གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་དཀའ་འགྲེལ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཀྲྀཥྞ་ཡ་མཱ་རི་ཏནྟྲ་སྱ་པཉྩི་ཀ་རཏྣ་ཨ་བ་ལི་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๔๖ · หน้า 260b

༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་ཏནྟྲ་སྱ་པཉྩི་ཀ་རཏྣ་ཨ་བ་ལི་ནཱ་མ། བོད་སྐད་

དུ། གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་དཀའ་འགྲེལ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གཤིན་རྗེ་གཤེད་པོ་ཡོན་ཏན་མ་ལུས་རབ་ཏུ་འཁྲུངས། །འོད་

ཟེར་སྔོན་པོ་འཇིག་པའི་དུས་ཀྱི་ཆར་སྤྲིན་གཞོན་ནུ་སྟེ། །ཞལ་གསུམ་པ་ལ་རྡོ་རྗེ་རལ་གྲི་འཛིན་ཅིང་གྲི་གུག་བཅས། །འཁོར་ལོ་ཆུ་སྐྱེས་ཐོད་པ་བསྣམས་པ་མགོ་བོས་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ནི། གསུང་རབ་རྣམས་ཀྱི་ནི་ཀུན་གྱི་ཡང་

དག་དང་པོ་ཡིན་ལ། སྡུད་པ་པོ་ནི་རྗེས་སུ་སྟོན་པའི་ཚིག་གོ། །གང་གི་ཕྱིར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་གནས་སྐབས་སུ་གསུངས་པ་ལས། དངོས་སུ་ནི་བྱས་པ་མ་ཡིན་ཏེ། ཇི་ལྟར་ཡང་དག་པར་བསྟན་པའི་ཕྱིར་དང་། ཁྱེད་རྣམས་ནི་སྟོན་པ་པོའི་དབང་མེད་པ་

ལས་ཏེ་ངའི་ཆོས་རྣམས་ནི་འདི་སྐད་བདག་གིས་ཐོས་པ་ཞེས་པས་བསྡུས་ཤིག་པས་སོ། །དེ་ལ་འདི་སྐད་ཅེས་བྱ་བ་ནི་གང་ཇི་སྲིད་དུ་རྒྱུད་ཐམས་ཅད་ལས་གསུངས་པ་དེ་ལྟ་བུ་ཉིད་དེ་དེ་བཞིན་དུ་ནི་མ་ཡིན་ནོ། །བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་པ་སྟེ། སྟོན་པ་

བཅོམ་ལྡན་འདས་ཉིད་ལ་བདག་གིས་ཐོས་ཀྱི་གཅིག་ནས་གཅིག་ཏུ་བརྒྱུད་ནས་འོངས་པ་ནི་མ་ཡིན་ནོ། །གང་གི་ཚེ་ཐོས་ཤིང་གསུངས་ཤེ་ན། ས་མ་ཡ་ནི་དུས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཐུབ་པ་ཆེན་པོའི་བྱང་ཆུབ་ལ་བར་དུ་གཅོད་པའི་བདུད་ཉེ་བར་ལྷགས་པར་གྱུར་པ་དེའི་ཚེ་

เล่ม ๔๖ · หน้า 261a

ཞེས་པའི་དོན་ཏོ། །དེ་སྐད་དུ་དེ་ཉིད་ཀྱི་ལེའུ་བཅོ་བརྒྱད་པའི་གཏམ་རྒྱུད་བརྗོད་པ་ལས་འབྱུང་བར་འགྱུར་རོ། །དེ་ཡང་ཅི་དང་ཅི་ཞེ་ན། རྒྱུད་མ་ལུས་པའི་ཚིག་ཐོས་ཞེས་གསུངས་པས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་པ་དང་ལྡན་

པས་བཅོམ་ལྡན་འདས་ཞེས་པ་སྟེ། བདུད་རྣམས་བཞི་པོ་འཇོམས་པས་ན། །འཇོམས་པ་བཅོམ་ལྡན་འདས་སུ་བརྗོད། །ཤེས་རབ་ཀྱིས་ནི་ཉོན་མོངས་འཇོམས། །དེ་ཕྱིར་ཤེས་རབ་བཅོམ་ལྡན་བརྗོད། །ཅེས་པའི་ཚིག་ལས་སྣང་བ་མེད་པ་གསལ་བ་བདེ་བ་ཆེན་པོའི་རང་བཞིན་གྱི་ཡེ་

ཤེས་ནི་བཅོམ་པ་སྟེ། དེ་དང་ལྡན་པ་ནི་ཆོས་ཀྱི་སྐུའོ། །དེ་དང་དེར་ཡོངས་སུ་རྫོགས་པ་ནི་ལྷའི་འཁོར་ལོ་ལ་དབང་བ་སྟེ། གང་གིས་དེ་ནི་རྡོ་རྗེ་སེམས་དཔའི་གཟུགས་སུ་རྫོགས་ཞེས་པའི་དོན་ཏོ། །བཞུགས་པ་ཞེས་བྱ་བ་ནི་གཞན་དུ་འབྲེལ་ཏེ། གང་དུ་བཞུགས་ཤེ་ན་གསུངས་པ། དེ་བཞིན་

གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ཀྱི་སྒྲ་ནི་མི་བསྐྱོད་པ་ལ་སོགས་པ་དང་དེ་བཞིན་གཤེགས་པ་ལ་སོགས་པ་སོ་སོར་མངོན་པར་སྦྱོར་བ་བྱ་སྟེ། སྣ་ཚོགས་པའི་དཀྱིལ་འཁོར་དུ་སྣ་ཚོགས་པའི་ས་བོན་གྱི་ཡི་གེའི་རང་བཞིན་ནོ། །རྡོ་རྗེ་ནི་མི་ཕྱེད་པ་སྟེ་དཀྱིལ་འཁོར་བའི་ལྷའི་སྐྱེས་

བུའོ། །བཙུན་མོ་ནི་དཀྱིལ་འཁོར་མ་རྣམས་ཏེ་ལྷ་མོ་རྣམས་སོ། །དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་བཙུན་མོ་དང་ཞེས་པ་སྟེ་ཕན་ཚུན་བསྡུ་བའོ། །དེའི་རྗེས་ལ་བྷ་གའི་སྒྲས་ལྷན་ཅིག་དེ་བཞིན་གཤེགས་པའི་སྒྲ་ནི་སྔོན་དུ་སོང་བའི་ཚིག་སྟེ་བསྐུར་བར་བྱ་བའི་ཕྱིར་རོ། །ཡང་ན་རྡོ་རྗེ་དང་བཙུན་མོ་

ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་སྒྲ་དང་ལྷན་ཅིག་སྟེ་ཐ་དད་དུའོ། །ཕྱི་ནས་ཐམས་ཅད་ཀྱི་སྒྲས་ལྷན་ཅིག་ཏུ་ཁྱད་པར་དུ་བསྡུས་པའོ། །དེའི་རྗེས་ལ་བྷ་གའི་སྒྲས་ལྷན་ཅིག་པ་སྟེ་དེའི་སྐྱེས་བུའི་དྲུག་པའོ། །དེ་ལ་བྷ་ག་རྣམས་ལ་ཞེས་པ་ནི་སྐྱེ་གནས་ཀྱི་ཕྱིར་རོ། །དེ་དང་དེར་ལྷའི་འཁོར་ལོ་རྫོགས་

པ་ལ་ལྟོས་པས་ན་དེ་དང་དེ་རྣམས་རྡོ་རྗེ་འཆང་དང་འཁྱུད་པའི་པདྨའི་རང་བཞིན་དུའོ། །བཞུགས་ཞེས་བྱ་བ་ནི་རྡོ་རྗེ་དང་སྦྱོར་བ་ལས་བྱས་པའི་ཚོགས་ཀྱིས་རོལ་ནས་གང་དུ་དངོས་སུ་མ་གྲུབ་པ་དེའི་ཚེ་བྷ་ག་རྣམས་ལ་ཞེས་པ་ནི་སྐྱེད་པར་བྱེད་པའི་གནས་ཀྱི་ཕྱིར་ཏེ། ས་བོན་དེ་དང་དེ་རྣམས་སོ། །བཞུགས་

เล่ม ๔๖ · หน้า 261b

ཞེས་པ་ནི་གནས་པའོ། །གང་དུ་རང་དང་འདྲ་བའི་པདྨར་གནས་པའི་རྡོ་རྗེས་རྡོ་རྗེ་སེམས་དཔའ་བསྐྱེད་ནས་ལྷའི་འཁོར་ལོ་ཉེ་བར་བསྟན་པ་གསུངས་པ་ནི་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ་སོགས་པ་སྟེ། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་ས་བོན་རྣམས་ཀྱིས་ཏེ་ལྷན་

ཅིག་ཅེས་པའི་དོན་ཏོ། །འབྲས་བུ་ལས་གཞན་མ་ཡིན་པར་ཉེ་བར་བསྟན་པའི་དོན་དུ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་རྒྱུད་ས་བོན་རྣམས་ལ་འབྲས་བུའི་མིང་གིས་བསྟན་ཏོ། །དེ་ལ་མི་ཕྱེད་པའི་གཏི་མུག་ནི་གཏི་མུག་རྡོ་རྗེ་སྟེ། དེ་ཉིད་ཆེ་བ་དང་དོན་མེད་པའི་རྒྱུར་གྱུར་པའི་ཕྱིར་རོ། །

གཤིན་རྗེ་དང་འདྲ་བའི་གཤིན་རྗེ་སྟེ། དེའི་དགྲ་ནི་དེ་དག་རླག་པར་བྱེད་པ་ཅན་ནོ། །གཟུང་བ་དང་འཛིན་པ་ནི་རྣམ་པར་དཔྱད་པས་མི་བཟོད་པས་ན་རང་དང་གཞན་གྱི་འགྲོ་བའི་རང་བཞིན་སྐད་ཅིག་སོ་སོར་བརྫུན་པར་བལྟས་པ་ལ་གཏི་མུག་ཡང་དག་པར་ཟད་པར་བྱེད་པའོ། །དང་གི་ཡི་

གེ་ནི་ཕན་ཚུན་དུ་ལྟོས་ནས་བསྡུ་བའོ། །དེ་བཞིན་དུ་ཕྲ་མ་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པ་ཚིག་བཞི་པོ་འདི་ཡང་སྟེ་མི་ཕྱེད་པ་ལ་སོགས་པ་ཐམས་ཅད་དུ་རྟོགས་པར་བྱེད་པའོ། །དེ་ལ་བདག་མེད་པ་ལ་བདག་ཏུ་འཛིན་པ་ནི་གཏི་མུག་གོ། །གཞན་དང་རབ་ཏུ་འབྱེད་པའི་ཚིག་ནི་ཕྲ་མའོ། །

ཚོགས་ཐམས་ཅད་ལ་ཞེན་པ་ནི་ཆགས་པའོ། །གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་ནི་ཕྲག་དོག་གོ། །ཐོ་བ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ། ཐོ་བ་དང་འདྲ་བ་སྟེ་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་མ་ལུས་པར་སོན་པའི་འཇིག་ཚོགས་སུ་ལྟ་བའི་བརྟན་པ་ཆེན་པོ་ཐོ་

བས་འཇོམས་པར་བྱེད་པའི་ཕྱིར་རོ། །གཤིན་རྗེ་གཤེད་ནི་གཤིན་རྗེའི་བདག་ཉིད་ཀྱི་དགྲ་ཞེས་བྱ་བ་འཇིག་ཚོགས་སུ་ལྟ་བ་དེ་ཉིད་འཇོམས་པའི་རྒྱུར་གྱུར་པའི་ཕྱིར་ཐོ་བ་གཤིན་རྗེ་གཤེད་དོ། །དེ་བཞིན་དུ་ཕྱི་ནས་ཀྱི་ཚིག་གསུམ་པོ་དག་ལ་ཡང་དེ་ཉིད་དུ་ལས་འཛིན་པར་བསྡུའོ། །དབྱིག་

པ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ནི་དབྱིག་པ་དང་འདྲ་བས་ཏེ་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་མ་ལུས་པ་ལ་གནས་པའི་མཐར་འཛིན་པའི་ལྟ་བའི་སྐྱོན་འབྱིན་པའི་ཕྱིར་རོ། །གཤིན་རྗེ་གཤེད་ནི་གཤིན་རྗེའི་བདག་ཉིད་ཅན་གྱི་དགྲ་སྟེ་ལྟ་བ་དེ་ཉིད་འཇོམས་པའི་རྒྱུར་གྱུར་པས་ན་

เล่ม ๔๖ · หน้า 262a

དབྱིག་པ་གཤིན་རྗེ་གཤེད་དོ། །པདྨ་གཤིན་རྗེ་གཤེད་དང་ཞེས་པ་ནི་པདྨ་དང་འདྲ་བས་པདྨ་སྟེ། ལོག་པར་ལྟ་བའི་འདམ་གྱིས་མ་གོས་པའི་ཕྱིར་དང་ལོག་པར་ལྟ་བའི་གཤིན་རྗེའི་བདག་ཉིད་ཅན་གྱི་དགྲའི་ཕྱིར་པདྨ་གཤིན་རྗེ་གཤེད་དོ། །རལ་གྲི་གཤིན་

རྗེ་གཤེད་དང་ཞེས་བྱ་བ་ལ་རལ་གྲི་དང་འདྲ་བས་རལ་གྲི་སྟེ། ལྟ་བ་མཆོག་ཏུ་འཛིན་པའི་དགྲ་གཅོད་པས་སོ། །གཤིན་རྗེ་གཤེད་ནི་ལྟ་བ་མཆོག་ཏུ་འཛིན་པ་དེ་ཉིད་གཤིན་རྗེའི་བདག་ཉིད་ཅན་ཏེ་དེའི་དགྲའི་ཕྱིར་རལ་གྲི་གཤིན་རྗེ་གཤེད་དོ། །རྡོ་རྗེ་རྩ་ཙི་ཀ་ཞེས་བྱ་བ་ནི་རྡོ་རྗེ་རྩ་ཙི་

ཀས་ཏེ་གསུམ་པའི་དོན་ལ་དང་པོའོ། །དེ་བཞིན་ཕྱི་མ་དག་ལ་ཡང་ངོ་། །དེ་ལ་རྡོ་རྗེ་ནི་རྡོ་རྗེ་དང་འདྲ་བ་སྟེ་དོན་མེད་པར་བྱུང་བ་དང་། ཉོན་མོངས་པའི་སྒྲིབ་པ་ལས་སོ། །དེའི་ཙརྩི་ཀ་ནི་གཅིག་དང་དུ་མ་དང་བྲལ་བའི་སྦྱོར་བས་རྣམ་པར་དཔྱོད་པ་དང་གཙོ་བོ་ཞེས་བྱ་བའི་བར་དུའོ། །རྡོ་རྗེ་ཕག་

མོ་ཞེས་བྱ་བ་ནི་རྡོ་རྗེ་དང་འདྲ་བས་རྡོ་རྗེ་སྟེ་བྷ་ག་ལས་ཀྱི་སྒྲིབ་པ་དེ་མ་བསྒྲིབས་སོ། །དེའི་ཨ་ནི་ཐམས་ཅད་ལེན་ཞིང་རྟོགས་པའོ། །ཧ་ནི་རབ་ཏུ་བྱེད་པ་གཞན་དུ་བལྟས་ཏེ་ཞེས་པས་ཧའོ། །པི་པི་ལིང་ལ་སོགས་པའི་ཕྱིར་ན་དི་པའོ། །རྡོ་རྗེ་དབྱངས་ཅན་མ་ཞེས་བྱ་བ་ནི་མི་ཕྱེད་པའི་ཡེ་ཤེས་དེ་

ཉིད་དབྱངས་ཏེ་ཤེས་བྱའི་སྒྲིབ་པའི་རྒྱུན་སེལ་བས་ནའོ། །ཅན་ནི་དེ་དང་ལྡན་པའོ། །རྡོ་རྗེ་གཽ་རཱི་ཞེས་བྱ་བ་ལ་རྡོ་རྗེ་མི་ཕྱེད་པའོ། །གཽ་རཱི་ནི་སྟོང་པ་ཉིད་དུ་ལྟ་བ་སྟེ་སྐྱེ་བའི་སྒྲིབ་པའི་གཉེན་པོའི་ཕྱིར་རོ། །དེ་ལེན་ཞིང་འཛིན་པ་ཉིད་ཀྱིས་ནི་རྡོ་རྗེ་གཽ་རཱིའོ། །རྡོ་རྗེ་གཽ་རཱི་སྟེ་རང་གི་དོན་གྱི་སྐྱོན་ནོ། །གྲྭར་

ཞེས་པ་ནི་ནང་གི་རིམ་པའི་མེ་དང་བདེན་བྲལ་ལ་སོགས་པའི་མཚམས་རྣམས་སུའོ། །གྲྭ་རྣམས་ཀྱིས་ཉེ་བར་མཚོན་ནས་ནང་གི་འཕར་མའི་ཤར་དང་ལྷོ་ལ་སོགས་པའི་ཕྱོགས་རྣམས་སུ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་རྣམས་སོ། །ཞེ་སྡང་གཤིན་རྗེ་གཤེད་ནི་ཐམས་ཅད་ཀྱི་དབུས་

སུའོ། །ཐོ་བ་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ནི་ཕྱི་རོལ་གྱི་འཕར་མའི་ཤར་དང་ལྷོ་ལ་སོགས་པ་རྣམས་སུའོ། །དེ་བཞིན་དུ་ཕྱི་རོལ་གྱི་གྲྭ་རྣམས་སུ་ཐོད་པ་བཞི་པོ་རྣམས་ཀྱང་སྟེ་ཕྱིས་རྟོགས་པར་བྱའོ། །དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ནི་དེ་རྣམས་ནི་གཙོ་བོ་སྟེ་དེ་ལ་སོགས་པ་དང་འདུས་

เล่ม ๔๖ · หน้า 262b

པའོ། །དེ་རེ་རེ་ལས་རང་རང་གི་ས་བོན་རྣམས་ལས་མཐའ་ཡས་པར་སྤྲོ་བ་དང་བསྡུ་བ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ཡང་བཞུགས་སོ་ཞེས་བྱ་བའི་སྔར་གྱི་དང་ལྷན་ཅིག་ཏུ་བླངས་ཏེ་འབྲེལ་ཏོ། །དེའི་དོན་ཡང་བདེ་བ་ཕུན་སུམ་ཚོགས་པས་དེ་རྣམས་ཐབས་ཅིག་ཏུ་བཞུགས་པའོ། །དེ་

རྣམས་ནི་དཀྱིལ་འཁོར་གཅིག་ལ་ལྟོས་པའི་དབང་དུ་བྱས་པ་ཡིན་ལ་གཞན་དག་ནི་གཞན་དག་ལ་ལྟོས་ནས་དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་པ་ཡང་སོ་སོ་ཉིད་དུ་རྟོགས་པར་བྱའོ། །དེ་དག་གི་དབྱེ་བས་ནི་རྡོ་རྗེ་སེམས་དཔའི་དབྱེ་བ་ཡང་ངོ་། །ཇི་སྐད་གསུངས་པའི་དཀྱིལ་འཁོར་

ལྷ་རྣམས་ཀྱི་ས་བོན་ལས་བསྐྱེད་པའི་ཕྱིར་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་བསྟན་པར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཡང་ཞེས་པ་ནི་ངག་འདི་ལྟ་བུ་ཉེ་བར་བརྗོད་པའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བོས་ཏེ་ཞེས་བྱ་བ་འདིས་སྦྱར་བར་བྱའོ། །བོས་ནས་

ཞེས་པ་ནི་དྲིས་པའོ། །བོས་པ་དེ་ཡང་ལན་དང་རྗེས་སུ་མཐུན་པར་རྟོགས་པར་བྱའོ། །གཞན་དུ་ན་ནི་སྐབས་མ་ཡིན་པར་བརྗོད་པར་འགྱུར་ཏེ་དྲི་བ་གཞན་ལ་བསྟན་པ་གཞན་པས་སོ། །གང་ལ་བོས་ཤེ་ན་གསུངས་པ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ཀྱང་ཡིན་ལ་དེ་

བཞིན་གཤེགས་པ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་མི་བསྐྱོད་པ་ལ་སོགས་པའོ། །དེ་རྣམས་ཀྱི་བདག་པོ་ཞེས་པ་ནི་དེ་རྣམས་ཡང་དག་པར་གསུངས་པའོ། །ཡང་དེ་བཞིན་གཤེགས་པ་ནི་སྐྱེད་བྱེད་པས་སོ། །ལན་གྱི་དོན་གསུངས་པ་ནི། དེ་ནས་ཡང་ཞེས་བྱ་བ་

ལ་སོགས་པ་ནས་བདུད་ཐམས་ཅད་བརླག་པ་ཞེས་བྱ་བ་སྟེ་ཐམས་ཅད་ལ་འཚེ་བ་ནི་བརྡེག་པའོ། །ལས་ལ་ཨ་རྐྱེན་དུ་བྱས་པས་བདུད་ཐམས་ཅད་དེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའོ། །དེ་དག་རྣམ་པར་བརླག་པ་ནི་རྣམ་པར་དག་པའོ། །དེ་ཉིད་རྡོ་རྗེ་སྟེ་མི་ཕྱེད་པའི་ཕྱིར་རོ། །

མིང་ནི་རབ་ཏུ་གྲགས་པའོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི་རྒྱུའི་རྡོ་རྗེ་འཆང་གཤིན་རྗེ་གཤེད་ཀྱི་གཟུགས་སོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པ་རྣམ་པ་ལྔའི་རང་བཞིན་རྣམས་ཀྱིས་སོ། །ངེས་པར་ཕྱུང་བ་ཞེས་བྱ་བ་ནི་རྣམ་པར་སྤྲོས་ནས་སོ། །

เล่ม ๔๖ · หน้า 263a

ཟླ་བ་རྡོ་རྗེ་རབ་སྦྱོར་བས། །ཞེས་བྱ་བ་ནི་གང་གི་ཚེ་སྙིང་གའི་ས་བོན་ལས་བཀོད་པ་རྣམས་ལ་བདུན་པོ་རྣམ་པར་དག་པའི་བླ་ན་མེད་པའི་མཆོད་པ་དང་། །ཚངས་པའི་གནས་བཞི་བསྒོམ་པ་དང་། སྟོང་པའི་བྱང་ཆུབ་དང་རྡོ་རྗེ་ར་བ་ལ་སོགས་པ་དང་། དེའི་ནང་དུ་སོན་པའི་ནམ་

མཁའ་འབྱུང་བ་ཆེན་པོ་དང་། སྣ་ཚོགས་རྡོ་རྗེ་ལ་གནས་པ་འབྱུང་བ་ཆེན་པོ་བཞི་ཡང་དག་པར་བསྡུས་པ་ལས་སྐྱེས་པའི་གཞལ་ཡས་ཁང་གི་དབུས་སུ་གནས་པའི་ཉི་མའི་རྗེས་ལ་ཟླ་བ་རྡོ་རྗེ་ལ་སོགས་པ་བསྒོམ་པ་སྟེ་གང་འདི་ལྟ་བུ་ཡང་མངོན་དུ་དཀྲུགས་པའི་རིམ་པས་བསྟན་

པའོ། །དེ་ལྟ་བུ་ཡང་བརྒྱ་ལམ་ན་གང་ཞིག་བླ་ན་མེད་པར་ཤེས་རབ་ཀྱིས་ང་རྒྱལ་བ་ཉིད་ཚིག་ཙམ་ལ་རབ་ཏུ་འཇུག་ཅིང་དེ་ནས་དམ་ཚིག་ཉམས་པར་འགྱུར་བའི་ཕྱིར་རོ། །དེ་ལ་ཟླ་བ་ནི་ཨཱ་ལི་ལ་སོགས་པའོ། །དབྱངས་ཡིག་བཅུ་དྲུག་པོ་རྣམས་ཀྱིས་ཉིས་འགྱུར་ལས་འབྱུང་སྟེ་མེ་ལོང་ལྟ་

བུའི་ཡེ་ཤེས་སོ། །རྡོ་རྗེ་ཞེས་པ་ནི་བདུད་ལས་རྒྱལ་བའི་རྡོ་རྗེ་སྟེ། ཀ་ལ་སོགས་པ་གསལ་བྱེད་རྣམས་ལས་ཡི་གེ་དྲུག་ལྷག་པ་གྲངས་བཞི་བཅུ་ཉིས་འགྱུར་ལས་བྱུང་བ་ཉི་མའི་རྡོ་རྗེ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་དག་ནི་ཟླ་བ་དང་ཉི་མ་དག་གོ། །སྦྱོར་བ་ནི་ཕུལ་དུ་གྱུར་པ་

སྟེ་རབ་ཏུ་སྦྱོར་བའོ། །དེ་ནས་ཉི་མའི་སྟེང་དུ་ཧཱུཾ་ཡིག་ལས་རྡོ་རྗེ་དེའི་ལྟེ་བ་ལ་ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །དེ་ནས་ལྷའི་འཁོར་ལོ་སྤྲོ་བ་དང་བསྡུ་བར་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །དེ་དག་ཐམས་ཅད་ཞུ་

བ་ལས་ཡོངས་སུ་གྱུར་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་རྟོགས་པར་བྱའོ། །གཤིན་རྗེ་འཇིགས་པ་ཞེས་བྱ་བ་ནི་ཟླ་བ་དང་ཉི་མ་དང་རྡོ་རྗེ་དང་ས་བོན་ཡོངས་སུ་གྱུར་པ་ལས་སྐྱེས་པ་ཞུ་བས་བཞེངས་པ་སྟེ། རྒྱུའི་རྡོ་རྗེ་འཛིན་པ་གཤིན་རྗེ་གཤེད་པོ་ཞབས་གཡོན་བརྐྱང་

བ་སྐུ་མདོག་དཀར་པོ་རྩ་བའི་ཞལ་དཀར་བ་གཡས་དང་གཡོན་གྱི་ཞལ་ནི་སྔོ་དང་དམར་བའོ། །གཡས་པའི་ཕྱག་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་གྲི་གུག་འཛིན་ཅིང་། གཡོན་པའི་ཕྱག་རྣམས་ཀྱིས་འཁོར་ལོ་དང་པདྨ་དང་ཐོད་པ་འཛིན་པས་རང་དང་འདྲ་བ་ལ་སྙོམས་པར་འཁྱུད་པའོ། །དེ་ཡང་

เล่ม ๔๖ · หน้า 263b

བྷ་གར་ལིངྒ་རྣམས་གཞག་ནས། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམས། །ཞེས་ལེའུ་བཅུ་པ་ལས་གསུངས་པས་སོ། །བདུད་རྣམས་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། ཉོན་མོངས་པ་དང་། ལྷ་དང་། ཕུང་པོ་དང་། འཆི་བདག་གི་བདུད་དོ། །རབ་ཞིའི་དོན་ཞེས་བྱ་བ་ནི་དེའི་དོན་དུ་སྟེ་བཞི་

པའོ། །སྡང་བ་ཐམས་ཅད་ཞི་བ་ཞེས་བྱ་བ་ནི་སྡང་བ་ཐམས་ཅད་ནི་དགྲ་བོ་རྣམས་སོ། །ཞི་བ་ནི་བསལ་བར་བྱ་བའི་དོན་དུའོ། །སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་རྗེས་ལ་གང་བྱ་བ་དེའི་བརྗོད་པ་གསུངས་པ་བསྲུང་བའི་དོན་དུ་ཞེས་བྱ་བ་ལ་སོགས་པ་སྟེ་རྡོ་རྗེ་ཞེས་པ་ནི་སྣ་ཚོགས་རྡོ་རྗེའོ། །དེས་ན་དེ་ཉིད་གསུངས་

པ། འོད་ཟེར་ལྔ་ཡིས་འཁྲིགས་པ་ཡི། །ཞེས་པ་སྟེ་དེ་ཡང་རཾ་ཡོངས་སུ་གྱུར་པ་ལས་ཉི་མའི་སྟེང་དུ་ཧཱུཾ་ཡོངས་སུ་རྫོགས་པའོ། །རྡོ་རྗེ་ས་གཞི་ཞེས་བྱ་བ་ནི་རྡོ་རྗེ་དེ་ཉིད་ལས་འོད་ཟེར་དུ་མ་བྱུང་བ་རྣམས་ཀྱིས་འོག་ས་གཞི་ལ་ཐུག་པར་རྡོ་རྗེའི་རང་བཞིན་གྱི་ས་གཞིར་གྱུར་པའོ། །ལྕགས་རི་ཞེས་

པ་ནི་རྡོ་རྗེ་ཕྲེང་བའི་འོད་ཟེར་རྣམས་ལ་ཕྱི་རོལ་དུ་ར་བ་གྲུ་བཞི་པའོ། །ར་བ་ཞེས་བྱ་བ་ནི་རྡོ་རྗེའི་ས་གཞིའི་སྟེང་གི་ཕྱོགས་བཞི་འོད་ཟེར་རྣམས་ལས་བྱུང་བའི་རྩིག་པ་བཞིའོ། །གུར་ཞེས་པ་ནི་ནམ་མཁའི་ཕྱོགས་སུ་རྡོ་རྗེའི་འོད་ཟེར་རྣམས་ཀྱིས་ཁྱབ་སྟེ་ཐོག་ཕུབ་པའོ། །རྡོ་རྗེ་སེམས་དཔའ་

རྫོགས་པའི་རྗེས་ལ་བྱ་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པ་པོ་ནི་རྡོ་རྗེ་སེམས་དཔའ་རྒྱུའི་རྡོ་རྗེ་འཛིན་པ་ནི་གཤིན་རྗེ་གཤེད་པོའོ། །བདུད་རླག་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཞེས་པ་ནི། རང་གི་སྙིང་ག་ནས་འོད་

ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་བཀུག་ཅིང་ཁར་ཞུགས་ནས་སྙིང་གར་ཞུ་བར་བྱ་སྟེ། རྡོ་རྗེའི་ལམ་ནས་བྱུང་བ་དང་། རང་དང་འདྲ་བའི་པདྨར་ཟླ་བ་ཞུ་བའི་གཟུགས་ཀྱིས་དཀྱིལ་འཁོར་པའི་ས་བོན་གྱི་ཡི་གེ་རྣམས་ལ་རྫོགས་པའི་ལྷ་མོའི་འཁོར་ལོ་ནི་བདུད་རླག་པར་བྱེད་པའི་རྒྱུ་ཉིད་ཡིན་

པས་རྒྱུ་ལ་འབྲས་བུའི་མིང་བཏགས་ནས་བདུད་རླག་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་དེ་དག་ཉིད་དོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཞེས་བྱ་བ་ནི་རང་དང་འདྲ་བར་སོན་པ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་དེ་བཞིན་གཤེགས་པ་གསུམ་གྱི་རྣམ་པར་དག་པའི་ཆོས་

เล่ม ๔๖ · หน้า 264a

ཀྱི་འབྱུང་གནས་ཞེས་བྱ་བའི་དོན་ཏོ། །ངེས་པར་ཕྱུང་ཞེས་བྱ་བ་ནི་ཡང་དག་པར་སྤྲོས་ཏེ་གནས་ཇི་ལྟ་བ་བཞིན་དུ་རྣམ་པར་བཀོད་པ་སྟེ། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་ས་བོན་སྤྲོས་པའི་གནས་སྐབས་ལས་སོ། །དབུས་སུ་ཡ་ཞེས་པ་ནི་གཙོ་བོ་གཤིན་རྗེ་གཤེད་

ཀྱི་ས་བོན་དུ་ཡ་ཤུགས་ཀྱིས་རྟོགས་པར་བྱའོ། །ཞུ་བར་གྱུར་པ་ལས་གཤིན་རྗེ་གཤེད་ཡིན་ལ། དེའི་ཚེ་ས་བོན་ཡི་གེར་བྱའོ། །ད་ནི་ཡཀྵེ་མ་མེ་ད་ལ་སོགས་པ་ཉིད་སྤྲོས་ཏེ་གནས་ཇི་ལྟ་བ་རྣམས་སུའོ། །ཀྵེ་མ་མེ་ད་དག་ནི་ནང་གི་རིམ་པའི་ཕྱོགས་སུ་གནས་པ་སྟེ་ལྷག་མའོ། །ཡ་ཛ་

ནི་ར་ནི་ཕྱི་རོལ་གྱི་སྒོ་བཞི་པོ་རྣམས་སུའོ། །ཛ་ས་དོ་རུ་ནི་ནང་གི་རིམ་པའི་མཚམས་རྣམས་སུའོ། །ཎ་ཡོ་ནི་རཱ་ནི་ཕྱི་རོལ་གྱི་རིམ་པའི་གྲྭ་བཞི་པོ་རྣམས་སུའོ། །ལྷའི་དབྱེ་བས་ས་བོན་གྱི་ཡི་གེའི་རྣམ་པར་དབྱེ་བ་གསུངས་པ། ར་སོགས་དང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། གཤིན་རྗེ་

གཤེད་ཅེས་བྱ་བ་ནི་མི་བསྐྱོད་པའོ། །གཏི་མུག་ཅེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །ཕྲ་མ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །འདོད་ཆགས་ཞེས་པ་ནི་སྣང་བ་མཐའ་ཡས་སོ། །ཕྲག་དོག་ཅེས་པ་ནི་དོན་ཡོད་གྲུབ་པའོ། །གཤིན་རྗེ་འཇོམས་པ་ལྔ་རུ་གྲགས། །ཞེས་བྱ་བ་ནི་མི་བསྐྱོད་

པ་ལ་སོགས་པ་དེ་ཉིད་ལ། གཤིན་རྗེ་འཇོམས་པ་ལྔ་རུ་གྲགས། །ཞེས་མངོན་པར་བརྗོད་པའོ། །དེའི་རྗེས་ལ་ཕྱག་རྒྱའི་སྐབས་སུ་དཀྱིལ་འཁོར་པ་ཐམས་ཅད་ཀྱི་དབུ་ལ་གཤིན་རྗེ་འཇོམས་པ་བསྒོམ་པར་བྱའོ་ཞེས་པ་ནི། དེ་བཞིན་གཤེགས་པ་ཉིད་ཇི་ལྟར་རིགས་པ་བསྒོམ་པར་བྱ་ཞེས་པའོ། །

ད་ནི་རྡོ་རྗེའི་ར་བ་དང་རྡོ་རྗེའི་གུར་གྱི་ནང་དུ་གནས་པའི་ནམ་མཁའི་བདག་ཉིད་ཀྱིས་སྟོང་པར་འཆད་པར་འགྱུར་བའི་གཞལ་ཡས་ཁང་གི་དབུས་སུ་གཤིན་རྗེ་གཤེད་པོ་བཞུགས་པའི་དོན་དུ་གསུངས་པ། ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་ཏེ་དེ་ལ་ནམ་མཁའ་རྡོ་རྗེ་ནི་ནམ་མཁའ་འབྱུང་བ་

ཆེན་པོ་སྟེ། རྡོ་རྗེ་ར་བ་དང་རྡོ་རྗེའི་གུར་གྱི་ནང་དུ་གནས་པའི་ནམ་མཁའི་རང་བཞིན་ནོ། །དེའི་དབུས་སུ་ནི་དེར་ཁྱབ་ཅེས་བྱ་བའི་དོན་ཏོ། །སྣ་ཚོགས་རྡོ་རྗེ་ཞེས་པ་ནི་ཧཱུཾ་ཡིག་ལས་སྐྱེས་པ་སྔར་གྱི་སྣ་ཚོགས་རྡོ་རྗེ་ཉིད་དོ། །བསམ་ཞེས་པ་ནི་དྲན་པ་སྟེ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ལས་དབུས་སུ་ནག་

เล่ม ๔๖ · หน้า 264b

པོ་དང་། ཤར་དུ་དཀར་པོ་དང་། ལྷོར་སེར་པོ་དང་། ནུབ་ཏུ་དམར་པོ་དང་། བྱང་དུ་ལྗང་གུ་དང་། དེ་ཡི་དཀྱིལ་བཞུགས་གཤིན་རྗེ་གཤེད། །ཅེས་བྱ་བ་ནི་སྣ་ཚོགས་རྡོ་རྗེ་དེའི་མུ་ཁྱུད་དུ་གནས་པའི་གཞལ་ཡས་ཁང་གི་དབུས་སུ་གནས་པའོ། །གཞན་ཡང་རྡོ་རྗེ་སེམས་དཔའ་ཞུ་བར་གྱུར་པ་ལས་རྡོ་

རྗེའི་གླུས་བསྐུལ་ནས་བཞེངས་པར་རྟོགས་པར་བྱའོ། །ཤར་རྩིབས་ཞེས་བྱ་བ་ནི་ཤར་ཕྱོགས་ཀྱི་ཆའོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་གི་ཕྱོགས་ཀྱི་ཆར་ཡང་རྟོགས་པར་བྱའོ། །མཚམས་ཞེས་བྱ་བ་ནི་ནང་གི་རིམ་པའི་གྲྭ་རྣམས་སུའོ། །རྡོ་རྗེ་རྩིབས་བཞི་ལ་ཞེས་བྱ་བ་ནི་རྡོ་རྗེ་ནི་གཏི་མུག་རྡོ་རྗེ་

གཤིན་རྗེ་གཤེད་ལ་སོགས་པའོ། །དེ་རྣམས་ཀྱི་རྩེ་མོ་ནི་ཆོས་ཀྱི་བརྡ་གྲྭ་རྣམས་སུའོ། །ཙརྩི་ཀ་ལ་སོགས་ཞེས་བྱ་བ་ནི་ཙརྩི་ཀ་དང་། ཕག་མོ་དང་། དབྱངས་ཅན་མ་དང་། གཽ་རི་མའོ། །སྒོ་བཞི་རྩེ་ཞེས་བྱ་བ་ནི་ཕྱི་རོལ་གྱི་འཕར་མའི་སྒོ་རུ་གང་སྣ་ཚོགས་རྡོ་རྗེའི་རྩེ་མོ་བཞི་སྟེ་རྩེ་མོ་ལྔ་པ་རྣམ་པ་བཞིའོ། །

དེ་དང་ཉེ་བར་གྱུར་པའི་སྒོ་ཉིད་དུ་ཞེས་པའི་དོན་ཏོ། །སྣ་ཚོགས་རྡོ་རྗེའི་གྲྭ་རྣམས་སུ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་གཞལ་ཡས་ཁང་གི་གྲྭ་རྣམས་སུའོ། །མིའི་མགོ་བོ་ནི་སྐྱེས་པའི་ཐོད་པ་ཁྲག་གིས་གང་བ་རྣམས་ཏེ་སྣ་ཚོགས་པདྨའི་སྟེང་དུ་གནས་པའོ། །ལྷ་རྣམས་ཀྱི་

སྔགས་ཀྱི་བཟླས་པ་བསྟན་པའི་དོན་དུ་དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། གཤིན་རྗེ་གཤེད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་འབྲས་བུའི་གཤིན་རྗེ་གཤེད་འབྱུང་བར་འགྱུར་བའི་གནས་སྐབས་ཐོབ་ཅེས་བྱ་བའི་དོན་ཏོ། །སྔགས་བཟླས་ཞེས་པ་ལྷག་

མའོ། །གསུངས་ཞེས་པ་ནི་ད་ལྟ་ཉིད་དུ་གསུངས་པར་འགྱུར་བའོ། །དཀྱིལ་འཁོར་པའི་བཟླས་པའི་སྔགས་གསུངས་པ། དེ་ཡང་ཞེས་བྱ་བ་ལ་སོགས་པའི་ཚིག་བཅུ་གཉིས་པོ་རྣམས་ཀྱིས་སོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་

བདག་པོ་དང་དཀྱིལ་འཁོར་པ་རྣམས་ཀྱིའོ། །ཞེ་སྡང་ཆེན་པོའི་སྐུ་ཞེས་པ་ནི་ཞེ་སྡང་གཤིན་རྗེ་གཤེད་ཀྱི་སྐུའོ། །ཞལ་གསུམ་ཞེས་པ་ནི་རྩ་བ་ནག་པོ་དང་། གཡས་དཀར་པོ་དང་། གཡོན་དམར་པོའོ། །ཕྱག་ཅེས་པ་ནི་གཡས་པའི་ཕྱག་ན་རྡོ་རྗེས་ཉེ་བར་མཚན་པའི་ཕྱིར་རོ། །ཕྱག་

เล่ม ๔๖ · หน้า 265a

གཞན་གཉིས་ན་རལ་གྲི་དང་གྲི་གུག་འཛིན་པའོ། །དེ་བཞིན་དུ་གཡོན་པའི་ཕྱག་གསུམ་ན་འཁོར་ལོ་དང་པདྨ་དམར་པོ་དང་ཐོད་པ་འཛིན་པའོ། །ཞལ་གསུམ་པ་ཞེས་རྩ་བ་ནག་པོ་དང་། གཡོན་པ་དམར་པོ་དང་། གཡས་ནག་པོའོ། །ཞི་བ་ནི་ཞི་བའི་ལས་ཀྱིས་ཕན་པའོ། །

གསལ་བའི་གཟུགས་ནི་ཟླ་བའོ། །དེ་དང་མཉམ་པའི་འོད་ཟེར་དཀར་པོའོ། །ཕྱག་ཅེས་པ་ནི་གཡས་པ་སྟེ་འཁོར་ལོས་ཉེ་བར་མཚོན་པའི་ཕྱིར། ཕྱག་གཞན་གཉིས་སུ་ཡང་རལ་གྲི་དང་གྲི་གུག་འཛིན་པའོ། །དེ་བཞིན་དུ་གཡོན་པའི་ཕྱག་གསུམ་ན་རིན་པོ་ཆེ་དང་པདྨ་དང་ཐོད་པ་རྣམས་སོ། །

ཞལ་གསུམ་ཞེས་པ་ནི་རྩ་བ་སེར་པོ་དང་། གཡས་དཀར་པོ་དང་། གཡོན་ནག་པོའོ། །རྒྱས་པ་ནི་རྒྱས་པའི་ལས་ཀྱི་ཕན་པའོ། །གསེར་བསྲེག་པའི་རྣམ་པ་ཞེས་པ་ནི་བསྲེགས་པས་མདོག་བཟང་པོ་སྟེ་དེའི་འོད་དོ། །ཕྱག་ཅེས་པ་ནི་གཡས་པ་ན་རིན་པོ་ཆེས་ཉེ་བར་མཚོན་པའི་ཕྱིར། གཞན་གྱི་

ཕྱག་གཉིས་སུ་ཡང་རལ་གྲི་དང་གྲི་གུག་གོ། །གཡོན་པའི་ཕྱག་གསུམ་ན་འཁོར་ལོ་དང་པདྨ་དང་ཐོད་པ་རྣམས་སོ། །ཞལ་གསུམ་ཞེས་པ་ནི་རྩ་བ་དམར་པོ་དང་། གཡས་དཀར་པོ་དང་། གཡོན་སྔོན་པོའོ། །དབང་ནི་དབང་དུ་བྱེད་པའི་ལས་ཀྱི་ཕན་པའོ། །པདྨ་རཱ་ག་ཞེས་པ་ནི་རིན་པོ་ཆེ་དམར་

པོའོ། །ཕྱག་ནི་གཡས་པ་ན་པདྨས་ཉེ་བར་མཚོན་པའི་ཕྱིར། ཕྱག་གཉིས་སུ་ཡང་རལ་གྲི་དང་གྲི་གུག་གོ། །གཡོན་པར་ནི་འཁོར་ལོ་དང་རིན་པོ་ཆེ་དང་ཐོད་པ་རྣམས་སོ། །ཞལ་གསུམ་ཞེས་པ་ནི་རྩ་བ་ལྗང་གུ་དང་། གཡས་ནག་པོ་དང་། གཡོན་སེར་པོའོ། །ཐམས་ཅད་ནི་ལས་ཐམས་ཅད་པའོ། །

མརྒད་ནི་རིན་པོ་ཆེ་ལྗང་གུའོ། །ཕྱག་གཡས་པའི་ཕྱག་ན་ཤུགས་ཅན་ཏེ་རལ་གྲིས་ཉེ་བར་མཚོན་པའི་ཕྱིར། ཕྱག་གཞན་གཉིས་སུ་ཡང་རྡོ་རྗེ་དང་གྲི་གུག་གོ། །གཡོན་པ་ནི་འཁོར་ལོ་དང་པདྨ་དང་ཐོད་པ་རྣམས་སོ། །དེ་ལྟར་ནང་གི་རིམ་པར་གནས་པའི་གཤིན་རྗེ་གཤེད་པོ་ལྔ་གསུངས་

ནས། ལེའུ་རྫོགས་པར་གསུངས་པ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གང་སྐུ་དང་། གསུང་དང་། ཐུགས་ནི་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །གང་དེ་ཡོངས་སུ་གྱུར་པ་ནི་གཤིན་རྗེ་གཤེད་ནག་པོ་སྟེ་དེ་ནི་དེ་བཞིན་གཤེགས་པ་ཐམས་

เล่ม ๔๖ · หน้า 265b

ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དོ། །དེ་ཉིད་རྒྱུད་དེ་དག་གསལ་བར་བྱེད་པ་ག་ལ་ཡོད་པ་དེ་ནི་རྒྱུད་དོ། །དེ་ལས་ཞེས་པ་ནི་ཕྱོགས་གཅིག་པ་ལས་སོ། །མངོན་པར་ཞེན་པ་ནི་མངོན་པར་དང་བ་ཐམས་ཅད་ལས་ཏེ། ཐམས་ཅད་ཀྱི་རང་བཞིན་གྱིས་ཡང་དག་པར་ཐོབ་ཅིང་མངོན་དུ་བྱེད་ཀྱི་

རང་བཞིན་གྱིས་གང་ཐོབ་པ་དེ་ལྟ་བུ་ནི་མངོན་པར་རྟོགས་པའོ། །མི་ཤེས་པ་ཀུན་གྱི་སྒྲིབ་གཡོགས་པའི་སྣམ་བུ་དང་འདྲ་བས་སྣམ་བུའོ། །དེར་ལེན་ཞིང་འཛིན་པས་ན་ལེའུའོ། །མངོན་པར་རྟོགས་པ་ཡང་འདི་ཡིན་ལ་ལེའུ་ཡང་འདི་ཡིན་པས་མངོན་པར་རྟོགས་པའི་ལེའུའོ། །ལེའུ་དང་པོའི་བཤད་

པ་རྫོགས་སོ།། །།སློབ་མ་ལ་སོགས་པའི་དབང་དུ་བྱ་སྟེ་དཀྱིལ་འཁོར་བྲི་བ་ལ་སོགས་པའི་དོན་དུ་སློབ་དཔོན་ལ་བསྟོད་པ་བརྗོད་པ་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་ཆེན་པོ་ཞེས་པ་ལ་ཆེན་པོ་ནི་ཐམས་ཅད་སྡུད་པར་མཛད་པའོ། །

རྡོ་རྗེ་ནི་བྱང་ཆུབ་ཀྱི་རང་བཞིན་གྱིས་སོ། །དེ་སྐད་དུ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཞེས་གསུངས་པས་སོ། །དེ་ལ་སེམས་དཔའི་ནི་གང་ཡོད་པའི་ཕྱིར་དང་། དེའི་རང་བཞིན་གྱི་ཕྱིར་རོ། །བསྟོད་པ་གང་གི་བསྟོད་ཅེ་ན་གསུངས་པ་གཏི་མུག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ། །ལྷའི་འཁོར་ལོ་བསྒོམས་

པའི་རྗེས་ལ་མིག་ལ་སོགས་པ་བྱིན་གྱིས་བརླབ་པར་གསུངས་པ། རྡོ་རྗེ་མིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གསུངས་པ་ཞེས་པ་ནི་གསུངས་ནས་སོ། །མིག་ལ་སོགས་པ་རྣམས་བྱིན་གྱིས་བརླབས་ནས་གང་དེའི་དམ་ཚིག་ནི་བརྡ་སྟེ་མིག་ལ་སོགས་པ་བྱིན་གྱིས་བརླབ་པའི་སྔགས་

ཞེས་པའི་དོན་ཏོ། །གླེགས་བམ་ལ་ལར་ནི་དང་པོའི་མཐའ་ཅན་གྱི་ཚིག་གོ། །དེའི་དོན་ནི་འདི་ཡིན་ཏེ་མིག་ལ་སོགས་པ་བྱིན་གྱིས་བརླབ་པའི་དམ་ཚིག་གང་གིས་བཅོམ་ལྡན་འདས་ཞེས་པའོ། །ཁྱད་པར་བླངས་ཏེ་འགྲོ་བའི་ཕྱིར་སོ་སོར་བྱེད་པ་འབྲུ་མང་པོ་པར་བསྡུ་བའོ། །དེ་ལྟར་ན་ནི་

ཕྱི་ནས་ཀྱང་དེ་ལྟ་བུའི་ཚིག་ཏུ་རྟོགས་པར་བྱའོ། །བསྟོད་པ་གསུངས་པའི་དགོངས་པ་དཀྱིལ་འཁོར་བྲི་བར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇོམས་ཞེས་པ་ནི་རབ་ཏུ་གཏུམ་པར་བྱིན་གྱིས་བརླབས་ནས་སོ། །དཀྱིལ་འཁོར་ཞེས་པ་ནི་བྱང་ཆུབ་སེམས་

เล่ม ๔๖ · หน้า 266a

ཀྱི་རང་བཞིན་ཡིན་པས་ནའོ། །དེ་སྐད་དུ་ཡང་དཔལ་གསང་བ་འདུས་པ་ལས། བྱང་ཆུབ་སེམས་ནི་དཀྱིལ་འཁོར་རོ། །ཞེས་གསུངས་སོ། །གཤིན་རྗེའི་དགྲ་ནི་གཤིན་རྗེ་གཤེད་དོ། །དེ་དང་རབ་མཚུངས་ནི་དེ་དང་འདྲ་བ་སྟེ་དེར་བྱ་བ་དང་བྱེད་པའི་ཕྱིར་རོ། །འདོད་པའི་

དོན་ཀུན་སྒྲུབ་པར་བྱེད། །ཅེས་བྱ་བ་ནི་གང་འདོད་པའི་དོན་ཇི་སྲིད་པ་སྟེ། ཞི་བ་ལ་སོགས་པ་དེར་སྒྲུབ་པར་བྱེད་པའོ། །ཁྱད་པར་ནི་དབུས་ན་བཞུགས་པའི་སྐུ་མདོག་དང་མཚན་མ་ལ་སོགས་པའི་དབྱེ་བས་སོ། །དཀྱིལ་འཁོར་གྱི་ཐིག་སྐུད་གསུངས་པ་སཏྭ་ཞེས་བྱ་བ་ལ་སོགས་པ་སྟེ། ལེགས་

པར་བསྒྲུབས་ཞེས་པ་ནི། དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པ་ལྔ་སྟེ། སྐུད་པ་རྣམ་པ་ལྔ་ཁ་དོག་རྣམ་པ་ལྔར་བྱས་པའི་ཉི་ཤུ་རྩ་ལྔ་བདག་ཉིད་ཀྱིས་སོ། །ལེགས་པའི་ཚད་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཉིས་འགྱུར་གྱིས་རིང་བས་སོ། །མཛེས་པ་ཞེས་པ་ནི་རབ་ཏུ་ལེགས་པ་ནའོ། །

སྦོམས་སུ་ནི་དཀྱིལ་འཁོར་གྱི་སྒོའི་ཉི་ཤུ་ཆ་ཞེས་པའི་དོན་ཏོ། །སྐུད་པ་ཞེས་པ་ནི་སྔགས་ཀྱིས་བྱིན་གྱིས་བརླབས་པ་ལས་བྱས་པའི་ཡེ་ཤེས་ཀྱི་སྐུད་པའོ། །ཐིག་གདབ་ཅེས་བྱ་བ་ལ་མན་ངག་འདི་ཡིན་ཏེ། དཀྱིལ་འཁོར་ཁྲུ་གང་པའི་དབང་དུ་བྱས་ནས་ཁྲུ་གསུམ་པའི་ཆ་ལ་གྲུ་བཞི་ལེགས་པར་

བྱས་ལ། དབུས་ཀྱི་ཆར་ལག་པ་གཡོན་པའི་མཐེ་བོང་དང་མཛུབ་མོས་སྐུད་པ་བཟུང་ནས་ལག་པ་གཡས་པས་རྡོ་རྒྱུས་དང་བཅས་པའི་སྐུད་པའི་རྩེ་མོ་བཟུང་སྟེ་རི་མོ་ཟླུམ་པོ་གཅིག་ཀུན་ནས་བསྐོར་བར་བྱའོ། །དེ་ནས་ཤར་དང་། ནུབ་དང་། བྱང་དང་། ལྷོ་རུ་སློབ་དཔོན་དང་སློབ་མ་མངོན་པར་

ཕྱོགས་པ་ཡང་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་ཀྱི་ལྷའི་བདག་ཉིད་དུ་བྱས་པའི་རྣལ་འབྱོར་པས་རིམ་པ་ཇི་ལྟ་བ་བཞིན་དུ་དབུས་ཀྱི་ཆར་ཚངས་ཐིག་གཉིས་གདབ་པར་བྱའོ། །དེ་བཞིན་དུ་རླུང་དང་། །མེ་དང་། དབང་ལྡན་དང་། བདེན་བྲལ་དུ་གནས་ལ་མཚམས་ཀྱི་ཐིག་གཉིས་

ཀྱང་གདབ་སྟེ། དེ་དག་གི་བར་དག་ཀྱང་མཉམ་པ་དང་ཚད་དང་ལྡན་པའོ། །དེའི་དབུས་སུ་དང་པོ་རྐང་པ་གཅིག་གིས་མ་ཆོག་པའི་སོར་མོ་བཅུ་ནས་བཟུང་སྟེ་རི་མོ་ཟླུམ་པོ་གཅིག་ཀུན་ནས་བསྐོར་བར་བྱའོ། །དེའི་རྗེས་ལ་ཡང་མཐེ་བོ་གང་དུ་རྐང་པ་གཅིག་གིས་མཆོག་པའི་རི་མོ་ཟླུམ་པོ་གཅིག་

เล่ม ๔๖ · หน้า 266b

པོ་ནི་རྡོ་རྗེ་ཕྲེང་བའི་དོན་དུའོ། །དེ་ནས་དེའི་རྗེས་ལ་སོར་ལྔ་པའི་རི་མོ་ཕྲ་མོ་གཅིག་ཕྱོགས་བཞི་པོ་རྣམས་སུའོ། །དེ་ནས་རྐང་པ་གཅིག་གིས་མ་ཆོག་པའི་མཐེ་བོང་གང་གི་རི་མོའོ། །དེ་ལྟར་རེའུ་མིག་དགུར་གནས་པ་ལས་ལྷག་པའི་རི་མོ་རྣམས་ཕྱིས་ལ་ཇི་ལྟར་མཛེས་པར་རེའུ་མིག་དང་ཀ་བ་རྣམས་

བྲི་བར་བྱའོ། །དེ་ནས་ཤར་ཕྱོགས་ཀྱི་ཚངས་པའི་སྐུད་པ་ལས་ལྷག་པར་རྡོ་རྗེ་ཕྲེང་བའི་ཕྱི་རོལ་དུ་རི་མོ་མཐེ་བོང་ཕྱེད་དང་གཉིས་ནི་ཚོན་སྣའི་སའི་དོན་དུ་སྟེ། མེ་དང་དབང་ལྡན་གྱི་མཚམས་སུ་འམ་ཐིག་གཅིག་གིས་ཁྱད་པར་སྐུད་པ་གཅིག་གདབ་པར་བྱའོ། །དེ་ནས་གྲྭ་ཞེས་བྱ་བ་ཚོན་སྣ་ལྔའི་དོན་

དུའོ། །གཞན་དག་ནི་རྐང་པ་གཅིག་གིས་མ་ཆོག་པའི་མཐེ་བོ་གང་སའི་ཆའོ། །དེའི་ཕྱི་རོལ་དུ་ཚངས་པའི་སྐུད་པའི་ངོས་ནས་མཐེ་བོང་ཕྱེད་དང་གཉིས་བོར་ཏེ་རི་མོ་གསུམ་གྱིས་རིང་བ་རྐང་པ་གཅིག་གིས་མ་ཆོག་པའི་མཐེ་བོ་གང་གི་དབུས་སུ་ཐིག་གཉིས་གཉིས་ནི་ངོས་ཞེས་བྱ་བ་སྟེ་རི་མོ་

ལྔའི་དོན་དུའོ། །དེ་ནས་ལོགས་སུ་སོར་ཕྱེད་དང་གཉིས་ཀྱི་ཚད་དུ་རྐང་པས་མ་ཆོག་པའི་མཐེ་བོ་གང་གི་དབུས་སུ་འགྲམ་ཞེས་བྱ་སྟེ་རི་མོ་ལྔའི་དོན་དུ་སྐུད་པ་གཉིས་གཉིས་སོ། །དེ་ནས་ཕྱོགས་ཞེས་པ་སྟེ། རི་མོ་ལྔའི་དོན་དུ་སོར་ཕྲ་བ་ཕྱེད་དང་གཉིས་ཀྱི་ཚད་རྐང་པ་གཅིག་གིས་མཆོག་

པའི་མཐེ་བོ་གང་བའི་དབུས་སུ་སྐུད་པ་གཉིས་གཉིས་སོ། །དེ་ནས་ངོས་གཉིས་སུ་ཁྱབ་པར་ནི་ཕྲག་གོང་ཞེས་བྱ་བ་སྟེ། རི་མོ་ལྔའི་དོན་དུ་རྐང་པ་གཅིག་གིས་མ་ཆོག་པའི་མཐེ་བོ་གང་བའི་དབུས་སུ་སྐུད་པ་གཉིས་གདབ་པར་བྱའོ། །དེའི་རྗེས་ལ་རྒྱ་གྲམ་ལས་ཕ་རོལ་ཏུ་མཐེབ་གང་བའི་ཚད་

ཙམ་རིན་ཆེན་ཐ་གུའི་དོན་དུའོ། །ལོགས་ཀྱི་སྐུད་པ་གཅིག་པོ་ངོས་གཉིས་སུ་གདབ་པར་བྱའོ། །དེ་ནས་རིན་ཆེན་ཕ་གུ་ལས་ཕྱི་རོལ་དུ་ལོགས་ལས་རྐང་པས་མ་ཆོག་པའི་མཐེ་བོང་གང་བོར་བ་དང་། ཡང་རྐང་པས་མ་ཆོག་པའི་མཐེ་བོང་གང་གི་བར་དུ་སྐུད་པ་གཉིས་ངོས་གཉིས་སུ་གདབ་པ་ནི་ཀ་བའི་

དོན་དུའོ། །ཡ་ཕུབས་ཀྱི་སྟེང་དུ་རྐང་པས་མ་ཆོག་པའི་མཐེ་བོང་གང་ནི་ཀ་བའི་མགོ་བོར་གདབ་པར་བྱའོ། །དེ་ནས་ཀ་བའི་ཕྱི་རོལ་གྱི་ངོས་གཉིས་སུ་རིན་ཆེན་སྣམ་བུ་ལས་ཕྱི་རོལ་དུ་སོར་ཕྱེད་དང་གཉིས་ཀྱི་སྐུད་པ་གཅིག་པོ་ནི་གཟུངས་ཀྱི་སྣམ་བུའི་ངོས་གཉིས་སུ་གདབ་པར་བྱའོ། །དེ་ནས་

เล่ม ๔๖ · หน้า 267a

རིན་ཆེན་སྣམ་བུའི་དོན་དུ་སྔར་བཞིན་དུ་སྐུད་པ་གཅིག་གོ། །དེ་ནས་རིན་ཆེན་སྣམ་བུ་ལས་ཕྱི་རོལ་དུ་མཐེ་བོང་ཕྱེད་དང་གཉིས་ཀྱི་སྐུད་པ་གཅིག་པོ་སྟེ་དྲ་བ་དང་དྲ་བ་ཕྱེད་པའི་དོན་དུའོ། །དེ་ནས་སྔར་བཞིན་དུ་རིན་ཆེན་སྣམ་བུའི་སྐུད་པའོ། །དེ་ནས་ཀ་བའི་མགོའི་སྟེང་དུ་ངོས་ལས་རྐང་པས་

མ་ཆོག་པའི་མཐེབ་གང་བོར་བར་བཅུ་གཅིག་རྡོ་རྗེས་མཚོན་པའོ། །རྡོ་རྗེའི་བླ་རེ་ནི་རྐང་པས་མ་ཆོག་བའི་མཐེབ་གང་ཙམ་ཀ་བའི་མགོ་བོ་ལས་འཕྱང་ཞིང་ཤར་བུ་གཉིས་གཡོ་བ་ཇི་ལྟར་མཛེས་པས་སོ། །དེ་ནས་དྲ་བ་དང་དྲ་བ་ཕྱེད་པའི་མཚམས་ཀྱི་སྣམ་བུ་ལ་ཆུ་སྲིན་གྱི་གདོང་པ་བདུན་པོ་རྣམས་

ཏེ། རིན་པོ་ཆེའི་སྣམ་བུ་ལས་བཏགས་པ་དེའི་ཁའི་ངོས་གཉིས་ནས་མུ་ཏིག་གི་ཕྲེང་བའོ། །དྲ་བ་དང་དྲ་བ་ཕྱེད་པ་ཀུན་གྱི་དབུས་སུ་པདྨའི་གདན་ལ་གནས་པའི་ཟླ་བ་ཕྱེད་པ་དང་། ཉི་མ་ལ་གནས་པའི་རིན་པོ་ཆེའི་སྟེང་དུ་རྡོ་རྗེ་ཕྱེད་པ་རྣམས་རབ་ཏུ་འཕྱང་བར་གྱུར་པའོ། །ཆུ་སྲིན་གྱི་

ཁའི་དབུས་སུ་འཕྱང་བ་རྣམས་ནི་ཆེ་ཞིང་དྲི་མ་མེད་པའི་ནོར་བུ་རྩེ་མོ་གཅིག་བཏགས་པས་མཛེས་པར་གྱུར་པའོ། །ངོས་གཉིས་ཀྱི་ཕྲེང་བ་ནི་ཅུང་ཟད་ཆུང་བ་སྟེ་ཕྲེང་བ་གསུམ་མོ། །དེ་ནས་སྒོའི་ངོས་གཉིས་ཀྱི་ཚོན་གྱི་ས་གཞི་ལ་པདྨའི་སྟེང་དུ་གནས་པའི་བུམ་པ་གཉིས་ཀྱང་ཇི་ལྟར་མཛེས་པར་བྲི་བར་

བྱའོ། །གཟུངས་ཞེས་བྱ་བ་ནི་སྣམ་བུ་ཡང་བརྩེ་བ་དང་བཅས་པའོ། །དེ་ནས་གྲྭ་བཞི་པོ་རྣམས་སུ་རྡོ་རྗེས་མཚན་པའི་ནོར་བུ་དབྱིག་པ་ལ་བཏགས་པའི་རྔ་མ་གཡོ་ཞིང་འཁྲོལ་བའོ། །འཕན་གྱི་ཚར་ཚར་ཡང་མཐར་སླེབ་པའི་ཇི་ལྟར་ལེགས་པ་གདུགས་དང་ཡང་ངོ་། །ཀ་བ་དང་རིན་ཆེན་སྣམ་

བུའི་དབུས་སུ་ཡང་བུམ་པ་བཟང་པོ་ལ་གནས་པའི་དཔག་བསམ་གྱི་ཤིང་བྲི་བར་བྱའོ། །ངོས་དང་ཀ་བའི་བར་གྱི་མཐོངས་སུ་རྡོ་རྗེ་རིན་ཆེན་བྲི་བར་བྱའོ། །རྡོ་རྗེའི་བླ་རེའི་སྟེང་དུ་མེ་ཏོག་གི་ཕྲེང་བའི་སྣམ་བུ་སྟེ། མཐེ་བོང་གཉིས་སུ་རྒྱས་པ། ངོས་གཉིས་སུ་རྐང་པ་གཉིས་ཀྱིས་ལྷག་པ་གྲུ་བཞི་པའོ། །

དེའི་རྗེས་ལ་ནོར་བུ་སྟེ། རྐང་པ་གསུམ་གྱིས་རྒྱས་པ་རིང་བ་ནི་མེ་ཏོག་དང་མཉམ་པའོ། །དེ་ནས་ངོས་གཉིས་སུ་རྐང་པས་ཆུང་བ་ཕ་གུའི་སྣམ་བུའོ། །རྐང་པ་གཉིས་ཀྱིས་ཆེ་བ་རྟའི་རྨིག་པ་དང་འདྲ་བ་མདོག་སྣ་ཚོགས་པའི་རྨིག་པ་ལྟ་བུའི་དབུས་སུའོ། །དེ་ནས་མདོག་བཟང་པོའི་སྣམ་

เล่ม ๔๖ · หน้า 267b

བུའི་ཞེང་དང་བཅས་པ་མདོག་སེར་པོ་ངོས་གཉིས་སུ་རྐང་པ་གཉིས་གཉིས་ཀྱིས་ཆུང་བའོ། །དེ་ནས་མུན་པའི་སྣམ་བུ་ཞེང་དུ་མཐེ་བོང་གཉིས་པ། ངོས་གཉིས་སུ་མཐེ་བོང་གཉིས་ཆུང་བའོ། །དེ་ནས་སྔར་གྱི་མདོག་བཟང་པོའི་སྣམ་བུའོ། །དེ་ནས་རྨིག་རྗེས་ལྟ་བུའི་སྣམ་བུ་

ཞེང་དུ་རྐང་པ་གཉིས་སོ། །མདོག་བཟང་པོའི་སྣམ་བུ་ལས་ངོས་གཉིས་སུ་རྐང་པ་གཉིས་ཀྱིས་ལྷག་པའོ། །དེ་ནས་ནོར་བུ་ནི་ཞེང་དུ་རྐང་པ་གསུམ་པའོ། །ངོས་གཉིས་སུ་རྐང་པ་ལྷག་པའོ། །དེ་ནས་རྨིག་རྗེས་ལྟ་བུའི་སྣམ་བུ་བཞི་ནི་སྔར་གྱི་རྨིག་རྗེས་ལྟ་བུའི་སྣམ་བུ་

བཞིན་ནོ། །དེ་ནས་གསེར་གྱི་སྣམ་བུ་ནི་སྔར་གྱི་མདོག་བཞིན་ནོ། །དེ་ནས་ཀྲ་མ་ཤིཪྵ་ནི་སྟེང་དུ་མཐེ་བོང་ཕྱེད་དང་གཉིས་པ་ངོས་གཉིས་སུ་མཐེ་བོང་གི་རྐང་པ་རྐང་པས་ཆུང་བའོ། །དེ་ནས་རྐང་པ་གཅིག་གི་ཚད་པདྨའི་གདན་གྱི་སྟེང་དུ་རྐང་པ་དང་བཅས་པའི་སོར་མོའི་ཚད་རི་དགས་

ཀྱི་ལུས་ཀྱི་དབུས་སུའོ། །དེའི་སྐྱེ་ནི་སོར་ཕྱེད་དང་གཉིས་ཀྱི་ཚད་དོ། །མགོ་བོ་ནི་སོར་མོ་ཕྱེད་དང་གཉིས་ཀྱི་ཚད་དོ། །དེའི་སྟེང་དུ་སོར་མོ་ཕྱེད་བོར་བར་རི་མོ་གཅིག་གིས་བསྐོར་བར་བྱའོ། །དེའི་ཕྱི་རོལ་དུ་པདྨའི་ཕྲེང་བ་མཐེ་བོ་གསུམ་གྱི་ཚད་དོ། །དེའི་ཕྱི་རོལ་དུ་རྡོ་རྗེ་ཕྲེང་བ་སོར་གསུམ་གྱི་ཚད་དོ། །

ཇི་ལྟར་མཛེས་པར་འོད་ཟེར་ལྔ་དང་བཅས་པའོ། །དེ་ལྟར་ངོས་རེ་རེར་ཁྲུ་གང་གྲྭ་ལས་ཕྱི་རོལ་དུའོ། །དེ་ནས་ནང་དུ་ཁྲུ་གང་བའི་དཀྱིལ་འཁོར་ནི་གྲུ་གསུམ་དུ་གྱུར་པའོ། །དེ་ནས་རི་དགས་གཉིས་ཀྱི་དབུས་སུ་རྐང་པ་གཅིག་གིས་མ་ཆོག་པའི་མཐེབ་གང་གི་པདྨའི་གདན་གྱི་སྟེང་དུ་རྐང་པས་མ་ཆོག་པའི་

མཐེབ་གང་བའི་གདན་བོར་ཏེ་འཁོར་ལོའི་རྩིབས་བཅུ་གཉིས་པ་སོར་ཕྱེད་དང་གཉིས་ཀྱི་ཚད་དོ། །དབུ་མའི་རྩེ་མོ་དག་ལའོ། །རྩེ་མོ་གཞན་པ་བཞི་རྣམས་ནི་ངོས་གཉིས་སུ་བྲི་བར་བྱའོ། །རི་དགས་གཉིས་ཀྱི་མདུན་དུ་འཕན་གཉིས་འཕྱང་བ་ནི་རི་དགས་ཀྱི་མཇུག་མ་ལ་སླེབས་པའོ། །རི་དགས་ཀྱི་

ཕྱི་ཕྱོགས་ཀྲ་མ་ཤིཪྵའི་སྟེང་དུ་ཤར་དང་། ནུབ་དང་བྱང་དང་ལྷོ་ཇི་ལྟ་བའི་རིམ་པས་ཁ་ཕྱི་ཕྱོགས་སུ་བལྟས་པའི་སེང་གེ་དང་། ངང་པའི་རྒྱལ་པོ་དང་། རྨ་བྱ་དང་། ཆུ་སྲིན་གཉིས་གཉིས་བྲི་བར་བྱའོ། །དེ་ལྟར་ཁྲུ་གང་ནས་བརྩམས་ཏེ་ཇི་སྲིད་ཁྲུ་སྟོང་པའི་བར་དུ་དཀྱིལ་འཁོར་བྲི་བར་བྱའོ། །ཤེས་རབ་

เล่ม ๔๖ · หน้า 268a

ཅེས་པ་ནི་ཐིག་འདེབས་པ་ལ་མཁས་པའོ། །ཞི་བ་ལ་སོགས་རབ་འཇུག་པ། །ཞེས་བྱ་བ་ནི་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ལ་སོགས་པའི་ལས་བྱེད་པ་སྟེ། ཁྱད་པར་ནི་དབུས་སུ་གནས་པའི་མདོག་དང་མཚན་མའི་དབྱེ་བ་ལས་སོ། །ལས་ཀྱི་རྡོ་རྗེ་ནི་སྣ་

ཚོགས་རྡོ་རྗེའོ། །རྩེ་མོ་ལྔ་པ་ནི་རྭ་ལྔ་པའོ། །མཉམ་ལྡན་པ་ཞེས་བྱ་བ་ནི་ཕྱོགས་བཞི་པོ་རྣམས་ལའོ། །དེའི་དབུས་སུ་ཞེས་བྱ་བ་ནི་དེའི་མུ་ཁྱུད་ལ་གནས་པ་སྟེ་གཞལ་ཡས་ཁང་གི་ནང་གི་རིམ་པའི་དབུས་སུའོ། །རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་ནག་པོ་རྩེ་ལྔ་པའོ། །རྡོ་རྗེ་འབར་བ་ཞེས་པ་ནི་འོད་ཟེར་རྡོ་

རྗེའི་རྣམ་པ་ཅན་ནོ། །ཤར་གྱི་རྩིབས་ཞེས་པ་ནི་ནང་གི་རིམ་པ་ཉིད་དོ། །ཤར་དུའོ། །འཁོར་ལོ་ཞེས་པ་ནི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའོ། །འོད་ཟེར་ཞེས་པ་ནི་འཁོར་ལོའི་རྡོ་རྗེའི་འོད་ཟེར་ཉིད་དོ། །རིན་པོ་ཆེ་ཞེས་པ་ནི་མདོག་སེར་པོ་ཆ་དགུ་པའོ། །པདྨ་རཱ་གའི་མདངས་འདྲའི་འོད། །ཅེས་བྱ་

བ་ནི་འོད་ཟེར་དམར་པོའོ། །རལ་གྲི་ལྗང་གུ་ཞེས་པ་ནི་ལྷག་མའོ། །སྣ་ཚོགས་འབར་བ་ཞེས་པ་ནི་འོད་ཟེར་རྣམ་པ་ལྔའོ། །དེ་ལྟར་ནང་གི་རིམ་པ་ལ་དེ་བཞིན་གཤེགས་པ་རྣམ་པ་ལྔའི་མཚན་མ་བྲིས་ལ། དེ་དག་ཉིད་ཀྱི་གྲྭ་བཞི་པོ་རྣམས་སུ་མཚན་མ་བསྟན་པའི་དོན་དུ་ཤར་ཕྱོགས་ཀྱི་གྲྭ་ཞེས་བྱ་

བ་ལ་སོགས་པ་སྟེ་ཤར་གྱི་མཚམས་སུ་ཞེས་བྱ་བ་ནི་མེ་ཉིད་དུའོ། །ལྷོ་རུ་ཞེས་པ་ནི་བདེན་བྲལ་དུའོ། །ནུབ་ཏུ་ཞེས་པ་ནི་རླུང་དུའོ། །བྱང་དུ་ཞེས་པ་ནི་དབང་ལྡན་དུའོ། །ཕྱི་རོལ་གྱི་རིམ་པའི་སྒོ་བཞི་པོ་རྣམས་སུ་མཚན་མ་བྲི་བའི་དོན་དུ་ཐོ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཐོ་བ་ནི་ནག་པོ་རྡོ་རྗེ་རྩེ་

གསུམ་པས་མཚན་པའོ། །དབྱིག་པ་ནི་དཀར་པོ་རྡོ་རྗེ་རྩེ་གསུམ་པ་ནག་པོས་མཚན་པའོ། །པདྨ་ནི་པདྨ་དམར་པོའོ། །རྡོ་རྗེ་རལ་གྲི་ནི་ལྗང་གུའོ། །ཕྱི་རོལ་གྱི་འཕར་མ་གྲྭ་བཞི་པོ་རྣམས་སུ་མ་གསུངས་པ་ཉིད་ནི་ཐོད་པ་རྣམ་པ་བཞི་པོ་རྣམས་སུ་ཤེས་པར་བྱ་སྟེ། མཚན་ཉིད་ཐམས་ཅད་ཡང་དག་

རྫོགས། །ཞེས་གསུངས་པ་ལས་སོ། །གཞན་དུ་ན་ནི་དམན་པ་ཉིད་དུ་ཐལ་བར་འགྱུར་རོ། །ལྷའི་གདན་གྱི་རིམ་པས་མཚན་མའི་གདན་རྣམས་སུ་ཡང་ཤེས་པར་བྱའོ། །རྫོགས་པ་ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒོ་རྣམས་སུ་རབ་ཏུ་ཞུགས་པ་སྟེ། བྱ་བ་གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །

เล่ม ๔๖ · หน้า 268b

སངས་རྒྱས་ཞེས་པ་ནི་མཚན་མའི་ཚུལ་དུ་གནས་པ་རྣམས་སོ། །ཐེ་ཚོམ་མེད་པར་ཞེས་བྱ་བ་ནི་བདེན་པ་མངོན་པར་ཞེན་པའི་གཟུང་བ་དང་འཛིན་པ་རྣམས་སྤངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ལ།

ཆེན་པོ་ཡང་དེ་ཡིན་ལ། དཀྱིལ་འཁོར་ཡང་དེ་ཡིན་པས་དཀྱིལ་འཁོར་ཆེན་པོའོ། །དེ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ནི་ལེའུ་སྟེ། ལེའུ་གཉིས་པའི་བཤད་པ་རྫོགས་སོ།། །།དཀྱིལ་འཁོར་བྲི་བའི་དོན་དུ་བསྟོད་པ་བྱས་པ་ལ་གསོལ་བ་གདབ་པར་བྱའོ་ཞེས་

པ་དེ་གསུངས་པ་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ་བདག་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །བསྟོད་པའི་རྒྱལ་པོ་ཞེས་བྱ་བ་ནི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའི་ཚིགས་སུ་བཅད་པའོ། །གསོལ་བ་གདབ་པ་ཞེས་པ་ནི་ཞུས་པ་རྣམས་

སོ། །སྡིག་པ་ཐམས་ཅད་ཅེས་པ་ནི། སྲོག་གཅོད་པ་ལ་སོགས་པ་བགྱིད་པ་དང་བགྱིད་དུ་སྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡི་རང་བའོ། །འཇིགས་ཞེས་བྱ་བ་ནི་སྔར་གྱི་བཞིན་ནོ། །དཀྱིལ་འཁོར་ཀུན་གྱི་གཙོ་བོ་སྟེ། ཞེས་བྱ་བ་ནི་འདིར་གསུངས་པའི་རྡོ་རྗེ་མཁའ་འགྲོ་ལ་

སོགས་པའི་དཀྱིལ་འཁོར་ལས་གཙོ་བོར་གྱུར་པའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་རམ་བསྒོམས་པའི་དཀྱིལ་འཁོར་ལྷའི་འཁོར་ལོ་རྫོགས་ནས་བཟའ་བཏུང་གསུངས་པ། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། བདུད་རྩི་ཞེས་བྱ་བ་ནི་འོག་ཏུ་ཡཾ་ཡིག་ཡོངས་སུ་གྱུར་

པ་ལས་གྲྭ་གཉིས་སུ་བ་དན་གཡོ་བ་གཉིས་ཀྱིས་མཚན་པ་གཞུའི་རྣམ་པའི་རླུང་གི་དཀྱིལ་འཁོར་རོ། །དེའི་སྟེང་དུ་རཾ་ཡིག་ཡོངས་སུ་གྱུར་པའི་མེ་ལ། ཨ་ཡོངས་སུ་གྱུར་པའི་ཐོད་པའི་ནང་དུ་གོ་ཀུ་ད་ཧ་ནའི་གཟུགས་ཀྱིས་བཟའ་བ་ལ་སོགས་པ་ལྟ་བུའོ། །རླུང་གིས་བསྐུལ་ནས་

མེས་བསྲོས་པའི་ཐོད་པར་ཞུ་བར་གྱུར་པ། ཨོཾ་ཡིག་གིས་བྱིན་གྱིས་བརླབས་པའོ། །དེའི་ཐིག་ལེ་ལས་བྱུང་བའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བཀུག་སྟེ་ཡེ་ཤེས་ཀྱི་བདུད་རྩི་དང་གཅིག་ཏུ་བྱས་པའི་བདུད་རྩི་རྣམ་པ་ལྔའོ། །དེ་མྱང་བ་ནི་ཉེ་བར་ལོངས་སྤྱད་པའོ། །དེའི་

เล่ม ๔๖ · หน้า 269a

དམ་ཚིག་ནི་བརྡའོ། །བྱིན་གྱིས་བརླབ་པའི་སྔགས་ནི་ངེས་པར་ཕྱུང་བ་སྟེ་རབ་ཏུ་བསྟན་པའོ། །གང་ཞེ་ན། བྱིན་གྱིས་བརླབ་པའི་སྔགས་ཞེས་གསུངས་ཏེ། ཨོཾ་ལ་སོགས་པའོ། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ། །ཅེས་པའི་དོན་ཏོ། །རྡོ་རྗེ་ལྕེ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་

ནི་ཧཱུཾ་ཡིག་ལས་ལྕེ་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་བྱས་ལ་དེ་ལས་བྱུང་བའི་འོད་ཟེར་སྦུ་གུའི་རྣམ་པས་སོ། །དེའི་དགོས་པ་ཅི་ཞེ་ན། མཉེས་པ་སྟེ་དགྱེས་པའོ། །རྡོ་རྗེ་ཅན་ཀུན་ཞེས་པ་ནི་དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་པའོ། །གང་གི་ཚེ་བདུད་རྩི་མྱང་བར་བྱ་ཞེ་ན་གསུངས་པ། བཞུགས་

ཞེས་བྱ་བ་ལ་སོགས་པ་སྟེ། རྫོགས་པའི་སངས་རྒྱས་ཞེས་བྱ་བའི་དམ་ཚིག་གི་དཀྱིལ་འཁོར་དང་འདྲ་བ་རྣམས་རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་བཀུག་སྟེ་ནམ་མཁའི་ཕྱོགས་སུ་གནས་པའོ། །ཡེ་ཤེས་འབྱུང་གནས་རང་བཞིན་གྱིས། །ཞེས་བྱ་བ་ནི་རྨི་ལམ་དང་སྒྱུ་མའི་རང་

བཞིན་གྱིས་སོ། །དགུག་པ་དང་ཞེས་པ་ནི། བཀུག་པའི་ལྷའི་འཁོར་ལོ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ཏེ་ཤིན་ཏུ་ཉེ་བར་བྱས་པའོ། །བཞུགས་པ་ཞེས་པ་ནི། དམ་ཚིག་གི་འཁོར་ལོ་དང་། ཡེ་ཤེས་ཀྱི་འཁོར་ལོ་དག་གཅིག་ཏུ་བྱས་པའོ། །བཅིངས་པ་ཞེས་པ་ནི་རབ་ཏུ་བཅུག་པ་ལས་འགྲོ་བར་

མི་བྱེད་པའོ། །དབང་དུ་བྱེད་པ་ཞེས་པ་ནི་བཅིངས་པའི་སྡུག་བསྔལ་བཏང་སྟེ་བདེ་བར་གྱུར་པའོ། །ཡང་། ཐོ་བ་ལ་སོགས་སྔགས་བཞི་ཡིས། །ཞེས་པ་ནི། ཨོཾ་མུདྒ་རཱ་ཛཿཨོཾ་དཎྜ་ཧཱུཾ། ཨོཾ་པདྨ་བཾ། ཨོཾ་ཁཌྒ་ཧོཿཞེས་པ་འདི་དག་གི་རིམ་པ་ཇི་ལྟ་བ་བཞིན་དུའམ། ཛཿཧཱུཾ་བཾ་ཧོཿཞེས་པ་འདིས་

སོ། །གཤིན་རྗེ་གཤེད་པོ་གང་ཞིག་གང་ལ་བཅིབས་ནས་བསྒོམ་པར་བྱ་ཞེ་ན་གསུངས་པ། མ་ཧེ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ཧེ་ནི་མ་ཧེ་ཆེན་པོ་སྟེ། དེའི་སྟེང་དུ་རྡོ་རྗེའོ། །རྡོ་རྗེ་བདུད་ལས་རྒྱལ་བའི་ཏིང་ངེ་འཛིན་བསྒོམ་སྟེ་གདན་དུ་བྱས་ཞེས་པ་ལྷག་མའོ། །དཀྱིལ་འཁོར་གྱི་བདག་པོ་

ནི་དཀྱིལ་འཁོར་གྱི་གཙོ་བོའོ། །གསང་བའི་དཀྱིལ་འཁོར་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་རོ། །གཏི་མུག་རྡོ་རྗེ་ནི་གཏི་མུག་གཤིན་རྗེ་གཤེད་དོ། །བདུན་གྱི་བདུན་པ་ནི་ལྷ་སྟེ། གང་ལ་དེའི་བདུན་གྱི་བདུན་པ་ཅན་ཉི་མའོ། །དཀྱིལ་འཁོར་ཞེས་པ་ནི་ཉི་མའོ། །

เล่ม ๔๖ · หน้า 269b

ལས་ཀྱི་རྡོ་རྗེ་ནི་ཕྲག་དོག་གཤིན་རྗེ་གཤེད་དོ། །རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཕྱོགས་ལ་སྣ་ཚོགས་པདྨའི་སྟེང་དུ་ཇི་ལྟར་རིགས་པ་ཉི་མ་དང་། ཟླ་བ་ལ་གནས་པ་རང་རང་གི་མཚན་མ་ཙམ་བྲི་བར་བྱའོ། །བསྒོམ་པའི་བདག་ཉིད་དང་། བཟླས་པ་རིག་པ་པོས་ལྷའི་

རྣལ་འབྱོར་གང་གིས་བྱ་བ་གང་གི་བསྟན་པའི་དོན་དུ། ཞི་བ་ཞེས་བྱ་བ་ལ་སོགས་པ་སྟེ་ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་ཕྲག་དོག་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་སོ། །ཐམས་ཅད་ཅེས་པ་ནི་ཀུན་ཏེ། གང་ཇི་སྲིད་ད་ལྟར་བརྗོད་པ་ཞེས་པའི་དོན་ཏོ། །མི་ཚིལ་ཞེས་པ་ནི་སྐྱེས་བུ་བསད་

པའི་ཤ་དང་། རུས་པའི་མར་ཁུའོ། །མི་སྐྲ་ཞེས་པ་ནི་སྐྱེས་བུ་བསད་པའི་སྐྲས་ར་བ་དང་ལྷན་ཅིག་པའོ། །དུར་ཁྲོད་དུ་མར་ངོའི་བཅུ་བཞིའམ་བརྒྱད་པ་ཞེས་པ་ལྷག་མའོ། །བཏང་ཞེས་པ་ལ་མིའི་ཐོད་པ་ཞེས་པ་ལྷག་མའོ། །རྡོ་རྗེ་ལས་ཀྱི་སྦྱོར་བ་ཡིས། །ཞེས་པ་ནི་ཕྲག་དོག་གཤིན་རྗེ་གཤེད་

ཀྱི་གཟུགས་སུ་འཛིན་པའོ། །མིག་སྨན་ཞེས་པ་ནི་དྲེག་པ་ལས་གྲུབ་པའོ། །ལས་ཀྱི་བསྒོམ་པ་ཞེས་བྱ་བ་ནི་ཕྲག་དོག་གཤིན་རྗེ་གཤེད་ཀྱི་གཟུགས་ཀྱིས་དེ་ལྟར་བྱའོ། །མིག་སྨན་དག་ནི་ཞེས་བྱ་བ་ནི་དྲེག་པ་དེས་སྐུད་པའི་མཛུབ་མོ་ལའོ། །མིག་སྨན་གྲུབ་པ་ནི་གསུམ་སྟེ་ཇི་

སྲིད་དུ་དྲེག་པ་དེ་འབར་བ་ལས་མིག་སྨན་དུ་བྱས་པ་དེས་འཇིག་རྟེན་གསུམ་དུ་རྒྱུ་ཡང་སུས་ཀྱང་མི་མཐོང་ངོ་། །མིག་སྨན་གྱི་དྲེག་པ་ལ་དུ་བ་བྱུང་ན་ས་འོག་གི་དངོས་གྲུབ་པོ། །དྲོ་བར་གྱུར་པའི་མིག་སྨན་གྱི་དྲེག་པས་ནི་འགྲོ་བ་ཀུན་གྱིས་བརྩེ་བར་བྱའོ། །འབར་བ་ལ་སོགས་

པས་ཅི་བྱེད་པ་ཡིན་ཞེ་ན། གསུངས་པ། ལས་ཀྱི་རྡོ་རྗེ་རབ་སྦྱོར་བ། །ཞེས་པ་སྟེ་དོན་ནི་འདི་ཡིན་ཏེ། ཕྲག་དོག་གཤིན་རྗེ་གཤེན་ཀྱི་རྣལ་འབྱོར་གྱིས་ལག་པ་གཡས་པས་བཀབ་སྟེ། དྲེག་པ་དེ་ཇི་སྲིད་འབར་གྱི་བར་དུ་བཟླས་པར་བྱས་ཏེ་དུ་བ་དང་དྲོ་བ་ལ་ཡང་ངོ་། །གུར་གུམ་ཞེས་པ་ནི་བུད་

མེད་ཀྱི་མེ་ཏོག་གོ། །ཁྲག་ཅེས་པ་ནི་སྐྱེས་བུ་བསད་པའི་ཤའོ། །དེ་དག་ནི་མན་ངག་གོ། །རྡོ་རྗེ་ལས་ཀྱི་རབ་སྦྱོར་བས། །ཞེས་བྱ་བ་ནི་ཕྲག་དོག་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དང་འཛིན་པ་དང་། གཉིས་པོ་དེ་དག་ཀྱང་ཆ་མཉམ་པ་ལས་གཅིག་ཏུ་བྱས་ཏེ་ཐོད་པར་བཅུག་ལ་ལག་པས་ཁ་

เล่ม ๔๖ · หน้า 270a

བཅད་ལ་དུར་ཁྲོད་དུ་ཇི་སྲིད་གྲུབ་པ་གསུམ་མ་བྱུང་གི་བར་དུ་བཟླས་པ་ནི་སྔར་བཞིན་ནོ། །བདུད་རྩི་ལྔ་ཞེས་པ་ནི་མུ་དང་། བི་དང་། ར་དང་། སུ་དང་། མའི་མི་མོ་མུ་ཤ་ལྔའི་གོ་ཀུ་ད་ཧ་ནའོ། །བཅུ་པོ་དེ་དག་ཆ་མཉམ་པའི་རིལ་བུ་ནང་གང་བ་ཙམ་དུ་གཟུང་ངོ་། །ལྕགས་གསུམ་

གྱིས་དཀྲི་ཞེས་པ་ནི། གསེར་དང་། དངུལ་དང་། ཟངས་ཀྱི་སྣོད་དུ་རིམ་པ་བཞིན་དུ་རིལ་བུ་བྱས་ཏེ། དེ་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་མན་ཆའི་ཚད་གསུམ་དང་། བཞི་དང་། བཞི་རུ་དབྱེ་བའོ། །བདུན་དང་གསུམ་དང་ལྔའི་ར་ཏིས་ལྷག་པ་ཅན་གྱི་རིལ་བུ་རག་ཆུང་གི་ཚད་ཙམ་མོ། །ལས་ཀྱི་སྦྱོར་

བ་ལ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་སྔར་གྱི་བཞིན་ནོ། །ཀ་ན་ཏའི་ལྕགས་ཀྱི་རལ་གྲི་ཞེས་པ་ནི་གདོང་དྲུག་པའི་ཀ་ན་ཏའི་ལྕགས་ཀྱི་རྒྱུ་ལས་བྱས་ཏེ་བརྡུངས་པའི་རལ་གྲིའོ། །ལས་ཀྱི་སྦྱོར་བ་ལ་ཞེས་བྱ་བ་ནི་ཕྲག་དོག་གཤིན་རྗེ་གཤེད་ཀྱི་རྣམ་པར་ལག་པས་གཟུང་བར་བྱ་སྟེ་ཇི་སྲིད་དངོས་

གྲུབ་རྣམ་པ་གསུམ་མ་བྱུང་བ་དེ་སྲིད་དུ་བཟླས་པ་ཡང་སྔར་བཞིན་ནོ། །ལས་ཀྱི་རལ་གྲི་ཞེས་པ་ནི་ཕྲག་དོག་གཤིན་རྗེ་གཤེད་ཉིད་ཀྱི་རལ་གྲི་དང་འདྲའོ། །ཞི་བ་ལ་སོགས་པ་ཇི་སྐད་གསུངས་པ་བཞག་སྟེ། མངོན་སྤྱོད་ལ་སོགས་པ་ལས་གཞན་དག་ནི་གཙོ་བོ་གཤིན་རྗེ་གཤེད་ཀྱི་སྒྲུབ་པ་སྟེ།

བཅོམ་ལྡན་འདས་ཀྱིས་གསལ་པོ་ཉིད་དུ་མ་གསུངས་ཀྱང་ཤུགས་ལས་རྟོགས་པར་བྱ་ཞེས་པའོ། །ལས་ཀྱི་སྦྱོར་བའི་རིམ་པར་ཕྱེ་བ་ཞེས་བྱ་བ་ལས་ནི་སྣ་ཚོགས་པའི་ཕྲིན་ལས་སོ་སོར་གསུངས་པའོ། །སྦྱོར་བ་ནི་དེ་དག་སྒྲུབ་པའི་ཐབས་སོ། །དེ་དག་སྟོད་པར་བྱེད་པའི་གཞུང་གི་ཚོགས་ལ་ཡང་

ལེའུ་ཞེས་བྱ་སྟེ། དེས་ན་ལས་ཀྱི་སྦྱོར་བའི་རིམ་པར་ཕྱེ་བའོ། །རིམ་པར་ཕྱེ་བ་གསུམ་པའི་བཤད་པ་རྫོགས་སོ།། །།ཞི་བ་ལ་སོགས་པ་གསུངས་པའི་འཁྲུལ་འཁོར་གྱི་ལས་ཀྱི་རིམ་པ་བརྗོད་པའི་དོན་དུ། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནི། གཏི་མུག་རྡོ་

རྗེའི་རང་བཞིན་ཁྱོད། །ཅེས་བྱ་བ་ལ་སོགས་པ་བསྟོད་པའི་རྒྱལ་པོས་སྔར་གསུངས་པས་བསྟོད་ཅེས་པ་ལྷག་མའོ། །གསོལ་བ་གདབ་པ་ནི་དྲིས་པའོ། །ལས་ཀྱི་དབྱེ་བས་རབ་ཕྱེ་བ། །ཞེས་བྱ་བ་ནི་ལས་ཀྱི་དབྱེ་བ་སྟེ་ཞི་བ་ལ་སོགས་པའོ། །རབ་དབྱེ་བ་ཞེས་པ་ནི་ཞི་བ་ལ་སོགས་པ་གང་ལ་

เล่ม ๔๖ · หน้า 270b

ཕུལ་དུ་གྱུར་པའི་དབྱེ་བས་ཁྱད་པར་དུ་གྱུར་པ་སྟེ། དེ་ཡང་ལྷའི་གཟུགས་སུ་བསྒོམས་པ་ལ་སོགས་པས་བསྒྲུབ་བྱ་བསྒྲུབ་པ་ལས་སོ། །རྡོ་རྗེ་ཆེན་པོ་ཞེས་པ་ནི་རྡོ་རྗེ་སེམས་དཔའོ། །ཡེ་ཤེས་རྒྱ་མཚོ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཉེས་ཀུན་གསོ་བའི་བདག་ཉིད་ཅེས་པ་ནི་ཐམས་ཅད་དུ་

སྐྱོན་ཐམས་ཅད་ལས་ཐམས་ཅད་ཡོངས་སུ་གྲོལ་བའོ། །འདིར་ལས་འདི་ནི་མ་རུངས་པའི་ལས་སུ་བསམ་པར་བྱ་བ་མ་ཡིན་ཏེ། རྣམ་པ་འདི་ལྟ་བུས་ཀྱང་ཕ་རོལ་པོ་དག་དམྱལ་བར་འགྲོ་བ་ལ་ཀུན་ནས་འདོན་པའི་ཕྱིར་རོ། །ཇི་ལྟར་གཅོང་ནད་ཅན་ལ་སྨན་པ་མཁས་པས་བསྲེགས་པ་ལ་སོགས་

པའི་ལས་བཞིན་ནོ། །འདི་སྐད་ཀྱིས་ནི་ཚིག་ཅེས་པ་ནི། འཆད་པར་འགྱུར་བའི། འཁྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད། །ཅེས་བྱ་བ་ལ་སོགས་པས་སོ། །རྒྱུན་དུ་བྱ་བའི་རིམ་པ་བླ་མའི་མན་ངག་གཟུང་བའི་དོན་དུ་གསུངས་པ། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་

གི་དོན་དུ་འཁྲུལ་འཁོར་ནི་དབང་དུ་བྱ་བའི་འཁྲུལ་འཁོར་རོ། །ཅི་བརྗོད་ཅེ་ན་གསུངས་པ། གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་ཞེས་པ་ནི་འདི་ལྟ་བུས་ཀྱང་འཁྲུལ་འཁོར་གྱི་སྤྱོད་ཡུལ་གུས་པར་བྱ་བའི་དོན་དུའོ། །བསྲུང་བའི་དོན་དུ་ཞེས་པ་ནི་ཞི་བའི་དོན་དུའོ། །དབང་དུ་བྱ་བ་དང་ཞི་

བ་དག་ལ་མངོན་པར་བརྗོད་པ་ནི་ཞི་བའི་གོ་རོ་ཙ་ན་གཟུང་སྟེ་ཞེས་བརྗོད་པ་སྟེ་གཉིས་ཀ་ལ་ཡང་གོ་རོ་ཙ་ན་ཉིད་ཀྱིས་བྲི་བར་བྱའོ། །ཤོག་བུ་གང་ལ་བྲི་བར་བྱ་ཞེ་ན་གསུངས་པ། གྲོག་ལ་སོགས་པ་སྟེ། སྨྱུག་མའི་ཤུན་པ་ཞེས་བྱ་བ་ནི་སྨྱུག་མའི་ཚིགས་ཀྱི་ནང་གི་སྟོང་པར་གནས་པ་ཤོག་བུ་དང་

འདྲ་བའི་པགས་པའོ། །འཁོར་ལོ་བྲི་བའི་ལེའུ་དྲུག་པ་ལས་འཆད་པར་འགྱུར་རོ། །དཀྱིལ་འཁོར་རིམ་པ་གསུམ་བྱས་ཏེ་ཞེས་བྱ་བ་ལ་སོགས་པའོ། །ན་མོ་ན་མ་རྣམས་བསྟན་ལ། །ཞེས་བྱ་བ་ནི་ན་མའི་སྒྲས་ན་མ་རྣམ་པར་བརྟེན་པ་སྟེ་ཞི་བ་ལའོ། །འདིར་ཉེ་བར་མཚོན་པ་ལས། ལས་གང་དང་གང་

བྱེད་པ་དེ་དང་དེར་གསུངས་པའི་སྔགས་ཀྱིས་སྤེལ་བའོ། །འཁོར་ལོ་བྲིས་ལ་གཞག་པའི་གནས་གསུངས་པ། གནག་དང་ཞེས་བྱ་བ་ནི་མདོག་གནག་པའོ། །སྤུ་ཅན་ཞེས་བྱ་བ་དབུས་ཀྱི་ཆའོ། །ཕྱི་དང་ནང་དང་དམན་པ་དག་ཀྱང་ངོ་། །སོགས་པའི་སྒྲ་ནི་གས་པ་དང་གཡོ་བ་ལ་སོགས་པའོ། །གཤིན་རྗེ་

เล่ม ๔๖ · หน้า 271a

གཤེད་ཀྱི་བདག་ཉིད་དུ་བསམ་ཞེས་པར་འབྲེལ་ཏེ། ཇི་ལྟ་བུར་འགྱུར་ཞེ་ན། ཟླ་བའི་འོད་ཟེར་དང་འདྲ་བ། གཏི་མུག་གཤིན་རྗེ་གཤེད་དོ། །བསྒྲུབ་བྱ་མདུན་དུ་དགོད་ཅེས་བསྒྲུབ་བྱ་གཞན་དག་དང་འབྲེལ་ཏོ། །ཟླ་བའི་དཀྱིལ་འཁོར་ལ་གནས་པ་ཞེས་བྱ་བ་ནི་འཁྲུལ་

འཁོར་ཉི་ཟླའི་དཀྱིལ་འཁོར་དུ་བྱ་སྟེ། དེའི་དབུས་སུ་སོན་པའོ། །བསྒྲུབ་བྱ་ཞེས་པ་ནི་གང་ཞི་བར་བྱ་བའོ། །རྫོགས་སངས་རྒྱས་ཞེས་བྱ་བ་ནི། རང་གི་སྙིང་གའི་ས་བོན་ལས་སྤྲོས་ཏེ། གཏི་མུག་གཤིན་རྗེ་གཤེད་དུ་མ་རྣམས་ཀྱིས་སོ། །དེ་ཞེས་པ་ནི་བསྒྲུབ་བྱའོ། །བལྟས་ནས་ཞེས་

པ་ནི་དེ་ལྟ་བུའི་རྣམ་པར་བསམ་པར་བྱའོ། །སྔགས་བརྗོད་པ་གསུངས་པ། ཨོཾ་དྷྲི་ཏི་ཞེས་བྱ་བ་ལ་སོགས་པས་ཏེ། ཐམས་ཅད་ཀྱི་སྔགས་ཉིད་དེ་དང་པོར་ཨོཾ་ཡིག་ནས་ཧཱུཾ་ཡིག་གི་མཐར་ཐུག་པས་ཡི་གེ་དགུའོ། །དེའི་ཕ་རོལ་དུ་སྤེལ་བའི་སྔགས་གཉིས་ཀྱི་ནང་དུ་སོང་བ་བསྒྲུབ་བྱའི་མིང་

བྲི་བའོ། །ཞི་བའི་དམ་ཚིག་ནི་ཞི་བའི་སྔགས་སོ། །གསུངས་པའོ་ཞེས་པ་ནི་བརྗོད་ཟིན་པ་སྟེ། སྔར་གྱི་རྡོ་རྗེ་འཛིན་པ་ཞེས་བྱ་བ་ནི་འབྲེལ་ཏོ། །སྐྱེས་པ་ཞི་བ་ལ་སྣག་ཚ་གང་གིས་བྲི་བ་གསུངས་པ། སྐྱེས་པ་ཞེས་པ་ལ་སོགས་པ་སྟེ། ལྷ་ལ་སོགས་པ་ཡང་བུད་མེད་ཞི་བའི་ཆོ་ག་དེ་ཡིས་སོ། །དེ་

བཞིན་རྒྱས་པ་ཞེས་བྱ་བ་ནི་སྐྱེས་པ་རྒྱས་པའི་སྐབས་སུ་ནི་གུར་གུམ་ཉིད་ཀྱིས་སོ། །བུད་མེད་རྒྱས་པ་ལ་གང་གིས་བྲི་བར་བྱ་བ་གསུངས་པ། འཁོར་ལོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྟེ་བུད་མེད་རྒྱས་པའི་སྐབས་སུ་ཡང་གུར་གུམ་གྱིས་སོ་ཞེས་བྱ་བའི་དོན་ཏོ། །སྭཱ་ཧཱ་མིང་ཞེས་པ་ནི་སྭཱ་ཧཱའི་སྒྲ་

དེས་སྤེལ་བའོ། །དང་པོ་དང་ཐ་མ་སྭཱ་ཧཱའི་སྒྲས་སྦྱིན་པར་བྱའོ། །གང་དང་སྤེལ་བར་བྱ་བ་གསུངས་པ་བསྒྲུབ་བྱ་ཞེས་བྱའོ། །ཅི་བྱས་ཤེ་ན་གསུངས་པ་མིང་ནི་བླངས་ནས་ནི་ཞེས་པ་སྟེ། བསྒྲུབ་བྱའི་མིང་གིས་སྤེལ་བར་བྱ། །ཞེས་པའི་དོན་ཏོ། །བྲིས་ཏེ་འཁྲུལ་འཁོར་དུ་གཞུག་ཅེས་པ་ལྷག་

མའོ། །ཁ་དོག་སེར་པོ་གཤིན་རྗེ་གཤེད། །ཅེས་བྱ་བ་ནི་ཕྲ་མ་གཤིན་རྗེ་གཤེད་དོ། །ཟླ་བ་སེར་པོ་གནས་ཞེས་པ་ནི་འཁྲུལ་འཁོར་ཉིད་ཟླ་བ་སེར་པོར་བསམས་ཏེ་དེར་གནས་པ་བསྒོམ་པར་བྱའོ། །བུམ་པ་སེར་པོ་ཞེས་པ་ནི་སྙིང་གའི་ས་བོན་ལས་བྱུང་བའི་ཕྲ་མ་གཤིན་རྗེ་གཤེད་དུ་མའི་ལག་

เล่ม ๔๖ · หน้า 271b

པས་འཛིན་པའོ། །བཽ་ཥཊ་ཅེས་པ་ནི་བཽ་ཥཊའི་སྒྲས་མིང་སྤེལ་བའོ། །རྒྱས་པའི་དམ་ཚིག་ནི་རྒྱས་པའི་ཆོ་གའོ། །དབང་དུ་བྱ་བའི་ཆོ་ག་གསུངས་པ། གྲོ་གའམ་ཞེས་བྱ་བ་ལ་སོགས་པ་སྟེ། རས་ནི་ཁྲག་གིས་བསྒོས་པའི་རས་སོ། །སྲིན་ལག་གི་ཁྲག་ཅེས་པ་ནི་གང་དབང་དུ་བྱ་བར་

འདོད་པ་པོ་དང་། བྱེད་དུ་འཇུག་པར་ཡང་དག་པར་རྩོམ་པ་སྟེ། དེའི་གཡོན་པའི་སྲིན་ལག་གི་ཁྲག་གིས་སོ། །དེ་དག་ཀྱང་ངེས་པར་སྦྱང་བར་བྱ་བའི་རྒྱ་སྐྱེགས་ལ་སོགས་པས་སོ་སོའམ་བསྡུས་པས་སོ། །ཡི་གེ་ཧོ་ཡིས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། བཽ་ཥཊའི་སྒྲས་ཀྱང་སྤེལ་ལོ་ཞེས་

ཉེ་བར་སྟོན་པར་འགྱུར་རོ། །ནག་སོགས་བྲལ་བ་ཞེས་བྱ་བ་ནི་སྔར་གྱི་བཞིན་ནོ། །ཁ་དོག་ཁྲག་ཅེས་པ་ནི་དམར་པོའི་བདག་ཉིད་ཅན་ནོ། །གཤིན་རྗེ་མཐར་བྱེད་ཅེས་པ་ནི་བདག་ཉིད་འདོད་ཆགས་གཤིན་རྗེ་གཤེད་དུ་བྱས་པས་སོ། །ཟླ་བ་དམར་པོ་ལ་གནས་པ། །ཞེས་བྱ་བ་ནི་འཁྲུལ་འཁོར་

ཉིད་ཟླ་བ་དམར་པོར་བསམ་པར་བྱས་ལ་བསྒྲུབ་བྱ་དེར་ཆུད་པའོ། །རང་ལུས་ལས་བྱུང་འོད་ཟེར་གྱིས། །ཞེས་བྱ་བ་ནི་རང་ལ་གནས་པའི་ས་བོན་ལས་བྱུང་བའི་འོད་ཟེར་གྱི་ལྷའི་གཟུགས་སོ། །ཁྲི་ཙམ་ནི་སྟོང་ཕྲག་བཅུ་སྟེ། འདིར་ཡང་ཉེ་བར་མཚོན་པའི་ཕྱིར་རོ། །ལས་ཐམས་ཅད་ལ་

ཡང་སྔགས་སྟོང་ཕྲག་བཅུ་བཟླས་པར་བྱའོ། །སྔགས་ཁྲི་བཟླས་པ་བྱས་པས་ཀྱང་བསྒྲུབ་བྱ་མ་གྲུབ་ན་བྱ་བའི་ཁྱད་པར་གསུངས་པ། གལ་ཏེ་དབང་དུ་མ་གྱུར་ན། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་སྤྲོ་བར་ནི་སྔར་གྱི་སྔགས་བཟླས་པར་བྱའོ། །མར་ལ་མོགས་པ་དབྲལ་བྱས་ལ། །ཞེས་

པ་ནི་མར་དང་སྦྲང་གིས་གང་བའི་ཁམ་ཕོར་ཁ་སྦྱར་ནས་གདོན་པའོ། །དགུག་པ་བསྟན་པའི་དོན་དུ་གསུངས་པ། དུར་ཁྲོད་ཅེས་པ་ལ་སོགས་པ་གསུངས་ཏེ། ཚེ་ལ་ཀེ་ས་ནི་རས་སོ། །ཡང་ནིའི་སྒྲ་ནི་དང་གི་དོན་ཏེ། འཆད་པའི་དབང་དུ་བྱས་ནས་བླངས་ཏེ་ཕྱོགས་གཞན་གྱི་དོན་ཏོ། །

དེས་ན་རང་བྱུང་གི་མེ་ཏོག་གི་རས་སམ། དུར་ཁྲོད་ཀྱི་རས་ལ་ཞེས་པའི་དོན་ཏོ། །ཁྲག་དང་རྒྱ་སྐྱེགས་ཕྱེད་བསྲེས་པས། །ཞེས་པ་ནི་རྒྱ་སྐྱེགས་སམ་རང་གི་ལག་པའི་སྲིན་ལག་གི་ཁྲག་བསྲེས་པས་སོ། །ཡི་གེ་ཛ་དང་ཡི་གེ་དྷྲི་ཞེས་པ་ནི་དང་པོ་དང་ཐ་མར་ཛ་དྷྲི་ཞེས་པའི་ཡི་གེ་གཉིས་སྦྱིན་པར་

เล่ม ๔๖ · หน้า 272a

བྱའོ། །བཙུན་མོ་ཡི་ནི་པདྨའི་སྣོད། །ཅེས་པ་ནི་བུད་མེད་ཀྱི་ཐོད་པའོ། །ཁ་སྦྱར་ཞེས་པ་ནི་གཉིས་པོ་དེ་དག་འོག་དང་སྟེང་དུ་གཞག་པའོ། །དམར་ཞེས་པ་ནི་འདོད་ཆགས་གཤིན་རྗེ་གཤེད་དོ། །ལྕགས་ཀྱུ་དམར་པོས་བཀུག་པ་ཡི། །ཞེས་བྱ་བ་ནི་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་

ལྕགས་ཀྱུའི་རྣམ་པས་བཀུག་པའོ། །ཞགས་པ་བཅིངས་ཞེས་བྱ་བ་ནི་ཕྱག་གཡས་པའི་མཚན་མ་པདྨ་དམར་པོའི་ལྕུག་མ་འཛིན་པས་འཆིང་བའོ། །རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཡཾ་དམར་པོ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་སེང་གེ་དམར་པོའི་འོག་

ཏུ་བལྟ་བར་བྱའོ། །རྫས་ལྔའི་ཞེས་པ་ནི་མུ་དང་། ཙི་དང་། ར་དང་། སུ་དང་། མ་ཡིས་སོ། །དབང་གི་རབ་ཏུ་དབྱེ་བས་ནི་དགུག་པ་སྟེ་དེར་མ་བརྗོད་ཀྱིས་ཀྱང་ཐམས་ཅད་སྔར་བཞིན་དུ་རྟོགས་པར་བྱའོ། །མངོན་པར་འདོད་པ་མ་གྲུབ་པས་ལས་ཀྱི་ཁྱད་པར་གྱི་དོན་དུ་གསུངས་པ། གལ་ཏེ་བསྒྲུབ་བྱ་

མི་འོང་ན། །ཞེས་བྱ་བ་ལ་སོགས་པ་སྟེ། འཁྲུལ་འཁོར་བསྲོས་ཞེས་པ་ནི་ཐོད་པ་ཁ་སྦྱར་ནས་བཏོན་ཏེ་བཟླས་པ་དང་འཁྲུལ་འཁོར་ཡང་དག་པར་རྩོམ་མོ། །བསྲོ་བའི་ཚེ་སྔགས་ཀྱི་བཟླས་པ་ནི་སྔར་བཞིན་ནོ། །རེངས་པར་བསྟན་པའི་དོན་དུ་གསུངས་པ། ཡུང་བ་ཡི་ནི་ཁུ་བ་ཡིས། །ཞེས་བྱ་བ་

ལ་སོགས་པ་སྟེ། ཡུང་བ་ནི་རབ་ཏུ་གྲགས་པའོ། །ཁུ་བ་ནི་བ་བླའོ། །དེ་དག་གིས་ཡང་དག་པར་བྲིས་ཏེ་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བཅུག་ལ་ཁམ་ཕོར་སེར་པོའི་སྟེང་དུ་རི་མོ་བྲི་བར་བྱའོ་ཞེས་འབྲེལ་ཏོ། །དེ་ཡི་སྟེང་དུ་མཉམ་པར་བྲི། །ཞེས་པ་ནི་རི་མོ་བཞིའམ། བདུན་གྱི་རི་མོའི་ཐོག་

ཏུ་བསྒོམ་པར་བྱ་བ་ནི་རི་མོ་ཉིད་རྒྱ་མཚོའི་བདག་ཉིད་ཀྱིས་བསྐོར་བའི་རི་རབ་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །རི་རབ་འདི་ཡིས་བརྟེན་པར་བྱ། །ཞེས་པ་ནི་རི་རབ་ཀྱི་སྟེང་དུ་ཧཱུཾ་ཡིག་བལྟ་བར་བྱ་བ་སྟེ། སྒྲུབ་པ་པོའི་དབང་དུ་བྱས་པའི་གཡོན་ཕྱོགས་ཀྱི་ཆར་རོ། །ཆ་གཞན་དུ་ཡཾ་བཾ་ཡིག་སྟེ།

སྒྲུབ་པ་པོའི་ལུས་ཀྱི་དབང་དུ་བྱས་ཏེ་གཡས་ཕྱོགས་ཀྱི་ཆར་རོ། །དེའི་སྟེང་དུ་ཞེས་པ་ནི་རི་རབ་ཀྱི་འོག་ཏུའོ། །དབང་ཆེན་གྱི་དཀྱིལ་འཁོར་ཞེས་བྱ་བ་ནི་སའི་དཀྱིལ་འཁོར་ཏེ། གྲུ་བཞི་མདོག་སེར་པོ་གྲྭ་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །སྣ་ཚོགས་རྡོ་རྗེས་མནན་པ་ལ། །ཞེས་བྱ་བ་

เล่ม ๔๖ · หน้า 272b

ནི་སྣ་ཚོགས་རྡོ་རྗེས་མནན་པའོ། །ས་འོག་ཏུ་སྣ་ཚོགས་རྡོ་རྗེས་ཞེས་བྱ་བའི་དོན་ཏོ། །དབང་ཆེན་གྱི་དཀྱིལ་འཁོར་ལ་བཞེངས་པ་ཞེས་བྱ་བ་ནི་རང་ཉིད་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པ་བསྒོམས་པའོ། །བསྒྲུབ་བྱ་རྣམས་བསམས་ནི་སྣ་ཚོགས་རྡོ་རྗེའི་འོག་ཏུ་ཞེས་པ་ལྷག་མའོ། །རི་བོ་

རྣམས་ཞེས་པ་ནི་རི་རབ་ཉིད་ཀྱིས་སོ། །རྣམས་ཀྱིས་མང་པོའི་ཚིག་ཉིད་ནི་རི་རབ་མང་པོ་དང་ལྡན་པས་མནན་པ་སྟེ་ལྕོག་བརྒྱད་པའི་ཕྱིར་རོ། །གང་དུ་གཞག་ཅེ་ན། གསུངས་པ་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེའི་འོག་ཏུ་མནན་པའོ། །དོན་ནི་འདི་ཉིད་ཡིན་ཏེ། འཁྲུལ་འཁོར་སེར་པོ་ནི་ཟླ་བ་སྟེ་

དེའི་སྟེང་དུ་བསྒྲུབ་བྱ་སེར་པོ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་དང་། དེའི་སྟེང་དུ་ས་དང་། དེའི་སྟེང་དུ་རི་རབ་བསྒོམ་པར་བྱའོ། །ན་གེ་ནི་རི་བོས་སོ། །བྲལ་ཡ་ནི་ཁ་བ་སྟེ་དེ་ལས་བྱུང་བའི་རི་བོ་རྣམས་ཀྱིས་སོ། །མནན་ཞེས་པ་ནི་ངོས་རྣམས་ནས་ཏེ། སྟེང་ནས་ནི་རི་རབ་ཉིད་ཀྱིས་མནན་པས་སོ། །

ངག་རེངས་པར་བསྟན་པའི་དོན་གསུངས་པ། ངག་ནི་རེངས་པར་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་བཞིན་ཞེས་པ་ནི་སྔར་གྱི་ཇི་ལྟ་བ་བཞིན་ནོ། །དེ་ནས་ལྷའི་གཟུགས་ཉིད་ཀྱང་དེ་ཉིད་དེའི་ཁྱད་པར་ནི་འདི་ཡིན་ཏེ། བསྒྲུབ་བྱའི་ལྕེ་ལ་སྣ་ཚོགས་རྡོ་རྗེ་སེར་པོའི་སྟེང་དུ་དབང་ཆེན་གྱི་དཀྱིལ་

འཁོར་རོ། །དེའི་སྟེང་དུ་གཤིན་རྗེ་གཤེད་བསམ་པར་བྱའོ། །ཇི་ལྟར་བརྗོད་པ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའོ། །གཤིན་རྗེ་ནག་པོའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་གསུངས་པའི་སྦྱོར་བས་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་གནོད་

པའི་མི་འདི་དམྱལ་བར་འགྲོ་བ་ལས་བསྒྲལ་བའི་དོན་དུའོ། །མིང་བཟུང་སྟེ་བསད་པས་དོན་ཆེན་པོར་འགྱུར་ཞེས་བསྟན་པའི་ཕྱིར་དུར་ཁྲོད་རས་ལ་ཞེས་བྱ་བ་ལ་སོགས་པ་སྟེ། བརྟུལ་ཞུགས་ཅན་ནི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པའོ། །སྣག་ཚ་བསྟན་པའི་དོན་དུ་གསུངས་པ་སྐེ་ཚེ་

ཞེས་བྱ་བ་ལ་སོགས་པ་སྟེ། འདབ་མ་ལས་བྱུང་བའི་ཁུ་བའོ། །གཏུམ་པོའི་ས་བོན་ཞེས་བྱ་བ་ལ་སོགས་པ་ལ་མཛུབ་མོ་ནི་རང་གིའོ། །ཙི་ཏྲ་ཀའི་ཁུ་བས་སམ་ཞེས་པ་ནི་ལས་ཞེས་བྱ་བའི་སྐྲ་ནི་བསྡུ་བའོ། །རབ་ཏུ་རྟོགས་པའི་སྒྲོ་སྨྱུག་ཅེས་པ་ནི་བྱ་རོག་ཆེན་པོའི་སྒྲོ་སྨྱུག་གིས་བྲི་བའོ། །

เล่ม ๔๖ · หน้า 273a

སེམས་ཅན་གནོད་པར་བྱེད་པའི་མི། །ཞེས་པ་ནི་གསད་པར་བྱ་བའི་སེམས་ཅན་གྱི་མིང་ངོ་། །ལྷའི་རྣམ་པའི་དོན་དུ་གསུངས་པ་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨ་ར་སྨིན་མ་དེ་བཞིན་སེར། །ཞེས་བྱ་བ་ནི་སྨར་དང་། སྨིན་མ་དང་། སྐྲ་ཡང་སེར་བའོ། །བྲི་སྟེ་

ཞེས་བྱ་བ་ནི་བསྒོམ་པར་བྱའོ། །འཁོར་ལོ་ཞེས་བྱ་བ་ནི་དཀར་པོའོ། །པདྨ་ཆེན་པོ་ནི་དམར་པོའོ། །ཐོད་པ་ཉིད་ནི་དཀར་པོའོ། །ཟླ་བ་བཟང་པོའི་འོད་ནི་དཀར་པོའོ། །རྡོ་རྗེ་རྒྱན་གྱིས་ཡང་དག་བརྒྱན། །ཞེས་པ་ནི་དེ་བཞིན་གཤེགས་པའི་བདག་ཉིད་ཀྱི་ཕྱག་རྒྱ་ལྔ་འཛིན་པའོ། །བ་སྤུའི་བུ་

ག་ཆེན་པོ་ནས། །ཞེས་བྱ་བ་ནི་རང་གི་སྙིང་གར་གསད་པའི་མཚན་མ་ལ་གནས་པའི་ས་བོན་ལས་བྱུང་བའི་འོད་ཟེར་གྱི་རྣམ་པ་བ་སྤུའི་བུ་ག་ཀུན་ནས་སོ། །རང་རིགས་བདག་པོ་ཞེས་བྱ་བ་ནི་རང་གི་གཟུགས་འཛིན་པའི་གཤིན་རྗེ་གཤེད་ཀྱི་ཚོགས་དང་འདིས་ཉེ་བར་མཚོན་པ་ལས་གཤིན་རྗེ་གཤེད་

བདག་ཉིད་ཀྱང་རྟོགས་པར་བྱའོ། །གཡོན་པ་བརྐྱང་བ་ཞེས་པ་ནི་གཡོན་པ་རབ་ཏུ་བརྐྱང་སྟེ་གཡས་པ་བསྐུམ་པས་སོ། །ཉི་མའི་དཀྱིལ་འཁོར་སྟེང་ན་ཞེས་བྱ་བ་ནི་མ་ཧེའི་རྒྱབ་ཏུ་ཉི་མའི་དཀྱིལ་འཁོར་གནས་པ་དེའི་སྟེང་དུ་གནས་པའོ། །བསྐལ་པའི་མེ་འབར་བ་དང་མཚུངས་པ་ཞེས་བྱ་བ་ནི་འཇིགས་

པའི་དུས་ཀྱི་མེའོ། །གོ་ཆ་ཞེས་པ་ནི་ཡང་དག་པར་བསྒོམ་པར་བྱའོ། །དྲི་མ་ཅན་ནི་ནག་པོའོ། །གཟིར་བ་ནི་རིད་ཅིང་ཉམ་ཐག་པའོ། །གང་གི་ཞེ་ན། གསུངས་པ་ནད་ཀྱིས་སོ། །ལུས་ལ་ལྡང་ཞིང་ཞེས་པ་ནི། དམན་པའི་ལུས་སུ་རྣམ་པར་གྱུར་པའོ། །དོན་འདོད་པའི་ཚིག་སྨྲ་བ་ཞེས་པ་ནི་གློ་ལུ་

ཞིང་བརྗོད་པའོ། །མཚོན་གྱིས་ཞེས་པ་ནི་མདུང་དང་། མདའ་ལ་སོགས་པ་རྣམས་ཀྱིས་སོ། །གཟིར་བར་བྱ་ཞེས་པ་ནི། ལུས་ཀུན་ལ་རྨ་ལ་སོགས་པ་མང་པོ་དང་ལྡན་པས་སོ། །མཆུ་རིང་ཅན་ནི་ཀང་ཀའོ། །ཚེར་མས་ལུས་ནི་བཀང་བ་དང་། །ཞེས་པ་ནི་ཚེར་མས་གང་བའི་ལུས་སོ། །རྐང་པ་

གདོས་དང་སྒྲོག་གིས་བསྡམ། །ཞེས་བྱ་བ་ནི་གདོས་དང་ལྕགས་ཀྱིས་བཅིང་བའོ། །དེའི་ལུས་བསྲུང་བ་ལ་སོགས་པ་ཞེས་པ་ནི་ལུས་དང་། ངག་དང་། ཡིད་དང་། མིག་ལ་སོགས་པ་ལ་བྱས་ཞེས་སོ། །རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་བཀུག་པ་དང་། བདག་གི་མདུན་དུ་ཞེས་པས་ཏེ།

เล่ม ๔๖ · หน้า 273b

རང་གི་ལྷའི་གཟུགས་ལའོ། །དགོད་ཅེས་བྱ་བ་ནི་གནས་ཇི་ལྟ་བར་གཞུག་པར་བྱའོ། །གྲུབ་པར་བྱ་བ་བསྒོམ་པའི་དུས་སུ་ཀུན་གྱི་དང་པོ་དེ་དག་ཉིད་བྱས་ལ། ཕྱི་ནང་དྲི་མས་གོས་པ་ཞེས་བྱ་བ་ལ་སོགས་པ་བལྟ་བར་བྱའོ། །གོ་ཆ་ཞེས་པ་ནི་གང་ལྷ་རུ་བསྒོམ་པར་བྱས་པ་དེའི་རྗེས་ལ་འབྲངས་ཏེ་བཀུག་

ལ་རང་དང་འདྲ་བའི་པདྨར་བཅུག་སྟེ་རྡོ་རྗེས་མནན་པར་བལྟ་བར་བྱའོ། །སྟོང་པའི་ལུས་ལྟར་ཞེས་པ་ནི་རོ་དང་འདྲ་བའོ། །བརྒྱབ་པ་ནི་གསོད་པར་བྱའོ། །འཐུང་བར་བྱེད་ཅེས་པ་ནི་འཐུང་བར་བྱེད་པའི་ཁྲོ་བོ་དེ་དག་གོ། །རྐང་དང་ཚིལ་དག་ཅེས་པ་ལ་བསྒྲུབ་བྱ་ཞེས་པ་ལྷག་མའོ། །ཆུ་འགགས་ལ་སོགས་

ནད་ཀྱི་ཞེས་པ་ནི་ཡསྨ་རི་ནི་དྲི་ཆུ་འགགས་པའི་ནད་དོ། །ཆོ་ག་འདི་ལྟ་བུ་ཉིད་ནི་རང་ཉིད་ཉོན་མོངས་པ་ཙམ་གྱི་བྱ་བ་མ་ཡིན་ནོ་ཞེས་དག་པའི་དོན་དུ་གསུངས་པ། །སྙིང་རྗེ་ལ་གནས་པའི་སེམས་ཀྱིས་ཞེས་པ་སྟེ་དེ་དག་ཉིད་ཀྱིས་དམྱལ་བར་འགྲོ་ཞེས་རྣམ་པར་དཔྱད་ནས་སོ། །འོ་ན་སྡུག་བསྔལ་དང་སྡུག་

བསྔལ་གྱི་རྒྱུ་ལ་གྲོལ་བར་འདོད་པ་ནི་སྙིང་རྗེ་ཡིན་ལ་དེ་ལྟ་བུ་ཐམས་ཅད་ནི་བདག་ལ་གནོད་པ་ཡིན་ནོ་ཞེ་ན། གསུངས་པ་གནས་བཏོན་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེར་གནས་པའི་སྡུག་བསྔལ་ལ་སྒྲོལ་བར་བྱེད་པ་སྟེ། ཇི་ལྟར་ཕ་རོལ་གྱི་དོན་བྱེད་པ་ལས་གཞན་ཅི་ཡོད་ཅེས་པའི་དོན་ཏོ། །འདི་ལྟ་

བུར་གསུངས་ཞེས་པ་ནི་འདི་ལྟ་བུའི་ངག་གོ། །ཕྱུང་བར་མཛད་ཅེས་པ་ནི་བརྗོད་ནས་སོ། །ཇི་ལྟ་བུ་གསུངས་ཤེ་ན། གསུངས་པ་ཨེ་མའོ་ཞེས་བྱ་བ་ལ་སོགས་པ་སྟེ་སེམས་ཅན་གསོད་པ་ཞེས་བྱ་བ་ནི་བླ་མ་དང་སངས་རྒྱས་ལ་གནོད་པ་བྱེད་པའོ། །རྣམ་པར་རྟོག་པ་ཆེན་པོ་ཞེས་བྱ་བ་ནི་ཆེན་

པོ་ཡང་ཡིན་ལ་རྣམ་པར་རྟོག་པ་ཡང་ཡིན་པས་རྣམ་པར་རྟོག་པ་ཆེན་པོ་སྟེ། དུད་འགྲོ་ལ་སོགས་པའི་སྡུག་བསྔལ་གྱི་རང་བཞིན་ནོ། །དེ་དག་གསོད་པར་བྱེད་པ་ནི་རླག་པར་བྱེད་པ་སྟེ་དེའི་དོན་གྱིས་ན་རྡོ་རྗེ་དང་འདྲ་བས་ན་རྡོ་རྗེ་སྟེ་རྣམ་པར་རྟོག་པ་ཆེན་པོ་གསོད་པར་བྱེད་པས་གསོད་པའི་རྡོ་རྗེའོ། །བཅོམ་

ལྡན་འདས་གང་ཡིན་ཞེ་ན། འདི་ལྟ་བུའི་ཆོ་ག་གསུངས་པ། འཁྲུལ་འཁོར་ཞེས་བྱ་བ་ལ་སོགས་པའི་ཆོ་ག་གསུངས་ཏེ། དོན་ནི་འདི་ཡིན་ཏེ་འཁྲུལ་འཁོར་ལ་སོགས་པ་ལ་དམ་ཚིག་ཏུ་ངེས་པར་གྱུར་པས་བྱིན་གྱིས་བརླབས་པས་ཁྱད་པར་གང་འཁྲུལ་འཁོར་ལ་སོགས་པ་ཉིད་དོ། །

เล่ม ๔๖ · หน้า 274a

བཅོམ་ལྡན་འདས་ཀྱི་དམ་ཚིག་སྟེ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་དོན་ཏོ། །ལེའུ་བཞི་པའི་བཤད་པ་རྫོགས་སོ།། །།ཕན་ཚུན་དུ་རྣམ་པར་དབྱེ་བའི་དོན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་པ་ནི་སྣ་ཚོགས་དང་ལྷ་ལ་སོགས་པ་སྟེ་

སྔ་མ་བཞིན་ནོ། །ཐོད་པ་ཁ་སྦྱོར་ཞེས་པ་ནི། ཕྲུ་པ་ལ་སོགས་པའི་གྱོ་མོ་གཉིས་སུ་གསད་པའི་འཁྲུལ་འཁོར་བཅུག་ལ་ཞེས་རྟོགས་པར་བྱའོ། །གཤིན་རྗེ་མཐར་བྱེད་ཅེས་པ་ནི། བསད་པ་ལ་བརྗོད་པ་ཉིད་དོ། །རྟ་དང་མ་ཧེ་ཞོན་པ་དག །ཅེས་པ་ནི་གཅིག་ནི་རྟ་ལ་ཞོན་པ་ཡིན་ལ། གཞན་

དག་ནི་མ་ཧེ་ལ་ཞོན་པའོ། །སྤྲུལ་བའི་འཁོར་ལོའི་ཚོགས་ཀྱིས་ཞེས་བྱ་བ་ནི་གཉིས་ཀ་ཡང་སྤྲུལ་པའི་ཁྲོ་བོའི་ཚིག་དགོད་པར་བྱའོ། །སྟོབས་དག་ཅེས་པ་ནི་སྟོབས་དང་ལྡན་པའོ། །ཁྲོས་པ་ནི་ཁྲོས་པ་དང་ལྡན་པའོ། །བསྐྲད་པ་ཞེས་པ་བསྟན་པའི་དོན་དུ་གསུངས་པ། འཁོར་ལོ་གཉིས་ནི་བྲི་

ཞེས་བྱ་བ་ལ་སོགས་པ་སྟེ། ཆོ་ག་ཉིད་ནི་འདི་དག་ཅེས་པ་ནི་བསད་པའི་ཆོ་ག་བསྟན་པའི་སྣག་ཚ་ལ་སོགས་པས་སོ། །ཡི་གེ་ཧཱུཾ་ཕཊ་ཀྱིས་བརྟེན་པ་ཞེས་པ་ནི་བསྒྲུབ་བྱའི་མིང་དང་ཧཱུཾ་ཕཊ་དག་སྤེལ་བའོ། །ཐོད་པ་ཁ་སྦྱར་ནི་ཕྲུ་བ་ལ་སོགས་པའི་གྱོ་མོ་གཉིས་སུའོ། །ཕའི་ནགས་སུ་ཞེས་པ་ནི་

དུར་ཁྲོད་དུའོ། །གཤིན་རྗེའི་གཤེད་ནི་གཤིན་རྗེའི་གཤེད་དོ། །ཡཾ་བྱུང་ཞེས་པ་ནི་ཡཾ་ཡོངས་སུ་གྱུར་པ་ལས། ཁྲོ་བའི་ཚོགས་ཀྱིས་ཞེས་པ་སྤྲོས་པའི་གཤིན་རྗེ་གཤེད་ཀྱིས་སོ། །མ་གྲུབ་ན་ཡིད་ཆེས་པའི་དོན་དུའོ་ཞེས་ལྷག་མའོ། །ཆོ་ག་གསུངས་པའོ་ཞེས་བརྗོད་ནས་བརྒྱ་ལམ་ན་

སློབ་མ་འཁྲུལ་བར་གྱུར་ན། ལྷའི་གཟུགས་དང་རས་ལ་སོགས་པ་དེ་དག་གསུངས་པ། ཁྲོས་པ་ཞེས་བྱ་བ་ལ་སོགས་པ་སྟེ་ལྷོར་བལྟས་པ་ནི་ལྷོར་མངོན་པར་ཕྱོགས་པའོ། །རང་ཁྲག་ཅེས་པ་ནི་རང་གི་ལག་པ་གཡོན་པའི་མཛུབ་མོའི་ཁྲག་གོ། །ཐལ་བ་ཞེས་བྱ་བ་ནི་སོལ་བའོ། །སྨྱོན་པའི་

འདབ་མའི་ཁུ་བས་ཞེས་བྱ་བ་ནི་ཐང་ཕྲོམ་གྱི་འདབ་མའི་ཁུ་བས་སོ། །འཁོར་ལོ་རྣམས་ཀྱི་ཁྱད་པར་གྱི་བྲི་བའི་ཐབས་གསུངས་པ། བསད་པ་ཞེས་བྱ་བ་ལ་སོགས་པ་སྟེ་བསད་པའི་ཆོ་གར་གསུངས་པའི་སྣག་ཚ་ལ་སོགས་པ་སྟེ་འཁོར་ལོ་གཉིས་ཀ་ལ་ཡང་དེའི་ལུས་ལ་གནས་པ་ནི་དེའི་ལྷོར་

เล่ม ๔๖ · หน้า 274b

བལྟས་པའི་འཁོར་ལོའོ། །རྟ་དང་མ་ཧེ་དག་ཅེས་པ་ནི་འཁོར་ལོ་གཅིག་ནི་མ་ཧེའི་རྒྱབ་ཏུ་ཡིན་ལ་གཞན་ནི་རྟའི་རྒྱབ་ཏུའོ། །བསྐྲད་པ་ཞེས་པ་ནི་གནས་ནས་བཏོན་པའོ། །རྔ་མོའི་ལུས་ལ་གནས་ཞེས་པ་ནི་འཁོར་ལོ་གཉིས་ཀ་ལ་ཡང་རྔ་མོ་སྔོན་པོའི་རྒྱབ་ཏུའོ། །ཟླ་བའི་དཀྱིལ་འཁོར་ལ་ཞེས་པ་

ནི་འཁོར་ལོ་ལ་ཟླ་བའི་དཀྱིལ་འཁོར་གྱིས་ཀུན་ནས་བསྐོར་ཏེ་སྦྱིན་པར་བྱའོ། །བཙུན་མོའི་སྙིང་གར་ཞེས་པ་ནི་བྷ་གའོ། །ར་ལ་བསྐྱོན་ཞེས་པ་ནི་ལུག་ལ་ཡང་བསྐྱོན་ཞེས་པའོ། །རི་རབ་དཀྱིལ་དུ་ཞེས་པ་ནི་རིའི་ཕྲེང་བས་ཀུན་ནས་བསྐོར་བའོ། །སེང་གེ་སར་པ་ནི་རྐང་པ་བརྒྱད་པའི་སེང་གེའོ། །

གཞན་དག་ལ་ཞེས་པ་ནི་སྨྱོན་པ་ལ་སོགས་པར་བྱེད་པའི་སྤྲེའུ་དང་སྐྱེས་བུ་བཟི་བ་ལ་སོགས་པ་ལ་བྲི་བར་བྱའོ། །ལན་གཉིས་བཅིངས་པ་ནི་ལེགས་པར་བཅིངས་པ་ཡིན་ཞེས་པ་སྟེ། སྣག་ཚ་ལ་སོགས་པ་ཡང་ཟློས་པར་གསུངས་པ་རོ་ཙ་ན་ཞེས་པ་གོ་རོ་ཙ་ནའོ། །བུད་མེད་ཞི་བ་ནི་བུད་མེད་ཀྱི་

དོན་དུའོ། །སྐྱེས་པ་དང་བུད་མེད་དབང་དུ་བྱ་བ་ནི་རྒྱ་སྐྱེགས་ཏེ་སྐྱེས་པ་དང་བུད་མེད་གཉིས་ཀ་དབང་ལ་བྱ་བའོ། །གཉིས་ཀྱི་སྟེང་དུ་གཞན་ཡང་། སྐྱེས་པའི་དོན་དུ་ཁ་ཕྱེ་ཡིས། །ཞེས་པས་ཏེ་སྐྱེས་པ་ཞི་བ་ལའོ། །སྐྱེས་པ་དང་བུད་མེད་གཉིས་ཀའི་རྒྱས་པ་ལ་ཡང་སྟེ་དབང་དུ་བྱ་བར་བྲི་ཞེས་ཉེ་

བར་མཚོན་པའོ། །ཞི་བ་དང་རྒྱས་པ་དག་ལ་ཡང་དགེ་བའི་སེམས་ཀྱིས་ཏེ། བྱ་བ་གང་ལ་ཡང་ངོ་ཞེས་ལྷག་མའོ། །དོན་ནི་འདི་ཡིན་ཏེ། ཞི་བ་དང་། རྒྱས་པ་དང་། དབང་རྣམས་ལ་ཁམ་པོར་ཁ་སྦྱར་དུ་གཞག་པར་བྱའོ། །དྲག་པོ་ལས་ཀྱི་དགོངས་པས་བྱ་རོག་གི་སྒྲོ་ཞེས་བྱ་བ་ལ་སོགས་པ་སྟེ།

བྱ་རོག་ནི་བྱ་རོག་ཆེན་པོའོ། །སྨྱུ་གུས་ནི་བསད་པ་དང་། དབྱེ་བ་དང་། བསྐྲད་པ་ལ་སོགས་པ་བྲི་བར་བྱ་ཞེས་པ་ལྷག་མའོ། །ཉི་མ་ཕྱེད་ན་རོ་བསྲེགས་སར། །ཞེས་པ་ནི་རོ་སྲེག་པའི་སའི་ནང་དུ་བརྐོས་ཏེ་གཞུག་པར་བྱའོ། །པདྨ་ཁ་སྦྱོར་ཞེས་པ་ནི། ཁ་སྦྱོར་དང་པདྨའི་ཁ་སྦྱོར་པདྨ་སྟེ། དེ་ལས་བསད་

པ་དང་བསྐྲད་པ་དང་དབྱེ་བའི་སྤྱོད་ཡུལ་ལ་ནི། ཕྲུ་བ་ལ་སོགས་པའི་གྱོ་མོ་ཁ་སྦྱོར་དུའོ། །དགུག་པ་ནི་པདྨ་སྟེ་བུད་མེད་ཀྱི་ཐོད་པའོ། །གཤིན་རྗེའི་རྣལ་འབྱོར་བདག་ཉིད་ཀྱིས། །ཞེས་བྱ་བ་ནི་དེ་དེར་ཇི་སྐད་གསུངས་པའི་གཤིན་རྗེ་གཤེད་ཀྱི་གཟུགས་ཀྱིས་སོ། །བཟླས་ཏེ་ཞེས་བྱ་བ་ནི་བརྗོད་པའོ། །

เล่ม ๔๖ · หน้า 275a

ལྷོ་ཕྱོགས་གནས་ཏེ་ཞེས་བྱ་བ་ནི་ལྷོ་ཕྱོགས་སུ་མངོན་པར་ཕྱོགས་པ་སྟེ། དྲག་པོའི་ལས་ཀྱི་དགོངས་པས་འདིར་ཉེ་བར་མཚོན་པར་བྱ་སྟེ། གཞན་དག་དང་གཞན་དག་གི་ལྟོས་ནས་གཞན་དང་གཞན་གྱི་དོན་དུ་མངོན་པར་ཕྱོགས་པ་ཤེས་པར་བྱའོ། །ལས་གྲུབ་

ནས་འཁྲུལ་འཁོར་གནས་པ་ལ་དགོས་པ་མེད་པས་ནི་རིམ་པ་བཞིན་དུ་དབྱེ་བའི་དོན་གསུངས་པ། ཞི་བ་ཞེས་བྱ་བ་སྟེ་ལས་གྲུབ་པ་དང་དགོངས་པ་ཉེ་བར་གྲུབ་ནས་གང་ཚེ་བསྲུང་བ་རིག་པར་བྱེད་པ་དེའི་ཚེ་འཁོར་ལོ་འཛིན་པ་ཡང་ཡི་གེ་བཞི་པོ་དེ་དག་ཕྱིས་ཏེ་གཟུང་བར་བྱའོ་ཞེས་པ་ནི་མན་

ངག་གོ། །ལྷག་མ་ཞེས་པ་ནི་ཡི་གེ་བཞི་པོ་ཕྱིས་པ་ལས་གཞན་དག་གོ། །ཇི་ལྟར་བདེ་བར་ཞེས་པ་ནི་ཇི་ལྟར་འདོད་པར་བྱེད་པའམ་གཞན་པར་བྱའོ། །ཁྲི་ཞེས་པ་ནི་སྟོང་ཕྲག་བཅུའོ། །ཡེ་ཤེས་རྡོ་རྗེ་ཞེས་པ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་སེམས་ཀྱིས་ཏེ་གྲིབ་མ་དང་སྒྱུ་མ་ལྟ་བུའི་རྣམ་

པས་སོ། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས། །ཞེས་བྱ་བ་ནི་དེ་ལྟ་བུའི་གཤིན་རྗེ་གཤེད་ཀྱི་གཟུགས་ཀྱིས་སོ། །ཡི་གེ་བཞི་པོ་འདི་དག་དབྱེ་བར་བྱ་བ་ཅིའི་ཕྱིར་ཞེ་ན། གསུངས་པ། འཁྲུལ་འཁོར་འདི་ཞེས་པས་སོ། །བྲིས་ནས་ཞེས་པ་འདི་ཡི་གེ་ཐམས་ཅད་གཞག་པ་ནའོ། །འཁོར་ལོ་བྲི་

བའི་སྔར་གྱི་རིམ་པ་ནི་གོ་རིམས་ཀྱིས་ཏེ་འཁོར་ལོ་སྔར་རིམ་མོ། །ཏྲ་ཏོ་ཨ་ཏ་ར་ད་ནི་བྲིས་པའི་སྒྲ་ལས་དབྱེ་བའོ། །ག་ཏྲི་བ་ནི་རོ་ཙ་ན་ལ་སོགས་པ་སྟེ། དེ་ན་བྲི་བའོ། །འཁྲུལ་འཁོར་གྱི་རིམ་པ་བྲི་བའི་དོན་དུ་རོ་ཙན་ལ་སོགས་ཏེ་གང་ལ་དེ་སྟོན་པའོ། །མངོན་པར་འདོད་པའི་དོན་ཡོངས་སུ་བཅད་

པ་ཅན་ནི་ལེའུ་སྟེ། ངག་གི་ཚོགས་པ་ལ་ཡང་ངོ་། །ལེའུ་ལྔ་པའི་བཤད་པ་རྫོགས་སོ།། །།ཕྱག་རྒྱ་འཚོལ་བའི་བསྒོམ་པ་ལས་ནི་དངོས་གྲུབ་དང་སྒྲུབ་པ་པོ་མེད་པ་ཞེས་བྱ་བ་སྟེ། བསྟོད་པ་སྔོན་དུ་འགྲོ་བའི་གསོལ་བ་གདབ་པས་ཕྱག་འདི་འདུ་བའི་དོན་དུ་གསུངས་པ། དེ་ནས་བཅོམ་

འདས་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ཞེས་བྱ་བ་ནི་སྔར་གསུངས་པའི། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །ཅེས་བྱ་བ་ལ་སོགས་པས་སོ། །ཞེ་སྡང་ཞེས་བྱ་བ་ནི་ཞེ་སྡང་བར་བྱེད་པ་དང་རབ་ཏུ་གསལ་བར་བྱེད་པའོ། །རང་རང་ཕྱག་རྒྱ་ཞེས་པ་ནི་རང་རང་གི་དེ་བཞིན་གཤེགས་པ་རྣམས་ཀྱིས་སོ། །

เล่ม ๔๖ · หน้า 275b

དཀྱིལ་འཁོར་གྱི་ནི་ལྷ་ཀུན་གྱི། །ཞེས་པ་ནི་དཀྱིལ་འཁོར་གྱི་བདག་པོ་ཡངས་པ་ལས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཡོངས་སུ་རྙེད་པའོ། །ཀུན་གྱི་ཞེས་པ་ནི་གཞུང་ལས་ལྷག་པ་སྟེ། དེས་ནི་དཀྱིལ་འཁོར་གྱི་བདག་པོ་གཟུང་ངོ་། །གཤིན་རྗེ་གཤེད་ཅེས་པ་ནི་ལེའུ་དང་པོར་མི་བསྐྱོད་པ་ལ་སོགས་

པ་ལྔ་བཤད་པས་སོ། །དེ་ལྟ་བས་ན་ཞེ་སྡང་དང་གཏི་མུག་དང་ཕྲ་མ་དང་འདོད་ཆགས་དང་ཕྲག་དོག་དང་གཤིན་རྗེ་གཤེད་རྣམས་ལ་རིམ་པ་ཇི་ལྟ་བས་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་རྣམས་དབུ་ལ་བསྒོམ་པར་

བྱའོ། །ཙརྩི་ཀ་དང་། ཕག་མོ་དང་། དབྱངས་ཅན་མ་དང་། གཽ་རཱི་མ་རྣམས་ཀྱི་དབུ་ལ་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་རྣམས་རིམ་པ་ཇི་ལྟ་བ་བཞིན་ནོ། །ཐོ་བ་དང་དབྱུག་པ་དང་པདྨ་དང་རལ་གྲི་གཤིན་རྗེ་གཤེད་རྣམས་ལ་ནི། མི་

བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་རྣམས་ཀྱིས་སོ། །རྟག་ཏུ་དཀྱིལ་འཁོར་ནི་འཁོར་ལོའི་ལྷ་རྣམས་སོ། །བྲི་བར་བྱ་ཞེས་པ་ནི་བསྒོམ་པར་བྱའོ། །སྦྱིན་སྲེག་ཅེས་བྱ་བ་ནི་ནང་གི་བདག་ཉིད་ཅན་གྱིས་ཏེ་གསུངས་པའི་བདུད་རྩི་མྱང་བའི་ཆོ་གའི་

རིགས་པས་སོ། །དགང་ཞེས་པ་ནི་ལྷའི་བདག་ཉིད་ཅན་གྱི་གཟུགས་ཚིམ་པར་བྱེད་པའོ། །དམ་ཚིག་རྣམས་ལ་ཞེས་པ་ནི་གོ་ཀུ་ད་ཧ་ན་ལ་སོགས་པ་རྣམས་སོ། །བསྒྲུབ་པར་བྱ་ཞེས་པ་ནི་ཇི་ལྟར་གསུངས་པའི་བདུད་རྩི་མྱང་བའི་ཆོ་གས་བཟའ་བར་བྱའོ། །སྡོམ་པ་ཞེས་བྱ་བ་ནི་ངེས་པར་བྱ་

བ་སྟེ། དེ་ཡང་དཀྱིལ་འཁོར་བཞེངས་པ་ལ་སོགས་པ་ཅན་ཉིད་དོ། །དང་པོ་ལ་ནི་དབུ་རྒྱན་དབང་། །ཞེས་པ་ནི་དཀྱིལ་འཁོར་དུ་ཞུགས་ནས་ཆུའི་དབང་གི་རྗེས་ལ་དབུ་རྒྱན་གྱི་དབང་གིས་སོ། །རལ་གྲི་ཞེས་པ་ནི་རྡོ་རྗེའི་དབང་བསྐུར་བའོ། །རྡོ་རྗེ་དྲིལ་བུ་དང་ཞེས་པ་ནི་དྲིལ་བུའི་དབང་བསྐུར་

བའོ། །ཟླ་བ་བཟང་བ་བཞི་ཞེས་བྱ་བ་ནི། མིང་གི་དབང་དང་རིགས་གསུམ་གྱི་དམ་ཚིག་དང་། རྡོ་རྗེ་སློབ་དཔོན་དང་། རྡོ་རྗེ་བརྟུལ་ཞུགས་དང་། དབུགས་དབྱུང་བ་དང་། ལུང་བསྟན་པ་དང་། རྗེས་སུ་གནང་བའི་རྗེས་ལ་སྟེ་ཐབས་དང་ཤེས་རབ་ཀྱི་དབང་བསྐུར་བ་ཡང་གཟུང་བར་བྱའོ། །ནག་པོ་ནི་རྡོ་རྗེ་

เล่ม ๔๖ · หน้า 276a

སེམས་དཔའ་ཡིས་ནི་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་ཉིད་ལ་ནག་པོ་ཞེས་བྱའོ། །དབང་བསྐུར་བའི་དགོངས་པ་བསྟན་པའི་དོན་དུ་གསུངས་པ། དབང་འདི་དག་གིས་ཞེས་བྱ་བ་ལ་སོགས་པ་སྟེ་ཐོ་བ་ཞེས་པ་ནི་རྙེད་པའོ། །རྒྱལ་བའི་སྲས་ནི་བྱང་

ཆུབ་སེམས་དཔའོ། །བྱ་བ་བྱེད་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཅན་ནི་གཏོར་མ་ཡིན་པས། གཏོར་མའི་ཆོ་ག་བསྟན་པ་གསུངས་པ། དེ་ནས་སྔགས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། །འབྱུང་པོ་ཀུན་ཞེས་བྱ་བ་ནི་འབྱུང་པོར་གྱུར་པ་ཐམས་ཅད་དེ་དབང་པོ་ལ་སོགས་པ་རྣམས་སོ། །དེ་ཡང་

རང་གི་ལྷའི་རྣལ་འབྱོར་གྱི་ལྟ་སྟངས་ཀྱིས་ལུས་རྣམས་ཐལ་བར་བྱ་སྟེ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོས་པའི་བདུད་རྩིས་ཡང་དག་པར་རེག་པས་ཡུད་ཙམ་གྱི་རྣལ་འབྱོར་གྱི་བདག་ཉིད་དང་འདྲ་བའི་ལྷའི་རྣམ་པར་རྫོགས་པའོ། །དེ་རྣམས་ཀྱི་གཏོར་མ་ནི་ཉེ་བར་མཆོད་པའོ། །

ལུགས་ནི་བྱེད་པ་སྟེ། སྔགས་བརྗོད་པའོ། །ཇི་ལྟར་གསུངས་པའི་བདུད་རྩི་མྱོང་བའི་རིམ་པས་བདུད་རྩི་ལྔ་རུ་བསྐྱེད་ལ། ལྷ་རྣམས་དེ་དག་གི་ལྕེའི་འོད་ཟེར་གྱི་སྦུ་གུས་བདུད་རྩི་དེ་དག་ཉེ་བར་ལོངས་སྤྱོད་དོ། །དེ་ནས་ནི་མངོན་པར་འདོད་པའི་འབྲས་བུ་གྲུབ་པའི་རྗེས་ལ་སྔགས་དེ་ཉིད་གསུངས་

པ། ཨོཾ་ཨིནྡྲ་ཡེ་ཞེས་བྱ་བ་ལ་སོགས་པ་སྟེ། དེས་ནི་ལྷ་རྣམས་ཀྱི་ཕྱིར་ལག་པ་གཡས་པས་གནས་དེ་དང་དེ་རྣམས་སུ་སྤོས་བཏུལ་ཞིང་ལག་པ་གཡོན་པས་དྲིལ་བུ་དཀྲོལ་བར་བྱའོ། །འདི་ལྟ་སྟེ། གཡས་དང་གཡོན་གྱི་གནས་དང་། ལྟེ་བ་དང་། སྙིང་ག་དང་། བརླའི་གནས་དང་། མགྲིན་

པ་དང་། ཁ་དང་། གཡས་པའི་སྣ་བུག་དང་། རྣ་བ་གཡོན་པ་རྣམས་སུ། མིག་གཉིས་དང་མཚོག་མ་སྟེ་ཐམས་ཅད་ཀྱི་གནས་སུ་ལན་གསུམ་གསུམ་དུ་དགྲོལ་བར་བྱའོ། །དེ་ནས་ཡང་ལྟེ་བ་དང་། སྙིང་གར་ཅི་བདེ་བར་རོ། །ཡང་ཆང་འཐུང་བའི་དུས་སུ་རང་གི་ལྷ་ཉིད་ཚིམ་པའི་དོན་དུ་གསུངས་

པ། བྱས་ནས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གྲུ་གསུམ་ནི་ཟུར་གསུམ་ལག་པ་གཡོན་པའི་སྲིན་ལག་གིས་གཡོན་དུ་བསྐོར་བར་བྱ་ཞེས་མན་ངག་གོ། །ཇི་ལྟར་གྱུར་ཞེ་ན། གསུངས་པ། བི་དང་ཞེས་བྱ་བ་ལ་སོགས་པ་སྟེ། བཤང་གཅི་ལ་སོགས་པས་བྱ་ཞེས་པའི་དོན་ཏོ། །ཆུ་ཞེས་པ་ནི་བྱང་ཆུབ་

เล่ม ๔๖ · หน้า 276b

སེམས་སམ་ཆང་ངོ་། །བཤང་བ་ལ་སོགས་པ་མེད་ན་མྱོས་བྱེད་ཙམ་གྱིས་བྱའོ་ཞེས་པ་ནི་མན་ངག་གོ། །ཚིམ་པར་བྱ་ཞེས་པ་ནི། དེ་རྣམས་ཀྱི་དཀྱིལ་འཁོར་པ་ལ་ལག་པ་གཡོན་པའི་སྲིན་ལག་གིས་ཚིམ་པར་བྱས་ཏེ། ཨོཾ་ཛེ་ཤ་ཛ་མ་རི་ཡེ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་རྣམས་ཀྱི་རིམ་པས་

སོ། །ཀྱང་ཞེས་པ་ནི་ལྷ་རྣམས་ཀྱི་འཁོར་ལོ་མ་ལུས་པར་ཚིམ་པར་བྱས་པའི་རྗེས་ལའོ། །དྲན་པར་བྱེད་པ་ནི་རྗོད་པར་བྱེད་པའོ། །ལེའུ་བཞི་པ་དང་ལྡན་པ་ནི་འཁོར་ལོ་བྲི་བའི་མདོར་བསྟན་པ་ཙམ་བྱས་ཏེ། དེ་ནས་དེ་དག་བྲི་བའི་དོན་དུ་གསུངས་པ་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། བྱ་བ་ཞེས་པ་

ནི་འབྲི་བ་སྟེ། རི་བོ་ན་ལ་སོགས་པ་རྣམས་སོ། །དཀྱིལ་འཁོར་རིམ་གསུམ་ཞེས་བྱ་བ་ནི་དང་པོའི་དཀྱིལ་འཁོར་ལ་དཀྱིལ་འཁོར་གཉིས་པས་བསྐོར་བར་བྱ་ཞིང་གཉིས་པ་ལ་ཡང་གསུམ་པས་སོ། །བརྒྱད་དང་བཅུ་གཉིས་བཅུ་དྲུག་པ། །ཞེས་པ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ནང་དུ་ནི་རེའུ་མིག་

བརྒྱད་པ་རྣམས་དང་། དཀྱིལ་འཁོར་གཉིས་པ་ལ་བཅུ་གཉིས་པ་དང་། དཀྱིལ་འཁོར་གསུམ་པ་ལ་བཅུ་དྲུག་པ་རྣམས་སོ། །དེ་ལ་དཀྱིལ་འཁོར་གསུམ་ཆར་ལ་ཁྱབ་པའི་དབུ་མ་ལས་ཅུང་ཟད་ཀྱི་མཐའ་གཉིས་སུ་ཤར་ནས་ཞུགས་པའོ། །ནུབ་ཏུ་རི་མོ་གཉིས་དྲང་པར་བྱའོ། །དེ་བཞིན་དུ་

བྱང་ནས་ཞུགས་ཏེ། རི་མོ་གཉིས་དྲང་བར་བྱའོ། །དེ་དག་ཐམས་ཅད་ཀྱི་ནང་གི་དཀྱིལ་འཁོར་གྱི་དབུ་མའི་རེའུ་མིག་བོར་བ་དང་། རེའུ་མིག་བརྒྱད་དུ་གྱུར་ཏོ། །དཀྱིལ་འཁོར་གཉིས་པའི་མཚམས་ཀྱི་ཆ་རྣམས་སུ་རི་མོ་རེ་རེ་སྦྱིན་པར་བྱའོ། །དེ་དག་གིས་ནི་གཉིས་པར་ཡང་རེའུ་མིག་

བཅུ་གཉིས་སུ་གྱུར་ཏོ། །དཀྱིལ་འཁོར་གཉིས་པའི་མཚམས་སུ་གནས་པའི་རི་མོའི་མགོ་བོ་ནས་བརྩམས་ཏེ་ལོགས་གཉིས་ནས་རི་མོ་གཉིས་བྲི་བར་བྱའོ། །དེ་ལྟ་བུ་ས་ནི་ཟླུམ་པོར་བསྐོར་བར་གསུམ་པ་ལ་ཡང་ལེའུ་ཚེ་བཅུ་དྲུག་ཏུ་གྱུར་ཏོ། །དགོད་པར་བྱ་ཞེས་པ་ནི་ཐམས་ཅད་ཀྱི་ནང་ཟླུམ་

པོར་བསྐོར་བ་ལའོ། །སྔགས་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔ་ལྔའི་ས་བོན་གྱི་ཡི་གེ་རྣམས་ཏེ་དབུས་སུ་ཡ་སྟེ་ཞེས་བྱ་བ་ལ་སོགས་པའི་རྗེས་ཀྱི་ཚིག་གིས་སོ། །དེ་ཡང་མཚམས་བཞི་པོ་བོར་ཏེ་ལྷག་མ་རེའུ་མིག་ལྔ་པོ་དག་གོ། །རེའུ་མིག་བཅུ་གཉིས་ཞེས་བྱ་བ་ནི་དཀྱིལ་འཁོར་གཉིས་

เล่ม ๔๖ · หน้า 277a

པ་དག་གིའོ། །དེ་ལ་སྒོ་སྐྱོང་ལ་སོགས་པ་རྣམས་ཀྱི་ཡི་གེ་བཅུ་གཉིས་པ་རྣམས་སོ། །སྔགས་དགོད་པའི་དགོངས་པ་གསུངས་པ། གྲུབ་པ་ཞེས་བྱ་བ་ལ་སོགས་པ་སྟེ། མ་ལུས་ལུས་པ་མེད་པར་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལ་ལྟོས་པའོ། །

རྒྱུ་དང་མི་རྒྱུར་བཅས་པ་ནི་སྣོད་དང་བཅུད་དུ་བཅས་པའོ། །དང་པོ་དང་གཉིས་པོའི་ཟླུམ་པོར་བསྐོར་བ་ལ་ས་བོན་བསྐོར་བའི་ཚིགས་སུ་བཅད་པ་བསྐོར་བ་གསུངས་པ། ཡ་མ་རཱ་ཛ་ཞེས་པ་ལ་སོགས་པ་སྟེ་ཡང་དགོད་པར་བྱ་བའི་ཚིགས་སུ་བཅད་པ་གང་ཡིན་ཞེ་ན། གསུངས་པ། དབུས་སུ་ཡ་

ཞེས་པ་སྟེ་ཡ་ཡིག་ནི་ཐམས་ཅད་ཀྱི་ནང་ཟླུམ་པོར་བསྐོར་བ་དང་པོ་ལའོ། །ཀྵེ་ཞེས་པ་ནི་ཀྵེ་ཡིག་གོ། །འཇམ་པའི་རྡོ་རྗེ་ཞེས་པ་ནི་མ་ཡིག་གོ། །མེ་ཞེས་པ་ནི་མེ་ཡིག་གོ། །དན་ད་མ་ནི་ད་ཡིག་གོ། །མཚམས་ཀྱི་སྟོང་པ་དག་ཅེས་པ་ནི་ནང་གི་དཀྱིལ་འཁོར་གྱི་མཚམས་ཀྱི་བཞི་བོར་བ་

རྣམས་སུའོ། །དེ་དག་ཀྱང་ཅི་བསྒྲུབ་བྱ་འབའ་ཞིག་གི་མིང་བྲིའམ་ཞེ་ན། གསུངས་པ། ཧཱུཾ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་དང་མཐར་ཧཱུཾ་ཡིག་གཉིས་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་ཡང་དྲག་པོའི་ལས་ལྟོས་ནས་བརྗོད་པ་ཡིན་ལ། ཞི་བ་ལ་སོགས་པ་ལ་ནི་ན་མ་ལ་སོགས་པའི་ཡི་གེ་

སྤེལ་བར་རྟོགས་པར་བྱའོ། །དཀྱིལ་འཁོར་གཉིས་པར་བྲི་བའི་དོན་དུ་ཡ་ཙ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱི་རོལ་དུ་ཞེས་པ་ནི་དང་པོར་བསྐོར་བ་ལས་ཕྱི་རོལ་དུ་སྟེ། ཟླུམ་པོར་བསྐོར་བ་གཉིས་པ་ཞེས་བྱ་བའི་དོན་ཏོ། །གཡོན་ནས་བརྩམས་ཏེ་ཞེས་བྱ་བ་ནི་གཡོན་པ་སྟེ་ཇི་ལྟར་ལེགས་པར་

གྱུར་པའོ། །དོན་ནི་འདི་ཡིན་ཏེ་ཇི་ལྟར་ཚིགས་སུ་བཅད་པའི་འབྱུང་བར་འགྱུར་བ་དེ་བཞིན་དུ་བྲི་བའོ། །དེས་ན་སྔོན་དུ་ཀྵེ་ཡིག་ནས་བརྩམས་ཏེ་གཡས་ནས་བསྐོར་ཞེས་པའི་དོན་ཏོ། །རིམ་པ་གསུམ་པ་ཞེས་བྱ་བ་ནི་ཟླུམ་པོར་བསྐོར་བ་གསུམ་པའོ། །མདུན་དུ་ཞེས་པ་ནི་ཟླུམ་པོས་བསྐོར་བ་

གཉིས་པ་ལ་ཤར་ཕྱོགས་ནས་བསྐོར་བ་སྟེ་ཡ་ཡིག་ལས་གཞན་ཞེས་པའི་དོན་ཏོ། །ཤར་ནས་ཞེས་བྱ་བ་ནི་ཤར་ཕྱོགས་ནས་བསྐོར་བ་དག་སྟེ་ལེའུ་ཚེ་ནས་བརྩམས་ཏེ་གཡས་ནས་བསྐོར་ཞེས་པ་ལྷག་མའོ། །དྷྲི་ཏི་བི་ལ་སོགས་པ་སྟེ། སྔགས་ཞེས་པ་ནི། ཨོཾ་ཧྲཱིཿཥྚྲིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་

เล่ม ๔๖ · หน้า 277b

ཞེས་པའི་དོན་ཏོ། །དེ་ཡི་བར་བར་ཉིད་དག་ཏུ། ཞེས་པ་ནི་སྔགས་བྲིས་པའི་བར་དག་ཏུ་ལེའུ་ཚེ་ལ་གནས་པ་ལའོ། །གང་བྲི་བར་བྱ་ཞེ་ན། གསུངས་པ། མོ་ཀ་ཞེས་བྱ་བ་ལ་སོགས་པ་སྟེ། རབ་སྔགས་དང་པོ་ན་མོ་མཐར། །ཞེས་བྱ་བ་ནི་རབ་སྔགས་དང་པོ་དང་མཐར་ནི་ན་མ་ཞེས་རྟོགས་

པར་བྱའོ། །རབ་སྔགས་ནི་ཨོཾ་ཡིག་སྟེ་གང་གི་དང་པོར་རབ་སྔགས་འདིའོ། །ཨོཾ་ཧྲཱིཿཥྚྲིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཞེས་པའི་དོན་ཏོ། །སྔགས་འདིའི་མཐར་ན་མའི་སྒྲ་བྲི་བའོ། །མཐར་ཞེས་པ་ནི་བསྒྲུབ་བྱའི་ཡི་གེ་མཐར་ཡང་ན་མའོ། །དེ་དག་ནི་ཞི་བ་སྟེ། དེས་ན་དོན་འདི་ཡིན་ཏེ། ཨོཾ་ཧྲཱིཿཥྚྲིཿཝི་ཀྲྀ་ཏཱ་ན་ན་

ཧཱུཾ། ན་མོ་ཨ་མུ་ཀ་སྱ་ཤཱནྟིཾ་ཀུ་རུ་ན་མཿཞེས་བྱའོ། །བ་ཤི་ཏ་ཞེས་བྱ་བ་ནི་དབང་དུ་བྱའོ། །བཽ་ཥཊ་ཅེས་པ་ནི་རྒྱས་པའོ། །ཧཱུཾ་ཞེས་པ་ནི་བསད་པའོ། །ཕཊ་ཅེས་པ་ནི་སྐྲོད་པའོ། །གཞན་ཡང་ཧཱུཾ་གི་ཡི་གེ་གཉིས་བྱས་ཏེ་ཧཱུཾ་ཕཊ་ཅེས་རྟོགས་པར་བྱའོ། །འདི་དག་གིས་ཉེ་བར་མཚོན་ནས་

གཞན་དུ་ཡང་ཧོ་ཞེས་པ་འདི་ལྟ་བུ་དང་པོར་བྱ་སྟེ་ཇི་ལྟར་རིགས་པར་བརྗོད་པར་བྱའོ། །ས་བོན་ཞེས་པ་ས་བོན་དང་འདྲ་བ་ས་བོན་ཏེ། ཨོཾ་ཧྲཱིཿལ་སོགས་པའི་ས་བོན་རྣམས་སོ། །ཐ་མར་ཞེས་པ་ནི་ཐ་མར་རམ་ལྷག་མ་སྟེ་བསད་པའོ། །ཧྲཱིཿཞེས་པ་ནི་དགུག་པའོ། །ཞི་བ་དང་སྐྲོད་པ་ལ་སོགས་པར་

བྱེད་ཅེས་པའི་དོན་ཏོ། །བསྲུང་ཞིང་འཁོར་ལོ་རྣམ་པར་བྲི་བ་ལ་བསྲུང་བ་ནི་ཞི་བའོ། །འདི་དག་ཉེ་བར་མཚོན་པ་སྟེ། དེའི་དོན་གྱིས་ན་འཁོར་ལོ་སྟེ་འཁྲུལ་འཁོར་གཉིས་སོ། །དེའི་རྣམ་པ་བྲི་བ་ནི། ཡང་དག་པའི་རིམ་པ་ཉིད་ཀྱིས་ངེས་པར་བྱས་ན་འདི་ལ་ཡང་དེ་བཞིན་དུའོ། །ལེའུ་དྲུག་

པའི་བཤད་པ་རྫོགས་སོ།། །།སྔར་མ་གསུངས་པའི་དཀྱིལ་འཁོར་པའི་རྣལ་འབྱོར་མ་བཞིའི་ཞལ་ལ་སོགས་པ་བསྟན་པའི་དོན་དུ་གསུངས་པ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱག་ན་འཁོར་ལོ་ཞེས་པ་འདིས་གཏི་མུག་གཤིན་རྗེ་གཤེད་ཀྱི་ཕྱག་མཚན་གྱི་གཙོ་བོ་འཛིན་

པའི་ཕྱིར་མཚན་མ་ཞེས་གཞན་དག་ཞལ་ཡང་གཏི་མུག་གཤིན་རྗེ་གཤེད་དང་འདྲ་བའོ། །དགོས་པ་བསྟན་པའི་དོན་དུ་ཁྲག་དགུག་པ་ཞེས་བྱ་བ་ལ་སོགས་པ་སྟེ་སྦྱོར་བ་ལས་ཤེས་པའི་རབ་ཏུ་སྦྱོར་བའི་སྤྱོད་ཡུལ་ལས་སོ། །རྡོ་རྗེ་ཕག་གདོང་མའི་ཞལ་ལ་སོགས་པའི་དོན་དུ་ཞལ་གསུམ་ཞེས་བྱ་

เล่ม ๔๖ · หน้า 278a

བ་ལ་སོགས་པ་སྟེ་མགོ་ན་ཞེས་པ་ནི་ཕག་གི་གདོང་པ་ཅན་ནོ། །ཕྱག་ན་རྡོ་རྗེ་ཞེས་པ་འདིས་རིམ་པ་ཇི་ལྟ་བ་བཞིན་དུ་འདི་ཡང་ཞེ་སྡང་གཤིན་རྗེ་གཤེད་དང་འདྲ་བའོ། །དགོས་པ་བསྟན་པའི་དོན་དུ་ཆང་དགུག་པ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་དབྱངས་ཅན་མའི་ཞལ་ལ་སོགས་

པའི་དོན་དུ་ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ། པདྨ་དམར་པོ་འཛིན་ཞེས་བྱ་བ་འདིས་ཀྱང་རིམ་པ་ཇི་ལྟ་བ་བཞིན་དུ་འདི་འདོད་ཆགས་གཤིན་རྗེ་གཤེད་དང་འདྲ་བའོ། །དགོས་པ་བསྟན་པའི་དོན་དུ་གསུངས་པ། ཤེས་རབ་འཕེལ་བ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་གཽ་རཱི་མའི་ཞལ་ལ་སོགས་

པ་བསྟན་པའི་དོན་དུ་གསུངས་པ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟ་བུས་ཀྱང་ཕྲག་དོག་གཤིན་རྗེ་གཤེད་ཀྱི་ཞལ་དང་། སྐུ་མདོག་གཙོར་བསྟན་པ་ལས། འདི་ཡང་ཕྲག་དོག་གཤིན་རྗེ་གཤེད་དང་འདྲ་བའོ། །དགོས་པ་བསྟན་པའི་དོན་དུ་གསུངས་པ། ཁུ་བ་དགུག་

པ་ཞེས་བྱ་བ་ལ་སོགས་པའོ། །ཙརྩི་ཀའི་དགོས་པ་བསྟན་པ་བཤད་པའི་དོན་དུ་གསུངས་པ། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཁྲག་དགུག་ཅེས་པ་ནི་གང་གིས་ཁྲག་འགུག་པར་བྱེད་པ་དེ་ལྟ་བུའོ། །དེ་ཉིད་ནི་རྡོ་རྗེ་སྟེ་མི་ཕྱེད་པའི་ཕྱིར་རོ། །དེ་ཡང་རྡོ་རྗེ་ཙརྩི་ཀའི་གཟུགས་ཏེ་དེར་སེམས་གཅིག་

པས་ན་དེ་ཉིད་ཏིང་ངེ་འཛིན་ཏོ། །ཁ་གདངས་པ་དག་བྱས་པ་ནི། །ཞེས་བྱ་བ་ནི་ལྕེ་ལ་ཛཿཡིག་དམར་པོ་བལྟས་ཏེ། དེའི་འོད་ཟེར་རྣམས་ལས་སྲིན་བུ་པདྨའི་རྣམ་པར་སོང་སྟེ། བསྒྲུབ་བྱའི་སྙིང་ཕུག་སྟེ་དེའི་ཁྲག་རྣམས་སྲིན་བུ་པདྨའི་རྣམ་པ་དེས་བཀུག་ནས་རང་གི་ཁར་ཞུགས་པར་ང་རྒྱལ་བརྟན་པར་བྱ་

ཞིང་སྔགས་བརྗོད་པ་དང་ལྡན་པའོ། །ཁམས་གསུམ་ནི་འཇིག་རྟེན་གསུམ་པའོ། །ཁྲག་ཆེན་པོ་ནི་ཁྲག་གི་ཚོགས་སོ། །ཆང་འགུག་པའི་རྡོ་རྗེ་ཞེས་བྱ་བ་ནི་སྔར་བཞིན་པའི་རྡོ་རྗེ་ཕག་མོའི་གཟུགས་ཏེ། འདིར་གསུངས་ཞེས་བྱ་བ་ནི་གསུངས་ནས་སོ། །ཆང་གཞག་པའི་སྣོད་གསུངས་པ། རྫ་མཁན་

ལག་པ་ཕྱིས་པའི་ས། །ཞེས་པ་སྟེ་ཁམ་པའི་སྣོད་བྱས་པའི་རྗེས་ལ་ལག་པ་ཕྱིས་པ་བྱས་ཏེ་གང་འཇིམ་པ་རྫ་མཁན་གྱིས་བོར་བ་དེ་ལས་སོ། །ཉེ་བར་བྱས་ལ་ཞེས་པ་ནི་རིང་ཐུང་གི་ཚད་ཁྲུ་གང་ལ་ཁའི་ཞེང་དུ་མཐོ་གང་པ་ལྟོ་ཆེ་བ་དེར་ཆང་བླུགས་ལ་སྣོད་ཆུང་བ་གཞན་ཞིག་དང་ལྡན་པས་ཁ་

เล่ม ๔๖ · หน้า 278b

བཅད་པའོ། །རྐུན་མའི་སྐྲའི་སྟེང་ཞེས་པ་ནི་གཡེངས་པའི་སྐྲ་ལས་ཆུན་པོ་བྱ་སྟེ། སྔགས་འདིས་རྗེས་སུ་དྲང་བར་བྱ། །ཞེས་བྱ་བ་ནི་ཆང་ཅུང་ཟད་མྱོས་ནས་འོངས་ཏེ། སྣོད་དུ་བླུགས་ནས་ཆང་དེ་ལ་ཛཿཡིག་དམར་པོའི་འོད་ཟེར་གྱི་སྦུ་གུས་སྦུབས་ནས་དྲངས་ཏེ་ཞུགས་ནས་སྣོད་དུ་བླུགས་པ་ཉིད་དུ་

བསམ་ཞིང་སྔགས་བརྗོད་པར་བྱའོ། །པ་ཏ་ནའི་མཆོད་རྟེན་དག་ཏུ་བསྟན་པ་ཞེས་པ་ནི། ཨོཾ་ཏ་དེ་ཤ་ཞེས་བྱ་བའི་གནས་ན་པ་ཏ་ནའི་མཆོད་རྟེན་ཡོད་པ་སྟེ། དེར་དཔའ་བོ་དང་དཔའ་མོའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་དེ་དག་ཉིད་ཀྱི་ཆོ་གས་འཇིག་རྟེན་གསུམ་གྱི་ཆང་འགུགས་པའོ། །དེ་ལྟར་

ཡང་རྡོ་རྗེ་ཕག་མོའི་ཁྱིམ་དེ་ཉིད་ན་ཆང་གི་དྲི་ཟད་པ་མེད་པ་ཡོད་དོ། །དལ་གྱིས་དམིགས་ནས་འབད་པར་བྱ། །ཞེས་པ་ནི་ཕ་རོལ་གྱི་སྤྱོད་ཡུལ་མ་ཡིན་ཏེ་མི་སྨྲ་བས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ཞེས་བྱ་བ་ནི་རབ་ཏུ་རྣམ་པར་འབྱེད་པ་སྟེ། གཟུང་བ་དང་འཛིན་པའི་དངོས་པོ་མེད་པའི་ཡེ་

ཤེས་ནི་ཤེས་རབ་བོ། །དེའི་ཕྱི་རོལ་ན་ཆོས་ཐམས་ཅད་བདག་མེད་པའི་གཉིས་སུ་མེད་པར་ཤེས་པའི་མཚན་ཉིད་ཅན་ནོ། །ཕྱིན་པ་ནི་བློ་སྟེ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ་དབྱངས་ཅན་མའི་གཟུགས་སོ། །ཏིང་ངེ་འཛིན་ཞེས་པ་ནི་སྔར་གྱི་བཞིན་ནོ། །

གཟུགས་འདིས་ཀྱང་བརྩམས་པ་ལ་ཞུགས་ཏེ་ཞག་སོ་སོར་བཟླ་བར་བྱའོ། །ཨོཾ་རཱ་ག་ར་ཏི་ཞེས་པའི་སྔགས་ནི་སྔར་གྱི་བསྙེན་པའི་ཡི་གེ་འབུམ་བཟླས་པར་བྱའོ། །རྡོ་རྗེ་དབྱངས་ཅན་མའི་གཟུགས་ཉིད་ཀྱི་ཐམས་ཅད་ལ་བྱའོ་ཞེས་པ་ནི་མན་ངག་གོ། །ཚེས་ཀྱི་དང་པོ་ནས་བཟུང་སྟེ། །ཞེས་པ་ནི་

དཀར་པོའི་ཚེས་ནས་བཟུང་སྟེ། དུས་ནམ་གྱི་ཚེ་ཞེ་ན། གསུངས་པ། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་སྟེ་གང་ཅུང་ཟད་བརྗོད་པ་ཀུན་ཏེ་ཡང་དག་པར་འདུས་བྱས་པ་དེ་ཉིད་ཀྱིས་སོ། །དེ་ཉིད་ཀྱི་ཕྱོགས་ལ་ཡང་ཅི་ཉིན་ཞག་དེ་ཉིད་ལ་ཡང་དག་པར་འདུས་པ་དེ་ཉིད་དམ་ཞེ་ན། གསུངས་པ།

ཇི་སྲིད་ཟླ་བའི་རྗེས་སུ་འཇུག་པ་ཞེས་པ་སྟེ། གང་གི་ཚེ་ཟླ་བ་ཤར་བ་དང་དེར་མངོན་པར་ཕྱོགས་པའོ། །མི་ནུས་ན་མདུན་དུ་སྣོད་ཆུས་བཀང་ལ་ཟླ་བའི་གཟུགས་ལ་བལྟ་ཞེས་པ་ནི་མན་ངག་གོ། །མ་ལུས་ལུས་པ་མེད་པ་ནི། །ཞེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །ཁམས་

เล่ม ๔๖ · หน้า 279a

གསུམ་མ་ལུས་པ་ཞེས་པ་ནི་འཇིག་རྟེན་གསུམ་པོ་ཀུན་ཀྱང་དབང་དུ་གྱུར་ཞེས་བྱ་བའི་དོན་ཏོ། །ཁུ་བ་འགུག་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་གཽ་རཱིའི་གཟུགས་ལ་ཞེས་པའི་དོན་ཏོ། །རླུང་དང་དྲིལ་བུ་ལྕགས་ཀྱུ་སྦྱོར། །ཞེས་བྱ་བ་ནི། ཨོཾ་ཀ་ཏ་ནི་ཞེས་བྱ་བ་ལ་

སོགས་པའི་སྔགས་བརྗོད་པ་སྟེ། གང་གི་ཚེ་ཛཿཡིག་གསུམ་བརྗོད་པར་བྱས་པ་དེའི་ཚེ་ལྕེ་ལ་ཛཿཡིག་དམར་པོའི་འོད་ཟེར་དང་བཅས་པའི་འབྱུང་བའི་རླུང་ལྕགས་ཀྱུའི་རྣམ་པས་ནང་དུ་སྦུ་གུའི་རྣམ་པས་ཁུ་བ་བཀུག་སྟེ་ཁར་ཞུགས་པས་བལྟ་བར་བྱའོ། །དེའི་ཚེ་གང་ནས་འོང་ཞེ་ན།

སྔར་གྱི་དང་སྦྱར་བར་བྱ་སྟེ་ཁ་གདོང་ཞེས་པ་ནི་བྷ་གའི་ལམ་ནས་སོ། རྡོ་རྗེའི་ལམ་ནས་ཞེས་པ་ནི་ཕོའི་དབང་པོའི་བུག་པ་ནས་སོ། །དོན་ནི་འདི་ཡིན་ཏེ་ལམ་དེ་ནས་རླུང་དང་དྲིལ་བུ་ལྕགས་ཀྱུའི་སྦྱོར་བ་འདི་རབ་ཏུ་ཞུགས་ཏེ་མགོ་བོ་ན་གནས་པའི་ཁུ་བའི་ཚོགས་ཧཾ་ཡིག་ལས་བཀུག་ཅིང་དྲང་

བར་བྱའོ། །བཟླས་དང་བསྒོམ་པ་ཞེས་པ་ནི་སྔགས་བཟླས་པ་དང་ལྷར་བསྒོམ་པའི་སྦྱོར་བ་ལས་སོ། །གཤིན་རྗེ་འཇོམས་པ་ཞེས་བྱ་བ་ནི་ཉོན་མོངས་པ་སྟེ་ཞེ་སྡང་གཤིན་རྗེ་གཤེད་ཀྱི་གཟུགས་སོ། །དབང་བསྐུར་བའི་མཆོག་ཅེས་པ་ནི་སེམས་ཅན་རྗེས་སུ་བཟུང་བ་ལ་ཕུལ་དུ་གྱུར་པས་ན་མཆོག་

གོ། །དབང་བསྐུར་བ་ནི་དབང་གི་རྒྱུར་གྱུར་པའི་ཕྱིར་རོ། །དེའི་དམ་ཚིག་སྔགས་ཏེ་དེས་ན་དབང་བསྐུར་བ་མཆོག་གི་དམ་ཚིག་གོ། །དཀྱིལ་འཁོར་དུ་ཞུགས་པའི་དོན་དུ་མེ་ཏོག་སྦྱིན་པའི་སྔགས་སོ། །དོན་ནི་འདི་ཡིན་ཏེ། སློབ་མ་ལ་མིག་རས་བཀབ་ལ་དཀྱིལ་འཁོར་ཁང་པའི་ཕྱི་རོལ་དུ་ཡོལ་

བ་ཕུག་སྟེ། ཨུ་དུམྺཱ་ར་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚིག་འདིས་ལག་པར་མེ་ཏོག་སྦྱིན་པར་བྱའོ། །མེ་ཏོག་དོར་བའི་རྗེས་ལ། ཆུ་དང་དབུ་རྒྱན་གྱི་དབང་སྦྱིན་པ་དང་། གང་གི་ཚེ་རྡོ་རྗེས་དབང་བསྐུར་བ་དེའི་ཚེ་ཁམས་གསུམ་ཆེན་པོའི་ལ་སོགས་པའི་སྔགས་འདིས་སྦྱིན་པར་བྱའོ། །

རྡོ་རྗེ་དྲིལ་བུའི་དབང་བསྐུར་བ་གསུངས་པ། ཤེས་རབ་ཐབས་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཁྱོད་ཀྱིས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ནི་ཁྱོད་དོ་ཞེས་དབུགས་དབྱུང་བ་སྦྱིན་པར་བྱའོ། །སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་བྱ་བ་ནི་རྗེས་སུ་གནང་བའི་སྦྱིན་པའོ། །ཐབས་དང་ཤེས་

เล่ม ๔๖ · หน้า 279b

རབ་ལས་བྱུང་བའི་བྱང་ཆུབ་སེམས་བཟའ་བའི་སྔགས་གསུངས་པ། བཏུང་བ་རིན་པོ་ཆེ་འདིས་ནི། །རྡོ་རྗེའི་ལུས་ནི་རབ་གྲུབ་པ། །ཞེས་པའོ། །བཏུང་བའི་གནས་སྐབས་ལས་དཀྱིལ་འཁོར་དུ་འཇུག་པའི་དམ་ཚིག་གི་ཆུ་བཏུང་བའི་དོན་དུ་གསུངས་པ། འཐུང་ཞིག་ཅེས་བྱ་བ་ལ་སོགས་པའོ། །

དོན་ཆེན་པོའི་རྒྱུའི་ཕྱིར་དང་མི་གཙང་བ་བསལ་བའི་དོན་དུ་གསུངས་པ། །ཤིན་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་ཆེ་ཞེས་བྱ་བ་ནི་ཡོན་ཏན་ཆེན་པོ་ཞེས་པའི་དོན་ཏོ། །ལེའུ་བདུན་པའི་བཤད་པ་རྫོགས་སོ།། །།སྔོན་དུ་གསུངས་པའི་གསོལ་བ་བཏབ་པའི་

རྗེས་ལ། དཀྱིལ་འཁོར་བྲི་བའི་དོན་དུ་ས་གཞི་ཡོངས་སུ་གཟུང་བ་གསུངས་པ། དེ་ནས་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པ་སྟེ། བགེགས་དང་ལོག་པར་འདྲེན་པ་དང་གདུག་པ་ཅན་དག་ཅེས་པ་ནི་ལུས་དང་ངག་དང་ཡིད་ཀྱི་དབྱེ་བ་ལས་སོ། །བརླག་པའི་ཕྱིར་ནི་བསལ་བའི་ཕྱིར་རོ། །གསུངས་

པ་ནི་སྔགས་ཞེས་པ་ལྷག་མའོ། །རལ་གྲི་འཆང་ཞེས་པ་ནི་ཉེ་བར་མཚོན་ནས་འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རྡོ་རྗེ་རྣམས་བྱིན་ལ། ལྔ་ཆར་ལ་ཡང་སྔགས་འདི་བརྗོད་པར་བྱའོ། །དེ་ལྟར་རལ་གྲི་ཉེ་བར་མཚོན་ནས་གཅོད་པར་བྱེད་པ་འགེགས་པར་བྱེད་པའོ། །རིགས་པ་

གསུམ་ལས་སྐྱེས་པ་ནི། ལུས་དང་ངག་དང་ཡིད་ལས་ཡང་དག་པར་བྱུང་བའོ། །སའི་ལྷ་དགུག་པའི་དོན་དུ་ལྷ་མོ་ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཐམས་ཅད་པ་ཞེས་བྱ་བ་ནི་དྲུག་པའི་དོན་གྱི་གཉིས་པའོ། །དཔང་དུ་གྱུར་ཞེས་པ་ལ་དཔང་པོ་ནི་ལེགས་པ་མཐོང་བའི་ལམ་དུ་

གསུངས་པ། དེ་ལ་ཡོད་པས་དཔང་པོའོ། །དཀྱིལ་འཁོར་དུ་གཞུག་པའི་དམ་ཚིག་དང་བྱ་བ་གསུངས་པ། དམར་པོའི་གོས་ཀྱིས་ཞེས་པ་ནི་རས་ཀྱིས་སོ། །མདུན་སྒོར་ཞེས་པ་ནི་ཤར་སྒོར་རོ། །དྲི་བ་བརྗོད་ཅེས་པ་ནི་སློབ་མ་ཞེས་པ་ལྷག་མའོ། །བརྗོད་པ་ཡང་སློབ་མས་ཞེས་པ་

ལྷག་མ་ལའོ། །གསོལ་བ་གདབ་ཅེས་པ་ནི་སློབ་མས་ཏེ། རས་སམ་དར་དམར་པོས་གདོང་དཀྲིས་ལ་མེ་ཏོག་བཟུང་བའི་རྗེས་ལའོ། །གསུམ་པ་ཞེས་པ་ནི་ལན་གསུམ་དུའོ། །རྗེས་སུ་བརྗོད་པ་ནི་གསོལ་བ་གདབ་པར་བྱེད་པ་སྟེ། སངས་རྒྱས་ཞེས་པ་ནི་ཆོས་དང་གང་ཟག་ཐམས་ཅད་ལ་བདག་

เล่ม ๔๖ · หน้า 280a

མེད་པར་རྟོགས་པ་ལས་ཆོས་ཀྱི་སྐུའི་རང་བཞིན་རྣམས་ཀྱིས་སོ། །ཆོས་ཆེན་པོ་ཞེས་པ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུས་ཏེ་དེ་དག་གི་སྒོ་ཞེས་པའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་རྡོ་རྗེ་ནི་བླ་ན་མེད་པའི་བྱང་ཆུབ་པོ། །དེ་ལ་སེམས་དཔའ་ནི་གང་ལ་བསམ་པ་ཡོད་པ་དེ་ལྟ་བུའི་དོན་ནི་རྡོ་རྗེ་

སེམས་དཔའ་ཞེས་པའི་དོན་ཏོ། །བདག་ཀྱང་བསྒྲལ་བའི་དོན་དུ་ཞེས་པ་ནི་བདག་ནི་རང་ཉིད་དོ། །བསྒྲལ་བ་ནི་བསྲུང་བའོ། །མཆོག་ནི་མངོན་པར་འདོད་པའི་དོན་ཏེ་དབང་བསྐུར་བ་ཞེས་པའི་དོན་ཏོ། །བདག་གི་ནི་བདག་ལའོ། །དེའི་རྗེས་ལ་སློབ་མའི་བྱ་བ་གསུངས་པ། གླུ་དང་རོལ་མོ་ཞེས་བྱ་བ་ལ་སོགས་པ་སྟེ།

བསྟོད་ཅེས་པ་ནི། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །ཅེས་བྱ་བ་ལ་སོགས་པའོ། །སྟོང་པ་ཉིད་བསྒོམས་པའི་རྗེས་ལ། བརྗིད་པ་གསུངས་པ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་དོན་རྣམ་པར་དཔྱད་པས་ཅི་དགོས་ཤེ་ན། ཉེ་བར་བརྗོད་པ་དེ་ཉིད་འབྲས་བུར་གསུངས་པའོ། །རབ་ཏུ་གནས་པ་དང་།

སློབ་མའི་བྱ་བ་ལ་སོགས་པའི་དམན་པའི་སྐྱོན་བསལ་བའི་དོན་དུ་སྦྱིན་སྲེག་གསུངས་པ། དེ་ནས་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་སྟེ། རྒྱས་པའི་སེམས་ཀྱིས་ཞེས་པ་ནི་བུ་རམ་དང་འོ་མ་ཟོས་པའོ། །འདོད་པ་ནི་ཆགས་པའོ། །ཁྲོ་བོ་ནི་ཁྲོ་བོ་དང་བཅས་པའོ། །དཀྱིལ་འཁོར་རྣམ་པ་ནི་ཐབ་

ཁུང་ཟླུམ་པོའོ། །རྫིང་བུའི་རྣམ་པ་ནི་གྲུ་བཞི་པའོ། །ནམ་མཁའི་ཁམས་འདྲ་བ་ནི་གྲུ་གསུམ་མོ། །རྒྱར་བསྟན་པའི་དོན་དུ་གསུངས་པ། ཁྲུ་གང་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་རྒྱས་པ་དེ་བཞིན་དབང་། །ཞེས་པ་འདི་ཡང་ཁྲུ་གཉིས་པ་ཉིད་དོ། །སོར་ཉི་ཤུ་ཞེས་པ་ནི་སོར་ཉི་ཤུའི་ཚད་དོ། །ཐབ་

ཁུང་རྣམས་ཀྱི་ཟབས་གསུངས་པ། ཁྲུ་ཕྱེད་ཅེས་བྱ་བ་ལ་སོགས་པ་སྟེ། ལྔ་གཉིས་ཞེས་པ་ནི་སོར་བཅུའོ། །དབང་ལ་ཇི་ལྟར་དེ་བཞིན་དགུག་པ་ཡང་དབང་གི་ཐབ་ཁུང་དང་མཐུན་པར་རོ། །རེངས་པ་ལ་མ་གསུངས་པ་ལ་ཡང་རྒྱས་པའི་ཐབ་ཁུང་དང་འདྲ་བ་ཡིན་ཏེ་ལྷའི་རྣལ་འབྱོར་དང་མཚུངས་པའི་ཕྱིར་རོ། །

དེ་བཞིན་དུ་བསྐྲད་པ་དང་དབྱེ་བ་དང་བསད་པ་རྣམས་ཀྱང་ཐབ་ཁུང་འདྲ་བར་ཤེས་པར་བྱའོ། །ཉི་མའི་ངེས་པ་བསྟན་པའི་དོན་དུ་གསུངས་པ། ཚེས་གཅིག་ཅེས་བྱ་བ་ལ་སོགས་པ་སྟེ། བཅུ་བཞི་ནི་ནག་པོའིའོ། །མངོན་སྤྱོད་ནི་དབྱེ་བ་དང་བསྐྲད་པ་དང་བསད་པའོ། །ཚེས་བརྒྱད་ནི་དཀར་པོའི་འོ། །

เล่ม ๔๖ · หน้า 280b

འདིར་མན་ངག་ནི་འདི་ཡིན་ཏེ། དྲན་པ་མེད་ཅིང་ནུས་མེད་པས། །གང་ཞིག་ཆོ་ག་དམན་གྱུར་ནའང་། །རབ་གནས་ལ་སོགས་རྗེས་ལ་ནི། །སྦྱིན་སྲེག་ཀུན་ནས་དགང་བར་བྱ། །བསྒྲུབ་བྱ་དུ་མའི་དབྱེ་བ་ཡིས། །སྦྱིན་སྲེག་དབྱེ་བའང་མང་པོར་འགྱུར། །གཞུང་མངས་དོགས་པའི་འཇིགས་པ་

ཡིས། །འདིར་ནི་ཕྱོགས་ཙམ་བརྗོད་པའོ། །སྔགས་དང་ཕྱག་རྒྱ་བཅས་པ་ཡིས། །དང་པོར་ས་ནི་སྦྱང་བ་ནི། །ལག་པ་གཡས་པས་གཟུང་བྱ་ཞིང་། །དེ་རྗེས་རྡོ་རྗེ་བསྒོམས་ཏེ་བརྡེག །ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ཐབ་ཁུང་ཁྲུ་གང་ཚད་དུ་བརྐོའོ། །བརྐོས་པ་ཁྲུ་ཕྱེད་ཟབས་སུ་གྱུར། །དེ་ལས་

གཞི་དང་ཁ་ཁྱེར་ཏེ། །གཞི་ནི་གེ་སར་བཅས་པར་བྱ། །ཁ་ཁྱེར་པདྨ་ཁ་བྱེ་བའོ། །ཆུ་དང་ཞེང་དུ་ཀུན་དུ་མཉམ། །སོ་སོར་སོར་ནི་བཞི་པའོ། །རྒྱས་པ་བཞི་ནི་སོར་བརྒྱད་དོ། །དེ་དོར་འཕངས་སུ་སོར་བརྒྱད་དེ། །སོར་བརྒྱད་པ་ལ་གྲུ་བཞི་སྟེ། །མུ་ཁྱུད་རྡོ་རྗེས་མཚན་པའོ། །དབང་དང་དགུག་པ་

ལ་ནི་རྒྱས་པ་བཞིན་དུའོ། །ཟླ་བ་ཕྱེད་པའི་རྣམ་པའོ། །དྲག་པོ་ལས་ཀྱི་ཐབ་ཁུང་ནི། །གཞི་དང་ཁ་ཁྱེར་སྤངས་པའོ། །ཐབ་ཁུང་དེ་དག་གི་དབུས་སུ་ནི་འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་དང་། རྡོ་རྗེ་སྟེ། དབུས་ཀྱི་འཕངས་སུ་སོར་གཅིག་ལ་ཆུར་སོར་བརྒྱད་པ་བྲི་བར་

བྱའོ། །ཞི་བའི་རྡུལ་ཚོན་དཀར་པོ་དང་། །རྒྱས་པའི་རྡུལ་ཚོན་སེར་པོར་བྱ། །དབང་ལ་དམར་པོ་གཞན་ལ་གནག །ལས་ཀྱི་རབ་ཏུ་དབྱེ་བས་སོ། །ཕྱོགས་དང་དུས་ཀྱི་དབྱེ་བས་ནི། །བདེན་པའི་དོན་དུ་གསུངས་པའོ། །ཕྱོགས་ལ་ཇི་ལྟར་དེ་བཞིན་དུས། །མཁས་པས་ལས་ནི་དེ་དེར་བྱེད། །

སྔགས་པས་ཁ་ནི་ཤར་དུ་ཕྱོགས། །ཞི་བ་ལས་ནི་ཡང་དག་བརྩམ། །རྒྱས་པ་བྱང་དུ་ཤེས་བྱ་སྟེ། །མངོན་སྤྱོད་ལས་ནི་ལྷོ་རུའོ། །དབང་ལ་ནུབ་ཏུ་བརྗོད་པ་སྟེ། །གང་ཕྱིར་དགུག་པ་ལ་ཡང་ངོ་། །སྔ་དྲོ་ཞི་བ་བྱ་བ་སྟེ། །དགོངས་མོ་ལ་ཡང་རྒྱས་པའོ། །ཉི་མ་གུང་ལ་དྲག་པོའི་

ལས། །ནམ་ཕྱེད་ལ་ནི་དབང་དག་གོ། །སྦྱིན་སྲེག་རྗེས་མཐུན་ཤིང་རྣམས་ནི། །མ་གས་པ་དང་རྩེ་མོའི་ཆ། །ལོ་མ་གཉིས་ལྡན་དགེ་བའོ། །ལས་ཀྱི་དབྱེ་བས་བསྡུས་པ་ནི། །རྒྱས་པ་སོར་ནི་བཅུ་བཞི་སྟེ། །ཞི་བ་སོར་ནི་བཅུ་གཉིས་པའོ། །དབང་ལ་སོར་ནི་བཅུ་པ་སྟེ། །དབྱེ་དང་བསྐྲད་

เล่ม ๔๖ · หน้า 281a

ལ་སོར་ནི་བརྒྱད། །དེ་བཞིན་ཞི་ལ་ཤ་ཀ་ར། །དཀར་པོའི་འབྲས་ནི་མ་གྲུགས་པ། །དེ་བཞིན་དབང་དང་དགུག་པ་དག །མར་དང་སྦྲང་དང་ཀ་རར་བསྲེས། །མེ་ཏོག་དམར་པོའམ་ཨུཏྤ་ལ། །དེ་བཞིན་རྒྱས་དང་རེངས་པ་དག །མེ་ཏོག་སེར་པོ་མར་ལ་སྦགས། །དེ་བཞིན་

དུ་བསད་པ་ལ་ནི་ཚེར་མ་དང་། དུག་དང་། སྐེ་ཚེ་དང་། ཚྭ་དང་། ཤིང་སྐམ་འཁྱོག་པོ་རྣམས་ཚ་བའི་མར་གྱིས་སྦགས་ཏེ་དེ་རྣམས་སྲེག་པར་བྱེད་དོ། །དེ་བཞིན་དུ་བསྐྲད་པ་ལ་བྱ་རོག་ཆེན་པོའི་སྒྲོས་སྦྱིན་སྲེག་བྱའོ། །དེ་ལྟར་གཞན་དང་གཞན་དག་ནི་རྗེས་སུ་འབྲངས་ཏེ་ཤེས་པར་བྱའོ། །འབྲུ་

དང་ཤིང་རྣམས་ཉིད་དང་ནི། །མཆོད་ཡོན་སྣོད་ནི་གཡས་སུ་གཞག །རིམ་པ་ཇི་ལྟར་བཞག་བྱས་ལ། །དེ་ཀུན་མངོན་པར་བསྔགས་པར་ཕྱེ། །རྒྱས་པས་ལག་པ་ཐལ་སྦྱར་ནས། །དབུས་མ་གཉིས་པོ་བརྐྱང་བྱས་ལ། །ཐམས་ཅད་དག་པར་བྱེད་པའི་ཕྱག་རྒྱའོ། །ཨོཾ་ཤྲཱི་སྭཱ་ཧཱ། མར་དག་པར་

བྱེད་པའི་སྔགས་སོ། །ཨོཾ་སྭ་སྭཱ་ཧཱ། རྫས་འཁྲུ་བའི་སྔགས་སོ། །ཨོཾ་ཛྲཱིཾ་སྭཱ་ཧཱ། འབྲུ་རྣམས་དག་པར་བྱེད་པའི་སྔགས་སོ། །ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་གཞན་རྣམས་སྦྱོང་བར་བྱེད་པའི་སྔགས་སོ། །ཨོཾ་ཨ་སྭཱ་ཧཱ། ཡམ་ཤིང་སྦྱང་བའི་སྔགས་སོ། །ཤིང་ནི་ཐབ་ཁུང་ལས་དམའ་བ། །ཐབ་ཁུང་སྦྱིན་སྲེག་

ཆ་ལས་བྱུང་། །ཀུ་ཤ་ར་མིན་རྩེ་རྡུམ་མིན། །རྩེ་མོ་ཤར་ཕྱོགས་ཁ་བསྟན་པ། །བཀྲམ་ནས་ཡང་ནི་རྩེ་གཅིག་ཏུ། །ཁ་ཁྱེར་ལ་ནི་དགྲམ་པའོ། །ཙནྡན་ཨ་ཀ་རུ་ཤིང་རྣམས། །གཞན་ཡང་དྲི་དང་ལྡན་པའི་ཤིང་། །སྦྱིན་སྲེག་རྣམ་པས་འབར་བ་དང་། །ཕྱི་ནས་ཡང་ནི་མེ་དགུག་བྱ། །མེ་ཡི་དབུས་སུ་བསམ་

བྱ་བ། །པདྨ་ཉི་མའི་དཀྱིལ་འཁོར་ལ། །མེ་ཡི་ལྷ་ནི་སྤྱན་གསུམ་པ། །ཕྱག་བཞི་ཞལ་ནི་བཞི་པའོ། །གཡས་པ་མཆོག་སྦྱིན་བགྲང་ཕྲེང་དང་། །གཡོན་པ་དབྱི་གུ་སྤྱི་བླུགས་སོ། །ཁ་དོག་ལས་ཀྱི་རྗེས་མཐུན་པར། །ས་བོན་རཾ་ལས་བསྒོམ་པར་བྱ། །སྤོས་སྣོད་ལག་ཏུ་བཟུང་བྱས་ལ། །ཨོཾ་ཚུར་སྤྱོན་

ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་ཉེ་བར་བཞུགས། །དགུག་པའི་ཚིགས་སུ་བཅད་པའོ། །དེ་ལ་མཆོད་ཡོན་ཞབས་བསིལ་དབུལ། །དེ་ལ་མཆོད་ཡོན་གྱི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཛཿཧཱུཾ་བཾ་ཧོཿཁཾ་རཾ། ཞབས་བསིལ་གྱི་

เล่ม ๔๖ · หน้า 281b

སྔགས་ནི། ཨོཾ་ནཱི་རཱི་ཧཱུཾ་ཁཾ། བཤོས་གཙང་གི་སྔགས་ནི། ཨོཾ་དྷྭཾ་དྷྭཾ། འདོད་པ་དངོས་གྲུབ་བློ་ཉིད་ཀྱིས། །དམ་ཚིག་ཡང་དག་བརྗོད་པར་བྱ། །ཨོཾ་བཛྲཱ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་བྷསྨི་ཀུ་རུ། སརྦ་དུཥྚན་ཧཱུཾ་ཕཊ། དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཨ་ཧཾ། དམ་ཚིག་སྦྱིན་པའི་ཚིགས་སུ་བཅད་པ་

ནི། ལག་པ་གཡས་པ་པུས་མོའི་ནང་དུ་བཅུག་སྟེ་བཟུང་བ་ནི། དགང་གཟར་བླུགས་གཟར་དམ་པ་སྟེ། །ས་བོན་རྡོ་རྗེའི་མཚན་དབུས་བསྒོམ། །མེ་ལྷའི་སྐུ་གསུང་བྱིན་གྱིས་བརླབ། །དབུ་ལ་རིན་ཆེན་འབྱུང་ལྡན་ཏེ། །ལྕེ་ལ་རྡོ་རྗེ་རྩེ་གསུམ་མོ། །སྲེག་བླུགས་བཟང་པོ་དབུལ་བར་བྱ། །

ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སརྦ་པ་པཾ་ད་ཧ་ན་སྭཱ་ཧཱ། ཏིལ་ནག་པོའིའོ། །ཨོཾ་པུཥྚུ་ཡེ་སྭཱ་ཧཱ། འབྲས་སཱ་ལུ་མ་གྲུགས་པའིའོ། །ཨོཾ་སརྦྦ་སཾ་པ་དེ་སྭཱ་ཧཱ། འབྲས་ཆན་ཞོ་དང་མཆོག་ཏུ་གྱུར་པའི་ཟན་གྱིའོ། །ཨོཾ་སརྦྦ་བི་ཛཱ་ཡ་སྭཱ་ཧཱ། འབྲས་ཀྱི་སོ་བ་གྲ་མ་མེད་

པའོ། །ཨོཾ་མ་ཧཱ་བ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་ཤའིའོ། །ཨོཾ་བཛྲ་གྷསྨ་རཱི་སྭཱ་ཧཱ། གྲོའིའོ། །ཆོ་ག་འདི་ནི་ལས་ཐམས་ཅད་པ་སྟེ་མཐུན་པའོ། །ཁྱད་པར་དུ་ནི་ལས་དང་རྗེས་སུ་མཐུན་པར་བསྲེག་རྫས་རྣམས་ཁྱད་པར་གྱི་སྔགས་ཀྱིས་སྦྱིན་སྲེག་བྱའོ། །ཁ་དོག་དྲི་དང་

རྩེ་མོ་འཁྱིལ། །གཟུགས་སྒྲ་སོགས་པ་དགེ་བ་སྟེ། །ཡོན་ཏན་གྱི་ནི་དགེ་བ་ཡིས། །མེ་ལ་བསྲེག་རྫས་བསྲེག་པ་ཞེས། །ཞི་བ་ལ་ནི་དཀར་བ་སྟེ། །རྒྱས་པ་ལ་ནི་སེར་པོའི་མདོག །དབང་ལ་དམར་པོ་མངོན་སྤྱོད་ནི། །ཁ་དོག་ནག་པོ་མཆོག་ཏུ་འགྱུར། །དབང་པོའི་གཞུ་དང་འདྲ་བ་དང་། །སྦྱིན་

སྲེག་གཡས་སུ་འཁྱིལ་པ་མཆོག །རྔ་ཡི་སྒྲ་བཞིན་ཟབ་པ་དང་། །སྣུམ་ཞིང་རྩེ་མོ་གཅིག་ཏུ་འཁྱིལ། །དུ་བའི་ཚོགས་ནི་མང་ཞིང་མེ་སྟག་བཅས། །རིམ་པས་ལངས་ཤིང་དལ་བུ་དལ་བུས་ཏེ། །འོད་ཟེར་དུམ་བུར་ཆད་ཅིང་གཟི་བརྗིད་ལྡན། །སྣུམ་མེད་བར་སྣང་གནག་དང་བཅས། །

པ་ལ་ཤ་ཡི་མདོག་འདྲ་བ། །རྩེ་མོ་ཉི་མ་མཉམ་པའི་མདོག །དེ་བཞིན་བ་གླང་མགོ་དང་མཚུངས། །མི་དགེ་མཚན་མ་ཡང་དག་མཐོང་། །དེ་ལྟ་བུ་སོགས་མཚོན་པའོ། །སྦྱིན་སྲེག་གི་མཐར་མེ་འབར་བ་ཞི་བ་དང་། ཁྱད་པར་དུ་གྱུར་པའི་མེ་ཏོག་དང་། སྤོས་ལ་སོགས་པའི་མཆོད་

เล่ม ๔๖ · หน้า 282a

པའི་ཚོགས་དང་། ཚིགས་སུ་བཅད་པ་འདིས་གཤེགས་སུ་གསོལ་བར་བྱའོ། །བདག་གི་དོན་དང་གཞན་གྱི་དོན། །བསྒྲུབས་ཏེ་སྲེག་བླུགས་བཞེས་ནས་ཀྱང་། །ཇི་ལྟའི་དུས་སུ་ཡང་ནི་གཤེགས། །བདག་ལ་དངོས་གྲུབ་ཐམས་ཅད་མཛོད། །མེ་ནི་བསད་པར་དཀར་

བ་སྟེ། །ཞི་དང་རྒྱས་པའི་སྒྲུབ་པ་ལ། །ཆུ་ནི་དཀར་སེར་དབང་སོགས་ལ། །ཆུ་ནི་དམར་དང་ནག་པོ་ཤེས། །ཨོཾ་གི་ལི་གི་ལི་ཧཱུཾ་ཛ་སྭཱ་ཧཱ། ཞེས་བྱ་བ་འདིས་ཐལ་བ་སྤོས་དང་མེ་ཏོག་དང་། རྔ་སྒྲ་དང་བཅས་པས་ཆུ་བོ་དག་ཏུ་བསྐུར་བར་བྱའོ། །ལེའུ་བརྒྱད་པའི་བཤད་པ་རྫོགས་སོ།། །།

ཆར་དབབ་པའི་ཆོ་ག་གསུངས་པ། རྒྱ་མཚོའི་ས་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་མ་རྙེད་པའི་ཕྱོགས་ལ་ཡང་ཉེ་བར་མཚོན་པ་ལས་ཏེ། ཆུ་བོ་དང་། ཆུ་ཀླུང་དང་། ལྟེང་ཀ་དང་། རྫིང་དང་། ལུམ་ཤོང་དང་། ཁྲོན་པ་རྣམས་ཀྱི་ངོས་གཉིས་ནས་བླང་བར་བྱའོ། །ཀླུ་གཅིག་ཅེས་པ་ནི་འཇིམ་པ་

ལས་པདྨ་འདབ་མ་བརྒྱད་པའི་དབུས་སུ་ཆུ་བདག་སྦྲུལ་གྱི་གདེངས་ཀ་བདུན་པ། སྐྱེས་བུའི་གདོང་པ་ཅན་ཕྱག་གཉིས་པ། གཡས་རལ་གྲི་འཛིན་ཞིང་གཡོན་པ་ན་ཞགས་པ་བསྣམས་པ་བཾ་ཡིག་ལས་སྐྱེས་པའོ། །ཤར་ཕྱོགས་ཀྱི་འདབ་མ་ལ་མཐའ་ཡས་ཨུཏྤལ་སྔོན་པོ་ལྟར་སྔོ་བསངས། ལྷོ་

ཕྱོགས་ན་ནོར་རྒྱས་དཀར་པོ། ནུབ་ཕྱོགས་ན་འཇོག་པོ་དམར་པོ། བྱང་ཕྱོགས་ན་སྟོབས་རྒྱུ་ནག་པོ། མེར་པདྨ་དམར་པོ། བདེན་བྲལ་དུ་པདྨ་ཆེན་པོ་དཀར་པོ། རླུང་དུ་དུང་སྐྱོང་སེར་པོ། དབང་ལྡན་དུ་རིགས་ལྡན་སྣ་ཚོགས་སོ། །དེ་རྣམས་ཀྱང་འཇིམ་པ་ལ་ནཱཾ་གྱི་ཡི་གེ་ལན་བདུན་དུ་མངོན་པར་

བསྔགས་ཏེ། ནཱཾ་ཡིག་ལས་སྐྱེས་པ། སྙིང་གར་ཐལ་མོ་སྦྱར་བ་གཞག་ལ། སྦྲུལ་གྱི་གདེངས་ཀ་རེ་རེ་དང་ལྡན་པ་བལྟ་བར་བྱའོ། །ཨོཾ་ཕུ་སྙིང་གར་དགོད་ཅེས་པ་ནི། །ཨོཾ་ཧྲཱིཿཥྚཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ། །སཔྟ་པ་ཏ་ལ་ག་ཏ་ན་ནཱ་ག་ཨཱ་ཀཪྵ་ཡ་ཧ་ར་ཛ་ཡ། ཕུ་ཕུ་ཕུ་ཕུ་ཕུ་ཕུ་ཕུ་ཕུ་ཧཱུཾ། དེ་རྣམས་

གྲོ་ག་ལ་བྲིས་ཏེ། ཐམས་ཅད་ཀྱི་སྙིང་གར་གཞུག་པར་བྱའོ། །ཧྲཱིཿཥྚྲྀ་ལ་སོགས་སྔགས་བཟླས་ཏེ། ཞེས་བྱ་བ་ནི་སྙིང་གར་བཀོད་པའི་སྔགས་དེ་ཉིད་བཟླས་པར་བྱ་སྟེ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དང་ལྡན་ཞིང་བདག་ཉིད་ཁྲོས་པའི་སེམས་ཀྱིས་རྒྱན་ཐམས་ཅད་ཀྱང་སྔོན་པོ། ཕྱོགས་བརྒྱད་ན་

เล่ม ๔๖ · หน้า 282b

གནས་པའི་ཀླུ་རྣམས་ཀྱི་མཇུག་མ་དག་དབུས་ཀྱི་ཆུ་བདུན་གྱིས་ཡང་དག་པར་མནན་ཞིང་། ཐམས་ཅད་ཀྱི་མགོ་བོ་རྣམས་ཀྱང་གཤིན་རྗེ་གཤེད་ཀྱིས་མནན་ནས་གནས་པར་བལྟ་ཞིང་། ཀླུ་ཐམས་ཅད་ཀྱི་གནས་རྣམས་སུ་འབར་བའི་གཟུགས་སུ་ཡང་ནས་ཡང་དུ་བལྟ་བར་བྱའོ། །གཤིན་རྗེ་གཤེད་

ཀྱི་ཚོགས་སུ་གསལ་བ་ཡི། །ཕྱག་མཚན་སྣ་ཚོགས་པས་གཟིར་བ་དང་ལྡན་པ་ཉིད་ཀྱང་སྟོང་ཕྲག་བཅུར་བཟླས་པ་བྱས་པས་གདོན་མི་ཟ་བར་ཆར་འབབ་པར་འགྱུར་རོ། །གཞན་དག་ཏུ་མཐོང་བ་ཡང་བླངས་ནས་འདི་ལྟ་བུ་ཡང་བྱ་སྟེ། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་བཞེངས་སུ་གསོལ་བར་བྱས་ལ།

དེ་ནས་རླུང་གི་ཕྱོགས་སུ་རྫིང་བུ་ཆུང་ངུ་བྱའོ། །དེའི་དབུས་སུ་ཀླུ་རྣམས་ཁམ་ཕོར་ཁ་སྦྱར་དུ་གཞུག་པར་བྱའོ། །གླང་པོ་ཆེ་མྱོས་པ་ནི་མགོ་བྱུག །ཀླུ་གདུལ་བར་བྱེད་པས་ནི་ཀླུ་རྣམས་ལ་བྱུག་པར་བྱ། བ་ནག་མོའི་འོ་མས་ནི་ཁམ་ཕོར་དགང་བར་བྱ། ཁམ་ཕོར་ཁ་སྦྱར་ནི་སྐུད་པ་ནག་པོས་

བཅིང་བར་བྱའོ། །མཆོད་པ་དང་གཏོར་མ་ལ་སོགས་པ་དང་། དམ་ཚིག་ཀྱང་བཟའ་ཞིང་དྲག་པོའི་ལས་ཀྱི་ཚེ་བསྙེན་པ་དང་ལྡན་པར་བྱའོ། །རྒྱ་མཚོའི་རླབས་རེངས་པའི་དོན་དུ་གསུངས་པ། སྦྲུལ་ནག་པོའི་ཞེས་བྱ་བ་ལ་སོགས་པ་སྟེ། སྦྲུལ་ནག་པོ་ནི་ཨ་ལ་གར་ཏའི་ཤ་སྟེ་ནིམ་

པའི་ལོ་མ་དང་ཆ་མཉམ་ཞེས་པ་ལྷག་མའོ། །རིལ་བུས་ཞེས་པ་ནི་སྲན་ཙ་ན་ཀའི་ཚད་ཙམ་མོ། །བཟླས་པ་ཁྲི་བྱས་ཞེས་པ་ནི་རེངས་པའི་ཚོགས་སྟོང་ཕྲག་བཅུ་བཟླས་པར་བྱའོ། །རླབས་རེངས་པར་བྱེད་པ་ནི་གང་གི་ཚེ་རླབས་བྱུང་བར་གྱུར་པ་དེའི་ཚེ་རིལ་བུ་གཅིག་བསྐྱུར་བར་བྱའོ། །

ཙནྡན་གྱི་འབྲས་བུ་བརྒྱ་ཞེས་པ་ནི། ད་དུ་རའི་འབྲས་བུའི་ནང་ན་གནས་པའི་ས་བོན་རྣམས་ནི་ཉི་ཤུ་ལྔ་སྟེ། མ་ཤའི་འབྲས་བུ་རྣམས་ཀྱང་དེ་ཙམ་མོ། །འབྲས་ཞེས་པ་ནི་མ་གྲུགས་པའི་འབྲས་སཱ་ལུ་སྟེ། དེ་ཡང་དེ་དག་ཙམ་ཉིད་དོ། །དེ་ལྟར་རྩིས་པས་བརྒྱ་ཕྲག་གསུམ་དུ་གྱུར་པའོ། །འབུམ་

ཕྲག་བརྒྱད་ཅེས་པ་ནི་དགུག་པའི་ཆོ་གས་འབུམ་ཕྲག་བརྒྱད་མངོན་པར་བསྔགས་པ་སྟེ། །བརྒྱ་ཕྲག་གསུམ་ཞེས་པ་ནི་ལྷག་མའོ། །སྦྱིན་སྲེག་ལ་ནི་ལྷ་ཞེས་པ་ནི། དགུག་པའི་རིམ་པ་ཙམ་ན་ཅི་ཙེ་དང་། འབྲས་སཱ་ལུ་རྣམས་རེ་རེ་བླངས་པ་ལས་བསྡོམས་པས་ས་བོན་རྣམ་པ་གསུམ་མོ། །

เล่ม ๔๖ · หน้า 283a

སྦྱིན་སྲེག་ནི་བསྲེག་རྫས་ཀུན་ནས་བསྲེག་པའོ། །ལྷ་ཞེས་པ་ནི་བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོ་ཉིད་དེ། དེས་ཉེ་བར་མཚོན་ནས་གང་ཡང་རུང་བའི་མིང་གིས་སྦྱིན་སྲེག་བྱས་པས་དེ་ཉིད་མཐོང་བར་འགྱུར་རོ། །མཐོང་བ་ཉིད་ནི་མངོན་པར་འདོད་པའི་དངོས་གྲུབ་

བོ། །ཡོག་པའི་ཤིང་ཞེས་པ་ནི། ཤི་བའི་རོ་ལ་བསྲེགས་པའི་ཕྱེད་ཙམ་ཚིག་པ་དཀྲུགས་པའི་ཤིང་བུའི་སོལ་བའོ། །སྨྱོན་པའི་ཁུ་བ་དང་བཏགས་ཞེས་བྱ་བར་འབྲེལ་ལོ། །གྲི་ཞེས་པ་ནི་དབང་དུ་བྱ་བའི་ཆོ་གས་སྟོང་ཕྲག་བཅུ་བཟླ་བར་བྱའོ། །དེ་ལྟར་ལྷན་ཅིག་ཏུ་བསྒྲུབས་ནས་གང་གི་ཚེ་

དགོས་པ་དེའི་ཚེ་གང་ལ་བལྟས་པ་དེ་དབང་དུ་བྱེད་པར་འགྱུར་རོ། །རྩ་སྔགས་འབུམ་ཕྲག་བཞི་བཟླས་ཞེས་པ་ནི་གཏི་མུག་གཤིན་རྗེ་གཤེད་ཀྱིས་ཏེ་ཞི་བའི་ཆོ་ག་ལ་ཞེས་པའོ། །མིང་སྦྱིན་པ་སྔར་མ་མཐོང་ན་ནི་མཐོང་བ་ཞེས་ཏེ་བཟླས་པར་བྱའོ། །དེ་ལྟར་བྱས་ན་གང་ཡང་རུང་བ་ལ་སྦྲུལ་གྱིས་ཟིན་པ་དེ་ལ་ལན་

བདུན་མངོན་པར་བསྔགས་པའི་ཡུངས་ཀར་མངོན་པར་བརྡེག་པར་བྱའོ། །རི་གཤོང་ས་ནི་བླངས་ལ་ཞེས་པ་ནི་གང་ཡང་རུང་བའི་རི་གཤོང་ནས་སའི་ཆ་དཀར་པོའི་དུམ་བུ་ལ་རང་གི་ལག་པས་མནན་ཏེ། ས་འོག་བཞིན་དུ་ཀུན་ལ་མཐོང་བར་གྱུར་པའི་བར་དུ་སྟེ། ཞི་བའི་ཆོ་གས་མགོ་ནད་

ཅེས་སྤེལ་བའི་སྔགས་ཀྱིས་མངོན་པར་བསྔགས་པར་བྱའོ། །མ་འོངས་པའི་དུས་སུ་ཡང་ཇི་སྲིད་ནམ་མཁའི་མཐར་ཐུག་གི་བར་དུ་བློ་བརྟན་པས་བྱིན་གྱིས་བརླབ་པ་བྱས་འཇིམ་པ་དེས་དེ་ནས་མགོ་ནད་ཅན་གང་ཡང་རུང་བའི་མགོ་ལ་བྱུག་པར་བྱའོ། །དེས་མགོ་ནད་ཉམས་པར་བྱེད་དོ། །

ལན་བདུན་མངོན་པར་བསྔགས་ཞེས་པ་ནི་ཞི་བའི་ཆོ་གས་སོ། །ལག་པ་ཞེས་བྱ་བ་ནི་ལག་པར་ཟླ་བའི་དཀྱིལ་འཁོར་བསྒོམས་པ་ལས་བ་མོ་ལྟ་བུའི་ཆར་པའི་རྒྱུན་གྱིས་སོ། །འབྱུང་མི་འགྱུར་ཞེས་པ་ནི་མ་འོངས་པའི་དུས་སུ་ཡང་སྐྱེ་བར་མི་འགྱུར་བའོ། །ཉམས་པར་བྱེད་ཅེས་པ་ནི་བསྐྱེད་ཟིན་པ་

ཡང་ཞི་བར་བྱེད་པའོ། །ཚར་བཅད་པ་བསྟན་པའི་དོན་གསུངས་པ། བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་སྟེ། ཐལ་བ་ཞེས་བྱ་བས་ནི་སོལ་བས་སོ། །དུར་ཁྲོད་ས་ཞེས་བྱ་བ་ནི་འཇིམ་པ་དག་གིས་སོ། །གཟུགས་བརྙན་ནི་ཇི་ལྟར་འདོད་པའི་ཚད་ཙམ་ལྷག་མའོ། །རྡོ་རྗེ་ཆེན་པོ་ནི་རྩེ་མོ་ལྔ་པའི་རྡོ་རྗེའོ། །

เล่ม ๔๖ · หน้า 283b

ཨ་པ་སྱ་བྱ་ནི་གཡོན་པའོ། །ཎྲྀ་མགོ་ནི་མིའི་མགོ་བོའོ། །ཆེར་འཇིགས་པ་ནི་འཇིགས་པར་བྱེད་པ་ཅན་དེ་ཞལ་རྣམ་པར་འགྱུར་བ་ལ་སོགས་པ་རྣམས་ཀྱིས་སོ། །བདུད་རྩི་དང་ཤ་ལྔ་པོས། །ཞེས་བྱ་བ་ནི། ཤ་ལྔ་པོ་དང་བདུད་རྩི་ལྔ་པོ་དག་གོ། །རྟག་གསོལ་གདབ་ཅེས་བྱ་བ་ནི་དེའི་རྣལ་འབྱོར་དུ་དམིགས་

ལ། ཨོཾ་ཧྲཱིཿཥྚྲིཿཝི་ཀྲྀ་ཏཱ་ལ་སོགས་པའི་སྔགས་དང་། དགྲ་བོའི་མིང་དུ་སྤེལ་ལ་གསང་བའི་ཆོ་གས་བཟླ་བར་བྱའོ། །འདི་སྐད་བརྗོད་ཅེས་བྱ་བ་ནི་དུས་མྱུར་བ་ཞེས་པའི་དོན་ཏོ། །གང་ཡང་རུང་བའི་ཉིན་ཞག་ལ་ཞེས་པའི་དོན་ཏོ། །ཚར་བཅད་པ་གཞན་དག་བསྟན་པའི་དོན་དུ་གསུངས་པ།

འདྲའི་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ནི་བཤང་བའོ། །མིའི་རྐང་སྦུབས་ཞེས་བྱ་བ་ནི་བཅངས་པའི་རྗེས་རང་གི་ཐུར་མའི་སྦུ་གུའོ། །འབུམ་བཟླས་ཞེས་པ་ནི་དགྲའི་མིང་དང་སྤེལ་བ་སྔར་གྱིའོ། །བསྐྲད་པ་ལ་ནི་བསྒོམ་པ་སྟེ། འཁྲུལ་འཁོར་དང་བྲལ་བ་ཉིད་ཀྱིས་བཟླས་པར་བྱས་

ནས་སོ། །ཤིང་གི་རྩེར་ཞེས་པ་ནི་སརྐོ་ཏའི་ཤིང་ངམ་བ་རུ་རའི་ཤིང་གི་རྩེ་མོ་ལའོ། །མཉེས་ཞེས་པ་ནི་གང་དེ་ཤིང་ལས་ཐབ་ལ་རྣམ་པར་སྣང་མཛད་བསམས་ཏེ། རྐང་སྦུབས་མར་འབའ་ཞིག་གིས་བཀང་ནས་དགྲ་ལ་ཞི་བའི་ཆོ་ག་བྱ་སྟེ། སྟོང་ཕྲག་བརྒྱད་ཅུ་བཟླས་པ་བྱས་ན་དེའི་ཚེ་དེ་བདེ་བར་

འགྱུར་རོ། །གཤིན་རྗེ་འཇིགས་པ་ཞེས་བྱ་བ་ནི་གཤིན་རྗེ་འཇིགས་པ་གོང་དུ་སྟོན་པ་དེ་ཡང་དེ་བཞིན་ནོ། །ལེའུ་དགུ་པའི་བཤད་པ་རྫོགས་སོ།། །།སྔར་གྱི་ལེའུ་རོ་ལངས་སྒྲུབ་པའི་ཆོ་ག་མདོར་བསྟན་པའི་དོན་བཤད་པའི་དོན་དུ་གསུངས་པ། ཤིང་ལ་ཞེས་བྱ་བ་ནི་གགས་པ་སྟེ། ཤིང་ལ་

དབྱངས་པ་ཞེས་བྱ་བ་ནི་བསྒེགས་པའོ། །མ་གོད་ཅེས་བྱ་བ་ནི་དམན་པ་མ་ཡིན་པའི་ལུས་སོ། །ཡན་ལག་གོ། །རྨ་མེད་ནི་མཚོན་གྱིས་མ་བརྒྱབ་པའོ། །ལེགས་པ་ཞེས་པ་ནི་མ་རུལ་བའོ། །ཁྲུས་ཞེས་པ་ནི་དྲི་བཟང་པོས་ཞེས་ལྷག་མའོ། །གཞན་ཡང་རོའི་སྙིང་གར་རང་གི་སྙིང་གའི་ས་བོན་ལས་

འཇིགས་པའི་ཡི་དགས་བཀུག་པ་སྟེ། ལག་པ་ནི་གྲི་གུག་དང་ཐོད་པ་ཅན་རབ་ཏུ་བཅུག་སྟེ། མེ་ཏོག་དང་སྤོས་དང་བྱུག་པ་ལ་སོགས་པས་ཀྱང་མཆོད་པ་བྱས་ལ་དེ་གན་རྐྱལ་དུ་བྱས་ལ་དེའི་སྟེང་དུ་བསྔགས་ཏེ་དེ་རུ་བཟླས་པ་ཞེས་པའོ། །ཨོཾ་ཧྲཱིཿཥྚྲིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ། ཀྭེ་ཡི་དགས་བདག་གིས་མངོན་པར་

เล่ม ๔๖ · หน้า 284a

འདོད་པའི་དངོས་གྲུབ་སྩོལ་ཅིག་ཧཱུཾ། བརྟུལ་ཞུགས་ཅན་ཞེས་པ་ནི་དཔལ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དང་ལྡན་པས་སོ། །དངོས་གྲུབ་ཀྱི་མཚན་མ་བསྟན་པའི་དོན་གསུངས་པ། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་སྟེ། འོ་དོད་འབོད་པ་ནི་རྣམ་པར་འགྱུར་བའི་སྒྲའོ། །

འཇིགས་པ་མེད་པ་ལས་ཅིར་འགྱུར་བ་གསུངས་པ། གང་དང་གང་གིས་ཞེས་བྱ་བ་ལ་སོགས་པ་སྟེ། གང་བསླངས་པ་ཞེས་པ་དེ་ནི་སེམས་ཀྱིས་བྱེད་པ་སྟེ་རལ་གྲི་དང་མིག་སྨན་དང་རྐང་མགྱོགས་ལ་སོགས་པའོ། །བཅོམ་ལྡན་འདས་མགོན་པོ་དཔལ་གཤིན་རྗེ་གཤེད་པོའི་གཟུགས་ཀྱི་

དོན་དང་འཇིམ་པ་ལས་འདུས་བྱ་བར་བསྟན་པ་གསུངས་པ། མ་ཧེའི་ཤའི་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ཞེས་བྱ་བ་ནི་གཟུགས་ཀྱི་དོན་དུ་འཇིམ་པ་བྱ་བའོ། །ཆེ་གེ་མོ་དེ་དག་ལ་སྩོལ་ཞེས་བྱ་བ་ནི་དེའི་ཕ་དང་དེའི་མིང་དག་རབ་ཏུ་སྤེལ་ཏེ། དེ་ནས་ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ། ཆེ་

གེ་མོས་བདག་ལ་སྩོལ་ཅིག་ཧཱུཾ། དེ་ལྟར་སྟོང་ཕྲག་བཅུ་བཟླས་པ་བྱ་སྟེ། དེ་བསླངས་པས་དེ་སྟེར་རོ། །མི་སྟེར་བར་གྱུར་ན་དེ་སྡུག་བསྔལ་བར་གསུངས་པ། གཤིན་རྗེ་གཤེད་པོ་ཞེས་བྱ་བ་ལ་སོགས་པའོ། །སྔར་མ་གསུངས་པའི་ཐོ་བ་གཤིན་རྗེ་གཤེད་ལ་སོགས་པ་སྒོ་སྐྱོང་བཞིའི་ཞལ་ལ་

སོགས་པ་གསུངས་ཏེ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ཀྱང་ཞེ་སྡང་གཤིན་རྗེ་གཤེད་ཀྱི་གཟུགས་ལ། ཁྱད་པར་ནི་རྡོ་རྗེའི་གནས་སུ་ཐོ་བའོ། །དེ་ལྟར་གཏི་མུག་གཤིན་རྗེ་གཤེད་དང་འདྲ་བ་ནི་དབྱིག་པ་གཤིན་རྗེ་གཤེད་དེ་ཁྱད་པར་ནི་འཁོར་ལོའི་གནས་སུ་རྡོ་རྗེའི་དབྱུག་

པའོ། །དེ་ལྟར་པདྨ་དང་རལ་གྲི་གཤིན་རྗེ་གཤེད་ཀྱང་འདོད་ཆགས་དང་། ཕྲག་དོག་གཤིན་རྗེ་གཤེད་ཐམས་ཅད་ཀྱི་བདག་ཉིད་དང་འདྲའོ། །ཇི་ལྟར་སྔར་གྱི་རིམ་པས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རྗེས་ལ། ལྷ་བསྒོམ་པ་གསུངས་པ། བྷ་གར་ལིངྒ་རྣམ་པར་བསྒོམས། །ཞེས་

པ་ལ། བྷ་གར་ལིངྒ་ནི་ཕུལ་དུ་གྱུར་པའི་རྣལ་འབྱོར་ལས་ས་བོན་གྱི་ཡི་གེ་རྣམ་པར་བསྒོམ་པས་སྐྱེས་པའོ། །དོན་ནི་འདི་ཡིན་ཏེ། རང་དང་འདྲ་བ་ལ་སྙོམས་པར་འཇུག་པ་རྡོ་རྗེ་སེམས་དཔའ་གཤིན་རྗེ་གཤེད་ཀྱི་ཁ་རུ་སྙིང་གའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་བཀུག་སྟེ་བཅུག་

เล่ม ๔๖ · หน้า 284b

པས་ཞུ་བར་བྱ་སྟེ། རྡོ་རྗེའི་ལམ་ནས་ལྷ་མོའི་པདྨའི་ནང་དུ་ལྟུང་བའི་ཡ་ཡིག་བོར་བ་ཀྵེ་མ་མེད་པ་ལ་སོགས་པ་ས་བོན་བཅུ་དྲུག་པོ་རྣམས་ཡང་དག་པར་སྤྲོས་ཏེ་གནས་ཇི་ལྟར་བཀོད་པ་ལས་དཀྱིལ་འཁོར་བདག་པོ་རྣམས་བསྒོམ་ཞེས་པའོ། །ཆགས་པ་དང་རྗེས་སུ་ཆགས་པ་ཤེས་རབ་དང་བཅས་

པ་ཞུ་བར་བྱ་སྟེ། ཡཾ་གི་ཡི་གེ་ཡོངས་སུ་རྫོགས་པའོ། །དེ་ནས་རྣལ་འབྱོར་མ་རྣམས་ཀྱིས་ཡང་དག་པར་བསྐུལ་བར་གྱུར་པ་དང་དཀྱིལ་འཁོར་གྱི་བདག་པོ་ཞེ་སྡང་ཆེན་པོ་གཤིན་རྗེ་གཤེད་རྫོགས་པར་འགྱུར་རོ། །ཞེ་སྡང་རྗེས་དྲན་ཞེས་བྱ་བ་ནི་ཞེ་སྡང་གཤིན་རྗེ་གཤེད་རྫོགས་པར་གྱུར་ནས་སོ། །

གཏི་མུག་གཤིན་རྗེ་གཤེད་བསྒོམ་པར་བྱ་ཞེས་པ་ནི་ས་བོན་ཀྵེ་ཡིག་ལས་སྐྱེས་པའི་གཏི་མུག་གཤིན་རྗེ་གཤེད་བསྒོམ་པར་བྱའོ། །དེ་ལྟར་གོང་ནས་གོང་ཉིད་དུ་རྟོགས་པར་བྱའོ། །ལྷའི་འཁོར་ལོ་རྫོགས་ནས་སྤྲོ་བར་བསྟན་པའི་དོན་དུ་སྤྲོ་བར་བྱ་ཞེས་པ་ལ་སོགས་པ་སྟེ། རིགས་ཀྱི་སྤྲིན་ཞེས་

པ་ནི་རང་དང་འདྲ་བའི་ལྷའི་ཚོགས་རྣམས་སོ། །སོ་སོ་ཞེས་པ་ནི་སོ་སོ་དང་ལྡན་པའོ། །ཁྲོ་བོ་བཞི་ཞེས་པ་ནི་ཐོ་བ་ལ་སོགས་པ་བཞི་པོ་རྣམས་སོ། །གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་རོ། །ལེའུ་བཅུ་པའི་བཤད་པ་རྫོགས་སོ།། །།ཞེ་སྡང་ལ་སོགས་པའི་

དབྱེ་བའི་དགོས་པ་བསྟན་པའི་དོན་དུ་གསུངས་པ། ཞེ་སྡང་གིས་མནན་ཞེས་བྱ་བ་ལ་སོགས་པ་སྟེ། གཤིན་རྗེ་གཤེད་པོ་ནི་ཞེ་སྡང་གཤིན་རྗེ་གཤེད་དོ། །དམ་པའི་གཟུགས་ནི་གྲིབ་མ་དང་སྒྱུ་མ་ལྟ་བུའོ། །དེ་བཞིན་གཏི་མུག་གིས་མནན་ཞེས་བྱ་བ་ལ་སོགས་པ་ཡང་འདིས་རྟོགས་པར་

བྱའོ། །སྣ་ཚོགས་པའི་གཟུགས་ཀྱང་བློས་དབྱེར་མི་ཕྱེད་པར་བྱ་བའི་ཕྱིར་གསུངས་པ། བདག་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་དཀྱིལ་འཁོར་དང་དཀྱིལ་འཁོར་པ་ལ་སོགས་པ་ཐམས་ཅད་དུ་ལྷག་པར་མོས་པར་བྱའོ། །ཐམས་ཅད་ཀྱང་བདག་ཉིད་ལས་དབྱེར་མི་

ཕྱེད་དོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་སྙིང་གའི་ས་བོན་སྤྲོ། །ཞེས་པ་ནི། བ་སྤུའི་ཁུང་བུའི་རྩེ་ནས་སྤྲོ། །ཞེས་པ་ལ་སོགས་པ་སྔར་ཇི་ལྟར་གསུངས་པ་དེའོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། དངོས་གྲུབ་ཅེས་པ་སྟེ་གྲུབ་པའི་མཚན་མ་མཐོང་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱོད་པ་ནི་དགུ་

เล่ม ๔๖ · หน้า 285a

བ་སྟེ་བྱ་བའི་ཁྱད་པར་ཏེ་དེའི་མཚན་ཉིད་དོ། །ཅིའི་དོན་དུ་ཞེ་ན། གསུངས་པ། གཤིན་རྗེ་གཤེད་པོ་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་གསུང་ཐུགས་སུ་གྲུབ་ཅེས་པ་ནི་གཤིན་རྗེ་གཤེད་པོར་གྱུར་ཞེས་བྱ་བའི་དོན་ཏོ། །སྤྱོད་པ་དེ་ཉིད་གསུངས་པ། མགོན་པོ་ཆེན་པོ་ཞེས་བྱ་

བ་ལ་སོགས་པ་སྟེ། གང་གི་ཚེ་འདིས་ཆོ་ག་དེ་ལྟ་བུས་ནུས་པ་དང་ལྡན་པར་བྱས་པ་དེའི་ཚེ་གཤིན་རྗེ་གཤེད་ཀྱི་དངོས་གྲུབ་ཐོབ་པའོ། །དེ་ཡང་གང་གི་དུས་སུ་བྱ་བར་ནུས་ཤེ་ན། གསུངས་པ། ནུས་པ་ཅུང་ཟད་ཅེས་བྱ་བ་ལ་སོགས་པ་སྟེ། སྐྱེས་པ་ནི་མངོན་དུ་བྱས་པའོ། །བརྒྱ་ལམ་ན་

བསྒོམ་པ་ཙམ་གྱི་ཇི་ལྟ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དྲུག་ལས་སྐྱེས་ཞེས་པ་ནི་དྲུག་ལས་སྐྱེས་པ་དང་འདྲ་བས་ན་དྲུག་ལས་སྐྱེས་ཏེ་རོ་དུ་མ་དང་ལྡན་པ་སྣ་ཚོགས་ཀྱིས་ཆགས་པ་དང་རྗེས་སུ་ཆགས་པར་གྱུར་པ་ཞེས་པའི་དོན་ཏོ། །ནུས་པ་གཞན་དག་ཀྱང་བསྟན་པའི་དོན་དུ་རྒྱལ་

མཚན་ཞེས་པ་ལ་སོགས་པ་སྟེ། རྒྱལ་མཚན་ཁྱམས་ནི་དཔྱངས་པའི་མིའོ། །འོ་མ་ཞེས་པ་ནི་ཤ་སྟེ་སྣོད་ལ་གནས་པའོ། །བདུད་རྩི་མྱང་བ་ལ་བསྒོམ་པའི་རིམ་པས་མངོན་དུ་ཞུ་བར་བསྒྲུབ་པར་བྱས་པའོ། །ཆོ་ག་མ་གོམས་པར་ཞེས་པ་ནི་བདུད་རྩིའི་ཆོ་ག་དེ་བཞིན་དུ་གོམས་

པར་བྱས་པས་སོ། །ཕག་མོའི་གཟུགས་སུ་བྱ་ཞེས་པས་ནི། ཇི་སྐད་གསུངས་པའི་ཕག་མོའི་གཟུགས་སུ་ལྷག་པར་མོས་ཏེ་རང་ཉིད་གཤིན་རྗེ་གཤེད་ཀྱི་གཟུགས་སུ་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །དེའི་རྗེས་ལ་མདོར་བསྡུས་པའི་གཤིན་རྗེ་གཤེད་ཀྱི་སྒྲུབ་པའི་ཐབས་འབྲས་

བུ་དང་བཅས་པ་བསྟན་པའི་དོན་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཡང་མཆོད་པ་ལ་སོགས་པ་དང་། རྡོ་རྗེ་གུར་གྱི་ནང་དུ་སོན་པའི་ནམ་མཁར་གནས་པའི་སྣ་ཚོགས་རྡོ་རྗེའི་བར་དུ་ཐམས་ཅད་མཐུན་པའོ། །ས་བོན་ཅི་ལ་འབྱུང་བར་བསྒོམ་ཞེ་ན། གསུངས་པ།

ཡི་གེ་སྟི་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་དོན་ནི་འདི་ཡིན་ཏེ། སྣ་ཚོགས་རྡོ་རྗེའི་ནང་དུ་རེ་ཕ་ལས་ཉི་མ་དང་། དེའི་སྟེང་དུ་སྟི་ཡིག་ལས་སྐྱེས་པའོ། །ཇི་ལྟར་འབྱུང་ཞེ་ན། གསུངས་པ། རྡོ་རྗེའི་དཀྱིལ་འཁོར་ལ་གནས་པ། །ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་འདི་ཡིན་ཏེ།

เล่ม ๔๖ · หน้า 285b

མ་ཧེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའོ། །མཚོན་ཆ་བསྟན་པའི་དོན་གསུངས་པ། གང་ཡང་ཅུང་ཟད་ཅེས་བྱ་བ་ལ་སོགས་པ་སྟེ། ཕྱག་རྣམས་ཀྱིས་ཞེས་པ་ནི་ཕྱག་རྣམས་ཀྱིའོ། །དབྱིག་པ་གཤིན་རྗེ་གཤེད་ཀྱི་ཡང་ཕལ་ཆེར་ནི་ཕྱག་བརྒྱ་པའི་སྒྲུབ་པའི་ཐབས་ཉིད་

བཞིན་ནོ། །ཁྱད་པར་ནི་འདི་ཉིད་ཀྱི་ས་བོན་ཡི་གེ་ཧྲི་སྟེ། གདོང་པ་ཡང་མིའིའོ། །རི་རབ་ཇི་ལྟར་མཐོ་ཞེས་པ་ནི་དེ་དང་འདྲ་བ་སྟེ་རི་རབ་མཉམ་པའོ། །ཞལ་རྣམ་པར་འགྱུར་བ་ལ་ཡང་དབྱིག་པ་གཤིན་རྗེ་གཤེད་བཞིན་ཏེ། ཡང་དེའི་ས་བོན་ནི་ཧཱུཾ་ཡིག་སྟེ་དེས་ཐམས་ཅད་

རྫོགས་པའོ། །སྔགས་ཀྱིས་དུབ་པ་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །རྙེད་སླ་ཞེས་པ་ནི་ཀུན་གྱིས་སྨད་པས་ན་བླངས་པ་དམན་པ་ལ་སོགས་པ་ལས་སོ། །ག་རོ་ནི་བོང་བུའོ། །ཀྲི་སྟུ་ནི་ཅེ་སྤྱང་ངོ་། །སྣུམ་ཆེན་ནི་མིའི་མར་ཁུའོ། །སྔོན་པོ་ནི་རམས་སོ། །བསྲེས་ཞེས་པ་ནི་

རམས་ཀྱི་ལོ་མའི་ཁུ་བ་དང་ཆ་མཉམ་པའོ། །དྲིལ་ཕྱིས་བསྟན་པའི་དོན་དུ་གསུངས་པ། རོ་ཙ་ན་ཞེས་པ་ལ་སོགས་པ་སྟེ། རོ་ཙ་ནི་རྣམ་པར་སྣང་མཛད་དོ། །དེའི་ཐོག་མ་དང་ཐ་མའི་ཆ་སྤངས་ཏེ་བར་པ་བླང་བར་བྱའོ། །སོ་ཕག་ཕྱེ་མ་ཞེས་བྱ་བ་ནི་ཆུའི་ནང་དུ་དུས་རིང་པོར་

གནས་པའི་སོ་ཕག་གོ། །ཕྱེད་མཉམ་ཞེས་པ་ནི་རོ་ཙ་ན་ལ་སོགས་པ་ཆ་མཉམ་པ་ཇི་ཙམ་གྱི་ཚད་ཙམ་དུ་སོ་ཕག་གི་ཕྱེ་མའི་ཚད་ནི་དེ་ཙམ་མོ། །གསེར་ཤིང་ནི་ད་དུ་ར་སྟེ། ཐམས་ཅད་དུས་གཅིག་ཏུ་བྱས་ནས་འདིས་མཉེ་ཞིང་དྲིལ་བར་བྱའོ། །གཅིག་པ་ཆེན་པོ་ནི་མིའི་དྲི་ཆུའོ། །བཏུང་

བར་བྱ་བ་ནི་སྣ་ནས་སོ་ཞེས་པ་ལྷག་མའོ། །རྡོ་རྗེ་བདུད་རྩི་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་དག་རེ་རེ་ཞིག་ནས་བཏུང་བར་བྱ་བའམ་ཞེས་གསུངས་པ། རང་བྱུང་མེ་ཏོག་བཏུང་དེ་བཞིན། །ཞེས་པ་ནི་བུད་མེད་ཀྱི་ཁྲག་གིས་ལྷན་ཅིག་བསྲེ་བའོ། །འདི་ཉེ་བར་མཚོན་པ་ལས་དེ་བཞིན་

གཤེགས་པ་གཞན་དག་ཀྱང་རྟོགས་པར་བྱའོ། །འདིའི་སེམས་ནི་དོན་གསལ་བར་བྱེད་པ་ནི། ལེའུ་ཕྱི་མར་གཏོར་མ་དྲུག་ཅུ་རྩ་བཞི་སྦྱིན་པ་དབྱུ་གུ་དྲུག་ཅུ་རྩ་བཞི་ལ་ཞེས་པས་ཏེ་མཁས་པས་འདིར་རྟོགས་པར་བྱའོ། །ལེའུ་བཅུ་གཅིག་པའི་བཤད་པ་རྫོགས་སོ།། །།དཀྱིལ་འཁོར་གྱི་

เล่ม ๔๖ · หน้า 286a

འཁོར་ལོའི་གླུའི་མཆོད་པ་བསྟན་པའི་དོན་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེས་བུ་ཆེན་པོ་ཞེས་བྱ་བ་ལ་གཉུག་མའི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་པས་ན་ཆེན་པོ་ཡིན་ལ། གང་གི་ཕྱིར་ཀུན་འགེངས་པར་བྱེད་པ་དེ་ཉིད་ལ་སྐྱེས་བུ་ཞེས་མངོན་

པར་བརྗོད་པས་ན་སྐྱེས་བུ་སྟེ། དེ་ཡང་འགེངས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོའོ། །དེའི་དམ་ཚིག་ནི་གང་ལ་ཉེ་བར་སྤྲོ་བ་སྟེ། དེ་ཉིད་སྐྱེས་བུ་ཆེན་པོའི་དམ་ཚིག་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །ཙརྩི་ཀའི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཞེས་པ་ནི། རྡོ་རྗེ་ཙརྩི་ཀའི་གཟུགས་སུ་

བྱེད་པ་སྟེ་དེ་བཞིན་དུ་གཞན་དག་ལ་ཡང་ངོ་། །འདི་བརྗོད་དོ་ཞེས་པ་ནི་བརྗོད་ཟིན་པའོ། །ཨ་དེ་དེ་ཞེས་པ་ནི་ཨ་རེ་རེའོ། །གཤིན་རྗེ་གཤེད་ནག་ཅེས་པ་ནི་གཤིན་རྗེ་གཤེད་ནག་པོའོ། །བདག་ཅེས་པ་ནི་བདག་ཉིད་བྱམས་པའི་རང་བཞིན་གྱིས་ཙརྩི་ཀའོ། །ཁྱོད་ཅེས་པ་ནི་ཁྱོད་ལའོ། །མཐོང་

བ་ནི་མཐོང་ནས་སོ། །འཇིགས་པ་ནི་རབ་ཏུ་འཇིགས་པས་སོ། །བླ་ནི་བླ་མའོ། །ཐོང་ཞེས་པ་ནི་ཡོངས་སུ་གཏང་བའོ། །ཁྲོས་པའི་རང་བཞིན་ནི་ཁྲོས་པའི་ངོ་བོའོ། །རྒྱ་མཚོ་ས་སྟེང་ས་བླ་ས་འོག་ནི་རྒྱ་མཚོ་དང་། མཐོ་རིས་དང་། ས་འོག་དང་། ས་སྟེང་རྣམས་སོ། །མིག་སྨན་ནི་ནག་པོ་

བཙག་ཅེས་པ་ནི་མིག་སྨན་བཙག་དང་འདྲ་བ་ནག་པོའོ། །དེ་དག་ནི་ཕག་མོས་བརྗོད་པའོ། །གནག་ཅིང་ཞེས་པ་ནི་ནག་པོ་ཀྱེ་ཞེས་པའོ། །ཐུང་བའི་ཚད་ཅེས་པ་ནི་ཐུང་བ་ལྟ་བུའི་ཚད་དོ། །རྣམ་པ་མང་པོ་ཞེས་པ་ནི་རྣམ་པ་མང་པོར་རོ། །སྤྲུལ་ཞེས་པ་ནི་སྤྲུལ་པར་བྱེད་པའོ། །གཟུགས་

ཞེས་པ་ནི་གཟུགས་སུའོ། །རྡོ་རྗེ་དབྱངས་ཅན་ཞེས་པ་ནི་རྡོ་རྗེ་དབྱངས་ཅན་མའོ། །བདུད་ཅེས་པ་ནི་ཞུ་བར་བྱེད་པའོ། །ཁྱོད་ནི་གར་ཞེས་པ་ནི་ཁྱོད་ཀྱི་གར་རོ། །བདེ་ཆེན་རང་བཞིན་ཞེས་པ་ནི་བདེ་བ་ཆེན་པོའི་རང་བཞིན་ནོ། །རྡོ་རྗེ་གཽ་རིས་བརྗོད་པ་གསུངས་པ། ཧྲཱིཿཥྚྲི་ཞེས་པ་ལ་སོགས་པ་སྟེ། སོལ་

ཞེས་པ་ནི་སྤྲོ་བར་བྱེད་པའོ། །སྲིད་པ་གསུམ་གྱི་འཁྲུལ་པ་ནི་ཁམས་གསུམ་གྱི་འཁྲུལ་པ་རྣམས་སོ། །སྙིང་རྗེ་ཡིས་ནི་ཁྲོས་པ་ནི་ཀྱེའི་རྡོ་རྗེའི་ཁྲོ་བོ་རྣམས་སོ། །རྗེ་བཙུན་ནི་དད་སྒྲོལ་ལོ། །དེ་མཛད་ནི་དེ་བཞིན་དུ་མཛོད་ཅིག་པའོ། །གང་ནི་གང་རྣམས་སོ། །འགྲོ་བ་ནི་འགྲོ་བ་རྣམས་སོ། །

เล่ม ๔๖ · หน้า 286b

བལྟས་ནི་ལྟ་བར་བྱེད་པའོ། །བཟླས་པ་མཚན་ཉིད་ཅེས་པ་ནི་བཟླས་པའི་སྔགས་བརྗོད་པའི་ཚུལ་ལོ། །རིང་པོ་མ་ཡིན་ཞེས་པ་ནི་ཐུང་ངུ་ལ་རིང་པོར་བརྗོད་པའོ། །ཐུང་མིན་ཞེས་པ་ནི་རིང་པོ་ཐུང་ངུར་བྱེད་པ་སྟེ་དེ་དག་མ་ཡིན་པའོ། །སྔགས་ནི་ཅུང་ཟད་ཐོས་པར་རོ་ཞེས་པ་ནི་ཇི་ལྟར་གཞན་གྱིས་

མི་ཐོས་པར་ཏེ། དེ་བཞིན་དུ་བཟླས་ཞེས་པའི་དོན་ཏོ། །གཤིན་རྗེའི་ཞེས་པ་ནི་གཤིན་རྗེའོ། །གཉིས་ཟ་ནི་གླང་པོའོ། །བ་ཛ་ཞེས་པ་ནི་རྟའོ། །གདུང་ཞེས་པ་ནི་རུས་པའོ། །བཅུ་བཞིའི་ཞེས་པ་ནི་ནག་པོའོ། །ཤ་ལྔའི་ཞེས་པ་ནི་གོ་ཀུ་ད་ཧ་ནའི་ཤ་ལྔ་ཡིས་སོ། །བཟླས་ན་ཞེས་པ་ནི་ཕྲེང་བ་

བཟླས་པའོ། །མིའི་མགོ་བོ་ཁྲག་འཛག་ཅེས་པ་ནི་བཅད་མ་ཐག་གི་ཁྲག་འཛག་པའོ། །དེ་ལྟ་བུ་མིན་ནི་འགྲོ་བ་ཉིད་དུ་ལྷག་པར་མོས་པར་བྱའོ། །འབྱུང་པོ་རྣམས་ཞེས་པ་ནི་བརྒྱ་བྱིན་ལ་སོགས་པ་རྣམས་ཏེ་མི་རྣམས་ལ་གནོད་པར་བྱེད་པའོ། །མཁའ་འགྲོ་མ་རྣམས་ཀྱིས་ཞེས་པ་ནི་

གཉིས་པའི་དོན་གྱིས་དྲུག་པའོ། །སྟོང་ཕྲག་དག་ལ་ཞེས་པ་ནི་སྟོང་ཕྲག་དག་གིས་སོ། །གསོད་པར་བྱེད་ཅེས་པ་ནི་ཚར་གཅོད་པར་བྱེད་པའོ། །གཤིན་རྗེ་གཤེད་ཀྱི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་དེ་ལ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ཇི་ལྟ་བ་བཞིན་བྱས་པས་འབྱུང་པོས་བཟུང་བར་ཤེས་

པར་བྱས་ལ། དེའི་ཚེ་སྐྱེས་བུ་དེ་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་འབྱུང་པོ་ལ་སོགས་པ་དགུག་པ་དང་། གཞུག་པ་དང་། བཅིངས་པ་ནི་ཛཿཧཱུཾ་བཾ་ཞེས་པའི་ཡི་གེ་གསུམ་གྱིས་དགུག་པ་ལ་སོགས་པ་གསུམ་པོ་རིམ་པ་བཞིན་དུ་བྱའོ། །དེའི་རྗེས་ལ་མགོ་བོ་སྣ་ཚོགས་རྡོ་རྗེས་མཚན་པའོ། །ཡང་

ཧཱུཾ་ཡིག་ལས་སྐྱེས་པའི་རྩེ་མོ་ལྔ་པའི་རྡོ་རྗེ་གཉིས་ཀྱི་ངོས་གཉིས་སུ་བཙིར་བ། ཡཾ་ཡིག་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་དང་། མེའི་དཀྱིལ་འཁོར་འབར་བས་འོག་ནས་མགྲིན་པའི་བར་དུ་བསྲེགས་པར་བསྒྲུབ་བྱ་བལྟ་བར་བྱའོ། །ཧཱུཾ་ཡིག་འབར་བ་ལས་སྐྱེས་པ་དང་འདྲ་པའི་

ཡུངས་ཀར་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་ང་རྒྱལ་གྱིས་སྔགས་བཟླས་ཤིང་བརྒྱབ་པས་དེའི་ལུས་ངེས་པར་ཕུག་པ་ཉིད་དུ་བལྟ་བར་བྱས་ནས་ངེས་པ་ཉིད་དུ་གྲོལ་བར་འགྱུར་རོ། །ཡང་ན་རང་གི་ལག་པ་གཉིས་ལ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་འབར་བ་གཉིས་བསམ་པར་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด