རོ། །འོ་ན་དེ་ལྟ་མ་ཡིན་ན་འཕགས་པ་ལྷའི་ཞལ་སྔ་ནས། བདག་གི་གཙུག་ལག་ལུང་གི་མཚན་ཉིད་ཀྱིས། །སློབ་མ་བཀྲ་ཤིས་ཐོག་མར་འདིར་བརྟགས་ནས། །དེ་ནས་རིག་པ་འཛིན་པས་བདག་རྒྱུད་ལ། །དེ་དག་ཡོངས་སུ་བཟུང་བར་རབ་ཏུ་བྱ། །གྲུབ་
ཕྱིར་ཡོངས་སུ་བཟུང་ཕྱིར་དེ་བཤད་པ། །སྔགས་གྲུབ་ཆོ་ག་ཤེས་པས་བྱས་པའོ། །ཡང་ན་དེ་བཞིན་བདག་རིགས་དབང་ཕྱུག་གཞན། །སློབ་དཔོན་དག་ཏུ་ཚུལ་བཞིན་བྱས་པའོ། །འདི་ནི་སྤྱིའི་ཡིན་པར་གཞན་གྱིས་བཤད། །དངོས་གྲུབ་འབྲས་བུ་ཐོབ་པར་དེ་མི་རུང་། །ཁྱད་པར་ཅན་
དུ་དེ་ལྟར་བསྟན་པ་ཉིད། །དེ་ལ་དབང་བསྐུར་རབ་ཏུ་ཤིས་པར་བཤད། །ཁྱད་པར་ཅན་ཡང་འདིར་ནི་ཆོ་ག་བཞིན། །བདག་གི་དཀྱིལ་འཁོར་སྙིང་པོས་དབང་བསྐུར་བའོ། །ཞེས་གསུངས་པའི་བཀའ་ལུང་འདི་ཇི་ལྟར་ཞེ་ན། ཅི་ཙམ་དུ་ཐམས་ཅད་རྡོ་རྗེའི་རིགས་གཅིག་ཏུ་དབྱེར་མེད་པར་མ་ཤེས་
པས་རིགས་ཐ་དད་པ་ལ་སྤྱོད་པའི་བར་དུ་ནི། རང་གི་རྟོག་པ་ཉིད་ཀྱིས་དེ་ལྟར་བདེན་པར་ངེས་སོ། །དེ་བས་ན་དེས་འདིར་མི་གནོད་དོ། །ལྷག་མ་ནི་གོ་སླའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་བདུད་རྩི་མྱང་བ་བསྟན་ཏེ། འདིར་ནི་ཐོད་པ་དུམ་བུ་གཅིག་པ་རབ་ཏུ་དག་
པའི་ནང་དུ་བི་མུ་མར་ཤུ་ཞེས་བྱ་བ་རྣམས་ཤར་དང་དབུས་དང་བྱང་དང་ལྷོ་དང་ནུབ་ཏུ་བཀོད་ལ་དེ་བཞིན་དུ་གོ་ཀུ་ད་ཧ་ན་རྣམས་རེ་རེ་དང་བཞག་སྟེ། རེ་རེ་ལ་ཡང་བྷྲཱུཾ་ཧཱུཾ་ཁཾ་ཨཾ་ཧྲཱི་ཞེས་བཀོད་པ་བྱས་ལ། འོག་ཏུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་མཆོག་མ་གཉིས་རྒྱལ་མཚན་
ཏོག་དང་བཅས་པས་མཚན་པའི་དབུས་སུ། ཡི་གེ་རཾ་ལས་བྱུང་བའི་མེ་འབར་བའི་ཕུང་པོ་གྲུ་གསུམ་སུམ་མདོའི་རིས་ཀྱི་མཚན་པ་ཅན་བསམས་ལ། དེའི་སྟེང་དུ་ཐོད་པ་གནས་པར་བསམས་ཏེ། མེ་རབ་ཏུ་འབར་བས་བདུད་རྩི་རྫས་རྣམས་ཡི་གེ་དང་བཅས་པར་གཅིག་ཏུ་བཞུ་ཞིང་། །དེའི་
རླངས་པ་ཡི་གེ་ཨོཾ་དུ་གྱུར་པ་ལས་དེ་དག་ཀྱང་ལྕགས་ཀྱུའི་རྣམ་པ་སྦུ་གུ་ཅན་དུ་གྱུར་ཏེ། ཕྱོགས་བཅུ་ན་གནས་པའི་བདུད་རྩི་བསྡུས་ཏེ་ཐོད་པར་གཞག་ཅིང་། སྟེང་གི་ཡི་གེ་ཨ་ལས་བྱུང་བའི་ཟླ་བ་ཧཱུཾ་ལས་ཞུ་སྟེ་རབ་ཏུ་བསིལ་ཞིང་དངས་པར་བྱས་ལ། དེ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བས་ལན་དུ་
เล่ม ๔๖ · หน้า 148a
མར་བསྔགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཚིམ་པར་གྱུར་ཅིག་ཅེས་མོས་པས་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་རྡོ་རྗེ་འཛིན་ཀུན་དགྱེས་པར་བྱ་བའི་ཕྱིར་སྤྱན་དྲངས་ལ། རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་སྐུ་ལ་རྫོགས་
པའི་སངས་རྒྱས་ཐམས་ཅད་གཞུག་ཅིང་། དེ་ནས་རང་གི་ལྕེའི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་ནས་འབྲས་ཙམ་གྱིས་གསང་བའི་བར་དུ་སྦྱོར་བས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་ཨུཏྶྲ་ད་ན་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། མཐེ་བོང་དང་སྲིན་ལག་གིས་ཞི་བའི་བཏུང་བ་བཞིན་མྱངས་ན་ཞེས་བྱ་བ་ལ་
སོགས་པའི་ཚུལ་གྱིས་བཟའ་བར་བྱའོ། །ཡེ་ཤེས་རྣམ་པའི་ཞེས་བྱ་བ་ལ་སོགས་པས་ནི་ཡེ་ཤེས་སེམས་དཔའ་གཞུག་པའི་ཆོ་ག་བསྟན་ཏེ། འདིར་དོན་ནི་སྔར་བྱ་བ་རྣམས་བྱས་ལ། ཨོཾ་མུངྒ་རཱ་ཛཿཞེས་བསྐུལ་བས་ཤར་ཕྱོགས་ཀྱི་སྒོ་སྲུང་བ་ལྟ་བུའོ། །བདག་གི་ས་བོན་ལས་འཐོན་པས་
ལྷ་རྣམས་ཁང་པ་བརྩེགས་མའི་ནང་དུ་གཤེགས་པར་བསྐུལ་ཏེ་དེར་སླར་བསྡུའོ། །དེ་ནས་ཨོཾ་དཎྜ་ཧཱུཾ་ཞེས་བརྗོད་པས་རང་གི་གནས་སྔ་མ་ནས་ལྷོ་ཕྱོགས་ཀྱི་སྒོ་སྲུང་བ་ལྟ་བུ་བྱུང་བས། ལྷ་རྣམས་རང་དང་འདྲ་བའི་གྲོགས་པོ་ལ་ཞུགས་པས་གསོལ་བ་བཏབ་པ་སྟེ་དེ་ནི་སླར་བསྡུའོ། །དེ་ནས་ཡང་ཨོཾ་
པདྨ་བཾ་ཞེས་བརྗོད་པས་གནས་སྔ་མ་ཉིད་ནས་ནུབ་ཕྱོགས་ཀྱི་སྒོ་སྲུང་བ་ལྟ་བུ་འཐོན་ཏེ། ལྷ་རྣམས་ལ་ཇི་སྲིད་དུ་བྱ་བ་མ་རྫོགས་པར་དེ་སྲིད་དུ་ཁྱེད་རྣམས་པདྨའི་དམ་ཚིག་གིས་བཅིང་བར་བགྱི་བས་ཉེ་བར་གནས་པར་མཛོད་ཅིག་ཅེས་བསྒྲགས་ཏེ་སླར་རང་གི་གནས་སུ་ཐིམ་པར་གྱུར་ཏོ། །དེ་
ནས་ཨོཾ་ཁཌྒ་ཧོཿཞེས་བརྗོད་པས་སྙིང་གའི་ས་བོན་ལས་བྱང་ཕྱོགས་ཀྱི་སྒོ་སྲུང་བ་ལྟ་བུའི་རྡོ་རྗེ་རལ་གྲི་བྱུང་སྟེ་ལྷ་རྣམས་ལ་ཇི་སྲིད་དུ་ཁྱོད་ཉེ་བར་གནས་པ་དེ་སྲིད་དུ་ཁྱེད་ཀྱི་ཕྲིན་ལས་རབ་འབྱམས་ལ་བདག་བརྩོན་པས་ཁྱེད་ཐུགས་ལས་ཆུང་བས་མནོས་ཤིག་ཅེས་དགྱེས་པར་བྱས་ནས་སླར་
རང་གི་གནས་སུ་གཞུག་གོ། །གཞན་དག་ནི་གཞུག་པ་ལ་སོགས་པ་འདི་དག་སྒོ་སྦྱོང་བ་རྣམས་ཀྱིས་བྱ་བར་འདོད་དོ། །ཆོ་ག་སྤྱོད་པ་དེ་ཉིད་ཡེ་ཤེས་སེམས་དཔས་ཡང་དག་པར་བྱིན་གྱིས་བརླབས་པར་བསམ་པར་བྱའོ། །མ་ཧེ་རྡོ་རྗེ་ཞེས་བྱ་བ་ནི་ཡི་གེ་ཡ་ལས་བྱུང་བའམ། དེ་ལྟར་མོས་
เล่ม ๔๖ · หน้า 148b
པ་ཡིས་སོ། །ལྷག་མ་ནི་གོ་སླའོ། །ཞི་བ་རྡོ་རྗེ་གཏི་མུག་སྟེ། །ཞེས་བྱ་བ་ལ་སོགས་པ་ནི་ལས་བཞིའི་ལྷའི་རྣལ་འབྱོར་བསྟན་པའོ། །མིའི་མར་ཁུ་ཞེས་བྱ་བ་ལ་སོགས་པས་ནི་ལས་རབ་འབྱམས་སྟོན་ཏེ་འདིར་ཅུང་ཟད་ཙམ་སྟོན་པས་རྒྱས་པར་ཤེས་འདོད་པ་དག་གིས་ནི་རྒྱུད་གང་ལས་ལས་
རབ་འབྱམས་མང་དུ་སྟོན་པ་དེར་ཤེས་པར་གྱིས་ཤིག །མིའི་སྐྲ་ཞེས་པ་ནི་ཤིང་ཨརྒའི་ཤིང་བལ་དང་བསྲེས་པའོ། །ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་ཕྲག་དོག་གཤིན་རྗེ་གཤེད་དོ། །ལས་ཀྱི་བཟླས་པ་ཞེས་བྱ་བ་ནི། ཨོཾ་ཧྲཱིཿཥྚྲྀཿཞེས་བྱ་བ་ལ་སོགས་པའོ། །གུར་ཀུམ་ཞེས་བྱ་བ་ནི་གུར་
ཀུམ་སྟེ་ཁ་ཅིག་ན་རེ་ར་ཛ་སྭོ་ལའི་ར་ཛའོ་ཞེས་ཟེར་རོ། །ཁྲག་ཅེས་བྱ་བ་ནི་རང་གི་སྲིན་ལག་གཏར་བའི་ཁྲག་གོ། །རྐང་པ་བྱུག་ཅེས་བྱ་བ་ནི་རྐང་མཐིལ་ལམ་ལོང་བུའི་བར་དུའོ། །ལྕགས་གསུམ་ཞེས་བྱ་བ་ནི་གསེར་དང་དངུལ་དང་ཟངས་སོ། །ལེའུ་གསུམ་པའི་བཤད་པའོ།། །།
དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི་གཤིན་རྗེའི་དགྲ་ནག་པོ་སྟེ་ཀྱེ་ཞེས་བོད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གསུང་བར་འགྱུར་བ་ལ་དགོངས་པས་སོ། །ཐུགས་རྡོ་རྗེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་རབ་ཏུ་བསྒོམ་པ་ཉིད་མཆོད་པ་བྱས་
པའོ། །དབང་གི་སྔགས་ནི་རིམ་པ་མ་ཡིན་པས་མཚོན་པའོ། །ཁམ་ཕོར་ཞེས་བྱ་བ་ནི་ཐོད་པའམ་ཁམ་ཕོར་ཉིད་དོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ནན་ཏུར་གྱིས་སྒྲུབ་པའོ། །ལྷག་མའི་ཚིག་གི་དོན་གོ་སླའོ། །ལེའུ་བཞི་པའི་བཤད་པའོ།། །།དེ་ནས་འཁོར་ལོ་གཉིས་ཞེས་བྱ་
བ་ལ་སོགས་པ་ཡང་གོ་སླའོ། །ཞི་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་བསྟན་པར་འགྱུར་ཏེ་གལ་ཏེ་བསྙེན་པ་ཉེ་བར་གྱུར་པའི་རྣལ་འབྱོར་པས། སློབ་མ་ལ་བསྟན་པ་ལ་སོགས་པའི་ཆེད་དུ་འཁྲུལ་འཁོར་ས་ལ་སོགས་པ་ལ་བྲིས་པ་ལས་དོན་མ་གྲུབ་པས་རེ་ཞིག་ཉིན་ཞག་འགའ་ཞིག་
སླར་མི་འཆི་བར་ལྟ་ན། འཁྲུལ་འཁོར་གྱི་རེའུ་མིག་གི་མཐའི་ཡི་གེ་ཡ་གཉིས་དབྱི་ཞིང་། ཡི་གེ་ནི་གཉིས་ཀྱང་དབྱི་ལ། དབུས་ཀྱི་ཡ་ཡང་དབྱི་སྟེ་ཡི་གེ་ལྷག་མ་རྣམས་གཞག་གོ། །དགོས་པ་གྲུབ་མ་ཐག་ཏུ་མ་ལུས་པར་དབྱི་སྟེ། འདི་ནི་གཞན་དུ་བྱས་ན་ནི། །འཁོར་ལོ་འདི་
เล่ม ๔๖ · หน้า 149a
ནི་འཇིགས་པ་ཆེ། །བྲིས་པ་གོང་དུ་བསྟན་གནས་པའི། །ཁྱིམ་དུ་རྟག་ཏུ་འཐབ་མོ་ནི། །ཡི་གེ་བྲིས་པས་འབྱུང་བའོ། །ཞེས་བྱ་བའི་ཉེས་པར་གྱུར་པས་སོ། །ཁ་ཅིག་ན་རེ་ཡ་དང་ནིའི་ཡི་གེ་དབྱི་བ་ནི་མཚན་པ་སྟེ། ཡི་གེ་གང་ཡང་རུང་བ་དབྱི་བས་ནུས་པ་སྨད་པའོ་ཞེས་
ཟེར་ཏེ། །འདི་ནི་རབ་ཏུ་ཡང་དཔའ་བོ་ཡིན་ཏེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །ཞེས་གསུངས་པ་མ་ཡིན་ནམ། །འདིར་ཡི་གེ་ནི་དང་ཡ་དབྱི་བ་ཅིའི་ཕྱིར་ཞེས་བྱ་ནི་བཅོམ་ལྡན་འདས་ཁོ་ནས་མཁྱེན་དྲང་ན། ཇི་ལྟར་གཞན་དུ་བྱེད་ཇི་སྐད་དུ། །ཡིད་ཆེས་ལུང་དང་མི་ལྡན་པར། །
ཆོས་རྣམས་སྟོན་པར་བྱེད་པ་ནི། །མཚན་ཉིད་རྣམ་པར་རྟོག་པ་ཡིས། །བདག་ཀྱང་ཆུད་གསོན་གཞན་ཆུད་གསོན། །ཞེས་ཀྱང་མ་གསུངས་སམ། དེ་བས་ན་རབ་ཏུ་ཟབ་པའི་ལུང་གི་ཚུལ་ཆེན་པོའི་རྒྱ་མཚོ་རབ་ཏུ་དང་བ། རང་གི་རྣམ་པར་རྟོག་པ་ངན་པའི་རུས་སྦལ་གྱི་སྟོབས་ཀྱིས་རྙོག་
པར་བྱས་ན། ངེས་པར་བདག་ཉིད་ཕུང་བར་གྱུར་ཏ་རེ། །འཕགས་པ་ནཱ་གཱརྫུ་ནའི་ཞལ་སྔ་ནས། །ལེགས་སམ་ཉེས་པ་མ་སྤྱད་པར། །མུན་སྤྲུལ་བཏུན་པ་དཔའ་བ་མིན། །དོན་མེད་དཔག་ཚད་བརྒྱ་པ་ཡི། །གཡངས་སར་ལྷུང་བ་ཅི་ཆ་ཡོད། །ཅེས་གསུངས་ལ། རྟོག་གེ་ངན་པའི་འཇུག་པ་
ལུང་གི་བདག་གིས་དང་པོར་བཀག་ཟིན་པས་བདག་ལ་ཕན་པར་འདོད་པ་དག་གིས་བླ་མ་དམ་པའི་བཀའ་ལ་གུས་པ་གྱིས་ཤིག །ཁྲི་བཟླས་པས་ཞེས་བྱ་བ་ནི་སྔགས་པ་བསོད་ནམས་བྱས་པ་ལ་དགོངས་པ་སྟེ་རྣམ་པ་གཞན་དུ་བྱེ་བ་ལ་སོགས་པར་འཆད་པར་བྱེད་དོ། །འཐབ་མོ་འབྱུང་བའོ་
ཞེས་བྱ་བ་ནི། ཁ་ཅིག་ན་རེ་རབ་ཏུ་གྲུབ་པས་ཡི་གེ་བྲི་བ་ཙམ་གྱིས་སོ་ཞེས་ཟེར་ཏེ་དེ་ལྟ་ན། འཁོར་ལོ་འདི་ནི་འཇིགས་པ་ཆེ། །ཞེས་གསུངས་པ་མི་རིགས་སོ། །ལེའུ་ལྔ་པའི་བཤད་པའོ།། །།སྤྱི་བོར་གཤིན་རྗེ་གཤེད་བསམ་བྱ། །ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་སྤྱི་བོར་ཞེ་སྡང་གཤིན་
རྗེ་གཤེད་བསམ་ཞིང་དེ་ལ་ནི་རྡོ་རྗེ་སེམས་དཔའ་འམ་མི་གཡོ་བའོ། །ཁ་ཅིག་ན་རེ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་ལ་ནི་ཞེ་སྡང་གཤིན་རྗེ་གཤེད་ཀྱིས་རྒྱས་གདབ་ཅིང་། ཐོ་བ་དང་ཙཱརྩི་ཀཱ་ལ་སོགས་པ་ལ་ནི་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པས་རྒྱས་གདབ་ལ་བདག་པོ་ལ་ནི་
เล่ม ๔๖ · หน้า 149b
མི་གཡོ་བའམ་གཏི་མུག་གིས་སོ་ཞེས་ཟེར་རོ། །གང་བའི་སྦྱིན་སྲེག་ཅེས་བྱ་བ་ནི་ནང་གི་སྦྱིན་སྲེག་སྟེ་བདུད་རྩི་མྱང་བར་ཇི་སྐད་གསུངས་པ་ལྟ་བུས་སོ། །དམ་ཚིག་ཅེས་བྱ་བ་ནི་འོག་ནས་འཆད་པ་རྣམས་སོ། །སྡོམ་པ་ཞེས་བྱ་བ་ནི་ཐུན་མོང་དང་ཁྱད་པར་རོ། །དང་པོར་དབུ་རྒྱན་དབང་ཞེས་བྱ་བ་ནི་སློབ་དཔོན་དང་
སློབ་མའི་སྡུག་པའི་ལྷའི་དབང་དང་གཞན་ཡང་ཆུ་དང་། དབུ་རྒྱན་དང་རྡོ་རྗེ་དང་། དྲིལ་བུ་དང་། མིང་དག་བསྡུས་པའོ། །གཉིས་པ་ལ་ནི་རལ་གྲི་ཞེས་བྱ་བ་ནི་རྡོ་རྗེ་བརྟུལ་ཞུགས་སྦྱིན་པའོ། །རྡོ་རྗེ་དྲིལ་བུ་ཞེས་བྱ་བ་ནི་ལུང་བསྟན་པ་དང་སློབ་དཔོན་གྱི་དབང་བསྐུར་བའོ། །བཞི་པ་ཞེས་བྱ་བ་ནི་གསང་བའི་དབང་ངོ་། །ཁ་ཅིག་
ན་རེ་དབུ་རྒྱན་ལ་སོགས་པ་འདི་དག་ནི་ལྷག་པའི་དབང་ཡིན་པས་ཆུ་ལ་སོགས་པ་བྱིན་ནས་དེའི་ཐོག་ཏུ་སྦྱིན་ཞིང་རྒྱུད་འདིར་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་མི་འདོད་དོ་ཞེས་ཟེར་རོ། །ཤེས་རབ་ཡེ་ཤེས་ནི་འདོད་དེ་ཞིབ་ཏུ་ནི་དབང་འདི་དག་དཀྱིལ་འཁོར་གྱི་ཆོ་གར་ལྟོས་ཤིག །དེ་ནས་ཞེས་བྱ་བ་ལ་
སོགས་པས་ནི་གཏོར་མ་འཆད་དེ། འདིར་ལས་བྱེད་དུ་གཞུག་པའི་གཏོར་མ་དང་། མ་རུངས་པ་ཕུར་བུས་གདབ་པའི་གཏོར་མ་དང་། ཚིམ་པར་བྱ་བའི་གཏོར་མ་དག་ལས་དང་པོ་གཉིས་ནི་སློབ་དཔོན་བ་སུ་ཛ་ན་བྷ་དྲའི་ཞལ་སྔ་ནས་སྦྱར་བའི་སྒྲུབ་པའི་ཐབས་སུ་ལྟོས་ཤིག །ཚིམ་པར་བྱ་
བའི་གཏོར་མ་ནི་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨྨཱ་སྭ་བྷ་ཤུདྡྷོ྅ཧཾ། ཞེས་པ་འདིས་སྐད་ཅིག་གིས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་བལྟའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འདིས་སྟོང་པ་ཉིད་དུ་ཡུད་ཙམ་བསམ་སྟེ། དེ་ནས་དེ་མ་ཐག་ཏུ་རང་གི་ལྷག་པའི་ལྷའི་གཟུགས་སུ་
བྱས་ལ་གཏོར་མ་ཤ་དང་ཉ་དང་ཆང་དང་ཟན་དྲོན་ལ་སོགས་པ་དྲི་ཞིམ་པོ་དང་། མེ་ཏོག་དང་མར་མེ་དང་ལྡན་པ་ལྷག་པར་གནས་པས་རང་གི་སྙིང་གའི་ཡི་གེ་ཡཾ་གི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་ལ་སོགས་པ་འཇིག་རྟེན་གསུམ་ན་གནས་པ་མ་ལུས་པ་བཀུག་སྟེ་བསམས་ལ་
དེ་དག་སྦྱངས་ཤིང་སྔོན་གྱི་བཟའ་བ་ཡང་བདུད་རྩི་སྦྱང་བའི་རིམ་པས་སྦྱངས་ཏེ་ལན་བདུན་སྔགས་འདི་བརྗོད་པས་སྦྱིན་ཏོ། །ཨོཾ་ཨིནྡྲཱ་ཡ་ཧྲིཿ། ཡ་མཱ་ཡཥྚཱིཿ། བ་རུ་ཎ་ཡ་ཝིཿ། ཀུ་བེ་རཱ་ཡ་ཀྲྀ། ཨཱི་ཤ་ནཱ་ཡ་ཏཱ། ཨགྣ་ཡ་ཨཱ། ནཻཪྼྀ་ཏྱ་ན། བ་ཡ་བེ་ན། ཙནྡྲཱ་ཡ་ཧཱུཾ། ཨཱརྐཱ་ཡ་ཧཱུཾ། བྲ་ཧྨ་ནཱ་ཡ་
เล่ม ๔๖ · หน้า 150a
ཕཊ། །བ་སུ་དྷ་ར་ཡེ་ཕཊ། བེ་མ་ཙི་ཏྲི་ནེ་སྭཱ། སརྦ་བྷཱུ་ཏེ་བྷྱོ་ཧཱ། ཧི་ཧི་ཧི་ཧཱུཾ་ཧེ་ཧེ་ཧེ་སྭཱ་ཧཱ། དེ་ནས་ཐམས་ཅད་ཚིམ་པར་བལྟས་ཏེ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནེ་བི་ཏྱེ་ཨཱཿཧཱུཾ། ཞེས་མཆོད་པ་
ལྔས་མཆོད་དེ་རྗེས་སུ་གནང་བ་བྱིན་ལ། རྡོ་རྗེ་སེམས་དཔའི་སྙིང་པོ་ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲི་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ། སུ་པོཥྱོ་མེ་བྷ་བ། །ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྷིམྨེ་པྲ་ཡཙྪ་སརྦྦ་ཀརྨྨ་སུ་ཙ་མེ། ཙིཏྟཾ་ཤྲི་
ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ་བྷ་ག་བཱན་སརྦྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ། ཞེས་ཇི་ལྟར་དགའ་བས་བཟླས་ལ། ཨོཾ་ཨཱཿཧཱུཾ་མུཿ། ཞེས་བྱ་བའི་སྔགས་ཀྱིས་སླར་གཏང་བར་བྱའོ། །འདི་ནི་གཏོར་མ་ཉེ་བར་སྦྱར་བའོ། །གླ་རྩི་ཙནྡན་ཞེས་བྱ་བ་ལ་སོགས་
པས་ནི་འཁྲུལ་འཁོར་བྲི་བའི་དམ་ཚིག་བསྟན་ཏེ། རབ་ཏུ་དབེན་པའི་གནས་སུ་ཇི་སྐད་གསུངས་པའི་དྲིའི་ཆུས་མཎྜལ་གྲུ་བཞི་པའི་དབུས་སུ་གྲུ་གསུམ་པས་མཚན་པ་བྱས་ལ། དེར་དཔའ་བོའི་བཟའ་སྟོན་བྱ་སྟེ་གཤིན་རྗེ་གཤེད་ཀྱི་བྲིས་སྐུ་ཡང་དག་པར་མཆོད་ལ། ཧ་ཧ། ཧེ་ཧེ།
ཧཱུཾ་ཧཱུཾ། ཞེས་བྱ་བས་རང་གི་ཁྲོ་བོའི་སྐུ་རབ་ཏུ་གསལ་བར་དམིགས་ཏེ། ལྷ་རྣམས་ཀྱི་སྤྱན་སྔར་ཟླུམ་པོར་བསྐོར་བ་གསུམ་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་འཁྲུལ་འཁོར་བྲི་བར་བྱའོ། །ཡ་མ་རཱ་ཛ་ཞེས་བྱ་བ་ལ་སོགས་པའི་སྔགས་ནི་འཁྲུལ་འཁོར་ལ་དགོད་པ་སྟེ། དང་པོ་བསྙེན་
པ་ཅི་རིགས་ཉིད་དུ་འདི་ལ་བྱ་སྟེ། དེའི་རྗེས་ལ་ལས་ཀྱི་བཟླས་པ་ལ་བསྙེན་པ་བྱའོ། །ཁ་ཅིག་ནི་འདི་གཉིས་ཕྲེང་བར་བྱས་ཏེ། ཨོཾ་ཧྲཱིཿཞེས་བྱ་བ་ལ་སོགས་པ་མཇུག་ཏུ་བྱས་པས་བསྙེན་པ་བྱའོ་ཞེས་ཟེར་རོ། །དེ་ལ་འཁྲུལ་འཁོར་མ་ཡིན་པའི་ལས་ནི་ལས་ཀྱི་སྔགས་འབའ་ཞིག་
གིས་བྱའོ། །འཁྲུལ་འཁོར་ནི་བསྙེན་པ་བྱས་པས་དྲིས་ཏེ། དེ་ནས་ལས་ཀྱི་བཟླས་པ་ཁོ་ནས་བྱའོ། །ཚིག་གི་དོན་རྣམས་ནི་གོ་སླའོ། །ཁ་ཅིག་ནི་ཡ་མ་རཱ་ཛ་ཞེས་བྱ་བ་ལ་སོགས་པའི་གསང་སྔགས་ཀྱི་ཕྲེང་བ་འདི་ལ། སྔགས་ཀྱི་མིང་དང་དོན་དང་ལས་དང་དབྱེ་བ་རྣམས་རྟོག་ཅིང་། ཡ་ལ་
เล่ม ๔๖ · หน้า 150b
སོགས་པ་བསྡུས་པ་དང་ཕྱེ་བའི་དོན་འཆད་དེ། རྒྱུད་འདི་ལ་ནི་བཤད་པའི་རྒྱུད་ཀྱང་མ་མཐོང་ལ་བདག་གི་བླ་མ་བློ་ཆེན་པོ་དག་ཀྱང་འདིའི་དོན་མི་འཆད་ཅིང་འགྲོ་བཟངས་སྙིང་པོ་ལ་སོགས་པའི་སློབ་དཔོན་རྒན་པོ་ལ་ལ་དག་གིས་ཀྱང་འདིའི་དོན་རྣམ་པར་མ་ཕྱེ་བས། བདག་ནི་འདིའི་དོན་བྱེད་པ་ལ་
ཡིད་སྤྲོ་བ་མེད་ཅིང་། གཞན་གྱིས་བྱ་བ་ལ་ཡང་མངོན་པར་ཡིད་ཆེས་པ་དང་རྗེས་སུ་དགའ་བ་མེད་དེ་སྔར་རྟོག་གེ་འགགས་པས་སོ། །གལ་ཏེ་རང་གི་རྟོག་གེའི་མཐུ་ལ་བརྟེན་ན་ནི་སྔགས་འདིའི་དོན་ཡང་རབ་ཏུ་མང་པོ་ཞིག་ཏུ་དྲངས་པར་ནུས་པར་གྱུར་ན། སྐྱེས་བུ་དམ་པ་དག་ལ་ངོ་ཚ་བའི་
གནས་ཡིན་པས་ག་ལ་ཞིག་དབྱེ། ཨོཾ་ཧྲཱིཿཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་དོན་ནི། འཕགས་པ་ནཱ་གཱརྫུ་ནའི་ལུགས་ཀྱི་ཉེ་བར་བསྟན་པ་ཅན་སློབ་དཔོན་ཟླ་གྲགས་ཀྱིས་མཐའ་དྲུག་པར་གསལ་བར་བྱ་བ་ཉིད་འདིར་ཡང་སྦྱར་ཞིང་། གཏོར་མ་སྦྱིན་པ་ན་ཡི་གེ་རེ་རེ་ཞིག་ཕྱེ་བ་ནི། ཡི་གེ་
དེ་དག་གི་རྒྱུད་ཚིམ་པར་བྱེད་པའི་མཐུ་ཅན་དུ་བྱིན་གྱིས་བརླབ་པའོ། །ཁ་ཅིག་ནི་དེའི་ཚེ་འཇིག་རྟེན་པའི་སྙིང་པོར་བསྟན་ཅེས་ཟེར་ཏེ་དེ་ནི་རྟོག་གེའི་ལུང་ངོ་། །ལྷག་མ་ནི་གོ་སླའོ། །ལེའུ་དྲུག་པའི་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ལྷ་མོ་བཞིའི་ཏིང་ངེ་འཛིན་གྱི་ལས་
སྟོན་ཏེ། །ཁྲག་དགུག་པ་ལ་ནི་ལྕེ་ལས་འོད་ཟེར་སྦུ་གུའི་རྣམ་པ་བྱུང་བས་སྙིང་ག་ནས་ཁྲག་དྲང་བའི་ཏིང་ངེ་འཛིན་བྱའོ། །ཆང་དགུག་པ་ལ་ནི་དེ་བཞིན་ཏེ་ཅུང་ཟད་བདུན་གྱི་སྣོད་ཇི་སྐད་བསྟན་པར་རོ། །ཁུ་བ་དགུག་པ་ལ་ཡང་དེ་བཞིན་ཏེ་སྐྱེས་པའི་རྡོ་རྗེའི་ལམ་དང་། བུད་མེད་ཀྱི་བྱང་ཆུབ་
ཀྱི་ལམ་ནས་ཨ་ཝ་དྷཱུ་ཏཱིའི་རྩེའི་ཁུ་བ་དྲང་ངོ་། །རིམ་པ་བཞིན་དུ་བྱས་པ་བློ་འཕེལ་བ་ལ་ནི་རང་གི་ལྟེ་བར་ཡི་གེ་ཨ་དཀར་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དབུས་སུ་པདྨ་རཱ་གའི་མདོག་འདྲ་བའི་ཡི་གེ་ཨ་ལས་དབྱངས་དང་གསལ་བྱེད་ཀྱི་ཕྲེང་བ་དམར་པོ་མང་པོ་བྱུང་སྟེ། འགྲོ་བ་རེ་
རེའི་སྙིང་གར་ཐིམ་པས་ཤེས་རབ་རྒྱས་པར་བྱས་ཏེ་སླར་བསྡུའོ། །བསྙེན་པ་ཉེ་བར་གྱུར་ནས་སྒྲུབ་པ་ཟླ་བ་ཕྱེད་དུ་བྱ་བའི་ཕྱིར། ཚེས་གཅིག་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བའི་ཚུལ་ཏེ་དཀྱིལ་འཁོར་གྱི་ཆ་ལས་ཤེས་པར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด