གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་རྒྱལ་པོ་མངོན་པར་མཐོང་བ་ལམ་གྱི་སྒྲོན་མ་ཞེས་བྱ་བའི་རྒྱ་ཆེར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) ཀྲྀཥྞ་ཡ་མཱ་རི་ཏནྟྲ་རཱ་ཛ་པྲ་ཀ་ན་ཕྲ་དཱི་པ་ནཱ་མ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๔๖ · หน้า 199b

བར་བྱ་བ་སྟེ། མ་ཧེ་ལ་བཞུགས་ལྕེ་ཕྱུང་འདྲིལ། །གསུས་པ་ཆེ་ལ་རབ་འཇིགས་པ། །སྲེག་བྱེད་སྐྲ་འབར་གྱེན་དུ་འགྲེང་། །སྨ་ར་སྨིན་མ་དེ་བཞིན་སེར། །གཡས་ན་རྡོ་རྗེ་ཆེན་པོ་དང་། །གཉིས་པ་ན་ནི་རལ་གྲི་དང་། །གསུམ་པའི་ཕྱག་ན་གྲི་གུག་གོ། །ད་ནི་གཡོན་པའི་བྲི་བར་བྱ། །འཁོར་ལོ་དང་ནི་

པདྨ་ཆེ། །ཐོད་པ་ཉིད་ནི་གཡོན་ནའོ། །རྩ་བའི་ཞལ་ནི་ཤིན་ཏུ་གནག །གཡས་པ་ཟླ་འོད་བཟང་པོ་འདྲ། །གཡོན་པ་དམར་པོ་ཡིན་པར་བརྟན། །ཞེས་པ་སྨོས་ཏེ། རྡོ་རྗེ་རྒྱན་གྱིས་རབ་ཏུ་བརྒྱན། །བ་སྤུའི་ཁུང་ནས་འཇིགས་ཆེན་པོ། །རང་རིག་བདག་པོ་རབ་འཕྲོ་བ། །ཉི་མའི་དཀྱིལ་འཁོར་

སྟེང་ན་ནི། །ཞབས་ནི་གཡོན་པ་བརྐྱང་བས་གནས། །མཆེ་བ་གཙིགས་ཤིང་འགྱིང་བ་ཡི། །བསྐལ་པ་འབར་བའི་མེ་དང་མཚུངས། །ཞེས་བྱ་བ་སྨོས་ཏེ། མ་ཧེ་ནི་དེའི་འཁོར་བའི་སེམས་ཅན་ཏེ་དེ་ལ་བཞུགས་པ་ནི་འགྲོ་བ་ཐམས་ཅད་ཀྱི་དྲི་མ་སྡུད་པར་མཛད་པའོ། །ལྕེ་ཕྱུང་ཞིང་འདྲིལ་བ་ནི་

གདུག་པ་ཅན་མྱུར་བ་ཉིད་དུ་གསོད་པར་མཛད་པའོ། །གསུས་པ་ཆེ་བ་ནི་སྲིད་པ་གསུམ་ལྟོ་བ་ན་གནས་པའོ། །རབ་ཏུ་འཇིགས་པ་ནི་ཞེ་སྡང་གི་བདག་ཉིད་གཙོར་གྱུར་པའོ། །བ་སྤུའི་བུ་གའི་འོད་ཟེར་གྱིས་འབྱུང་པོ་སྲེག་པར་བྱེད་དོ། །སྐྲ་འབར་བ་ནི་མེ་ལྟ་བུ་སྟེ་སྲིད་པ་གསུམ་ཟིལ་གྱིས་གནོན་པའི་

བརྡར་དབུ་སྐྲ་གྱེན་དུ་འགྲེང་བའོ། །སྨ་ར་སྨིན་མ་སེར་པོ་ནི་སྲིན་པོའི་རྟགས་ཉེ་བར་འཛིན་པ་སྟེ་གསོད་པ་ཉིད་དུ་མྱུར་དུ་འགྲུབ་པའོ། །རྡོ་རྗེ་ཆེན་པོ་ནི་དེ་བཞིན་གཤེགས་པའི་རྡོ་རྗེ་སྟེ་ཡེ་ཤེས་ལྔ་དང་ལྡན་པའོ། །རལ་གྲི་ནི་ཞེ་སྡང་ཆེན་པོ་ཉིད་ཀྱིས་ཁམས་གསུམ་གཅོད་པའོ། །གྲི་གུག་ནི་བླ་ན་མེད་པའི་

ཤེས་རབ་དང་ལྡན་པའོ། །འཁོར་ལོ་ནི་ཆོས་ཐམས་ཅད་དབྱེར་མི་ཕྱེད་པའི་འཁོར་ལོར་མཁྱེན་པའོ། །པདྨ་ནི་འཁོར་བའི་སྐྱོན་གང་གིས་ཀྱང་མ་གོས་པའོ། །ཆེ་བ་ནི་སྟོང་པ་ཉིད་བཅུ་དྲུག་གི་འདབ་མ་དང་ལྡན་པའོ། །ཐོད་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་ཐུགས་རྒྱུད་རབ་ཏུ་ཚིམ་པའོ། །གཡས་གཡོན་ནི་

ཟུང་དུ་འཇུག་པའོ། །གཞན་དུ་ཕྱག་དྲུག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཕྱག་མཚན་དྲུག་ནི་སེར་སྣ་ལ་སོགས་པའི་སྐྱོན་དྲུག་སེལ་བའོ་ཞེས་ཟེར་རོ། །རྩ་བའི་ཞལ་གནག་པ་ནི་མི་འགྱུར་བའི་ཕྱིར་སྨོན་པ་མེད་པའོ། །གཡས་པ་ཟླ་བའི་འོད་ནི་དངོས་པོའི་དྲི་མ་མེད་པའི་ཕྱིར་སྟོང་པའོ། །གཡོན་དམར་བ་ནི་སྙིང་རྗེས་

เล่ม ๔๖ · หน้า 200a

ཞེན་པའི་མཚན་མ་མེད་པའོ། །རྡོ་རྗེ་ནི་དབྱེར་མི་ཕྱེད་པ་སྟེ་གཤིན་རྗེ་གཤེད་དོ། །རྒྱན་གྱིས་བརྒྱན་པ་ནི་སྦྲུལ་བརྒྱད་ལ་སོགས་པའོ། །རབ་ཏུ་བརྒྱན་པ་ནི་མགོ་བོ་ལྔ་བཅུའི་ཕྲེང་བའོ། །བ་སྤུའི་ཁུང་ནི་བུ་ག་ཆེན་པོའོ། །འཇིགས་པ་ཆེན་པོ་ནི་ཁྲོ་བའོ། །རང་རིག་བདག་

པོ་ནི་གཏི་མུག་ལ་སོགས་པའོ། །རབ་ཏུ་འཕྲོ་བ་ནི་སྤྲོས་ནས་བསྒྲུབ་བྱའི་ལུས་ལ་བཅུག་སྟེ་བྱིན་གྱིས་བརླབ་པའི་ལྷ་ཡང་དག་པར་མཆོད་ལ་དེས་ཇི་ལྟར་བྱ་བ་མཆོད་དེ། བཅོམ་ལྡན་འདས་འདི་ལྟར་ངེས་པའི་ངོ་བོ་བྱེད་པས་འདིར་དམྱལ་བར་འགྲོ་བར་འགྱུར་རོ། །དེ་བས་ན་འདི་ཡོངས་སུ་ཐོང་ཤིག་

ཅེས་བརྗོད་ལ་ཡེ་ཤེས་ཀྱི་འཁོར་ལོ་རང་གི་ས་བོན་ལ་བསྡུའོ། །ཉི་མའི་དཀྱིལ་འཁོར་ནི་བྱང་ཆུབ་ཀྱི་སེམས་ཉེ་བར་འཕེལ་བར་བྱེད་པ་ཉིད་དོ། །ཞབས་གཡོན་བརྐྱང་བ་ནི་སངས་རྒྱས་ཀྱི་ས་ལ་གནས་པའོ། །མཆེ་བ་བཅུ་གཉིས་གཙིགས་པ་ནི་རྟེན་འབྲེལ་ཟད་པར་བྱ་བའི་དོན་སྟོན་ཏོ། །བསྒྱིངས་པ་ནི་

ཚོགས་གཉིས་ཡོངས་སུ་རྫོགས་པས་རང་དང་འདྲ་བའི་ཡུམ་དང་གཉིས་སུ་མེད་པའོ། །བསྐལ་པ་འབར་བའི་མེ་ནི་དུས་མཐའི་མེའོ། །དེ་དང་མཚུངས་པ་ནི་མཐུ་ཐོགས་པ་མི་མངའ་བའི་དོན་ཏོ། །འདི་ལྟ་བུའི་བདག་ཉིད་ཀྱི་སྒྲུབ་པ་བརྩམ་པར་བྱ་སྟེ་བསྒྲུབ་པར་བྱ་བ་མདུན་དུ་དགོད་དོ། །གདུག་པའི་མཚོན་

གྱིས་བརྒྱབ་པ་ཡིས། །དྲི་མ་ཅན་ལ་ནད་ཀྱིས་གཟིར། །གོས་མེད་འདར་ཞིང་ཉམ་ཆུང་བ། །དོན་འདོད་པ་ཡི་ཚིག་སྨྲ་ཞིང་། །མཚོན་གྱིས་གཟིར་བར་བྱས་པ་ཡི། །རྣག་གི་ཐུམ་པོས་ལུས་གང་བ། །གྲང་བའི་རླུང་གིས་གཙེས་གྱུར་ཅིང་། །མེ་ཡི་ནང་དུ་ཞུགས་པ་ལ། །མ་ཧེ་དང་ནི་སྟག་དག་དང་། །ཁྱི་དང་

མཆུ་རིངས་ཅན་དག་དང་། །སངས་རྒྱས་དེས་ནི་མངོན་འཇིགས་པའི། །སྡིག་པོ་ཆེ་དག་ཟད་པར་བྱེད། །ཅེས་བྱ་བ་སྨོས་ཏེ། བསྒྲུབ་བྱ་ནི་དམིགས་པར་བྱ་བའི་ཡུལ་ལོ། །མདུན་དུ་དགོད་ཅེས་པ་ནི་ལྷོ་ཕྱོགས་སུའོ། །དེ་ཉིད་ལ་སྒྲུབ་པ་པོས་མཐུན་པར་བརྟགས་པའི་སྔགས་ཀྱི་བཟླས་པ་བྱས་པས་རིགས་ཀྱི་

རྒྱལ་པོ་སྤྲོས་ཏེ། སྔར་གྱི་བྱིན་གྱིས་བརླབས་པ་དང་བྲལ་བར་བྱས་པ་དེ་དག་ལ་ལྕགས་ཀྱུ་དང་ཞགས་པའི་སྦྱོར་བས་བཀུག་སྟེ་རབ་ཏུ་ཐིམ་པར་བྱའོ། །དེ་ནས་འཁོར་ལོ་དང་། འབར་བའི་རལ་གྲི་དང་། དགྲ་སྟ་དང་། མདུང་ཐུང་དང་། བེ་ཅོན་དང་། དབྱུག་པ་དང་། མདའ་དང་། ཁ་ཊྭཱཾ་ག་དང་། མདུང་

เล่ม ๔๖ · หน้า 200b

རིངས་ལ་སོགས་པའི་གདུག་པའི་མཚོན་གྱིས་རབ་ཏུ་བརྒྱན་པའི་བྱང་ཆུབ་སེམས་ཀྱི་མདའ་ཇི་སྙེད་པ་བསྡུས་ཤིང་གདུག་པའི་དུ་བ་སྔོ་ལྗང་དུ་འདུག་པས་ལུས་ཁྱབ་པའི་དྲི་མ་ཅན་དུ་བྱས་པ་ལ་ནད་སྣ་ཚོགས་ཀྱིས་མི་བཟོད་པར་གཟིར་ཅིང་གོས་མེད་ལ་རབ་ཏུ་འདར་ཞིང་ཉམ་ཆུང་བ་དེ་དག་ཨེ་མའོ་

བདག་ཁོ་ན་ཤི་བར་གྱུར་ན་ཅི་མ་རུང་ཞེས་དོན་འདོད་པའི་ཚིག་སྨྲ་བར་བསམ་ཞིང་། མཚོན་ཆ་གདུག་པ་ཅན་གྱིས་གཟིར་བར་བྱས་པའི་རྣག་གི་ཐུམ་པོས་ལུས་གང་བར་གྱུར་པ་ལ། ནུབ་བྱང་གི་མཚམས་ནས་གྲང་བའི་རླུང་མདོག་དུད་ཀར་གནས་པ་ལ་འཇིགས་པའི་སྒྲ་འབྱིན་པ་དག་གིས་གཙོས་

པར་གྱུར་ཅིང་བསྐྱོད་པར་གྱུར་པས་མེ་རབ་ཏུ་འབར་བའི་ནང་དུ་ཞུགས་པ་ལ་དུར་ཁྲོད་ཀྱི་གནས་ནས་མ་ཧེ་དང་། སྟག་དང་ཁྱི་རྒོད་དང་སྦྲང་བུ་མཆུ་རིངས་ཅན་ལ་སོགས་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དང་། གསང་སྔགས་ཀྱི་སྡེ་མངོན་པར་འཇིགས་པའི་སྡིག་པ་སྟོབས་ཆེ་བ་དང་ལྡན་པ་དེ་དག་རྔམ་པར་

ཟད་པར་བྱེད་པར་བསམ་མོ། །གཞན་ཡང་དྲག་པོའི་སྦྱོར་བ་ཆེན་པོ་ནི། མཐར་བྱེད་པ་ཡི་ལྟོར་གནས་པ། །ཚེར་མས་ལུས་ནི་གང་བ་དང་། །རྐང་པ་ཤིང་ལྕགས་སྒྲོག་གིས་བསྡམས། །དེ་བཞིན་དུམ་བུ་དུམ་བུར་བྱས། །པགས་པ་དག་ནི་བཤུས་བྱས་ནས། །དེ་ལ་ཚ་དང་སྐེ་ཚེས་བསྐུ། །ཧུ་

ཞེས་ཟེར་བ་བསྒོམ་པར་བྱ། །ཞེས་བྱ་བ་སྨོས་ཏེ། མཐར་བྱེད་མ་ནི་གཤིན་རྗེ་གཤེད་དོ། །ལྟོ་བ་ནི་འཁོར་ལོ་སྟེ་དེ་ལ་གནས་པ་ནི་བསྒྲུབ་བྱའོ། །གདུག་པའི་ཏིང་ངེ་འཛིན་ནི་སྤྲུལ་པའི་ཁྲོ་བོའི་ཚོགས་རྣམས་ཀྱིས་གདུག་པ་ཅན་གྱི་ཚེར་མ་ཕུར་བུའི་དབྱིབས་སུ་འདུག་པ་ལག་པ་གཡོན་དུ་ཐོགས་ནས་

གཡས་པའི་ཐོ་བས་བརྡུང་ཞིང་། ཨོཾ་གྷ་གྷ་ཞེས་ལུས་བཀས་པ་དང་རྐང་པ་ཤིང་གི་གདོས་དང་ལྕགས་སྒྲོག་གིས་བསྡམས་ནས་སྔར་བཞིན་དུ་སྤྲོས་པས་གདུག་པའི་མཚོན་ཆ་དག་གིས་ལུས་དུམ་བུ་དུམ་བུར་བྱས་པ་དང་། ལ་ལ་ནི་པགས་པ་དག་བཤུས་པར་བྱས་ནས་གདུག་པའི་

རྫས་ཚ་དང་སྐེ་ཚེ་ལ་སོགས་པས་བསྐུ་བར་བྱེད་ཅིང་ཧུ་ཞེས་ཟེར་བ་མདངས་རབ་ཏུ་འཕྲོ་བར་བསམ་པར་བྱའོ། །ཤིན་ཏུ་དྲག་པོའི་སྦྱོར་བ་ནི། །དེ་ཡི་ལུས་བསྲུང་ལ་སོགས་པ། །བཅད་པ་དག་ནི་མདུན་དུ་དགོད། །དེའི་གོ་ཆ་ཡང་མེད་བྱས་ནས། །སྟོང་པའི་ལུས་ནི་མདུན་དུ་བསམ། །

เล่ม ๔๖ · หน้า 201a

རང་གི་ལུས་བྱུང་ཁྲོ་བོ་ནི། །གཤིན་རྗེ་གཤེད་ཚོགས་བདག་ཉིད་འདྲས། །དེ་ཡིས་ལུས་ལ་བརྒྱབ་ནས་ནི། །ཚིལ་བུ་རྐང་དག་འཐུང་བར་བྱེད། །དེ་ཡི་མདུན་དུ་གཤིན་རྗེ་བསྒོམ། །ལག་ན་དབྱུག་པ་སྟོབས་པོ་ཆེ། །གདུག་པ་ཅན་དེ་རྡེག་པར་བྱེད། །དེ་ཡི་

རྒྱུ་མའི་ཕྲེང་བ་སོགས། །བྱ་རྒོད་ཀྱིས་ཁྱེར་མཁའ་ལ་འགྲོ། །ས་ཡི་འོག་ནས་ཀླུ་དང་ནི། །ལྷ་མ་ཡིན་ལ་སོགས་པས་རྡེག །འདི་ལྟར་བསྒྲུབ་བྱ་ཉམས་བྱ་བ། །སྙིང་རྗེ་ལ་གནས་སེམས་ཀྱིས་ནི། །བྱེད་པ་འཁོར་བའི་གནས་བཏོན་ནས། །སངས་རྒྱས་ཞིང་དུ་འགྲོ་བར་བྱེད། །ཅེས་བྱེ་བ་སྨོས་ཏེ།

དེའི་ལུས་བསྲུང་ཞེས་བྱ་བ་ནི་བླ་མའམ་རིག་སྔགས་པ་གཞན་དག་གིས་བྱིན་གྱིས་བརླབས་པའི་འཁོར་ལོ་སོགས་པ་ནི་ཕུར་བུ་དང་མདུད་པ་ཡང་ཡུངས་ཀར་དང་རྫས་གཞན་དག་ལ་སོགས་པ་བཅད་པ་དག་གིས་བྲལ་བར་བྱ་བའོ། །མདུན་དུ་དགོད་པ་ནི་ནམ་མཁའ་ལའོ། །དེའི་གོ་ཆ་ནི་རྡོ་རྗེ་གོ་ཆ་སྟེ་

མེད་པར་བྱས་ནས་བྱ་བ་ནི་བཤུས་པའོ། །སྟོང་པ་ནི་རང་རྒྱུད་པ་སྟེ་ལུས་ནི་གཅེར་བུ་པའོ། །དེ་ལྟ་བུའི་བསྒྲུབ་བྱ་མདུན་དུ་བསམ་མོ། །རང་གི་ལུས་ཀྱི་སྙིང་ག་ནས་བྱུང་བའི་གཤིན་རྗེ་གཤེད་ཀྱི་ཚོགས་བདག་ཉིད་ཁོ་ན་འདྲ་བས་འཇིག་རྟེན་པའི་བསྲུང་བ་ལ་སོགས་པ་བཟུང་ནས་རང་གི་འོག་གི་ཆུ་

སྐྱེས་ལ་བཅུག་སྟེ། ཕུར་བུ་གཤིན་རྗེ་གཤེད་ཡང་དག་པར་བཏབ་ནས་རྡོ་རྗེས་མནན་ནོ། །དེའི་ལུས་ལ་གདུག་པའི་མཚོན་ཆས་བརྒྱབ་ནས་ཚིལ་གྱི་ཁུ་བ་དང་རྐང་མར་དག་འཐུང་བར་བྱེད་དོ། །དེའི་མདུན་དུ་སྟོབས་ཅན་གྱི་གཤིན་རྗེ་བསྒོམ་སྟེ། ལག་ན་དབྱུག་པ་སྟོབས་རབ་ཏུ་ཆེ་བ་རྡོ་རྗེས་བརྒྱན་

པས་གདུག་པ་ཅན་དེ་ནན་ཏན་གྱིས་བརྡེག་པར་བྱའོ། །དེའི་རྒྱུ་མ་ལ་སོགས་པའི་ནང་གྲོལ་དག་ཀྱང་བྱ་རྒོད་ཀྱིས་ནམ་མཁའ་ལ་ཁྱེར་ནས་དུམ་བུར་ཟ་ཞིང་འགྲོ་བ་དང་སའི་འོག་ནས་ཀླུ་དང་ལྷ་མ་ཡིན་ལ་སོགས་པས་དུམ་བུར་བརྡེག་ཅིང་ལྷག་མ་མ་ལུས་པར་བྱེད་པར་བསམ་པར་བྱའོ། །གལ་ཏེ་ཐེག་

པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་བརྩེ་བ་ཆེན་པོ་དང་ལྡན་པ་ཉིད་དོ། །འདི་དག་གིས་འབྲས་བུ་འཇིག་པར་བྱེད་དོ་ཞེ་ན། གསུངས་པ། འདི་ལྟར་བསྒྲུབ་བྱ་ཉམས་བྱ་བ། །སྙིང་རྗེ་ལ་གནས་སོ་ཞེས་བྱ་བ་གསང་བ་བླ་ན་མེད་པ་ཉམས་པར་བྱས་ནས་རྡོ་རྗེ་དམྱལ་བ་ལས་མི་ཐར་བའི་ཕྱིར་

เล่ม ๔๖ · หน้า 201b

གདུག་པ་དེ་དག་བདེ་བ་ཐོབ་པར་བྱ་བའི་སེམས་ཀྱིས་ཡིད་འཁོར་ལོ་ལ་བཅུག་སྟེ། དབང་གིས་ཡོངས་སུ་སྨིན་པར་བྱས་ནས་ཡེ་ཤེས་ཀྱི་འཁོར་ལོ་དང་ཐ་མི་དད་པས་གཤེགས་སུ་གསོལ་བས་སྡུག་བསྔལ་བྱེད་པའི་རྒྱུ་འཁོར་བའི་གནས་ནས་བཏོན་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་བྱེད་དོ། །ད་ནི་

གསང་བ་བསད་པའི་སྦྱོར་བ་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཁྱད་པར་ཅན་གྱི་ཐུགས་ཀྱིས་འདི་ལྟ་བུའི་གསུང་ཕྱུང་བར་མཛད་དོ། །ཨེ་མའོ་བསད་པ་ཡང་དག་བསད། །བསད་པ་མ་ཡིན་སྡིག་ལས་གྲོལ། །ཇི་སྲིད་བསད་ཀྱང་མ་བསད་དེ། །

སྡིག་པ་སྟོང་ཕྲག་བྱས་པ་ཡིས། །མནར་མེད་ལ་སོགས་མི་སྐྱེ་བར། །ཨེ་མ་སངས་རྒྱས་བསྐྱེད་པའི་བདག །ཨེ་མའོ་སངས་རྒྱས་ཆེ་བའི་བདག །བསད་པས་བྱང་ཆུབ་ཐོབ་པར་བྱེད། །ཅེས་བྱ་བ་སྨོས་ཏེ། ཨེ་མ་ཞེས་བྱ་བ་ནི་འགལ་བ་འདུས་པ་ངོ་མཚར་བའི་དོན་ཏོ། །བསད་པ་ནི་རྣམ་

པར་རྟོག་པའི་རྩ་བ་བཅད་པས་ཡང་དག་པར་བསད་པའོ། །འདུས་བྱས་པ་ཞིག་པ་ནི་བསད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། །སྡིག་པ་ལས་གྲོལ་བ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་འཁོར་བ་པ་ཇི་སྲིད་པ་བསད་ཀྱང་རྣམ་པར་སྨིན་པ་དང་བྲལ་བའི་ཕྱིར་མ་བསད་པ་སྟེ། དེ་དག་ནི་སངས་རྒྱས་ཀྱི་སྟོབས་

ཆེ་བའི་ངོ་མཚར་རོ། །དེའི་ཕྱིར། སྡིག་པ་སྟོང་ཕྲག་བྱས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་བསྟན་ཏེ་དོན་ལྷག་པར་བརྗོད་པ་ནི་མེད་དོ། །ད་ནི་ཐུན་མོང་མ་ཡིན་པས་བསད་པ་བསྟན་པར་བྱ་སྟེ། སེམས་ཅན་གསོད་པ་བསད་པ་ཉིད། །སྙིང་རྗེ་ཆེན་པོ་ཉིད་ཀྱིས་བྱས། །ཨེ་མའོ་སྙིང་རྗེ་

སྟོབས་ཀྱི་མཆོག །སྙིང་རྗེ་དམན་པས་འགྲུབ་མི་འགྱུར། །ཞེས་བྱ་བ་སྨོས་ཏེ། གཤིན་རྗེ་མཐར་བྱེད་པའི་སྟོབས་ཀྱིས་སེམས་ཅན་གསོད་པ་ནི་ཡང་དག་པར་གསོད་པ་ཉིད་དུ་བྱེད་པ་ནི་རྒྱུ་སྙིང་རྗེ་ཆེན་པོ་ཉིད་ཀྱིས་བྱས་པའོ། །ཨེ་མའོ་དམིགས་པ་མེད་པའི་སྙིང་རྗེ་དང་བསམ་གྱིས་མི་

ཁྱབ་པའི་སྙིང་རྗེའི་སྟོབས་ཀྱིས་འགྲུབ་པ་ཉིད་ནི་མཆོག་གོ། །སེམས་ཅན་ལ་དམིགས་པ་དང་ཆོས་ཙམ་ལ་དམིགས་པའི་སྙིང་རྗེ་ནི་དམན་པ་སྟེ། བསད་པ་དང་བསད་པ་ཆེན་པོའི་སྦྱོར་བ་ཡང་འགྲུབ་པར་མི་འགྱུར་རོ། །དེ་དག་གི་སྔགས་གསུངས་པ་ནི། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་

เล่ม ๔๖ · หน้า 202a

ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་དེ་བ་དཏྟ་མཱ་ར་ཡ་ཧཱུཾ། ཉིན་མོ་ལའོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་དེ་བ་དཏྟ་མཱ་ར་ཡ་ཧཱུཾ་ཕཊ། མཚན་མོ་ལའོ། །འདི་ནི་བཅོམ་ལྡན་འདས་ཀྱིས་རྣམ་པར་རྟོག་པ་བསད་པ་ནི་ལུས་ལ་བསྟེན་པ་ཉིད་ཀྱིས་སོ། །རྡོ་རྗེ་ནི་དབྱེར་མི་ཕྱེད་པར་བྱས་

པ་ཉིད་དོ། །འཁྲུལ་འཁོར་ནི་བཤད་ཟིན་ཏོ། །སྔགས་ནི་ཧྲཱིཿཥྚྲྀཿལ་སོགས་པ་རྣམས་ཀྱིས་སོ། །སྨན་ནི་རྫས་ཀྱི་ཁྱད་པར་རོ། །བསད་པའི་ལེའུ་འདི་ནི་གཙོ་བོར་གྱུར་པའོ། །ལ་སོགས་པ་ནི་ཕྲིན་ལས་བཞི་ཡང་བསྡུས་པའོ། །ཆོ་ག་ནི་ཚུལ་ལམ་ཐབས་ཇི་ལྟ་བ་རྣམས་སོ། །

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ནི་བཤད་ཟིན་ཏོ། ལས་ནི་ཞི་བ་ལ་སོགས་པའོ། །རིམ་པར་ཕྱེ་བ་ནི་རེ་རེ་ཞིང་འཁོར་ལོ་དང་སྔགས་དང་ཏིང་ངེ་འཛིན་དང་རྫས་ལ་སོགས་པས་དབྱེ་བའོ། །གསུམ་པའི་དོན་གྱིས་ན་བཞི་པའོ། །ནག་

པོ་ཞབས་ཀྱིས་བཤད་པའི་ལེའུ་བཞི་པ་རྒྱ་ཆེར་གསལ་བར་བྱས་པའོ།། །།དེ་ལྟར་ལས་ཀྱི་སྦྱོར་བ་ཐམས་ཅད་ཀྱང་འཁོར་ལོ་ལ་རག་ལས་པའི་ཕྱིར་འཁོར་ལོའི་སྔོན་དུ་འགྲོ་བ་ལེའུ་བཞི་པ་ལས་མ་གསུངས་པའི་ཆ་གཅིག་པའི་དབྱེ་བ་དང་བསྐྲད་པའི་ལས་གཉིས་ཤེས་ནས་འཁོར་ལོ་བྲི་

བར་གསུངས་པ། དེ་ནས་འཁོར་ལོ་གཉིས་བྲིས་ལ། །ཡི་གེ་ཕཊ་ཀྱིས་བརྟེན་པ་ཡི། །བསྒྲུབ་བྱའི་མིང་ནི་བྲིས་བྱས་ལ། །ཐོད་པ་ཁ་སྦྱར་ནང་དུ་གཞུག །ཅེས་བྱ་བའི་དོན་ནི་འཁོར་ལོ་ནི་རྣོ་ཞིང་གཅོད་པའི་དོན་གྱིས་ནའོ། །གཉིས་ནི་སྟེང་འོག་གོ། །བྲི་བ་ནི་མན་ངག་དང་མཐུན་པའོ། །ཡི་གེ་

ཕཊ་ཀྱིས་བརྟེན་ཞེས་པ་ནི་མིང་དང་སྤེལ་བའོ། །བསྒྲུབ་བྱའི་མིང་ནི་བླ་དགས་དང་བཅས་པ་བྲི་བར་བྱས་ལ། ཐོད་པ་ནི་ཕོ་མོ་གཉིས་ཀའི་བྱི་ཏང་ཀ་དང་ཙི་ཏྲ་ཀ་བྱུགས་པ་ཁ་སྦྱར་བའི་ནང་དུ་དུར་ཁྲོད་ཀྱི་ཐལ་བས་བཀང་སྟེ་དེའི་དཀྱིལ་དུ་བྲིས་པའི་འཁོར་ལོ་གཞུག་པར་བྱའོ། །དེ་ཡང་ཐུན་མོང་མ་ཡིན་

པའི་སྦྱོར་བ་འདི་ཉིད་ཀྱིས་འགྲུབ་སྟེ། སྐུད་པ་སྔོན་པོས་བཅིང་བྱས་ཏེ། །ཉི་མ་ཕྱེད་ཀྱི་དུས་སུ་ནི། །དུར་ཁྲོད་ས་ཡི་ནང་དུ་སྦ། །ཞེས་བྱ་བ་སྨོས་ཏེ། སྐུད་པ་སྔོན་པོ་ནི་ད་དུ་རའི་ལོ་མ་དང་། ར་མི་ཏ་ནག་པོའི་ལོ་མ་བསྲེས་ཏེ་དེ་གཉིས་སྦྱར་བས་བཙོས་པའོ། །དེ་ཡང་ཐོད་པའི་མཐིལ་གཉིས་སུ་ཁ་ཕྱེ་

เล่ม ๔๖ · หน้า 202b

བ་ལྟ་བུར་བཅིངས་ཏེ། ཚེས་དྲུག་གི་ཉི་མ་ཕྱེད་ཀྱི་དུས་སུ་དུར་ཁྲོད་ཀྱི་སའི་གཏིང་གྲུ་གསུམ་དུ་བྲུས་ཏེ་དུར་ཁྲོད་ཀྱི་གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ཏེ་ཁ་བཅད་པའི་ནང་དུ་འཁོར་ལོ་སྦའོ། །དེ་ཡང་སྒྲུབ་པ་འདི་བསྒོམ་པས་འགྲུབ་སྟེ། གཤིན་རྗེ་གཤེད་ཀྱི་སྦྱོར་བ་ཡིས། །རྟ་དང་མ་ཧེ་ཞོན་པ་ཡི། །

ལག་ན་མཚོན་ཐོགས་བསྒྲུབ་བྱ་གཉིས། །མདུན་དུ་བསྒོམ་བྱ་དགོད་པར་བྱ། །ཞེས་བྱ་བ་སྨོས་ཏེ་གཤིན་རྗེ་གཤེད་ཀྱི་སྦྱོར་བ་ནི། བདག་ཉིད་གཤིན་རྗེ་གཤེད་ཀྱི་ང་རྒྱལ་ལོ། །རྟ་དང་མ་ཧེ་ཞོན་པ་ནི་བསྒྲུབ་བྱ་སྟེ་གྷོ་དང་དྷ་ལས་བསྐྱེད་པའོ། །བསྒྲུབ་བྱ་གཉིས་ནི་ལག་ན་མཚོན་ཐོགས་ཤིང་

བྲལ་བའི་བསམ་པ་དང་བཅས་པའོ། །མདུན་དུ་བསྒྲུབ་བྱ་གཉིས་པ་གསལ་བར་བྱ་བ་ཁོ་ནའོ། །དེ་ནས་ཡང་། ཁྲོས་པའི་ལུས་ལས་སྤྲུལ་པའི་ཚོགས། །གཉིས་ཀའི་ཕྱོགས་སུ་བསམ་པར་བྱ། །གཉིས་ཀས་འཐབ་མོ་མང་པོ་བྱེད། །ཁྲོས་ཤིང་གདུག་པའི་སེམས་ལྡན་པའི། །སྟོབས་ལྡན་ཁྲོས་

པ་བསྒོམ་པར་བྱ། །བསྒོམས་ནས་བཟླས་པ་བརྩམ་པར་བྱ། །ཞེས་བྱ་བ་སྨོས་ཏེ། བདག་གི་སྙིང་གའི་ས་བོན་ལས་སྤྲུལ་པའི་ཚོགས་བསྒྲུབ་བྱ་གཉིས་ཀའི་ཕྱོགས་སུ་དཔུང་བྱེད་པར་བསམ་པར་བྱའོ། །ཡང་སྙིང་གའི་ས་བོན་ལས་རླུང་ལྟ་བུའི་འོད་ཟེར་རབ་ཏུ་འཁྲུགས་པ་འབྱུང་སྟེ།

བསྐུལ་བས་གཉིས་ཀ་འཐབ་མོ་མང་པོ་བྱེད་པར་བསམ་མོ། །བདག་ཉིད་ཀྱང་ཁྲོས་ཤིང་གདུག་པའི་སེམས་དང་ལྡན་པས་ཕན་ཚུན་ཡང་སྟོབས་དང་ལྡན་པས་རབ་ཏུ་ཁྲོས་པ་བསྒོམ་པར་བྱའོ། །བསྒོམ་བྱ་དེ་དག་དང་མི་འབྲལ་བའི་བཟླས་པ་བརྩམ་པར་བྱ་སྟེ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་

ཕཊ་དེ་བ་དཏྟཀྵ་ཛ་དཏྟེ་དེ་བི་དེ་ཤ་ཡེ་ཧཱུཾ་ཕཊ། ཅེས་བྱ་བ་སྟོང་བཟླས་པས་ཕན་ཚུན་དགྲར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་ཀྱིས་དབྱེ་བའི་ཆོ་གའི་དམ་ཚིག་ཆེན་པོ་གསུངས་པའོ། །ད་ནི་བསྐྲད་པའི་ཆོ་ག་བཤད་པར་བྱ་སྟེ། ཆོ་ག་དག་ནི་སྔ་མ་བཞིན། །འཁོར་ལོ་གཉིས་ནི་བྲིས་བྱས་ལ། །

ཐོད་པ་ཁ་སྦྱར་ནང་དུ་གཞུག །སྐུད་པ་ནག་པོས་བཅིང་བྱས་ལ། །ཤ་ཟའི་ཚུལ་དུ་སྦ་བར་བྱའོ། །ཞེས་བྱ་བ་སྨོས་ཏེ། ཆོ་ག་ནི་དབྱེ་བ་དག་དང་ཕལ་ཆེར་མཐུན་པས་ན་སྔ་མ་བཞིན་ཞེས་བྱའོ། །འཁོར་ལོ་གཉིས་ནི་ཨེ་རནྡའི་མར་མེའི་དུད་པ་དང་། ལྟོགས་པ་དང་མིག་སེར་དག་གི་ཁྲག་དང་སྦྱར་ཏེ་

เล่ม ๔๖ · หน้า 203a

བྲི་བར་བྱས་ལ། ཡི་གེ་ཧཱུཾ་ཕཊ་གཉིས་ཀྱི་བར་དུ་མིང་བླ་དགས་དང་བཅས་པ་གཞུག་པ་ནི་རྟེན་ཞེས་བྱའོ། །ཐོད་པ་ནི་སློང་མོ་པའི་སྟེ་དཀར་ནག་ཏུ་བྱུགས་ལ་ཁ་སྦྱར་བའི་ནང་དུ་བྱ་རོག་དང་མིག་སེར་གྱི་རྟུག་པས་བཀང་ལ་བྲིས་པ་ནང་དུ་གཞུག་པར་བྱའོ། །གཡུང་མོའི་སྒྲའི་

སྐུད་པ་ནག་པོས་དུམ་བུ་དུམ་བུར་བཅིང་བ་བྱས་ལ་ཤ་ཟའི་ཚལ་ནི་གནས་ཏེ་དུར་ཁྲོད་ཀྱི་གནས་སུ་སྦ་བར་བྱའོ། །དེ་དག་ཀྱང་ཏིང་ངེ་འཛིན་གྱི་མཐུ་འདིས་འགྲུབ་པར་འགྱུར་རོ། །གཤིན་རྗེའི་སྦྱོར་བ་ལ་གནས་པས། །མདུན་དུ་བསྒྲུབ་བྱ་བསྒོམ་པར་བྱ། །ཡཾ་བྱུང་གཞུ་ཡི་དབྱིབས་འདྲ་

བའི། །རླུང་གི་དཀྱིལ་འཁོར་ནག་པོ་ལ། །དེ་སྟེང་མདོག་སྔོན་རྔ་མོ་བསྒོམ། །དེ་ལ་གདུག་པ་ཅན་བསྐྱོན་ལ། །ལྷོ་ཡི་ཕྱོགས་སུ་ཁ་བསྟན་ཏེ། །ཁྲོ་བོའི་ཚོགས་ཀྱིས་དེ་བརྡེག་པས། །སངས་རྒྱས་ཡིན་ཡང་བཟློག་པར་དཀའ། །ཞེས་བྱ་བ་སྨོས་ཏེ། ཆེད་དུ་ལྷག་པར་

བརྗོད་པ་ནི་མེད་དོ། །དེ་ཡང་དུས་ཆེན་པོ་བཅུ་གཉིས་ལ་བདག་ཉིད་གཤིན་རྗེ་མཐར་བྱེད་པའི་སྦྱོར་བ་ལ་གནས་ནས་མདུན་དུ་བསྒྲུབ་པར་བྱ་བའི་སྔགས་ཀྱིས་རྨོངས་པ་ལྟ་བུ་དང་ཡན་ལག་ཐམས་ཅད་བྲ་ཤིང་གི་རྩ་བ་དང་འདྲ་བར་བསྒོམ་པར་བྱའོ། །དེ་ནས་མདུན་དུ་ཨེ་ནག་པོ་ཆོས་ཀྱི་

འབྱུང་གནས་མུན་པ་ལྟ་བུའི་ནང་དུ་ཡཾ་ལས་བྱུང་བའི་གཞུའི་དབྱིབས་ལྟ་བུའི་རླུང་གི་དཀྱིལ་འཁོར་ནག་པོ་ལ། རླུང་ལྷ་ཤ་བ་ལ་ཞོན་པ་མདོག་དུད་ཁ་བདུན་གྱིས་བསྐོར་བའི་དབུས་སུ་ཡི་གེ་ཤཾ་ལས་བྱུང་བའི་རྔ་མོ་ལ་འདུག་པའི་འོད་ཟེར་ཆེན་པོ་འཕྲོས་པའི་སྟེང་དུ་གདུག་པ་ཅན་བསྐྱོན་ལ་ལྷོའི་ཕྱོགས་སུ་ཁ་

བལྟས་ཏེ་ཕྱི་ནས་ཕར་ཁྲོ་བོ་མཚོན་ཆ་སྣ་ཚོགས་ཐོགས་པས་རྡེག་ཅིང་དེད་པར་བསམ་མོ། །དཔེར་ན་སངས་རྒྱས་ཡིན་ཡང་བཟློག་པར་དཀའ་སྟེ་ངེས་པར་བསྐྲད་པ་བྱས་པར་འགྱུར་རོ། །དེ་ནས་རྡོ་རྗེ་དྲིལ་བུ་ལ་སྔགས་འདི་བརྒྱ་རྩ་བརྒྱད་དུ་བཟླས་ཏེ་འཁོར་ལོ་ལ་བྱུགས་ནས་བསྒྲུབ་བྱ་འགྲུབ་པར་འགྱུར་

རོ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་ཕཊ་དེ་བ་དཏྟ་ཨུ་ཙ་ཏ་ཡ་ཧཱུཾ་ཕཊ། འདི་ནི་བཅོམ་ལྡན་འདས་ཀྱིས་བསྐྲད་པའི་ཆོ་གའི་དམ་ཚིག་གསུངས་པའོ། །ད་ནི་འཁྲུལ་འཁོར་བྲི་བ་བསྟན་པར་བྱ་སྟེ། ཁྲོས་པས་རྣལ་འབྱོར་ལྷོར་བལྟས་ལ། །རང་ཁྲག་རོ་བསྲེགས་ཐལ་བ་དང་། །དུག་དང་ཚྭ་

เล่ม ๔๖ · หน้า 203b

དང་སྐེ་ཚེ་དང་། །མར་ཁུ་སྨྱོན་པའི་ཁུ་བ་ཡིས། །ཞེས་བྱ་བ་སྨོས་ཏེ། ཁྲོས་པས་ནི་ཁྲོ་བོའོ། །རྣལ་འབྱོར་ནི་དེའི་ང་རྒྱལ་ལོ། །ལྷོར་གནས་པ་ནི་ལས་ལ་ཤིས་པའི་ཕྱོགས་སོ། །རང་ཁྲག་ནི་ཁྲོ་མཛུབ་ཀྱིའོ། །རོ་བསྲེགས་པའི་ཐལ་བ་ནི་རུས་པ་ནག་པོའོ། །མར་ཁུ་ནི་མིའི་ཚིལ་ལོ། །སྨྱོན་བ་ནི་སྨྱོ་བྱེད་ཀྱི་ལོ་

མའོ། །ཁུ་བ་ནི་ད་དུ་རའི་ལོ་མའི་ཁུ་བའོ། །རིམ་པ་གསུམ་པ། དུར་ཁྲོད་རས་ལ་འཁོར་ལོ་གཉིས། །རིམ་པ་འདི་བཞིན་བྲི་བར་བྱ། །ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་ནི་རོ་རས་སོ། །དྲག་པོ་ནི་དེ་ཁོ་ནའོ། །འཁོར་ལོ་གཉིས་ནི་ཐམས་ཅད་ལའོ། །རིམ་པ་འདི་བཞིན་ནི་བཞི་དང་འཁོར་ལོ་དེ་གསུངས་

པ། བསད་པ་གཤིན་རྗེའི་ལུས་ལ་གནས། །དབྱེ་བ་རྟ་དང་མ་ཧེ་ཡིས། །བསྐྲད་པ་རྔ་མོའི་ལུས་ལ་བསྐྱོན། །ཞི་བ་ཟླ་བའི་དཀྱིལ་འཁོར་གྱི། །རྒྱས་པ་ཟླ་བ་སེར་པོ་ལ། །བཙུན་མོའི་སྙིང་གར་དབང་དུ་བྱ། །རང་ལ་བསྐྱོན་ན་འགུགས་པར་བྱེད། །ལྐུགས་པ་ལུག་གི་ཁོག་པར་གཞུག །རེངས་

པ་ལ་ནི་རི་བོང་དབུས། །དགུག་པ་སེང་གེ་ཤ་ར་པ། །ཞེས་བྱ་བ་སྨོས་ཏེ། བསད་པ་ནི་གཤིན་རྗེའི་ཁོང་པར་ཆུད་པར་རོ། །དབྱེ་བ་ནི་མ་ཧེ་དང་རྟའི་རྒྱབ་ཏུ་ཆུད་པར་རོ། །བསྐྲད་པ་ནི་རྔ་མོའི་རྒྱབ་ཏུ་ཆུད་པར་རོ། །ཞི་བ་ནི་ཟླ་བའི་དཀྱིལ་འཁོར་ལ་ཆུད་པའོ། །རྒྱས་པ་ནི་ཉི་མའི་དཀྱིལ་འཁོར་ལ་ཆུད་པར་རོ། །

དབང་གི་ནི་བུད་མེད་ཀྱི་སྙིང་ག་སྟེ་པདྨའི་གནས་སུ་ཆུད་པར་རོ། །འགུགས་པར་སྐྱེས་ཀྱི་སྙིང་གར་ཆུད་པར་རོ། །ལྐུགས་པ་ལུག་གི་ལྟོ་བར་ཆུད་པར་བྱའོ། །རེངས་པ་ནི་རི་བོང་གི་དབུས་སུ་ཆུད་པར་བྱའོ། །ཤ་ར་བ་ནི་སེང་གེ་རྐང་པ་བརྒྱད་པའོ། །དགུག་པ་ནི་དེའི་འཕོངས་སུའོ། །འདི་ལྟར་སྨྱོ་

བ་དང་ནད་ཀྱིས་སྨྱོ་བར་བྱ་བ་ནི་སྤྲེའུ་ཆང་གིས་སྨྱོས་པར་བྱས་པའི་ལྟོ་བར་རོ། །ཁྱད་པར་གྱི་རྒྱུ་གསུངས་པ་ནི། རོ་ཙ་ན་དང་རྒྱ་སྐྱེགས་དང་། །ཁ་ཆེར་སྐྱེས་པའི་ཁྱད་པར་གྱིས། །དབང་དུ་བྱ་བ་གྲོ་གར་བྲི། །ཞེས་པ་ནི་རོ་ཙ་ན་ནི་ཀླད་པའོ། །རྒྱ་སྐྱེགས་ནི་སར་པའི་ཁུ་བའོ། །ཁ་ཆེར་སྐྱེས་

པ་ནི་གུར་གུམ་མོ། །གྲོ་བ་ནི་དམར་པོར་རོ། །དེ་ཐམས་ཅད་ལ་ཡང་། དགེ་བའི་སེམས་ཀྱིས་གཟུང་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་སྨོས་ཏེ། དགེ་བའི་སེམས་ཀྱིས་ནི་ལས་ཐ་དད་པའི་བསམ་པའོ། །གཟུང་བ་ནི་མི་བྲལ་བའོ། །བཅོམ་ལྡན་འདས་ཀྱིས་

เล่ม ๔๖ · หน้า 204a

གསུངས་པ་ཉིད་ཀྱི་ཕྱིར་མི་སླུ་བའི་དོན་གྱིས་ན་འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད་ཅེས་བྱའོ། །མངོན་སྤྱོད་ཀྱི་ལྷག་མ་གསུངས་པ། ཁམ་ཕོར་ལ་སོགས་པ་སྨོས་ཏེ་གོང་དུ་བཤད་པ་ཁོ་ནར་ཟད་དོ། །སྔོན་དུ་བསྙེན་པ་གསུངས་པ། མཐའ་ཡི་ཡ་བོར་ཞི་བ་ལ། །ཡི་གེ་ནི་དེ་

གཉིས་ཀ་དང་། །ཕྱི་ནས་དཀྱིལ་འཁོར་ཡ་སྤངས་ཏེ། །ཡི་གེ་ལྷག་མ་ཅི་བདེ་བར། །སྔོན་དུ་བསྙེན་པ་ཁྲི་ཚོ་ཙམ། །ཞེས་བྱ་བ་སྨོས་ཏེ། མཐའི་ཡ་ནི་སྔོན་གྱི་ཡི་གེ་ཡའོ། །ནི་ནི་ནུབ་བྱང་གི་ཡི་གེ་གཉིས་སོ། །ཕྱི་ནས་དཀྱིལ་འཁོར་དུ་ཡི་གེ་ཡ་སྤངས་པའི་ཡི་གེ་ལྷག་མ་ཅི་བདེར་གཞག་གོ། །

བསྙེན་པ་ནི་ཁྲི་སྟེ་ཙམ་ལྷག་མི་དགོས་པའོ། །འདི་ནི་ལས་རྣམས་རབ་བསྒྲུབ་པ། །ཡེ་ཤེས་ནི་གཤིན་རྗེ་མཐར་བྱེད་པའི་ཡེ་ཤེས་སོ། །རྡོ་རྗེ་ནི་གཟུང་བ་དང་འཛིན་པའི་རྟོག་པས་མི་ཕྱེད་པའོ། །བྲིས་པའི་སྐྱོན་གསུངས་པ་ནི་འཐབ་མོ་འབྱུང་བ་སྟེ། དེ་བས་ན་ཡ་དང་ནི་དབྱི་བར་བྱའོ། །དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །སྔགས་འཁྲུལ་ཞིང་འཁོར་བའི་ཞི་བ་ལ་སོགས་པའི་གོ་རིམས་བྲིས་པ་འཁོར་ལོ་སྟེ་རིམ་པར་ཕྱེ་བ་སྔ་མ་བཞིན་ནོ། །ནག་པོ་ཞབས་ཀྱིས་བཤད་པ་ལེའུ་ལྔ་པ་རྒྱ་ཆེར་གསལ་བར་བྱས་པའོ།། །།

ད་ནི་སྔོན་དུ་གསུངས་པའི་ཕྱག་རྒྱ་དང་གཏོར་མ་འཁོར་ལོ་དམིགས་པའི་ལེའུ་གསུངས་པ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་པ། གང་

གིས་རྡོ་རྗེ་ཅན་མཉེས་པ། །ཞེ་སྡང་ཕྱག་རྒྱའི་རྣལ་འབྱོར་གྱིས། །རྡོ་རྗེའི་ཕྱག་རྒྱས་རྒྱས་གདབ་པ། །དངོས་གྲུབ་རྒྱ་ཆེན་ཇི་ལྟར་ཐོབ། །ཅེས་བྱ་བ་སྨོས་ཏེ། གང་གིས་ནི་རྒྱུའི་རྒྱུད་དོ། །རྡོ་རྗེ་ཅན་ནི་འབྲས་བུའི་རྒྱུད་དེ། མཉེས་པ་ནི་ཚོགས་རྫོགས་པར་གྱུར་པའི་ཐབས་ཀྱི་རྒྱུད་དེ། དེ་དག་ལས་གཞན་

ཡང་ཞེ་སྡང་ཕྱག་རྒྱའི་རྣལ་འབྱོར་ནི་བསྐྱེད་པའི་རིམ་པའོ། །རྡོ་རྗེ་ནི་དབྱེར་མི་ཕྱེད་པ་སྟེ་དེའི་ཕྱག་རྒྱས་རང་རྒྱུད་དང་གཞན་རྒྱུད་ལ་ཇི་ལྟར་གདབ་སྙམ་པ་དང་མཆོག་དང་ཐུན་མོང་གི་དངོས་གྲུབ་རྒྱ་ཆེན་པོ་ཇི་ལྟར་འཐོབ་པར་བྱེད་པ་ལགས་ཞེས་ཞུས་སོ། །དེ་ནས་རྟོག་པ་གསུམ་པ་བསལ་བའི་ཕྱིར།

เล่ม ๔๖ · หน้า 204b

བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཚིག་འདི་གསུངས་སོ། །དཀྱིལ་འཁོར་གྱི་ནི་ལྷ་ཀུན་གྱི། །དབུ་ལ་གཤིན་རྗེ་གཤེད་པོ་བསྒོམ། །རྟག་ཏུ་དཀྱིལ་འཁོར་བྲི་བར་བྱ། །རྟག་ཏུ་སྦྱིན་སྲེག་གིས་ཀྱང་དགང་། །རྟག་ཏུ་དམ་ཚིག་དག་ཀྱང་བསྒྲུབ། །སྡོམ་པ་དག་ཀྱང་ཡང་དག་གཟུང་། །

ཞེས་བྱ་བ་སྨོས་ཏེ། དཀྱིལ་འཁོར་གྱི་ལྷ་ནི་བཅུ་གཉིས་སོ། །དེ་ནི་རིགས་བཞི་སྟེ་དེ་རྣམས་ཀྱི་བདག་པོར་གྱུར་པ་ནི་ཞེ་སྡང་རྡོ་རྗེ་སྟེ། དེ་ཐམས་ཅད་ཀྱི་དབུ་ལ་རྒྱས་བཏབ་པས་གཤིན་རྗེ་གཤེད་པོ་བསྒོམ་ཞེས་བྱའོ། །མཉེས་པར་བྱ་བའི་ཐབས་ནི་བསྙེན་སྒྲུབ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་

བྲི་བར་བྱ་བ་དང་། བྱིན་གྱིས་བརླབས་པའི་ཞིང་ལ་ཡིད་ཀྱིས་བྲི་བ་དང་ཡང་ཕྱི་མ་ནི་རྟག་ཏུའོ། །སྦྱིན་སྲེག་ནི་ནང་གི་བདག་ཉིད་ཅན་ཏེ་ཁ་ཟས་སྦྱང་བའི་ཏིང་ངེ་འཛིན་གྱི་མཆོད་པས་ནི་རྟག་ཏུ་དགང་ཞེས་སོ། །དམ་ཚིག་ནི་ཤེས་པར་བྱ་བ་དང་སྤྱད་པར་བྱ་བ་སྟེ། །ཤེས་པར་བྱ་བ་ནི་རྩ་བ་ལྔའི་བྱེ་བྲག་མངོན་དུ་

བྱེད་པའོ། །སྤྱད་པ་ནི་གོ་ཀུ་ད་ཧ་ན་ལ་སོགས་པའོ། །རྒྱུན་དུ་བསྟེན་པའི་ཕྱིར་རྟག་ཏུ་བསྒྲུབ་ཅེས་བྱའོ། །སྡོམ་པ་ནི་བླ་ན་མེད་པ་སྟེ་འཇིག་རྟེན་པ་ལས་རིང་དུ་གྱུར་པའོ། །མཆོག་ནི་སློབ་དཔོན་གྱིའོ། །ཀྱང་ནི་གཞན་རྣམས་ཉེ་བར་བསྡུའོ། །ཡང་དག་པར་གཟུང་བ་ནི་བརྟན་པར་གྱུར་

པའོ། །དངོས་གྲུབ་རྒྱ་ཆེན་པོ་ཐོབ་པར་བྱ་བ་ནི། །དང་པོ་ལ་ནི་བུམ་པའི་དབང་། །གཉིས་པ་རལ་གྲི་སྦྱིན་པ་སྟེ། །གསུམ་པ་རྡོ་རྗེ་དྲིལ་བུ་དང་། །བཞི་པ་ཟླ་བ་བཟའ་བ་ཡིན། །བཞི་པོ་འདི་ནི་དབང་ཆེན་པོ། །ཞེས་བྱ་བ་སྨོས་ཏེ། དང་པོ་ནི་འགྲོ་བའི་ཡིད་བརྟན་པའི་ཕྱིར་བུམ་པའི་

དབང་ངོ་། །བུམ་པ་ནི་ཆུ་འཛིན་པའི་བྱ་བ་བྱེད་པ་ཡིན་ལ། དབང་བསྐུར་བར་བྱེད་པ་ནི་སྤྱན་མ་ལ་སོགས་པ་ཡིན་པའི་ཕྱིར་རིག་པའི་དབང་ཞེས་བྱའོ། །དེ་ཡང་རྣམ་པར་རྒྱལ་བ་འཁོར་ལོས་སྒྱུར་བ་དང་བཅས་པའི་བུམ་པ་ལྔ་གཙོ་བོར་གྱུར་པ་སྟེ་རེ་རེ་ཞིང་བཅོམ་ལྡན་འདས་ཉིད་དུ་གྱུར་པས་ན་ཅོད་

པན་གྱི་དབང་ངོ་། །དེ་ལྟར་སློབ་མའི་དབང་སྔོན་དུ་སོང་བའི་སློབ་དཔོན་གྱི་དབང་ནི་གཞན་གྱི་དོན་ཁྱད་པར་དུ་སྤྱོད་ཅིང་ལོག་པར་རྟོགས་པའི་རྣམ་གྲངས་དུ་མ་གཅོད་པ་ཉིད་ཀྱི་ཕྱིར། གཉིས་པ་རལ་གྲི་སྦྱིན་པར་བྱ། །ཞེས་གསུངས་སོ། །གསང་བའི་དབང་ནི་གཉིས་སུ་མེད་པ་སྙོམས་པར་འཇུག་པའི་བྱང་ཆུབ་ཀྱི་སེམས་

เล่ม ๔๖ · หน้า 205a

ཀྱི་ཁུ་བ་དག་སློབ་མས་ཡོངས་སུ་སྤྱོད་པ་སྟེ། བོ་ལ་དང་ཀ་ཀྐོ་ལའི་སྒྲའི་བདག་གི་རྟགས་སུ་རྡོ་རྗེ་དང་དྲིལ་བུ་སྟེ་དེ་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །ཟླ་བ་ནི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་ཏེ། ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུའི་ཉམས་སུ་མྱོང་བའི་ལྷན་

ཅིག་སྐྱེས་པ་ཉིད་གཟུང་ངོ་། །བཟའ་བ་ནི་ཡིད་ཀྱིས་སེམས་ཉམས་སུ་མྱོང་བར་བྱའོ། །དེ་ཡང་ཐམས་ཅད་གསང་བ་ལས། །དབང་བཞི་པ་ནི་བདེ་ཆེན་སྐྱེད། །ཡན་ལག་ལྡན་པའི་རིག་བྱེད་ཅན། །ཞེས་པ་དང་། ཧེ་བཛྲ་ལས། དང་པོ་ལ་ནི་བུམ་པའི་དབང་། །གཉིས་པ་གསང་བའི་དབང་ཡིན་ཏེ། །ཤེས་

རབ་ཡེ་ཤེས་གསུམ་པར་བཤད། །དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་གསུངས་པ་སྟེ། མཐོང་བའི་དོན་བླ་མའི་མན་ངག་གིས་བརྒྱན་པར་བྱས་པས་ལྷག་མ་མི་དགོས་པའི་དོན་ཏོ། །བཞི་པོ་འདི་ནི་དབང་ཆེན་པོའི། །ཞེས་བྱ་བ་ནི་མཐའ་དྲུག་དང་ལྡན་པ་ཉིད་དུ་སྟེ། ཟླ་བ་རླུང་གི་ངོར་བྱས་པ་ནི་ཚོགས་

ལ་བཤད་པའོ། །སྔར་བཀོད་པ་ནི་སློབ་མ་ལ་བཤད་པའོ། །དང་པོ་ནི་སྒྲ་ཇི་བཞིན་དུ་བཤད་པའོ། །གཉིས་པ་ནི་སྒྲ་ཇི་བཞིན་དུ་མ་ཡིན་པར་བཤད་པའོ། །གསུམ་པ་ནི་དགོངས་ཏེ་བཤད་པའོ། །བཞི་པོ་འདི་ནི་དགོངས་པ་མ་ཡིན་པར་བཤད་པ་སྟེ་འདི་དག་གིས་བྱ་བ་བྱས་ཤིང་ལྷག་པ་མི་རྙེད་པའི་

དོན་དང་ཡེ་ཤེས་ལ་དབང་བར་བྱས་པའོ། །དངོས་གྲུབ་ཇི་ལྟར་ཐོབ་ཅེ་ན། དབང་འདི་དག་གི་བྱེ་བྲག་གིས། །རྒྱལ་བའི་སྲས་ཀྱི་བྱང་ཆུབ་ཐོབ། །ཅེས་བྱ་སྟེ། འདི་ནི་བླ་ན་མེད་པར་གྱུར་པའི་ཕྱིར་ནག་པོའི་ཞལ་ནས་འབྱུང་བའོ། །དབང་འདི་དག་གི་བྱེ་བྲག་ནི་རིམ་གྱིས་གོམས་པར་བྱས་པའི་དོན་ཏོ། །རྒྱལ་བ་ནི་

དགྲ་ལས་སོ། །སྲས་ནི་དབང་དང་ལྡན་པས་སོ། །བྱང་ཆུབ་ནི་ཆེན་པོའོ། །ཐོབ་པ་ནི་ཚེ་གཅིག་གིས་སོ། །ད་ནི་གཏོར་མ་བཤད་པར་བྱ་སྟེ། འབྱུང་པོ་ཀུན་གྱི་གཏོར་མ་ཡི། །སྔགས་ནི་དེ་ནས་བཤད་པར་བྱ། །སྔགས་ཆེན་བཟླས་པ་ཙམ་གྱིས་ནི། །འབྱུང་པོ་ཐམས་ཅད་འདར་གྱུར་པ། །ཞེས་བྱ་བ་

སྨོས་ཏེ། འབྱུང་པོ་ནི་དབང་པོ་ལ་སོགས་པའོ། །གཏོར་མ་ནི་ཆེན་པོ་ལ། སྔགས་ནི་འབྲུ་རེ་བའམ་བཅུད་ལེན་གྱི་ཚུལ་ལས་ལེགས་པར་བསྐྱེད་པ་སྟེ་ལས་གྲུབ་པའི་ཕྱིར་བཤད་ཅེས་བྱ་བའི་དོན་ཏོ། །སྔགས་ཆེན་ནི། ཧྲཱིཿཥྚྲྀཿལ་སོགས་པའོ། །དེ་དང་མཐུན་པ་ནི་འཇིག་རྟེན་པའི་བཟླས་པའོ། །ཙམ་

เล่ม ๔๖ · หน้า 205b

གྱིས་ནི་དེ་ལས་གཞན་པའི་འཇིག་རྟེན་པའི་གཙོ་བོ་མི་གནས་པའོ། །ཐམས་ཅད་འདར་བར་གྱུར་པ་ནི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པས་རྣལ་འབྱོར་པའི་འདོད་པ་བཞིན་བྱེད་པའོ། །སྔགས་གསུངས་པ། ཨོཾ་ཨིནྡྲ་ཡ་ཧྲཱིཿཡ་མ་ཡཥྚྲྀཿབ་རུ་ན་ཝི། ཀུ་བེ་རཱ་ཡ་ཏྲི། ཨཱི་ཤ་ན་ཡ་ཏ། ཨགྣ་ཡ་ཨ། ནཻ་རི་

ཏྱཱ་ཡ་ན། བ་ཡ་བེ་ན། ཙནྡྲཱ་ཡ་ཧཱུྃ། ཨརྐཱ་ཡ་ཧཱུྃ། བྲཧྨ་ནཱ་ཡ་ཕཊ། བ་སུ་དྷ་རཱ་ཡ་ཕཊ། བི་མ་ཙི་ཏྲ་ནེ་སྭཱ། སརྦ་བུདྡྷེ་བྷྱོ་ཧཱ། ཧི་ཧི་ཧེ་ཧེ་ཕེཾ་ཕེཾ་སྭཱ་ཧཱ་ཞེས་བྱ་བ་སྨོས་ཏེ། ཨོཾ་ནི་རྡོ་རྗེའི་ས་བོན་ནོ། །ཨིནྡཱ་ནི་དབང་པོའི། ཧྲཱིཿནི་དབྱུག་པའི་ས་བོན་ནོ། །ཡ་མ་ཡ་ནི་གཤིན་རྗེའོ། །ཥྚྲྀཿནི་ཞགས་པའི་ས་བོན་

ནོ། །བ་རུ་ན་ནི་ཆུ་ལྷའོ། །ཝི་ནི་གང་བའི་ས་བོན་ནོ། །ཀུ་བེ་ར་ནི་གནོད་སྦྱིན་ནོ། །ཏྲི་ནི་རྩེ་གསུམ་གྱི་ས་བོན་ནོ། །ཨཱི་ཤ་ཡ་ནི་དབང་ལྡན་ནོ། །ཏ་ནི་གུ་ཎྜེའི་ས་བོན་ནོ། །ཨགྣ་ཡེ་ནི་མེ་ལྷའོ། །ཨ་ནི་གྲི་གུག་གི་ས་བོན་ནོ། །ནཻ་རི་ཏྱཱ་ཡ་ནི་སྲིན་པོའོ། །ན་ནི་བ་དན་གྱི་ས་བོན་ནོ། །བ་ཡ་བེ་ནི་རླུང་ལྷའོ། །

ན་ནི་ཀུ་མུ་ཏའི་ས་བོན་ནོ། །ཙནྡྲ་ཡ་ནི་ཟླ་བའོ། །ཧཱུྃ་ནི་པདྨའི་ས་བོན་ནོ། །ཨརྐ་ཡ་ནི་ཉི་མའོ། །ཧཱུྃ་ནི་བགྲང་ཕྲེང་གི་ས་བོན་ནོ། །བྲ་ཧྨ་ནཱ་ཡ་ནི་ཚངས་པའི་ས་བོན་ནོ། །ཕཊ་ནི་པདྨའི་ས་བོན་ནོ། །བ་སུ་དྷ་རཱ་ཡ་ནི་སའི་ལྷ་མོའོ། །ཕཊ་ནི་རལ་གྲིའི་ས་བོན་ནོ། །བི་མ་ཙི་ཏྲ་ནེ་ནི་ཐག་ཟངས་རིས་

སོ། །སྭཱ་ནི་དབྱུག་ཐོའི་ས་བོན་ནོ། །སརྦ་བུདྡྷེ་བྷྱོ་ནི་ཁྱབ་འཇུག་གོ། །ཧཱ་ནི་དགྲ་སྟའི་ས་བོན་ནོ། །ཧི་ཧི་ཧེ་ཧེ་ནི་སྣ་ཅན་གྱིའོ། །ཕེཾ་ཕེཾ་ནི་མཁའ་འགྲོ་མའོ། །སྭཱ་ཧཱ་ནི་ཐམས་ཅད་མཉེས་པར་གྱུར་ཅིག་པའོ། །བསྐྱེད་ཅིང་བྱིན་གྱིས་བརླབ་པའི་ཚུལ་ནི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་ལས་

ཤེས་པར་བྱའོ། །ད་ནི་ཕྱི་རོལ་གྱི་ལྷ་ཡང་དག་པར་ཚིམ་པའི་གནས་བཤད་པ་ནི། བཤང་དང་གཅི་བ་ཆུ་བསྲེས་པས། །དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། །ལྷ་རྣམས་ཚིམ་བྱས་རྣལ་འབྱོར་པས། །ཧ་ཧ་ཞེས་ཀྱང་དྲན་པར་བྱ། །དཀྱིལ་འཁོར་རིམ་གསུམ་བྱ་བ་ནི། །བརྒྱད་དང་བཅུ་གཉིས་བཅུ་

དྲུག་པའི། །དཀྱིལ་འཁོར་མཁས་པས་བྲི་བར་བྱ། །ཤེས་རབ་ཅན་གྱིས་སྔགས་ཀུན་དགོད། །བརྟུལ་ཞུགས་ཅན་གྱིས་བཅུ་གཉིས་པར། །གྲུབ་པའི་སྔགས་རྣམས་དགོད་པར་བྱ། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །མ་ལུས་ལུས་པ་མེད་པར་འགྲུབ། །དཀྱིལ་འཁོར་ནི་ཡི་གེའི་དབྱིབས་ལ་གདགས་

เล่ม ๔๖ · หน้า 206a

སོ། །གྲུ་གསུམ་ནི་ཁྲུ་བཞི་པའི་ཚད་དོ། །བྱས་པ་ནི་སྐྱང་ནུལ་དང་ལྡན་པའོ། །རྒྱུ་ནི་བཤང་བ་དང་གཅི་བ་ཆེན་པོ་དང་བསྲེས་པ་ནི་བྱང་ཆུབ་ཀྱི་སེམས་དང་ཁྲག་དང་རྣམ་པར་སྣང་མཛད་དོ། །ལྷ་རྣམས་ནི་ཕྱི་རོལ་གྱི་འཁོར་ལོའོ། །དེ་རྣམས་ཚིམ་པར་བྱེད་པའི་བྱེད་པོ་ནི་རྣལ་

འབྱོར་པའོ། །ཧ་ཧ་ནི་མཉེས་པའི་རྗེས་སུ་གད་མོ་རྣམ་པ་བརྒྱད་ཀྱི་བཞད་པ་དྲན་པར་བྱའོ། །ད་ནི་འཁོར་ལོ་བྲི་བ་བཤད་པར་བྱ་སྟེ། དཀྱིལ་འཁོར་ནི་སྔགས་སོ། །རིམ་པ་གསུམ་ནི་རེ་ཁཱའོ། །བརྒྱད་ནི་ནང་དུའོ། །བཅུ་གཉིས་ནི་བར་དུའོ། །བཅུ་དྲུག་ནི་ཕྱིའོ། །དེ་བྲི་བ་ནི་མན་ངག་དང་ལྡན་པའི་

མཁས་པ་དག་གིས་སོ། །ཤེས་རབ་ཅན་ནི་འཁྲུལ་པ་མི་འབྱུང་བའོ། །སྔགས་ནི་བྱིན་གྱིས་བརླབས་པའོ། །ཀུན་ནི་མ་ལུས་པའོ། །དགོད་པ་ནི་རྩིབས་ལའོ། །བརྟུལ་ཞུགས་ཅན་ནི་བསྙེན་པ་སྔོན་དུ་སོང་བའོ། །བཅུ་གཉིས་པ་ནི་རེའུ་མིག་གོ། །གྲུབ་པའི་སྔགས་ནི་ཡ་མ་རཱ་ཛ་ལ་སོགས་པའོ། །

དགོད་པ་ནི་མ་ནོར་བའོ། །རྒྱུ་བ་ནི་འགྲོ་བའོ། །མི་རྒྱུ་བ་ནི་སྣོད་དོ། །འཇིག་རྟེན་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའོ། །མ་ལུས་པ་ནི་ཐམས་ཅད་དོ། །ལུས་པ་མེད་པ་ནི་ལྷག་མ་མེད་པའོ། །སྔགས་གསུངས་པ། ཡ་མ་རཱ་ཛ། ས་དྭ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་

ཏ་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ། ནི་རཱ་མ་ཡ། འདི་དག་ནི་ནུས་པ་མི་འཇིག་པའི་དོན་དུ་བཤད་པར་མི་བྱའོ། །དང་པོ་ནི་ཐིག་བཞིའི་རེའུ་མིག་བྱས་པ་ལ་བསྐོར་བར་བྱའོ། །གཉིས་པ་མཚམས་མེད་དེ་བསྐོར་བས་བཅུ་གཉིས་སུ་འགྱུར་རོ། །གསུམ་མཚམས་ཆ་གསུམ་དུ་བཅད་པ་

ལ་བསྐོར་བས་བཅུ་དྲུག་ཏུ་འགྱུར་རོ། །དེ་ལ་བྱེ་བྲག་གི་དགོད་པ་གསུངས་པ་ནི། དཀྱིལ་དུ་ཡ་བྱས་ཤར་དུ་ཀྵེ། །ལྷོ་རུ་འཇོམས་པའི་རྡོ་རྗེ་མ། །ཡི་གེ་མེ་ནི་ནུབ་ཏུ་བྲི། །བྱང་དུ་ད་ན་ད་པ་ནི། །བསྒྲུབ་བྱའི་མིང་ནི་སྦྱིན་བྱ་བ། །མཚམས་ཀྱི་སྟོང་པ་དག་ཏུའོ། །ཧཱུྃ་གཉིས་ཀྱིས་ནི་བརྟེན་བྱས་ནས། །

དགོས་པ་ཐམས་ཅད་སྒྲུབ་པར་བྱེད། །ཅེས་བྱ་བའི་དོན་འདི་ཡིན་ཏེ། འཁོར་ལོ་ནི་དཀྱིལ་གྱི་ཡ་ནི་ལྷོ་ཕྱོགས་པའོ། །ཀྵེ་ནི་ཤར་རོ། །མ་ནི་ངག་གི་ངེས་པ་དང་བྲལ་བས་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་ས་བོན་ཏེ་ལྷོའོ། །དྷ་དྷ་ནི་སྭ་དང་ལྕེ་རྩེ་ལས་བྱུང་བ་སྟེ་ཌྷའོ། །བ་ན་ནི་ཐ་མའོ། །བསྒྲུབ་

เล่ม ๔๖ · หน้า 206b

བྱའི་མིང་སྦྱིན་པར་བྱ་བ་ནི་འཁོར་ལོ་ལའོ། །མཚམས་ཀྱི་སྟོང་པ་ནི་རེའུ་མིག་བཞིའོ། །ཧཱུྃ་གཉིས་ཀྱིས་མིང་གི་གཡས་གཡོན་དུ་བརྟེན་པར་བྱའོ། །དགོས་པ་ཐམས་ཅད་ནི་ལས་ཀྱི་ཚོགས་མ་ལུས་པའོ། །སྒྲུབ་པར་བྱེད་པ་ནི་འཁོར་ལོའི་སྟོབས་ཀྱིས་ཏེ་དཀྱིལ་ལོ། །བར་མ་གསུངས་པ་ནི་ཡཙྪ་ནི་ར།

ཡ་མེ་དོ་རུ། ཎ་ཡོ་ནི་ར་ལ་སོགས་པ། །ཕྱི་རོལ་རིམ་པར་གཡོན་བརྩམས་བྲི། །དོན་ཀུན་རབ་ཏུ་བསྒྲུབ་པའི་ཕྱིར། །རིམ་པ་གསུམ་པ་དེ་ལས་ནི། །ཀུན་དུ་ཆ་རེ་བོར་བ་ལ། །ཤར་ནས་བརྩམས་ནས་བྲི་བར་བྱ། །ཞེས་བྱ་བ་སྨོས་ཏེ། ཡཙྪ་ལ་སོགས་པ་ནི་ཕྱི་རོལ་ཏེ་རྩིབས་བརྒྱད་ཕྱི་རོལ་ལ་རིམ་པ་ནི་

བར་མའོ། །གཡོན་བརྩམས་ནི་ཕྱིན་ཅི་ལོག་གོ། །བྲི་བ་ནི་གོ་རིམས་བཞིན་དུ་བྱའོ། །དོན་ཀུན་ནི་ཞི་བ་ལ་སོགས་པའོ། །རབ་ཏུ་བསྒྲུབ་པ་ནི་གདགས་ཡིག་གིས་སོ། །དགོད་ནི་དེའི་ཕྱིར་རིམ་པ་གསུམ་པ་དེ་དག་ལ་དགོད་པ་གསུངས་པའོ། །ཀུན་དུ་ཆ་རེ་བོར་བ་ནི་ཤར་ལ་སོགས་པ་བརྩམས་པའི་

ཕྱིར་ཕྱོགས་བཞི་དང་མཚམས་བཞི་ལ་དགོད་པས་བརྒྱད་སྟོང་པར་འགྱུར་རོ། །ཨོཾ་ཧྲཱིཿནི་ཤར་ལའོ། ཥྚྲྀཿཝི་ནི་ཤར་ལྷོ་ལའོ། །ཀྲྀ་ཏཱ་ནི་ལྷོར་རོ། །ན་ན་ནི་ལྷོ་ནུབ་ཏུའོ། །ཧཱུཾ་ཧཱུཾ་ནི་ནུབ་ཏུའོ། །ཕཊ་ནི་ནུབ་བྱང་དུའོ། །ཡང་ཕཊ་ནི་བྱང་དུའོ། །སྭཱ་ཧཱ་ནི་བྱང་ཤར་དུའོ། །ལ་སོགས་པའི་སྔགས་ནི་

བརྒྱད་ཤུགས་ཀྱིས་ཤེས་པར་བྱའོ། །ཆ་བརྒྱད་བོར་བ་ལ་ནི། མུ་ཀམ་པ་ཀུ་རུ། ཨུ་ཙ་ཏ་ཡ། བྷ་ཤྨི་ཀུ་རུ། ཙི་དྷེ་བ་ཡ། ཤནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། འདི་ལྟར་དགོད་པའི་ཡི་གེ་རྣམས། །གཡོན་གྱི་ཕྱོགས་ནས་བརྩམས་པ་སྟེ། །ཞི་བ་ལ་སོགས་པའི་ལས་དང་རྗེས་སུ་མཐུན་པར་བྲིའོ། །

ཨོཾ་དང་པོ་སྟེ་མིང་ནི་བར། །ཐ་མར་ལྷ་ཤད་བཽ་ཥཊ། །ཧོ་ཧཱུཾ་ཕཊ་ལྡན་ས་བོན་གྱིས། །ཞི་རྒྱས་དབང་དྲག་ཐ་མར་བྱ། །ཞེས་བྱ་བ་སྨོས་ཏེ། ཨོཾ་ནི་དང་པོ་སྟེ་ཕྱག་འཚལ་བའི་དོན་ཏོ། །མིང་ནི་བར་དུ་གཞུག་གོ། །ཐ་མར་ཤད་དང་བཽ་ཥཊ་ཐ་དེ་ནི་ཐམས་ཅད་ལ་ཡང་ཤིས་ཏེ་ཁྱད་པར་དུ་རྒྱས་པ་ལའོ། །ཧོ་

ཧཱུྃ་ཕཊ་ལ་སོགས་པ་སྔོན་དུ་རང་གི་ས་བོན་དང་ལྡན་པ་ནི་ཞི་བའམ་རྒྱས་པའམ་དབང་དང་མངོན་སྤྱོད་ཀྱི་ཐ་མར་ཡང་བྱའོ། །དེའི་གདགས་ཡིག་རེ་རེ་ཞིང་གིས་རེའུ་མིག་བརྒྱད་དགོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ནི་བཤད་ཟིན་ཏོ། །

เล่ม ๔๖ · หน้า 207a

འཁོར་ལོ་ནི་རེའུ་མིག་སུམ་ཅུ་རྩ་གསུམ་པའོ། །རྣམ་པར་བྲི་བ་ནི་སྙོམས་ཤིང་ཆ་སྙོམས་པ་གཞི་གཅིག་པ་ལས་ལོག་པར་མ་གྱུར་པའོ། །རིམ་པར་ཕྱེ་བ་ནི་མ་ནོར་པའོ། །དྲུག་པ་ནི་ལྔ་པས་གཞག་པའོ། །ནག་པོ་ཞབས་ཀྱིས་བཤད་པའི་ལེའུ་དྲུག་པ་རྒྱ་ཆེར་གསལ་

བར་བྱས་པའོ།། །།བམ་པོ་བཞི་པའོ། །ད་ནི་མཚན་མ་ཐོབ་པའི་རྣལ་འབྱོར་པས་སེམས་ཅན་གཞུག་པ་དང་མ་རུངས་པ་འདུལ་བར་གསུངས་པ། ཁྲག་དགུག་པ་ཡི་སྦྱོར་བ་ནི། །ཞལ་གསུམ་ཕྱག་དྲུག་སྐེམ་པ་ཡི། །ཕྱག་ན་འཁོར་ལོ་ཟླ་འོད་འདྲའི། །མཁས་པས་ཙརྩི་ཀ་བསྒོམ་

བྱ། །ཞེས་བྱ་བ་སྨོས་ཏེ། ཁྲག་ནི་ཁྲག་ཆེན་པོ་སྟེ་ཁམས་གསུམ་པའི་ཁྲག་དགུག་པའོ། །སྦྱོར་བ་ནི་རང་གི་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་ཡི་གེ་ཛ་བཀོད་ལ། དེ་ལས་འཕྲོས་པའི་འོད་ཀྱིས་རྗེ་བཙུན་རྣམས་བསམས་ཏེ། བདུན་པོས་སྦྱངས་ལ་ཚད་མེད་པ་བཞི་སྔོན་དུ་འགྲོ་བའི་སྟོང་པ་ཉིད་དུ་

བྱིན་གྱིས་བརླབས་པ་ལས། ཨོཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སྲུང་བའི་འཁོར་ལོ་བྱའོ། །དེའི་ནང་དུ་པདྨ་དང་ཟླ་བའི་སྟེང་དུ་ཛ་དང་འཁོར་ལོ་ལས་ཡོངས་སུ་རྫོགས་པ་མདོག་དཀར་མོ་གཡས་གཡོན་མཐིང་ག་དང་དམར་བའི་ཞལ་གསུམ་ཕྱག་དྲུག་པའི་གཡས་ན་འཁོར་ལོ་དང་རལ་གྲི་

དང་། གཡོན་ན་པདྨ་དང་ནོར་བུ་འཛིན་པ། རྩ་བའི་ཕྱག་གིས་གྲི་གུག་དང་ཐོད་པ་འཛིན་པ་ཐུགས་ཀར་བསྣོལ་བ། གཡོན་བརྐྱང་བའི་ཞབས་ལུས་སྐེམ་པ། རལ་པ་ཁམ་ནག་གྱེན་དུ་འབར་བ། ཁྲག་འཛག་པའི་མགོ་ཕྲེང་དཔྱངས་པ། རུས་པའི་ཕྲེང་བས་བརྒྱན་པ། འོད་ཟེར་གྱི་ཕྲེང་བ་

འཕྲོ་བ། མཁས་པས་དེ་ལྟ་བུའི་ལྷ་མོ་ཙརྩི་ཀ་བསྒོམ་པར་བྱའོ། །དེའི་ཏིང་ངེ་འཛིན་ནི་རང་གི་ལྕེ་ལ་ཡི་གེ་ཛ་དམར་པོ་བཀོད་དེ་འོད་ཟེར་ཁབ་ལྟ་བུས་སྙིང་ནས་རྒྱབ་ཏུ་ཕུག་ཅིང་སྦྲང་བུ་མཆུ་རིངས་ལྟ་བུའི་འོད་ཟེར་གྱིས་ཁྲག་ཐམས་ཅད་བཀུག་སྟེ་རང་གི་ཁ་ཡོངས་སུ་གང་བར་བསམ་པར་བྱའོ། །དེ་ཉིད་

ཀྱི་ཕྱིར་དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་གསད་པ་དང་ཁྲག་དགུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་ཙརྩི་ཀའི་སྔགས་འདི་གསུངས་སོ། །ཨོཾ་ཙརྩི་ཀ་སིདྡྷ་དྷ་ན་ལ་ཧ་རི་ནི། རཏྣ་ཏྲ་ཡ། ཨ་པ་ཀ་རི། ནོ་རུ་དྷི་ར། ཨཱ་ཀཱཪྵ་ཡ་ཛ། སྔགས་འདི་དག་ནི་དྲན་བྱས་

เล่ม ๔๖ · หน้า 207b

ནས། །ཁ་གདངས་པ་དག་བྱས་པས་ནི། །འཇིག་རྟེན་གསུམ་གྱི་ཁྲག་ཆེན་པོ། །འགུགས་པར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །ད་ནི་ཆང་དགུག་པའི་སྦྱོར་བ་ནི། ཞལ་གསུམ་ཕྱག་དྲུག་ཕག་གདོང་ལ། །རབ་སྔོ་ཕྱག་ན་རྡོ་རྗེ་བསྣམས། །མཁས་པས་ཕག་མོ་བསྒོམ་པར་

བྱ། །ཞེས་བྱ་བ་སྨོས་ཏེ། ཚོགས་བསགས་པ་དང་སྲུང་བའི་འཁོར་ལོ་སྔར་བཞིན་བྱས་པའི་ནང་དུ་པདྨ་དང་ཟླ་བ་དང་རྡོ་རྗེ་ལ་རྫོགས་པའི་སྐུ་སྔོན་མོ་གཡས་དང་གཡོན་དཀར་བ་དང་དམར་བའི་ཞལ། ཕྱག་གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་ན་འཁོར་ལོ་དང་པདྨ། རྩ་བའི་ཕྱག་ན་གྲི་གུག་

དང་ཐོད་པ་འཛིན་པ་སྟེ་དེའི་ཕྱིར་ཞལ་གསུམ་ཕྱག་དྲུག་གོ། །རྩ་བའི་ཞལ་ཕག་གདོང་ལ་རབ་ཏུ་སྔོ་བའོ། །རྡོ་རྗེ་བསྣམས་པ་ནི་བྱེ་བྲག་གོ། །མཁས་པས་དེ་ལྟ་བུའི་ཕག་མོ་བསྒོམ་པར་བྱའོ། །ཆང་དགུག་པའི་སྦྱོར་བ་ནི། རྫ་མཁན་ལག་པ་ཕྱིས་པའི་སས་བུམ་པའི་ཁ་རྡོ་རྗེས་མཛེས་

པར་བྱས་པའི་བྲེ་བརྒྱད་པའི་ཚད་བྱའོ། །དེ་ནས་རྐུན་མའི་སྐྲའི་རྩེ་མོས་བཅིངས་པ་དག་རྩ་བ་བརྟེན་པ་དང་ཁར་དུམ་བུ་དུམ་བུར་གཞག་པར་བྱའོ། །དེ་ནས་སྔགས་རྗེས་སུ་དྲན་པར་བྱས་པས་སྔགས་འདིའི་ཆེ་བའི་བདག་ཉིད་ཀྱིས་ནི་པ་ཏ་ན་ཞེས་བྱ་བ་སྟེ་མཆོད་རྟེན་གྱི་གྲོང་ཁྱེར་ཆེན་པོ་ཨོ་དྷ་དེ་སྱ་

ཞེས་བྱ་བ་རྒྱ་མཚོའི་འགྲམ་ན་གནས་པ་དེར་འཇིགས་བྱེད་ཆེན་པོ་དང་། འཇིགས་བྱེད་དབང་ཕྱུག་མའི་ཚོགས་ཀྱི་དཀྱིལ་འཁོར་གྱི་ཆང་དེར་འགུགས་ནུས་སོ། །དམིགས་པ་ནི་དལ་གྱི་དལ་གྱིས་འབབ་པར་བསམ་མོ། །རྡོ་རྗེ་ཕག་མོས་འཇིག་རྟེན་གསུམ་མ་ལུས་པའི་ཆང་འགུགས་

ནུས་སོ། །རྡོ་རྗེ་ཕག་མོའི་དབུས་ཀྱི་ཁང་པར་སྐད་ཅིག་ཀྱང་ཆང་ཟད་པ་མེད་དོ། །དད་པ་དང་ལྡན་པ་ནི་དད་པ་ཉེ་བར་འཕེལ་བའི་ཕྱིར་ཆེན་པོར་བཤད་དོ། །བསམ་གཏན་པ་ནི་དམིགས་པ་ཉེ་བར་བརྟན་པར་བྱེད་པའོ། །དེའི་ཕྱིར་འདིར་ནི་འགྲུབ་པར་བྱེད་དོ། །དེ་བས་ན་འདི་ཉིད་ཀྱི་ཕྱིར་དེ་

ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཆེན་པོ་ཆང་འགུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ཕག་མོ་ཆང་འགུགས་པའི་སྔགས་འདི་གསུངས་སོ། །ཨོཾ་བཛྲ་གྷོ་ནེ་པུ་གོ་ནེ་བཛྲ་མ་མཀྟི་བྷ་ར་བྷ་ར་སམྦྷ་ར་སམྦྷ་ར། ཏྲེ་ཏ་ཧུ་ཀ་དྷྱཱ་ཀཱཪྵ་ཡ་ཛ། རྫ་མཁན་

เล่ม ๔๖ · หน้า 208a

ལག་པ་ཕྱིས་པའི་སས། །བུམ་པ་ཁ་མཛེས་ཉེར་བྱས་ལ། །རྐུན་མའི་སྐྲ་ཡི་རྟེན་གཞག་སྟེ། །སྔགས་ནི་རྗེས་སུ་དྲན་པར་བྱ། །སྔགས་འདི་ཆེ་བའི་བདག་ཉིད་ནི། །པ་ཏ་མཆོད་རྟེན་དག་ཏུ་བསྟན། །དལ་གྱིས་དམིགས་ནས་འབད་པར་བྱ། །ཆང་ནི་འགུགས་པར་རབ་ཏུ་

གྲགས། །ཞེས་གསུངས་སོ། །ད་ནི་ཤེས་རབ་བསྐྱེད་པར་བྱ་བའི་ཕྱིར། ཞལ་གསུམ་ཕྱག་དྲུག་དམར་བ་ལ། །ཞི་བའི་ཕྱག་ན་པདྨ་བསྣམས། །དབྱངས་ཅན་བརྟུལ་ཞུགས་ཅན་གྱིས་བསྒོམ། །ཞེས་བྱ་བ་སྨོས་ཏེ། ཚོགས་བསགས་པ་སྔོན་དུ་འགྲོ་བའི་སྲུང་བའི་འཁོར་ལོའི་ནང་དུ་

པདྨ་དང་ཟླ་བ་དང་རྡོ་རྗེ་དང་ཆུ་སྐྱེས་ལ་རྫོགས་པའི་སྐུ་མདོག་དམར་པོ་གཡས་དང་གཡོན་སྔོ་བ་དང་དཀར་བའི་ཞལ། ཕྱག་གཡས་པ་ན་པདྨ་དང་རལ་གྲི། གཡོན་ན་འཁོར་ལོ་དང་ཆུ་སྐྱེས་རྩ་བའི་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་བསྣོལ་བ་རབ་ཏུ་ཞི་བའི་ཆ་བྱད་ཅན་པདྨ་བསྣམས་

པ་ནི་ཁྱད་པར་རོ། །དེ་ལྟ་བུའི་ལྷ་མོ་དབྱངས་ཅན་མ་ཤེས་རབ་ཀྱི་བརྟུལ་ཞུགས་ཅན་གྱིས་རབ་ཏུ་བསྒོམ་པར་བྱའོ། །ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་ཡེ་ཤེས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་ནི་རྟོག་པའི་རྒྱ་མཚོ་སྟེ་དེ་དང་བྲལ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པའོ། །བདག་དང་གཞན་གྱི་ཕུན་སུམ་ཚོགས་པའི་ངོ་བོ་རྡོ་རྗེ་དབྱངས་ཅན་མའི་ངོ་བོ་ཉིད་དོ། །སྦྱོར་བ་ནི་ཚེས་གཅིག་གི་དང་པོ་ནས་བཟུང་སྟེ་ཉའི་མཐའི་བར་དུའོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བའི་རྣལ་འབྱོར་པ་ལྷན་ཅིག་སྐྱེས་པའི་ཉམས་དང་ལྡན་པ་

དག་གིས་ས་ཧ་ཛ་ཞེས་སྨྲ་བར་བསམ་མོ། །བཟླས་པའི་ཚད་ཀྱང་ཇི་སྲིད་དུ་ཟླ་བ་ཤར་ནས་ནུབ་པའི་ཚད་ཀྱི་རྗེས་སུ་འཇུག་པས། ཡོན་ཏན་གྱི་ཕུང་པོ་ནི་དཔག་ཏུ་མེད་པའི་ཚིགས་བཅད་བརྒྱ་ནི་མཚོན་པ་ཙམ་དུ་ཟད་དེ་བྱ་བ་དང་ལྡན་པ་ནི་རྣལ་འབྱོར་པ་ནི་ཁྲི་འབུམ་དུ་ཡང་ཟིན་པར་འགྱུར་ཏེ་

ངག་ནི་གསུང་གི་བདག་ཉིད་དོ། །དེའི་དབང་ཕྱུག་ནི་མ་ལུས་པ་ཕུན་སུམ་ཚོགས་པའོ། །དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་འགྲུབ་པོ། །ཁམས་གསུམ་པའི་ལས་ཐམས་ཅད་ཀྱང་འགྲུབ་པོ། །མ་ལུས་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་འཕྲོག་མ་དང་ཚངས་པ་ལ་སོགས་པའི་ལས་འགྲུབ་

เล่ม ๔๖ · หน้า 208b

པ་ཉིད་དོ། །མ་ལུས་པ་གཞན་ནི་ཞི་བ་ལ་སོགས་པའི་ལས་སོ། །གྲུབ་པ་ནི་ཇི་ལྟར་འགྱུར་བའི་ལས་སོ། །དེ་བས་ན་དེ་ཉིད་ཀྱི་ཕྱིར་དེ་ནས་བཅོམ་ལྡན་འདས་དམ་ཚིག་ཆེན་པོ་བཅོམ་ལྡན་འདས་གཤིན་རྗེ་གཤེད་རྡོ་རྗེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་

རྡོ་རྗེ་དབྱངས་ཅན་མའི་སྔགས་གསུངས་པ། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི་ཛྭ་ལ་ཛྭ་ལ་མེ་དྷ་བརྡྷ་ནི། དྷི་རི་དྷི་རི་བུདྡྷི་བརྡྷ་ནི་སྭཱ་ཧཱ། ཚེས་ཀྱི་དང་པོ་ནས་བཟུང་སྟེ། ཀུན་དུ་ཟླ་བ་ཉ་ཡི་བར། །སྦྱར་བའི་སྐད་ནི་སྨྲ་བར་བསམ། །ཇི་སྲིད་ཟླ་བ་རྗེས་འཇུག་པས། །རྟག་ཏུ་ཚིགས་བཅད་བརྒྱ་ཟིན་ནི། །ངག་གི་དབང་

ཕྱུག་འགུགས་པར་འགྱུར། །ཁམས་གསུམ་མ་ལུས་པ་དག་ནི། །མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་བྱ་བ་ཉིད་ཀྱི་ཕྱིར་རོ། །ད་ནི་ཁུ་བ་དགུག་པ་བཤད་པར་བྱ་སྟེ། ཁུ་བ་དགུག་པའི་སྦྱོར་བ་ནི། །ཞལ་གསུམ་ཕྱག་དྲུག་རལ་གྲི་བསྣམས། །ནོར་བུ་མརྒད་འདྲ་བ་ནི། །གཽ་རཱི་མཁས་པས་

བསྒོམ་པར་བྱ། །ཞེས་བྱ་བ་སྨོས་ཏེ། ཚོགས་བསགས་པ་སྔོན་དུ་འགྲོ་བའི་སྲུང་བའི་འཁོར་ལོའི་ནང་དུ་པདྨ་དང་ཟླ་བ་ལ། མདའ་དང་རལ་གྲི་ལས་ཡོངས་སུ་རྫོགས་པའི་སྐུ་མདོག་ལྗང་གུ་གཡས་གཡོན་སྔོ་དང་དཀར་བའི་ཞལ་གསུམ་པ། ཕྱག་གཡས་ན་རལ་གྲི་དང་ནོར་བུ། གཡོན་ན་འཁོར་

ལོ་དང་ཆུ་སྐྱེས། རྩ་བའི་ཕྱག་གྲི་གུག་དང་ཐོད་པ་བསྣོལ་བའི་ཕྱག་དྲུག་པ་རལ་གྲི་བསྣམས་པ་ནི་ཁྱད་པར་རོ། །ནོར་བུ་མརྒད་དང་འདྲ་བའི་འོད་འཕྲོ་བའི་གཽ་རཱི་ནི་མཁས་པས་བསྒོམ་པར་བྱའོ། །ཁུ་བ་དགུག་པའི་སྦྱོར་བ་ནི་ཁུ་བ་ནི་ཤུ་ཀྲ་སྟེ་བྱང་ཆུབ་ཀྱི་སེམས་སོ། །དགུག་པ་ནི་མཁའི་གནས་

ནས་སོ། །པདྨའི་ཁ་ནི་རྡོ་རྗེ་དང་པདྨོའི་ལྟ་བའོ། །རྡོ་རྗེའི་ལམ་ནི་སྐྱེས་པའི་རྡོ་རྗེའི་སྦུ་གུའོ། །དྲིལ་བུ་ནི་གསུང་གི་རང་བཞིན་ཏེ་བདག་གི་ལྕེ་ལ་ཡི་གེ་ཛ་དམར་པོ་བསམས་ནས། སྨིན་མཚམས་ཀྱི་ལམ་ནས་ཚངས་པའི་བུ་གར་ཞུགས་ཏེ། ལྕགས་ཀྱུ་ལྟ་བུའི་དབྱིབས་ཀྱི་འོད་ཟེར་གྱིས་

སྐྱེས་པ་ལ་ནི་ཚངས་པའི་བུ་གར་ཞུགས་ཏེ་དྲང་བའམ། ཕྱག་རྒྱ་མ་ལ་ནི་སྔར་གྱི་ལམ་དུ་འོག་སྒོའི་རླུང་སྦྱོར་གྱིས་སོ། །བདག་ཉིད་འདོད་ཆགས་རྡོ་རྗེར་གྱུར་ཏེ་གཽ་རཱི་གཞན་དུ་འཕྲུལ་པ་ནི་གཞན་གྱི་གནོད་པའོ། །དེ་ཉིད་ནུབ་བྱང་དུ་འཕྲོ་བ་ནི་མན་ངག་གོ། །བཟླས་པ་ནི་སྔགས་བརྗོད་པའོ། །

เล่ม ๔๖ · หน้า 209a

བསྒོམ་པ་ནི་བསམ་གཏན་དང་ལྡན་པའོ། །སྦྱོར་བ་ནི་སེམས་བརྟན་པའོ། །ཤུ་ཀྲ་ནི་བྱང་ཆུབ་ཀྱི་སེམས་སོ། །ཚོགས་ནི་འཁོར་ལོ་བཞིའི་ཐིག་ལེའོ། །དེ་ལ་ཞུགས་པའི་རླུང་ཁར་བཏུང་བ་ནི་དགུག་པའོ། །དེ་བས་ན་དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་

རྡོ་རྗེ་ཁུ་བ་འགུགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཁུ་བ་འགུགས་པར་བྱེད་པའི་ལྷ་གཽ་རཱིའི་སྔགས་འདི་གསུངས་སོ། །ཨོཾ་ཀ་དྷ་ནི། ཨཱ་ཀཱཪྵ་ནི། གཽ་རཱི་ཛ་ཧྲི། དུཥྚ་དུཥྚ་ཡ། ཤུ་ཀྲ་ཡ། ཨཱ་ཀཱཪྵ་ཡ་ཛ། ཛ་ཧཱུཾ་ཕཊ་སྭཱ་ཧཱ། པདྨའི་ཁ་དང་རྡོ་རྗེ་དང་། །དྲིལ་བུ་ལྕགས་

ཀྱུའི་རླུང་སྦྱོར་གྱིས། །བཟླས་དང་བསྒོམ་པའི་སྦྱོར་བས་ནི། །ཁུ་བའི་ཚོགས་ནི་འགུགས་པར་བྱེད། །ཤིས་པའི་གནས་དང་བསྒྲུབ་པའི་དུས་བསྟན་པ་ནི། ནགས་ཀྱི་ནང་ངམ་དབེན་པ་རུ། །ལས་འདི་དག་ནི་བསྒྲུབ་བྱས་ན། །ནུབ་བདུན་ཙམ་དུ་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་

མེད། །ཅེས་བྱ་བ་གསུངས་པ་ཉིད་ཡིན་ནོ། །གསང་སྔགས་ཀྱི་ལས་ཀྱི་དངོས་གྲུབ་ཐམས་ཅད་ནི་སྒྲུབ་པ་ལ་རག་ལས་ཤིང་དེ་དག་གི་ནུས་པ་ནི་དབང་ལ་ཡང་འབྱུང་ཞིང་། དབང་གི་བྱིན་རླབས་ནི་རྗེས་སུ་གནང་བས་འཇུག་པའི་ཕྱིར། ཨུ་དུམ་བཱ་ར་མནྡཱ་ར། །བ་རི་ཙི་ཏྲ་བ་ལེ་ཀ །ཀརྣི་

ཀ་ཡི་ཕྲེང་བ་ནི། །བུ་ཁྱོད་ལོང་ལ་བྱིན་གྱིས་རློབས། །ཞེས་བྱ་བ་ནི་བུམ་པའི་རྗེས་སུ་གནང་བའོ། །རལ་གྲི་ཆེན་པོས་ཁམས་གསུམ་པའི། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པས། །འབྱུང་པོ་ཐམས་ཅད་འགུགས་པར་བྱེད། །ལས་ཀྱི་རལ་གྲི་དམ་པ་འདི། །གཟུང་ན་བདུད་ལས་

རྒྱལ་བར་འགྱུར། །དེ་དག་གིས་ནི་རྡོ་རྗེ་སློབ་དཔོན་གྱི་རྗེས་སུ་གནང་བའོ། །ཤེས་རབ་ཐབས་ཀྱི་ངོ་བོ་ཉིད། །རྡོ་རྗེ་དྲིལ་བུ་སྒྲུབ་པ་འདི། །ལོང་ལ་སློབ་མས་ཡང་དག་གཟུང་། །རྡོ་རྗེ་ཁྱོད་ཀྱིས་སློབ་མ་གཟུང་། །ཞེས་བྱ་བ་ནི་གསང་བའི་དབང་གི་རྗེས་སུ་གནང་བའོ། །བཏུང་བ་རིན་པོ་ཆེ་

འདི་ནི། །རྡོ་རྗེའི་ལུས་ནི་རབ་ཏུ་སྒྲུབ། །ཀུན་དུ་ཡེ་ཤེས་བུ་ཁྱོད་ཀྱིས། །འཐུང་ཤིག་ཡེ་ཤེས་ལས་བྱུང་འདི། །སློབ་མའི་ཁར་ཡང་བླུག་བྱ་བ། །གཤིན་རྗེ་གཤེད་ཀྱིས་བསྒྲགས་པ་འདི། །རྡོ་རྗེ་སློབ་མ་བདག་ཉིད་ཀྱིས། །ཤིན་ཏུ་དགེ་བའི་སེམས་སུ་བྱ། །ཞེས་བྱ་བ་ནི་

เล่ม ๔๖ · หน้า 209b

ཤེས་རབ་ཡེ་ཤེས་ཀྱི་རྗེས་སུ་གནང་བའོ། །དེ་དག་གི་དོན་ནི་རྡོ་རྗེའི་དཀྱིལ་འཁོར་དུ་འཇུག་པའི་དུས་སུ་དཀྱིལ་འཁོར་དུ་འཕངས་པའི་མེ་ཏོག་ལ་ཟླ་བ་གཉིས་སུ་ཆད་པའི་ཚུལ་གྱིས་ཉི་ཤུ་རྩ་ལྔ་དང་ལྡན་པའི་མེ་ཏོག་གི་ཕྲེང་བ་ལ་བྱིན་གྱིས་བརླབས་ཤིང་སཏྭ་མ་ཧཱ་བ་ལ་ཞེས་བྱ་བ་དང་།

གོང་གི་ཚིགས་སུ་བཅད་པས་སློབ་མའི་མགོ་ལ་བཅིང་བར་བྱའོ། །གལ་ཏེ་མེ་ཏོག་གི་ཕྲེང་བས་རིགས་ལྔར་ཡོངས་སུ་བསྡུ་བར་མི་རིགས་སོ་ཞེ་ན། རིགས་ལ་རིགས་ཉིད་རྟོགས་པ་ཡི། །རིགས་པ་ལྔ་པོ་བསྟན་པ་ནི། །མེ་ཏོག་མིང་གི་སློབ་མ་ལ། །བདེ་བ་དམ་པ་རྟོགས་པར་བྱེད། །ཅེས་བྱ་

བའི་དོན་གྱིས་ཕྲེང་བ་རེ་རེ་ཡང་མྱུ་གུ་དང་། ཁ་བྱེ་བ་དང་ཤིན་ཏུ་རྒྱས་པའི་བྱེ་བྲག་གི་ཕྲེང་བ་སྟེ་རྒྱན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་དབང་ལྔ་པོ་དག་གིས་ཀྱང་རང་གི་ལྷ་གསལ་བར་བྱེད་པའི་ཕྱིར་རོ། །སློབ་དཔོན་གྱི་དབང་ནི་གཞན་གྱི་དོན་གཙོ་བོར་བྱེད་པ་སྟེ། རལ་གྲི་ནི་སློབ་དཔོན་ལས་ཐོབ་པའི་ཤེས་རབ་

ཆེན་པོའོ། །དེ་ལས་ཀྱི་གོ་རིམས་དང་སེམས་ཆེན་པོའི་སྟོབས་ཀྱིས་རལ་གྲི་དེ་ཉིད་རྡོ་རྗེ་སྟེ་དབྱེར་མི་ཕྱེད་པའི་ཡེ་ཤེས་ལྔའོ། །དེ་དག་ལ་ཁམས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཕྱག་བྱས་པ་སྟེ་འོས་སུ་གྱུར་པ་ཉིད་དོ། །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འབྱུང་བ་སྟེ། སློབ་

དཔོན་གྱི་ལས་ཀྱི་མཐུས་དེ་ཉིད་དུ་འགུགས་པར་བྱེད་དོ། །ལས་ཀྱི་རལ་གྲི་ནི་ལས་ཐམས་ཅད་བྱེད་པ་སྟེ། ཕྲག་དོག་གཤིན་རྗེ་གཤེད་ཉིད་དམ་པའོ། །དེ་ཉིད་རྡོ་རྗེ་བརྟུལ་ཞུགས་ཏེ་དོན་དང་རྟགས་འབྲེལ་བར་གཟུང་ན་བདུད་བཞི་ལས་རྒྱལ་བར་འགྱུར་རོ། །འདི་དག་གིས་ནི་དམ་ཚིག་གསུམ་

པ་དང་སྣོད་དུ་བྱ་བ་དང་། རྗེས་སུ་གནང་བ་དང་། ལུང་བསྟན་པ་དང་། དབུགས་དབྱུང་ཞིང་གཟེངས་བསྟོད་པ་དག་ཀྱང་གཟུང་ངོ་། །གསང་བ་ནི་གསང་བ་ལས་བྱུང་བ་སྟེ་ཤེས་རབ་དང་ཐབས་ཀྱི་གསང་བ་ལས་དེ་ཉིད་ཀྱི་ངོ་བོ་ཉིད་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་དགའ་བ་བཞིའི་ཡེ་ཤེས་

སུ་བསྒྲུབ་པར་བྱ་བ་འདི་དག་ནི་ངག་གི་རྩེ་མོ་ལོང་ཞེས་བརྗོད་ལ། བདག་བྱིན་གྱིས་བརླབས་ལ་སློབ་མ་ཡོངས་སུ་ཟུང་ཤིག་པའོ། །ཤེས་རབ་ནི་ཚེ་དང་ལྡན་པའི་ཕྱག་རྒྱ་སྟེ་ཡེ་ཤེས་ནི་དེ་ལས་སྐྱེས་པའོ། །དེ་ཉིད་ནི་བཏུང་བ་སྟེ་ཡིད་ལྷན་ཅིག་སྐྱེས་པའི་རོས་ཚིམ་པར་བྱེད་པའོ། །ཆོས་ཐམས་ཅད་དེ་

เล่ม ๔๖ · หน้า 210a

ཉིད་ཀྱི་ངོ་བོར་བྱེད་པས་ན་རིན་པོ་ཆེ་སྟེ་དས་བཅོས་པ་མེད་པའི་དོན་མཐོང་བས་ན་རྡོ་རྗེ་ལུས་རབ་ཏུ་སྒྲུབ་པར་བྱེད་པའོ། །དེ་ཉིད་མེ་ལོང་ལྟ་བུ་ལ་སོགས་པའི་ཀུན་དུ་ཁྱབ་པའི་ཡེ་ཤེས་ལྔ་སྟེ། རྡོ་རྗེ་སློབ་མ་ལ་བུ་ཞེས་བོས་ལ་ཁྱོད་ཀྱིས་གོམས་པར་བྱ་བའི་དོན་དུ་ལྷན་ཅིག་སྐྱེས་

པ་འཐུང་ཤིག །ཡེ་ཤེས་ལས་འབྱུང་བའི་ཆོས་འདི་དག་ཐམས་ཅད་ནི་སློབ་མ་སྐལ་བ་དང་ལྡན་པའི་ཡིད་ཆེས་པའི་ཁར་རིན་པོ་ཆེ་དབང་གིས་བླུག་པར་བྱ་བ་ནི་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱིས་བསྒྲགས་པ་ཡིན་ནོ། །རྡོ་རྗེ་སློབ་མ་བདག་ཉིད་ལ་ཡི་རངས་ཤིང་མྱོང་བ་ཆེས་ཆེ་བ་

དག་གིས་ནི་ཤིན་ཏུ་སྟེ་རང་རིག་པ་དང་བླ་མའི་བཀའོ། །དགེ་བ་ནི་དགེ་བ་ཆེན་པོ་སྟེ་ཐུན་མོང་མ་ཡིན་པའི་དོན་མཐོང་བའོ། །རྟག་ཏུ་དེའི་སེམས་སུ་བྱ་བ་ནི་བཞི་པའི་དབང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ནི་བཤད་ཟིན་

ཏོ། །དགུག་པ་ནི་ཁྲག་དང་ཆང་དང་ཤེས་རབ་དང་ཁུ་བ་དགུག་པའོ། །ལ་སོགས་པ་ནི་དབང་གི་ཚིགས་སུ་བཅད་པའོ། །རིམ་པ་ནི་གོ་རིམས་སོམོ། །ཕྱེ་བ་ནི་མ་ནོར་བའོ། །དྲུག་པས་གཞག་པ་ནི་བདུན་པའོ། །ནག་པོ་ཞབས་ཀྱིས་བཤད་པའི་ལེའུ་བདུན་པ་རྒྱ་ཆེར་གསལ་བར་

བྱས་པའོ།། །།ད་ནི་དབང་བསྐུར་བའི་ཆོ་ག་ཡོངས་སུ་རྒྱས་པར་འགྱུར་བར་བཤད་པར་བྱ་སྟེ། དེ་ནས་རྡོ་རྗེ་འཛིན་རྒྱལ་པོས། །སྲུང་བའི་འཁོར་ལོ་སྦྱོར་བར་བྱེད། །བགེགས་དང་ལོག་པར་འདྲེན་པ་དང་། །གདུག་པ་ཅན་དག་བསལ་ཕྱིར་གསུངས། །ཞེས་བྱ་བ་སྨོས་ཏེ།

དེ་ནས་ཞེས་བྱ་བ་ནི་སྟ་གོན་གྱི་དུས་སློབ་དཔོན་གཤིན་རྗེ་མཐར་བྱེད་ཀྱི་ང་རྒྱལ་དང་ལྡན་པས་རྡོ་རྗེ་དང་དྲིལ་བུ་འབྲེལ་པའི་ཕྱག་དང་། ཧཱུཾ་ཞེས་བརྗོད་ལ་སློབ་མ་འཁོར་ལོ་བཞིའི་ང་རྒྱལ་དང་ལྡན་པ་བཞིས་གསོལ་བ་བཏབ་བའི་རྗེས་ཐོགས་ལའོ། །རྡོ་རྗེ་ནི་ཡེ་ཤེས་བཞི་སྟེ་དེ་གང་དང་ལྡན་པ་

ནི་འཛིན་པའོ། །རྒྱལ་པོ་ནི་གཙོ་བོའོ། །སྲུང་བ་ནི་བགེགས་མ་ལུས་པས་འདའ་བར་མི་ནུས་པའོ། །འཁོར་ལོ་ནི་ཏིང་ངེ་འཛིན་དང་སྔགས་ཡོངས་སུ་སྦྱོར་བར་བྱེད་པའོ། །བགེགས་ནི་ལུས་ལས་ཀུན་དུ་འབྱུང་བའོ། །ལོག་པར་འདྲེན་པ་ནི་ངག་ལས་ཀུན་དུ་འབྱུང་བའོ། །གདུག་པ་ཅན་ནི་

เล่ม ๔๖ · หน้า 210b

སེམས་ལས་ཀུན་དུ་འབྱུང་བའོ། །བསལ་བ་ནི་ཕྱོགས་དེ་དག་རྣམ་པར་བཅད་པའོ། །ཕྱིར་ནི་བར་ཆད་སྲུང་བའི་དགོས་པ་སྟེ་དེའི་དོན་དུ་གསུངས་པའོ། །དེ་ཡང་ཚིགས་སུ་བཅད་པ་འདི་དག་བསྒྲུབ་པར་བྱ་སྟེ། དཔལ་ལྡན་རལ་གྲི་འཆང་བ་བདག །སྲུང་བའི་འཁོར་ལོ་སྦྱོར་བར་བྱེད། །རལ་གྲི་

འབར་བའི་བདག་ཉིད་ཀྱིས། །རིགས་གསུམ་སྐྱེས་ཀྱང་གཅོད་པར་བྱེད། །ཅེས་བྱ་བ་སྨོས་ཏེ། དཔལ་ལྡན་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའོ། །རལ་གྲི་ནི་ལས་ལ་ཤིས་པའི་ཕྱིར་མཚོན་པ་ཙམ་དུ་ཟད་ཀྱི་དེ་དག་གནས་སུ་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་

པདྨ་བཅུག་པས་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །འཆང་བ་ནི་བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་ལ་སོགས་པ་འཆང་བས་སོ། །བདག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་གྱུར་ཅིག་པའོ། །སྲུང་བའི་འཁོར་ལོ་སྦྱོར་བར་བྱེད་པ་ནི་བཤད་ཟིན་ཏོ། །རལ་གྲི་འབར་བ་ནི་

བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་མཐུ་དང་ལྡན་པའོ། །དེ་ཉིད་ཀྱིས་རྡོ་རྗེ་འབར་བ་ལ་སོགས་པ་ཡང་བསྡུའོ། །དེའི་བདག་ཉིད་ཀྱི་རིགས་གསུམ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་སྐྱེས་པའོ། །ཀྱང་ཞེས་བྱ་བ་ནི་དེ་དག་ཀྱང་གཅོད་ཅིང་འཇོམས་པར་བྱེད་ན་གཞན་གྱི་འཇིགས་པ་ལྟ་

སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །དེ་དག་གི་རྗེས་ལ་སའི་ལྷ་མོ་ལྷག་པར་གནས་པའི་ཕྱིར་གསུངས་པ། སེམས་ཅན་ཐམས་ཅད་སྐྱོབ་པ་ཡི། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ནི། །སློབ་དཔོན་བདག་གིས་དཀྱིལ་འཁོར་བྲི། །ཞེས་བྱ་བ་སྨོས་ཏེ།

ས་གཞི་ལེགས་པར་བསྟར་བའི་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་ཁྲུ་གང་པའི་མཎྜལ་བྱས་ཏེ་མེ་ཏོག་དམར་པོའི་ཚོམ་བུ་ལྔ་བཀོད་ལ། སློབ་དཔོན་བདག་ཉིད་མཐར་བྱེད་པའི་ང་རྒྱལ་གྱིས་ལག་པ་གཡས་པས་རྡོ་རྗེ་འཛིན་པས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་ས་ལ་གཞག་སྟེ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་

ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་སའི་ལྷ་མོ་ལག་བཟང་མོ་མདོག་གསེར་བཙོ་མའི་ཁ་དོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་དབང་པོའི་ལག་པ་ལྟ་བུ། གཡོན་པ་གསེར་གྱི་བུམ་པ་ལོ་མ་དང་བཅས་པ་འཛིན་པ། ལུས་ཕྱེད་ཕྱུང་བ་སྒྲུབ་པ་པོ་ལ་མངོན་པར་ཕྱོགས་པར་དམིགས་ཏེ་མེ་ཏོག་

เล่ม ๔๖ · หน้า 211a

ལ་སོགས་པས་མཆོད་ལ། གླུ་དང་ལྡན་པའི་རྡོ་རྗེ་དྲིལ་བུས་ལན་གསུམ་དུ་བསྐོར་བར་བྱའོ། །སེམས་ཅན་ནི་སངས་རྒྱས་ཀྱི་སྲས་སུ་གྱུར་པ་སྟེ། སེམས་ཅན་ཐམས་ཅད་སྙིང་རྗེ་དང་ཤེས་རབ་ཀྱིས་སྐྱོབ་པའི་ཐབས་ཐར་པའི་གྲོང་མཆོག་ཏུ་འཇུག་པ་ལ་ལྷ་མོ་ཁྱོད་ནི་དཔང་པོར་

གྱུར་པ་སྟེ། སྔོན་མར་མེ་མཛད་ལ་སོགས་པས་ཇི་ལྟར་དཔང་དུ་བཞག་པ་བཞིན་དུ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ནི་རྩ་བའི་དཀྱིལ་འཁོར་ཐམས་ཅད་ལ་འཇུག་པ་སྟེ། གང་ལ་ཡང་ལྟོས་པ་མེད་པར་རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱི་སྙིང་པོ་ལེན་པའི་དཀྱིལ་འཁོར་བྲི་བའི་དཔང་མཛོད་ཅིག་པའོ། །

དགོས་པ་ཅི་ཡོད་ཅེ་ན། ཚུལ་ལམ་ཐབས་ཇི་ལྟ་བ་བཞིན་དུ་མཉམ་པར་སྤྱོད་ཅེས་བྱ་བའི་ཐ་ཚིག་གོ། །ད་ནི་དཀྱིལ་འཁོར་དུ་གཞུག་པ་བཤད་པར་བྱ་སྟེ། གོས་ཀྱིས་གདོང་ནི་བཅིང་བྱས་ལ། །དཀྱིལ་འཁོར་གྱི་ནི་མདུན་སྒོར་གཞག །ཁྱོད་སུ་ཞེས་ཀྱང་འདི་སྐད་དྲི། །བསྐལ་བཟང་བདག་ཅེས་ཚིག་ཏུ་

བརྗོད། །གསོལ་བ་བཏབ་པའི་བློ་བཟང་ལ། །ཡོལ་བའི་ནང་དུ་སྦྱིན་པར་བྱ། །ཞེས་བྱ་བ་སྨོས་ཏེ། གོས་ཀྱིས་ཞེས་བྱ་བ་ནི་རས་དམར་ཞེས་བྱ་སྟེ། ལས་ཐམས་ཅད་པས་བསང་བ་བྱས་ནས་ཧཱུཾ་ཞེས་ཉི་ཤུ་རྩ་གཅིག་བཟླས་ནས། འཇུག་པའི་ཆོ་ག་མ་རྫོགས་པར་དཀྱིལ་འཁོར་མཐོང་ན་ཁྱད་པར་གྱི་

སྤྲོ་བ་མི་འཇུག་པའི་ཕྱིར་ཁྲུ་གང་པ་དེ་དག་གིས་མིག་བཅིངས་ལ་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་སྒོར་གཞག་པའོ། །དེ་ནས་སློབ་མ་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་དུ་གནས་པས་གསོལ་བ་བཏབ་ནས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་བཟུང་སྟེ། གསང་བའི་དཀྱིལ་འཁོར་མཚན་མ་དང་

བཅས་པ་སྙིང་གར་བཀོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་རྣལ་འབྱོར་གྱི་སེམས་བསྐྱེད་པར་བྱའོ། །དེ་ནས་བྱང་ཆུབ་ཀྱི་མཐའི་བར་དུ་དམ་བཅའ་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སུ་ཁཾ་ཞེས་བརྗོད་པས། དེ་ནས་བླ་མ་ཡོན་གྱིས་མཉེས་པར་བྱས་ཏེ་བླ་མས་

ཀྱང་ཁྱོད་སུ་ཡིན་གང་ལ་དགའ་ཞེས་དྲི་བར་བྱའོ། །སློབ་མས་ཀྱང་བདག་ནི་སྐལ་བ་བཟང་པོ་སྟེ་དཀྱིལ་འཁོར་མཐོང་བར་སྤྲོ་བའི་ཡིད་ཅན་ནོ། །གཞན་ཡང་བདག་ནི་བདེ་བ་ཆེན་པོ་ལ་དགའ་ཞེས་ཚིག་ཏུ་བརྗོད་དོ། །དེ་ནས་ཨོཾ་ཨ་ཁཾ་བཱི་ར་ཧཱུཾ་ཞེས་བརྗོད་དུ་བཅུག་ལ་ཤིན་ཏུ་སྤྲོ་བའི་ཡིད་ཀྱིས་རྡོ་རྗེ་རྩེ་ལྔ་

เล่ม ๔๖ · หน้า 211b

པ་ལག་པ་གཡས་པར་གཏང་སྟེ་སྦོམ་པོ་དང་དབང་པོའི་རྩེས་འཛིན་དུ་བཅུག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ཡེ་ཤེས་གང་གིས་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བའི་ཡེ་ཤེས་གང་ཁྱོད་ལ་བསྐྱེད་པར་བྱ་ཡིས་ཡེ་ཤེས་གང་གིས་དེ་ཁོ་ན་

ཉིད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་འདི་ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་དྲུང་དུ་བརྗོད་པར་མི་བྱ་སྟེ་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བརྗོད་ལ་ཡོལ་བའི་ནང་དུ་དགུག་པར་བྱའོ། །དེ་ནས་ཡི་གེ་ཧཱུཾ་ལས་བསྐྱེད་པའི་དེ་བཞིན་

གཤེགས་པའི་རྡོ་རྗེ་ལ་རིགས་རྣམ་པ་དྲུག་གིས་བྱིན་གྱིས་བརླབས་ལ་སྤྱི་གཙུག་ཏུ་གཞག་སྟེ། འདི་ནི་དམ་ཚིག་གི་རྡོ་རྗེ་སྟེ་ཁྱོད་ཀྱིས་དམ་ཚིག་དང་མི་ལྡན་པ་འགའ་ལ་བརྗོད་པར་མི་བྱ་སྟེ། གལ་ཏེ་གསང་སྔགས་ཀྱི་ཚུལ་འདི་དག་དམ་ཚིག་དང་མི་ལྡན་པ་ལ་བརྗོད་ན་མགོ་འགས་

པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་རང་ཉིད་ནི། །དེ་རིང་ཁྱོད་ཀྱི་སྙིང་ལ་གནས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་ཡི་མོད་ལ་བཀས་ནས་གཤེགས། །ཞེས་བརྗོད་ལ། དེ་ནས་ལས་ཐམས་ཅད་པའི་ཆུ་ཁྱོར་བ་གསུམ་བླུད་དེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་

ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་འགྲུབ་པར་བྱེད། །དངོས་གྲུབ་བདུད་རྩིའི་ཆུ་འཐུང་ཤིག །ཅེས་བརྗོད་པར་བྱའོ། །དེ་ནས་སློབ་མ་སྙིམ་པ་མེ་ཏོག་གིས་གང་བར་བྱས་ལ། གུས་པའི་ཡིད་ཀྱིས་བལྟར་བཅུག་སྟེ་དེ་རིང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་སྨྲས་པ་

ཁྱོད་ཀྱིས་མཉན་པར་བྱའོ། །ང་ལ་བརྙས་པ་ཡང་མ་བྱེད་ཅིག །ཉམ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་པས་དམྱལ་བར་འགྲོ་བར་གྱུར་ཏ་རེ་ཞེས་བརྗོད་པར་བྱའོ། །དེ་ནས་ཡན་ལག་སྨད་ལྔ་ས་ལ་གཏུགས་པའི་ཕྱག་ལན་གསུམ་དུ་བཙལ་ཏེ་རྡོ་རྗེ་ཐལ་མོ་སྦྱར་ཏེ། དེ་ནས་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ནས་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ། ཞེས་བརྗོད་པ་དེའི་སྤྱི་བོར་བཾ་ལས་ཆུའི་དཀྱིལ་འཁོར་མདོག་དཀར་པོ་ལ་དབྱིབས་ཟླུམ་པོ་སྟེ། བུམ་པས་མཚན་པ་ལ་ཡི་གེ་ཧའོ། །སྙིང་གར་ཡི་གེ་ལཾ་ལས་གསེར་གྱི་ས་གཞི་

เล่ม ๔๖ · หน้า 212a

ཁ་དོག་སེར་ལ་དབྱིབས་གྲུ་བཞི་སྟེ་རྡོ་རྗེ་རྩེ་གསུམ་གྱིས་མཚན་པ་ལ་ཡི་གེ་ཧཱུཾ་ངོ་། །ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་ཁ་དོག་དམར་ལ་དབྱིབས་གྲུ་གསུམ་རྣོ་བ་ལ་ཡི་གེ་ཨའོ། །རྐང་མཐིལ་དུ་ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཁ་དོག་སྔོ་ལ་དབྱིབས་ཟླ་གམ་སྟེ།

རབ་ཏུ་གཡོ་བའི་བ་དན་བྱེ་བས་མཚན་པ་དེ་ལ་ཡི་གེ་ཛྲྀཾ་དྲག་ཅིང་བཟོད་པར་དཀའ་བ་འབར་བའི་ཕུང་པོ་དེ་རླུང་གིས་བུས་པར་བསམ་ལ། ཆུའི་དཀྱིལ་འཁོར་གྱི་བར་དུ་འབར་བར་གྱུར་པས་དེ་ནས་དག་ཅིང་གཙང་བའི་རྒྱུན་བབས་པས་ལུས་བྱང་ཆུབ་ཀྱི་སེམས་ཀུནྡས་གང་བར་གྱུར་ཅིང་སེམས་ལྷན་ཅིག་

སྐྱེས་པས་ཚིམ་པར་གྱུར་ནས་རླུང་གིས་བཏེག་པར་བསམ་མོ། །དེ་ནས་སློབ་མ་རང་ཉིད་འགྱིང་བག་དང་བཅས་པའི་གཤིན་རྗེ་མཐར་བྱེད་དུ་བསམ་མོ། །ལག་པ་གཡས་པས་རྡོ་རྗེ་གསོར་ལ། གཡོན་པས་དྲིལ་བུ་དཀྲོལ་ཏེ་འབེབས་པའི་སྔགས་ཀྱིས་ཕབ་ལ་སྤོས་དབུལ་བར་བྱའོ། །དེའི་

སྔགས་ནི་འདི་ཡིན་ཏེ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཨ་བེ་ཤ་ཡ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་སྟྭཾ་བྷ་ལ་ཡ་ར་ར་ར་ར་ཙ་ལ་ཡ་ཧཱུཾ་ཧ་ཨ་ཛྷེཾ་ཕཊ་ཅེས་བྱ་བས་མྱུར་དུ་འབེབས་པར་འགྱུར་རོ། །དེ་ནས་སློབ་དཔོན་འདོད་ཆགས་རྡོ་རྗེའི་ལུས་སུ་དམིགས་ཏེ། ལྕེ་ལ་

ཨ་དམར་པོ་བཀོད་ནས་ཏིཥྛ་བཛྲ་ཞེས་རྡོ་རྗེ་གཞག་སྟེ། རྡོ་རྗེ་ཆོས་ནི་མགོན་པོ་ཆེ། །འོད་དཔག་མེད་ནི་བདེ་བ་ཆེ། །སྨྲོས་ཤིག་འདོད་ཆགས་ཆོས་ཆེན་པོ། །ཞེས་བརྗོད་ལ་དགེ་བ་དང་མི་དགེ་བ་དྲི་བར་བྱའོ། །དེ་ནས་ལུས་ངག་ཡིད་གསུམ་གྱི་ལྟས་ཤེས་པར་བྱས་ལ་རིང་དུ་

འགྲོ་ན་དབང་ཆེན་དང་རྡོ་རྗེས་མནན་ནོ། །དེ་ནས་ཨོཾ་པྲ་ཏིཙྪ་བཛྲ་ཧོ་ཞེས་མེ་ཏོག་དོར་ལ་སྔར་བཞིན་དུ་ཕྲེང་བ་དོར་བ་བླང་བར་བྱའོ། །དེ་ནས། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པ་ནི་བརྩོན་པར་བྱེད། །རྡོ་རྗེ་མིག་ནི་བླ་མེད་པ། །དེ་རིང་བདག་གིས་དབྱེ་བར་བྱ། །ཧེ་བཛྲ་པཱ་

ཤྱ་ཞེས་བྱ་བས་གདོང་གཡོགས་བཀྲོལ་ལ་བྱང་ནས་བརྩམས་ཏེ་ལྷ་བསྟན་པར་བྱའོ། །དེ་ནས་སློབ་མས་གསོལ་བ་བཏབ་པ་གསུངས་པ་ནི། དབང་བསྐུར་དོན་དུ་གུས་ཆེན་པོ། །དེ་ནས་ལན་གསུམ་རྗེས་སུ་བརྗོད། །ཇི་ལྟར་སངས་རྒྱས་ཆོས་ཆེན་པོས། །རྡོ་རྗེ་སེམས་དཔའ་དབང་བསྐུར་

เล่ม ๔๖ · หน้า 212b

ལྟར། །བདག་ཀྱང་མགོན་པོས་དབང་བསྐུར་ཞིང་། །མཆོག་ཀྱང་བདག་ལ་སྩལ་དུ་གསོལ། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ནི་མངོན་དུ་འབྱུང་བའོ། །སངས་རྒྱས་ནི་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པའི་ངོ་བོ་ཉིད་དོ། །ཆོས་ཆེན་པོ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །རྡོ་རྗེ་ནི་བླ་ན་མེད་

པའི་ཆོས་ཐམས་ཅད་དང་དབྱེར་མེད་པའི་ཡེ་ཤེས་ཏེ་དེ་ལ་སེམས་དཔའོ། །དབང་ནི་བུམ་པ་ལ་སོགས་པའོ། །བསྐུར་བ་ནི་བྱིན་པའོ། །ལྟར་ནི་མ་འོངས་པ་འཛིན་པའོ། །བདག་ནི་སྐལ་བ་དང་ལྡན་པའི་སློབ་མའོ། །ཀྱང་ནི་གཞན་ཉེ་བར་བསྡུ་བའོ། །མགོན་པོ་ཞེས་བྱ་བ་ནི་བླ་མ་

མཁས་པའོ། །དབང་བསྐུར་ཞིང་ཞེས་བྱ་བ་ནི་ཉིན་པར་གསོལ་བ་གདབ་པའོ། །མཆོག་ནི་དངོས་གྲུབ་པོ། །ཀྱང་ནི་ཐབས་སོ། །བདག་ལ་སྩལ་དུ་གསོལ། །ཞེས་བྱ་བ་ནི་དེ་དག་བླ་མ་ལ་རག་ལས་པའི་ཕྱིར་གསོལ་བ་གདབ་པའོ། །དེ་བཞིན་གླུ་དང་རོལ་མོས་མཆོད། །དེ་བཞིན་ཁྲུས་

ཆབ་བྱུག་པས་ཀྱང་། །སློབ་མ་དད་པས་བླུག་པར་བྱ། །དེ་ནས་བསྟོད་པ་དག་ཀྱང་བྱ། །ཞེས་བྱ་བ་ནི་སློབ་མའི་བྱ་བ་མདོར་བསྟན་པ་གསུངས་པའོ། །ད་ནི་ཟབ་མོ་སྔགས་བཤད་པར་བྱ་སྟེ། དེ་ནས་རྡོ་རྗེ་འཆང་རྒྱལ་པོས་སྟོང་པ་ཉིད་ཀྱི་སྔགས་གསུངས་པ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་

ཀོ྅ཧཾ། ཨོཾ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་དྷརྨཱ་དྷཱ་ཏུ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ཡང་བཤད་པའི་རྒྱུད་ལས། སྐྱེ་མེད་རྟོག་བྲལ་སྒྱུ་མ་ཨོཾ། །རང་བཞིན་མེད་པ་ཤཱུ་ནྱ་ཏཱ། །རྟོགས་པའི་ཡེ་ཤེས་ཛྙཱ་ན་སྟེ། །མི་ཕྱེད་གཞན་བྱེད་བཛྲའོ། །བདག་གི་ངོ་བོ་སྭ་བྷཱ་བ། །གང་ལ་ཡོད་པ་ཨཱཏྨ་

ཀོ྅། །བསྡུ་བའི་མཆོག་ནི་ཧཾ་དུ་བཤད། །འདི་དག་ནི་བསོད་ནམས་ཀྱི་ཚོགས་བསགས་པའི་རྗེས་ཐོགས་སུ་དེ་བཞིན་གཤེགས་པའི་ཆོས་ཀྱི་ངོ་བོ་ཉིད་ཟང་ཟིང་མེད་པའི་ཕྱིར་བཛྲའོ། །བྱང་ཆུབ་ཀྱི་སེམས་ཀྱི་འཕྲུལ་པ་ནི་པཱུ་ཛའོ། །གཞན་ནི་སྔར་བཞིན་ཏེ་དེའི་བདག་ཉིད་གང་

ལ་ཡོད་པ་དེ་ནི་བདག་སྟེ་ཀོ྅ཧཾ་ངོ་། །དེ་དག་ནི་ཡེ་ཤེས་ཀྱི་འཁོར་ལོ་བཅུག་པའི་རྗེས་ཐོགས་སུའོ། །དྷརྨཱ་ནི་ཆོས་སོ། །དྷཱ་ཏུ་ནི་དབྱིངས་སོ། །གང་ལ་རང་བཞིན་ཡོད་པ་ནི་སྭ་བྷཱ་བའོ། །ཕྱག་དང་ཞལ་གྱི་དབྱིབས་ཀྱི་བདག་ཉིད་ཅན་ནི་ཨཱཏྨ་ཀོ྅ཧཾ་ངོ་། འདི་གཞན་ནི་ཁུ་བ་ཡོངས་སུ་གྱུར་

เล่ม ๔๖ · หน้า 213a

པ་ལས་བཞེངས་ནས་སྲིད་པ་ཞི་བ་གཉིས་སུ་མེད་པའི་ང་རྒྱལ་དུ་གསུངས་པའོ། །ད་ནི་ལས་རབ་འབྱམས་བཤད་པར་བྱ་སྟེ། ཞི་བ་ལ་སོགས་དབྱེ་བ་ཡི། །སྦྱིན་སྲེག་དེ་ནས་བཤད་པར་བྱ། །སྦྱིན་སྲེག་གང་ཞིག་འགྲུབ་པ་ཡིས། །ལས་རྣམས་ཐམས་ཅད་རབ་བསྒྲུབ་པས། །

ཞེས་བྱ་བ་སྨོས་ཏེ་ཞི་བ་ནི་ཞི་བ་སྟེ། །སོགས་པ་ནི་རྒྱས་པ་དང་། དབང་དང་། དགུག་པ་དང་། རེངས་པ་དང་། དབྱེ་བ་དང་། བསྐྲད་པ་དང་། མངོན་སྤྱོད་ཀྱི་བྱེ་བྲག་གིས་སོ། །སྦྱིན་པ་ནི་མཆོག་སྟེ། སྲེག་པ་ནི་མི་མཐུན་པའི་ཕྱོགས་སོ། །དེ་ནས་ནི་ལས་གཞན་རྫོགས་པའི་མཐུའོ། །བཤད་པར་བྱ་བ་ནི་

དངོས་གྲུབ་མི་ཉམས་པར་བྱ་བའི་དགོས་པའོ། །ཞི་བ་ལ་སོགས་པ་རེ་རེ་ཞིང་སྦྱིན་སྲེག་གསུངས་པའོ། །གང་ཞིག་ནི་གང་དག་སྟེ་གྲུབ་པ་ནི་རྫོགས་པར་གྱུར་ནའོ། །ཡེ་ཤེས་བྱ་བ་ནི་ནུས་པ་དང་ལྡན་པའོ། །དེ་ཉིད་ཀྱི་ཕྱིར་གཅིག་གྲུབ་པས་ལས་ཐམས་ཅད་རབ་ཏུ་འགྲུབ་པར་ནུས་སོ། །དེ་ཡང་ཇི་

ལྟར་སྒྲུབ་ཅེ་ན། སེམས་ནི་ཇི་ལྟར་གཞག་པ་གསུངས་པ། ཞི་བ་ཞི་བའི་སེམས་ཀྱིས་ཏེ། །རྒྱས་པ་རྒྱས་པའི་སེམས་ཀྱིས་སོ། །དབང་ཡང་དེར་གཏད་སེམས་ཀྱིས་ཏེ། །བསྐྲད་དང་བསད་པ་ལ་ཡང་ངོ་། །ཞེས་བྱ་བའི་དོན་ནི་འབྲས་ཆན་དང་འོ་མ་བཟའ་ཞིང་དགེ་བའི་སེམས་རྣམ་པར་མི་གཡེང་

བ་ནི་ཞི་བའི་སེམས་སོ། །བུ་རམ་དང་འོ་མ་བཟའ་ཞིང་རྟག་ཏུ་བསོད་ནམས་དང་ལྡན་པར་བྱ་བའི་སེམས་ནི་རྒྱས་པའི་ལས་སོ། །ཆང་དང་འོ་མ་བཏུང་ཞིང་བསྒྲུབ་བྱ་ལ་ཆགས་པའི་སེམས་དེར་གཏད་པའི་སེམས་སོ། །སྐྱུར་བ་དང་ཉ་ཤ་བཅའ་ཞིང་ཁྲོས་པ་དང་བཅས་པའི་སེམས་ནི་བསྐྲད་པ་དང་

བསད་པའི་སེམས་སོ། །སེམས་དང་ལྡན་པའི་ཐབ་ཁུང་དེ་གསུངས་པ་ནི། ཞི་བའི་དཀྱིལ་འཁོར་རྣམ་པ་སྟེ། །རྒྱས་པ་ཡི་ནི་རྫིང་བུ་འདྲ། །དབང་དུ་བྱ་བ་ཟླ་གམ་ལྟར། །ནམ་མཁའི་ཁམས་འདྲ་བས་ནི་བསད། །ཅེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་གྱི་རྣམ་པ་ནི་ཟླུམ་པོའོ། །རྫིང་བུ་ནི་སོ་

ཕག་གི་རྫིང་བུ་སྟེ་གྲུ་བཞི་པའོ། །ཟླ་གམ་ནི་གཞུ་ལྟ་བུའོ། །ནམ་མཁའི་ཁམས་འདྲ་བ་ནི་གྲུ་གསུམ་པའོ། །དེ་ཡང་འོ་མ་དང་གུར་གུམ་གྱི་ཆུ་དང་། སྐྱེར་འབྲུམ་བཙིར་བའི་ཆུ་དང་ད་དུ་རའི་ཁུ་བ་རྣམས་ཀྱིས་བྱུག་པར་བྱའོ། །དེ་དག་གི་ཚད་གསུངས་པ། ཞི་བ་ཁྲུ་གང་ཚད་དུ་སྟེ། །དེ་བཞིན་

เล่ม ๔๖ · หน้า 213b

རྒྱས་པ་ཁྲུ་དོ་པ། །ཇི་ལྟར་རྒྱས་པ་དེ་ལྟར་དབང་། །བསད་པ་ལ་ནི་སོར་ཉི་ཤུ། །ཞེས་བྱ་བའི་དོན་ནི་ཁྲུ་གང་ནི་སོར་བཅུ་གཉིས་བསྐོར་བའོ། །སོར་བཞི་པ་བསྐྱེད་པ་དང་ཁ་ཁྱེར་ནི་ལྷག་པའོ། །ཁྲུ་དོ་ནི་ལོགས་རེ་རེའི་ཞིང་ངོ་། །སོར་བརྒྱད་ཕྱིར་བསྐྱེད་པ་དང་ཁ་ཁྱེར་ནི་ལྷག་པའོ། །དབང་ཡང་

རྒྱས་པའི་ཚད་དུ་བྱ་བ་ནི་ཆུར་ཁྲུ་དོ་པ་སྟེ་རྒྱར་ཁྲུ་གང་ངོ་། །ཁ་ཁྱེར་ནི་གོང་དང་མཚུངས་པའོ། །སོར་ནི་ཉི་ཤུ་ལོགས་རེ་རེ་ཞིང་ངོ་། །བསྐྱེད་པ་དང་ཁ་ཁྱེར་ནི་སོར་གསུམ་ལྷག་པའོ། །ཟབས་ཀྱི་ཚད་དུ་གསུངས་པ། །ཞི་བའི་སྟེང་དུ་ཁྲུ་ཕྱེད་ཚད། །རྒྱས་པ་ལ་ནི་ཁྲུ་ཙམ་སྟེ། །སོར་ལྔ་གཉིས་ནི་

བསད་པ་ལ། །དབང་ལ་ཇི་ལྟར་དེ་བཞིན་དགུག །ཅེས་བྱ་བའི་དོན་ནི་སྟེང་གི་ཁ་ནས་ཞབས་སུ་སྟེ། ཁྲུ་ཕྱེད་ཀྱི་ཚད་སོར་བཅུ་གཉིས་སོ། །ཁྲུ་ནི་སོར་ཉི་ཤུ་རྩ་བཞི་སྟེ་ཙམ་ནི་ལྷག་པ་བཀག་པའོ། །སོར་ནི་མཐེབ་སོར་ཏེ་ལྔ་གཉིས་ནི་བཅུ་ཐམ་པའོ། །རྒྱས་པ་ནི་དབང་དང་མཐུན་ལ་དེ་བཞིན་

དུ་དགུག་པར་ཡང་སྦྱོར་རོ། །ཞི་བའི་ཁ་ཁྱེར་ནི་པདྨ་རྒྱས་པའོ། །དཀྱིལ་དུ་ནི་སོར་བཅུ་དྲུག་པའི་རྡོ་རྗེའོ། །ཡམ་ཤིང་ནི་གྲྭ་བཟང་ལ་སོགས་པ་རྩེ་མོའི་ཆ་ལས་བྱུང་བ་མཛུབ་གང་གི་ཚད་དོ། །རྒྱས་པའི་ཁ་ཁྱེར་ནི་འཁོར་ལོས་མཚན་པའོ། །དཀྱིལ་དུ་རིན་པོ་ཆེ་སྔ་མ་ལྟ་བུའོ། །ཡམ་ཤིང་

ནྱ་གྲོ་དྷ་རློན་པ་སོར་ཉི་ཤུ་རྩ་བཞི་དང་ལྡན་པའོ། །དབང་གི་ཁ་ཁྱེར་ནི་ལྕགས་ཀྱུ་དང་ཞགས་པའོ། །དཀྱིལ་དུ་པདྨ་འདབ་མ་བཅུ་དྲུག་པ་ཚད་སྔར་བཞིན་ནོ། །ཡམ་ཤིང་ཚེར་མ་ལྕགས་ཀྱུ་ཅན་ལ་བྱས་པ་སྔར་བཞིན་ནོ། །མངོན་སྤྱོད་ཀྱི་ཁ་ཁྱེར་ནི་མཚོན་ཆ་སྣ་ཚོགས་པའོ། །དཀྱིལ་དུ་

རྡོ་རྗེ་གདེངས་པ་སོར་བརྒྱད་པའོ། །ཡམ་ཤིང་སེང་ལྡེང་ལས་བྱས་པ་སོར་བཅུ་པའོ། །ཞི་བའི་སྦྱིན་སྲེག་གི་རྫས་ནི་ཞོ་དང་། སྦྲང་རྩི་དང་། ཤ་ཁ་ར་དང་། འབྲས་ཆན་མ་གོད་པའོ། །སྲན་གྲེའུ་ཁྱད་པར་དུའོ། །རྒྱས་པ་ནི་གོང་གི་རྫས་རྣམས་ཀྱི་སྟེང་དུ་གུར་གུམ་གྱིས་ཁ་དོག་བསྒྱུར་བ་དང་ཁྱད་

པར་དུ་བུ་རམ་མོ། །དབང་ལ་གོང་གི་རྫས་རྣམས་ཙནྡན་གྱིས་ཁ་དོག་བསྒྱུར་བའི་སྟེང་དུ་འོལ་མ་སེ་ཁྱད་པར་དུའོ། །མངོན་སྤྱོད་ལ་ནི་ནིམ་པ་དང་། ད་དུ་ར་དང་། ཚ་བའི་མར་དང་། སྐེ་ཚེ་དང་ཚྭ་རྣམས་སོ། །བསྐྲད་པ་ལ་ཁྭ་ཏ་དང་མིག་སེར་གྱི་སྒྲོའོ། །ཏིལ་དང་མར་གྱི་བྱེ་བྲག་ནི་ཐམས་ཅད་པའོ། །

เล่ม ๔๖ · หน้า 214a

སྦྱིན་སྲེག་བྱ་བའི་དུས་གསུངས་པ། ཚེས་གཅིག་ལ་ནི་ཞི་བའི་བྱ། །ཟླ་བ་ཉ་ལ་རྒྱས་པ་སྟེ། །བཅུ་བཞི་ལ་ནི་མངོན་སྤྱོད་དོ། །དབང་གི་ལས་ནི་ཚེས་བརྒྱད་ལའོ། །ཞེས་བྱ་བ་ནི་བཅུ་བཞི་ནི་ནག་པོའི་བཅུ་བཞི་སྟེ་ཉི་ཤུ་དགུ་ལའོ། །གཞན་ལ་ནི་དེ་ལས་ལྷག་པའི་

བརྗོད་པ་མེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ནི་བཤད་ཟིན་ཏོ། །སྦྱིན་སྲེག་ནི་ལེའུ་འདིའི་གཙོ་བོར་གྱུར་པའོ། །ཆོ་ག་ནི་ཚུལ་དང་ཐབས་སོ། །རིམ་པ་ནི་གོ་རིམས་སོམོ། །ཕྱེ་བ་ནི་མ་ནོར་བའོ། །བརྒྱད་པ་ནི་བདུན་པས་

གཞག་པའོ། །ནག་པོ་ཞབས་ཀྱིས་བཤད་པའི་ལེའུ་བརྒྱད་པ་རྒྱ་ཆེར་གསལ་བར་བྱས་པའོ།། །།དེ་ལྟར་སྦྱིན་སྲེག་གི་ལས་ཡོངས་སུ་མཐར་བྱས་ནས་ད་ནི་ལས་ཕྲན་ཚེགས་ཀྱིས་གདུག་པ་ཅན་སེམས་ངེས་པར་ལེགས་པ་ལ་འཇུག་པའི་ཕྱིར་བརྩམ་པར་བྱ་སྟེ།

རྒྱ་མཚོའི་ས་ནི་བླངས་བྱས་ལ། །ཀླུ་ཡི་གཟུགས་ནི་བརྩམ་བྱས་ཏེ། །ཡི་གེ་ཧཱུཾ་ཕུཿསྙིང་གར་དགོད། །ཧྲཱིཿཥྚྲྀཿལ་སོགས་བཟླས་པ་བྱ། །ཞེས་བྱ་བ་ནི་ཆར་དབབ་པའི་ཆོ་ག་གསུངས་པའོ། །དེ་ཡང་འདི་ལྟར་ཤེས་པར་བྱ་སྟེ། བདག་ཉིད་བཅོམ་ལྡན་འདས་གཤིན་རྗེ་མཐར་བྱེད་པ་

ནག་པོའི་རྣལ་འབྱོར་ལ་ལྷག་པར་སེམས་བརྟན་པ་མཚན་མ་ཐོབ་པ་དག་གིས་ཁམ་ཕོར་སོ་མ་བཏང་བའི་ནང་དུ་རམས་ཀྱི་ཁུ་བ་ལ་གྲོ་གའི་བིར་གྱིས་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་པདྨ་འདབ་མ་བརྒྱད་པ་བྲིས་ཏེ། དེ་ནས་ལྷ་མོ་ཀུ་རུ་ཀུལླེའི་སྔགས་ཕུཿདང་སྭཱ་ཧཱའི་བར་དུ་བསྒྲུབ་བྱ་ཀླུའི་མིང་བཅུག་

པ་སྤེལ་བར་བྲི་བར་བྱའོ། །བསྒྲུབ་བྱ་དེ་དག་ཀྱང་དུས་འདི་དག་གིས་གནས་ཏེ་དབྱར་ཟླ་ཐ་ཆུངས་ལ་ཀརྐོ་ཊས་སོ། །སྟོན་ཟླ་ར་བ་དང་སྟོན་ཟླ་འབྲིང་པོ་ལ་ཏཀྵ་ཀས་སོ། །སྟོན་ཟླ་ཐ་ཆུངས་ལ་བ་སུ་ཀིས་སོ། །ཡང་དེ་ཉིད་ལ་བལྟས་པས་དགུན་ཟླ་ར་བ་ལ་སོགས་པ་བཞི་བཞི་ལ་སྦྱར་བས་ཆར་འབེབས་

སོ། །དེ་ལས་གཞན་པའི་ཁམ་ཕོར་སོ་མ་བཏང་བ་ཁ་སྦྱར་དུ་བྱས་ལ། ལེའུ་བཅོ་ལྔ་པ་ལས་འཆད་པར་འགྱུར་བའི་ཀུ་རུ་ཀུལླེའི་གཟུགས་བསྐྱེད་ལ་བཀུག་སྟེ་ཡང་དག་པར་མཆོད་ལ་བའི་རྣམ་ལྔས་བྱུགས་ཏེ། ཀླུ་གནས་པའི་མཚོ་ལ་སོགས་པར་གཞུག་པར་བྱའོ། །ཡང་ན་ས་བོན་ནི་ནཾ་

เล่ม ๔๖ · หน้า 214b

ཧྲིས་བརྟེན་པའི་སྔགས་ཀྱི་ཚིག་བྲིས་ལ། དེ་ཡོངས་སུ་གྱུར་པ་ལས་ཀུ་རུ་ཀུལླེས་ཀླུ་ཐམས་ཅད་སྲེག་པར་བྱེད་པའི་གཟུགས་བསྒོམས་ལ་སྔར་བཞིན་དུ་སྟེ། བཅོམ་ལྡན་འདས་མ་བདག་གི་ལས་འདི་ཞེས་བྱ་བའི་དགོས་པའི་དོན་དུ་མཛོད་ཅིག་པའོ། །ཞེས་བཀའ་བསྒོས་ནས་ཀླུའི་གནས་སུ་

གཞུག་པར་བྱའོ། །དེ་ནས་དབེན་པའི་ས་ཕྱོགས་སུ་གདུགས་དང་རྒྱལ་མཚན་དང་བླ་རེ་དང་ཡོལ་བ་དང་བ་དན་ལ་སོགས་པ་ཐམས་ཅད་སྔོན་པོར་བྱས་ལ་སྒྲ་ཁྱད་པར་ཅན་ལག་ཏུ་ཐོགས་ཏེ་རྒྱན་སྔོན་པོ་དང་ལྡན་པའི་རྣལ་འབྱོར་པས་ཡཾ་སྔོན་པོ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་བ་དན་གྱིས་

མཚན་པ་དེའི་དབུས་སུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་འོད་འབར་བ་ཞིག་བསམས་ལ་ཡི་གེ་རེ་ཕས་མཚན་པ། དེའི་དབུས་སུ་ཆུའི་དཀྱིལ་འཁོར་དཀར་ཞིང་ཟླུམ་པ་བུམ་པས་མཚན་པ། དེའི་སྟེང་དུ་པཾ་ལས་པདྨ་འདབ་མ་བརྒྱད་པ་དཀར་པོ། དེའི་སྟེང་དུ་ནཾ་ལས་ཆུ་བདག་དཀར་པོ་སྦྲུལ་བརྒྱད་

ཀྱི་གདེངས་ཀ་ཅན་སྐྱེས་བུའི་ཆ་བྱད་ལ་ལག་པ་གཡས་ན་རལ་གྲི། གཡོན་པ་ན་ཀླུའི་ཞགས་པ་ཐོགས་པའོ། །ཤར་གྱི་འདབ་མ་ལ་དགའ་བོ་ཨུཏྤ་ལའི་འདབ་མ་ལྟར་རབ་ཏུ་ལྗང་བ། ལྷོའི་འདབ་མ་ལ་ནོར་རྒྱས་ཀྱི་བུ་དཀར་པོ། ནུབ་ཀྱི་འདབ་མ་ལ་ཏཀྵ་ཀ་དམར་པོ། བྱང་གི་འདབ་མ་ལ་ཀརྐོ་ཊ་

ནག་པོ། མེའི་མཚམས་སུ་པདྨ་དཀར་པོ། བདེན་བྲལ་གྱི་མཚམས་སུ་པདྨ་ཆེན་པོ་དཀར་པོ། རླུང་དུ་དུང་སྐྱོང་སེར་པོ། དབང་ལྡན་དུ་རིགས་ལྡན་སྣ་ཚོགས་བསྐྱེད་དོ། །དེ་དག་ཐམས་ཅད་ནི་ཡི་གེ་ནཾ་གི་ས་བོན་ལས་བྱུང་བའོ། །དེ་ནས་བུ་རམ་དང་འོ་མ་དང་མར་དང་བག་ཟན་གཙང་མའི་བཤོས་ཡི་གེ་ཕུས་

བསྔགས་ལ་དབུལ་བར་བྱའོ། །དུས་ཀྱི་རྗེས་སུ་འབྲང་བ་དང་། ཀུན་དུ་རུ་དང་། ཆུ་སྲིན་སེན་མོ་དང་། ཉུངས་ཀར་སེར་པོ་དང་། ནཱ་ག་པུས་པ་དང་། ནཱ་ག་གེ་སར་གྱི་ཐང་ཆུ་དང་། ཤ་ཀ་ར་སྦྱར་བའི་སྤོས་དང་། ཞུན་མར་གྱི་མར་མེ་མངོན་པར་སྔགས་པ་ཡང་དབུལ་བར་བྱའོ། །དེ་ནས་ཛ་གཉིས་ཀྱི་བར་དུ་

ས་བོན་གྱི་ཡི་གེ་བཅུག་སྟེ། །ཨོཾ་དང་སྭཱ་ཧཱ་མཐར་གཞག་པའི་སྔགས་བཟླས་ལ། འོད་ཟེར་ལྕགས་ཀྱུའི་དབྱིབས་ཀྱིས་ཀླུ་རྣམས་བཀུག་སྟེ་རང་རང་གི་གནས་སུ་གཞག་ཅིང་ཡོན་ཆབ་བྱིན་ནས་ཡང་དག་པར་མཆོད་དེ་གཞན་ཡང་། མེ་ཏོག་སྔོན་པོ་དེ་བཞིན་དྲི། །གོས་དང་འཕན་ཡང་སྔོན་པོ་དང་། །སྔོན་

เล่ม ๔๖ · หน้า 215a

པོ་ཆུ་དང་ལྡན་པ་ཡི། །བུམ་པ་དག་ཀྱང་དབུལ་བར་བྱ། །ཞེས་པ་དང་ལྡན་པ་དག་གིས་གསོལ་བ་གདབ་པར་བྱ་སྟེ། ཀླུའི་རྒྱལ་པོ་ཆེན་པོ་ཁྱེད་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་དང་། བདག་ལ་ཉེ་བར་བརྩེ་བར་དགོངས་ལ་ཆར་ཆེན་པོ་དུས་འདིར་དབབ་པ་མཛོད་ཅིག །ཅེས་

བརྗོད་ལ་དེ་ནས་ཀླུའི་རྒྱལ་པོས་ཐམས་ཅད་བཀུག་ནས་ཆར་འབེབས་པ་ལ་ཆེད་ཆེར་བྱེད་པར་བསམས་ལ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧ་ནཱ་ག་ནཾ་པར་ཤ་པ་ཡ་སྭཱ་ཧཱ། ཞེས་ཏིང་ངེ་འཛིན་དང་ལྡན་པས་ཁྲི་བཟླས་ན་དེའི་རྗེས་ལ་ཆར་འབེབས་སོ། །གལ་ཏེ་ཆར་མི་འབེབས་ན་དེ་

ནས་ཡང་མེ་ཐབ་ཟླུམ་པོ་ལ་དཀྱིལ་འཁོར་ཟླུམ་པོར་བསྐོར་ཏེ། དེར་ཀླུའི་རྒྱལ་པོ་རྣམས་བསྐྱེད་ཅིང་བཀུག་ལ་ལྕེ་ལ་ཡི་གེ་ནཾ་བསྒོམས་ནས་ཡོན་ཆབ་ལ་སོགས་པ་མཆོད་པས་མཉེས་པར་བྱས་ཏེ། བུ་རམ་དང་ཞུན་མར་དང་འོ་མས་བཀང་བའི་བསྲེག་བླུགས་གསུམ་གསུམ་གཡས་སུ་བཞག་ནས་བསྲེག་

པར་བྱའོ། །དེ་ལྟར་ཚིམ་པར་གྱུར་ནས་ཆར་འབེབས་སོ། །དེ་ལྟར་ཡང་གལ་ཏེ་ཆར་མི་འབེབས་ན་ཀླུ་ལ་ཆད་པ་གཅད་པར་བྱ་སྟེ། སྔ་མ་ལྟར་ཀླུའི་དཀྱིལ་འཁོར་བྱས་ཏེ་འོན་ཀྱང་ཁྱད་པར་ནི་དང་པོ་རླུང་གི་དཀྱིལ་འཁོར་བྲི་བར་བྱའོ། །བདག་ཉིད་ཀྱང་བློའི་པདྨའི་དབུས་སུ་བསྐལ་པའི་མེ་ལྟར་འབར་བའི་རྣམ་པ་

ཅན་ཀླུ་ཐམས་ཅད་འཇིགས་པར་བྱེད་པའི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དུ་བྱས་ནས་ཐམས་ཅད་གཅིག་ཏུ་གཡོན་བརྐྱང་བའི་ཞབས་ཀྱིས་མནན་པར་བསམས་ཏེ། རང་གི་སྔགས་ཀྱི་ཡི་གེ་འབྲུ་རེ་རེ་དང་ཀླུའི་སྙིང་པོ་རེ་རེ་སྤེལ་ལ་ང་རྒྱལ་དང་བཅས་པས་བཟླས་པར་བྱའོ། །དེ་ནས་རླུང་གིས་བསྐུལ་

བའི་མེའི་འོད་ཀྱིས་པདྨ་སྙིང་གར་བལྟས་ཏེ། དེ་ལྟར་འོག་ནས་མེས་གདུངས་ཤིང་སྟེང་ནས་ཁྲོ་བོའི་མེས་གདུངས་པས་ཤིན་ཏུ་སེམས་དད་པར་གྱུར་པས་ཆུ་སྐྱུག་པར་བྱེད་པའི་ཀླུའི་འཁོར་ལོ་བསམས་ནས་ངེས་པར་ཆར་འབེབས་སོ། །དེ་ལྟར་ན་ཡང་ཆར་མི་འབེབས་ན་ཚིག་གི་དོན་དུ་བཤད་

པར་བྱ་སྟེ། རྒྱ་མཚོ་ས་ནི་ཆུ་ཀླུང་གི་ས་དང་། ཀླུ་གནས་པའི་ས་དང་། གྲོག་མཁར་གྱི་ས་དང་། ཤིང་གཅིག་གི་རྩ་བའི་ས་ལས་ཀླུའི་གཟུགས་སྦྲུལ་མགོ་བདུན་པ་བྱས་ལ། དེ་ཁམ་ཕོར་སོ་མ་བཏང་བར་བླང་བ་བྱས་ལ་དུར་ཁྲོད་ཀྱི་རས་སམ་མཚོན་གྱིས་བསད་པའི་གོས་དང་དུག་དང་ཚྭ་དང་སྐེ་ཚེ་དང་ཚ་བའི་

เล่ม ๔๖ · หน้า 215b

མར་གྱིས་རྩིབས་བརྒྱད་པའི་རལ་གྲིའི་འཁོར་ལོ་བྲིས་ལ། དེའི་ལྟེ་བར་པདྨ་འདབ་མ་བརྒྱད་པ་སྟེ། འདབ་མ་ལ་ཀླུའི་སྙིང་པོ་དཀྱིལ་དུ་ཡི་གེ་བཾ་དང་ཧཱུཾ་གིས་བརྟེན་པ་བྲི་བར་བྱ་སྟེ། འཁོར་ལོ་དེའི་སྙིང་གར་གཞུག་གོ། །དེའི་ཕྱིར་ཀླུའི་གཟུགས་གཅིག་བསམ་པར་བྱ་སྟེ། ཡི་གེ་ཧཱུཾ་ཕུཿསྙིང་གར་དགོད་པར་

བྱའོ། །བདག་ཉིད་གཤིན་རྗེ་གཤེད་ཀྱི་གཟུགས་སུ་གྱུར་པ་ཞབས་ཀྱིས་དེའི་གཟུགས་མནན་ནས་སྔ་མ་བཞིན་དུ་སྔགས་ནི་ཧྲཱིཿཥྚྲྀཿལ་སོགས་པའི་སྔགས་བཟླས་པ་བྱས་ལ་ནམ་མཁའ་ནས་ཀླུ་རྣམས་ཀྱིས་ཆར་འབེབས་པར་བསམ་མོ། །དེ་དག་གིས་ངེས་པར་འབེབས་པར་འགྱུར་རམ་ཞེ་ན་འདི་ནི་

ངེས་པ་སྟེ། ཆར་ནི་མི་འབབ་དུས་དག་ཏུ། །བཟླས་པ་ཁྲི་བྱས་འབབ་པར་འགྱུར། །ཞེས་བྱ་བའི་ཕྱིར་རོ། །གལ་ཏེ་ཆེས་ན་གཅོད་པར་བྱ་བ་ནི་བཅོམ་ལྡན་འདས་གཏི་མུག་རྡོ་རྗེ་གཙོ་བོ་བྱས་པས་ཀླུ་བརྒྱད་ཞི་བའི་ཐབ་ཁུང་དུ་ལེགས་པར་བསམས་ལ། ཞི་བའི་ཆོ་གས་མར་དང་འོ་མ་ལ་སོགས་

པའི་སྦྱིན་སྲེག་ཁྲི་བྱའོ། དེ་ལྟ་ན་ཡང་ན་ཀླུ་གདུག་པ་ཅན་གལ་ཏེ་ཆར་མི་གཅོད་ན་མངོན་སྤྱོད་ཀྱི་ཐབ་ཁུང་དུ་མངོན་སྤྱོད་ཀྱི་ཆོ་གས་དཔལ་རྡོ་རྗེ་སེམས་དཔའི་སྙིང་པོ་དང་། རས་བལ་གྱི་འབྲས་བུ་བཅས་པས་སྦྱིན་སྲེག་ཁྲི་བྱས་ན་ཆར་ངེས་པར་གཅོད་དོ། །རྒྱ་མཚོར་ཞོན་པ་དང་འགྲོ་བ་དང་ཁྲུས་

བྱེད་པའི་ཚེ་མཚོའི་རླབས་རེངས་པར་བྱེད་པའི་ཆོ་ག་གསུངས་པ། སྦྲུལ་ནག་གི་ཤ་དང་དེའི་སྦྱར་ཟླ་ནི་ནིམ་པའི་ལོ་མ་དང་བསྲེས་ལ་ཉའི་ཤུན་པར་རིལ་བུ་བྱས་ཏེ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་བརྟུལ་ཞུགས་དང་ལྡན་པས་རྒྱ་མཚོར་བསྐྱུར་བར་བྱ་བའི་རིལ་བུ་ནི་སྔགས་བཟླས་པ་ཁྲི་

བྱས་ནས་འོས་དང་ལྡན་པའི་རིལ་བུས་མཚོ་རླབས་རེངས་པར་བྱེད་པའི་མཆོག་ཡིན་ནོ། །རྣལ་འབྱོར་པ་དག་གིས་ཞེས་པ་ངོ་མཚར་ལ་གཟེངས་བསྟོད་པར་བྱ་བའི་ཕྱིར་དང་། དངོས་གྲུབ་ཉེ་བར་བླང་བའི་དོན་དུ་དབང་གི་ཐབ་ཁུང་ལེགས་པར་བྱ་སྟེ། ཙན་དྷའི་འབྲས་བུ་ནི་གཏུམ་པོའི་ས་བོན་ནོ། །དེའི་

འབྲུམ་བུ་བརྒྱ་བླངས་ལ་འབྲས་དང་སྲན་མ་ཤ་རྣམས་བསྲེས་པ་ཞིབ་པར་བཏགས་ཏེ་གུར་གུམ་གྱི་ཆུས་རིལ་བུ་ཙ་ན་ཀའི་འབྲས་བུ་ཙམ་བྱའོ། །བདག་ཉིད་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་འབུམ་ཕྲག་བརྒྱ་ནི་ས་ཡ་སྟེ། དེའི་ཚད་ཀྱི་སྔགས་བཟླས་ལ་བཅོམ་ལྡན་འདས་གཤིན་རྗེ་གཤེད་པདྨ་

เล่ม ๔๖ · หน้า 216a

རཱ་གའི་མདོག་དང་ལྡན་པ་ལ་དབང་གི་སྦྱིན་སྲེག་ཁྲི་བྱས་པས་ལྷ་གཤིན་རྗེ་གཤེད་ཀྱི་ཞལ་མཐོང་བར་འགྱུར་རོ། །དེ་ནི་མཚོན་པ་ཙམ་དུ་ཟད་ཀྱི་ཚངས་པ་ལ་སོགས་པ་ཡང་ངོ་། །མཐོང་ནས་དགའ་བའི་ཡིད་ཀྱིས་མཉེས་པར་བྱས་ནས་མངོན་པར་འདོད་པ་སྟེར་བར་འགྱུར་རོ། །གདུག་

པ་ཅན་ཚར་གཅད་པར་བྱ་བའི་ཕྱིར་མངོན་སྤྱོད་ཀྱི་ཆ་དྲག་པོ་གསུངས་པ་ནི་དུར་ཁྲོད་རོ་གནས་པའི་ས་ལ་བྱའོ། །རོ་བསྲེག་གི་མེ་བསྐུལ་བའི་ཡོག་པའི་ཤིང་ལ་རྣལ་འབྱོར་པ་གཤིན་རྗེ་གཤེད་ཀྱི་གཟུགས་སུ་གནས་པས་བསྒྲུབ་བྱའི་གཟུགས་སོར་བཅུ་གཉིས་པའི་ཚད་དུ་བྱས་ལ་སྨྱོན་པའི་ཁུ་བ་ནི་ད་དུ་

ར་སྟེ་དེའི་ལོ་མའི་ཁུ་བས་དུས་གསུམ་དུ་གཟུགས་ལ་བསྐུ་བ་བྱས་པས་བསྒྲུབ་བྱ་བཀུག་ཅིང་བསྟིམས་ཏེ་སྔགས་ཁྲི་བཟླས་པས་མཛེས་ཐེབས་པར་འགྱུར་རོ། །རྣལ་འབྱོར་པ་དག་གིས་ནགས་ཚལ་གྱི་གསེབ་ཏུ་སྦྲུལ་གྱིས་བཟུང་བའི་དུག་བསལ་པའི་ཕྱིར་སྔགས་གསུངས་པ་ནི་གྲུབ་པའི་ཡུངས་

ཀར་ནི་སྔགས་བཏབ་པ་སྟེ་མདོག་སེར་པོ་དེ་དག་བླང་བར་བྱས་ལ་བདག་ཉིད་གཤིན་རྗེ་གཤེད་མདོག་དམར་པོ་ཞི་བའི་ཡིད་ཀྱིས་དཀར་པོའི་ཚེས་གཅིག་ནས་ཉེ་བར་བཟུང་སྟེ། སྔགས་འབུམ་ཕྲག་བཞིའི་བར་བཟླས་པ་བྱས་ནས་རྣལ་འབྱོར་པས་བསྡུ་བ་བྱས་ནས་ཤིང་ལོའི་སྣོད་ཀྱི་ནང་དུ་བཅུག་

སྟེ་ལུས་ལ་བཅང་བར་བྱའོ། །དེ་ནས་སྦྲུལ་གྱིས་བཟུང་བའམ་འགྱིལ་བ་ལ་གཏོར་ན་འཚོ་བྱ་གང་ཡིན་པ་དེ་དག་འཚོ་བར་ཐེ་ཚོམ་མེད་དོ། །གལ་ཏེ་དེ་དག་ཞི་བར་མ་གྱུར་ན་བདག་ཉིད་གཤིན་རྗེ་གཤེད་ཞི་བའི་ང་རྒྱལ་དང་ལྡན་པས་བསྒྲུབ་བྱའི་ཅོད་པན་ནས་ཉེ་བར་བཟུང་སྟེ་སྲིན་ལག་ལ་ཟླ་བའི་

སྟེང་དུ་ཡི་གེ་ཧཱུཾ་དཀར་པོ་བལྟས་ལ། དེའི་འོད་ཀྱིས་རྩ་ཇི་སྲིད་དུ་འཕོ་བར་བསམ་ཞིང་། དེའི་འོད་ཀྱིས་ཁྲག་གི་མདངས་དུག་གིས་ནག་པོར་གྱུར་པ་ཐམས་ཅད་མདངས་དཀར་པོར་གྱུར་པར་བསམས་ལ་བཤད་པའི་ལམ་དུ་གདོན་པར་བྱའོ། །དེ་ནས་ག་པུར་ལ་བཟླས་པ་ཁྲི་བྱས་པས་ཟིན་པའི་སར་བྱུག་

པ་བྱས་ལ། མངོན་པར་ཞི་བའི་འོད་ཟེར་གྱིས་ཉ་བར་གཟིར་བར་བྱའོ། །འདི་དག་གིས་ནི་ངེས་པར་གཏོང་བར་འགྱུར་རོ། །གལ་ཏེ་དུག་ཞི་བར་མ་གྱུར་ན་དུག་གསད་པར་བྱ་བའི་དོན་དུ་བསྒྲུབ་བྱའི་སྙིང་གར་ཧཱུཾ་ངམ་ཧྲཱིཿཥྚྲྀཿལ་སོགས་པ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བསམས་ལ། ཡི་གེ་ཧཱུཾ་དེའི་

เล่ม ๔๖ · หน้า 216b

འོད་ཀྱིས་དེའི་ནང་ན་ཡོད་པའི་དུག་རབ་ཏུ་འབར་བར་འགྱུར་བར་བསམ་མོ། །ལག་པ་གཡོན་ནམ་གཡས་པའི་མཐིལ་དུ་བཾ་ཡོངས་སུ་གྱུར་པ་ལས་པདྨ་ཧཱུཾ་དཀར་པོས་མཛེས་པར་བྱས་པ་ལས་བདུད་རྩི་འཛག་པ་བལྟ་བར་བྱའོ། །དེ་ནས་ཨོཾ་ཧྲི་ཧ་ཧཱུཾ་ཛ་ཧ། ཞེས་བྱ་བའི་སྔགས་བརྗོད་ཅིང་ལག་པས་སྤྱི་

གཙུག་ནས་རྐང་པའི་བར་དུ་བྱབ་པར་བྱའོ། །དེའི་ས་བོན་གྱིས་དུག་བསྡུས་ཤིང་ལུས་བདུད་རྩི་དཀར་པོས་གང་བར་བསམ་པར་བྱའོ། །གཞན་ཡང་ཁྲོ་བོའི་མཆེ་བ་འོད་དང་ལྡན་པ་ལ་རབ་ཏུ་འབར་བའི་མེ་ཆེན་པོ་ས་བོན་དང་བཅས་པ་བསམས་ཏེ། །ཕྱག་འཚལ་དང་པོ་གཤེགས་གསོལ་མཐར། །བརྡེག་

པ་ཆོ་ག་བཞིན་དུ་སྦྱར། །དུག་ནི་བཅིང་བར་བྱ་བ་ཡི། །རྣལ་འབྱོར་པས་ནི་གསལ་འདོད་ཀྱང་། །ཞེས་བྱ་བའི་མན་ངག་ལས་ཤེས་པར་བྱའོ། །ད་ནི་ས་རླངས་ཀྱིས་མགོ་ན་བ་དག་ཞི་བར་བྱ་བའི་ཕྱིར་གསུངས་པ་ནི། རི་གཤོང་ཆུ་ཡི་ས་དག་ལ། །སྔགས་ཀྱི་བཟླས་པ་འབུམ་བྱས་ནས། མགོ་ལ་

བསྐུས་པ་ཙམ་གྱིས་ནི། །མགོ་ཡི་ནད་ནི་ཉམས་པར་བྱེད། །ཅེས་པ་ལ། རི་གཤོང་ནི་སྤང་ལྗོངས་རབ་ཏུ་གཙང་བར་བྱའོ། །ཆུའི་ས་ནི་ཆུ་ཀླུང་གི་བྱེ་མའི་སའོ། །བླངས་པ་ནི་ཤིང་ལོ་གཙང་མའི་འདབ་མས་སོ། །ལ་ནི་རྫས་ཡོངས་སུ་རྫོགས་པའོ། །སྔགས་ནི། ཨོཾ་ཧྲཱིཿཥྚྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་

ཅེས་པའོ། །ཀྱི་ནི་གདགས་ཡིག་དང་ཉེ་བར་འབྲེལ་པའོ། །དེ་ཡང་། ཨོཾ་སརྦ་བིགྷ་ནན་ནཱ་ཤ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའོ། །བཟླས་པ་ནི་རྡོ་རྗེ་བཟླས་པ་ཞི་བའི་མན་ངག་ཅན་ནོ། །འབུམ་དུ་བྱས་ནས་ནི་ཚད་ཉེ་བར་རྫོགས་པ་སྟེ་དེ་དག་ནི་བསྙེན་པའོ། །ཚིག་ཕྱེད་པོ་རྗེས་སུ་བསྒྲུབ་པ་ནི་ཡི་གེ་གཅིག་པ་སྟེ་

སྔགས་ནི་བསྒྲུབ་པའི་དུས་སུ་ལན་བདུན་མངོན་པར་བཟླས་ཤིང་མར་སར་པ་དང་བསྲེས་ཏེ་ལག་པས་མགོ་བོ་ཁོར་ཡུག་ཏུ་མཉེས་ན་ནི་མགོའི་ཟུག་གཟེར་འབྱུང་བར་མི་འགྱུར་ཏེ་ལས་ཀྱི་སྦྱོར་བ་ནི་དེ་ལྟར་འགྲུབ་པར་ཐེ་ཚོམ་མེད་དེ། །གདུག་པ་ཅན་ཚར་གཅད་པའི་ཕྱིར་འཇིགས་བྱེད་གཤིན་རྗེ་གཤེད་

ཀྱི་རྣལ་འབྱོར་གསུངས་པ། བྲམ་ཟེ་ཡི་ནི་ཤ་དག་དང་། །དུར་ཁྲོད་ས་དང་ཐལ་བ་ལས། །གཤིན་རྗེ་གཤེད་ཀྱི་གཟུགས་བྱས་ཏེ། །ཞེས་པ་ལ་བྲམ་ཟེའི་ཤ་ནི་རོ་མ་ཉམས་པ་དག་གོ། །དེ་ལ་གཟུགས་ཀྱི་ཁོག་ལེགས་པར་བརྒྱངས་ལ། དེ་དང་མཚུངས་པའི་བྱུག་པ་ནི་དུར་ཁྲོད་ཀྱི་མེའི་ཐལ་

เล่ม ๔๖ · หน้า 217a

བའོ། །དེའི་ས་ནི་དུར་ཁྲོད་ཀྱི་སའོ། །དེའི་ཕྱིར་ཐལ་བ་ལས་གཤིན་རྗེ་གཤེད་ཀྱི་གཟུགས་བྱས་ཏེ་ཞེས་པ་དང་འབྲེལ་ལོ། །ཕྱག་གཉིས་པ་ནི་གཡས་དང་གཡོན་ནོ། །ཞལ་ནི་ཁྲོ་བ་སྟེ་གཅིག་པ་ནི་གཡས་དང་གཡོན་ཡངས་པའོ། །ལ་ཞེས་པ་དེ་དང་མཚུངས་པའི་མཚན་པའོ། །

རྡོ་རྗེ་ཆེན་པོ་ནི་གནམ་ལྕགས་ཤིན་ཏུ་སྦྱངས་པ་ལས་བྱས་པའི་དེ་བཞིན་གཤེགས་པའི་རྡོ་རྗེའི་ཚད་དོ། །གཡས་པ་ཞེས་པ་ནི་ཤིན་ཏུ་འཇིགས་པ་འཕྱར་བའོ། །དེ་བཞིན་ནི་གཡས་དང་མཚུངས་པའོ། །མི་མགོ་ནི་སྐྱེས་པའི་སྟེ་གཡོན་པ་ན་འཛིན་ཅིང་ཁྲག་གིས་བཀང་བའོ། །མདོག་ནི་དཀར་པོ་

ཞེས་བྱ་བ་ནི་ཕ་རོལ་དེ་ལྟར་བྲི་ཞིང་བསྒོམ་པར་བྱ་བ་ཡང་དེ་ཉིད་དོ། །དེ་བས་ཀྱང་དེའི་མཐུ་ཐོགས་པ་མེད་པས་སོ། །གདུག་པ་ནི་ལུས་དང་ངག་དང་སེམས་ལ་གནོད་པར་བྱེད་པའོ། །འཇོམས་པར་བྱེད་པ་ནི་མ་ལུས་པའི་མཐུ་མེད་པར་བྱེད་པའོ། །ལས་ལ་སྦྱར་བའི་དེ་དག་ལ་དམ་ཚིག་གིས་

མཉེས་པར་བྱ་བ་ནི། བདུད་རྩི་དང་ནི་ཤ་ལྔ་ཡི། །ཉིན་རེ་བཞིན་དུ་གཏོར་མ་སྦྱིན། །ཞེས་བྱ་བ་ལ་བདུད་ནི་བསྒྲོད་པ་དང་བསྒྲོད་པ་མ་ཡིན་པར་རྟོག་པའོ། །དེ་སེལ་བར་བྱེད་པའི་རྩི་ནི་བཻ་རོ་ཙ་ན་དང་བྱི་ཤྭ་དང་ཤུ་ཀྲ་དང་རཀྟ་དང་། ཨ་ཀྲོ་ཏེ་ཀའོ། །དེ་དང་འོ་མ་ཤིན་ཏུ་སྦྱར་ཏེ་ཤ་ལྔ་ནི་མི་དང་གླང་པོ་ཆེ་དང་

བ་ལང་དང་རྟ་དང་ཁྱིའོ། །དེས་ཉིན་རེ་བཞིན་དུ་ཞེས་པ་ནི་མར་ངོའི་གཅིག་ནས་བཅུ་བཞིའི་བར་དེ་སྙེད་དུ་ཉིན་དང་མཚན་མོ་དུས་དྲུག་ཏུའོ། །གཏོར་མ་ནི་འབྲས་ཆན་ལ་སོགས་པ་ཡང་ངོ་། །སྦྱིན་པ་ནི་སྔགས་དང་ལྡན་པ་དག་གིས་ཉེ་བར་མཆོད་པའོ། །བདག་གི་དགྲ་ནི་གནོད་པ་གང་བྱེད་

པའི་མི་ཉིད་དང་འབྲེལ་པའོ། །ཆོམ་ཤིག་ཅེས་བྱ་བ་ནི་བསྐུལ་བའི་ཚིག་མཱ་ར་ཡ་ལ་སོགས་པ་དང་ལྡན་པར་རོ། །རྣལ་འབྱོར་པས་ཞེས་བྱ་བ་ནི་བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོ་དང་དེའི་ཡེ་ཤེས་ཀྱི་ཆ་རྟོགས་པའོ། །རྟག་ཅེས་བྱ་བ་ནི་དུས་ཇི་སྲིད་པ་དེ་སྲིད་དོ། །གསོལ་བ་

གདབ་པ་ནི་གཏོར་མའི་རྗེས་སུ་སྟེ། ཀྱེ་གཤིན་རྗེ་བདག་ལ་གདུག་པ་བྱས་པའི་ཆེ་གེ་མོ་འདི་ཉེ་བར་གསོལ་ཅིག །ཤ་དང་ཁྲག་དང་རྐང་དང་རུས་པ་དང་ཚིལ་བུ་དང་། ནང་ཁྲོལ་ལ་སོགས་པ་དུམ་བུ་དུམ་བུར་གསོལ་ཅིག་ཅེས་ནུབ་རེ་རེ་ཞིང་ཁྱད་པར་དུ་བཅུ་བཞིའི་ནུབ་མོ་འདི་སྐད་ཅེས་

เล่ม ๔๖ · หน้า 217b

བརྗོད་པས་ཉལ་ལོ། །བསྒྲུབ་བྱའི་མི་དེ་དག་ནི་ཐོ་རངས་འཆི་བར་འགྱུར་རོ། །འཆི་བའི་ནད་ཀྱི་མཚན་མ་ནི་ཆུ་འགགས་པ་ལ་སོགས་པ་ནི་སྐྱུག་པ་དང་གླལ་བ་དང་ཡི་དགས་མ་རུངས་པའི་སྐད་འདོན་པས་གཟིར་ཞིང་སྔངས་པ་འབྱུང་ངོ་། །ཡང་ན་ནད་ཀྱིས་འདེབས་པར་འགྱུར། །ཞེས་བྱ་

བ་ནི་མ་ཤི་ན་ཡང་ངོ་། །གཞན་ཡང་སྨྱོ་བར་བྱ་བའི་སྦྱོར་བ་གསུངས་པ། དགྲ་ཡི་བཻ་རོ་ཙ་ན་བླང་། །མི་ཡི་རྐང་སྦུབས་ཡོངས་བཀང་སྟེ། །ཞེས་པ་ལ་དགྲའི་བཻ་རོ་ཙ་ན་ནི་དྲི་ཆེན་ནོ། །བླངས་པ་ནི་མ་ཧེའི་རྭ་དག་གིས་སོ། །མི་ནི་སྐྱེས་བུ་སྟེ་སྨྱོ་བའོ། །རྐང་སྦུབས་ནི་རྐང་རུས་ཀྱི་བུ་གའོ། །ཡོངས་

བཀང་སྟེ་ཞེས་པ་ནི་དུར་ཁྲོད་ཀྱི་སོལ་བ་དང་བསྲེས་པས་ནན་ཏན་དུ་དགང་བའོ། །རབ་ཏུ་བཀང་ནས་བྱ་བ་གང་ཡིན་པ་ནི་སྔགས་ཧྲཱིཿཥྚྲྀཿལ་སོགས་པ་གདགས་ཡིག་དང་བཅས་པ་འབུམ་བཟླས་པས་ནི་སྨྱོ་བར་འགྱུར་ཏེ། དཔེར་ན་བ་རུ་རའི་ཤིང་རྩེར་རོ་བཏགས་ཏེ་སྐམ་པ་དང་སྨྱོ་ནས་རྒྱུ་བའི་ཡི་

དགས་དེ་ཉེ་བར་མཚུངས་སོ། །དེ་དག་གི་རྣལ་འབྱོར་པའི་ཡོན་ཏན་ཉེ་བར་སྒྲུབ་པར་བྱེད་དོ། །ལྷ་རྫས་ཀྱི་བུ་མོ་སྡུ་གུ་ཀུན་སྦྱིན་པར་བྱེད་ཅིང་དེ་ལས་གཞན་པའི་དགོས་པ་སྣ་ཚོགས་སྒྲུབ་པར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ནི་བཤད་ཟིན་ཏོ། །

ཤིན་ཏུ་འཇིགས་སུ་རུང་བས་ན་འཇིགས་བྱེད་དོ། །གཤིན་རྗེ་ནི་གདུག་པ་ཅན་ནོ། །དེ་ཉིད་ཚར་གཅོད་པར་བྱེད་པས་གཤེད་དོ། །ཞེས་བྱ་བ་ནི་བཤད་པར་ཟད་དོ། །རིམ་པར་ཕྱེ་བ་ནི་ལས་བརྒྱད་ཀྱི་གོ་རིམས་སོམོ། །དགུ་པ་ནི་བརྒྱད་པས་གཞག་པའོ། །ནག་པོ་ཞབས་ཀྱིས་བཤད་པའི་ལེའུ་དགུ་པ་

རྒྱ་ཆེར་གསལ་བར་བྱས་པའོ།། །།ད་ནི་རྣལ་འབྱོར་པའི་དགོས་པ་ངོ་མཚར་དུ་བསྒྲུབ་པར་བྱ་བའི་ཕྱིར་རོ་ལངས་ཀྱི་སྒྲུབ་ཐབས་མདོར་བསྡུས་ཏེ་གསུངས་པ། རོ་ལངས་ཆེན་པོའི་སྒྲུབ་ཐབས་ནི། །དེ་ནས་ཡང་དག་བཤད་པར་བྱ། །ཞེས་པ་ལ་རོ་ནི་ཤེས་པ་དང་བྲལ་བའོ། །ལངས་ནི་གཞན་

གྱིས་བྱིན་གྱིས་བརླབས་པ་སྟེ་ཤེས་པ་དང་ལྡན་པ་ལྟ་བུའོ། །ཆེན་པོ་ནི་རབ་ཏུ་གྲུབ་ཅིང་འཇིགས་པ་འབྱུང་བའོ། །སྒྲུབ་པའི་ཐབས་ནི་འོག་ནས་འབྱུང་བ་དག་གོ། །དེ་ནས་ནི་ལེའུ་དགུ་པའི་དེ་མ་ཐག་ཏུའོ། །ཡང་དག་ནི་མི་སླུ་བའི་དོན་ཏོ། །གསལ་བར་བྱ་བ་ལ་བཤད་པར་བྱ་ཞེས་སོ། །སྒྲུབ་པ་ནི་ཐམས་

เล่ม ๔๖ · หน้า 218a

ཅད་མཁྱེན་པའི་ཡེ་ཤེས་སོ། །དེའི་གྲོགས་སུ་གྱུར་པས་ན་བཟང་པོའོ། །ཤེས་པའི་མཐུན་རྐྱེན་ཀུན་བྱེད་པ་སྟེ་ཡིད་དང་མཐུན་པའི་དགོས་པ་སྣ་ཚོགས་སྒྲུབ་པའོ། །དེ་ཡང་ཇི་ལྟ་བུ་ལ་བརྟེན་ཏེ་རབ་ཏུ་སྒྲུབ་ཅེ་ན། བཟང་པོ་མ་གོད་རྨ་མེད་པ། །ཤིང་ལ་དཔྱངས་པ་བཀྲོལ་བྱས་ལ། །

ཕབ་ལ་ལེགས་པར་བཀྲུ་བྱས་ཏེ། །དེར་འདུག་སྔགས་བཟླས་བརྟུལ་ཞུགས་ཅན། །ཞེས་པ་ལ། བཟང་པོ་ནི་བྲམ་ཟེ་སྟེ་སྐྱེས་པའི་རོའོ། །མ་གོད་པ་ནི་བྱ་དང་ཅེ་སྤྱང་གིས་ཉམས་པར་མ་བྱས་པའོ། །རྨ་མེད་པ་ནི་ཤཀྟི་ལ་སོགས་པའི་མཚོན་གྱིས་མ་བསྣུན་ཞིང་། འབྲས་དང་ཕོལ་མིག་ལ་སོགས་

པས་རྣགས་ཤིང་རུལ་བར་མ་གྱུར་པའོ། །ཤིང་ལ་དཔྱངས་ནི་སྐྲ་བ་རུ་རའི་ཤིང་ལ་བཅིངས་པའོ། །དེ་བཀྲོལ་བར་བྱས་ནི་ཤིང་གི་སྟེགས་སུ་ཕབ་ལ་དྲི་ཞིམ་པའི་ཆུས་ལེགས་པར་བཀྲུ་བར་བྱའོ། །དེར་འདུག་ཅེས་པ་ནི་རོ་བཀན་ཏེ་མགོ་ལྷོ་ཕྱོགས་སུ་བསྟན་པའི་སྙིང་གར་རོ། །སྔགས་བཟླས་པ་ནི་

ཤིན་ཏུ་དྲག་ཅིང་ཁྲོ་བ་དང་བཅས་པའོ། །བརྟུལ་ཞུགས་ཅན་ནི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ཏེ། ནག་པོ་འཇིགས་སུ་རུང་བའི་གྲི་གུག་དང་ཐོད་པ་ལག་ན་ཐོགས་པ་བཀུག་ཅིང་བཅུག་སྟེ་དེ་ལ་སྤོས་དང་མེ་ཏོག་ལ་སོགས་པས་མཆོད་ཅིང་སོ་རྩི་ལ་སོགས་པ་ཡང་བྱིན་ནས་སོ། །དེའི་སྟེང་ན་

གནས་པའི་ཁྲོ་བོ་སྔགས་ཀྱི་ཆེ་བའི་བདག་ཉིད་གསུངས་པ། ཨེ་མའོ་ངོ་མཚར་སྔགས་ཀྱི་མཐུ། །བསམ་པ་མེད་པའི་འོ་དོད་འབོད། །ཅེས་པ་ལ། ཨེ་མའོ་ནི་ངོ་མཚར་བ་ཉིད་དོ། །ཅིའི་ཕྱིར་ཞེ་ན། སྔགས་དང་ཏིང་ངེ་འཛིན་གྱི་མཐུ་ཉིད་དོ། །བསམ་པ་མེད་པ་ནི་ཤི་བའོ། །རྟགས་ནི་འོ་དོད་

རབ་ཏུ་དྲག་ཅིང་མི་བཟད་པ་འབོད་པ་འབྱུང་ངོ་། །དེ་ཉིད་བར་ཆོད་དུ་གྱུར་པ་ཉེ་བར་ཞི་བར་བྱ་བ་གསུངས་པ་ནི། གཤིན་རྗེའི་རྣལ་འབྱོར་ལྡན་པ་ཡི། །ཡིད་ཀྱིས་ཅུང་ཟད་འཇིགས་མི་བྱ། །ཞེས་པ་ལ་གཤིན་རྗེའི་རྣལ་འབྱོར་ནི་ཞེ་སྡང་རྡོ་རྗེའོ། །དེ་དང་ལྡན་པ་ནི་གཏི་མུག་ལ་སོགས་པའོ། །ཡིད་ཀྱིས་རྣལ་འབྱོར་

རྣམ་པ་བཞི་སྟེ། དེའི་ཁྱད་པར་གྱིས་བྱ་བ་དང་བྱེད་པ་དང་དངང་ཞིང་འཇིགས་སུ་རུང་བ་ཅི་དང་ཅི་བྱུང་ཡང་ཅུང་ཟད་ཅིག་འཇིགས་པར་མི་བྱའོ། །གལ་ཏེ་འཇིགས་པ་སྐྱེས་ན་བཤད་པའི་རྒྱུད་ལས། འཇིགས་དང་དོགས་པའི་ཡིད་ནི་བྱུང་འགྱུར་ན། །བླ་མ་རྗེས་དྲན་དམ་ཚིག་རྗེས་དྲན་ཞིང་། །རང་གི་རྣལ་འབྱོར་

เล่ม ๔๖ · หน้า 218b

ཉིད་ནི་དྲན་བྱས་ལ། །ཤེས་ཤིང་རིག་པ་མི་འཇིགས་སེང་གེ་ལྟའི། །དཔའ་བོ་ཡིད་ཀྱི་རྣལ་འབྱོར་བསྒོམ་པར་བྱ། །འཇིགས་པའི་ཡིད་ཉིད་ཀྱིས་ནི་བར་ཆད་བྱེད། །ཅེས་འབྱུང་བའི་ཕྱིར་རོ། །དེའི་འབྲས་བུ་ཇི་ལྟར་འགྱུར་ཞེ་ན། རྣལ་འབྱོར་ལམ་ནི་གང་འདོད་པ། །དེ་ཀུན་ཐམས་ཅད་སྟེར་བར་བྱེད། །

ཅེས་པ་ལ་རྣལ་འབྱོར་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་སྟེ། དེའི་ལམ་ནི་སེམས་ཀྱི་ནུས་པའོ། །གང་འདོད་པ་ནི་མཁོ་བར་གྱུར་པ་སྟེ་མཁའ་སྤྱོད་དང་། ས་འོག་དང་། བུམ་པ་བཟང་པོ་དང་། རལ་གྲི་དང་། མིག་སྨན་དང་། རྐང་བྱུག་དང་། ལྕགས་ཀྱུ་དང་། ཞགས་པ་དང་།

རྡོ་རྗེ་དང་། གི་ཧང་དང་། དངུལ་ཆུ་དང་། བཅུད་ཀྱིས་ལེན་གང་ཅི་ཡང་རུང་བ་རྣལ་འབྱོར་པས་གསོལ་བ་བཏབ་པས་དེ་ཀུན་ཐམས་ཅད་སྟེར་བར་བྱེད་དེ་ཇི་སྙེད་པ་བླང་བར་བྱའོ། །ད་ནི་མཚན་མ་ཐོབ་པའི་རྣལ་འབྱོར་པས་རིག་པ་བརྟུལ་ཞུགས་ཀྱི་ཕྱིར་བུ་མོ་དགུག་པའི་སྦྱོར་བ་གསུངས་པ། མ་

ཧེ་དང་ནི་ཀུ་བེ་ར། །སྟག་དང་དེ་ལས་གཞན་པ་དང་། །དོམ་དང་སྤྲེའུ་དག་དང་ནི། །ཁྱི་དག་གི་ནི་ཁྱད་པར་དང་། །དུག་དང་སྐེ་ཚེ་ཚྭ་དང་ནི། །དེ་བཞིན་ཚ་གསུམ་སོ་བན་ཛ། །འདི་དག་ལེགས་སྦྱར་གཟུགས་སུ་བྱ། །ཞེས་པ་ལ་མ་ཧེ་ནི་གླང་རྒོད་དོ། །ཀུ་བེ་ར་ནི་ཅེ་སྤྱང་ངོ་། །སྟག་ནི་རི་མོས་

ཁྱད་པར་དུ་བྱས་པའོ། །དེ་ལས་གཞན་པ་གླང་པོ་ཆེ་དང་དྲེད་མོའོ། །དོམ་ནི་མཁྲིས་པས་ཁྱད་པར་དུ་བྱས་པའོ། །སྤྲེའུ་ནི་ནགས་ཀྱི་རོལ་མོའོ། །ཁྱི་ནི་ཁྱིམ་བདག་ཉིད་ཉེ་བར་སྲུང་བའོ། །ཁྱད་པར་ནི་དེ་དག་ཐམས་ཅད་ཀྱི་སྒྲོན་མའོ། །དུག་ནི་མཆེ་བ་གཙིགས་པའོ། །སྐེ་ཚེ་ནི་ལྡུམ་

རའི་སྔོན་པོའོ། །ཚྭ་ནི་ཟས་ཀྱི་རོ་བསྐྱེད་པའོ། །ཚ་བ་གསུམ་ནི་གྷ་དྲའི་ཤིང་དང་། པི་པི་ལིང་དང་། ར་ཏ་ཀའི་འབྲས་བུའོ། །སོ་བན་ཛ་ནི་ཕྱེ་མ་གསུམ་མོ། །ལེགས་པར་སྦྱར་བ་ནི་རྫས་འདི་རྣམས་གཅིག་ཏུ་སྦྱར་བའོ། །གཟུགས་ནི་གཤིན་རྗེ་གཤེད་པོའོ། །བྱ་བ་ནི་ཚུལ་དང་མཐུན་པའོ། །

དེ་དག་ཇི་ལྟར་བརྩམ་ཞེ་ན། གཤིན་རྗེ་གཤེད་པོ་འཇིགས་པའི་གཟུགས། །དེ་ལ་རྣལ་འབྱོར་པས་གསོལ་གདབ། །ཅེས་པ་ལ་གཤིན་རྗེ་ནི་ལས་གྲུབ་པར་བྱེད་པའོ། །གཤེད་པོ་ནི་ལས་ལ་ཐོགས་པ་མེད་པར་འཇུག་པར་བྱེད་པའོ། །འཇིགས་པའི་གཟུགས་ནི་གོང་དང་མཚུངས་པའོ། །དེ་ལ་རྣལ་

เล่ม ๔๖ · หน้า 219a

འབྱོར་པས་ཤ་ལྔ་བདུད་རྩི་ལྔ། འབྲས་ཆན་གྱིས་ཉེ་བར་བྲན་པའི་གཏོར་མའི་སྣོད་ཆེན་པོ་མདུན་དུ་གཞག་སྟེ་བྱིན་གྱིས་བརླབས་ཤིང་མཉེས་པར་དབུལ་བའོ། །གསོལ་བ་གདབ་པ་ནི་ལྷ་ལ་སོགས་པ་རབ་ཏུ་ཞི་བ་པདྨའི་མདངས་དང་ལྡན་པའི་བུ་མོ་ནི། གང་གཱ་ཆུ་ཡི་རྒྱུན་ལྟར་རྒྱུད་

ཞི་བ། །མདངས་ནི་པདྨ་ལྟ་བུར་རབ་ཏུ་མཛེས། །འཁོར་བ་ཉེར་མཐུན་མཛེས་པའི་རོལ་རྩེད་བཅས། །སྣ་ཚོགས་ཡོ་བྱད་ཀུན་གྱིས་ཉེར་བསྟེན་པ། །གསང་ཆེན་ལྷན་ཅིག་སྐྱེས་པ་སྦྱོར་བར་བྱེད། །ལྷ་མོ་ཀླུ་མོ་གནོད་སྦྱིན་དྲི་ཟ་མོ། །མི་ཡི་བུ་མོ་རབ་མཛེས་བཞིན་མདངས་ཅན། །བདག་

གི་དོན་དུ་ཁྱོད་ཀྱིས་དགུག་སྦྱོར་མཛོད། །ཅེས་པ་དག་གིས་སོ། །དེ་དག་གི་འགྲུབ་ཅིང་ཇི་ལྟར་འགྱུར་བ་གསུངས་པ་ནི། ཧྲཱིཿཥྚྲྀཿལ་སོགས་སྔགས་ཀྱིས་ནི། །ཆེ་གེ་མོ་དེ་བདག་ལ་སྩོལ། །དེ་ཡི་ཕ་ཡིས་སྟེར་བར་བྱེད། །ཅེས་པ་ལ་ཧྲཱིཿཥྚྲྀཿནི་བཅུ་བཞི་པ་སྟེ་ལ་སོགས་པའི་སྔགས་ནི། ཨོཾ་བྷི་ཤ་

ཡ་ཀ་ར་པ་ཏྲ་ཤ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བ་འབུམ་ཚོ་གཅིག་སྔོན་དུ་སོང་བས་ནག་པོའི་ཚེས་གཅིག་ནས་ཉེ་བར་བཟུང་སྟེ། བཅུ་བཞི་པའི་དུས་ལ་ཁྲིའི་ཚད་ཀྱིས་ཆེ་གེ་མོ་བདག་ལ་སྩོལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཕ་ནི་གཤིན་རྗེ་གཤེད་དེ་དེའི་ལྟོ་བ་ན་སྲིད་པ་གསུམ་གནས་

སོ། །དེའི་རྗེས་སུ་འགྲོ་བ་དང་ཉེ་བར་ལྡོག་པ་རྣམས་ནི་དེ་དག་ཉིད་བྱེད་པའི་ཕྱིར་སྟེར་བར་བྱེད་པའོ། །གལ་ཏེ་མི་སྟེར་བ་སྲིད་ན་དེ་ཚར་གཅད་པར་བྱ་བའི་ཕྱིར་གསུངས་པ། གལ་ཏེ་རྣལ་འབྱོར་མ་བྱིན་ན། །རྨི་ལམ་གཤིན་རྗེ་གཤེད་བརྡེག་ཅིང་། །ལྷོ་ཡི་ཕྱོགས་སུ་ཁྱེར་བར་བྱེད། །སད་ནས་དེ་

ཡི་ཕ་ཡིས་ཏེ། །ཞེས་པ་ལ་གལ་ཏེ་མ་འགྲུབ་པའམ་རབ་ཏུ་དཀའ་བའོ། །རྣལ་འབྱོར་པ་ནི་བདག་ཉིད་དོ། །མ་བྱིན་པ་ནི་བསྒྲུབ་བྱའི་ལྷ་མོའོ། །དེའི་ཕྱིར་དེས་ཀྱང་དེ་ལ་ཆད་པ་བྱེད་པར་འགྱུར་ཏེ་རྨི་ལམ་དུ་མཆོག་གི་གཤིན་རྗེ་གཤེད་ཀྱིས་བརྡེག་ཅིང་རབ་ཏུ་འཇོམས་པར་བྱེད་དོ། །རླུང་གི་

དཀྱིལ་འཁོར་གྱི་སྟེང་དུ་རབ་ཏུ་བསྒྱིངས་པའི་རྔ་མོ་ལ་བསྐྱོན་ཏེ་ལྷོའི་ཕྱོགས་སུ་ཁྱེར་བར་བྱེད་དོ། །དེ་ནས་གཉིད་སད་ནས་དེའི་ཕས་རིག་པའི་བརྟུལ་ཞུགས་ལ་བརྟེན་པའི་འོས་དང་ལྡན་པའི་རྫས་སྟེར་བར་བྱེད་དོ། །ད་ནི་རྗེས་སུ་དྲན་པའི་བསྒོམ་པའི་རིམ་པ་གསུངས་པ་ནི། ཞལ་གསུམ་

เล่ม ๔๖ · หน้า 219b

ཕྱག་དྲུག་འཇིགས་པ་ལ། །ཨིནྡྲ་ནཱི་ལ་འདྲ་བའི་འོད། །ཐོ་བ་འཛིན་པའི་བརྟུལ་ཞུགས་ཅན། །ཕྱག་ཏུ་ཐོ་བ་དགོད་པར་བྱ། །ཞེས་པ་ལ་ཞལ་གསུམ་ནི་གཡས་དང་གཡོན་དང་དབུས་སོ། །ཕྱག་དྲུག་ནི་གཡས་དང་གཡོན་གྱི་བྱེ་བྲག་གསུམ་མོ། །ཨིནྡྲ་ནཱི་ལ་ནི་སྔོན་པོ་སྟེ་དེ་ལྟ་བུའི་འོད་དང་

མཚུངས་པ་ནི་རྩ་བའི་ཞལ་ལོ། །ཐོ་བ་འཛིན་པ་ནི་རྡོ་རྗེ་ཐོ་བ་སྟེ་སྣ་ཚོགས་རྡོ་རྗེ་རྩེ་མོ་ཉི་ཤུ་པའོ། །བརྟུལ་ཞུགས་ཅན་ནི་སེམས་ཀྱི་འདུ་བྱེད་ཀྱི་ཏིང་ངེ་འཛིན་ཏོ། །ཕྱག་ནི་གཡས་ཀྱི་བར་མ་སྟེ་དེ་ལྟ་བུའི་ཐོ་བ་རྡོ་རྗེ་ནི། ཤར་ཕྱོགས་ཀྱི་སྒོ་སྐྱོང་དུ་ཏིང་ངེ་འཛིན་གྱིས་དགོད་དོ། །ཞལ་གསུམ་ཕྱག་

དྲུག་ཁྲོས་པ་ལ། །མདོག་དཀར་པོ་སྟེ་ཁྲོས་པས་འཇིགས། །འཇིགས་པ་ཡང་ནི་འཇིགས་པར་མཛད། །མཁས་པས་ཕྱག་ཏུ་དབྱིག་པ་དགོད། །ཅེས་པ་ལ་ཞལ་གསུམ་ཕྱག་དྲུག་ནི་སྔར་བཤད་པར་ཟད་དོ། །ཁྲོས་པ་ལ་ཞེས་པ་ནི་སྤྱན་ལ་སོགས་པ་རབ་ཏུ་གདངས་ཤིང་སྨིན་མ་བསྡུས་པའོ། །

མདོག་དཀར་པོ་ནི་ཤེལ་ལྟ་བུ་རབ་ཏུ་འཚེར་བའོ། །ཁྲོས་པས་འཇིགས་པ་ནི་ཕྱག་དྲུག་གི་མཚོན་ཆ་རྣོ་ཞིང་རབ་ཏུ་འབར་བས་ལྷོ་ཕྱོགས་ཀྱི་བདུད་མ་རུངས་པ་ཟད་པར་བྱེད་པའོ། །འཇིགས་པ་ནི་ང་བདག་དང་གནོད་སྦྱིན་རབ་ཏུ་མི་བགྲུངས་པ་དག་གོ། །དེ་ཡང་འཇིགས་པར་བྱེད་པ་ནི་བཅོམ་ལྡན་

འདས་དབྱུག་པ་རྡོ་རྗེའོ། །མཁས་པ་ནི་རྣལ་འབྱོར་པ་བློ་དང་ལྡན་པ་སྟེ་ཕྱག་ཏུ་དབྱུག་པ་དང་ལྡན་པའི་ཏིང་ངེ་འཛིན་གྱིས་ལྷོ་ཕྱོགས་ཀྱི་སྒོ་སྐྱོང་དུ་དགོད་དོ། །ཞལ་གསུམ་ཕྱག་དྲུག་དམར་བ་ལ། །འཇིགས་པ་ཆེན་པོ་སྡིགས་པ་ཡི། །ཕྱག་ན་པདྨ་དམར་པོ་བསྣམས། །པདྨ་ཞེས་བྱ་མཁས་

པས་བསྒོམ། །ཞེས་བྱ་བ་ལ་དམར་བ་ནི་པདྨ་རཱ་གའི་མདོག་ཅན་ཏེ། འཇིགས་པ་ཆེན་པོ་ནི་ལོག་པར་རྟོགས་པ་སྟེ། སྡིགས་པ་ནི་ཚར་གཅོད་ཅིང་དེ་ཁོ་ན་ཉིད་ལ་དགོད་པའོ། །ཕྱག་ན་པདྨ་ནི་འདབ་མ་བརྒྱད་པ་སྟེ་རྣམ་ཐར་དང་ཉེ་བར་མཚུངས་པའོ། །དམར་པོ་བསྣམས་པ་ནི་ཆགས་པའི་རང་བཞིན་

ཏེ་སྙིང་རྗེས་སེམས་ཅན་ཡོངས་སུ་འཛིན་པར་བྱེད་པའོ། །པདྨ་རྡོ་རྗེ་གཤིན་རྗེ་གཤེད། །ཅེས་བྱ་བ་བློ་གྲོས་དང་ལྡན་པའི་རྣལ་འབྱོར་པ་མཁས་པས་ནུབ་ཕྱོགས་ཀྱི་སྒོ་སྐྱོང་དུ་ཏིང་ངེ་འཛིན་གྱིས་དགོད་དོ། །ཞལ་གསུམ་ཕྱག་དྲུག་ལྗང་གུ་སྟེ། །ཕྱག་ན་རལ་གྲི་བསྣམས་པ་ཡིས། །ལས་ཀུན་བྱེད་པར་

เล่ม ๔๖ · หน้า 220a

གྱུར་པ་ཡི། །རལ་གྲི་ཞེས་བྱ་རྣམ་བསྒོམ་བྱ། །ཞེས་པ་ལ་ལྗང་གུ་ནི་མརྒད་སྟེ་སྔོ་ཞིང་རབ་ཏུ་འཁྲུགས་པའོ། །རལ་གྲི་རབ་ཏུ་རྣོ་ཞིང་འབར་ལ་རྒྱས་པའོ། །ལས་ནི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཏེ་ཞི་བ་དང་རྒྱས་པ་ལ་སོགས་པ་ཀུན་བྱེད་པ་པོར་གྱུར་པ་ནི་རལ་གྲི་རྡོ་རྗེ་

གཤིན་རྗེ་གཤེད་ཅེས་བྱ་སྟེ་བྱང་ཕྱོགས་ཀྱི་སྒོ་སྐྱོང་དུ་ཏིང་ངེ་འཛིན་གྱིས་དགོད་དོ། །མངོན་པར་རྟོགས་པའི་རིམ་པ་ཕྱེ་བའི་ཞེ་སྡང་གཤིན་རྗེ་གཤེད་ལ་སོགས་པའི་ཕྱག་དང་ཞལ་དང་མདོག་ནི་བསྟན་ཟིན་པ་དང་སྦྱར་བར་བྱའོ། །རིམ་པར་ཕྱེ་བ་དང་པོར་གསུངས་པའི་དཀྱིལ་འཁོར་གྱི་བདག་པོ་

བསྒོམ་པར་བྱ་བ་དེ་ལྟ་བུ་ཉིད་དུ་བསྒྲུབ་པའི་ཕྱིར་མཁའི་དཀྱིལ་འཁོར་བརྩམ་པར་གསུངས་པ་ནི། །བྷ་གར་ལིངྒ་རྣམ་བསྒོམ་བྱ། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ། །ཞེས་པ་ལ་བྷ་ག་ནི་རྡོ་རྗེ་ཕག་མོའི་བྷ་ག་སྟེ་དེ་ཁོ་ན་ཉིད་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་བཤད་ཟིན་ཏོ། །དེ་ཡང་རང་ཉིད་དང་

མཚུངས་པའོ། །ལིངྒ་ནི་རང་གི་གསང་བའི་རྡོ་རྗེའོ། །རྣམ་པ་ནི་ལྷའི་འཁོར་ལོ་སྟེ་དེ་དག་ཞུ་བའི་ཐིག་ལེ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལམ་ནས་བྷ་ག་ལ་འཕྲོ་བ་བསྒོམ་པར་བྱའོ། །དཀྱིལ་འཁོར་གྱི་བདག་པོ་ནི་གཙོ་བོ་སྟེ་ཞེ་སྡང་རྡོ་རྗེ་རྣམ་པར་བསྒོམ་པའི་དོན་ནི་འདི་ཡིན་ཏེ། རང་དང་རབ་ཏུ་མཚུངས་

པ་དང་། །ཡན་ལག་འཁྱུད་ཅིང་བདེ་བའི་གར། །རྡོ་རྗེ་པདྨ་མཉམ་སྦྱར་བས། །བཅོམ་ལྡན་བྷ་གའི་གནས་ན་བཞུགས། །ཞེས་བྱ་བའི་དོན་ཏོ། །འདི་ནི་ཤིན་ཏུ་རྣལ་འབྱོར་གྱི་སྐབས་སུ་དྲོད་གཤེར་ལས་སྐྱེ་བ་དང་། སྒོ་ང་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་ཡིན་གྱི། བཅོམ་ལྡན་འདས་སྙོམས་

པར་ཞུགས་པ་ནི་མ་ཡིན་ནོ། །ཞེས་གང་ལ་ལ་དག་གི་འདོད་པ་བསལ་བ་ཡིན་ནོ། །ད་ནི་ཡུམ་གྱི་པདྨའི་དཀྱིལ་འཁོར་དུ་གསང་བའི་དཀྱིལ་འཁོར་གོ་རིམས་ཀྱིས་རྗེས་སུ་དྲན་པར་བྱ་བ་གསུངས་པ། ཞེ་སྡང་རྗེས་དྲན་རྣལ་འབྱོར་གྱིས། །གཏི་མུག་རྗེས་དྲན་བསྒོམ་པར་བྱ། །གཏི་མུག་

རྗེས་དྲན་ལ་དམིགས་ནས། །ཕྲ་མ་རྗེས་དྲན་བསྒོམ་པར་བྱ། །ཕྲ་མ་རྗེས་དྲན་རྣལ་འབྱོར་གྱིས། །འདོད་ཆགས་རྗེས་དྲན་བསྒོམ་པར་བྱ། །འདོད་ཆགས་རྗེས་དྲན་རྣལ་འབྱོར་གྱིས། །ཕྲག་དོག་དྲན་བྱ་བརྟུལ་ཞུགས་ཅན། །ཞེས་བྱ་བའི་དོན་ནི་གཙོ་བོ་ནས་གོ་རིམས་ཀྱིས་དྲན་པར་བྱ་སྟེ། འདིར་

เล่ม ๔๖ · หน้า 220b

ཡང་། ཇི་ལྟར་སྐྱེས་དང་ལམ་རིམ་དང་། །འཇིགས་པའི་ཕྱོགས་དང་ཏིང་འཛིན་གྱིས། །ཞེས་པ་དང་སྦྱར་བར་བྱ་སྟེ། དང་པོ་ཇི་ལྟར་སྐྱེས་པ་ནི་སུམ་ཅུ་རྩ་གཉིས་པའི་མཆོག་ཏུ་གྱུར་པའི་ཕྱིར་དང་རྗེས་སུ་མཐུན་པའི་འཁོར་ལོ་ལ་ཡ་ཀྵེ་མ་མེ་དྷ་གོ་རིམས་སུ་བསྐྱེད་པའི་ཕྱིར་རོ། །གཞན་དག་ནི་དེ་དང་

མཚུངས་པར་སྦྱར་རོ། །གཞན་ཡང་གཙོ་བོ་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་སྟེ་ཆོས་ཀྱི་སྐུའོ། །དེ་ལ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་འབྱུང་བས་ན་གཏི་མུག་ལ་སོགས་པའི་གོ་རིམས་འདི་ཉིད་རིགས་སོ། །ལམ་གྱི་རིམ་པ་དང་སྦྱར་བ་ནི་སྙིང་པོའི་རྒྱུད་འདི་ཉིད་ཞེ་སྡང་ལམ་དུ་བྱེད་

པའི་ཕྱིར་ཞེ་སྡང་སྔོན་དུ་འགྲོ་བར་རིགས་སོ། །དེའི་རྟགས་བཅོམ་ལྡན་འདས་ཀྱི་སྐུ་མདོག་མི་འགྱུར་བའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་གཏི་མུག་ལ་སོགས་པ་བཞི་ནི་ཉོན་མོངས་པ་རགས་པའི་རིམ་པས་གཞག་པ་ཡིན་ལ་དེ་ཉིད་རྣམ་པར་དག་པ་ནི་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པ་

བཞི་སྟེ། དང་པོ་སྣ་ཚོགས་ལྷའི་འཁོར་ལོ་གསལ་བར་བསྒོམ་པ་དང་། དེ་དག་ཐམས་ཅད་རང་བཞིན་གྱིས་ཆོས་གཅིག་ཏུ་མཉམ་པ་དང་། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་རིགས་ལྔར་འབྱུང་བ་དང་། སྣ་ཚོགས་པའི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་དུ་འཇུག་པའི་ཕྱིར་

གོ་རིམས་འདི་ཉིད་རིགས་སོ། །འཇུག་པ་ནི་གང་དག་གཙོ་བོ་ལ་དམིགས་པ་སྟེ་དེ་ཡང་ཤར་ནས་བརྩམས་ནས་ཉེ་བར་འཇུག་པའི་ཕྱིར་རོ། །གོང་དུ་བསྟན་པ་ནི་ལས་ཀྱི་འཁོར་ལོའི་དུས་སུ་འཇུག་པ་དང་དབང་བསྐུར་བ་དེ་ལྟར་བྱ་བའི་ཐ་ཚིག་གོ། །ཏིང་ངེ་འཛིན་ནི་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ་

ལས། རྒྱལ་པོས་ཁྲི་བཟུང་འཁོར་གྱི་འཚོ་བ་རྙེད། །རྣམ་པར་ཤེས་པ་ཕུང་པོ་ལྔ་ཡི་གཙོ། །སྦྱོར་བ་དང་པོས་གཙོ་བོ་གསལ་བྱས་ཏེ། །མི་བསྐྱོད་པ་ཡི་རྣལ་འབྱོར་དག་པ་ཡིས། །རྡོ་རྗེ་སེམས་དཔའ་ལ་སོགས་གོ་རིམས་བསྒོམ། །ཞེས་བྱ་བ་དང་འབྲེལ་ཏོ། །གཞན་ཡང་ཕྱོགས་

དེ་ཉིད་གསལ་བར་བྱ་བའི་ཕྱིར་མངོན་པར་རྟོགས་པ་རིམ་པར་ཕྱེ་བ་ལས། ཟླ་བ་རྡོ་རྗེ་སྦྱོར་བ་ཡིས། །གཤིན་རྗེ་འཇོམས་པ་བསྒོམ་པར་བྱ། །ཞེས་བྱ་བའི་ཕྱིར་ཞེ་སྡང་རྡོ་རྗེ་སྔོན་དུ་དྲན་པར་རིགས་སོ། །གལ་ཏེ་བྱང་ནས་ཉེ་བར་བརྩམ་པར་བྱ་བ་ནི་མཆོག་སྟེ། བདེ་མཆོག་འཁོར་ལོ་

เล่ม ๔๖ · หน้า 221a

ལས་རྙེད་པའི་ཆོ་ག་བཞིན་ནོ་ཞེ་ན། བདེན་ཏེ་དེ་དག་ནི་ཤེས་རབ་ཀྱི་རྒྱུད་དང་དེ་ཉིད་སྒྲུབ་པར་བྱེད་པའི་ཆོ་ག་སྟེ། དགྱེས་པ་རྡོ་རྗེའི་རྒྱུད་ལས། ལ་ལ་ཐབས་ཀྱི་རང་བཞིན་ཏེ། །ར་ས་ཤེས་རབ་རྣམ་པར་སྨིན། །ཨ་བ་དྷཱུ་ཏཱི་རྟོག་མེད་མྱོང་། །ཞེས་པའི་ཕྱིར་ཤེས་རབ་ཀྱི་རྒྱུད་ནི་གཡོན་

ནས་བརྩམ་པར་རིགས་སོ། །འདི་དག་ནི་དཔལ་གསང་བ་འདུས་པ་དང་རྗེས་སུ་མཚུངས་པ་སྟེ་ཐབས་དང་མཚུངས་པ་ཉིད་ཀྱི་ཕྱིར་ཤར་ནས་གཡས་ཕྱོགས་སུ་གོ་རིམས་ཉིད་ཀྱིས་དྲན་པར་བྱའོ། །ཚིག་གི་དོན་ནི་ལེའུ་དང་པོ་ལས་ཤེས་པར་བྱའོ། །བརྟུལ་ཞུགས་ཅན་ཞེས་བྱ་བ་ནི་ཏིང་ངེ་འཛིན་རྣམ་

པར་གནོན་པའི་ཚུལ་དུ་ཆོ་ག་མཉམ་པ་ཉིད་ལེགས་པར་སྦྱངས་པའོ། །ད་ནི་གསང་བའི་དཀྱིལ་འཁོར་སྤྲོ་བར་བྱ་བ་གསུངས་པ། སོ་སོ་རིགས་ཀྱི་སྤྲིན་རྣམས་ནི། །བ་སྤུའི་ཁུང་ནས་སྤྲོ་བར་བྱ། །ཞེས་པ་ལ་སོ་སོ་རིགས་ནི་ཞེ་སྡང་ལ་སོགས་པ་རྣམ་པར་དག་པས་རྡོ་རྗེའི་རིགས་ལ་སོགས་པ་ལྔ་དང་

སྐུ་ལ་སོགས་པ་གསུམ་མོ། །ཀྱི་ནི་རྗེས་སུ་མཐུན་པའོ། །སྤྲིན་ནི་སྤྲིན་དང་མཚུངས་པ་སྟེ་ཕལ་ཆེ་བའོ། །རྣམས་ནི་རིགས་ཀྱི་སྤྲུལ་པའོ་རང་ལས་བྱུང་བའི་གཟུགས་དེ་ཉིད་ཀྱི་བ་སྤུའི་བུ་གའི་ཁུང་ལས་སྤྲོས་པའི་གཟུགས་ཀྱིས་རང་དང་མཚུངས་པའི་དོན་བྱས་ཤིང་སོ་སོའི་ཁྱད་པར་གྱིས་རྟེན་ལ་དགོད་

དོ། །གཏི་མུག་རྡོ་རྗེ་སྔོན་དུ་གསལ་བར་བྱས་པའི་དཀྱིལ་འཁོར་བའི་གདན་གསུངས་པ། ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །གཏུམ་པོའི་ཁྲོ་བོ་བསྒོམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ལྷ་མོ་བཞི་པོ་རབ་བསྒོམ་བྱ། །ཞེས་པ་ལ་ཉི་མ་ནི་བྱང་ཆུབ་ཀྱི་སེམས་རྒྱས་པ་ཉིད་ཀྱིས་

སོ། །དེ་ལས་གཞན་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དང་། ཞི་བའི་ཕྲིན་ལས་དང་རྗེས་སུ་མཐུན་པ་ཉིད་དང་། དབང་བསྐུར་བ་ལ་སོགས་པའི་སྔོན་དུ་སེམས་བསྐྱེད་པ་ཉིད་འགྲོ་བས་སོ། །ཟླ་བའི་དཀྱིལ་འཁོར་བཞི་ནི་བྱམས་པ་ལ་སོགས་པ་ཞེ་སྡང་དང་ཕྲག་དོག་དང་སེར་སྣ་དང་

མངོན་དུ་རྒྱུ་ངན་པ་ཐ་དད་པའི་བག་ཆགས་ཀྱི་དྲི་མཚངས་པའི་ཕྱིར་དང་། རིག་པ་ལ་བརྟེན་ཏེ་བྱང་ཆུབ་སེམས་ཀྱི་མྱུ་གུ་ཉེ་བར་འཕེལ་བར་བྱེད་པ་ཉིད་ཀྱི་ཕྱིར་དང་ཤེས་རབ་ཉེ་བར་འཛིན་པའི་ཕྱིར་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པའི་རྣམ་པར་འཕྲུལ་པའི་ཕྱིར་འདི་ཉིད་རིགས་སོ། །དེ་བཞིན་

เล่ม ๔๖ · หน้า 221b

གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་བཤད་ཟིན་ཏོ། །རྗེས་སུ་དྲན་པ་ནི་གོ་རིམས་ཀྱིས་གསལ་བར་བྱས་པའོ། །བསྒོམ་པའི་མཚན་ཉིད་ནི་རྒྱུ་མཚན་གྱིས་རྣམ་པར་ཕྱེ་བ་སྟེ་སྐྱོན་དང་བྲལ་བའོ། །བཅུ་པ་ནི་དགུ་པས་གཞག་པའོ། །ནག་པོ་ཞབས་ཀྱིས་

བཤད་པའི་ལེའུ་བཅུ་པ་གསལ་བར་བྱས་པའོ།། །།དེ་ལྟར་བསྒོམ་པའི་རིམ་པས་བསྐྱེད་བའི་རིམ་པ་བསྟན་པ་དང་། མཐར་ཕྱིན་པར་བྱས་ནས་མཚན་མ་འབྱུང་བར་འགྱུར་ཏེ། དེ་དག་ཀྱང་གང་ཞེ་ན། ལྷའི་ཞལ་མཐོང་བ་དང་། ཆོས་དང་ལུང་སྟོན་པ་དང་རང་གི་སེམས་དག་པ་དང་། བུམ་

པ་ནམ་མཁའ་ལ་འཇོག་ནུས་པ་དང་། དཀྱིལ་འཁོར་བསླངས་པ་དང་། ཡེ་ཤེས་ཕེབས་པ་དང་། རྐྱེན་དུ་མ་ཞི་བ་ལ་སོགས་པའི་མཚན་མ་ཐོབ་པས་རྣལ་འབྱོར་ཆེན་པོ་བསྒྲུབ་པའི་ཕྱིར་རིགས་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བརྩམ་པར་བྱ་སྟེ། དེ་ཡང་ཐེག་པ་ཆེན་པོའི་དགེ་བའི་རྩ་བ་ཐམས་ཅད་ནི་

སེམས་ཅན་རྗེས་སུ་བརྩེ་བའི་ཕྱིར་བྱེད་པ་སྟེ་དེའི་ཕྱིར། སྙིང་རྗེ་ཆེན་པོས་དམིགས་བྱས་ནས། །སེམས་ཅན་དོན་དུ་རྗེས་སུ་བརྩེ། །བསོད་ནམས་ཡོངས་སུ་རྫོགས་པར་བྱ། །དམ་པའི་ཡོན་ཏན་འདི་རྙེད་འགྱུར། །ཞེས་པའི་ཕྱིར་འདི་ཡང་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དག་གིས་སྤྱོད་པའི་རིམ་

པར་ཕྱེ་བར་གསུངས་པ། ཞེ་སྡང་གིས་མནན་འགྲོ་མཐོང་ནས། །ཞེ་སྡང་གཤིན་རྗེ་གཤེད་གཟུགས་སུ། །བཅོམ་ལྡན་ཐུགས་རྗེའི་དབང་གིས་མཛད། །ཅེས་པ་ལ་ཞེ་སྡང་ནི་སེམས་ཅན་ཕན་ཚུན་མི་དགའ་བའོ། །དེ་དག་གིས་དགྲར་གྱུར་ཅིང་མནར་སེམས་རྣམ་པ་དགུ་སྐྱེད་པར་བྱེད་དོ། །དེས་

མནན་པ་ནི་སེམས་ལ་ཤིན་ཏུ་ཁྱབ་པའོ། །འགྲོ་བ་སྣ་ཚོགས་པ་སྟེ་ཕལ་ཆེར་རིགས་དྲུག་གོ། །དེ་ལྟ་བུ་ཤིན་ཏུ་སྡུག་བསྔལ་གྱིས་གདུངས་པ་མཐོང་ནས་བདེ་བ་དང་སྟོང་པ་གཉིས་སུ་མེད་པའི་ཡེ་ཤེས་ལ་སེམས་ཅན་དེ་དག་གཞུག་པར་བྱ་བའི་དོན་དུ་ཞེ་སྡང་གཤིན་རྗེ་གཤེད་ཀྱི་གཟུགས་སུ་

མཛད་དོ། །དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཞེ་སྡང་རྒྱུན་ཆགས་པར་གཟིགས་ཏེ་དེ་དག་ཐམས་ཅད་ཚར་བཅད་ནས་ཐུགས་རྗེའི་དབང་གིས་ཞེ་སྡང་ཐམས་ཅད་ཟད་པར་བྱེད་པའོ། །གལ་ཏེ་གཉིས་སུ་མེད་པ་ལས་ཞེ་སྡང་རྡོ་རྗེ་ལ་སོགས་པ་འབྱུང་

เล่ม ๔๖ · หน้า 222a

བར་མི་རིགས་ཏེ། སྤྲོས་བྲལ་དང་སྤྲོས་བཅས་ཤུགས་ཀྱིས་འགལ་ལོ་ཞེ་ན་མ་ཡིན་ཏེ། བཅོམ་ལྡན་འདས་འགྲོ་བའི་སྣང་བ་ལས་འབྱུང་བ་ནི་སྙིང་རྗེ་ཆེན་པོ་དང་རེ་བ་མེད་པའི་སྨོན་ལམ་གྱི་དབང་གིས་མཛད་པའོ། །གཏི་མུག་གིས་མནན་འགྲོ་མཐོང་ནས། །གཏི་མུག་གཤིན་རྗེ་

གཤེད་གཟུགས་སུ། །བཅོམ་ལྡན་སྙིང་རྗེ་ཅན་མཛད་ནས། །གཏི་མུག་ཐམས་ཅད་ཟད་པར་མཛད། །ཅེས་པ་ལ་གཏི་མུག་པ་ནི་མ་རིག་པ་སྟེ། ཐ་དད་ཀྱི་བག་ཆགས་སྐྱེད་པའི་རླུང་འབྱུང་བའི་གནས་སོ། །དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཁྱབ་པར་མནན་པའི་འགྲོ་བ་རྣམས་མཐོང་ནས་གཏི་

མུག་གཤིན་རྗེ་གཤེད་ཀྱི་གཟུགས་སུ་མངོན་པར་མཛད་དེ། དེ་དག་གི་མཐུས་གཏི་མུག་ཐམས་ཅད་དབྱེར་མི་ཕྱེད་པའི་ཡེ་ཤེས་གཏི་མུག་ཆེན་པོ་ཉིད་ཀྱིས་ཟད་པར་མཛད་དོ། །དེ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་སྙིང་རྗེ་ཅན་ནི་སྨོན་ལམ་སྟེ་དེ་དག་གིས་མཛད་ནས་སོ། །འགྲོ་བ་ཕྲ་མས་མནན་མཐོང་

ནས། །ཕྲ་མ་གཤིན་རྗེ་གཤེད་གཟུགས་སུ། །བཅོམ་ལྡན་སྙིང་རྗེ་ཅན་གྱིས་མཛད། །ཕྲ་མ་ཐམས་ཅད་ཟད་པར་མཛད། །ཅེས་པ་ལ་འགྲོ་བ་ནི་སེམས་ཅན་ཐམས་ཅད་དོ། །ཕྲ་མ་ནི་འདུམ་པ་མེད་པའོ། །དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཁྱབ་པར་མནན་པར་མཐོང་ནས་ཕྲ་མ་

གཤིན་རྗེ་གཤེད་ཀྱི་གཟུགས་ཀྱིས་ཕྲ་མ་ཐམས་ཅད་ཟད་པར་མཛད་དོ། །བཅོམ་ལྡན་འདས་དེ་དག་ཀྱང་སྙིང་རྗེ་དང་ནི་སྨོན་ལམ་སྟེ། དེ་ཉིད་ཀྱི་རྒྱུན་གྱིས་སེམས་ཅན་གྱི་དོན་མཛད་དོ། །འདོད་ཆགས་ཀྱིས་མནན་འགྲོ་མཐོང་ནས། །འདོད་ཆགས་གཤིན་རྗེ་གཤེད་གཟུགས་སུ། །བཅོམ་ལྡན་

སྙིང་རྗེ་ཅན་མཛད་ནས། །འདོད་ཆགས་ཐམས་ཅད་ཟད་པར་མཛད། །ཅེས་པ་ལ་འདོད་ཆགས་ནི་ཡུལ་ལ་རབ་ཏུ་ཞེན་པའོ། །མངོན་དུ་རྒྱུ་བག་ཆགས་དང་བཅས་པའོ། །དེ་དག་གིས་སེམས་ཁྱབ་པར་གནས་པའི་འགྲོ་བ་རྣམས་མཐོང་ནས་འདོད་ཆགས་གཤིན་རྗེ་གཤེད་ཀྱི་གཟུགས་སུ་སྤྲུལ་ཏེ་

སྤྱོད་པ་མཛད་པས་དེ་དག་གི་མཐུས་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ཟད་པར་མཛད་དོ། །བཅོམ་ལྡན་འདས་ཀྱི་གཟུགས་དེ་དག་ཀྱང་སྙིང་རྗེ་དང་སྨོན་ལམ་སྟེ། དེ་དག་གི་དབང་གིས་མཛད་ནས་སོ། །ཕྲག་དོག་གིས་མནན་འགྲོ་མཐོང་ནས། །ཕྲག་དོག་གཤིན་རྗེ་གཤེད་གཟུགས་སུ། །

เล่ม ๔๖ · หน้า 222b

བཅོམ་ལྡན་སྙིང་རྗེ་ཅན་མཛད་ནས། །ཕྲག་དོག་ཐམས་ཅད་ཟད་པར་མཛད། །ཅེས་པ་ལ་ཕྲག་དོག་ནི་གཞན་གྱི་ཡོན་ཏན་ལ་ཡིད་འཁྲུགས་པའོ། །དེ་དག་གིས་སེམས་ཅན་གྱི་ཡིད་ཁྱབ་པར་མནན་པའི་འགྲོ་བ་རྣམས་མཐོང་ནས། རྣལ་འབྱོར་པས་ཕྲག་དོག་གཤིན་རྗེ་གཤེད་ཀྱི་གཟུགས་སུ་སྤྲུལ་ཏེ་

དེའི་མཐུས་སེམས་ཅན་གྱི་ཕྲག་དོག་ཐམས་ཅད་ཟད་པར་བྱས་སོ། །བཅོམ་ལྡན་འདས་དེ་ཉིད་ཀྱང་སྙིང་རྗེ་ཆེན་པོ་ཅན་གྱི་རེ་བ་མེད་པའི་སྨོན་ལམ་སྟེ་དེ་དག་གི་དབང་གིས་མཛད་ནས་སོ། །གལ་ཏེ་ལམ་དང་འབྲས་བུའི་དུས་བརྟག་པར་བྱ་སྟེ་སྤྱོད་པ་ལ་དོགས་པ་མེད་པའམ་ལམ་གྱི་དུས་སུ་སྤྲུལ་མི་ནུས་

སོ་ཞེ་ན་བདེན་ཏེ། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་བྱུང་བ་ནི་འབྲས་བུའི་དུས་ཡིན་ལ། མཉམ་གཞག་ལས་རྗེས་ཐོབ་ཏུ་སྤྲུལ་པ་ནི་ལམ་གྱི་དུས་སུའོ། །གལ་ཏེ་ལམ་གྱི་དུས་སུ་རིགས་པ་མ་ཡིན་པ་ནི་བློན་པོས་རྒྱལ་པོ་བྱས་པ་བཞིན་ནོ་ཞེ་ན། མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་དག་གི་འབྲས་བུའི་

གནས་ཐབས་གསང་སྔགས་ཀྱི་ལམ་དུ་བྱེད་པ་སྟེ་དེའི་ཕྱིར་དེ་ཉིད་དུ་རིགས་སོ། །དེ་ཡང་བཤད་པའི་རྒྱུད་ལས། །དེ་ཡི་རང་བཞིན་དེ་ཡིན་ཕྱིར། །དེ་ཡི་ནུས་པ་དེ་ལ་གནས། །དེ་ཕྱིར་དེ་ཡི་ང་རྒྱལ་ནི། །ལམ་ཉིད་ལས་ནི་བསྒོམ་པར་བྱ། །ཞེས་གསུངས་པའི་ཕྱིར་དང་། ཡང་དེ་ཉིད་ལས། ཐབས་

ཆེན་རྣམས་དང་ལྡན་པ་ལས། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །སྔགས་ཀྱིས་གསད་པའི་དུག་བཞིན་དུ། །འཁོར་བ་ཞི་བའི་བདག་ཉིད་དོ། །ཞེས་བྱ་བའི་ཕྱིར་རོ། །གལ་ཏེ་རྣལ་འབྱོར་པ་གང་ལ་བབ་པའི་ལྷ་ཉིད་ཀྱི་སྤྱོད་པ་ནི་རིགས་ཏེ་གཞན་དང་གཞན་གྱི་ང་རྒྱལ་ནི་མི་རིགས་སོ་ཞེ་ན།

འདི་དག་ནི་སེམས་ཀྱི་ཁྱད་པར་ལ་རག་ལས་པ་སྟེ་གསང་བའི་སྤྱོད་པའི་དུས་སུ་རིགས་ཀྱི་ང་རྒྱལ་གྱི་སྤྱོད་པ་བྱ་ཞིང་རིག་པ་བརྟུལ་ཞུགས་ཀྱི་ངོ་བོ་སྤྱོད་པའི་དུས་སུ་གདུལ་བྱ་ནི་ཡུལ་ལ་ཤིས་པའི་སྤྱོད་པ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གསང་སྤྱོད་ནི་བདག་ཉིད་བྱིན་གྱིས་བརླབ་པའི་ཆེད་དུ་བྱེད་པ་ཡིན་

ཞིང་། །རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ནི་གཞན་གྱི་དོན་དུ་སྤྱོད་པ་སྣ་ཚོགས་པ་ཡེ་ཤེས་ཀྱི་ངོ་བོར་ལོངས་སྤྱོད་པ་སྟེ་དུ་མ་དུ་མའི་ཁྱད་པར་ཡེ་ཤེས་ཀྱི་ངོ་བོར་རྟོགས་པའོ། །གཞན་ཡང་རྣལ་འབྱོར་པ་རྣམས་ཀྱིས་རྣམ་པར་དག་པའི་ངོ་བོར་གསུངས་པ་ནི། བྱམས་པ་ཙརྩི་ཀར་གསུངས་ཏེ། །སྙིང་

เล่ม ๔๖ · หน้า 223a

རྗེ་དེ་བཞིན་ཕག་མོའོ། །དབྱངས་ཅན་མ་ནི་དགའ་བ་སྟེ། །བཏང་སྙོམས་གཽ་རཱིའི་གཟུགས་སུའོ། །ཞེས་པ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། བདེ་བ་བསྒྲུབ་པ་ནི་བྱམས་པ་སྟེ་ཙརྩི་ཀ་ནི་རྡོ་རྗེ་སེམས་མའོ། །གདུལ་བྱ་ཞེ་སྡང་གིས་མནན་པ་དག་ལ་གཙོ་བོ་དང་མཐུན་པར་

རྗེས་སུ་སྦྱོར་རོ། །སྙིང་རྗེ་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་བྲལ་བར་འདོད་པའོ། །དེའི་རང་བཞིན་ནི་རྡོ་རྗེ་ཕག་མོ་སྟེ་ཞེ་སྡང་རྡོ་རྗེ་དང་མཚུངས་པར་སྦྱར་རོ། །དགའ་བའི་སེམས་ཅན་རྣམས་ཀྱི་སེམས་ངོ་བོ་མེད་པར་རྟོགས་ནས་སྐད་ཅིག་མ་དེ་ཉིད་ལ་ནུས་པ་མ་

ལུས་པར་རྟོགས་པ་ལ་དགའ་བའི་སེམས་སོ། །དེའི་རང་བཞིན་ནི་རྡོ་རྗེ་དབྱངས་ཅན་མ་སྟེ། འདོད་ཆགས་རྡོ་རྗེ་དང་མཚུངས་པར་སྦྱོར་རོ། །བཏང་སྙོམས་ནི་བདེ་བ་དང་སྡུག་བསྔལ་དང་། རྙེད་པ་དང་མ་རྙེད་པ་དང་། གྲགས་པ་དང་མ་གྲགས་པ་དང་། སྨད་པ་དང་བསྟོད་པའི་འཇིག་རྟེན་གྱི་ཆོས་བརྒྱད་ལ་

སེམས་མཉམ་པ་ཉིད་དོ། །དེའི་རང་བཞིན་ནི་རྡོ་རྗེ་གཽ་རཱིའི་གཟུགས་ཏེ་ཕྲག་དོག་རྡོ་རྗེ་དང་གཉིས་སུ་མེད་པར་མཚུངས་པར་སྦྱར་རོ། །མངོན་པར་རྟོགས་པའི་སྐབས་སུ་ཤིན་ཏུ་རྣལ་འབྱོར་གྱི་ལྷ་ཚོགས་སྐྱེད་པར་བྱེད་པའི་རྒྱུ་ནི་གང་ཞེ་ན་གསུངས་པ། བདག་ཉིད་དངོས་པོ་ཐམས་ཅད་ཀྱིས། །རྫོགས་

པར་བྱས་ནས་དཀྱིལ་འཁོར་བྲི། །རྣལ་འབྱོར་སྙིང་གའི་ས་བོན་སྤྲོ། །འགྲུབ་པར་འདི་ལ་ཐེ་ཚོམ་མེད། །ཅེས་པ་ལ་བདག་ཉིད་ནི་དཀྱིལ་འཁོར་གྱི་བདག་པོ་སྟེ། དངོས་པོ་ནི་ཆོ་གའི་ཡན་ལག་གོ། །ཐམས་ཅད་ཀྱིས་ཞེས་བྱ་བ་ནི་དང་པོའི་རྣལ་འབྱོར་དང་རྗེས་ཀྱི་རྣལ་འབྱོར་རོ། །དེ་ཉིད་

ཀྱིས་བདག་ཉིད་རྫོགས་པར་བྱས་ནས་དཀྱིལ་འཁོར་ནི་བསྐྱེད་པར་བྱ་བ་ལའོ། །རྣལ་འབྱོར་སྙིང་གའི་ས་བོན་ནི་ཡི་གེ་ཡ་སྟེ། དེ་ལས་འཕྲོས་པའི་འོད་ལས་སྣ་ཚོགས་པའོ། །དེའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་ཁར་ཞུགས་པས་སྙིང་གའི་ས་བོན་ལ་ཞུ་བར་གྱུར་ཏེ།

དེའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྡོ་རྗེའི་ལམ་ནས་པདྨའི་ལྟེ་བ་ལ་སྤྲོས་པ་ལས་བསྐྱེད་པར་བྱའོ། །གོང་གི་མཚན་མ་ཐོབ་པའི་སྤྱོད་པ་དེ་དག་ནི་ཆོས་ཐམས་ཅད་རང་དབང་དུ་གྱུར་པས་ཡེ་ཤེས་ཅུང་ཞིག་ལ་དབང་ཐོབ་པའི་རྣལ་འབྱོར་པ་སྟེ། ཡང་དག་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་

เล่ม ๔๖ · หน้า 223b

གྲུབ་བསྒྲུབ་པའི་ཕྱིར་རིག་པ་བརྟུལ་ཞུགས་ཆེན་པོའི་སྤྱོད་པ་བརྩམ་པར་བྱ་སྟེ། དེ་ནས་ད་ནི་བཤད་བྱ་བ། །སྤྱོད་པ་ཡི་ནི་མཚན་ཉིད་མཆོག །གཤིན་རྗེ་གཤེད་པོ་འཇིགས་གཟུགས་ཀྱི། །སྐུ་དང་གསུང་དང་ཐུགས་སུ་འགྲུབ། །ཅེས་བྱ་བ་ལ་སྤྱོད་པ་ནི་ཆེད་དུ་བྱ་བའི་ངོ་བོ་ཉིད་དོ། །མཚན་ཉིད་

ནི་ཅི་ཞེ་ན། མཆོག་སྟེ་བདག་དང་གཞན་གྱི་དོན་ངེས་པར་བསྒྲུབ་པའི་ཕྱིར་རོ། །དེ་ཡང་གང་གིས་བྱ་བ་ཡིན་ཞེ་ན། གཤིན་རྗེ་གཤེད་ནག་འཇིགས་པ་ལ། །གཟུགས་ཀྱིས་བྱ་སྟེ་ཉོན་མོངས་པ་ཐམས་ཅད་འཇིགས་པར་མཛད་པས་ན་འཇིགས་གཟུགས་ཀྱིས་སོ། །དགོས་པ་གང་གི་དོན་དུ་

སྤྱོད་པ་བྱེད་ཅེ་ན་དངོས་གྲུབ་སྒྲུབ་པའི་དོན་དུ་སྟེ་དྲག་པོ་དང་ཞི་བ་ལ་སོགས་པའི་རྣམ་པ་སྐུའི་སྦྱོར་བ་ཉིད་ནི་སྤྲུལ་པའི་སྐུའི་གཟུགས་སོ། །གདུལ་བྱ་ཇི་ལྟར་འདོད་པ་བཞིན་དུ་ཁ་སྦྱོར་ལ་སོགས་པ་ལོངས་སྤྱོད་རྫོགས་པའི་སྐུས་ཆོས་སྟོན་པ་ནི་གསུང་ངོ་། །སྤྲོས་པ་དང་བྲལ་བ་ནི་ངོ་བོ་བདེ་སྟོང་དབྱེར་མི་ཕྱེད་པར་

རྟོག་པ་མ་ལུས་པ་ནུབ་པར་གྱུར་པ་རང་བཞིན་མེད་པའི་ངོ་བོ་ཉིད་ཀྱི་སེམས་ནི་ཆོས་ཀྱི་སྐུའོ། །དེ་དག་གི་ནི་ཐུགས་ཏེ་འགྲུབ་པ་ནི་སྐྱེ་བ་འདི་ཉིད་ཀྱིས་ཐོབ་པར་གྱུར་པའོ། །དེ་དག་ཀྱང་གནས་ཇི་ལྟ་བུར་བསྒྲུབ་ཅེ་ན། དགོན་པ་ཆེན་པོའི་ས་ཕྱོགས་སུ། །ཞེས་བྱ་བ་ལ་དགོན་པ་ནི་དགོན་པ་ཆེན་པོ་སྟོང་པ་མིས་

ཁྱད་པར་དུ་དབེན་པའམ་དུར་ཁྲོད་དོ། །ས་ཕྱོགས་ནི། སྤང་ལྗོངས་དང་ནི་ཆུ་ཀླུང་དང་། །ནགས་ཚལ་གསང་བའི་ས་ཕྱོགས་དང་། །རི་བོའི་སུལ་དང་དགའ་བའི་ཞིང་། །ཞེས་པ་ལ་སོགས་པའོ། །སྤྱོད་པ་ཇི་ལྟར་བྱ་ཞེ་ན། མ་ཧེ་མཆོག་ནི་བཀུག་ལ་ཞོན། །སྦྲུལ་དག་གིས་ནི་རྣམ་པར་བརྒྱན། །

ལྕགས་ཀྱི་རྡོ་རྗེ་གཟུང་བར་བྱ། །སྐྲ་ཡང་སེར་པོ་དག་ཏུ་བྱ། །གྱེན་བརྫེས་པ་ཡི་ཁྱད་པར་གྱིས། །མགོ་ལ་ཐོད་པ་ཡང་དག་བསྐོར། །སྨ་ར་ཀོས་སྤུ་སེར་པོར་བྱ། །ཧྲཱིཿཥྚྲྀཿལ་སོགས་སྔགས་བརྗོད་ཅིང་། །ལྕགས་ཀྱི་རྡོ་རྗེ་མཁའ་ལ་བསོར། །ཞེས་བྱ་བ་ལ་མ་ཧེ་ནི་གླང་རྒོད་དེ་མཆོག་ནི་ཁྱུ་མཆོག་

ཏུ་གྱུར་པའོ། །དེ་དག་ནི་ཏིང་ངེ་འཛིན་གྱི་བསྡུ་བས་བཀུག་ལ། ཞོན་པ་ནི་འཁོར་བ་ལ་ཉེ་བར་འཛིན་པའི་བརྡའོ། །སྦྲུལ་ནི་ཀླུའི་རྒྱལ་པོ་མཐའ་ཡས་མདོག་སྔོན་པོ་ལ་སོགས་པ་བརྒྱད་ཀྱིས་མགོ་ལ་སོགས་པའི་གནས་རྣམ་པར་བརྒྱན་པའོ། །ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་དག་ཞེ་སྡང་ལམ་དུ་བྱ་བའི་ཕྱིར་

เล่ม ๔๖ · หน้า 224a

དང་། དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་བརྡར་གཟུང་བར་བྱའོ། །སྐྲ་སེར་པོ་དག་ཏུ་བྱ་བ་ནི་སྲིན་པོའི་རྟགས་ཏེ་ཞེ་སྡང་ལ་སོགས་པ་གསོད་པ་ཉིད་ཀྱི་བརྡའོ། །གྱེན་ལ་བརྫེས་པའི་ཁྱད་པར་ནི་འཁོར་བའི་སྐྱོན་གྱིས་གོས་པ་མེད་ཅིང་འཁོར་བའི་མཚན་ཉིད་ཤེས་པས་འཁོར་བ་ནས་ངེས་

པར་འབྱུང་བའོ། །མགོ་ལ་ཐོད་པས་ཡང་དག་པར་བསྐོར་བ་ནི་དྲུག་སྟེ་རིགས་རྣམ་པ་ལྔ་དང་རྡོ་རྗེ་སེམས་དཔའི་རིགས་ཀྱིས་རྒྱས་གདབ་སྟེ། ཡེ་ཤེས་ལྔ་དང་བདེ་བ་ཆེན་པོར་ཤེས་པར་བྱའོ། །སྨ་ར་དང་ཀོས་སྤུ་སེར་པོར་བྱ་བ་ནི་གདུག་པ་ཅན་མ་ལུས་པ་ཚར་གཅོད་ཅིང་འདུལ་བར་བྱེད་པ་

སྟེ། ཞེ་སྡང་ལམ་དུ་བྱེད་པ་ཉིད་ཀྱིས་ཁྲོ་བོའི་རྟགས་སོ། །ཧྲཱིཿཥྚྲིཿལ་སོགས་པའི་སྔགས་བརྗོད་ཅིང་ཞེས་པ་ནི་ནུས་པ་སྐྱེས་པ་མི་ཉམས་ཤིང་མ་སྐྱེས་པ་བསྐྱེད་པར་བྱ་བའི་དོན་ཏོ། །ལྕགས་ཀྱི་རྡོ་རྗེ་ནམ་མཁའ་ལ་བསོར་བ་ནི་སེམས་ཀྱི་རྡོ་རྗེ་བསྟོད་པར་བྱ་བའི་ཕྱིར་དང་། བར་དུ་གཅོད་

པ་གང་དེ་ཉིད་དེ་མ་ཐག་ཏུ་བཟློག་པར་བྱ་བའི་ཕྱིར་དང་ཕྱི་རོལ་པ་མངོན་པར་གདུལ་བར་བྱ་བའི་ཕྱིར་དང་། ཡེ་ཤེས་ཆེན་པོས་གཟེངས་བསྟོད་པར་བྱ་བའི་ཕྱིར་རོ། །སྤྱོད་པ་དེ་དང་ལྡན་པ་ལ་ཁྱད་པར་གྱི་མིང་གདགས་པར་བྱ་སྟེ། རྡོ་རྗེ་གཤིན་རྗེ་གཤེད་སྦྱོར་བས། །སེང་གེ་སྒྲ་ཡང་དེ་ལ་བྱ། །

ཞེས་པ་ནི་རྡོ་རྗེ་ནི་གང་དུ་ཡང་མི་རྟོག་ཅིང་ཐུབ་པ་མེད་པའི་ཕྱིར་རོ། །གཤིན་རྗེ་ནི་ཐ་དད་པའི་རྣམ་རྟོག་བག་ཆགས་དུ་མ་དང་བཅས་པ་རྣམས་སོ། །གཤེད་ནི་རང་གི་ཡེ་ཤེས་དེ་ཉིད་དུ་བྱེད་པའོ། །སྦྱོར་བས་ནི་ཆོས་ཐམས་ཅད་རྣལ་འབྱོར་པས་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ངོ་བོར་རོ།

སེང་གེ་ནི་ཉོན་མོངས་པའི་རིགས་ཐམས་ཅད་སྲེག་པར་བྱེད་པའི་ཕྱིར་སྒྲ་ཞེས་དེ་ལ་བྱའོ། །སྤྱོད་པ་བྱ་བའི་དུས་ཅི་ཞེ་ན། ནུས་པ་ཅུང་ཞིག་སྐྱེས་པ་ན། །རོལ་ཞིང་གྲོང་དུ་འཇུག་པར་བྱ། །ཞེས་བྱ་བ་ལ་ནུས་པ་ནི་ལུས་དང་ངག་དང་སེམས་ཀྱིའོ། །དེ་ཡང་ཀུན་དུ་བཟང་པོའི་སྤྱོད་པས་ངག་གི་

ནུས་པ་ཐོབ་པར་བྱས་པའོ། །མཚན་མ་ཐོབ་ནས་གསང་བའི་སྤྱོད་པས་ལུས་ཀྱི་ནུས་པ་ཐོབ་པར་བྱས་པའོ། །རིག་པའི་བརྟུལ་ཞུགས་ཆེན་པོའི་སྤྱོད་པས་སེམས་ཀྱི་ནུས་པ་ཅུང་ཟད་སྐྱེས་ན་སེམས་ལ་མངོན་པར་འདོད་པའི་བསམ་པས་ཚོགས་ཀྱི་སྤྱོད་པ་སྟེ་འདོད་པའི་ཡོན་ཏན་ལ་རོལ་ཞིང་

เล่ม ๔๖ · หน้า 224b

གྲོང་དུ་འཇུག་པར་བྱའོ། །དེ་དག་ཏུ་ཇི་ལྟར་སྤྱད་ཅེ་ན། གར་དང་བདེ་བའི་ཆ་ཀུན་གྱིས། །དྲུག་ལས་སྐྱེས་སོགས་གླུ་བླང་བྱ། །ཞེས་བྱ་བ་ལ་གར་ནི་ཧེ་རུ་ཀའི་གར་ཏེ་འཇིགས་སུ་རུང་བ་ལ་སོགས་པ་རྣམ་པ་བརྒྱད་དོ། །ཉམས་དགུའམ་བཅུ་གསུམ་གྱི་རྗེས་སུ་བརྗོད་པ་དག་བྱའོ། །ཡང་ན་བཤད་

པའི་རྒྱུད་ལས། སངས་རྒྱས་སེམས་དཔར་སྦྱོར་བ་ཡིས། །སྣ་ཚོགས་གར་གྱིས་རོལ་པར་རྩེ། །ཞེས་པའི་ཕྱིར་ཡེ་ཤེས་ཆེན་པོ་མཉམ་པ་ཉིད་ཀྱི་དོན་དང་མ་བྲལ་བ་དག་གིས་སོ། །བདེ་བའི་ཆ་འཇིག་རྟེན་པ་དང་ཁྱད་པར་ཅན་མཐོང་བ་དང་ལྷན་ཅིག་སྐྱེས་པའི་ཆ་སྟེ། དེ་དག་

ཀུན་གྱི་མྱོང་བ་ཉིད་ཀྱིས་དྲུག་ལ་སོགས་པ་ནི་རྡོ་རྗེའི་ཚིག་དང་ལྡན་པའི་གླུའི་ཁྱད་པར་ཏེ་བླང་བར་བྱའོ། །དེ་ཡང་བླ་མ་རྗེ་བཙུན་དམ་པ་རྣམས་དང་། དེའི་རྗེས་སུ་འཇུག་པའི་དོན་ཁྱད་པར་ཅན་གྱི་བྱིན་གྱིས་བརླབས་པ་ཉེ་བ་ཉིད་དང་། རང་གིས་རང་གི་དེ་ཉིད་མཐོང་ནས་ཆོས་ཐམས་ཅད་ཀྱང་

དེ་ལྟ་བུར་ཉེ་བར་རྫོགས་པ་ཉིད་དང་། གསུམ་ཉིད་དབྱེར་མི་ཕྱེད་པའི་ཉམས་སུ་མྱོང་བ་ཉིད་དང་། ཆེད་དུ་བྱས་པ་དང་མ་བྱས་པའི་སྤྱོད་པ་ཁྱད་པར་དུ་ངོ་མཚར་དུ་མ་བརྩིས་པ་ཉིད་དང་། རྣལ་འབྱོར་པ་རྣམས་ཀྱིས་ཁྱད་པར་དུ་འབྱེད་ཅིང་གཞན་ལ་སྦས་པ་མཚོན་ཆ་ལྟ་བུ་ཀོ་ཊ་ཁྱ་ལ་སོགས་པ་ཉིད་

འཇིག་རྟེན་པ་དང་རྗེས་སུ་དགའ་བར་ནུས་པ་བརྩེ་བ་དང་ལྡན་པའི་སེམས་ཀྱིས་མཐུན་ཞིང་དགའ་བར་བྱེད་པ་ཉིད་ཀྱིས་གླུ་བླང་བར་བྱའོ། །ཡང་ན་དྲུག་པའི་སྒྲ་བཞི་གཅིག་གིས་བསྡུས་པ་ནི་དྲུག་ལས་སྐྱེས་པ་སྟེ། སོགས་ནི་ཏེ་ཏེ་ཏེ་ན་ལ་སོགས་པ་གླུའི་ཁྱད་པར་དང་མཉམ་པར་མ་བཞག་པའི་སྦྱོར་བ་

བསྟན་ཏོ། །ད་ནི་བསྟན་པའི་རིག་མ་དང་སྙོམས་པར་འཇུག་པ་གསལ་པོར་བསྟན་ཅིང་རྗེས་སུ་མཐུན་པ་ཡང་བསྒྲུབ་པའི་ཕྱིར་གསུངས་པ། དེ་ནས་རྒྱལ་མཚན་ཁྱམས་མཐོང་ནས། །དེར་ནི་འོ་མ་རབ་བསྒྲུབ་བྱ། །ཞེས་པ་ལ་རྒྱལ་ནི་རྣམ་པར་རྒྱལ་བྱེད་དེ་སྐྱེས་བུའོ། །མཚན་ནི་མཚན་པའོ། །དེ་ཉིད་

དང་རྗེས་སུ་འབྲེལ་པ་ནི་བཅོམ་ལྡན་འདས་ཀྱི་རྡོ་རྗེའོ། །ཁྱམས་ནི་ཤེས་རབ་ཀྱི་མཚོ་སྐྱེས་སོ། །དེ་ཡང་དཔའ་བོ་དང་དཔའ་མོས་བྱིན་གྱིས་བརླབས་པའི་གནས་སུ་མཐོང་བ་སྟེ། ཧཱུཾ་ལས་རྡོ་རྗེ་བསྐྱེད་པའི་སྟེང་དུ་ཨོཾ་ཡོངས་སུ་གྱུར་པ་ནོར་བུས་མཚན་པའི་ནང་དུ་ཕཊ་ལས་ཁོང་སེང་བསྐྱེད་དོ། །ཨ་ལས་

เล่ม ๔๖ · หน้า 225a

བསྐྱེད་པའི་པདྨའི་ཁ་ཁྱེར་ཨ་ཡོངས་སུ་གྱུར་ལས་གེ་སར་གྱི་ནང་དུ་ཕཊ་ལས་ཁོང་སེང་དུའོ། །དེར་ཞེས་བྱ་བ་ནི་མཚན་དང་ལྡན་པའི་པདྨའི་གནས་དེ་ཉིད་དུའོ། །འོ་མ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ་བསྒྲུབ་པ་ནི་དགའ་བ་བཞིའི་བྱེ་བྲག་བཞི་པའི་རྗེས་སུ་འགྲོ་བ་ཉིད་ཀྱིས་བདེ་

བ་གཉིས་དབྱེར་མི་ཕྱེད་པའི་ཡེ་ཤེས་མཉམ་དུ་ཚོགས་པའི་སྐད་ཅིག་མ་གསུམ་གྱིས་དབེན་པར་བྱ་སྟེ། གནས་པ་ནི་རྣལ་འབྱོར་པས་སོ། །དེ་དག་ལམ་དུ་གོམས་པར་བྱ་བ་ཉིད་གསུངས་པ། འོ་མ་ལ་སེམས་གཅིག་གོམས་པས། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ། །འོ་མ་ནི་རང་རིག་

པའི་ལྷན་ཅིག་སྐྱེས་པ་ལ་སེམས་དེ་གཅིག་པུ་ཉིད་དུ་གོམས་པར་བྱ་བ་སྟེ། དེ་ཡང་དགྱེས་པ་རྡོ་རྗེའི་རྒྱུད་ལས། དཀྱིལ་འཁོར་ལ་སོགས་པ་ཐབས་དང་། །བདག་བྱིན་བརླབ་པའི་སྦྱོར་བ་ཡིས། །ཞེས་གསུངས་པ་དང་རྗེས་སུ་མཐུན་པ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་ནི་རང་འོད་ཀྱི་རིག་

མ་ལ་བརྟེན་ཏེ་བསྒྲུབ་པའོ། །སོགས་པའི་སྒྲས་ལས་ཀྱི་ཕྱག་རྒྱ་སྟེ་སྣ་ཚོགས་པའི་དངོས་པོ་ཡང་དེ་ཉིད་དུ་བསྡུ་བར་བྱའོ། །འདི་དག་ནི་གཞན་གྱི་ལུས་ལ་ཉེ་བར་བརྟེན་པ་སྟེ་རྒྱུའི་དོན་དུ་གསུམ་པའི་དམ་ཚིག་གཅིག་པར་འཇུག་པའི་མན་ངག་གོ། །དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཕྱག་རྒྱ་ཆེན་

པོ་སྟེ་དོན་ཏོ། །དེ་དག་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་རྟོག་པ་ཐམས་ཅད་ནུབ་པར་གྱུར་པ་འགྲོ་བ་མེད་པའི་ཡེ་ཤེས་རྫོགས་པ་དང་བྲལ་བ་ཉིད་དོ། །དེ་འདི་ལས་བྱུང་བས་ན་ནན་ཏན་གཅེས་སྤྲས་ཉིད་དུ་གོམས་པར་བྱ་བ་སྟེ། རྙེད་པའི་བུ་མོ་ལ་སྙོམས་པར་ཞུགས་ནས་བདེ་བ་

བསྐྱེད་པར་བྱའོ། །དེ་ནས་བསྐུལ་བ་དང་ལྡན་པའི་སྒོ་ནས་བསྒོམ་པ་ནི་རྩེ་གཅིག་ཏུའོ། །རྒྱས་བཏབ་པས་ཐམས་ཅད་འགྲོ་བ་མེད་པར་བྱེད་ཅིང་ལམ་དུ་བྱས་པས་ཕྱག་རྒྱ་ཆེན་པོ་གོམས་པས་ཐོབ་པར་འགྱུར་རོ། །དེ་ཡང་དབང་ཡོངས་སུ་བརྟེན་པ་ནི་དམ་ཚིག་མཆོག་ཏུ་གྱུར་པ་སྟེ།

འདི་ཡང་རྩ་བ་བཞི་པ་ཉིད་ཉེ་བར་བཟུང་བས་མི་སྤང་བ་ཉིད་དོ། །དེ་ཡང་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ་ལས། སོར་མོས་ཅུང་ཞིག་བསྐྱོད་བྱས་ནས། །ཕྱི་ནང་ལྕེ་ཡིས་བསྐམས་པས་ཀྱང་། །ན་ཏི་གང་དེ་རྒྱས་པ་ལས། །བྱང་ཆུབ་སེམས་ནི་འབབ་པར་འགྱུར། །སྔགས་པས་རྡོ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด