དཔལ་གཤིན་རྗེ་གཤེད་པོའི་རྩ་བའི་སྔགས་དོན་རྡོ་རྗེ་རབ་ཏུ་འབྱེད་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་ཡ་མཱནྟ་ཀ་བཛྲ་པྲ་བྷེ་ད་ནཱ་མ་མཱུ་ལ་མནྟྲཱརྠ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๔๘ · หน้า 1b
༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཡ་མཱནྟ་ཀ་བཛྲ་པྲ་བྷེ་ད་ནཱ་མ་མཱུ་ལ་མནྟྲཱརྠ། བོད་སྐད་དུ། དཔལ་གཤིན་རྗེ་གཤེད་པོའི་རྩ་བའི་སྔགས་དོན་རྡོ་རྗེ་རབ་ཏུ་འབྱེད་པ་ཞེས་བྱ་བ། དཔལ་
འཇམ་མགོན་ལ་ཕྱག་འཚལ་ལོ། །འཇམ་རྒྱལ་ཁྲོ་བོའི་གསང་སྔགས་གང་། །རྒྱུད་གཞན་ཀུན་དུ་སྦས་བྱས་ཤིང་། །མ་བྱུང་འབྱུང་བར་མི་འགྱུར་བ། །རྒྱ་མཚོ་རྒྱ་དང་རྡོ་རྗེ་ལྟར། །བརྟག་དང་འདའ་
དཀའ་མི་ཕྱེད་པ། །དེད་དཔོན་ཉི་མ་བཅུད་ལེན་བཞིན། །འདྲེན་སེལ་རྣམ་པར་སྦྱོང་བའོ། །དྲི་ཟའི་གྲོང་དང་སངས་རྒྱས་བཞིན། །སྒོ་དང་བྱིན་རླབས་མཐའ་ཡས་པ། །ཇི་ལྟར་ནམ་མཁའ་ལྡིང་གི་
རིགས། །གཅིག་ཀྱང་སྐྱེ་བའི་བྱེ་བྲག་གིས། །རིགས་ཀྱི་བྱེ་བྲག་རྣམ་པ་བཞི། །དེ་དག་ནང་གི་དབྱེ་བ་ཡིས། །སྟོང་ཕྲག་ཉི་ཤུ་གཅིག་ལ་སོགས། །མཐའ་ཡས་བཤད་པ་ཇི་ལྟ་བར། །རྩ་བའི་སྙིང་པོ་
ལ་སོགས་པའི། །གསང་སྔགས་གང་ཡིན་རིགས་གཅིག་ཀྱང་། །ཡི་གེ་བསྡུ་དང་གཏོར་བ་དང་། །དེ་བཞིན་རབ་ཏུ་གཏོར་བ་དང་། །ཡན་ལག་སོ་སོར་ཕྱེ་བ་ཡིས། །སྔགས་དོན་སྒོ་བཞིར་ཤེས་
เล่ม ๔๘ · หน้า 2a
པར་བྱ། །སྔགས་དོན་དེ་དག་རེ་རེ་ཡང་། །རྣམ་གྲངས་སྒོ་ཞེས་བྱ་བ་ཡིས། །སྒོ་མཐའ་ཡས་པར་གྱུར་པ་ནི། །ཡེ་ཤེས་ཆགས་པ་མི་མངའ་བའི། །འཇམ་པའི་དབྱངས་ཀྱིས་མཁྱེན་པ་ལས། །ཉན་
ཐོས་རྣམས་ཀྱིས་མི་ཤེས་ན། །འཇིག་རྟེན་པ་ཡིས་སྨོས་ཅི་དགོས། །འདི་ལྟར་སྔགས་དོན་མཐའ་ཡས་ཤིང་། །བྱིན་རླབས་བསམ་གྱིས་མི་ཁྱབ་ཀྱང་། །ཐུབ་པ་བདག་ཉིད་ཆེན་པོ་ཡིས། །གང་གི་དོན་དུ་གང་སྦྱར་
བའི། །གླེང་གཞིའི་དབང་དུ་མཛད་པ་བཞིན། །གང་གིས་དེ་ལྟར་སྦྱར་བྱས་པ། །དེ་ལ་དེ་ཡི་དངོས་གྲུབ་དག །ངོ་བོ་ཉིད་ཀྱིས་མྱུར་བར་གསུངས། །དེ་ཕྱིར་རྒྱལ་བའི་བསྟན་པ་ལ། །བདུད་རྣམས་འདུལ་བར་བྱེད་པ་ཡི། །
ཁྲོ་བོའི་མཆོག་ནི་གཤིན་རྗེ་གཤེད། །ལས་རྣམས་གྲུབ་པར་བྱེད་པ་ལ། །འཁོར་ལོ་སྦྱོར་བ་རྣམས་ཀྱི་མཆོག །སྔགས་ཀྱི་ནང་ན་རྩ་བ་སྟེ། །ཁྲོ་བོ་ཉིད་ཡིན་མཉེས་བྱེད་ཅིང་། །དེ་ཡི་བཀའ་བཞིན་གྲུབ་བྱེད་པའོ། །གསང་
སྔགས་ཡི་གེ་སུམ་ཅུ་གཉིས། །བཅུ་བདུན་ཡིན་ཏེ་ལྔར་ཡང་ཤེས། །འདི་དག་རབ་ཏུ་གཏོར་ཚུལ་བཤད། །ཡ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཐུགས། །ཡེ་ཤེས་རབ་ཏུ་མི་གཡོ་བ། །གཟུང་
เล่ม ๔๘ · หน้า 2b
འཛིན་རྣམ་ཤེས་དག་པའོ། །ཀྵེ། ཞིང་ཁམས་རྣམ་པར་དག་པ་ན། །ཚོགས་མཆོག་གཉིས་ལས་གྲུབ་པའི་སྐུ། །མཆོག་ཏུ་སྣང་བས་སྣང་མཛད་དེ། །ལུས་དང་གནས་གཟུགས་དག་པའོ། །མ། ས་ཆེན་གཏེར་གྱི་འབྱུང་ཁུངས་བཞིན། །ཡོན་ཏན་ཟད་མེད་གཏེར་གྱུར་པས། །རིན་ཆེན་
འབྱུང་གནས་ཞེས་བྱ་སྟེ། །ལོངས་སྤྱོད་ཚོར་བ་རྣམས་དག་པའོ། །མེ། ལྷུན་པོ་བཞིན་དུ་བསྟན་པ་ཡི། །ཆོས་མཆོག་མི་གཡོ་བརྙེས་པ་ཡང་། །ཆོས་འོད་དཔག་མེད་སྟོན་མཛད་དེ། །ཐ་སྙད་འདུ་ཤེས་དག་པའོ། །ད། སྦྱིན་དང་སྙན་སྨྲ་ལ་སོགས་པ། །འགྲོ་དོན་སྤྱོད་པའི་མཚན་ཉིད་ནི། །
བདེ་གཤེགས་མཛད་དོན་གྲུབ་པ་སྟེ། །འདུ་བྱེད་དག་པའི་བདག་ཉིད་དོ། །དུས་གསུམ་འབྱུང་བའི་རྒྱལ་བ་ཀུན། །ཐུགས་སོགས་ཆོས་ཀྱི་བདག་ཉིད་དེ། །དེ་ཕྱིར་མི་བསྐྱོད་རྡོ་རྗེ་སོགས། །རྒྱལ་བ་རྣམ་པ་ལྔར་འདོད་དོ། །ཡ། གཟུང་དང་འཛིན་པ་སྤོང་བྱེད་པའི། །ཡེ་ཤེས་ཟུང་མཐར་ཕྱིན་
པ་སྟེ། །ལྟ་དམན་སྤོང་བའི་དྲན་པ་ནི། །བདེ་གཤེགས་ཀུན་ཀྱང་འགུགས་པར་བྱེད། །ཙྪ། དཔྱོད་པ་རྣམ་པར་བྲལ་བ་ཡི། །ཡེ་ཤེས་ཤེས་རབ་མཐར་བྱེད་ཡིན། །ཡང་དག་སྤོང་བའི་བརྩོན་འགྲུས་ནི། །རྒྱལ་བའང་སེམས་ཅན་དོན་དུ་འཇུག །ནི། ངེས་ཚིག་བརྗོད་པ་མཐའ་ཡས་པ། །
བརྗོད་པ་བྲལ་བ་པད་མཐར་འབྱིན། །རྫུ་འཕྲུལ་ཏིང་འཛིན་མི་གཡོ་བ། །རྒྱལ་བའང་སེམས་ཅན་དོན་དུ་འཆིང་། །རཱ། རྡུལ་བྲལ་རྣམ་པར་མི་རྟོག་པའི། །ཡེ་ཤེས་བགེགས་མཐར་འབྱིན་པ་སྟེ། །དད་སོགས་དབང་དུ་གྱུར་པ་ནི། །རྒྱལ་བའང་སེམས་ཅན་དབང་དུ་བྱེད། །བྱང་ཆུབ་ཕྱོགས་
ཆོས་རང་བཞིན་ནི། །ཐར་པའི་གྲོང་ཁྱེར་སྒོ་ཡིན་ཏེ། །སྒྲིབ་པ་སྤོང་བའི་ཡེ་ཤེས་ནི། །ཁྲོ་བོ་སྒོ་སྐྱོང་ཞེས་བཤད་དོ། །ཛཱ། འགྲོ་འཛིན་ཤེས་བྱ་སྟོང་ཉིད་ས། །བྱམས་པ་ཆེན་པོའི་ངོ་བོ་ཉིད། །གཟིགས་པ་རྣམ་དག་སྤྱོད་ཡུལ་ཕྱིར། །སངས་རྒྱས་སྤྱན་ཞེས་བརྗོད་པ་ཡིན། །ས། སེམས་
ཅན་ཀུན་དུ་སྡུད་བྱེད་པ། །སྙིང་རྗེས་བརླན་པ་ཆུ་ཡི་ཁམས། །འགྲོ་བ་བདག་གིར་བྱེད་པ་ན། །རྒྱལ་བའི་ཡུམ་མཆོག་མཱ་མ་ཀཱི། །དོ། །ཉེས་པ་སེལ་བྱེད་ཤེས་རབ་མེ། །དགའ་བ་ཆེན་པོའི་བདག་ཉིད་དེ། །དྲི་མ་ཀུན་ནས་དག་པའི་ཕྱིར། །གོས་དཀར་མོ་ཞེས་འདོད་པ་ཡིན། །རུ། ཁྲོ་དང་
เล่ม ๔๘ · หน้า 3a
ཆགས་པ་གཉིས་མེད་པའི། །བཏང་སྙོམས་ཡེ་ཤེས་ཆགས་བྲལ་རླུང་། །འགྲོ་བ་གནས་ནས་འདོན་པའི་ཐབས། །སྒྲོལ་མ་ཞེས་སུ་རྣམ་པར་བཤད། །སྟོང་ཉིད་དང་ནི་སྙིང་རྗེ་དང་། །ཤེས་རབ་དང་ནི་ཐབས་རྣམས་ལས། །རྒྱལ་བ་འབྱུང་ཕྱིར་སྤྱོད་ཡུལ་ཕྱིར། །
འགྲོ་བ་སྐྱོབ་ཕྱིར་ཡུམ་དུ་འདོད། །ནཾ། སྣ་ཚོགས་རྣམ་པར་སྤྲས་པའི་གཟུགས། །ཕྱག་རྒྱའི་མཆོད་པ་བླ་མེད་པ། །བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །རྒྱལ་བ་མཉེས་བྱེད་དམ་པའོ། །ཡོ། །གང་ཞིག་རབ་ཏུ་གདངས་སྙན་གླུ། །སྒྲ་ཡི་མཆོད་པ་བླ་མེད་དེ། །བསྟན་པ་དམ་པའི་
དངོས་ཉིད་ཆོས། །མཆོད་པ་རྒྱལ་བ་མཉེས་པར་བྱེད། །ནི། དྲི་མེད་རྣམ་པར་དག་པའི་དྲི། །ཚུལ་ཁྲིམས་དག་པའི་བདག་ཉིད་དེ། །བླ་མེད་དྲི་ཡི་མཆོད་པ་འདིས། །སངས་རྒྱས་ཐམས་ཅད་དགྱེས་པར་བྱེད། །ར། ཁུ་བ་བཅུད་ལེན་རོ་ཡི་མཆོག །ཏིང་འཛིན་རབ་ཏུ་མི་གཡོ་བ། །
བདེ་གཤེགས་མཛད་པའི་བདག་ཉིད་དེ། །རྒྱལ་བ་མཉེས་བྱེད་དམ་པའོ། །གཟུགས་སོགས་འདོད་པའི་བདག་ཉིད་ནི། །བྱང་ཆུབ་སེམས་སོགས་འདོད་པའི་མཆོག །ལོངས་སྤྱོད་མཆོད་པའི་རང་བཞིན་འདི། །བུད་མེད་གཟུགས་སུ་རྣམ་པར་བརྟགས། །ལུས་དང་གནས་དང་ལོངས་
སྤྱོད་ལས། །སྒྲིབ་པ་ཀུན་དུ་འབྱུང་བས་ན། །འདི་དག་ཙམ་གྱིས་ཟག་བཅས་ཀྱི། །ཆོས་ཀུན་ཡོངས་སུ་བསྡུས་པར་འདོད། །དེ་དག་ཉིད་ལས་བཟློག་པའི་ཆོས། །འབྲས་བུ་དང་ནི་དོན་དམ་དང་། །ལམ་དང་བསྟན་པ་དམ་པ་ཡིས། །ཟག་པ་མེད་ཆོས་བསྡུས་པ་ཡིན། །གཙོ་བོ་ཡུམ་དང་
མཆོད་པ་དང་། །དེ་བཞིན་སྒོ་སྐྱོང་བཅས་པ་ཡི། །ཟག་བཅས་ཟག་མེད་དབྱེར་མེད་པའི། །རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་བསྡུས། །གང་ཞིག་ཡི་གེ་ཕྲེང་བའི་དོན། །རྡོ་རྗེའི་དཀྱིལ་འཁོར་བདག་ཉིད་དུ། །བསྒོམ་དང་བཟླས་ལ་བརྩོན་བྱེད་པ། །མྱུར་དུ་རྡོ་རྗེའི་དཀྱིལ་འཁོར་འགྱུར། །
དེ་ལ་འདི་ནི་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷའི་རྒྱུད་དེ། །ཡ་ནི་རྡོ་རྗེ་གཤིན་རྗེ་དགྲའོ། །ཀྵེ་ནི་རྡོ་རྗེ་ཞིང་ངོ་། །མ་ནི་རྡོ་རྗེ་སའོ། །མེ་ནི་རྡོ་རྗེ་ལྷུན་པོའོ། །ད་ནི་རྡོ་རྗེ་སྦྱིན་པའོ། །ཡ་ནི་རྡོ་རྗེ་ཟུང་ངོ་། །ཙྪ་ནི་རྡོ་རྗེ་དཔྱོད་པའོ། །ནི་ནི་རྡོ་རྗེ་ངེས་ཚིག་གོ། །རཱ་ནི་རྡོ་རྗེ་རྡུལ་བྲལ་ལོ། །ཛཱ་ནི་རྡོ་རྗེ་འགྲོ་འཛིན་ནོ། །ས་
เล่ม ๔๘ · หน้า 3b
ནི་རྡོ་རྗེ་ཀུན་སྡུད་དོ། །དོ་ནི་རྡོ་རྗེ་ཉེས་སེལ་ལོ། །རུ་ནི་རྡོ་རྗེ་གནས་མེད་དོ། །ན་ནི་རྡོ་རྗེ་སྣ་ཚོགས་གཟུགས་སོ། །ཡོ་ནི་རྡོ་རྗེ་གདངས་སོ། །ནི་ནི་རྡོ་རྗེ་དྲི་མེད་དོ། །ར་ནི་རྡོ་རྗེ་རོའོ། །དེ་ལ་འདི་ནི་རྡོ་རྗེ་དཀྱིལ་འཁོར་གྱི་འཁོར་ལོའི་རྒྱུད་དེ། །རྡོ་རྗེ་གཤིན་རྗེའི་སྒྲ་ནི་ཞིང་དག་པའི་རང་བཞིན་ནོ། །རྡོ་རྗེའི་
ཞིང་ནི་ཞིང་དག་པའི་གཟུགས་སོ། །རྡོ་རྗེ་ས་ནི་ཞིང་དག་པའི་ཡོན་ཏན་གྱི་བདག་ཉིད་དོ། །རྡོ་རྗེ་ལྷུན་པོ་ནི་ཞིང་དག་པའི་ཆོས་སོ། །རྡོ་རྗེ་སྦྱིན་པ་ནི་ཞིང་དག་པའི་དཔྱོད་པའོ། །རྡོ་རྗེ་ཟུང་ནི་སྒོ་དག་པའི་དང་པོ་སྟེ་འཇུག་པ་དང་འབྱུང་བའི་སྒོའོ། །རྡོ་རྗེ་དཔྱོད་པ་ནི་སྒོ་དག་པ་གཉིས་པ་སྟེ་བཏང་བ་དང་
ལེན་པའི་སྒོའོ། །རྡོ་རྗེ་ངེས་ཚིག་ནི་སྒོ་དག་པ་གསུམ་པ་སྟེ་དཔྱོད་པ་དང་བརྩོན་པའི་སྒོའོ། །རྡོ་རྗེ་རྡུལ་བྲལ་ནི་སྒོ་དག་པ་བཞི་པ་སྟེ་སྦྱོང་བ་དང་སྦྱོར་བའི་སྒོའོ། །རྡོ་རྗེ་འགྲོ་འཛིན་ནི་གནས་དག་པ་བཞིའོ། །རྡོ་རྗེ་ཀུན་སྡུད་ནི་གནས་དག་པའི་བླ་གབ་བོ། །རྡོ་རྗེ་ངེས་ཚིག་ནི་སྒོ་དག་པའི་གདན་
ནོ། །རྡོ་རྗེ་གནས་མེད་ནི་གནས་དག་པའི་སྣང་བའོ། །རྡོ་རྗེ་སྣ་ཚོགས་གཟུགས་ནི་ལོངས་སྤྱོད་དག་པ་དང་པོ་སྟེ། རབ་ཏུ་སྤྲོ་བའི་ཁ་དོག་དང་དབྱིབས་སོ། །རྡོ་རྗེ་གདངས་ནི་ལོངས་སྤྱོད་དག་པ་གཉིས་པ་སྟེ་རབ་ཏུ་སྤྲོ་བའི་དབྱངས་དང་ཚིག་དག་གོ། །རྡོ་རྗེ་དྲི་མེད་ནི་ལོངས་སྤྱོད་དག་པ་གསུམ་
པ་སྟེ་རབ་ཏུ་སྤྲོ་བའི་དྲི་སྣ་ཚོགས་སོ། །རྡོ་རྗེ་རོ་ནི་ལོངས་སྤྱོད་དག་པ་བཞི་པ་སྟེ། རབ་ཏུ་སྤྲོ་བའི་རོ་སྣ་ཚོགས་སོ། །དེ་ལ་འདི་ནི་རྡོ་རྗེའི་དཀྱིལ་འཁོར་གྱི་ཡན་ལག་གི་རྒྱུད་དེ། རྡོ་རྗེ་གཤིན་རྗེའི་དགྲ་ནི་ལུས་དང་སྙིང་གའི་གནས་བྱིན་གྱིས་རློབ་པ་སྟེ། ནག་པོ་དང་རྡོ་རྗེ་ནི་ཁ་དོག་དང་མཚན་
མའོ། །རྡོ་རྗེའི་ཞིང་ནི་མཚོག་མ་བྱིན་གྱིས་རློབ་པ་སྟེ། དཀར་པོ་དང་འཁོར་ལོ་ནི་ཁ་དོག་དང་མཚན་མའོ། །རྡོ་རྗེའི་ས་ནི་ལྟེ་བའི་གནས་བྱིན་གྱིས་རློབ་པ་སྟེ། སེར་པོ་དང་རིན་པོ་ཆེ་ནི་ཁ་དོག་དང་མཚན་མའོ། །རྡོ་རྗེ་ལྷུན་པོ་ནི་མགྲིན་པའི་གནས་བྱིན་གྱིས་རློབ་པ་སྟེ། དམར་པོ་དང་པདྨ་
ནི་ཁ་དོག་དང་མཚན་པའོ། །རྡོ་རྗེ་བྱིན་པ་ནི་རྐང་པའི་གནས་བྱིན་གྱིས་རློབ་པ་སྟེ། ལྗང་གུ་དང་རལ་གྲི་ནི་ཁ་དོག་དང་མཚན་མའོ། །རྡོ་རྗེ་ཟུང་ནི་ལག་པ་གཡས་བྱིན་གྱིས་རློབ་པ་སྟེ། དཀར་པོ་དང་ཐོ་བ་ནི་ཁ་དོག་དང་མཚན་མའོ། །རྡོ་རྗེ་དཔྱོད་པ་ནི་ལག་པ་གཡོན་བྱིན་གྱིས་རློབ་པ་
เล่ม ๔๘ · หน้า 4a
སྟེ། སྔོན་པོ་དང་དབྱུག་པ་ནི་ཁ་དོག་དང་མཚན་མའོ། །རྡོ་རྗེ་ངེས་ཚིག་ནི་ཁ་བྱིན་གྱིས་རློབ་པ་སྟེ་དམར་པོ་དང་པདྨ་ནི་ཁ་དོག་དང་མཚན་མའོ། །རྡོ་རྗེ་རྡུལ་ནི་གསལ་བའི་གནས་བྱིན་གྱིས་རློབ་པ་སྟེ། ལྗང་གུ་དང་རལ་གྲི་ནི་ཁ་དོག་དང་མཚན་མའོ། །རྡོ་རྗེ་འགྲོ་འཛིན་
ནི་མཚོག་མའི་གནས་སུ་གཡས་ཕྱོགས་བྱིན་གྱིས་རློབ་པ་སྟེ། དཀར་མོ་དང་འཁོར་ལོ་ནི་ཁ་དོག་དང་མཚན་མའོ། །རྡོ་རྗེ་ཀུན་སྡུད་ནི་ལྟེ་བའི་གནས་སུ་གཡོན་ཕྱོགས་བྱིན་གྱིས་རློབ་པ་སྟེ། མཐིང་ག་དང་རྡོ་རྗེ་ནི་ཁ་དོག་དང་མཚན་མའོ། །རྡོ་རྗེ་ཉེས་སེལ་ནི་མགྲིན་པའི་གནས་སུ་གཡོན་
ཕྱོགས་བྱིན་གྱིས་རློབ་པ་སྟེ། དམར་མོ་དང་པདྨ་ནི་ཁ་དོག་དང་མཚན་མའོ། །རྡོ་རྗེ་གནས་མེད་ནི་རྐང་པའི་གནས་སུ་གཡོན་ཕྱོགས་བྱིན་གྱིས་རློབ་པ་སྟེ། ལྗང་གུ་དང་ཨུཏྤལ་ནི་ཁ་དོག་དང་མཚན་མའོ། །རྡོ་རྗེ་སྣ་ཚོགས་གཟུགས་ནི་མིག་བྱིན་གྱིས་རློབ་པ་སྟེ། དཀར་མོ་དང་མེ་ལོང་
ནི་ཁ་དོག་དང་མཚན་མའོ། །རྡོ་རྗེ་གདངས་ནི་རྣ་བ་བྱིན་གྱིས་རློབ་པ་སྟེ། དམར་མོ་དང་གླིང་བུ་ནི་ཁ་དོག་དང་མཚན་མའོ། །རྡོ་རྗེ་དྲི་མེད་ནི་སྣ་བྱིན་གྱིས་རློབ་པ་སྟེ། མཐིང་ག་དང་སྤོས་ཕོར་ནི་ཁ་དོག་དང་མཚན་མའོ། །རྡོ་རྗེ་རོ་ནི་ལྕེ་བྱིན་གྱིས་རློབ་པ་སྟེ། ལྗང་གུ་དང་རོ་སྣོད་ནི་ཁ་དོག་དང་
མཚན་མའོ། །དེ་ལ་འདི་ནི་རྡོ་རྗེ་དཀྱིལ་འཁོར་གྱི་གསང་སྔགས་ཀྱི་རྒྱུད་དེ། ཡ་རྡོ་རྗེ་གཤིན་རྗེ་དགྲའི་ས་བོན་ནོ། །ཨོཾ་བཛྲ་ཡ་མཱ་རི་རྡོ་རྗེ་གཤིན་རྗེ་དགྲའི་གསང་སྔགས་སོ། །ཀྵེ་རྡོ་རྗེ་ཞིང་གི་ས་བོན་ནོ། །ཨོཾ་བཛྲ་ཀྵེ་ཏྲ་རྡོ་རྗེ་ཞིང་གི་གསང་སྔགས་སོ། །མ་རྡོ་རྗེ་སའི་ས་བོན་ནོ། །ཨོཾ་བཛྲ་
མ་ཧཱིནྡྲི། རྡོ་རྗེ་སའི་གསང་སྔགས་སོ། །མེ་རྡོ་རྗེ་ལྷུན་པོའི་ས་བོན་ནོ། །ཨོཾ་བཛྲ་མེ་རུ་རྡོ་རྗེ་ལྷུན་པོའི་གསང་སྔགས་སོ། །དཱ་རྡོ་རྗེ་སྦྱིན་པའི་ས་བོན་ནོ། །ཨོཾ་བཛྲ་དཱ་ན་རྡོ་རྗེ་སྦྱིན་པའི་གསང་སྔགས་སོ། །ཡ་རྡོ་རྗེ་ཟུང་གི་ས་བོན་ནོ། །ཨོཾ་བཛྲ་ཡ་མ་རྡོ་རྗེ་ཟུང་གི་གསང་སྔགས་སོ། །ཙྪ་རྡོ་རྗེ་
དཔྱོད་པའི་ས་བོན་ནོ། །ཨོཾ་བཛྲ་ཙརྩ་ན་རྡོ་རྗེ་དཔྱོད་པའི་གསང་སྔགས་སོ། །ནི་རྡོ་རྗེ་ངེས་ཚིག་གི་ས་བོན་ནོ། །ཨོཾ་བཛྲ་མེ་རུཀྟི་རྡོ་རྗེ་ངེས་ཚིག་གི་གསང་སྔགས་སོ། །རཱ་རྡོ་རྗེ་རྡུལ་བྲལ་གྱི་ས་བོན་ནོ། །ཨོཾ་བཛྲ་རཱ་ཛ་རྡོ་རྗེ་རྡུལ་བྲལ་གྱི་གསང་སྔགས་སོ། །ཛ་རྡོ་རྗེ་འགྲོ་འཛིན་གྱི་ས་བོན་
เล่ม ๔๘ · หน้า 4b
ནོ། །ཨོཾ་བཛྲ་ཛ་གྷཾ་དྷ་ར་རྡོ་རྗེ་འགྲོ་འཛིན་གྱི་གསང་སྔགས་སོ། །ས་རྡོ་རྗེ་ཀུན་སྡུད་ཀྱི་ས་བོན་ནོ། །ཨོཾ་བཛྲ་སཾ་ཧ་ར་ནི། རྡོ་རྗེ་ཀུན་སྡུད་ཀྱི་གསང་སྔགས་སོ། །དོ་རྡོ་རྗེ་ཉེས་སེལ་གྱི་ས་བོན་ནོ། །ཨོཾ་བཛྲ་དོ་ར་ཧི་ད་རྡོ་རྗེ་ཉེས་སེལ་གྱི་གསང་སྔགས་སོ། །རུ་རྡོ་རྗེ་གནས་མེད་ཀྱི་ས་བོན་ནོ། །
ཨོཾ་བཛྲ་རུ་ནི་ལ་རྡོ་རྗེ་གནས་མེད་ཀྱི་གསང་སྔགས་སོ། །ཎ་རྡོ་རྗེ་སྣ་ཚོགས་གཟུགས་ཀྱི་ས་བོན་ནོ། །ཨོཾ་བཛྲ་ཎ་ན་རཱུ་པ། རྡོ་རྗེ་སྣ་ཚོགས་གཟུགས་ཀྱི་གསང་སྔགས་སོ། །ཡོ་རྡོ་རྗེ་གདངས་ཀྱི་ས་བོན་ནོ། །ཨོཾ་བཛྲ་ཡོ་ཡ་གེ་ཡཾ་རྡོ་རྗེ་གདངས་ཀྱི་གསང་སྔགས་སོ། །ནི་རྡོ་རྗེ་དྲི་མེད་ཀྱི་ས་བོན་ནོ། །
ཨོཾ་བཛྲ་ནིར་མ་ལ་རྡོ་རྗེ་དྲི་མེད་ཀྱི་གསང་སྔགས་སོ། །ར་རྡོ་རྗེ་རོའི་ས་བོན་ནོ། །ཨོཾ་བཛྲ་རཱ་ས་རྡོ་རྗེ་རོའི་གསང་སྔགས་སོ། །གསང་སྔགས་ཀྱི་ཡི་གེ་ཚིག་འདི་དག་ལ་བརྟེན་ནས། རྡོ་རྗེ་དཀྱིལ་འཁོར་གྱི་འཁོར་ལོ་དང་། རྡོ་རྗེའི་དཀྱིལ་འཁོར་གྱི་ཡན་ལག་རྣམས་ལེགས་པར་བྱིན་གྱིས་རློབ་
པར་འགྱུར་རོ། །དེ་ནི་ཡི་གེ་རབ་གཏོར་བ། །མདོར་བསྡུས་ནས་ནི་བཤད་པ་ཡིན། །དེ་ནས་ཡི་གེ་གཏོར་བ་ཡི། །སྦྱོར་བ་ཚུལ་བཞིན་བཤད་པར་བྱ། །གསང་སྔགས་ཡི་གེ་སུམ་ཅུ་གཉིས། །བསྡུ་བ་བཅུ་བདུན་དག་ཏུ་ཤེས། །གདུག་པ་འདུལ་བའི་ལས་རྣམས་ལ། །གཏོར་བ་
འདི་ནི་བཤད་པར་བྱ། །དང་པོར་ཡ་ཞེས་གང་གསུངས་པ། །གདུག་པ་ཐམས་ཅད་འཇིགས་པར་བྱེད། །ཀྵེ་ཞེས་བྱ་བས་དགྲ་རྣམས་ཀུན། །ཟད་པར་བྱེད་པར་གདོན་མི་ཟ། །མ་ཞེས་བྱ་བས་དེ་བཞིན་དུ། །དེ་དག་མྱུར་དུ་གསོད་པར་བྱེད། །མེ་ཞེས་བྱ་བའི་ངོ་བོ་ཡིས། །ཀུན་
ནས་གནོན་པར་བྱེད་པར་བཤད། །ད་ཞེས་བྱ་བ་འཇོམས་པ་སྟེ། །ལུས་དང་ཡན་ལག་མ་རུང་བྱེད། །དེ་ནས་ཕྱི་རོལ་བཤད་བྱ་སྟེ། །ཡ་ཞེས་བྱ་བས་དེ་བཞིན་དུ། །འཇིག་ཅིང་རྣམ་པར་གཡེང་བར་བྱེད། །ཙྪ་ཞེས་བྱ་བས་པགས་པ་ནས། །སྙིང་གི་མཐར་ཡང་ཟ་བར་བྱེད། །
ནི་ཞེས་བྱ་བས་ལྷག་མ་ནས། །ཅུང་ཟད་ལུས་པར་མི་བྱེད་དོ། །རཱ་ཞེས་བྱ་བས་གཟུགས་རྣམས་ཀུན། །རྡུལ་བཞིན་དུ་ནི་བསྙིལ་བར་བྱེད། །ཛཱ་ཞེས་བྱ་བས་དབང་པོ་རྣམས། །རྨུགས་པར་བྱེད་པར་གདོན་མི་ཟ། །ས་ཞེས་བྱ་བས་ཡི་དགས་བཞིན། །འཁོར་ནས་འཁྱམས་
เล่ม ๔๘ · หน้า 5a
པར་བྱེད་པ་ཡིན། །དོ་ཞེས་བྱ་བས་བཟང་པོ་ཡང་། །དམན་པ་དག་ཏུ་བྱེད་པར་འགྱུར། །རུ་ཞེས་བྱ་བས་ཁྲག་རྣམས་ཀུན། །སྦུ་གུའི་གནས་ནས་རྨོངས་པར་འགྱུར། །ན་ཞེས་བྱ་བས་ཐམས་ཅད་དུ། །རྣམས་པར་འདྲེན་པར་བྱེད་པར་བཤད། །ཡོ་
ཞེས་བྱ་བས་ལས་དག་ལ། །ཀུན་ནས་སྦྱོར་བར་བྱེད་པའོ། །ནི་ཞེས་བྱ་བས་དེ་བཞིན་དུ། །དབང་པོ་ཉམས་པར་བྱེད་པ་སྟེ། །ར་ཞེས་བྱ་བ་དྲན་པའི་གནས། །བྲལ་བར་བྱེད་པར་བཤད་པའོ། །སྒྲུབ་པར་བྱེད་པས་ཚུལ་བཞིན་དུ། །རྡོ་རྗེ་དཀྱིལ་འཁོར་མཆོག་བསྒོམས་ཏེ། །
གསང་སྔགས་ཡི་གེ་བཅུ་བདུན་འདི། །ཚུལ་བཞིན་སྦྱོར་བ་གང་ཤེས་པ། །དེ་ནི་རིང་པོ་མི་ཐོགས་པར། །གདུག་པ་འདུལ་བ་གདོན་མི་ཟ། །གཞན་ཡང་གསང་སྔགས་ཡི་གེ་ནི། །དཔག་བསམ་ཤིང་དང་ནོར་བུ་བཞིན། །དགོས་པ་ཐམས་ཅད་སྒྲུབ་བྱེད་དེ། །སྒྲ་དང་ཡིད་ལ་
བྱེད་པ་ཡིས། །རྗེས་སུ་མཐུན་པར་འགྲོ་བ་ཡིན། །ཡ་ཞེས་བྱ་བས་འགུགས་པ་དང་། །བསྐྲད་དང་དབྱེ་བ་སོགས་ཀྱང་བྱེད། །ཀྵེ་ཞེས་བྱ་བས་བསྲུང་བ་དང་། །གཏོང་དང་འཁྲུག་པའི་ལས་ཀྱང་བྱེད། །མ་ཞེས་བྱ་བས་རྨོངས་པ་དང་། །བསྐྱེད་དང་ཤེས་པའི་ལས་ཀྱང་བྱེད། །མེ་ཞེས་
བྱ་བས་བདག་ཉིད་ལ། །གང་དག་དགོས་པ་དེ་སྦྱོར་བྱེད། །ད་ཞེས་བྱ་བས་འཛིན་པ་དང་། །སྦྱིན་དང་འདུལ་བའི་ལས་ཀྱང་བྱེད། །ཡ་ཞེས་བྱ་བས་དེ་བཞིན་དུ། །གང་དག་བསྟན་པ་དེ་སྦྱོར་བྱེད། །ཙྪ་ཞེས་བྱ་བས་གཡོ་བ་དང་། །འགྲོ་འོང་སྤྱོད་པའི་ལས་ཀྱང་བྱེད། །ནི་ཞེས་བྱ་བས་
འགོག་པ་དང་། །མ་ལུས་གདོན་མི་ཟ་བར་བྱེད། །རཱ་ཞེས་བྱ་བས་དགའ་བ་དང་། །ཆགས་དང་གྲགས་ལ་སོགས་པའང་བྱེད། །ཛཱ་ཞེས་བྱ་བས་མིག་འཕྲུལ་དང་། །བསྐྱེད་དང་བསྒྱུར་བ་ལ་སོགས་བྱེད། །ས་ཞེས་བྱ་བས་བདེ་བ་དང་། །རྫོགས་དང་སྡུད་པའི་ལས་ཀྱང་བྱེད། །དོ་
ཞེས་བྱ་བས་རིང་འགྲོ་ཞིང་། །སྨན་ལ་སྦྱོར་དང་སེལ་བར་བྱེད། །རུ་ཞེས་བྱ་བ་ཁྲོ་བ་དང་། །ཆགས་དང་ཀུན་ནས་སྒྲ་སྒྲོགས་བྱེད། །ན་ཞེས་བྱ་བ་ཐོབ་བྱེད་ཅིང་། །མཐོང་དང་འདོད་པ་འདྲེན་པར་བྱེད། །ཡོ་ཞེས་བྱ་བ་གང་དང་གང་། །རིགས་པ་ཀུན་ལ་སྦྱོར་བར་བྱེད། །ནི་ཞེས་བྱ་བ་
เล่ม ๔๘ · หน้า 5b
སྔ་མ་བཞིན། །འགོག་པ་ལ་སོགས་སྦྱོར་བར་བྱེད། །ར་ཞེས་བྱ་བ་དེ་བཞིན་དུ། །དགའ་དང་ཆགས་ལ་སོགས་པ་བྱེད། །སྒྲ་ཡི་རྗེས་སུ་ཞུགས་པ་ཡིས། །ལས་རྣམས་གང་དང་གང་བྱེད་པ། །ཡི་གེ་གཏོར་བའི་ཚུལ་གྱིས་ནི། །དེ་དག་མདོར་བསྡུས་བཤད་པ་ཡིན། །དེ་ནས་བཤད་
པར་བྱ་བ་ནི། །ཀུན་ནས་བསྡུ་བ་ཞེས་བྱ་བའི། །གསང་སྔགས་སྦྱོར་བའི་ཚུལ་གང་ཡིན། །མདོར་བསྡུས་འདིར་ནི་བཤད་པར་བྱ། །ཐོག་མར་བརྗོད་པའི་ཡི་གེ་ནི། །ཡ་མ་རཱ་ཞེས་གང་གསུངས་པ། །ཡི་དགས་བདག་པོ་བོད་པ་སྟེ། །ལས་ལ་སྐུལ་བར་བྱེད་པའོ། །ཛཱ་ས་
ཞེས་བྱ་བའི་ཡི་གེ་གཉིས། །རྨུགས་ཤིང་འཁྲུལ་དང་འཁོར་བ་སྟེ། །རྒྱས་བཏབ་ནས་ནི་རྨོངས་འགྱུར་བའོ། །དེ་ཉིད་མྱུར་དུ་བསྐུལ་བ་ནི། །དོ་མེ་ཡ་ཞེས་བརྗོད་པ་སྟེ། །གཤིན་རྗེ་དགྲ་ཡི་གསང་སྔགས་འདིས། །འབད་ནས་བསྐུལ་བ་བྱས་པ་སྟེ། །རྒྱས་འདེབས་རྣམས་
ཀྱིས་རྒྱས་བཏབ་ན། །ཡི་དགས་བཞིན་དུ་འཁྱམས་པར་འགྱུར། །གསང་སྔགས་ཚིག་རྐང་དང་པོ་འདི། །འགྲོ་བ་རྒྱས་འདེབས་དམ་པའོ། །གཉིས་པ་དག་ཏུ་བརྗོད་པའི་སྔགས། །ཡ་མེ་དོ་ཞེས་གང་གསུངས་པ། །མ་གདོན་བདག་པོ་བོད་པ་སྟེ། །ལས་ལ་སྐུལ་བར་
བྱེད་པར་བཤད། །རུ་ཎ་ཞེས་བྱ་བའི་ཡི་གེ་གཉིས། །ལུས་ཀྱི་གནས་རྣམས་ཐམས་ཅད་ཀྱི། །སྦུ་གུའི་གནས་རྣམས་ཐམས་ཅད་ནས། །ཁྲག་ཀུན་ཡོངས་སུ་འདྲེན་པར་བཤད། །དེ་ཉིད་མྱུར་དུ་སྐུལ་བྱེད་པ། །ཡོ་ད་ཡ་ཞེས་བརྗོད་པ་སྟེ། །གང་ཞིག་གཤིན་རྗེ་གཤེད་ཀྱི་
སྔགས། །འབད་ནས་ཟློས་པར་བྱེད་པ་དེས། །མ་གདོན་བཞིན་དུ་འགྲོ་ཀུན་གྱི། །ཁྲག་རྣམས་འདྲེན་པར་གདོན་མི་ཟ། །གསང་སྔགས་ཚིག་རྐང་གཉིས་པ་འདིས། །ཁྲག་འདྲེན་རྣམས་ཀྱིས་ཁྲག་དྲངས་ནས། །རྨོངས་པར་བྱ་བ་ལ་སྦྱོར་བ། །གཤིན་རྗེ་གཤེད་ཀྱི་བཀའ་
ཡིས་སོ། །གསུམ་པ་དག་དུ་གསུངས་པ་ཡི། །ཡ་ད་ཡོ་ཞེས་གང་བརྗོད་པ། །འཇོམས་བྱེད་བདག་པོ་བོད་པ་སྟེ། །ལས་ལ་སྐུལ་བར་བྱེད་པའོ། །ནི་ར་ཞེས་བྱའི་ཡི་གེ་གཉིས། །དབང་པོ་གནས་རྣམས་ཐམས་ཅད་དུ། །ནུས་པ་ཉམས་ཤིང་འགོག་པ་ཡིས། །དྲན་པ་
เล่ม ๔๘ · หน้า 6a
བྲལ་བར་བྱེད་པ་སྟེ། །དེ་ཉིད་མྱུར་དུ་བསྐུལ་བ་ནི། །ཡ་ཀྵེ་ཡ་ཞེས་བརྗོད་པ་སྟེ། །གང་ཞིག་གཤིན་རྗེ་གཤེད་པོའི་སྔགས། །འབད་ནས་ཟློས་པར་བྱེད་པ་དེས། །འཇོམས་བྱེད་རྣམས་ཀྱིས་བཅོམ་ནས་ནི། །བརྒྱལ་བར་འགྱུར་བར་གདོན་མི་ཟ། །གསང་
སྔགས་ཚིག་རྐང་གསུམ་པ་འདིས། །ཤིན་ཏུ་རྨོངས་པར་བྱས་པར་འགྱུར། །བཞི་པ་དག་ཏུ་གསུངས་པའི་སྔགས། །ཡ་ཀྵེ་ཡ་ཞེས་གང་གསུངས་པ། །ཟ་བྱེད་བདག་པོ་བོད་པ་སྟེ། །ལས་ལ་སྐུལ་བར་བྱེད་པར་བཤད། །ཙྪ་ནི་ཞེས་བྱའི་ཡི་གེ་གཉིས། །པགས་པ་མིག་དང་
སྙིང་གི་མཐར། །གཞིབ་དང་མྱང་དང་བཟའ་བ་ཡིས། །ལྷག་མ་ཅུང་ཟད་མ་ལུས་བྱེད། །དེ་ཉིད་མྱུར་དུ་བསྐུལ་བ་ནི། །རཱ་མ་ཡ་ཞེས་བརྗོད་པ་སྟེ། །གང་ཞིག་གཤིན་རྗེ་གཤེད་པོའི་སྔགས། །འབད་ནས་ཟློས་པར་བྱེད་པ་དེས། །གདུག་པ་ཟ་བར་བྱ་བ་ལ། །ཟ་བྱེད་རྣམས་
ཀྱིས་ཟ་བར་འགྱུར། །གསང་སྔགས་ཚིག་རྐང་བཞི་པ་འདིས། །གདུག་པ་ཟ་བའི་མཆོག་ཏུ་བཤད། །བསྟན་པ་དག་ལ་གནོད་བྱེད་པའི། །གདུག་པ་ཚར་གཅོད་བྱ་བའི་ཕྱིར། །རྡོ་རྗེའི་དཀྱིལ་འཁོར་བསྒོམས་ནས་ནི། །གསང་སྔགས་ཚུལ་བཞིན་གང་ཟློས་པ། །དེ་ཡིས་
གདུག་པ་འཇིག་པ་ལ། །གསང་སྔགས་བསྡུ་བ་བཤད་པའོ། །གཞན་ཡང་རྒྱལ་བའི་བསྟན་པ་ལ། །ཀུན་ནས་དང་བའི་འགྲོ་བ་རྣམས། །དེ་ལ་ཕན་གདགས་བསྐྱབ་པའི་ཕྱིར། །ཡི་གེ་བསྡུ་བ་ཚུལ་བཞིན་བཤད། །གསང་སྔགས་ཡི་གེ་སུམ་ཅུ་གཉིས། །ཚུལ་བཞིན་
ཕྲེང་བ་བཀོད་པ་ལ། །གང་དང་གང་དུ་ཡ་དང་ནི། །ནི་ཞེས་བྱ་བའི་ཡི་གེ་དག །བསལ་ནས་ལྷག་མ་བརྗོད་བྱས་ནས། །འགྲོ་ལ་ཕན་འདོགས་བྱེད་པར་བཤད། །མ་རཱ་ཛཱ་ཞེས་གང་སྨོས་པ། །འཆི་བདག་ལས་ལ་གསོ་བར་བཤད། །ས་དོ་མེ་ཞེས་སྨོས་པ་ནི། །དེ་ལ་དེ་
ཉིད་སྦྱིན་བྱེད་པའོ། །དང་པོར་བརྗོད་པའི་གསང་སྔགས་འདིས། །འགྲོ་ལ་སྲོག་སྦྱིན་བྱེད་པའོ། །གཉིས་པར་བརྗོད་པའི་གསང་སྔགས་གང་། །མེ་དོ་རུ་ཞེས་སྨོས་པ་དག །བདག་ལ་ཉེས་པར་བརྗོད་པ་ལས། །གང་དང་གང་ནི་མེད་བྱེད་པ། །ན་ཡོ་ད་ཞེས་བརྗོད་པ་སྟེ། །
เล่ม ๔๘ · หน้า 6b
གསང་སྔགས་གཉིས་པ་འདི་ཡིས་ནི། །གྲགས་པ་ཉམས་པ་གསོ་བར་བྱེད། །གསུམ་པ་དག་ཏུ་གསུངས་པའི་སྔགས། །ད་ཡོ་ར་ཀྵེ་ཞེས་བརྗོད་པས། །གང་དག་ཇི་སྙེད་ཡོད་པ་ཡི། །ནོར་རྣམས་ཀུན་དུ་སྲུང་བྱེད་པའོ། །གསུམ་པར་གྱུར་པའི་གསང་སྔགས་འདིས། །
ལོངས་སྤྱོད་ཉམས་པ་གསོ་བར་བྱེད། །བཞི་པར་གྱུར་པའི་གསང་སྔགས་གང་། །ཀྵེ་ཙྪ་ར་མ་ཞེས་བརྗོད་པ། །དགའ་བའི་སྤྱོད་ཡུལ་ཕུན་སུམ་ཚོགས། །ཡོངས་སུ་སྲུང་བར་བྱེད་པ་སྟེ། །གསང་སྔགས་བཞི་པར་གྱུར་པ་འདིས། །དགའ་བའི་སྤྱོད་ཡུལ་ཐམས་ཅད་ལ། །
སྤྱོད་པར་རང་དབང་ཐོབ་པ་སྟེ། །རྒྱལ་པོ་ཆོམ་རྐུན་མེ་ལ་སོགས། །འཇིགས་པ་དག་ལས་ཐར་བར་འགྱུར། །དད་ལྡན་སེམས་ཅན་བསྲུང་བའི་ཕྱིར། །གསང་སྔགས་བསྡུ་བ་བཤད་པའོ། །དེ་དག་ཙམ་གྱིས་རྩ་བ་ཡི། །སྔགས་དོན་ཀུན་ནས་བསྡུ་བ་བཤད། །དེ་ནས་གཞན་
ཡང་བཤད་བྱ་བ། །ཡན་ལག་སོ་སོར་ཕྱེ་བ་ཡི། །སྔགས་དོན་ཅུང་ཟད་བཤད་པར་བྱ། །གསང་སྔགས་ཀུན་གྱི་ཐོག་མ་རུ། །ཕྱག་འཚལ་ཡི་གེ་གང་བཞག་པ། །ཨ་ནི་གདོད་ནས་སྐྱེ་བ་མེད། །ཨུ་ནི་བྱང་ཆུབ་སེམས་བསྐྱེད་པ། །དེ་དག་ཟུང་དུ་འབྱོར་པ་ཡི། །ཨོ་ནི་ཆོ་
འཕྲུལ་འབྱུང་བའི་སྒོ། །ཨྃ་ནི་མངོན་པར་རྫོགས་བྱང་ཆུབ། །དེ་བས་ཡི་གེ་ཨྃ་ཞེས་བྱ། །བཀྲ་ཤིས་ཕུན་སུམ་ཚོགས་པའི་ཕྱིར། །ཕྱག་འཚལ་ཡི་གེ་ཞེས་བྱ་སྟེ། །གསང་སྔགས་གང་དག་བརྗོད་པ་ཡི། །ཐོག་མར་ཡི་གེ་འདི་བཞག་ན། །རབ་ཏུ་བསྔགས་ཞེས་བཤད་
པ་ཡིན། །ཐ་མར་ཕྱག་འཚལ་བརྗོད་པ་ལས། །ཧ་ནི་མི་ཕྱེད་རྡོ་རྗེ་སྟེ། །ཨུ་ནི་བྱང་ཆུབ་སེམས་བསྐྱེད་པ། །ཨཾ་ནི་མངོན་པར་རྫོགས་བྱང་ཆུབ། །དེ་ཕྱིར་ཡི་གེ་ཧཱུཾ་ཞེས་པ། །ཐུགས་ཀྱི་རྡོ་རྗེ་རྟེན་བྱེད་པའོ། །གཞན་ཡང་བཀྲ་ཤིས་ཡི་གེ་ནི། །ས་ནི་ཡང་དག་མཉམ་པ་
ཉིད། །བ་ནི་སྒྲ་སྙན་ཡིད་འོང་བ། །ཨ་ནི་སྐྱེ་བ་མེད་པའོ། །ཧ་ནི་སྡིག་པ་སེལ་བ་ལ། །ཨ་ནི་དེ་བཞིན་སྐྱེ་བ་མེད། །དེ་ཕྱིར་སྭཱ་ཧཱ་ཞེས་བྱ་བ། །བཀྲ་ཤིས་ཕུན་སུམ་ཚོགས་པ་སྟེ། །སྭཱ་ཞེས་བྱ་བ་སྭསྟི་ཀ །ཧཱ་ཞེས་བྱ་བ་རོ་རུ་ཧ། །བཀྲ་ཤིས་གཞི་ཚུགས་ཞེས་བརྗོད་པའོ། །
เล่ม ๔๘ · หน้า 7a
དེ་ཕྱིར་སྔགས་རྣམས་ཐམས་ཅད་ཀྱི། །མཇུག་ཏུ་ཚིག་འདི་བསྔགས་པ་ཡིན། །དེ་ལ་སོགས་པའི་སྔགས་ཚིག་ལ། །ཡི་གེ་ཡན་ལག་གང་ལྡན་པ། །དེ་དག་བྱེ་བྲག་རྣམ་ཕྱེ་སྟེ། །ཆོས་དོན་ལྷ་དང་ལས་རྣམས་དག །བྱེ་བྲག་སོ་སོར་སྦྱར་བྱས་པ། །
ཡན་ལག་སོ་སོར་ཕྱེ་བ་ཡི། །སྔགས་དོན་བཤད་པ་ཞེས་བྱའོ། །དེ་ལ་འདི་ནི་རྡོ་རྗེ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་ཆོ་གའི་རྒྱུད་དེ། ཐོག་མ་ཉིད་དུ་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་འབྱུང་བ་ཆེན་པོ་བཞིའི་ས་བོན་དུ་གྱུར་པ། ཡཾ་མཾ་རཾ་ཛཾ་ཞེས་བྱ་བའི་ཡི་
གེ་བཞི། བྱང་དང་ཤར་དང་ལྷོ་དང་ནུབ་རྣམས་སུ་རིམ་པ་བཞིན་དུ་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོའི་ཁ་དོག་དང་ལྡན་པ། འོད་དང་ལྡན་པ་བསམ་པར་བྱའོ། །དེ་ནས་ཡི་གེ་མཾ་དེ་ལས་ཨོཾ་བཛྲ་མཾ་སྥ་ར་ཎ་ཞེས་བྱ་བས་བསྐུལ་བས། ཡི་གེ་མཾ་དེ་ལས་ཡེ་ཤེས་ཀྱི་རྡོ་རྗེ་
བྱུང་ནས་འཇིགས་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འགྲོ་བ་ཐམས་ཅད་ཀྱི་མ་རིག་པ་དང་མཚུངས་པར་ལྡན་པའི་ང་རྒྱལ་དང་བཅས་པའི་རྣམ་པར་རྟོག་པ་དང་། ཕྱི་རོལ་དང་། ནང་གིས་ཐམས་ཅད་ལ་ཕོག་པས། དེ་དག་གི་དྲི་མ་ཐམས་ཅད་ཡོངས་སུ་དག་པར་བྱས་
ཏེ་དབྱེར་མེད་པར་གྱུར་ནས། ཡེ་ཤེས་ཀྱིས་རྡོ་རྗེ་དེ་ཉིད་དང་དབྱེར་མེད་པར་གྱུར་ཏེ་རྡོ་རྗེ་དེ་ཉིད་ཀྱང་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཡི་གེ་ཛཾ་དེ་ལས་ཨོཾ་བཛྲ་ཛཾ་སྥ་ར་ཎ་ཞེས་བསྐུལ་བས། ཡི་གེ་ཛཾ་དེ་ལས་ཡེ་ཤེས་ཀྱི་ཆུ་བྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འགྲོ་
བ་ཐམས་ཅད་ཀྱི་མ་རིག་པ་དང་མཚུངས་པར་ལྡན་པའི་འདོད་ཆགས་དང་བཅས་པའི་རྣམ་པར་རྟོག་པ་དང་། ཕྱི་རོལ་དང་ནང་གི་ཆུ་ཐམས་ཅད་ལ་ཕོག་པས་དྲི་མ་ཐམས་ཅད་དག་པར་བྱས་ཏེ། ཡེ་ཤེས་ཀྱི་ཆུ་དང་དབྱེར་མེད་པར་གྱུར་ཏེ། ཡེ་ཤེས་ཀྱི་ཆུ་དེ་ཡང་དེ་ཉིད་དུ་མི་སྣང་
བར་གྱུར་ཏོ། །དེ་ནས་ཡི་གེ་རཾ་དེ་ལས་ཨོཾ་བཛྲ་རཾ་སྥ་ར་ཎ་ཞེས་བྱ་བས་བསྐུལ་བས། རཾ་དེ་ལས་ཡེ་ཤེས་ཀྱི་མེ་བྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འགྲོ་བ་ཐམས་ཅད་ཀྱི་མ་རིག་པ་དང་མཚུངས་པར་ལྡན་པའི་ཞེ་སྡང་དང་བཅས་པའི་རྣམ་པར་རྟོག་པ་དང་ཕྱི་
เล่ม ๔๘ · หน้า 7b
རོལ་དང་ནང་གི་མེ་ཐམས་ཅད་ལ་ཕོག་པས་དྲི་མ་ཐམས་ཅད་དག་པར་བྱས་ཏེ། ཡེ་ཤེས་ཀྱི་མེ་དང་དབྱེར་མེད་པར་གྱུར་ནས། ཡེ་ཤེས་ཀྱི་མེ་དེ་ཡང་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཡི་གེ་ཡཾ་དེ་ལས་ཨོཾ་བཛྲ་ཡཾ་སྥ་ར་ཎ་ཞེས་བསྐུལ་བས། དེ་ལས་ཡེ་ཤེས་ཀྱི་རླུང་བྱུང་ནས།
འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འགྲོ་བ་ཐམས་ཅད་ཀྱི་མ་རིག་པ་དང་མཚུངས་པར་ལྡན་པའི་ཕྲག་དོག་དང་བཅས་པའི་རྣམ་པར་རྟོག་པ་དང་ཕྱི་རོལ་དང་ནང་གི་རླུང་ཐམས་ཅད་ལ་ཕོག་པས་དྲི་མ་ཐམས་ཅད་དག་པར་བྱས་ཏེ། ཡེ་ཤེས་ཀྱི་རླུང་དང་དབྱེར་མེད་པར་
གྱུར་ནས། ཡེ་ཤེས་ཀྱི་རླུང་དེ་ཡང་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་དྲི་མ་ཐམས་ཅད་ཡོངས་སུ་དག་པའི་བདག་ཉིད་བདག་དང་གཞན་གྱི་རྒྱུད་ཀྱི་དབྱེར་མེད་པའི་ངོ་བོ་ཉིད་ཡེ་ཤེས་རང་རིག་པ་ཙམ་སྒྱུ་མ་ལྟ་བུ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དུ་རོ་གཅིག་པར་གྱུར་པ་ཇི་ལྟར་ནུས་པ་
དེ་ཙམ་དུ་བསྒོམ་པར་བྱའོ། །དེ་ནས་སྙིང་རྗེ་ཆེན་པོའི་སེམས་སྐྱེས་པས། དེ་མ་ཐག་ཏུ་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ཉིད་ཉི་མའི་དཀྱིལ་འཁོར་གཅིག་ཏུ་གྱུར་ཏོ། །ཉི་མའི་དཀྱིལ་འཁོར་དེ་ཡང་དཀྱིལ་འཁོར་གྱི་འཁོར་ལོ་བཞིན་དུ་དབུས་སའི་ཆ་དགུ་དང་ལྡན་པ། གྲུ་བཞི་སྒོ་
དང་ལྡན་པའི་ཕྱི་རོལ་འཁོར་ཡུག་ཀུན་ནས་ཟླུམ་པ། འོད་ཟེར་རབ་ཏུ་འཕྲོ་བ་དང་ལྡན་པ་དང་། དབུས་ཀྱི་ཆ་ལ་ཡི་གེ་ཡ་ཁ་དོག་མཐིང་ག་འོད་ཟེར་གྱི་ཕྲེང་བས་ཀུན་ནས་བསྐོར་བ་བསམ་པར་བྱའོ། །ཤར་ཕྱོགས་ཀྱི་ཆ་ལ་ཡི་གེ་ཀྵེ་ཁ་དོག་དཀར་པོ་འོད་ཟེར་གྱི་ཕྲེང་བས་ཀུན་ནས་
བསྐོར་བ་བསམ་པར་བྱའོ། །ལྷོ་ཕྱོགས་ཀྱི་ཆ་ལ་ཡི་གེ་མ་ཁ་དོག་སེར་པོ་འོད་ཟེར་གྱི་ཕྲེང་བས་ཀུན་ནས་བསྐོར་བ་བསམ་པར་བྱའོ། །ནུབ་ཕྱོགས་ཀྱི་ཆ་ལ་ཡི་གེ་མེ་ཁ་དོག་དམར་པོ་འོད་ཟེར་གྱི་ཕྲེང་བས་ཀུན་ནས་བསྐོར་བ་བསམ་པར་བྱའོ། །བྱང་ཕྱོགས་ཀྱི་ཆ་ལ་ཡི་གེ་
ད་ཁ་དོག་ལྗང་གུ་འོད་ཟེར་གྱི་ཕྲེང་བས་ཀུན་ནས་བསྐོར་བ་བསམ་པར་བྱའོ། །འོད་ཟེར་གྱི་ཕྲེང་བ་དེ་དག་ཀྱང་དང་པོ་རང་རང་གི་ཁ་དོག་དང་འདྲ་བའི་འོད་ལས། ཕྱི་རོལ་ཉི་མའི་འོད་ཟེར་ལྟ་བུ་རབ་ཏུ་གསལ་བར་འཕྲོ་བའོ། །དེ་ནས་ཤར་ལྷོའི་ཆ་ལ་ཡི་གེ་ཛཱ་ཁ་དོག་དཀར་པོ་འོད་
เล่ม ๔๘ · หน้า 8a
ཟེར་གྱི་ཕྲེང་བ་ཅན་ནོ། །ལྷོ་ནུབ་ཀྱི་ཆ་ལ་ཡི་གེ་ས་ཁ་དོག་སྔོན་པོ་འོད་ཟེར་གྱི་ཕྲེང་བ་ཅན་ནོ། །ནུབ་བྱང་གི་ཆ་ལ་ཡི་གེ་ཛ་ཁ་དོག་དམར་པོ་འོད་ཟེར་གྱི་ཕྲེང་བ་ཅན་ནོ། །བྱང་ཤར་གྱི་ཆ་ལ་ཡི་གེ་རུ་ཁ་དོག་ལྗང་གུ་འོད་ཟེར་གྱི་ཕྲེང་བ་ཅན་ནོ། །དེའི་ཕྱི་
རོལ་གྱི་གྲྭ་རྣམས་ལ། ཤར་ལྷོར་ཡི་གེ་ཎ་ཁ་དོག་དཀར་པོ་འོད་ཟེར་གྱི་ཕྲེང་བ་ཅན་ནོ། །ལྷོ་ནུབ་ཏུ་ཡི་གེ་ཡོ་ཁ་དོག་མཐིང་ག་འོད་ཟེར་གྱི་ཕྲེང་བ་ཅན་ནོ། །ནུབ་བྱང་དུ་ཡི་གེ་ནི་ཁ་དོག་དམར་པོ་འོད་ཟེར་གྱི་ཕྲེང་བ་ཅན་ནོ། །བྱང་ཤར་དུ་ཡི་གེ་རཱ་ཁ་དོག་ལྗང་གུ་འོད་ཟེར་གྱི་ཕྲེང་བ་ཅན་
ནོ། །འོད་ཟེར་གྱི་ཕྲེང་བ་བརྒྱད་པོ་དེ་དག་ཀྱང་། དང་པོ་རང་རང་འདྲ་བའི་འོད་ཟེར་ལས་ཕྱི་རོལ་ཟླ་བའི་འོད་ཟེར་ལྟ་བུར་གྱུར་པའོ། །ཤར་གྱི་སྒོར་ཡི་གེ་ཡ་ཁ་དོག་དཀར་པོ། །ལྷོ་ཕྱོགས་ཀྱི་སྒོར་ཡི་གེ་ཙ་ཁ་དོག་མཐིང་ག །ནུབ་ཕྱོགས་ཀྱི་སྒོར་ཡི་གེ་ནི་ཁ་དོག་དམར་པོ། །བྱང་ཕྱོགས་
ཀྱི་སྒོར་ཡི་གེ་རཱ་ཁ་དོག་ལྗང་གུ་དེ་དག་ཀྱང་འོད་ཟེར་ཕྲེང་བ་ཅན་ཤ་སྟག་སྟེ། འོད་ཟེར་གྱི་ཕྲེང་བ་དེ་དག་ཀྱང་དང་པོ་རང་རང་གི་འོད་ཟེར་ལས་ཕྱི་རོལ་མེའི་འོད་ལྟ་བུར་གྱུར་པའོ། །དེ་ལྟར་ཇི་ལྟར་ནུས་པ་ཞིག་བསམ་པར་བྱས་ནས། །དེ་ནས་ཡི་གེ་ཡ་ལ་དམིགས་ཏེ། ཨོཾ་བཛྲ་
ཡ་མཱ་རི་ཞེས་བྱ་བའི་གསང་སྔགས་ཀྱིས་བསྐུལ་བས། ཡ་ལས་ཡའི་འོད་ཟེར་བྱུང་ནས། ནམ་མཁའི་ཁམས་ཐམས་ཅད་དུ་གང་བར་གྱུར་ཏོ། །ཡི་གེ་དེ་དག་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་སྐུ་ཤ་སྟག་ཏུ་གྱུར་ཏེ་ནམ་མཁའི་ཁམས་ཡོངས་སུ་གང་བར་བསམ་མོ། །དེ་
ནས་སྐུ་དེ་དག་ཐམས་ཅད་འོད་དུ་གྱུར་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་ཀྱི་རང་བཞིན་ཆོས་འབྱུང་བ་ཞེས་བྱ་བའི་ཕྱག་རྒྱ་ཤེལ་ལྟ་བུར་དཀར་ཞིང་དངས་པ་གྲུ་གསུམ་པ་གྱེན་དུ་གནས་པ། ནང་པདྨ་དང་སྣ་ཚོགས་རྡོ་རྗེས་མཚན་པ་ནམ་མཁའི་ཁམས་དང་
མཉམ་པ་ཞིག་ཏུ་གྱུར་པར་བྱའོ། །སྣ་ཚོགས་རྡོ་རྗེ་ལས་ཀྱང་ཡེ་ཤེས་ཀྱི་རླུང་གི་ཕུང་པོ་ཆེན་པོར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་བརྟན་པར་ནུས་སོ། །དེ་ནས་ཡི་གེ་ཀྵེ་ལ་དམིགས་ཏེ། ཨོཾ་བཛྲ་ཀྵེ་ཏྲ་ཞེས་བྱ་བའི་གསང་སྔགས་ཀྱིས་བསྐུལ་བས། ཀྵེ་ལས་ཀྵེའི་འོད་ཟེར་
เล่ม ๔๘ · หน้า 8b
བྱུང་ནས་ཆོས་འབྱུང་བའི་ཕྱག་རྒྱ་ཐམས་ཅད་གང་བར་བྱས་ཏེ། ཡི་གེ་དེ་དག་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ཤ་སྟག་ཏུ་གྱུར་ནས། ཆོས་འབྱུང་བའི་ཕྱག་རྒྱ་ཡོངས་སུ་གང་བར་བྱས་སོ། །དེ་ནས་སྐུ་དེ་དག་ཀྱང་འོད་དུ་ཞུ་བར་གྱུར་པ་ལས་བདུད་རྩིའི་རྒྱ་མཚོ་ཆེན་
པོའི་ནང་ནས་རིན་པོ་ཆེ་པདྨ་འདབ་མ་དང་གེ་སར་དང་སྙིང་པོར་བཅས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གཟུགས་ཀྱི་མཚན་ཉིད་དུ་བསམ་པར་བྱའོ། །དེ་ནས་ཡི་གེ་མ་ལ་དམིགས་ཏེ། ཨོཾ་བཛྲ་མ་ཧཱིནྡྲི་ཞེས་བྱ་བའི་གསང་སྔགས་ཀྱིས་བསྐུལ་བས། མ་ལས་མའི་
འོད་ཟེར་བྱུང་བས་པདྨའི་དཀྱིལ་འཁོར་གྱི་སྟེང་ཐམས་ཅད་ཡོངས་སུ་གང་བར་བྱས་སོ། །དེ་ནས་ཡི་གེ་དེ་དག་ཀྱང་བཅོམ་ལྡན་འདས་རིན་ཆེན་འབྱུང་བའི་སྐུ་ཤ་སྟག་ཏུ་གྱུར་ནས་པདྨའི་སྙིང་པོ་ལ་འདུས་པར་གྱུར་པས་འོག་ཏུ་ཞུ་བར་གྱུར་ནས། རིན་པོ་ཆེ་གསེར་གྱི་རང་བཞིན་དུ་
ཀུན་ནས་འཁྲིགས་པར་གྱུར་པར་བྱའོ། །དེ་ནས་ཡི་གེ་མེ་ལ་དམིགས་ཏེ། ཨོཾ་བཛྲ་མེ་རུ་ཞེས་བྱ་བའི་སྔགས་ཀྱིས་བསྐུལ་བས། མེ་ལས་མེའི་འོད་ཟེར་བྱུང་ནས་པདྨའི་དཀྱིལ་འཁོར་གྱི་སྟེང་དུ་ཡོངས་སུ་གང་བར་བྱས་སོ། །དེ་ནས་ཡི་གེ་དེ་དག་བཅོམ་ལྡན་འདས་འོད་
དཔག་མེད་ཀྱི་སྐུ་ཤ་སྟག་ཏུ་གྱུར་ཏེ་པདྨའི་སྙིང་པོ་གསེར་གྱི་རང་བཞིན་གྱི་གཞི་ལ་འདུས་པར་གྱུར་པས་འོད་དུ་གྱུར་ནས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རིའི་རྒྱལ་པོ་ལྷུན་པོ་རབ་ཏུ་བརྟན་པར་གྱུར་པར་བསམ་པར་བྱའོ། །དེ་ནས་ཡི་གེ་ད་ལ་དམིགས་ཏེ། ཨོཾ་བཛྲ་ད་ན་ཞེས་བྱ་བའི་
གསང་སྔགས་ཀྱིས་བསྐུལ་བས། ད་ལས་དའི་འོད་ཟེར་བྱུང་ནས་ཕྱོགས་ཀུན་དུ་གང་བར་བྱས་སོ། །དེ་ནས་ཡི་གེ་དེ་དག་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་སྐུ་ཤ་སྟག་ཏུ་གྱུར་ཏེ་དེ་དག་རི་རབ་ཀྱི་རྩེ་མོར་འདུས་པ་ལས། འོད་དུ་གྱུར་ནས་སངས་རྒྱས་ཀྱི་ཞིང་གི་ལོངས་སྤྱོད་སྣ་
ཚོགས་ཀྱི་གཞིར་གྱུར་པ་ནི་འདི་ལྟ་སྟེ་དཔག་བསམ་གྱི་ཤིང་དང་། ལྗོན་པའི་ཤིང་དང་། མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། སྤོས་ཀྱི་ཤིང་དག་ཀྱང་ཁ་དོག་དང་དབྱིབས་དང་གནས་པས་ཁྱད་པར་དུ་བྱས་པའོ། །གསེར་དང་། དངུལ་དང་། ཤེལ་དང་། བཻ་ཌཱུཪྻ་
เล่ม ๔๘ · หน้า 9a
ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་ཀྱང་ཁ་དོག་དང་། དབྱིབས་དང་། རེག་བྱ་དང་གནས་པས་ཁྱད་པར་དུ་བྱས་པའོ། །བདུད་རྩིའི་ཆུ་དང་། བཏུང་བའི་ཆུ་དང་། ཁྲུས་ཀྱི་ཆུ་དག་ཀྱང་ཁ་དོག་དང་དབྱིབས་དང་དྲི་དང་རོ་དང་ཡན་ལག་དང་གནས་པས་ཁྱད་པར་
དུ་བྱས་པའོ། །གོས་དང་རྒྱན་དང་། བཟའ་བའི་བྱེ་བྲག་དག་ཀྱང་དེ་བཞིན་དུ་ཡོན་ཏན་གྱིས་ཁྱད་པར་དུ་བྱས་པ་སྟེ། དེ་ལྟ་བུ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བསམ་པར་བྱའོ། །དེ་ནས་ཡི་གེ་ཛ་ལ་དམིགས་ཏེ། ཨོཾ་བཛྲ་ཛཱ་གདྡྷ་ར་ཞེས་བྱ་
བའི་གསང་སྔགས་ཀྱིས་བསྐུལ་བས། ཛ་ལས་ཛའི་འོད་ཟེར་བྱུང་སྟེ། ཕྱོགས་ཀུན་དུ་གང་བར་བྱས་ནས་དེ་དག་ཀྱང་སངས་རྒྱས་སྤྱན་གྱི་སྐུ་ཤ་སྟག་ཏུ་གྱུར་ཏེ་སླར་འདུས་ནས་འོད་དུ་གྱུར་པ་ལས་གཞལ་མེད་ཁང་གི་གཞིར་གྱུར་པ་ནི། འདི་ལྟ་སྟེ། གཞི་སྣ་ཚོགས་རྡོ་རྗེ་ལས་གྲུབ་
ཅིང་། ཕྱོགས་ཀུན་དུ་ཡང་སྣ་ཚོགས་རྡོ་རྗེ་ར་བ་དང་། དྲ་བ་འང་འཁྲིགས་པར་གྱུར་པ་དེའི་ནང་དུ། རིན་པོ་ཆེ་སྣ་བཞིའི་རྒྱུ་ལས་གྲུབ་པའི་གཞལ་མེད་ཁང་གི་གཞི་གྲུབ་པར་བསམ་མོ། །དེ་ནས་ཡི་གེ་ས་ལ་དམིགས་ཏེ། ཨོཾ་བཛྲ་སཾ་ཧ་ར་ཎི་ཞེས་བྱ་བའི་གསང་སྔགས་གྱིས་
བསྐུལ་བས། ས་ལས་སའི་འོད་ཟེར་བྱུང་ནས་ཕྱོགས་ཀུན་གང་བར་བྱས་ཏེ། དེ་དག་ཀྱང་མཱ་མ་ཀཱིའི་སྐུ་ཤ་སྟག་ཏུ་གྱུར་ནས་སླར་འདུས་ཏེ་འོད་དུ་གྱུར་པ་ལས་གཞལ་ཡས་ཁང་གི་བླ་གབ་ཏུ་གྱུར་པ་ནི་འདི་ལྟ་སྟེ། རིན་པོ་ཆེ་སྣ་ཚོགས་ཀྱི་གདུང་དང་། ཕྱམ་ཆེན་དང་། ཕྱམ་དགུ་
པོ་དང་། ཕྱམ་ཕྲན་དང་། ལན་ཀན་གྱི་དྲ་བ་དང་། རྟེན་མ་དང་། གཟེར་མིག་ལ་སོགས་པས་སྤྲས་པའི་དབུས་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གནས་པ། ཕྱི་རོལ་རྡོ་རྗེ་གུར་གྱིས་ཡོངས་སུ་འཁྲིགས་པར་གཏམས་པའོ། །དེ་ནས་ཡི་གེ་དོ་ལ་དམིགས་ཏེ། ཨོཾ་
བཛྲ་དོ་ར་ཧི་ཏ་ཞེས་བྱ་བའི་གསང་སྔགས་ཀྱིས་བསྐུལ་བས། དོ་ལས་དོའི་འོད་ཟེར་བྱུང་ནས། ཕྱོགས་ཀུན་དུ་གང་བར་བྱས་ཏེ། དེ་དག་ཀྱང་ན་བཟའ་དཀར་མོ་ཤ་སྟག་ཏུ་གྱུར་ནས། སླར་འདུས་ཏེ་འོད་དུ་གྱུར་པ་ལས་གཞལ་ཡས་ཁང་གི་གདན་དུ་གྱུར་པ་ནི་འདི་ལྟ་སྟེ། པདྨ་དང་།
เล่ม ๔๘ · หน้า 9b
ཉི་མ་དང་། ཟླ་བའི་དཀྱིལ་འཁོར་རོ། །དེ་ནས་ཡི་གེ་རུ་ལ་དམིགས་ཏེ། ཨོཾ་བཛྲ་རུ་ནི་ལ་ཞེས་བྱ་བའི་གསང་སྔགས་ཀྱིས་བསྐུལ་བས། རུ་ལས་རུའི་འོད་ཟེར་བྱུང་ནས་ཕྱོགས་ཀུན་དུ་གང་བར་བྱས་ཏེ། དེ་དག་ཀྱང་སྒྲོལ་མའི་སྐུ་ཤ་སྟག་ཏུ་གྱུར་ནས་སླར་འདུས་ཏེ་འོད་དུ་གྱུར་པ་
ལས་གཞལ་ཡས་ཁང་གི་རྣམ་པར་གྱུར་པ་ནི་འདི་ལྟ་སྟེ། ཕྱོགས་མཚམས་རྣམས་སུ་རིན་པོ་ཆེ་སྣང་བར་གྱུར་ཏེ་ཤིན་ཏུ་འོད་གསལ་བར་གྱུར་པའོ། །རིན་པོ་ཆེ་སྣང་བ་དེ་དག་ཀྱང་གཞི་རྟེན་པ་མེད་ཅིང་འོད་སྒྲིབ་པ་དང་ཆོད་པ་མེད་དེ། འདོད་དགུར་འཕྲུལ་བ་སྣང་བ་ཤ་སྟག་གོ། །
དེ་ནས་ཡི་གེ་ཡ་ལ་དམིགས་ཏེ། ཨོཾ་བཛྲ་ཡ་མ་ཞེས་བྱ་བའི་གསང་སྔགས་ཀྱིས་བསྐུལ་བས། ཡ་ལས་ཡའི་འོད་ཟེར་བྱུང་ནས་ཤར་ཕྱོགས་སུ་འཕྲོས་ཏེ་དེ་དག་ཀྱང་གཤིན་རྗེ་མཐར་བྱེད་ཀྱི་སྐུ་ཤ་སྟག་ཏུ་གྱུར་ནས་ཤར་ཕྱོགས་ཀྱི་སྒོར་འདུས་ཏེ་འོད་དུ་གྱུར་ནས་ཤར་ཕྱོགས་ཀྱི་
སྒོ་ཕུན་སུམ་ཚོགས་པར་གྱུར་པ་ནི་འདི་ལྟ་སྟེ། སྒོ་དེ་ཡང་སྒོ་ཁང་དང་བཅས་པ། སྒོ་གླེགས་དང་། ཐེམ་སྐས་དང་རྟ་བབས་དང་བཅས་པ། འགྲོ་བ་འཇུག་པ་དང་ཐུགས་རྗེ་འབྱུང་བའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པའི་སྒོར་གྱུར་པའོ། །དེ་ནས་ཡི་གེ་ཙ་ལ་དམིགས་
ཏེ། ཨོཾ་བཛྲ་ཙ་ར་ཙ་ན་ཞེས་བྱ་བའི་སྔགས་ཀྱིས་བསྐུལ་བས། ཙ་དེ་ལས་ཙའི་འོད་ཟེར་བྱུང་ནས། ལྷོ་ཕྱོགས་སུ་འཕྲོས་ཏེ་དེ་དག་ཀྱང་ཁྲོ་བོ་ཤེས་རབ་མཐར་བྱེད་ཀྱི་སྐུ་ཤ་སྟག་ཏུ་གྱུར་ནས་ལྷོ་ཕྱོགས་ཀྱི་སྒོར་འདུས་པ་ལས། འོད་དུ་གྱུར་ནས་ལྷོ་ཕྱོགས་ཀྱི་སྒོ་དེ་ཡང་ཕུན་སུམ་
ཚོགས་པར་གྱུར་པ་ནི་འདི་ལྟ་སྟེ། གཏོང་བ་དང་ལེན་པའི་མཐུ་ཕུན་སུམ་ཚོགས་པའི་སྒོའོ། །དེ་ནས་ཡི་གེ་ནི་ལ་དམིགས་ཏེ། ཨོཾ་བཛྲ་ནི་རུ་ཀ་ཏི་ཞེས་བྱ་བའི་གསང་སྔགས་ཀྱིས་བསྐུལ་བས། ནི་ལས་ནིའི་འོད་ཟེར་བྱུང་ནས་ནུབ་ཕྱོགས་སུ་འཕྲོས་ཏེ་དེ་དག་ཀྱང་པདྨ་མཐར་
བྱེད་ཀྱི་སྐུ་ཤ་སྟག་ཏུ་གྱུར་ནས་ནུབ་ཕྱོགས་ཀྱི་སྒོར་འདུས་པ་ལས་འོད་དུ་གྱུར་ནས་ནུབ་ཕྱོགས་ཀྱི་སྒོ་དེ་ཡང་ཕུན་སུམ་ཚོགས་པའི་སྒོར་གྱུར་པ་ནི་འདི་ལྟ་སྟེ། དམ་པའི་ཆོས་སྣ་ཚོགས་བསྟན་པ་ལ་སྤྱོད་ཅིང་རྩེན་པའི་མཐུ་ཕུན་སུམ་ཚོགས་པའི་སྒོའོ། །དེ་ནས་ཡི་གེ་ར་ལ་
เล่ม ๔๘ · หน้า 10a
དམིགས་ཏེ། ཨོཾ་བཛྲ་རཱ་ཛ་ཞེས་བྱ་བའི་གསང་སྔགས་ཀྱིས་བསྐུལ་བས། རཱ་ལས་རཱའི་འོད་ཟེར་བྱུང་ནས་བྱང་ཕྱོགས་སུ་འཕྲོས་ཏེ། དེ་ཡང་བགེགས་མཐར་བྱེད་ཀྱི་སྐུ་ཤ་སྟག་ཏུ་གྱུར་ནས་བྱང་ཕྱོགས་ཀྱི་སྒོར་འདུས་པ་ལས་འོད་དུ་གྱུར་ནས་བྱང་ཕྱོགས་
ཀྱི་སྒོ་དེ་ཡང་ཕུན་སུམ་ཚོགས་པའི་སྒོར་གྱུར་པ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་། སེམས་ཅན་ཡོངས་སུ་སྒྲོལ་བ་ལ་སྦྱོར་བའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པའི་སྒོའོ། །དེ་ནས་ཡི་གེ་ཎ་ལ་དམིགས་ཏེ། ཨོཾ་བཛྲ་ཎ་ན་རཱུ་པ་ཞེས་བྱ་བའི་གསང་
སྔགས་ཀྱིས་བསྐུལ་བས། ཎ་ལས་ཎའི་འོད་ཟེར་བྱུང་ནས་ཕྱོགས་ཐམས་ཅད་དུ་འཕྲོས་ཏེ་དེ་དག་ཀྱང་གཟུགས་ཀྱི་རྡོ་རྗེ་ཞེས་བྱ་བའི་ལྷ་མོའི་སྐུ་ཤ་སྟག་ཏུ་གྱུར་ཏེ་སླར་གཞལ་ཡས་ཁང་གི་འཁོར་ཡུག་ཏུ་འདུས་ནས་གཟུགས་ཀྱི་མཆོད་པ་ཐམས་ཅད་བྱིན་གྱིས་རློབ་པར་མཛད་
པར་གྱུར་ཏོ། །དེ་ནས་ཡི་གེ་ཡོ་ལ་དམིགས་ཏེ། ཨོཾ་བཛྲ་ཡོ་ཡ་གེ་ཡཾ་ཞེས་བྱ་བའི་གསང་སྔགས་ཀྱིས་བསྐུལ་བས། ཡོ་ལས་ཡོའི་འོད་ཟེར་བྱུང་ནས་ཕྱོགས་ཐམས་ཅད་དུ་འཕྲོས་ཏེ་དེ་དག་ཀྱང་སྒྲའི་རྡོ་རྗེ་ཞེས་བྱ་བའི་ལྷ་མོའི་སྐུ་ཤ་སྟག་ཏུ་གྱུར་ནས། སླར་གཞལ་ཡས་ཁང་གི་
འཁོར་ཡུག་ཏུ་འདུས་ཏེ། སྒྲའི་མཆོད་པ་ཐམས་ཅད་བྱིན་གྱིས་རློབ་པར་མཛད་པར་གྱུར་ཏོ། །དེ་ནས་ཡི་གེ་ནི་ལ་དམིགས་ཏེ། ཨོཾ་བཛྲ་ནི་ར་མ་ལ་ཞེས་བྱ་བའི་གསང་སྔགས་ཀྱིས་བསྐུལ་བས། ནི་ལས་ནིའི་འོད་ཟེར་བྱུང་ནས་ཕྱོགས་ཐམས་ཅད་དུ་འཕྲོས་ཏེ་དེ་དག་ཀྱང་དིའི་རྡོ་རྗེ་
ཞེས་བྱ་བའི་ལྷ་མོའི་སྐུ་ཤ་སྟག་ཏུ་གྱུར་ནས། སླར་གཞལ་ཡས་ཁང་གི་འཁོར་ཡུག་ཏུ་འདུས་ཏེ་དྲི་སྣ་ཚོགས་ཀྱི་མཆོད་པ་བྱིན་གྱིས་རློབ་པར་མཛད་པར་གྱུར་ཏོ། །དེ་ནས་ཡི་གེ་རཱ་ལ་དམིགས་ཏེ། ཨོཾ་བཛྲ་རཱ་ས་ཞེས་བྱ་བའི་གསང་སྔགས་ཀྱིས་བསྐུལ་བས། ར་ལས་རའི་འོད་ཟེར་
བྱུང་ནས་ཕྱོགས་ཐམས་ཅད་དུ་འཕྲོས་ཏེ་དེ་དག་ཀྱང་རོའི་རྡོ་རྗེ་ཞེས་བྱ་བའི་ལྷ་མོའི་སྐུ་ཤ་སྟག་ཏུ་གྱུར་ཏེ། སླར་གཞལ་ཡས་ཁང་གི་འཁོར་ཡུག་ཏུ་འདུས་ནས་རོ་སྣ་ཚོགས་ཀྱི་མཆོད་པ་བྱིན་གྱིས་རློབ་པར་གྱུར་ཏོ། །དེ་ནས་རྡོ་རྗེའི་དཀྱིལ་འཁོར་འཁོར་ལོའི་བསྒོམ་པ་བཤད་པ་ཡིན།
เล่ม ๔๘ · หน้า 10b
དེ་ནས་རྡོ་རྗེའི་དཀྱིལ་འཁོར་གྱི། །ཡན་ལག་བསྒོམ་པ་བཤད་པར་བྱ། །དཀྱིལ་འཁོར་འཁོར་ལོའི་དབུས་གནས་པར། །ས་བོན་བཅུ་བདུན་གྱིས་གང་བའི། །ཉི་མའི་དཀྱིལ་འཁོར་གནས་པ་ལས། །ཅུང་ཟད་ཙམ་ཞིག་བལྟས་ནས་ནི། །དེ་ལས་འོད་ཟེར་སྤྲོ་བྱ་སྟེ། །ཕྱོགས་
བཅུའི་འཇིག་རྟེན་ཁམས་ཀུན་དུ། །རྒྱལ་བ་ཀུན་དང་དེ་ཡི་སྲས། །རིགས་སྔགས་རྒྱལ་པོ་རྒྱལ་མོར་བཅས། །ཡི་གེའི་འོད་ཀྱིས་སྤྱན་དྲངས་ནས། །སྔ་མའི་གནས་སུ་ཐིམ་པར་གྱུར། །དེ་ཡི་ཉི་མ་ས་བོན་བཅས། །ཉི་མའི་ནོར་བུ་འབར་འདྲ་བའི། །ཡེ་ཤེས་འོད་ཀྱི་གོང་བུར་གྱུར། །
ཆོས་སྐུ་དག་པའི་རང་བཞིན་དུ། །གཉིས་མེད་ཡེ་ཤེས་བརྟན་པ་ལས། །སངས་རྒྱས་རྣམས་ཀྱིས་བསྐུལ་བ་དང་། །སྙིང་རྗེ་ཆེན་པོའི་མཐུས་བསླངས་ནས། །གཤིན་རྗེ་གཤེད་ནི་བཞེངས་པར་བྱ། །སྐུ་ནི་རི་སྔོན་འདྲ་བ་འམ། །ཡང་ན་ཆར་སྤྲིན་འདྲ་བའི་མདོག །སྔོ་རང་དག་
གམ་སྟག་ཟིལ་བཞིན། །ཡང་ན་ལས་ཀྱི་བྱེ་བྲག་གིས། །དཀར་དང་དམར་དང་སེར་ཡང་རུང་། །ཞལ་དྲུག་ཕྱག་དྲུག་ཞབས་ཀྱང་དྲུག །སྦྲུལ་གྱི་རྒྱན་གྱིས་བཞུགས་པ་ལ། །སྟག་ལྤགས་རློན་པ་ན་བཟར་གསོལ། །སྨིན་མ་སྤྱན་དང་སྐྲ་ཡང་སེར། །སེན་མོ་སྤུ་དང་པགས་
པ་དང་། །ལུས་ཀྱང་རྡོ་རྗེའི་རང་བཞིན་ཅན། །འབར་ཞིང་མཚན་མའང་རབ་འབར་བ། །བེ་ཅོན་རལ་གྲི་དགྲ་སྟ་རྣམས། །གཡས་པའི་ཕྱག་ན་བསྣམས་པ་སྟེ། །བྷནྡྷ་སྡིགས་མཛུབ་ཞགས་པ་ནི། །གཡོན་པའི་ཕྱག་ན་བསྣམས་པ་ལ། །དཔའ་བོ་གཡས་བརྐྱང་སྟབས་ཀྱིས་
ནི། །མ་ཧེ་རོ་དང་བཅས་པ་བརྫིས། །མི་བཟད་འབར་བའི་སྐུར་གྱུར་པའོ། །ཡང་ན་ཞལ་གཅིག་ཕྱག་གཉིས་ཏེ། །གཡས་པས་མཚོན་ཆ་བེ་ཅོན་གདེངས། །གཡོན་པས་སྡིགས་མཛུབ་ཐུགས་ཀར་འཛིན། །གང་དག་ཕྱག་བཞི་འདོད་པ་ན། །གཡས་ན་བེ་ཅོན་རལ་གྲི་
སྟེ། །གཡོན་ན་བྷནྡྷ་ཞགས་པ་བསྣམས། །འདི་ལ་སོགས་པའི་ཕྱག་མཚན་ནི། །བཅུ་གཉིས་དག་གམ་བཅོ་བརྒྱད་དམ། །ཡང་ན་བརྒྱ་དང་སྟོང་དག་དང་། །འབུམ་དང་བྱེ་བ་རྡུལ་སྙེད་དུ། །ཇི་ལྟར་འདོད་པར་བསྒོམ་པར་བྱ། །ཇི་ལྟར་འདོད་པ་དེ་ཉིད་ཀྱིས། །དངོས་
เล่ม ๔๘ · หน้า 11a
གྲུབ་ཐོབ་པར་གདོན་མི་ཟ། །དེ་ནས་སྙིང་གའི་གནས་དག་ལ། །ས་བོན་བཅུ་བདུན་གྱིས་གང་བའི། །ཉི་མའི་དཀྱིལ་འཁོར་སྔ་མ་བཞིན། །འདིར་ཡང་གནས་པར་བལྟ་བར་བྱ། །དེ་ནས་ས་བོན་ཡཾ་ཡིག་ལ། །སྔོན་བཞིན་གསང་སྔགས་ཀྱིས་
བསྐུལ་བས། །གཤིན་རྗེའི་དགྲ་རུ་གྱུར་ནས་ནི། །སླར་འདུས་ཐུགས་ཀྱི་རྡོ་རྗེར་གྱུར། །སྔོན་པོ་རྡོ་རྗེ་མཚོན་ཆ་ཅན། །སྙིང་གའི་གནས་ཕྱོགས་ཉིད་དུ་ནི། །ཉི་མའི་དཀྱིལ་འཁོར་གདན་ལ་བཞུགས། །དེ་ནས་ས་བོན་གྱིས་གང་བའི། །ཉི་མའི་དཀྱིལ་འཁོར་དེ་ཉིད་ཀྱང་། །
ཐུགས་ཀྱི་རྡོ་རྗེ་ཐུགས་ཀར་གནས། །དེ་ལ་གསང་སྔགས་ནི་འདིའོ། །ཨོཾ་བཛྲ་ཡ་མཱ་རི། དེ་ནས་ཀྵེ་ཡི་ས་བོན་དེ། །སྔ་མ་བཞིན་དུ་སྔགས་ཀྱིས་བསྐུལ། །རྡོ་རྗེའི་ཞིང་དུ་གྱུར་ནས་ནི། །དཀར་པོ་འཁོར་ལོའི་མཚོན་ཆ་ཅན། །མཚོག་མར་ཟླ་བའི་དཀྱིལ་འཁོར་ལ། །སྐུ་
ཡི་རྡོ་རྗེ་བཞུགས་པར་གྱུར། །དེ་ལ་གསང་སྔགས་ནི་འདིའོ། །ཨོཾ་བཛྲ་ཀྵེ་ཏྲ། དེ་ནས་ས་བོན་མ་ལས་ནི། །རང་གི་གསང་སྔགས་ཀྱིས་བསྐུལ་བས། །རྡོ་རྗེ་ས་ཞེས་བྱ་བར་གྱུར། །གསེར་འདྲ་རིན་ཆེན་མཚན་མ་ཅན། །ལྟེ་བར་ཉི་མའི་དཀྱིལ་འཁོར་ལ། །མཉམ་པའི་རྡོ་རྗེ་ཉིད་
དུ་གྱུར། །དེ་ལ་གསང་སྔགས་ནི་འདིའོ། །ཨོཾ་བཛྲ་མ་ཧཱིནྡྲི། དེ་ནས་མེ་ཞེས་བྱ་བ་ལ། །གསང་བའི་སྔགས་ཀྱིས་བསྐུལ་བ་ཡིས། །རྡོ་རྗེ་ལྷུན་པོ་ཞེས་བྱར་བཤད། །པདྨ་རཱ་ག་འདྲ་བ་ལ། །མེ་ཏོག་པདྨའི་མཚན་མ་ཅན། །མགུལ་པར་ཉི་མའི་དཀྱིལ་འཁོར་ལ། །གསུང་གི་
རྡོ་རྗེ་ཉིད་དུ་གྱུར། །དེ་ལ་གསང་སྔགས་ནི་འདིའོ། །ཨོཾ་བཛྲ་མེ་རུ། དེ་ནས་ས་བོན་ད་ཞེས་པ། །དེ་བཞིན་གསང་བའི་སྔགས་ཀྱིས་བསྐུལ། །རྡོ་རྗེ་སྦྱིན་པ་ཞེས་བྱར་གྱུར། །རིན་ཆེན་མརྒཏ་འདྲ་བ་ལ། །རལ་གྲི་འབར་བའི་མཚོན་ཆ་ཅན། །རྐང་པ་གཡས་སུ་ཉི་མ་ལ། །ལས་ཀྱི་
རྡོ་རྗེ་ཉིད་དུ་གྱུར། །དེ་ལ་སྔགས་ནི་འདིའོ། །ཨོཾ་བཛྲ་ད་ན། དེ་ནས་ཛ་ལ་བལྟས་ནས་ནི། །རང་གི་སྔགས་ཀྱིས་བསྐུལ་བ་ཡིས། །རྡོ་རྗེ་འགྲོ་འཛིན་ཞེས་བྱར་གྱུར། །དཀར་མོ་འཁོར་ལོའི་མཚོན་ཆ་ཅན། །རྡོ་རྗེ་ཞིང་གི་གཡོན་ཕྱོགས་སུ། །ཟླ་བའི་གདན་ལ་གནས་ནས་ནི། །རྡོ་རྗེ་
เล่ม ๔๘ · หน้า 11b
ཞིང་ལ་གཟིགས་པར་མཛད། །དེ་ལ་གསང་སྔགས་ནི་འདིའོ། །ཨོཾ་བཛྲ་ཛཱ་གདྡྷ་ར། དེ་ནས་ས་ལ་བལྟས་བྱས་ཏེ། །དེ་བཞིན་སྔགས་ཀྱིས་བསྐུལ་བ་ཡིས། །རྡོ་རྗེ་ཀུན་སྡུད་ཅེས་བྱར་གྱུར། །བཻ་ཌཱུར་རྡོ་རྗེ་མཚན་མ་ཅན། །རྡོ་རྗེ་ས་ཡི་གཡོན་ཕྱོགས་སུ། །ཟླ་བའི་གདན་ལ་གནས་
ནས་ནི། །རྡོ་རྗེ་ས་ལ་གཟིགས་པར་མཛད། །དེ་ལ་གསང་སྔགས་ནི་འདིའོ། །ཨོཾ་བཛྲ་སཾ་ཧ་ར་ཎི། ཡི་གེ་དོ་ལ་དམིགས་བྱས་ཏེ། །དེ་ཉིད་གསང་སྔགས་ཀྱིས་བསྐུལ་བས། །རྡོ་རྗེ་ཉེས་སེལ་ཞེས་བྱར་གྱུར། །དམར་མོ་ལག་ན་པདྨ་ཅན། །རྡོ་རྗེ་ལྷུན་པོའི་གཡོན་ཕྱོགས་སུ། །
ཟླ་བའི་གདན་ལ་གནས་ནས་ནི། །རྡོ་རྗེ་ལྷུན་པོ་ལ་གཟིགས་མཛད། །དེ་ལ་གསང་སྔགས་ནི་འདིའོ། །ཨོཾ་བཛྲ་དོ་ར་ཧི་ཏ། ཡི་གེ་རུ་ལ་དམིགས་བྱས་ཏེ། །དེ་བཞིན་སྔགས་ཀྱིས་བསྐུལ་བ་ཡིས། །རྡོ་རྗེ་གནས་མེད་ཅེས་བྱ་བ། །མ་རྒད་ཨུཏྤལ་ཤེས་རབ་མཚན། །རྡོ་རྗེ་སྦྱིན་
པའི་གཡོན་ཕྱོགས་སུ། །ཟླ་བའི་གདན་ལ་གནས་ནས་ནི། །རྡོ་རྗེ་སྦྱིན་པ་ལ་གཟིགས་མཛད། །དེ་ལ་གསང་སྔགས་ནི་འདིའོ། །ཨོཾ་བཛྲ་རུ་ནི་ལ། དེ་ནས་ན་ལ་དམིགས་བྱས་ཏེ། །རང་གི་སྔགས་ཀྱིས་བསྐུལ་བ་ཡིས། །རྡོ་རྗེ་སྣ་ཚོགས་གཟུགས་སུ་གྱུར། །དཀར་མོ་ལག་
ན་མེ་ལོང་ཅན། །ཟླ་བའི་དཀྱིལ་འཁོར་གདན་ལ་ནི། །མིག་གི་གནས་སུ་བསམ་པར་བྱ། །དེ་ལ་གསང་སྔགས་ནི་འདིའོ། །བཛྲ་ཎ་ན་རཱུ་པ། ཡི་གེ་ཡོ་ལ་དམིགས་བྱས་ཏེ། །སྔོན་བཞིན་གསང་བའི་སྔགས་ཀྱིས་བསྐུལ། །ལྷ་མོ་རྡོ་རྗེ་གདངས་སུ་གྱུར། །དམར་མོ་ལག་ན་པི་
ཝང་འཛིན། །ཟླ་བའི་དཀྱིལ་འཁོར་ལ་གནས་པར། །མཁས་པས་རྣ་བའི་གནས་ལ་བསམ། །དེ་ལ་གསང་སྔགས་ནི་འདིའོ། །ཨོཾ་བཛྲ་ཡོ་ཡ་གེ་ཡཾ། ཡི་གེ་ནི་ལ་དམིགས་ནས་ནི། །དེ་བཞིན་སྔགས་ཀྱིས་བསྐུལ་བ་ཡིས། །རྡོ་རྗེ་དྲི་མེད་ཅེས་བྱར་གྱུར། །སྔོན་མོ་ལག་
ན་ཕྲེང་བ་འཛིན། །ཟླ་བའི་དཀྱིལ་འཁོར་ལ་གནས་པར། །སྣ་ཡི་གནས་ལ་བསམ་པར་བྱ། །དེ་ལ་གསང་སྔགས་ནི་འདིའོ། །ཨོཾ་བཛྲ་ནི་ར་མ་ལ་ཙ། དེ་ནས་ར་ལ་དམིགས་ནས་ནི། །རང་གི་སྔགས་ཀྱིས་བསྐུལ་པ་ཡིས། །རྡོ་རྗེ་རོ་ཞེས་བྱ་བར་གྱུར། །ལྗང་གུ་རོ་ལྡན་ཟས་སྣོད་
เล่ม ๔๘ · หน้า 12a
ཅན། །མཁས་པས་ལྕེ་ཡི་གནས་ལ་བསམ། །དེ་ལ་གསང་སྔགས་ནི་འདིའོ། །ཨོཾ་བཛྲ་རཱ་ས། དེ་ནས་ཡི་གེ་ཡ་ལ་དམིགས། །སྔགས་ཀྱིས་བསྐུལ་བས་དེ་བཞིན་དུ། །རྡོ་རྗེ་ཟུང་དུ་གྱུར་ནས་ནི། །དཀར་པོ་རྡོ་རྗེ་ཐོ་བ་ཅན། །ཉི་མའི་དཀྱིལ་འཁོར་ལ་
གནས་པ། །དཔུང་པ་གཡས་པའི་གནས་ལ་དགོད། །དེ་ལ་གསང་སྔགས་ནི་འདིའོ། །ཨོཾ་བཛྲ་ཡ་མ། དེ་བཞིན་ཙ་ལ་དམིགས་ནས་ནི། །རང་གི་སྔགས་ཀྱིས་བསྐུལ་བ་ཡིས། །རྡོ་རྗེ་དཔྱོད་པ་ཞེས་བྱ་བ། །སྔོན་པོ་ལག་ན་དབྱུག་པ་ཅན། །ཉི་མའི་དཀྱིལ་འཁོར་ལ་
གནས་པ། །དཔུང་པ་གཡོན་པའི་གནས་ལ་དགོད། །དེ་ལ་གསང་སྔགས་ནི་འདིའོ། །ཨོཾ་བཛྲ་ཙ་ར་ཙ་ན། ཡི་གེ་ནི་ལ་དམིགས་བྱས་ཏེ། །དེ་བཞིན་སྔགས་ཀྱིས་བསྐུལ་བ་ཡིས། །རྡོ་རྗེ་ངེས་ཚིག་ཅེས་བྱ་བ། །དམར་མོ་ལག་ན་པདྨ་ཅན། །ཉི་མའི་དཀྱིལ་འཁོར་ལ་གནས་པ། །
མཁས་པས་རྐན་ལ་བསམ་པར་བྱ། །དེ་ལ་གསང་སྔགས་ནི་འདིའོ། །ཨོཾ་བཛྲ་ནི་རུ་ཀ་ཏི། ཡི་གེ་ར་ལ་དམིགས་བྱས་ཏེ། །དེ་བཞིན་གསང་བའི་སྔགས་ཀྱིས་བསྐུལ། །རྡོ་རྗེ་རྡུལ་བྲལ་ཞེས་བྱ་བ། །ལྗང་གུ་ལག་ན་རལ་གྲི་ཅན། །ཉི་མའི་དཀྱིལ་འཁོར་ལ་གནས་པ། །
གསང་བའི་གནས་ལ་བསམ་པར་བྱ། །དེ་ལ་གསང་སྔགས་ནི་འདིའོ། །ཨོཾ་བཛྲ་རཱ་ཛ། དེ་ལྟར་དཀྱིལ་འཁོར་བསྒོམ་བྱས་ནས། །ཅི་ནུས་གསལ་བར་བལྟ་བར་བྱ། །དེ་ནས་སྙིང་རྗེ་ཆེན་པོ་ཡིས། །གདུག་པ་འདུལ་ཕྱིར་ཁྲོས་ནས་ནི། །རྩ་བའི་གསང་སྔགས་ལན་གསུམ་
མམ། །བདུན་ནམ་ཉི་ཤུ་གཅིག་བརྗོད་པས། །ཁྲོ་བོ་འབར་བའི་ཡེ་ཤེས་ལས། །འོད་ཟེར་ཡི་གེ་མཚོན་ཆ་དང་། །རབ་འབར་སྐུ་ཡང་འཕྲོས་ནས་ནི། །དེ་ཚེ་སངས་རྒྱས་ཞིང་ཡང་གཡོས། །གདུག་པའི་ཚོགས་ཀུན་བཅོམ་ནས་ནི། །ཤ་དང་ཁྲག་དང་རུས་པ་དང་། །ཡན་ལག་
མགོ་ཡི་དུམ་བུ་དང་། །རོ་དང་ཡན་ལག་ཉམས་པའི་རོ། །མཚོན་ཆས་ཕུག་པའི་ཁྲག་བཅས་པ། །ཀུན་ནས་སྤྲིན་བཞིན་འདུས་པར་གྱུར། །དེ་ནས་སངས་རྒྱས་ཞིང་འདི་ཡང་། །མི་བཟད་དུར་ཁྲོད་ཆེན་པོར་གྱུར། །ཤིན་ཏུ་རུལ་བ་འབུ་དང་རྣག །ཁྲག་དང་ཞག་དང་གླང་པ་
เล่ม ๔๘ · หน้า 12b
དང་། །གསར་དང་རྙིང་དང་ཚིག་པ་དང་། །དྲི་ཡང་ཕྱོགས་སུ་ལྡང་བར་གྱུར། །ཀེང་རུས་དག་ལས་མེ་ཡང་འབར། །འབུ་དང་སྦྲང་མ་མང་པོ་དང་། །ཀང་ཀ་རྒོད་དང་བྱ་རོག་དང་། །ཤ་ལ་དགའ་བའི་འདབ་ཆགས་ཀུན། །ཀུན་ནས་ཟ་ཞིང་འཐབ་པར་བྱེད། །སེང་གེ་སྟག་དང་ཝ་དང་
ཁྱི། །ཤ་ལ་དགའ་བའི་སྲོག་ཆགས་ཀུན། །དེ་བཞིན་ཟ་ཞིང་འཐབ་པར་བྱེད། །འབྱུང་པོ་ཡི་དགས་ཤ་ཟའི་ཚོགས། །མ་མོ་སྲིན་མོ་མཁའ་འགྲོའི་ཚོགས། །ཀུན་ནས་འདུ་ཞིང་འཚོ་བར་བྱེད། །དེ་ནས་སྤྲུལ་པའི་ཚོགས་ཆེན་ཀུན། །སངས་རྒྱས་ཀུན་དང་འདྲེས་གྱུར་ནས། །
གཤིན་རྗེ་གཤེད་ལ་ཐིམ་པར་གྱུར། །དེ་ནས་ཁྲོ་བོ་གཤིན་རྗེ་གཤེད། །ལུས་ནི་རི་རབ་ལྟ་བུའི་ཚད། །སྐུ་ལས་ཁྲོ་ཚོགས་རྔམ་པའི་ཚོགས། །རྒྱ་མཚོའི་རླབས་བཞིན་འཕྲོ་ཞིང་འདུ། །ཕོ་ཉ་མངག་གཞུག་མངག་གཞུག་མ། །མགྱོགས་ཤིང་རབ་ཏུ་མི་སྲུན་པ། །གོ་ཆ་སྲ་ཞིང་
མཚོན་ཆ་རྣོ། །སྡེ་ཚོགས་དཔུང་གིས་ཀུན་ནས་བསྐོར། །འདི་ལྟར་གང་ཞིག་སྒོམ་བྱེད་པ། །དེ་ནི་གཤིན་རྗེ་གཤེད་པོ་དང་། །མཚུངས་པར་འགྱུར་བ་གདོན་མི་ཟ། །དེ་ལ་གཤིན་རྗེ་གཤེད་པོ་ཉིད། །དགྱེས་ནས་དངོས་གྲུབ་གསོལ་བར་བྱེད། །དེ་ལ་ལྷའམ་བདུད་ཀྱི་རིགས། །
ཀུན་གྱིས་གནོད་པར་མི་འགྱུར་རོ། །བདུད་དང་གཤིན་རྗེ་མང་པོ་དང་། །མ་མོ་སྲིན་མོ་མཁའ་འགྲོ་མ། །སྐྲག་ནས་ཐལ་མོ་སྦྱར་བྱས་ཏེ། །དེ་ཡི་མངག་གཞུག་བྱེད་པར་འགྱུར། །འཇིག་རྟེན་དག་ན་གང་གནས་པའི། །འབྱུང་པོ་ཐམས་ཅད་བྲན་བཞིན་འགྱུར། །འདི་ནི་རྡོ་རྗེ་
.དཀྱིལ་འཁོར་གྱི། །འཁོར་ལོ་བསྒོམ་པ་རྒྱས་པའོ། །དེ་ནས་རྡོ་རྗེ་དཀྱིལ་འཁོར་གྱི། །ཆོ་ག་ཀུན་ནས་བསྡུས་པ་བཤད། །ཉི་མ་ཡི་གེ་ར་ལས་སྐྱེས། །ཡི་གེ་ཡ་ཡིས་མཚན་བྱས་པས། །འོད་ཟེར་རབ་ཏུ་འཕྲོ་བ་ནི། །ཐོག་མར་རང་གི་སྙིང་གར་བསམ། །ཏིང་འཛིན་གསལ་
བར་གྱུར་པ་དང་། །མེ་ནི་རབ་ཏུ་འཕྲོ་བ་དག །རྡོ་རྗེ་ལྟ་བུའི་རླུང་ལྡང་བ། །འཇིག་རྟེན་ཡོངས་སུ་ཁྱབ་པར་ནི། །མཁས་པས་རབ་ཏུ་སྤྲོ་བར་བྱ། །འཇིག་རྟེན་རབ་ཏུ་བསྲེགས་ནས་ནི། །རྡོ་རྗེ་རླུང་གིས་གཏོར་བྱས་པས། །ཆོས་ཀུན་ནམ་མཁའ་ལྟ་བུ་ཡི། །བདག་ཉིད་དུ་ནི་གྱུར་པར་
เล่ม ๔๘ · หน้า 13a
བྱ། །སྔགས་པས་དེ་ཚེ་བསམ་པ་ནི། །ཆོས་ཀུན་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །མིང་དང་མཚན་མ་བྲལ་བ་ནི། །བློ་གྲོས་བརྟན་པས་བསྒོམ་པར་བྱ། །དེ་ནས་སྙིང་རྗེ་ལས་བྱུང་བ། །སྔ་མའི་གནས་བཞིན་བསྒོམ་བྱ་
བ། །ཉི་མ་ཡི་གེ་ཡ་ཡིས་མཚན། །མཁས་པས་གསལ་བར་བསྒོམ་པར་བྱ། །དེ་ཉིད་ཡོངས་སུ་གྱུར་པ་ལས། །གཤིན་རྗེ་གཤེད་དུ་གྱུར་པར་བྱ། །ཞལ་དང་ཕྱག་སོགས་སྔོན་བཞིན་ཏེ། །དཀྱིལ་འཁོར་འཁོར་ལོ་མེད་ཀྱང་རུང་། །གདན་ཙམ་ལ་ནི་བསྒོམ་པར་བྱ། །
ཡང་ན་སྐུ་དང་ལྷན་ཅིག་ཏུ། །མཁས་པས་རྫོགས་པར་བསྐྱེད་པར་བྱ། །རྟོག་པ་གཞན་ལས་གསུངས་པ་བཞིན། །གདན་ལ་ཡི་གེའམ་མཚན་མ་རྣམས། །གཉིས་གཉིས་དག་གམ་གསུམ་ལས་ཀྱང་། །བསྐྱེད་ཀྱང་ཉེས་པར་མི་འགྱུར་ཏེ། །དངོས་གྲུབ་འབྲས་བུ་
མཚུངས་པར་འགྱུར། །ཕྱག་ཞལ་ཁ་དོག་མཚོན་ཆ་སོགས། །མང་དང་ཉུང་དང་ཐ་དད་དང་། །དེ་བཞིན་གོ་རིམས་འཁྲུགས་པ་ཡང་། །དངོས་གྲུབ་འབྲས་བུ་མཚུངས་པར་བཤད། །འོན་ཀྱང་བག་མེད་ལེ་ལོ་ཡིས། །བཀའ་བཞིན་བྱས་པར་མ་གྱུར་ན། །དམ་ཚིག་ཉམས་པའི་
རྒྱུ་ཡིས་ནི། །དངོས་གྲུབ་ཉམས་པའི་རྒྱུར་འགྱུར་རོ། །དེ་དག་ཙམ་གྱིས་རྡོ་རྗེ་ཡི། །དཀྱིལ་འཁོར་བསྒོམ་པའི་ཆོ་ག་རྣམས། །རྒྱས་དང་བསྡུས་པའི་ཚུལ་གྱིས་ནི། །ལེགས་པར་ཕྱེ་སྟེ་བཤད་ཟིན་ཏོ། །དེ་ནས་ལས་རྣམས་སྣ་ཚོགས་དག །མཁས་པས་བསྒྲུབ་པར་བྱ་བ་ལ། །
དཀྱིལ་འཁོར་དག་དང་མི་ལྡན་ཞིང་། །རི་མོ་ལ་སོགས་ཆོ་ག་དང་། །བརྟུལ་ཞུགས་དྲག་པོ་མེད་ཀྱང་རུང་། །ལེགས་པར་བསྒོམ་དང་བཟླས་པ་དང་། །སྦྱིན་སྲེག་འཁོར་ལོའི་སྦྱོར་བ་ལ། །སོགས་པའི་སྦྱོར་བ་ཕྲ་མོ་ལ། །བརྟེན་ནས་མཆོད་ལ་བརྩོན་པ་ཡིས། །ལས་རྣམས་སྣ་
ཚོགས་འགྲུབ་འགྱུར་བ། །མདོར་བསྡུས་ནས་ནི་བཤད་པར་བྱ། །ཁྲོ་བོའི་རྒྱལ་པོའི་གསང་སྔགས་གང་། །རྒྱུད་གཞན་དག་དུ་སྦས་བྱས་པ། །གཤིན་རྗེ་གཤེད་པོ་མཉེས་བྱེད་ཅིང་། །ཐུགས་ཡིན་ཐུགས་ལས་བྱུང་བ་སྟེ། །འདི་ནི་བཀླགས་པ་ཙམ་གྱིས་ཀྱང་། །ཕྲ་མོའི་
เล่ม ๔๘ · หน้า 13b
གདོན་རྣམས་སྐྲག་བྱེད་ན། །གང་ཞིག་བཟླས་བརྗོད་བརྩོན་པ་ཡིས། །གདུག་པ་འདུལ་བ་ལ་སོགས་པའི། །ལས་རྣམས་གྲུབ་པ་སྨོས་ཅི་དགོས། །དེ་བས་སྔགས་ཀྱི་བཟླས་བརྗོད་ཀྱི། །ཆོ་ག་ཚུལ་བཞིན་བཤད་པར་བྱ། །ཐོག་མར་རྡོ་རྗེའི་དཀྱིལ་འཁོར་དག །སྔ་མ་བཞིན་དུ་
བསྒོམ་བྱས་ནས། །སྙིང་གར་ཉི་མའི་དཀྱིལ་འཁོར་ལ། །ས་བོན་བཅུ་བདུན་གྱིས་གང་བའི། །དཀྱིལ་འཁོར་འཁོར་ལོ་འདྲ་བ་དག །སྔ་མའི་བག་ཆགས་ཀྱིས་བསྒོམ་བྱ། །དེ་ནས་ཡ་ལ་དམིགས་ནས་ནི། །རང་གི་སྔགས་ཀྱིས་བསྐུལ་བ་ཡིས། །ཁྲོ་བོ་རྡོ་རྗེ་ཟུང་ཞེས་པ། །
འཇིག་རྟེན་ཁྱབ་པར་སྤྲོས་བྱས་ཏེ། །རྒྱལ་བ་སྲས་བཅས་སྤྱན་དྲངས་ཏེ། །གཤིན་རྗེ་གཤེད་དུ་གྱུར་ནས་ནི། །འཁོར་ཡུག་ཡོངས་སུ་གང་བར་བསམ། །དེ་ནས་ཎ་ཡོ་ནི་ར་ཡི། །ཡི་གེ་བཞི་ལ་དམིགས་བྱས་ཏེ། །རང་རང་སྔགས་ཀྱིས་བསྐུལ་བ་ཡིས། །གཟུགས་སོགས་ལྷ་མོ་
སྤྲོས་ནས་ནི། །ལ་ལ་གཤིན་རྗེ་གཤེད་པོ་ཡི། །དབང་པོ་རྣམས་ལ་ཐིམ་པར་གྱུར། །ལ་ལ་ཕྱོགས་བཅུ་ཐམས་ཅད་ན། །མཆོད་པ་ལ་སོགས་ཆོ་ག་བྱེད། །ལ་ལ་མེ་ཏོག་བདུག་པ་དང་། །མར་མེ་དྲི་དང་ཞལ་ཟས་དང་། །སིལ་སྙན་རྫས་ལ་ཐིམ་པར་གྱུར། །སྤྱི་རུ་བྱིན་གྱིས་
བརླབས་བྱས་ནས། །ཁྱད་པར་དག་ཏུ་བྱིན་བརླབ་པ། །མེ་ཏོག་དང་ནི་མར་མེ་ལ། །གཟུགས་ཀྱི་རྡོ་རྗེ་ཐིམ་བྱས་ཏེ། །གཟུགས་ཀྱིས་ཁྱད་པར་ཕྱེ་བར་བྱ། །དེ་བཞིན་བདུག་པ་བྱུག་པ་ལ། །དྲི་ཡི་རྡོ་རྗེས་ཕྱེ་བ་ཡིས། །ཡོན་ཆབ་བཤོས་དང་གཏོར་མ་རྣམས། །དེ་བཞིན་རོ་ཡི་
རྡོ་རྗེས་ཕྱེ། །སིལ་སྙན་རྣམ་པ་སྣ་ཚོགས་ནི། །སྒྲ་ཡི་རྡོ་རྗེས་ཕྱེ་བའོ། །སྤྱི་དང་བྱེ་བྲག་དབྱེ་བ་ཡིས། །རྫས་དང་དེ་བཞིན་ཤེས་བྱ་སྟེ། །ལྷ་མོའི་ལུས་ཉིད་ཕུལ་བ་ཡིས། །རེག་བྱའི་མཆོད་པར་གྱུར་པའོ། །དེ་ལྟར་ཏིང་འཛིན་ས་བོན་དང་། །སྔགས་དང་རྫས་དང་ལྡན་པ་ཡིས། །
གཤིན་རྗེ་གཤེད་པོ་མཉེས་བྱས་ཏེ། །རྡོ་རྗེ་དཔྱོད་པའི་སྦྱོར་བ་ཡིས། །བདག་གི་ལུས་ལ་འཇུག་པར་བྱ། །དེ་ནས་རྡོ་རྗེའི་ངེས་ཚིག་གི །སྦྱོར་བས་ཤིན་ཏུ་བརྟན་པར་བྱ། །རྡོ་རྗེ་རྡུལ་བྲལ་སྦྱོར་བ་ཡིས། །ཤིན་ཏུ་དབང་དུ་གྱུར་བྱས་ཏེ། །བཟླས་པ་ལ་ནི་འཇུག་པར་བྱ། །དེ་ནས་
เล่ม ๔๘ · หน้า 14a
སྙིང་གའི་ས་བོན་རྣམས། །རབ་ཏུ་གསལ་བར་དམིགས་ནས་ནི། །ཇི་སྲིད་བརྟན་པར་མ་གྱུར་ཚེ། །གསང་སྔགས་སྤྲོ་བར་མི་བྱ་ཞིང་། །ཏིང་འཛིན་འབད་དེ་བཟླས་པ་བརྩམ། །གསང་སྔགས་ཡི་གེ་སུམ་ཅུ་གཉིས། །ཐོག་མར་ཨོཾ་དང་ལྡན་བྱས་ཏེ། །ཐ་མར་
ཕཊ་གཉིས་ལྡན་བྱས་པ། །གསང་སྔགས་ཀུན་གྱི་རྒྱལ་པོ་སྟེ། །མ་ཡེངས་པ་ཡི་ཡིད་ཀྱིས་བཟླས། །དམིགས་པ་བརྟན་པར་མ་གྱུར་ཚེ། །ལྷ་དང་ཡི་གེ་ཞེས་བྱ་བ། །དམིགས་པ་གཉིས་ལས་མ་གཏོགས་པ། །རྟོག་པ་ཐམས་ཅད་སྤང་བར་བྱ། །དེ་ལྟར་ཅི་ནུས་བཟླས་ནས་ནི། །
བཟླས་པ་བཏོང་བར་འདོད་པ་ན། །གཤིན་རྗེ་གཤེད་པོ་ཞེས་བྱ་བ། །བདག་གི་ལུས་ལས་ཕྱུང་ནས་ནི། །མདུན་ན་དགྱེས་བཞིན་བཞུགས་པ་ལ། །བཤགས་དང་སྨོན་ལམ་བཏབ་བྱས་ཏེ། །དེ་ཉིད་དུ་ནི་མི་སྣང་གྱུར། །དེ་ནས་རང་ལུས་ལ་བལྟས་ཏེ། །ཆོས་ཀུན་སྐྱེ་མེད་དྲན་བྱས་
ནས། །བདག་ཀྱང་དེ་བཞིན་མི་སྣང་གྱུར། །ཡང་ན་ལྷ་དང་མི་དབྱེ་བར། །བཟོད་པ་ཡིད་ཀྱིས་གསོལ་ནས་ནི། །ལྷན་ཅིག་མི་སྣང་གྱུར་པར་བྱ། །དེ་ནས་སྟོང་ཉིད་དྲན་པ་ཡིས། །ལངས་ཏེ་རང་གི་སྤྱོད་ལམ་བྱ། །སྟོང་ཉིད་བློ་དང་ལྡན་པ་ན། །སྲུང་བ་དག་ཀྱང་བྱ་མི་དགོས། །དངོས་
གྲུབ་དག་ཀྱང་མྱུར་དུ་འབྱུང་། །བྱང་ཆུབ་མཆོག་ལ་ཉེ་བར་འགྱུར། །གལ་ཏེ་སྔོན་གྱི་བག་ཆགས་ཀྱིས། །ཐ་མལ་ལུས་སུ་མཐོང་གྱུར་ན། །གསང་སྔགས་ཡི་གེ་བཅུ་བདུན་པོ། །སྙིང་ག་མཚོག་མ་ལ་སོགས་པར། །འོད་འབར་གདན་དང་བཅས་པ་དང་། །རང་རང་གནས་སུ་
བསམ་བྱས་ཏེ། །རྡོ་རྗེ་འབར་བའི་མིག་གིས་ཀྱང་། །བསྲུང་བའི་བསམ་པ་ལྡན་བྱས་ཏེ། །ལུས་དང་གནས་དང་གྲོགས་པོ་དང་། །རྫས་ལ་བལྟས་ནས་བསྲུང་བར་འགྱུར། །དེ་ལྟར་ཉིན་རེ་ཆོ་ག་བཞིན། །ཡང་ན་དུས་བཞིར་སྦྱོར་བ་བྱ། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །གཤིན་རྗེ་
གཤེད་པོ་མཉེས་པར་འགྱུར། །དེ་ཡི་བཀའ་ཉན་ཐམས་ཅད་ཀྱང་། །སྒྲུབ་པ་པོ་ལ་དགའ་བར་འགྱུར། །གལ་ཏེ་འཆག་གམ་ཁྲུས་བྱེད་དམ། །ཁ་ཟས་ཟ་དང་ཉལ་བ་དང་། །དེ་བཞིན་སྤྱོད་ལམ་ཀུན་དུ་ཡང་། །ཇི་སྲིད་གཡེང་འགྱུར་ཐམས་ཅད་ལ། །སྟོང་པ་ཉིད་དམ་བསྲུང་བའི་
เล่ม ๔๘ · หน้า 14b
ཤུགས། །ནམ་ཀྱང་བཏང་བར་མི་བྱ་སྟེ། །ཤུགས་བཏང་ན་ནི་སྲུང་བ་ཉམས། །གལ་ཏེ་ཤུགས་དང་ལྡན་པ་ན། །གློ་བུར་ཡིད་ནི་གཡེང་གྱུར་ཀྱང་། །སྲུང་བ་བྲལ་བ་མ་ཡིན་ནོ། །ནམ་ཞིག་ཡིད་ནི་བརྟན་གྱུར་ན། །ལྷ་དང་ཡིག་འབྲུ་གསལ་བའི་ཚེ། །དེ་ཚེ་གཡོ་བ་བརྩམ་པར་བྱ། །
གལ་ཏེ་དངོས་གྲུབ་མཆོག་འདོད་ན། །འོད་ཟེར་ཡི་གེའམ་མཚན་མའམ། །སྐུ་ཡི་ཚུལ་གྱིས་སྤྲོས་བྱས་ཏེ། །རྒྱལ་བ་སྲས་དང་བཅས་པ་ཀུན། །བསྡུས་ནས་བདག་ལ་ཐིམ་པར་བྱ། །གལ་ཏེ་བསོད་ནམས་མཆོག་འདོད་ན། །ཁམས་གསུམ་གནས་པའི་སེམས་ཅན་ཀུན། །
འོད་ཟེར་ཚུལ་དུ་བསྡུས་པ་ནི། །སངས་རྒྱས་ཀུན་ལ་ཐིམ་བྱས་ཏེ། །སྐུ་གསུམ་རྡོ་རྗེར་གྱུར་པར་ནི། །འདོད་ན་གཉིས་ཀའང་ལྷན་ཅིག་ཏུ། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །ཡི་དམ་བཅས་པ་རྫོགས་པར་བྱ། །གལ་ཏེ་སྒྲུབ་པར་བྱེད་པ་སྟེ། །བཟླས་པའི་གྲངས་ལ་མོས་པ་ན། །རྟོག་
པ་ལས་གསུངས་ཇི་བཞིན་དུ། །ཡི་དམ་བཅས་པ་རྫོགས་བྱས་པ། །དེ་ནས་སྒྲུབ་ལ་འཇུག་པར་བྱ། །གལ་ཏེ་དུས་ལ་དགའ་བ་ན། །དེ་བཞིན་ལོ་གྲངས་ཇི་ནུས་པར། །དམ་བཅས་ནས་ནི་སྒྲུབ་ལ་འཇུག །གལ་ཏེ་སྒྲུབ་པར་བྱེད་པ་སྟེ། །ཤིན་ཏུ་བརྩོན་དང་ལྡན་པ་ན། །མཚན་མ་
ཐོབ་ལ་དམ་བཅས་ནས། །ཏིང་འཛིན་ཤིན་ཏུ་གསལ་བ་ཡིས། །མཚན་མ་ཐོབ་པར་གྱུར་པའམ། །གལ་ཏེ་ལྷ་ཡིས་ལུང་བསྟན་པ། །རིགས་པ་དང་ལྡན་ཐོབ་པའམ། །མཚན་མ་རབ་འབྲིང་བྱེ་བྲག་རྣམས། །རྟོག་ལས་གསུངས་པ་ཇི་བཞིན་དུ། །སྒྲུབ་པ་ལ་ནི་འཇུག་པར་བྱ། །
སྔགས་པས་བཟླས་བརྗོད་བྱ་བའི་ཚུལ། །ལེགས་པར་ཕྱེ་བ་བཤད་ཟིན་ཏོ། །དེ་ནས་ལས་རྣམས་སྣ་ཚོགས་ཀྱི། །དངོས་གྲུབ་ཆོ་ག་བཤད་པར་བྱ། །ཐོག་མར་ཤེས་རབ་ཆོ་ག་ནི། །མདོར་བསྡུས་ནས་ནི་བཤད་པར་བྱ། །སྔགས་པས་བསྙེན་པ་རྫོགས་བྱས་པས། །གཙང་མའི་
གནས་སུ་སོང་ནས་ནི། །རས་དཀར་གཙང་མའི་གོས་བྱས་ནས། །རིན་ཆེན་འབར་འདྲའི་གནས་ལ་འདུག །ཁྲུས་ཀྱང་ལེགས་པར་བྱས་ནས་ནི། །མངར་གསུམ་ལྡན་པའི་ཁ་ཟས་དང་། །སྨན་དང་ལྡན་པའི་མར་དག་ཀྱང་། །སྔགས་དང་ལྡན་པས་ཅི་རན་བཟའ། །མཆོད་པ་དག་
เล่ม ๔๘ · หน้า 15a
ཀྱང་བྱས་ནས་ནི། །སྙིང་གར་ཤེས་རབ་འཁོར་ལོ་དག །ཟླ་བ་འདྲ་དང་ཤེལ་འདྲ་དང་། །དེ་བཞིན་ཉི་མ་འདྲ་ཡང་རུང་། །རྩིབས་བཞིའམ་ཡང་ན་རྩིབས་བཅུ་གཉིས། །བཅུ་དྲུག་སུམ་ཅུ་གཉིས་ཀྱང་རུང་། །དེ་ལ་རང་གི་ས་བོན་ནི། །གསང་སྔགས་ཡི་གེ་
སུམ་ཅུ་གཉིས། །དཀར་པོ་ཅུང་ཟད་རྩ་དམར་བ། །འོད་དང་ལྡན་པ་བསྒོམ་པར་བྱ། །ཨཱ་ལི་ཀཱ་ལི་ཕྲེང་བ་ཡང་། །འཁོར་ལོའི་ཚུལ་དུ་བསྒོམ་པར་བྱ། །དེ་ཡང་འཕྲོ་དང་གཡོ་བ་དང་། །མྱུར་དུ་རབ་ཏུ་འཁོར་བ་རྣམས། །ཅི་དགའ་བར་ནི་བསྒོམ་པར་བྱ། །དེ་ལྟར་ཟླ་དྲུག་ཟླ་བ་གསུམ། །
གཅིག་དང་ཕྱེད་དུ་བསྒོམ་བྱས་ནས། །བློ་གྲོས་རབ་ཏུ་རྒྱས་པར་འགྱུར། །དེ་ནས་སྲུང་བའི་ཆོ་ག་ཡང་། །མདོར་བསྡུས་ནས་ནི་བཤད་པར་བྱ། །ཤེས་རབ་ཆོ་ག་ཇི་བཞིན་དུ། །སྦྱོར་བ་ལེགས་པར་བྱས་པ་ལས། །ཡི་གེ་ཡ་དང་ནི་བསལ་ནས། །ལྷག་མའི་ཡི་གེ་བསྒོམ་པར་བྱ། །ཟླ་
བའི་དཀྱིལ་འཁོར་འདྲ་བ་ཡི། །མཎྜལ་བྱས་ནས་དེ་སྟེང་དུ། །བུམ་པ་ལྔ་ནི་གཞག་པར་བྱ། །དེ་བཞིན་གསང་སྔགས་བཟླས་པའི་མཐར། །ཆེ་གེ་མོ་ཞེས་བྱ་བ་ལ། །རཀྵ་རཀྵ་ཞེས་པ་དང་། །སྭཱ་ཧཱ་ལྡན་པ་བཟླས་པ་ཡི། །བུམ་པ་ཡིས་ནི་སྤྱི་བོར་ཡང་། །བསྲུང་བར་འདོད་ལ་དབང་
བསྐུར་བྱ། །དེ་ལྟར་ལན་ཅིག་ལན་གསུམ་མམ། །ལན་བདུན་གྱིས་ནི་སྲུང་བར་འགྱུར། །དེ་ནས་བཤད་པར་བྱ་བ་ནི། །འབྱུང་ཆེན་བཞི་ཡི་དཀྱིལ་འཁོར་གྱིས། །ལས་རྣམས་སྣ་ཚོགས་གྲུབ་འགྱུར་བ། །མདོར་བསྡུས་ནས་ནི་བཤད་པར་བྱ། །གང་ཞིག་དབང་དུ་བྱེད་འདོད་ན། །ཆུ་
བགྲམ་དག་དུ་སོང་ནས་ནི། །ཟླ་བ་ཕྱེད་པ་འདྲ་བ་ཡི། །ཁ་དོག་དམར་པོའི་གནས་ལ་འདུག །ཟླ་བ་ཕྱེད་པའི་དུས་དག་ལ། །སྔགས་པས་སྦྱོར་བ་བརྩོམ་པར་བྱ། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་བཞིན་མཆོད་པ་བྱས་ནས་ནི། །སྙིང་གར་ཡ་ལས་བྱུང་བ་ཡི། །རླུང་གི་
དཀྱིལ་འཁོར་བསྒོམ་བྱ་བ། །ཁ་དོག་སྔོ་ལ་རྩ་དམར་པོ། །དེ་ཡི་སྟེང་དུ་པདྨ་ནི། །སུམ་ཅུ་རྩ་གཉིས་འདབ་ལྡན་པ། །རྩེ་ལ་བ་དན་གཡོ་བ་དག །ལེགས་པར་བསམ་པར་བྱས་ན་ནི། །དེ་ཡི་སྟེང་དུ་ཡི་གེ་ཡང་། །སུམ་ཅུ་རྩ་གཉིས་གོ་རིམས་བཞིན། །ཁ་དོག་དམར་སྐྱར་བསྒོམ་
เล่ม ๔๘ · หน้า 15b
པར་བྱ། །དེ་ནས་བསྒྲུབ་བྱ་མདུན་གནས་པ། །ཁ་དོག་དམར་ཞིང་གོས་ཀྱང་དམར། །མྱོས་བཞིན་ཐལ་མོ་སྦྱོར་བྱེད་པ། །འདི་ལྟར་བསམ་པ་བྱས་ནས་ནི། །དེ་ནས་རང་གི་ཡི་གེ་ལས། །མེ་ཏོག་ལ་ནི་གྲུབ་པའི་མདའ། །རླུང་གི་ཤུགས་ཀྱིས་འཕངས་ནས་ནི། །བསྒྲུབ་བྱའི་དཔྲལ་བ་
མགུལ་བ་དང་། །སྙིང་ག་ལྟེ་བ་གསང་གནས་སུ། །རྒྱུན་མི་འཆད་པར་ཕོག་པར་བསམ། །བུད་མེད་ལ་ནི་ཁྱད་པར་དུ། །གསང་བའི་གནས་ལ་ཕོག་པར་བསམ། །འདི་ལྟར་སྦྱོར་བ་བརྟན་པ་ཡིས། །བརྒྱ་བྱིན་དབང་ཆེན་གྲགས་པ་ཡང་། །དེ་ལ་དགའ་ཞིང་དབང་དུ་གྱུར། །དེ་
བཞིན་ལྷ་དང་བདུད་ལ་སོགས། །བྲམ་ཟེ་རྒྱལ་པོ་བློན་པོར་བཅས། །ཀུན་ནས་དབང་དུ་བྱེད་པར་འགྱུར། །ལྷ་མོའམ་ནི་གནོད་སྦྱིན་མོ། །མངོན་པར་ཤེས་པ་ལྡན་པ་དག །དབང་དུ་བྱ་བ་སྒྲུབ་པ་ནི། །རིང་པོར་མི་ཐོགས་འགྲུབ་པར་འགྱུར། །མཐུ་ཆེན་བསྒྲུབ་པར་དཀའ་བ་དང་། །
རང་གི་འདོད་པ་མི་ལྡན་དང་། །རགས་ལས་གྲུབ་པའི་གཟུགས་ཅན་དང་། །མངོན་པར་ཤེས་པ་མི་ལྡན་པ། །དབང་དུ་བྱ་བར་དཀའ་བར་བཤད། །ལྷ་མོ་གནོད་སྦྱིན་མོ་ལ་སོགས། །ཕྲ་བའི་ལུས་ཅན་མངོན་ཤེས་ལྡན། །རང་གི་འདོད་པ་ལྡན་པ་དང་། །མཐུ་ཆེ་བ་ཡང་དབང་འགྱུར་
བར། །རབ་ཏུ་དཀའ་བ་མ་ཡིན་ནོ། །གལ་ཏེ་བསྒྲུབ་པར་བྱ་བ་དག །སྔགས་པས་དགུག་པར་འདོད་པ་ནི། །སྦྱོར་བ་དེ་ཉིད་བསྒོམ་བྱས་ཏེ། །ལྕགས་ཀྱུ་རླུང་དང་ལྡན་པ་དག །ས་བོན་རྣམས་ལས་ངེས་སྤྲོས་ཏེ། །བསྒྲུབ་པར་བྱ་བའི་སྙིང་ག་ནས། །དྲངས་ཏེ་དགུག་པའི་སྦྱོར་བ་བྱ། །
གལ་ཏེ་བསྐྲད་པར་འདོད་ན་ཡང་། །སྦྱོར་བ་དེ་ཉིད་བསྒོམ་བྱས་ཏེ། །རླུང་དང་ལྡན་པའི་རྔ་མོ་དག །རབ་ཏུ་གནག་ཅིང་མགྱོགས་པ་ནི། །རང་གི་ས་བོན་གནས་ལས་འཐོན། །དེ་ལ་བསྒྲུབ་བྱ་བསྐྱོན་བྱས་ཏེ། །མྱུར་དུ་ལྷོ་ཕྱོགས་བདའ་བར་བྱ། །གལ་ཏེ་དབྱེ་བར་འདོད་པ་ན། །སྦྱོར་བ་དེ་ཉིད་
བསྒོམ་བྱས་ཏེ། །སྦྲུལ་དང་ནེའུ་ལེ་མང་པོ་དག །རང་གི་ས་བོན་གནས་ལས་འཐོན། །དེ་དག་བསྒྲུབ་བྱ་གཉི་ག་ཡི། །སོ་སོར་ལུས་ལ་ཞུགས་པར་བྱ། །དེ་ནས་བསྒྲུབ་བྱ་དེ་དག་ཀྱང་། །སྦྲུལ་དང་སྲེ་མོའི་རང་བཞིན་དུ། །གྱུར་ནས་ཕན་ཚུན་འཐབ་པར་བསམ། །སྦྱོར་བ་འདི་ནི་
เล่ม ๔๘ · หน้า 16a
བརྟན་པ་ཡིས། །བསྒྲུབ་བྱ་དབྱེ་ཞིང་འཐབ་པར་འགྱུར། །དེ་ནས་བསྒྲུབ་པར་བྱ་བ་དག །གནོན་ཅིང་རྨོངས་པར་བྱེད་འདོད་ན། །རྡོ་རྗེ་དཀྱིལ་འཁོར་བསྒོམས་པ་ཡི། །སྙིང་གར་ས་ཡི་དཀྱིལ་འཁོར་ནི། །གྲུ་བཞི་སེར་པོ་མ་ལས་བྱུང་། །དེ་སྟེང་སྣ་ཚོགས་རྡོ་རྗེ་
ནི། །རྩེ་མོ་སུམ་ཅུ་གཉིས་དང་ལྡན། །དེ་ལ་རང་གི་ས་བོན་ཡང་། །ཁ་དོག་སེར་པོ་ལྡན་པ་དག །སུམ་ཅུ་རྩ་གཉིས་ཚང་བར་བསྒོམ། །དེ་ནས་དེ་འདྲ་སྤྲོ་བྱ་སྟེ། །བསྒྲུབ་བྱ་གང་ན་གནས་པ་ཡི། །སྟེང་དུ་ཡང་དང་ཡང་མནན་ན། །སྐྱེ་འགྲོ་མནན་ཅིང་རྨོངས་པར་འགྱུར། །གལ་ཏེ་
རྒྱས་པར་བྱེད་འདོད་ན། །སྦྱོར་བ་དེ་ཉིད་བསྒོམ་པ་ལས། །དེ་ལས་ཅུང་ཟད་མི་འདྲ་བ། །རྡོ་རྗེ་གནས་སུ་རིན་ཆེན་བསྒོམ། །དེ་ལ་འོད་ཟེར་འཕྲོ་བ་ཡིས། །རིན་ཆེན་ལྟ་བུས་འོད་ཟེར་དག །བསྒྲུབ་བྱ་ལ་ནི་ཐིམ་པ་ཡིས། །བསོད་ནམས་ཡོངས་སུ་རྒྱས་པར་བྱ། །གཞན་ཡང་དྲག་
པོའི་སྦྱོར་བ་ལ། །མེ་ཡི་དཀྱིལ་འཁོར་ར་ལས་བྱུང་། །རྡོ་རྗེ་རྩེ་གསུམ་འོད་འབར་བ། །རང་གི་ཡི་གེས་མཚན་པ་ཡིས། །རྡོ་རྗེ་མེ་ལྟར་འཕྲོ་བ་དག །གང་དང་གང་དུ་བསམས་པ་དེར། །གསད་པའི་ལས་ལ་སྔགས་པ་ཡིན། །གཞན་ཡང་ཞི་བར་བྱ་འདོད་ན། །ཆུ་ཡི་དཀྱིལ་འཁོར་
ཛ་ལས་བྱུང་། །ཟླུམ་ཞིང་དཀར་ལ་བུམ་པ་ནི། །ཤེལ་དང་འདྲ་བ་ཉི་ཤུས་བརྒྱན། །དེ་ཡི་ནང་དུ་ཡི་གེའི་ཚོགས། །ཡ་ནི་གསལ་བ་ཉི་ཤུ་བསམ། །ཡི་གེ་དག་ལ་བདུད་རྩི་ཆུ། །འཛགས་པས་བུམ་པ་གང་བར་བསམ། །དེ་ནས་མ་རུངས་བགེགས་ལ་སོགས། །རབ་ཏུ་
གདུག་པའི་སེམས་ལྡན་ལ། །དེ་ལ་བདུད་རྩི་འོད་ཟེར་དག །ཀུན་ནས་ཐིམ་པར་གྱུར་པ་ཡིས། །གདུག་པའི་ཚོགས་ནི་ཞི་བར་འགྱུར། །འབྱུང་ཆེན་བཞི་ཡི་དཀྱིལ་འཁོར་གྱི། །ཏིང་ངེ་འཛིན་གྱི་སྦྱོར་བ་ཡིས། །ལས་ཀྱི་སྦྱོར་བ་གང་སྒྲུབ་པ། །སོ་སོར་ཕྱེ་སྟེ་བཤད་པ་ཡིན། །བསྒོམ་
པ་དང་ནི་བཟླས་པ་དག །གལ་ཏེ་འབད་ནས་བྱས་པ་ཡང་། །སྐལ་དང་མོས་པ་དམན་པ་ཡིས། །ལས་རྣམས་གྲུབ་པར་མ་གྱུར་པའི། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །སྦྱོར་བ་ལ་ནི་བརྟེན་པར་བཤད། །སངས་རྒྱས་བསྟན་ལ་གནོད་བྱེད་པའི། །རྒྱལ་པོ་ངན་པ་བྱུང་
เล่ม ๔๘ · หน้า 16b
གྱུར་ཏམ། །བློན་པོ་ལ་སོགས་དེ་བཞིན་ཏེ། །སྐྱེ་བོ་ངན་པའི་ཚོགས་བྱུང་ནས། །ཐབས་གཞན་དག་གིས་མ་དུལ་ན། །བསྟན་པ་ཡོངས་སུ་བསྲུང་བའི་ཕྱིར། །སངས་རྒྱས་རྣམས་ཀྱི་བཀའ་བཞིན་དུ། །བྱང་ཆུབ་སེམས་དང་ལྡན་བྱས་ཏེ། །དེ་ཚེ་དྲག་པོའི་སྦྱོར་བ་བརྩམ། །
གདུག་པ་གཞིག་པར་བྱ་བའི་ཐབས། །དྲག་པོའི་སྦྱོར་བ་གང་གསུངས་པ། །རྒྱལ་བའི་བཀའ་ཉིད་བསྲུང་བའི་ཕྱིར། །མདོར་བསྡུས་ནས་ནི་བཤད་པར་བྱ། །སྦུ་གུ་རིག་པར་བྱ་བ་དང་། །གནད་ཀྱི་གནས་རྣམས་གཟིར་བ་དང་། །བྱུག་དང་གཏོར་བ་ལ་སོགས་ཀྱིས། །རུལ་སོགས་
མ་རུངས་བྱ་བ་དང་། །བསྐམ་ཞིང་སྲེག་པའི་ཆོ་ག་དང་། །ལུས་ཀུན་ཡོངས་སུ་གཞོམ་པ་དང་། །བྱད་ཀྱིས་ཕོག་པར་བྱ་བ་དང་། །འཁྲུགས་ཤིང་མྱོས་པར་འགྱུར་བ་ཡིས། །གདུག་པ་བརླག་པར་འགྱུར་བ་ཡི། །ཆོ་ག་མདོར་བསྡུས་འདི་ཞེས་བྱ། །དེ་ལ་སྦུ་གུ་རིག་པ་ཡི། །
ཆོ་ག་དག་ཀྱང་བཤད་པར་བྱ། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་བྱས་ཏེ། །སྲོག་དང་ཡི་གེ་གཉིས་མེད་པར། །ཁ་དོག་ལྔ་རུ་གྱུར་བྱས་ཏེ། །སྦྲང་བུ་ཏྲཻ་ལའི་མཆུ་འདྲ་བ། །བདག་གི་སྣ་ནས་དབྱུང་བར་བྱ། །བསྒྲུབ་བྱའི་ལྟེ་བའི་པདྨ་ལས། །སྐུད་པ་འདྲ་བའི་སྦུ་གུ་ནས། །སྲོག་གི་ཡི་གེ་
དྲང་བར་བྱ། །དེ་ནས་བསྒྲུབ་བྱའི་རྡུལ་དག་དང་། །རྗེས་དང་དྲི་མ་སྣ་ཚོགས་དང་། །གྲོག་མཁར་ས་སོགས་སྦྱར་བྱས་ཏེ། །ཁ་སྦྱར་ལྡན་པའི་གཟུགས་བརྙན་བྱ། །གཞན་ཡང་ཆུའམ་དུར་ཁྲོད་དམ། །འབྱུང་པོ་གནས་པའི་ས་དག་ལས། །ཀླུ་འམ་ས་ཡི་བདག་པོ་འམ། །མ་མོའི་
ཚོགས་སམ་འབྱུང་པོ་དག །ཁ་དོག་བཞིར་ལྡན་གཟུགས་བྱས་ཏེ། །རང་རང་གནས་སུ་སྦས་བྱས་ནས། །ཆུ་ཡི་ཧོམ་དང་དེ་བཞིན་དུ། །ས་དང་མེ་ཡི་ཧོམ་དག་གིས། །ཚིམ་པར་བྱས་ནས་དེས་གཟུང་འགྱུར། །དེ་ལ་སྦུ་གུ་རིག་པའི་ཐབས་ཀྱི་ཆོ་ག་ནི་འདི་ཡིན་ཏེ། ཐོག་མ་ཉིད་སྦུ་
གུ་རིག་པའི་ཆོ་ག་གང་གིས་བསྒྲུབ་བྱ་ཀླུ་ཡིས་ཟིན་པར་འགྱུར་བའི་ཐབས་ཀྱི་ཆོ་ག་བཤད་པར་བྱའོ། །དེ་ལ་དང་པོར་སྔགས་པས་རྡོ་རྗེ་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྒོམས་ཏེ། རང་གི་སྙིང་གར་ཡི་གེའི་ཚོགས་ཇི་ལྟ་བ་བཞིན་དུ་བསྒོམས་པ་དག་སྲོག་ཅེས་བྱ་བའི་རླུང་དང་འདྲེས་པར་
เล่ม ๔๘ · หน้า 17a
གྱུར་བས་འོད་ཟེར་ཁ་དོག་ལྔ་པའམ་བཞི་པ་སྦྲང་བུ་ཏྲཻ་ལའི་མཆུ་ལྟར་བཅུད་ཐམས་ཅད་འབྱིན་པར་ནུས་པ་རབ་ཏུ་རྣོ་བ་གདུག་པ་སྣའི་བུ་ག་གཉིས་ནས་བྱུང་བར་བསམ་མོ། །དེ་བཞིན་དུ་དམིགས་པ་བྱས་པས་རང་གི་སྣས་དེའི་རེག་པ་མྱོང་བར་འགྱུར་རོ། །དེ་ནས་
ཏིང་ངེ་འཛིན་དེ་དབང་དུ་གྱུར་ན་ནི་དང་པོར་རྫི་རྣོ་བར་འགྱུར་རོ། །དེ་ནས་དབུགས་རྔུབ་ཅིང་དྲངས་པས་གཞན་གྱི་རོ་དག་ཀྱང་ཉམས་སུ་མྱོང་བར་འགྱུར་རོ། །དེ་ནས་ཏིང་ངེ་འཛིན་དེ་ཤིན་ཏུ་དབང་དུ་གྱུར་ན་ནི་བསྒྲུབ་བྱའི་ལྟེ་བའི་གནས་ན་པདྨ་ཁ་སྦྱོར་གྱི་དབུས་སྲོག་གནས་པའི་རྩ་སྐུད་པ་འདྲ་བ་
འདུས་པའི་རྩ་ན་སྲོག་གི་རང་བཞིན་ཡི་གེ་ཨའི་དབྱིབས་སུ་གནས་པ་ནི་རྩ་ཁ་དོག་དམར་སྐྱར་གནས་པ་ཞིག་ཡོད་དེ། དེ་བཞིན་དུ་གསལ་བར་བསྒོམས་ནས་དེ་ནས་བདག་གི་སྣ་ནས་དབུགས་ཀྱི་འོད་ཟེར་རབ་ཏུ་རྣོ་བ་དེ་དག་ཕྱུང་སྟེ་བསྒྲུབ་བྱའི་ལྟེ་བའི་བ་སྤུའི་བུ་ག་ནས་ཞུགས་ནས།
སྦུ་གུ་སྐུད་པ་འདྲ་བའི་ནང་དུ་ཞུགས་ཏེ་སྲོག་གི་རང་བཞིན་གྱི་ཡི་གེ་ལ་ཟུག་ནས། ཡི་གེ་དེ་དག་ཐམས་ཅད་གཞིབས་ཏེ། ཡི་གེ་ཉིད་ཀྱང་བླངས་ནས་དྲངས་པས། དཔེར་ན་པགས་པ་རློན་པ་ལས་བྱས་པའི་སྣོད་ཞབས་ནས་ཐོན་ནས་སློག་པ་བཞིན་དུ་སྲོག་གི་གནས་པདྨ་ཁ་སྦྱར་ཏེ་ནང་
ཕྱིར་བཟློག་པར་གྱུར་པར་བྱས་ནས་རབ་ཏུ་དྲངས་པར་བྱས་ན་སྦྱོར་བ་དེ་འབའ་ཞིག་གིས་ཀྱང་གང་སུ་ཡང་རུང་སྟེ་དེ་འཆི་བར་འགྱུར་རོ། །ཏིང་ངེ་འཛིན་མ་ཐོབ་པ་རྣམས་ཀྱིས་ནི་སྦྱོར་བ་དང་བཅས་པ་བརྩམ་པར་མི་བྱ་སྟེ། ཐོག་མ་ཉིད་དུ་ཏིང་ངེ་འཛིན་དེ་ཉིད་ཀྱང་འབད་པས་གོམས་པར་
བྱས་ནས་གསང་སྔགས་ཀྱི་བཟླས་བརྗོད་ཀྱང་བྱས་ལ། དེ་ནས་བསྒྲུབ་བྱ་དེའི་རྐང་རྗེས་ཀྱི་ས་དང་། ཕྱི་ས་ཆེ་ཆུང་གི་རྗེས་དག་དང་། གཞན་ཡང་མཆིལ་མ་དང་སྐྲ་དང་གོས་ཀྱི་དུམ་བུ་དག་དང་། གཞན་ཡང་དེའི་ཁྱིམ་གྱི་ས་དང་། ཐེམ་པ་རྩའི་ས་དག་ཇི་ལྟར་རྙེད་པ་བླངས་ཏེ།
གྲོག་མཁར་གྱི་ས་དང་། འབྲུ་སྣ་ཚོགས་ཀྱི་ཕྱེ་དང་། ས་བཟང་པོ་གཞན་དག་དང་སྦྱར་ཏེ་ལེགས་པར་བཏགས་ནས་བསྒྲུབ་བྱའི་གཟུགས་བརྙན་སོར་བརྒྱད་པ་ཞིག་བྱའོ། །དེ་ནས་གྲོ་ག་འམ། འདབ་མ་གང་ཡང་རུང་བ་ལ་པདྨ་ཁ་སྦྱོར་དོང་ཙེ་ཙམ་གྱི་དབུས་སུ། ཨ་དམར་པོས་
เล่ม ๔๘ · หน้า 17b
མཚན་པ་ཁ་དོག་དམར་པོ་ཞིག་བྱའོ། །དེ་ནས་ཚོན་སྣ་ལྔ་འམ། སྣ་བཞིའི་སྐུད་པ་མཐོ་དོ་པའི་ཚད་བྱ་སྟེ་དེ་དག་གི་རྩེ་མོ་གཅིག་ཏུ་བསྒྲིལ་ནས་ཟངས་ཀྱི་སྦུ་གུ་སོག་མའི་མགྲིན་པ་ཙམ་ཞིག་བྱས་ཏེ། དེའི་ནང་ནས་སྐུད་པ་དེ་དག་ཕྱུང་ནས་པདྨ་ཁ་སྦྱོར་གྱི་སྙིང་པོའི་ཡི་གེ་ཨ་ལ་ཕུག་སྟེ་
གདགས་པར་བྱའོ། །དེ་ནས་པདྨ་དེ་བསྒྲུབ་བྱའི་གཟུགས་བརྙན་གྱི་ལྟེ་བའི་དཀྱིལ་དུ་ལུས་ཇི་ལྟར་གནས་པ་བཞིན་དུ་གཞུག་པར་བྱའོ། །ཟངས་ཀྱི་སྦུ་གུ་དེ་ཡང་ལྟེ་བ་ལ་ཟུག་པར་གཟིར་བར་བྱའོ། །དེ་ནས་གཟུགས་བརྙན་དེ་བ་ལང་གི་པགས་པ་ཞིག་ཏུ་དྲིལ་ཏེ་སྐུད་པ་དེ་དག་ཕྱིར་
ཕྱུང་ནས་དེ་ཅུང་ཟད་བསྐམ་པར་བྱའོ། །དེ་ནས་བསྐམས་པར་གྱུར་པ་དང་གཟུགས་བརྙན་དེ་ཁྱེར་ཏེ་བསྒྲུབ་བྱའི་ཁང་པ་མཐོང་བའི་ས་ཕྱོགས་བསྒྲུབ་བྱའི་ཁང་པ་ལ་ཟུག་པའི་ལམ་ཡོད་པ་ཞིག་ཏུ་དོང་བརྐོས་ཏེ་དེའི་ནང་དུ་སྦས་ནས་ས་སྐམ་པོས་བཀང་སྟེ་གཞག་གོ། །དེ་ནས་རང་གི་
ཁྱིམ་དུ་འོངས་ཏེ་ཏིང་ངེ་འཛིན་སྔ་མ་བཞིན་དུ་བསྒྲུབ་བྱའི་སྲོག་རེངས་ནས་གཟུགས་བརྙན་ལ་ཐིམ་པར་བྱའོ། །དེ་ལྟར་སྦྱོར་བ་འདི་ཞག་གཅིག་གམ་གཉིས་སམ་གསུམ་དུ་བྱས་ནས། དེ་ནས་སྒྲུབ་པ་པོས་དགུག་པའི་སྦྱོར་བ་ཇི་ལྟར་ནུས་པ་བྱས་ཏེ། སྒྲུབ་པའི་གྲོགས་མཆོག་དག་གིས་
ལྷའི་ཏིང་ངེ་འཛིན་དང་ལྡན་པས་ལྷའི་ཆ་ལུགས་བཟུང་སྟེ། བསྒྲུབ་བྱའི་གཟུགས་བརྙན་བླངས་ལ་རང་གི་གནས་སུ་འོང་བར་བྱའོ། །དེ་ནས་སྟེགས་བུའི་སྟེང་དུ་བཙག་གམ་རྡོ་རྒྱུས་སམ་སོལ་བ་དག་གིས་རླུང་གི་དཀྱིལ་འཁོར་ཟླ་གམ་བསྒྲུབ་བྱའི་ཕྱོགས་སུ་བལྟ་བ་ཞགས་པ་དང་ལྕགས་
ཀྱུ་མང་པོས་མཚན་པ་ཞིག་བྲིས་ལ། དེའི་སྟེང་དུ་བཞག་ལ་ཞག་བདུན་གྱི་བར་དུ་དགུག་པའི་སྦྱོར་བ་བྱ་ཞིང་གཟུགས་བརྙན་ལ་བསྟིམས་ཏེ། སྐུད་པ་ནག་པོ་ལ་རང་གི་གསང་སྔགས་བཟླས་པས་ཤིན་ཏུ་བསྡམས་པར་བསམ་ཞིང་། ཚོན་སྐུད་ལག་པས་བཟུང་སྟེ་བཟླས་པ་ལ་བརྩོན་
པར་བྱའོ། །དེ་ནས་ཞག་བདུན་ལོན་པ་དང་རྒྱ་མཚོའི་སའམ། དེ་བཞིན་དུ་ཆུ་ཆེན་པོའི་འགྲམ་དང་། ལྟེང་ཀ་དང་རྫིང་ཆེན་པོ་དང་། ཆུ་མིག་སྣ་ཚོགས་ནས་ས་དང་ཆུ་བླངས་ཏེ། དེ་ནས་ས་དེ་དག་དང་། སྨན་དང་སྤོས་དང་། མེ་ཏོག་བཟང་པོ་དག་དང་ལེགས་པར་བཏགས་ཏེ་འབྲས་
เล่ม ๔๘ · หน้า 18a
སམ་གྲོའི་ཕྱེ་མ་དག་དང་ཡང་སྦྱར་ནས་ཀླུ་ཆེན་པོའི་གཟུགས་བྱས་ནས། འདི་ལྟར་སྦྲུལ་རབ་ཏུ་འབར་བའི་ཁ་གདངས་པ་བཞི་བྱས་ཏེ། དེ་དག་གི་སྙིང་གར་ཨོཾ་ཕུ་ཞེས་བྱ་བའི་སྙིང་པོ་བྲིས་ལ་གཞུག་གོ། །ཁར་ཁཾ་ནག་པོ་བྲིས་ལ་གཞུག །སྦྲུལ་དེ་དག་
ཀྱང་གཙུག་ན་ནོར་བུ་ཡོད་པ་ལྕེ་གཉིས་པ་སོ་ཕྲེང་བ་འདྲ་བར་གནས་པའོ། །ཁ་དོག་ནི་དང་པོར་གུ་གུལ་དཀར་པོ་དང་བའི་མར་བསྲེས་ཏེ་བསྐོལ་ནས་བྱུག་པར་བྱའོ། །དེ་ནས་ཚོན་སྣ་བཞིས་ཁ་དོག་བསྒྱུར་བར་བྱ་སྟེ། གཅིག་ནི་དཀར་པོའོ། །གཅིག་ནི་སེར་པོའོ། །གཅིག་ནི་དམར་
པོའོ། །གཅིག་ནི་ནག་པོའོ། །དེ་དག་གི་ལྕེ་གཉིས་གཉིས་པོ་དེ་དག་ཀྱང་ཚོན་སྐུད་ལེགས་པར་བསྒྲིལ་བ་མཐོ་རེ་བ་གཉིས་གཉིས་ལ། ཨོཾ་པན་ནཱ་ག་བི་ཥ་ཁཾ། ཞེས་བྱ་བའི་གསང་སྔགས་བཟླས་ཏེ་རྩ་བ་སྦྲུལ་གྱི་ཁར་བཅུག་ལ། དུག་འབར་བའི་ལྕེར་གྱུར་པར་བསམ་པར་བྱའོ། །
དེ་ནས་ས་ཕྱོགས་གཙང་མ་ཞིག་ཏུ་རས་སམ་གོས་གཙང་མའི་གུར་ཕུབ་ལ། དེར་མཎྜལ་བའི་རྣམ་ལྔ་དང་ལྡན་པ་ཞིག་བྱས་ཏེ། དེར་པདྨ་འདབ་མ་བཞི་པ་ཞིག་བྲིས་ནས་གེ་སར་སྔོན་པོར་བྱས་ནས་དེའི་སྟེང་དུ་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ཉིད་ཁམས་གསུམ་རྣམ་པར་
རྒྱལ་བའི་གཟུགས་སུ་གཞག་པར་བྱའོ། །ཤར་ཕྱོགས་ཀྱི་འདབ་མ་དཀར་པོར་བྱ་སྟེ། དེར་སྦྲུལ་དཀར་པོ་གཞག་གོ། །དེ་བཞིན་དུ་ལྷོ་སེར་པོར་བྱ་སྟེ། སྦྲུལ་སེར་པོ་གཞག་གོ། །ནུབ་ཀྱི་དམར་པོར་བྱ་སྟེ་སྦྲུལ་དམར་པོ་གཞག་གོ། །བྱང་གི་ནག་པོར་བྱས་ཏེ་སྦྲུལ་ནག་པོ་
གཞག་གོ། །སྦྲུལ་དེ་དག་ཀྱང་མགོ་དབུས་སུ་བལྟ་བར་བྱའོ། །དེ་ནས་སྔགས་པ་བདག་ཉིད་ཁྲུས་ལེགས་པར་བྱས་ནས་གོས་གཙང་མ་བགོས་ཏེ་ལག་པ་དྲི་བཟང་པོས་བྱུགས་ནས་ནུབ་ཕྱོགས་ཀྱི་སྒོར་འདུག་སྟེ། རང་གི་ལྷའི་ཏིང་ངེ་འཛིན་དུ་ཞུགས་ནས། མཎྜལ་གྱི་དབུས་སུ་
བཅོམ་ལྡན་འདས་སྤྱན་དྲངས་ཏེ། ལེགས་པར་བསམས་ནས། ཨརྒྷ་དང་མེ་ཏོག་ལ་སོགས་པའི་མཆོད་པས་མཉེས་པར་བྱའོ། །དེ་ནས་སྦྲུལ་ཆེན་པོ་བཞིའི་མདུན་དུ་ས་ལས་བྱས་པའི་སྣོད་གཙང་མ་བཞིའི་ནང་དུ་རྒྱ་མཚོའི་ཆུ་ལ་སོགས་པ་ཆུ་སྣ་ཚོགས་དང་། བའི་འོ་མ་
เล่ม ๔๘ · หน้า 18b
དང་། །མེ་ཏོག་དྲི་ང་བ་མེད་པ་རྣམས་བླུགས་ཏེ་བཞག་ལ། དེར་ཆུའི་ཧོམ་བྱས་ཏེ་ཀླུ་རྣམས་ཚིམ་པར་བྱའོ། །དེ་ལ་ཆུའི་ཧོམ་བྱ་བའི་ཆོ་ག་ནི་འདི་ལྟ་སྟེ། དེ་ལྟ་བུའི་ཆུའི་གཞི་བཤམས་ནས་གཞན་ཡང་མཆོད་པའི་རྫས་སུ་གྱུར་པ། བ་ལས་བྱུང་བའི་དཀར་གསུམ་དང་། མངར་
གསུམ་དང་། ཁྲེ་དཀར་པོ་དང་། ཏིལ་དཀར་པོ་དང་། འབྲས་དཀར་པོ་ལ་སོགས་པ་འབྲུ་ཁ་དོག་དཀར་པོ་སྣ་ཚོགས་དང་། རིན་པོ་ཆེ་སྣ་ཚོགས་དང་། ག་པུར་དང་ཙནྡན་དཀར་པོ་ལ་སོགས་ཏེ་སྤོས་དང་སྨན་སྣ་ཚོགས་དང་། གཞན་ཡང་ཆུ་དག་དཀར་པོ་ལ་སོགས་པ་དེ་དག་དང་
མཐུན་པའི་རྫས་ཇི་སྙེད་པ་དང་། མེ་ཏོག་དྲི་ང་བ་མེད་པ་རྣམས་དང་། འོ་མ་དང་འབྲས་ཆན་དང་། ཤ་ཁ་ར་གསུམ་དུ་སྦྱར་བའི་ཁ་ཟས་ཀྱང་གཞག་པར་བྱའོ། །དེ་ནས་སྔགས་པ་ལྷའི་ང་རྒྱལ་དང་ལྡན་པས་སྣོད་ཀྱི་ཆུ་རྣམས་ཀྱི་ནང་དུ་ཡི་གེ་པ་ལས་བྱུང་བའི་པདྨའི་སྟེང་དུ། ཡང་ཡི་གེ་པ་རང་
རང་གི་ཁ་དོག་ཅན་བསམས་པ་ལས་དེ་ཡོངས་སུ་གྱུར་པའི་ཆུ་ལྷ་རང་རང་གི་མདོག་ཅན། སྦྲུལ་མགོའི་གདེངས་ཀ་དང་ལྡན་པ། ལག་ན་ཞགས་པ་དང་ཨུཏྤལ་བསྣམས་པ་རེ་རེ་བསམ་པར་བྱའོ། །དེ་ནས་བདག་གི་སྙིང་ག་ནས་སོ་སོའི་ཕྱོགས་དང་མཐུན་པའི་འོད་ཟེར་འཕྲོས་པས།
ཕྱོགས་བཞི་ནས་ཆུའི་ལྷ་ཚུལ་སྔ་མ་དང་མཐུན་པ་དག་སྤྱན་དྲངས་པར་བསམ་ཞིང་། ཨོཾ་བ་རུ་ཎ་དེ་བ་དཱཏྟ་ཨཱ་ཀཪྵ་ཡ་ཛཿ ཧཱུཾ་བཾ་ཧོཿ། ཞེས་བརྗོད་ནས། མཆོད་སྣོད་དུ་མེ་ཏོག་གཏོར་ནས། ཆུ་ལྷ་དེ་དག་སྔར་བསམས་པའི་ཆུ་ལྷ་དང་གཉིས་སུ་མེད་པར་གྱུར་ནས་འོ་མའི་རྒྱ་མཚོའི་ནང་དུ་པདྨའི་
གདན་ལ་བཞུགས་པར་བསམ་མོ། །དེ་ནས་དྲི་བཟང་པོའི་སྤོས་རྣམས་བསྲེགས་པ་ཡང་ཕྱོགས་བཞིར་བཏང་། བའི་མར་སར་ལས་བྱས་པའི་མར་མེ་ཡང་ཕྱོགས་བཞིར་བལྟམས་ཏེ། ཙནྡན་དཀར་པོ་དང་སྦྱར་བའི་དྲི་ཆབ་ཀྱང་ཕྱོགས་ཀུན་དུ་གཏོར་ནས། དེ་ནས་དང་པོར་མེ་ཏོག་གཏོར་
ཏེ། །ཨོཾ་བ་རུ་ཎ་དེ་བ་དཱ་ཏྟཱ་ཡ་སྭཱ་ཧཱ། ཞེས་བྱ་བའི་གསང་སྔགས་ཀྱིས་ཕུལ་བས། འོ་མའི་རྒྱ་མཚོ་ལ་མེ་ཏོག་གི་ཚལ་ཆེན་པོ་ཆགས་པར་བསམ་མོ། །གསང་སྔགས་དེ་ཉིད་ཀྱིས་སྤོས་ཕུལ་བས། གནས་དེར་རིན་པོ་ཆེའི་རང་བཞིན་གྱི་སྤྲིན་ཆགས་པར་བསམ་མོ། །དེ་ནས་གསང་
เล่ม ๔๘ · หน้า 19a
སྔགས་དེ་ཉིད་ཀྱིས་བྱུགས་ལ་གཏོར་ཏེ། སྤྲིན་དེ་ལས་བདུད་རྩིའི་ཆར་བབ་པས། དེ་དག་ཤིན་ཏུ་དགའ་བ་དང་རངས་པ་སྐྱེས་པར་བསམ་མོ། །དེ་བཞིན་དུ་མར་མེ་ཕུལ་བས་སྤྱི་བོ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འོད་འབར་བ་གནས་པར་གྱུར་ཏེ། ནམ་མཁའ་
ལྡིང་གི་འཇིགས་པ་དང་བྲལ་བར་བསམ་མོ། །དེ་བཞིན་དུ་དཀར་གསུམ་དང་། མངར་གསུམ་ལ་སོགས་པའི་རྫས་རྣམས་ལ་གསང་སྔགས་དེ་ཉིད་ཀྱིས་ཕུལ་བས། རང་རང་གི་རྫས་དང་མཐུན་པའི་འདོད་པའི་ཡོན་ཏན་གྱི་ཚོགས་སུ་གྱུར་ཏེ་མཉེས་པར་གྱུར་པར་བསམ་མོ། །དེ་
ནས་མེ་ཏོག་ཆུ་ལ་གཏོར་ཏེ། ཆུའི་ལྷ་ཆེན་པོ་ཁྱོད་མཁྱེན་པར་མཛོད་ཅིག །ཆུ་ཐམས་ཅད་ཁྱེད་ཀྱི་རང་བཞིན་ལགས་ཏེ། བདག་གིས་ཆུ་ལ་ཅི་མཆོད་པ་ཐམས་ཅད་ཁྱེད་ཀྱི་འཁོར་དུ་བཅས་པ་ཐམས་ཅད་མཉེས་པར་གྱུར་ནས། བདག་ཅག་ལ་ཡང་དགྱེས་ཤིང་དངོས་གྲུབ་
གསོལ་བར་མཛོད་ཅིག་ཅེས་བརྗོད་དོ། །དེ་ནས་ཡང་རང་གི་སྙིང་ག་ནས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་ཕྱོགས་བཞི་ནས་ཀླུའི་ཚོགས་བཀུག་སྟེ། དེ་ཡང་ཤར་ཕྱོགས་སུ་རྒྱལ་པོ་ཕྲུ་གུ་འདྲ་བ་ཁ་དོག་དཀར་པོ་ཕོ་དང་མོའི་ཆ་བྱད་འཛིན་པ་མང་པོ་འདུས་པར་འགྱུར་བར་བསམ་མོ། །དེ་
བཞིན་དུ་ལྷོ་ཕྱོགས་སུ་ནི་ཁ་དོག་སེར་སྐྱ་བྲམ་ཟེའི་ཆ་བྱད་ཅན་ནོ། །ནུབ་ཕྱོགས་སུ་ནི་ཁ་དོག་དམར་སྐྱ་བྱིས་པ་གཞོན་ནུའི་ཆ་བྱད་ཅན་ནོ། །བྱང་ཕྱོགས་སུ་ནི་དུད་འགྲོའི་ཆ་བྱད་ཅན་དེ་འདི་ལྟར་སྦྲུལ་ནག་པོ་དང་སྦལ་པ་ནག་པོ་དང་། གླང་ནག་པོ་ལ་སོགས་པ་འདུས་པར་བསམ་ཞིང་། ཨོཾ་
སརྦ་པན་ནཱ་ག་ཕུཿ། ཕུཿ། ཨཱ་ཀཪྵ་ཡ་ཛཿ ཧཱུཾ་བཾ་ཧོཿ། ཞེས་བརྗོད་ཅིང་ལག་པ་ཐལ་མོ་སྦྱར་བ་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེང་། ལྷག་མ་ཕྱིར་བཀྱེད་དེ་ཨུཏྤལ་ལྟར་བྱས་པ་འདི་ནི་ཀླུ་ཐམས་ཅད་དགའ་བར་བྱེད་པའི་དམ་ཚིག་གི་ཕྱག་རྒྱ་སྟེ། འདིས་སྤྱན་དྲངས་པས་
ཕྱོགས་བཞིའི་འོ་མའི་མཚོ་ཆེན་པོ་བཞིའི་ནང་དུ་འདུས་པར་བསམ་མོ། །དེ་ནས་དེ་དག་ཆུ་ལྷ་དང་རང་བཞིན་གཅིག་པར་ཡང་གྱུར་ཅིང་འཁོར་དང་གཙོ་བོའི་ཚུལ་དུ་འདུག་པར་ཡང་དམིགས་ལ། དྲི་ཆབ་ཀྱིས་གཏོར་ཏེ་ཕྱོགས་ཤིན་ཏུ་གཙང་བར་གྱུར་པར་བསམས་ལ། དེ་ནས་ཆུ་ལྷ་
เล่ม ๔๘ · หน้า 19b
མཆོད་པའི་རིམ་པ་ཇི་ལྟ་བ་བཞིན་དུ་མཆོད་པར་བྱ་ཞིང་ཕྱག་རྒྱ་དེ་ཉིད་དང་ལྡན་པས། ཨོཾ་སརྦ་པན་ནཱ་ག་ཕུཿ། ཕུཿ། སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་སྔོན་དུ་བརྗོད་པའི་བསམ་རྒྱུད་དང་ལྡན་པས་མཉེས་པར་འགྱུར་བར་བྱའོ། །དེ་ནས་གཤེགས་སུ་མི་གསོལ་བར། དེ་
བཞིན་དུ་ཞག་གསུམ་མམ་ལྔ་འམ་བདུན་གྱི་བར་དུ་བྱས་ལ། དེ་ནས་སྒྲུབ་པའི་གྲོགས་མཆོག་ཞིག་གིས་སྔོན་གྱི་རང་གི་གནས་སུ་སོང་སྟེ། གྲོ་གའམ་ཤོག་བུ་ལ་བསྒྲུབ་བྱའི་མིང་རུས་བྲི་བར་བྱའོ། །འདི་ལྟར་ཡུལ་ཆེ་གེ་མོ་ན་གནས་པའི་མི་ཆེ་གེ་མོ་ཞེས་བྱ་བ་འདི། རང་བཞིན་
ངན་པ་བསྟན་པ་ལ་གནོད་པ་ང་རྒྱལ་ཅན་ཞིག་སྟེ། སྔོན་ཡང་འདིས་བདག་ཅག་ལ་བར་ཆད་བྱས། །ད་ལྟར་ཡང་བདག་ཅག་ཀླུ་ཆེན་པོ་ཁྱེད་རྣམས་མཆོད་པ་ལ་བར་ཆད་བྱེད་དེ། འདི་ནི་བདག་ཅག་ལ་བརྙས་པར་མ་ཟད་ཀྱི། ཁྱེད་ཅག་ལྟ་བུ་མཐུ་དང་ལྡན་པ་རྣམས་ལ་ཡང་བརྙས་
པར་བྱེད་ཁྱད་དུ་གསོད་པར་བྱེད་འཚེ་བར་བྱེད་པས། དེ་བས་ན་མི་འདི་ཁྱེད་རྣམས་ཀྱིས་གཟུང་བར་རིགས་སོ་ཞེས་བྱ་བ་བྲིས་ལ་ཟངས་སམ་ལྕགས་ཀྱི་སྦུ་གུ་ཞིག་ལ་དྲིལ་ཏེ་སྐུད་པ་ནག་པོས་དཀྲིས་ནས། དེ་ནས་གུ་གུལ་ནག་པོ་དང་རྒྱ་སྐྱེགས་སུ་སྦྱར་བའི་མེ་ལ་བཞུ་བས་དྲིལ་ཏེ། བསྒྲུབ་བྱའི་ཚོན་སྐུད་
ལ་གཞུག་པར་བྱའོ། །དེ་ནས་གཟུགས་བརྙན་དེ་བླངས་ནས་ཀླུ་མཆོད་པའི་གནས་སུ་ཁྱེར་ཏེ་མཎྜལ་གྱི་ལྷོ་ཕྱོགས་སུ་བཞག་ནས། སྒྲུབ་པ་པོ་དང་གྲོགས་མཆོག་རྣམས་ཀྱིས་མེ་ཏོག་མང་པོ་ཐོགས་ཏེ། མཆོད་སྣོད་དང་ཕྱོགས་ཐམས་ཅད་དུ་གཏོར་ལ་ཐལ་མོ་སྦྱར་ཏེ། སྔོན་དུ་བྲིས་པའི་ཚིག་
སྔ་མ་དེ་ལན་བདུན་ནམ། ཉི་ཤུ་རྩ་གཅིག་གི་བར་དུ་བརྗོད་པར་བྱའོ། །དེ་ནས་ཆུ་དེ་དག་སྣོད་གཙང་མ་ཅིག་གི་ནང་དུ་བསྡུས་ལ་སྦྲུལ་དེ་རྣམས་ཀྱང་རིམ་པ་བཞིན་དུ་ཕྱོགས་གཅིག་ནས་བསྡུས་ནས། སྦྲུལ་གྱི་ལྕེའི་ཚོན་སྐུད་རེ་རེ་དང་། བསྒྲུབ་བྱའི་ལྟེ་བའི་ཚོན་སྐུད་རེ་རེ་ཁ་དོག་མཐུན་པར་སྦྲེལ་ཏེ།
དེ་ནས་སྣོད་བཟང་པོ་སྦྲུལ་གྱི་གཟུགས་བརྙན་ཆག་པར་མི་འགྱུར་བ་ཞིག་གི་ནང་དུ་བཅུག་སྟེ། ཀླུ་ཆེན་པོ་མ་རུངས་པ་ཞིག་ཡོད་པའི་ས་ཕྱོགས་ཞིག་ཏུ་ཁྱེར་ཏེ་དོང་ཁྲུ་གང་ཙམ་པ་གཉིས་བྲུས་ནས་དེའི་བར་ཡང་འབྲེལ་མར་བྲུས་ཏེ། བསྒྲུབ་བྱའི་ངོས་སུ་བསྒྲུབ་བྱའི་གཟུགས་བརྙན་གཞག །
เล่ม ๔๘ · หน้า 20a
གཅིག་ཏུ་སྦྲུལ་གྱི་གཟུགས་བརྙན་བཅུག་སྟེ། དེར་ཆུ་ཡང་བླུགས་ཏེ་ལེགས་པར་ཁ་བཅད་ལ་སྦས་ཏེ་གཞག །དེ་ནས་དེ་ཕན་ཆད་ས་ཕྱོགས་དེར་སོང་སྟེ་སྦྲུལ་གྱིས་ཕྱོགས་ཀྱི་སྟེང་དུ་སྣོད་གཙང་མའི་ནང་དུ་སྔ་མ་བཞིན་དུ་ཆུའི་ཧོམ་བྱས་ཏེ། སྔ་མའི་ཚིག་གིས་དེ་
བཞིན་དུ་བསྒོ་བ་བྱས་ནས་ཀླུ་རྣམས་ནི་ཕྲ་མ་ལ་དགའ་བ་དང་། སྔོན་དུ་འདྲིས་པ་གཙོར་བྱེད་པ་ཡིན་པས་བསྒྲུབ་བྱ་དེ་དག་ཀླུ་རྣམས་ཀྱིས་འཛིན་པར་འགྱུར་རོ། །དེ་ཡང་སྒྲུབ་པ་པོ་རབ་རྣམས་ཀྱིས་ནི་རྗེས་སུ་བསྐུལ་བས་ཞག་བདུན་བྱས་པས་འཛིན་པར་འགྱུར་རོ། །ཐ་མ་རྣམས་ཀྱིས་ཀྱང་
རྗེས་སུ་བསྐུལ་བ་ཟླ་བ་དྲུག་བྱས་པས་འཛིན་པར་འགྱུར་རོ། །སྔོན་དུ་གཏད་པའི་ཆོ་ག་ནི་བྱེ་བྲག་མེད་དོ། །སྦུ་གུ་རིག་པར་བྱ་བ་ཞེས་བྱ་བའི་ཆོ་ག་ལས་བསྒྲུབ་བྱ་ཀླུའི་གདོན་གྱིས་ཟིན་པར་བྱ་བའི་སྦྱོར་བ་རྫོགས་སོ།། །།ད་ནི་སྦུ་གུ་རིག་པར་བྱ་བའི་ཐབས་ཀྱི་ཆོ་ག་ལས། བསྒྲུབ་བྱ་སའི་
བདག་པོས་ཟིན་པར་བྱ་བའི་སྦྱོར་བ་བཤད་དེ། དེ་ལ་ཐོག་མར་སྔོན་དུ་བརྗོད་པའི་ཏིང་ངེ་འཛིན་དང་ལྡན་པས་བསྒྲུབ་བྱའི་གཟུགས་བརྙན་སྔ་མ་བཞིན་དུ་བྱའོ། །དེ་ལས་ཅུང་ཟད་བྱེ་བྲག་ཏུ་ན་བསྒྲུབ་བྱའི་ཁང་པ་ལས་ས་བླངས་ཏེ། གྲོག་མཁར་གྱི་ས་དང་ས་གཞན་དུ་ཡང་སྦྱར་ནས། བསྒྲུབ་བྱའི་
ཁང་པའི་གཟུགས་བརྙན་སོར་བཅུ་དྲུག་པ་ཆུ་ཞེང་གབ་པ་ཞིག་བྱའོ། །གཟུགས་བརྙན་དེ་གཉིས་ཀ་ལ་ཡང་སྲོག་ཆགས་སྐྱེ་བས་ཐོབ་པའི་དགྲར་གྱུར་པ་རྣམས་ལས་མཐུ་རྩལ་ཆུང་བ་རྣམས་ཀྱི་སྤུ་རྣམས་ཇི་ལྟར་རྙེད་པ་བླངས་ཏེ་སྦྱར་བར་བྱའོ། །དེ་ནས་བསྒྲུབ་བྱའི་གཟུགས་བརྙན་དེའི་སྙིང་
གར་བསྒྲུབ་བྱ་སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་མོ་ལ་སོགས་པ་འཁོར་དང་བཅས་པའི་མིང་དང་རུས་དག་བྲིས་ཏེ་གཞུག་པར་བྱའོ། །དེ་ནས་བསྒྲུབ་བྱ་དེ་ཁང་པའི་དཀྱིལ་དུ་གཞུག་པར་བྱའོ། །ཁང་པ་དེ་ཡང་གློ་སྐར་བཞི་དང་བཅས་པ་མདའ་ཡབ་དང་བཅས་པར་བྱའོ། །སྒོ་ངོས་ཀྱི་གློ་སྐར་གྱི་ནང་
ནས་ལྟེ་བའི་ཚོན་སྐུད་དྲངས་ཏེ། སྔ་མ་བཞིན་དུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས། བསྒྲུབ་བྱ་དགུག་པའི་སྦྱོར་བ་ཡང་ནས་ཡང་དུ་བྱའོ། །དེའི་ཚེ་སའི་བདག་པོ་མ་རུངས་པ་གནས་པའི་གནས་སྣ་ཚོགས་ནས་ས་བླངས་ལ་ཆ་གསུམ་དུ་བཅད་དེ། ཆ་གཅིག་དང་ས་བཟང་པོ་
เล่ม ๔๘ · หน้า 20b
གཞན་དུ་སྦྱར་ནས་བུམ་པ་བཟང་པོ་ཁྲུ་གང་བའི་ཚད་ཙམ་ཞིག་བྱའོ། །ཆ་གཅིག་ལས་སྡིག་པའི་གཟུགས་བརྙན་ཁྲུ་གང་གི་ཚད་ཙམ་ཞིག་བྱས་ཏེ། དེ་ཡང་ས་བཟང་པོ་གཞན་དང་གྲོག་མཁར་གྱི་ས་དང་ཡང་སྦྱར་བར་བྱའོ། །ཆ་གཅིག་ལས་དུམ་བུ་གསུམ་དུ་བགོས་ཏེ། དུམ་བུ་གཅིག་ལས་
ཕག་གི་གཟུགས་བརྙན་བྱའོ། །དུམ་བུ་གཅིག་ལས་བུད་མེད་སྐྲ་ལྷུག་པར་བཤིག་པ་ཞིག་གི་གཟུགས་བརྙན་བྱའོ། །དུམ་བུ་གཅིག་ནི་ས་ཉིད་དུ་གཞག་གོ། །དེ་ལ་བུམ་པ་ནི་ཁ་དོག་སེར་པོར་བྱའོ། །སྡིག་པ་ནི་ནག་པོ་ལ་སྔོན་པོའི་ཐིག་ལེ་ཅན་དུ་བྱའོ། །ཕག་ནི་སེར་པོ་ལ་ནག་པོའི་ཐིག་ལེ་
ཅན་དུ་བྱའོ། །བུད་མེད་ནི་སེར་པོ་ལ་སྔོན་པོའི་ཐིག་ལེ་ཅན་དུ་བྱའོ། །དེ་ནས་ཕག་དང་བུད་མེད་ཀྱི་གཟུགས་གཉིས་བུམ་པའི་ནང་དུ་གཞག་གོ། །གཟུགས་བརྙན་གསུམ་པོ་དེ་དག་ལ་ཡང་སྲོག་ཆགས་སྐྱེ་བས་ཐོབ་པ་དང་ནང་མི་མཐུན་པ་རྣམས་ལས་གཉེན་པོར་གྱུར་པ་རྣམས་ཀྱི་སྤུ་ཇི་ལྟར་རྙེད་པ་
དང་ཡང་ལྡན་པར་བྱའོ། །གཞན་ཡང་འབྱུང་ཁུངས་སྣ་ཚོགས་པ་འདི་ལྟ་སྟེ། གསེར་གྱི་འབྱུང་ཁུངས་ཀྱི་ས་དང་། གསེར་དང་དེ་བཞིན་དུ་དངུལ་དང་། ཟངས་དང་ལྕགས་ལ་སོགས་པ་རྣམས་ཀྱི་འབྱུང་ཁུངས་ཀྱི་ས་དང་། དེ་དག་གི་རྒྱུ་རྡོ་ཉིད་དང་། སྔར་གྱི་སའི་དུམ་བུ་གཅིག་བཞག་པ་རྣམས་ལེགས་
པར་བཏགས་ཏེ། དེའི་ནང་དུ་བྱུ་རུ་དང་ཤེལ་དང་དུང་ལ་སོགས་ཏེ་རིན་པོ་ཆེ་སྣ་ཚོགས་ཇི་ལྟར་རྙེད་པ་དང་སྦྱར་ནས་བུམ་པའི་ནང་དུ་བླུགས་པར་བྱའོ། །དེ་ནས་རང་གི་གནས་ནས་མི་མཐོང་བའི་ས་ཕྱོགས་ཤིག་ཏུ་དོང་ཞིག་བརྐོས་ཏེ། དེར་བུམ་པ་དེ་བཅུག་ནས་དེའི་མདུན་དུ་སྡིག་པའི་གཟུགས་བཞག་སྟེ།
བུམ་པ་དང་མཉམ་པ་ཙམ་དུ་དོང་དེ་ཁ་གཅད་པར་བྱའོ། །དེའི་སྟེང་དུ་མཎྜལ་པདྨ་དང་འདྲ་བ་བྱས་ནས། དབུས་ཀྱི་སྙིང་པོ་ཁ་ཅུང་ཟད་ཙམ་ཕྱེ་སྟེ། བུམ་པའི་ནང་སྣང་བར་གྱུར་པ་ཙམ་དུ་བྱའོ། །དེའི་སྟེང་དུ་གུར་ནག་པོ་ཞིག་ཕུབ་སྟེ་དེར་འདུག་ནས། སའི་ཧོམ་གྱི་སའི་བདག་པོ་རྣམས་ཚིམ་པར་བྱའོ། །
དེའི་ཆོ་ག་འདི་ཡིན་ཏེ། མཆོད་པའི་རྫས་སྔོན་དུ་བརྗོད་པ་རྣམས་དང་། ཁྱད་པར་དུ་ཡང་རིན་པོ་ཆེ་སྣ་ཚོགས་འབྱུང་ཁུངས་ཀྱི་རྡོ་རྣམས་དང་སྦྱར་བ་དང་། འབྲུ་སྣ་ཚོགས་དང་གོས་ཁ་དོག་མི་མཐུན་པ་སྣ་ཚོགས་པ་བསག་པར་བྱའོ། །དེ་ནས་སྔགས་པ་བདག་ཉིད་ཤར་ཕྱོགས་སུ་འདུག་སྟེ། དྲི་སྣ་ཚོགས་
เล่ม ๔๘ · หน้า 21a
ཀྱིས་ལག་པ་བྱུགས། ཁ་དོག་སྣ་ཚོགས་ཀྱི་གོས་གྱོན་ནས་རང་གི་ལྷའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དེ་ནས་བུམ་པའི་ནང་དུ་ཡི་གེ་བ་ཁ་དོག་སེར་པོ་ཞིག་ལས་སའི་བདག་པོ་ཕག་ཆེན་པོ་ཞེས་བྱ་བ་ཕག་སེར་ཁྲ་ལ་ཞོན་པ། ཁ་དོག་སེར་ཁྲ་ཕག་གི་མགོ་ཅན་ལག་ན་
ལྕགས་ཀྱུ་དང་ཕག་གི་མཆེ་བ་ཐོགས་པ་བསམ་མོ། །དེའི་གཡོན་ངོས་སུ་ཡང་སའི་བདག་མོ་པདྨ་ལི་ཞེས་བྱ་བ། མདོག་དམར་སེར་ལ་རིས་བཀྲ་བ་ལག་ན་གསེར་གྱི་བུམ་པ་ཐོགས་པ་ཞིག་བསམ་མོ། །དེ་དག་གི་མདུན་དུ་དུས་ཐམས་ཅད་ཀྱི་སྲུང་མ་བྲྀཙྪི་ཀ་ཞེས་བྱ་བ། ལུས་ལྕགས་ཀྱི་
སྡིག་པ་ཆེན་པོ་རྭ་དང་ཡན་ལག་དང་མཇུག་མ་རྣམས་ཀྱང་གནམ་ལྕགས་འབར་བ་ལས་གྲུབ་པ་རྣོ་བ་གདུག་པ་ས་ཐམས་ཅད་བདག་གིར་བྱེད་ཅིང་སྲུང་བ་ཞིག་ཡི་གེར་བྲིས་ལ་བསམ་པར་བྱའོ། །དེ་ནས་བདག་གི་ཡེ་ཤེས་ཀྱི་འོད་ཟེར་འོག་གི་ཕྱོགས་སུ་འཕྲོས་པས། འོག་གི་ཕྱོགས་ནས་
སའི་བདག་པོ་རྣམས་ཇི་ལྟར་བསམས་པ་དེ་འདྲ་བ་སྤྱན་དྲངས་པར་བསམ་ཞིང་། ཨོཾ་བྷུ་ཨ་དྷི་པ་ཏི་མ་ཧཱ་བཱ་རཱ་ཧཱ་པདྨ་མཱ་ལི་ནི་ཙ་ཨཱ་ཀཪྵ་ཡ་ཛཿ ཧཱུཾ་བཾ་ཧོཿ། ཞེས་བརྗོད་ཅིང་། ལྕགས་ཀྱུའམ་བུམ་པའི་ཕྱག་རྒྱ་བཅས་ཏེ་སྤྱན་དྲངས་པས། སྔར་བསྐྱེད་པ་དང་གཉིས་སུ་མེད་པར་འགྱུར་བར་
བསམ་མོ། །དེ་ནས་ཨརྒྷ་ལ་སོགས་པ་མཆོད་པའི་རྫས་རྣམས་ལ་བུམ་པའི་ཕྱག་རྒྱས་བཟུང་སྟེ། གསང་སྔགས་གོང་མ་ཉིད་ལས། ཨཱ་ཀཪྵ་ཡ། ལ་སོགས་པའི་གནས་སུ་མ་ཧཱ་པཱུ་ཛ་མེ་གྷ་ས་མ་ཡེ་སྭཱ་ཧཱ། ཞེས་བྱ་བའི་གསང་སྔགས་ཀྱིས་བསྐུལ་བར་བྱའོ། །དེ་ལྟར་མཆོད་པས་བུམ་
པ་དེ་ཉིད་རིན་པོ་ཆེ་གཏེར་གྱི་ས་གཞི་ཆེན་པོ་ལ། འདོད་པའི་ཡོན་ཏན་སྣ་ཚོགས་ཀྱིས་ཕུན་སུམ་ཚོགས་པར་ལྡན་པའི་གནས་ན། སའི་བདག་པོ་རྣམས་ཤིན་ཏུ་ལོངས་སྤྱོད་པར་བསམ་མོ། །འདི་ལྟར་ཞག་གསུམ་མམ་ལྔའམ་བདུན་གྱི་བར་དུ་བྱས་ན་དེ་ནས་བུམ་པ་དང་སྡིག་པའི་གཟུགས་སུ་
བཅས་པ་དེ་ནས་བླངས་ཏེ། སྔོན་གྱི་བསྒྲུབ་བྱའི་གཟུགས་བརྙན་དང་བཅས་པ་ཁྱེར་ནས། ས་བདག་མ་རུངས་པ་ཡོད་པའི་གནས་ཤིག་ཏུ་དོང་རིང་པོ་བྲུས་ཏེ། དང་པོར་བུམ་པ་བཅུག་ལ་བུམ་པ་དང་མཉམ་པོ་ཙམ་དུ་སས་ལེགས་པར་དགང་བར་བྱའོ། །དེའི་སྟེང་དུ་སྡིག་པའི་གཟུགས་བསྒྲུབ་བྱའི་
เล่ม ๔๘ · หน้า 21b
ཡུལ་ཕྱོགས་སུ་ཁ་བསྟན་ཏེ་བཞག་ལ། དེའི་རྭ་བར་དུ་བསྒྲུབ་བྱ་མཁར་དང་བཅས་པ་བཅུག་ནས། བསྒྲུབ་བྱའི་ལྟེ་བའི་ཚོན་སྐུད་རྣམས་སྡིག་པའི་ཁར་བཅུག་སྟེ་གཞག་གོ། །དེའི་བར་དུ་བསྒྲུབ་བྱའི་ཕ་དང་མ་དང་མེས་པོ་ལ་སོགས་པ་རྣམས་ཀྱི་མིང་དང་རུས་པ་ལ་སོགས་པ་རྙེད་ཀྱང་རུང་། དེ་དག་
རས་ཀྱི་ནང་དུ་དྲིལ་ཏེ། ཆེ་གེ་མོ་རྣམས་ཀྱི་གནས་རྟག་ཏུ་འདིར་འཆའ་བ་ཡིན་ནོ་ཞེས་བྱ་བའི་ཡི་གེ་ཡང་བྲིས་ལ་དེ་དག་དེའི་རྭ་བར་དུ་ལྷན་ཅིག་ཏུ་བཅུག་སྟེ། ལེགས་པར་སྦས་ཏེ་གཞག་པར་བྱའོ། །དེ་ནས་རང་གིས་ཁྱིམ་དུ་འོངས་ཏེ་སྲོག་ཆགས་སྐྱེ་བས་ཐོབ་པའི་ནང་མི་མཐུན་པ་གཉིས་ཀྱི་
གཟུགས་ཁ་སྤྲོད་དུ་བྲིས་ཏེ། དེའི་བར་དུ་ཐབ་ཁུང་གཅན་གཟན་ཁྲོ་བོའི་ཁ་འདྲ་བ་བྱས་ནས། དེའི་ནང་དུ་ཤིང་རྩུབ་པ་བརྫངས་ཏེ་མི་ནང་མི་མཐུན་པ་གཉིས་ཀྱི་ཁྱིམ་ནས་མེ་བླངས་ནས། སྲོག་ཆགས་སྐྱེ་བས་ཐོབ་པའི་ནང་མི་མཐུན་པ་རྣམས་ཀྱི་ཤ་དང་ཁྲག་དང་རུས་པ་དང་། སྤུ་དང་པགས་པ་
རྣམས་ལ་རྩ་བའི་སྔགས་བསྐུལ་བ་དང་བཅས་པ་བཟླས་ཤིང་སྦྱིན་སྲེག་བྱས་ན། སྙིང་སྟོབས་ཅན་ཁ་ཅིག་གིས་ཞག་བདུན་རྗེས་སུ་བསྐུལ་བས་བསྒྲུབ་བྱ་སའི་བདག་པོས་གཟུང་བར་འགྱུར་རོ། །ཐ་མ་ཡང་ཟླ་བ་དྲུག་རྗེས་སུ་བསྐུལ་བ་བྱས་པས་དེ་བཞིན་དུ་གཟུང་བར་འགྱུར་རོ། །དེ་ལ་བསྐུལ་བའི་
སྔགས་ནི་འདི་ཡིན་ཏེ། ཆེ་གེ་མོ་དང་ས་བདག་རྣམས་དེ་ཤ་ཡ་ཛུ་ད་ཡ་ཕཊ་ཅེས་བྱ་བ་འདི་རྩ་བའི་སྔགས་ཀྱི་རྗེས་སུ་བསྐུལ་བས། དེ་དག་ཤིན་ཏུ་འཁྲུག་པས་འཐབ་པར་བསམ་པར་བྱའོ། །སྦུ་གུ་རིག་པར་བྱ་བ་ཞེས་བྱ་བའི་ཆོ་ག་ལས། བསྒྲུབ་བྱ་སའི་བདག་པོས་ཟིན་པར་བྱ་བ་ཞེས་བྱ་བའི་སྦྱོར་བ་
བསྟན་པ་རྫོགས་སོ།། །།ད་ནི་སྦུ་གུ་རིག་པར་བྱ་བའི་ཆོ་ག་ལས། བསྒྲུབ་བྱ་མ་མོའི་གདོན་གྱིས་ཟིན་པར་བྱ་བའི་སྦྱོར་བ་བཤད་པར་བྱ་སྟེ། དང་པོ་ཉིད་དུ་གང་ཡང་རུང་བའི་གནས་སུ་རྡོ་རྗེའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྒོམས་ནས་རྩ་བའི་གསང་སྔགས་བཟླས་བརྗོད་བྱེད་ཅིང་སེམས་
བརྟན་པར་གྱུར་པར་བྱའོ། །དེ་ནས་མ་མོའི་གནས་སུ་སོང་ནས། ཐབ་ཁུང་ཟླ་གམ་དུ་ཤིང་དམར་པོ་ལ་མེ་སྤར་ཏེ་རྫས་ཁ་དོག་དམར་པོ་རྣམས་ཀྱིས་ཉི་མ་རེ་རེ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །དེ་ལྟར་ཉི་མ་བརྒྱ་རྩ་བརྒྱད་ཀྱི་བར་དུ་བྱས་ནས། དེ་ནས་བསྒྲུབ་བྱའི་གཟུགས་བརྙན་སྔ་མ་བཞིན་དུ་
เล่ม ๔๘ · หน้า 22a
བྱས་ཏེ། གྲོ་ག་འམ་ཤོག་ཤོག་ལ་བུད་མེད་ཀྱི་གཟུགས་ཁྲོས་པ། ཁ་དོག་དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ནག་པོ་དང་བཞི་བྱས་ལ་ལྟེ་བའི་ཚོན་སྐུད་དང་། ཁ་དོག་མཐུན་པར་གུ་གུལ་གྱིས་བུད་མེད་ཀྱི་ཁ་དང་སྦྱར་ཏེ་གཞག་གོ། །དེ་ནས་བུད་མེད་ཀྱི་
ཐོད་པ་བཀྲ་མི་ཤིས་པ་ཞིག་གི་ནང་དུ་བསྒྲུབ་བྱའི་གཟུགས་བརྙན་བཅུག་སྟེ། དེའི་སྟེང་ནས་བུད་མེད་ཀྱི་གཟུགས་བརྙན་བཞག་ནས། དུག་སྣ་ཚོགས་དང་ཁྲག་ཀྱང་བླུགས་པར་བྱའོ། །སྐྱེ་ཚེའམ་ཡུངས་ཀར་ནག་ལ་རྩ་བའི་སྔགས་བསྐུལ་བ་དང་བཅས་པ་ཅི་ནུས་བཟླས་ཏེ་ཡང་བླུགས་པར་བྱའོ། །དེ་
ནས་རྡོ་ལེབ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད་ནས་ལེགས་པར་སྦས་ཏེ། དེའི་སྟེང་དུ་ཐབ་ཁུང་གྲུ་གསུམ་དུ་འདུག་པའི་ཤིང་ལས་མེ་སྦར་ལ། ཤ་སྣ་ཚོགས་ཀྱི་སྦྱིན་སྲེག་ཉི་མ་ཉི་ཤུ་རྩ་གཅིག་ཏུ་བྱའོ། །དེ་ནས་ཤ་ཆེན་པོའི་སྦྱིན་སྲེག་ཉི་མ་བདུན་དུ་བྱའོ། །གསང་སྔགས་ནི་ཆེ་གེ་མོ་གྲྀཧྞཱ་མ་མི་
ཧཱ་མཱ་ཏྲི་ག་ཎེ་ན་ཧཱུཾ་ཕཊ། ཅེས་བྱ་བ་རྩ་བའི་གསང་སྔགས་ཀྱི་རྗེས་སུ་བརྗོད་པ་ནི་ཤའི་སྦྱིན་སྲེག་གི་གསང་སྔགས་སོ། །མཱ་ཏྲི་ག་ཎ་བ་ཤཾ་མཱ་ནཱ་ཡ་སྭཱ་ཧཱ། ཞེས་བྱ་བ་རྩ་བའི་གསང་སྔགས་ཀྱི་རྗེས་སུ་བརྗོད་པ་ནི་དབང་དུ་བྱ་བའི་སྔགས་སོ། །འདི་ནི་སྔོན་དུ་མ་མོ་དབང་དུ་བྱ་བའི་སྦྱིན་སྲེག་ལ་སྦྱར་བར་
བྱའོ། །དེ་ནས་མ་མོའི་གདོན་གྱིས་ཟིན་པར་འགྱུར་རོ། །གལ་ཏེ་དེས་ཀྱང་འཛིན་དུ་མ་བཏུབ་ན་སྔགས་པ་གཅེར་བུར་བྱུང་སྟེ། སྐྲ་ལྷུག་པར་བཤིག་ནས། ལུས་ཁྲག་སྣ་ཚོགས་ཀྱིས་བསྐུས་ཏེ། གདོང་ཤིན་ཏུ་བསྒྱུར་བས་གསང་སྔགས་ཟློས་ཤིང་གཡོན་བརྐྱང་བའི་སྟབས་ཀྱིས་ཐོད་པ་མནན་
ཏེ། །སེམས་རབ་ཏུ་ཁྲོས་པས་གཤིན་རྗེ་གཤེད་པོའི་སྐུར་བསྒོམས་ནས། འདི་ལྟ་བུའི་སྦྱོར་བ་ཉི་མ་བདུན་གྱིས་དེ་མ་མོའི་གདོན་གྱིས་ཟིན་པར་འགྱུར་རོ། །ཐ་མ་རྣམས་ཀྱང་ཟླ་བ་དྲུག་གིས་ཟིན་པར་འགྱུར་རོ། །ཕྱིས་ལས་གྲུབ་པར་གྱུར་ནས་དེ་དག་ཕྱུང་སྟེ་འོ་མས་བཀྲུ་བར་བྱའོ། །སྦུ་གུ་རིག་
པའི་ཆོ་ག་ལས། བསྒྲུབ་བྱ་མ་མོའི་གདོན་གྱིས་ཟིན་པར་བྱ་བའི་སྦྱོར་བ་རྫོགས་སོ།། །།ད་ནི་སྦུ་གུ་རིག་པར་བྱ་བའི་ཆོ་ག་དང་། བསྒྲུབ་བྱ་སྨྱོ་འདྲེས་ཟིན་པར་བྱ་བའི་སྦྱོར་བ་བཤད་དེ། དང་པོ་སྔགས་པ་བདག་ཉིད་ཀྱིས་རྡོ་རྗེ་དཀྱིལ་འཁོར་ལེགས་པར་བརྟན་པར་བསྒོམས་ཤིང་
เล่ม ๔๘ · หน้า 22b
གསང་སྔགས་ལེགས་པར་བཟླས་ཏེ་དྲོད་ཐོབ་པར་བྱས་ནས་དེ་ནས་བསྒྲུབ་བྱའི་ལིངྒ་སྔ་མ་བཞིན་བྱས་ཏེ། འབྱུང་པོ་སྨྱོ་འདྲེ་གནས་པའི་སར་སོང་ནས་ཤིང་ལེབ་དཀར་པོ་བཟང་པོ་ཞིག་ལ། རྩེ་མོ་ངོས་སུ་སྨྱོ་འདྲེ་ཁ་དོག་དཀར་པོ་ལ་ལག་ན་ཤིང་རིང་རི་མོ་སྣ་ཚོགས་པ་ཐོགས་ཤིང་གར་བྱེད་པ་
བཞིན་མཚལ་གྱིས་བྱུགས་ཤིང་བརྐོས་པ། སྙིང་ག་ནས་ཡི་གེ་བྷུ་ཞེས་བྱ་བ་གནས་པ་ཞིག་བྲིའོ། །སྦ་བའི་རྩར་བསྒྲུབ་བྱའི་གཟུགས་བརྙན་སྐུད་པ་ནག་པོས་ཤིང་ལེབ་དང་བཅིང་བར་བྱའོ། །བསྒྲུབ་བྱའི་ལྟེ་བའི་ཚོན་སྐུད་འབྱུང་པོའི་རྐང་པ་ལ་གུ་གུལ་གྱིས་སྦྱར་བར་བྱའོ། །དེ་ནས་ཤིང་ལེབ་
དེ་དོང་དུ་བཅུག་སྟེ་ལེགས་པར་ཁ་གཅད་པར་བྱའོ། །དེའི་སྟེང་དུ་ཐབ་ཁུང་ཟླ་གམ་བྱས་ཏེ། ཤིང་སྣ་ཚོགས་ལ་མེ་སྤར་ནས་ཁ་ཟས་སྣ་ཚོགས་ཀྱི་སྦྱིན་སྲེག་བྱས་ཏེ། གསང་སྔགས་ཧེ་མ་ཧཱ་བྷཱུ་ཏ་ཆེ་གེ་མོ་ཞེས་བྱ་བ་ཨི་དཾ་དུཥྚཱཾ་གྲྀཧྞཱ་ཧཱུཾ་ཕཊ། ཅེས་བྱ་བ་རྩ་བའི་གསང་སྔགས་ཀྱི་རྗེས་སུ་བསྐུལ་བས་སྦྱིན་
སྲེག་བྱའོ། །འདི་ཡང་སྔ་མ་བཞིན་དུ་ཞག་བདུན་ནམ་ཟླ་བ་དྲུག་གིས་འཛིན་པར་འགྱུར་ཏེ། གལ་ཏེ་སྒྲུབ་པ་པོ་སེམས་སྟོབས་ཆུང་བའི་དབང་གིས་དེས་འཛིན་དུ་མ་བཏུབ་ན་དེ་ཕྱིན་ཆད་ཀྱང་འཛིན་པར་མི་བྱེད་དོ། །སྒྲུབ་པ་པོ་ཉིད་ཀྱང་བཀྲ་མི་ཤིས་པར་བྱེད་དོ། །སྦུ་གུ་རིག་པར་བྱ་བ་ཞེས་བྱ་བའི་ཆོ་ག་
ལས། བསྒྲུབ་བྱ་འབྱུང་པོ་སྨྱོ་འདྲེས་ཟིན་པར་བྱ་བའི་སྦྱོར་བ་རྫོགས་སོ།། །།གདོན་ཆེན་པོ་བཞི་པོ་འདི་དག་ཀྱང་སྒྲུབ་པ་པོས་སྦྱིན་སྲེག་དང་མཆོད་པ་ལ་སོགས་པའི་སྒོ་ནས་མགུ་བར་གྱུར་པས་སྒྲུབ་པ་པོ་ལ་ཕན་འདོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདི་ལྟར་ཀླུའི་གདོན་ནི་ཕྲ་མོའི་སྒོ་ནས་གཞན་ལ་
གནོད་པའི་ལས་བྱེད་དོ། །སའི་གདོན་ནི་བརྣབ་སེམས་དང་ཕྲག་དོག་གི་སྒོ་ནས་གཞན་ལ་གནོད་པའི་སྦྱོར་བ་བྱེད་དོ། །མ་མོའི་གདོན་ནི་ཆགས་སེམས་ཀྱི་སྒོ་ནས་གཞན་ལ་གནོད་པའི་སྦྱོར་བ་བྱེད་དོ། །འབྱུང་པོའི་གདོན་ནི་གནོད་སེམས་ཀྱི་སྒོ་ནས་གཞན་ལ་གནོད་པའི་སྦྱོར་བ་བྱེད་དེ། དེ་བས་ན་གདོན་
ཆེན་པོ་འདི་དག་ལས་མྱུར་བར་བྱེད་པ་ཡིན་ཡང་ལས་རྟག་ཏུ་བརྟན་པར་བྱེད་པ་ཡང་མ་ཡིན་ལ། སྒྲུབ་པ་པོ་བཀྲ་ཤིས་པར་བྱེད་པ་ཡང་མ་ཡིན། འོན་ཀྱང་བྱེ་བྲག་ནི་ཡོད་པ་ཡིན་ཏེ། འབྱུང་པོ་ནི་བློ་སྣ་ཚོགས་ཅན་ཏེ་དེས་ལེགས་པ་བརྟན་པར་མི་བྱེད་དོ། །ས་བདག་ནི་རང་འཛིན་ཅན་ཏེ་འགྲོགས་ན་བདེ་
เล่ม ๔๘ · หน้า 23a
བར་བྱེད་པ་མ་ཡིན་ནོ། །ཀླུ་ནི་བླུན་ཞིང་རྒྱུད་གཅིག་པ་སྟེ། ཐོག་མར་འདྲིས་ཤིང་དགའ་བར་འགྱུར་བ་དཀའ་བའོ། །མ་མོ་ནི་དགའ་ཆེ་བ་སྟེ། རྟག་ཏུ་དེའི་སེམས་གཟུང་བར་དཀའོ། །དེ་བས་ན་སྒྲུབ་པ་པོ་རྣམས་ཀྱིས་རང་གི་ནུས་པ་དང་སྦྱར་ཏེ་ཆོ་ག་རྣམས་ལ་སྦྱར་བར་བྱའོ། །
སྦུ་གུ་རིག་པ་ཞེས་བྱ་བའི་ཐབས་ཀྱི་ཆོ་ག་སྦྱོར་བ་དང་བཅས་པ་བསྟན་པ་རྫོགས་སོ།། །།དེ་ནས་གནད་རྣམས་གཟིར་བ་ཡི། །ཆོ་ག་ཡང་ནི་བཤད་པར་བྱ། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་བྱས་ཏེ། །གསང་སྔགས་ཚུལ་བཞིན་བཟླས་བྱས་ནས། །ཡི་དམ་བཅས་པ་རྫོགས་ནས་ཀྱང་། །དུར་
ཁྲོད་ལ་སོགས་སོང་ནས་ནི། །ཕུར་བུ་དཔལ་རྩེ་མདུང་ལ་སོགས། །ཁྲག་ཆེན་གྱིས་ནི་བསྐུས་ནས་ཀྱང་། །གུ་གུལ་ནག་པོས་བདུག་པར་བྱ། །རུས་པ་དག་གི་རྒྱན་ཡང་གདགས། །མཎྜལ་ཁྲག་གིས་བྱུགས་པ་ཡི། །སྟེང་དུ་ལེགས་པར་གཟུགས་པར་བྱ། །མི་ཡི་ཚིལ་ལས་བྱས་པ་ཡི། །
མར་མེ་དག་ཀྱང་ཕུལ་ནས་ནི། །མེ་ཏོག་ནག་པོ་གཏོར་ནས་ཀྱང་། །དེ་ནས་གསང་སྔགས་བཟླས་པ་བརྩམ། །གལ་ཏེ་གྲུབ་པར་གྱུར་ན་ནི། །དེ་ནི་དངོས་གྲུབ་ཅན་དུ་འགྱུར། །གྲུབ་པ་དག་ཏུ་མ་གྱུར་ཀྱང་། །མནན་རྣམས་གཟིར་བར་གདོན་མི་ཟ། །མནན་དང་གཟིར་བའི་ཐབས་ཀྱི་ཆོ་ག་ནི་འདི་
ཡིན་ཏེ། དང་པོར་སྔགས་པས་བསྙེན་པའི་ཆོ་ག་ཇི་ལྟར་ནུས་པ་བཞིན་དུ་བྱས་ཏེ། ཇི་ལྟར་རང་གི་དམ་བཅས་པ་རྫོགས་པར་གྱུར་པ་དང་། ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་དམ་བཅུ་བཞི་ལ་དུར་ཁྲོད་ལ་སོགས་པའི་གནས་སུ་སོང་སྟེ། ཁྲག་གིས་བསྒོས་པའི་མཎྜལ་གྲུ་གསུམ་ཞིག་བྱས་ནས།
དེར་ཕུར་བུའམ་རྩང་ཆེན་ནམ། མདུང་ཐུང་རྣམས་བཟོ་བོ་མཁས་པས་ལེགས་པར་བྱས་པ་གང་ཡང་རུང་བ་ལྔའམ་དགུ་གཞག་པར་བྱའོ། །དེའི་ཕྱི་རོལ་དུ་ལྕགས་ཀྱི་ཚེར་མའམ། པོ་སོན་ཆའི་ཚེར་མའམ་གདུག་པ་རྣམས་ལ་དུག་དང་ཁྲག་གིས་བསྒོས་པའང་གཞག་པར་བྱའོ། །ཕུར་བུ་ལ་
སོགས་པ་གང་ཡོད་པ་དེ་ལ་ཁྲག་ཆེན་པོས་བསྐུས་ཏེ། མི་རུས་ཀྱི་རྒྱན་ཡང་གདགས་ཤིང་། གུ་གུལ་ནག་པོའི་སྤོས་ཀྱིས་ཀྱང་བདུགས་ཏེ་གཞག་གོ། །ཕྱོགས་རྣམས་སུ་ཡང་ཚིལ་ཆེན་པོའི་མར་མེ་དང་། མེ་ཏོག་དུག་གིས་བསྒོས་པ་དང་། ཆང་དང་མིའི་ཁྲག་སྦྱར་པའི་ཨརྒྷ་དང་། ཁྲག་
เล่ม ๔๘ · หน้า 23b
སྣ་ཚོགས་དང་སྦྱར་བའི་གཏོར་མ་རྣམས་ཀྱང་གཞག་གོ། །དེ་ནས་སྔགས་པ་བདག་ཉིད་གོས་ནག་པོ་གོན་སྐྲ་ལྷུག་པར་བཤིག་སྟེ། ལག་པ་ཁྲག་གིས་བསྐུས་ནས་རྡོ་རྗེའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་བསྒོམ་པར་བྱའོ། །དེ་ནས་ཁྲོ་བོ་གཤིན་རྗེ་གཤེད་པོ་ཡང་མཚོན་ཆ་ལ་སྤྱན་དྲངས་ཏེ་མཆོད་པར་བྱའོ། །
ཡང་ན་མཚོན་ཆ་དེ་དག་ལ་སྦྱིན་སྲེག་གིས་ཀྱང་མཆོད་པར་བྱའོ། །དེ་ནས་མཚོན་ཆ་དེའི་སྤྱི་བོར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཡ་འོད་འབར་བ་ཁ་དོག་ནག་པོ་ཞིག་བསྒོམ་པར་བྱའོ། །དེའི་རྐེད་པ་ལ་ཤར་ཕྱོགས་སུ་ཀྵ་དཀར་པོ། ལྷོ་ཕྱོགས་སུ་མ་སེར་པོ། ནུབ་ཕྱོགས་སུ་མེ་དམར་པོ།
བྱང་ཕྱོགས་སུ་ད་ལྗང་གུ། དེ་དག་ཀྱང་ཉི་མའི་དཀྱིལ་འཁོར་ལ་གནས་པ་འོད་འབར་བའོ། །རྩེ་མོའི་ཆ་ལ་ཤར་ཕྱོགས་སུ་ཡ་དཀར་པོ། ལྷོ་ཕྱོགས་སུ་ཙྪ་སེར་པོ། ནུབ་ཕྱོགས་སུ་ནི་དམར་པོ། བྱང་ཕྱོགས་སུ་ར་ལྗང་གུ། དེ་དག་ཀྱང་ཉི་མའི་དཀྱིལ་འཁོར་ལ་གནས་པ་འོད་འབར་བའོ། །རྩེ་མོ་ཉིད་དུ་ཕཊ་
ནག་པོ་འོད་འབར་བ་བསམ་སྟེ། མཚོན་ཆ་དེ་དག་ཀྱང་ཤིན་ཏུ་གཟི་བྱིན་དང་ལྡན་པར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྔགས་པ་བདག་ཉིད་རྩ་བའི་གསང་སྔགས་ཇི་ལྟ་བ་བཞིན་དུ་བརྗོད་པས་བསྐུལ་བས། རང་གི་སྙིང་གའི་ཡི་གེའི་ས་བོན་ལས་འོད་ཟེར་ལས་མཚོན་ཆ་ཇི་འདྲ་བ་དེ་ལྟ་བུར་གྱུར་ཏེ། ཕྱོགས་
ཐམས་ཅད་དུ་འཕྲོས་པས་སངས་རྒྱས་རྣམས་ལ་ཕོག་སྟེ། འོད་དུ་གྱུར་ནས་མཚོན་ཆ་ལ་འདུས་ཏེ་སླར་འདུས་ནས། མདུན་གྱི་མཚོན་ཆ་ལ་ཐིམ་པར་བྱའོ། །འདི་ལྟ་བུ་དང་ལྡན་པའི་བཟླས་བརྗོད་ཇི་ལྟར་དམ་བཅས་པ་བཞིན་དུ་བྱེད་པ་ནི་མཚོན་ཆ་སྒྲུབ་པའི་ཆོ་གའོ། །གལ་ཏེ་མཚན་མ་བྱུང་ན་ནི་རང་གི་ལྷ་ལ་
འདུད་པའི་བསམ་པས་མཚོན་ཆ་དེ་ལག་ཏུ་བླངས་པས་དངོས་གྲུབ་ཅན་དུ་འགྱུར་རོ། །གལ་ཏེ་མཚན་མ་མ་བྱུང་ན་ཡང་ཐ་མལ་པར་མི་གཞག་པར་ཇི་ལྟ་བ་བཞིན་དུ་བླངས་ཏེ། སྣོད་བཟང་པོར་སྦས་ལ་ཕྱིས་ལས་ལ་སྦྱར་བར་བྱའོ། །གལ་ཏེ་དེ་ཉིད་ཀྱི་ཚེ་ལས་ལ་སྦྱོར་བར་འདོད་ན། མཚན་མ་ཐོབ་པ་རྣམས་ཀྱིས་
ནི། མཚོན་ཆ་གཟས་པ་ཙམ་གྱིས་ལས་གྲུབ་པར་འགྱུར་རོ། །མཚན་མ་མ་ཐོབ་པ་རྣམས་ཀྱིས་བྱ་བའི་ཆོ་ག་ནི་འདི་ཡིན་སྟེ། བསྒྲུབ་བྱའི་རྗེས་དང་དྲི་མ་ལ་སོགས་པ་ཇི་ལྟར་རྙེད་པའི་རྫས་རྣམས་དང་། དུར་ཁྲོད་ཀྱི་ས་དང་ཐལ་བ་རྣམས་སུ་སྦྱར་ཏེ། བསྒྲུབ་བྱའི་གཟུགས་བརྙན་སོར་བརྒྱད་པ་ཞིག་བྱའོ། །དེའི་
เล่ม ๔๘ · หน้า 24a
ནང་དུ་ཡང་དུག་དང་སྐྱེ་ཚེ་དང་། ལན་ཚྭ་དང་། མི་དང་ཁྱིའི་ཁྲག་རྣམས་སྦྱར་ཏེ་བླུགས་པར་བྱའོ། །མིང་དང་རུས་ཀྱང་གྲོ་བའམ་ཤོག་ཤོག་ལ་བྲིས་ཏེ་གཞག་པར་བྱའོ། །ཕྱི་རོལ་དུ་འང་དུར་ཁྲོད་ཀྱི་སོལ་བ་དང་དུག་དང་ཁྲག་གིས་བསྐུ་བར་བྱའོ། །དེ་ནས་གཟུགས་བརྙན་དེ་སྐུད་
པ་ནག་པོས་བཏགས་ཏེ་མཎྜལ་གྱི་དབུས་སུ་གན་རྐྱལ་དུ་མགོ་ལྷོར་བསྟན་ཏེ་བཞག་ལ་དགུག་པའི་སྦྱོར་བ་ཇི་ལྟར་ནུས་པས་བསྒྲུབ་བྱ་བཀུག་སྟེ། གཟུགས་བརྙན་ལ་ཕབ་སྟེ་གཞུག་པར་བྱའོ། །དེ་ནས་དབུས་ཀྱི་མཚོན་ཆ་བླངས་ཏེ་སྙིང་གར་གདབ་པར་བྱའོ། །དེ་བཞིན་དུ་ཤར་ཕྱོགས་ཀྱི་བླངས་ཏེ་དཔྲལ་བར་
གདབ་བོ། །ལྷོ་ཕྱོགས་ཀྱི་བླངས་ཏེ་ལྟེ་བར་གདབ་བོ། །ནུབ་ཕྱོགས་ཀྱི་བླངས་ཏེ་མགྲིན་པར་གདབ་པོ། །བྱང་ཕྱོགས་ཀྱི་བླངས་ཏེ་གསང་གནས་སུ་གདབ་པོ། །གལ་ཏེ་དགུ་ཡོད་ན་ནི་ལྷག་མ་བཞི་ཡན་ལག་བཞི་ལ་གདབ་པོ། །ཚེར་མའི་ཚོགས་ཐམས་ཅད་ནི་དབང་པོའི་གནས་ཐམས་ཅད་དང་། ཚིགས་
ཆེན་པོ་རྣམས་ནས་བརྩམས་ནས་ཚིགས་ཕྲ་མོ་ཐམས་ཅད་དང་མཐར་ལུས་མ་ལུས་པར་ཡོངས་སུ་གང་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སམ་ཕྱི་རོལ་གྱི་གྲྭ་འམ། ཡང་ན་ཇི་ལྟར་བདེ་བའི་གནས་ཤིག་ཏུ་དོང་གྲུ་གསུམ་ཞིག་བརྐོས་ཏེ། དེའི་ནང་དུ་བུད་མེད་ཀྱི་བྷནྡྷ་བཀྲ་མི་ཤིས་པ་ཞིག་གི་ནང་དུ་བཅུག་
ནས། སྐྱེས་པའི་བྷནྡྷ་བཀྲ་མི་ཤིས་པ་ཞིག་གིས་སྟེང་ནས་བཀབ་སྟེ། དོང་དེ་ཡང་མགལ་དུམ་དང་ཚེར་མ་དང་སོལ་བ་དང་། རུས་པ་སྣ་ཚོགས་བརྡུངས་པའི་དུམ་བུ་དང་། དུག་གི་ལོ་མ་དང་། སྨད་འཚོང་མའི་སྨད་དཀྲིས་དང་། ལམ་པོ་ཆེའི་རྡུལ་རྣམས་ཀྱིས་བཀང་ནས། ལེགས་པར་སྦས་པའི་
སྟེང་དུ་སྣ་ཚོགས་རྡོ་རྗེ་ཞིག་བྲིས་ཏེ། དེའི་འོག་ཏུ་སྔགས་པ་གཡས་བརྐྱང་བའི་སྦྱོར་བ་གནས་ནས་གཟིར་ཅིང་གསང་སྔགས་དེ་ཉིད་བཟླས་ན་གནད་ཀྱི་གནས་ཡོངས་སུ་གཟིར་བར་འགྱུར་ཏེ། གང་དང་གང་གི་མི་ལྡན་པ་དེ་དང་དེ་ཐམས་ཅད་བརླག་པར་འགྱུར་རོ། །ཇི་སྲིད་ལས་གྲུབ་པར་མ་གྱུར་པ་དེ་སྲིད་དུ་
སྦྱོར་བ་གཏང་བར་མི་བྱའོ། །ལས་གྲུབ་པར་གྱུར་ནས་དེ་དག་སླར་ཕྱུང་སྟེ། ཕུར་བུའམ་རྩང་ལ་སོགས་པའི་མཚོན་ཆ་རྣམས་ནི་ཕྱུང་ལ་འོ་མས་བཀྲུས་ཏེ། སྦྱིན་སྲེག་གིས་མཆོད་ནས་གཞག་གོ། །ལིངྒ་ནི་འོ་མས་བཀྲུས་ལ་སྡིག་པ་སྲེག་པའི་སྦྱིན་སྲེག་གམ། ཡང་ན་ཆུ་ཀླུང་དུ་དོར་ཏེ་བསོད་ནམས་
เล่ม ๔๘ · หน้า 24b
སྤེལ་པའི་ལས་བྱའོ། །ཐོད་པ་དང་སོལ་བ་ལ་སོགས་པའི་རྫས་གཞན་རྣམས་ནི་ཕྱི་རོལ་གྱི་གནས་ཤིག་ཏུ་སྦས་ཏེ། དུས་ཕྱིས་དགོས་ན་དེ་ཉིད་ནས་བླང་བར་བྱའོ། །དོང་དེ་ཉིད་ས་བཟང་པོས་བཀང་སྟེ་གཞག་གོ། །སྦྱོར་བ་འདི་ལྟ་བུ་ལེགས་པར་བྱས་ཀྱང་རྗེས་སུ་བསྐུལ་བ་ཟླ་བ་དྲུག་གིས་ཀྱང་
ལས་གྲུབ་པར་མ་གྱུར་ན། སྒྲུབ་པ་པོའི་དད་པ་དང་རྩོལ་བ་ལ་ཉེས་པ་ཡོད་པའམ། ཡང་ན་བསྒྲུབ་བྱའི་རྒྱུད་ལ་བསོད་ནམས་ཀྱི་ནུས་པ་ཡོད་པ་སྟེ། དེ་ལྟ་བུ་དག་ལ་ཟླ་བ་དྲུག་ཅིང་སྦྱོར་བ་འདི་ལྟ་བུ་རེ་བསྣན་པར་བྱའོ། །གསང་སྔགས་ནི་རྩ་བའི་གསང་སྔགས་ཉིད་ཀྱི་རྗེས་སུ་ཆེ་གེ་མོ་མཱ་ར་ཡ་ཕཊ་
ཕཊ། ཅེས་བྱ་བ་བསྐུལ་བ་འབའ་ཞིག་མཚོན་ཆ་ཐམས་ཅད་ལ་ཐུན་མོང་དུ་འགྱུར་རོ། །ལས་འདིའི་དུས་སུ་ཡང་དུས་དྲུག་དང་བཞིའམ་རེ་རེར་ཡང་མཆོད་པ་དང་གཏོར་མ་སྦྱིན་པ་དང་། དཀོན་མཆོག་ལ་ཐུགས་དམ་བསྐུལ་ཞིང་སྤྱི་དང་ཁྱད་པར་གྱི་སྲུང་མ་རྣམས་ལ་ཕྲིན་ལས་བཅོལ་བ་ནི་ལས་ཀྱི་
གྲོགས་སུ་འགྱུར་ཏེ་ལས་མྱུར་དུ་གྲུབ་པར་བྱེད་པའོ། །གནད་ཀྱི་གནས་རྣམས་ཡོངས་སུ་གཟིར་བ་ཞེས་བྱ་བའི་ཆོ་གས་གདུག་པ་འདུལ་བའི་སྦྱོར་བ་བསྟན་པ་རྫོགས་སོ།། །།བྱུག་དང་གཏོར་བ་ལ་སོགས་ཀྱིས། །རུལ་སོགས་མ་རུང་བྱ་བ་ཡིས། །སྦྱོར་བ་བསྟན་པ་གང་ཡིན་དེ། །བདེ་བར་འདིར་
ནི་བསྟན་པར་བྱའོ། །དུག་དང་མ་མོའི་གདོན་ལ་སོགས། །ཕྲ་མེན་ལ་སོགས་ཁ་ཅིག་ནི། །དུག་དང་ཁ་རླངས་དྲི་མ་སོགས། །བསྒོས་པའི་རྫས་ཀྱིས་རེག་བྱས་ན། །རུལ་སོགས་ཡན་ལག་མ་རུང་བྱེད། །བསྒྲུབ་པ་གསང་སྔགས་མཐར་ལྡན་པ། །དེ་དག་བསྐུལ་བའི་སྦྱོར་བ་ཡིས། །ཡན་ལག་མ་རུང་
བྱེད་པར་འགྱུར། །དེ་ཡི་ཆོ་ག་བསྡུས་པ་དག །བདེ་བར་འདིར་ནི་བསྟན་པར་བྱ། །ཁྲག་དང་དུག་ཏུ་ལྡན་པ་དག །མཎྜལ་དབུས་སུ་གཞག་པར་བྱ། །ཡི་གེ་རུ་དང་ཁ་ལྡན་པའི། །རྫས་ནི་རབ་ཏུ་གཞག་པར་བྱ། །གླང་པོ་ཕག་དང་མ་ཧེ་ཡི། །མཆིན་པ་དུག་དང་སྦྱར་བ་ལ། །ནག་པོའི་འབྲུ་དང་སྦྱར་
བྱས་ནས། །དུར་ཁྲོད་སོལ་བས་བསྐུ་བར་བྱ། །གཞན་ཡང་ཡུངས་ཀར་དག་ལ་ཡང་། །དུག་གིས་བསྒོས་པ་གཞག་པར་བྱ། །ཁྲག་དང་དུག་དང་སྐེ་ཚེ་དང་། །ལྕགས་ཕྱེ་རྡོ་རྗེ་ལ་སོགས་དང་། །ནག་པོའི་འབྲུ་དང་སྦྱར་བ་ཡི། །གཏོར་མ་དག་ཀྱང་གཞག་པར་བྱ། །སེང་གེ་སྟག་དང་ཝ་ལ་སོགས། །
เล่ม ๔๘ · หน้า 25a
བྱ་རྒོད་འུག་པ་ལ་སོགས་པའི། །སྤུའམ་འདབ་མ་ལྡན་པའི་མདའ། །བཅུ་དྲུག་དག་ཀྱང་གཞག་པར་བྱ། །ཁྲོ་བོའི་སྔགས་ཀྱིས་གཟིར་བྱས་པའི། །དུག་དང་མ་མོའི་སྔགས་དག་དང་། །ཕྲ་མན་སྔགས་དང་སྦྱར་བྱས་ཏེ། །གདུག་པ་གང་ན་གནས་པ་དེར། །གཏོར་ཞིང་
འཕངས་ན་མ་རུང་འགྱུར། །དེ་ལ་བྱུག་པ་དང་གཏོར་བའི་རྫས་ཀྱིས་བསྒྲུབ་བྱའི་ལུས་འདྲུལ་བ་ལ་སོགས་པ་དང་། སྒོ་ཀུན་ནས་མ་རུང་པར་འགྱུར་བའི་ཐབས་ཀྱི་ཆོ་ག་བཤད་པར་བྱ་སྟེ། དང་པོར་བསྒོམ་པ་དང་བཟླས་པའི་སྒོ་ནས་སྔོན་དུ་ལེགས་པར་བསྙེན་པ་བྱས་ལ། མར་གྱི་ངོ་ལ་དུར་ཁྲོད་ལ་སོགས་
པར་སོང་སྟེ། དེར་མཎྜལ་གྲུ་གསུམ་ཞིག་བྱས་ནས་ཁྲག་སྣ་ཚོགས་དང་དུག་གིས་བྲན་པར་བྱའོ། །དེའི་དབུས་སུ་ཁྲག་སྣ་ཚོགས་དང་། བོང་བུ་དང་བ་ལོང་གི་དྲི་ཆུ་དང་། དུག་སྣ་ཚོགས་དང་སྦྱར་བའི་ཆུ་དང་དེ་རྣམས་གཅིག་ཏུ་སྦྱར་བ་བྲེ་བདུན་ནམ་བཅུ་བཞིའམ་ཉི་ཤུ་རྩ་གཅིག་ཟངས་ཀྱི་སྣོད་དུ་བླུགས་
ཏེ་དེའི་ཁར་བལ་སྔོན་པོ་དང་དམར་པོ་བསྲེས་པས་ཁ་རབ་རིབ་ཙམ་དུ་གཅད་པར་བྱའོ། །དེའི་ཕྱི་རོལ་དུ་གླང་པོ་ཆེའི་མཆིན་པ་དང་། ཕག་གི་མཆིན་པ་དང་། མ་ཧེའི་མཆིན་པ་དང་། དུག་སྣ་ཚོགས་དང་སྦྱར་བ་དང་། འབྲུ་ནག་པོ་ལེགས་པར་བཏགས་པའི་ཕྱེ་དང་སྦྱར་ནས་དེ་ལས་གྲུ་གསུམ་སོར་བཞི་པ་
བརྒྱ་རྩ་བརྒྱད་བྱས་ཏེ། དུར་ཁྲོད་ཀྱི་སོལ་བས་ནག་པོར་བསྐུལ་ལ་འོག་ངོས་སུ་ཡི་གེ་རུ་དམར་པོ་བྲིས་ཏེ། དུག་ཐམས་ཅད་ཀྱི་རྟེན་ཁྲག་མེ་ལོང་ཙམ་རེར་འགྱུར་བར་བསྒོམ་མོ། །སྟེང་གི་དབུས་སུ་དུག་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་ཁ་ནག་པོ་བྲིས་ཏེ་དུག་ནག་པོ་མེ་ལྟར་འབར་བར་བསྒོམ་མོ། །གྲུ་གསུམ་
དུ་དུག་གི་མིང་གི་སྔགས་བི་ཥ་ཞེས་བྱ་བ་རེ་རེ་བྲིས་ལ་གཞག །དེའི་ཕྱི་རིམ་དུ་ཡུངས་ཀར་དུག་དང་ཁྲག་གིས་བསྒོས་པ་བྱ་གག་གི་སྒོ་ང་ཙམ་གྱིས་ཁམ་པའི་སྣོད་ཀྱི་ནང་དུ་བླུགས་ཏེ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་ཏེ་གཞག །དེའི་ཕྱི་རིམ་དུ་དྲག་པོའི་གཏོར་མ་བརྒྱད་འབྲུ་ནག་པོའི་ཆན་དང་དུག་དང་སྐེ་ཚེ་དང་ལན་
ཚྭ་དང་། ལྕགས་ཕྱེ་དང་རྡོ་ཕྱེ་རྣམས་བླུགས་ཏེ་དུག་གི་ལོ་མས་ཁ་བཅད་ལ་གཞག །དེའི་ཕྱི་རིམ་དུ་གཤིན་རྗེའི་རྒྱལ་པོ་འཁོར་གྱི་ཕྲ་མེན་མ་བཅུ་དྲུག་ཏུ་བྱིན་གྱིས་བརླབས་པའི་མདའ་བཅུ་དྲུག་རང་རང་གི་པགས་པ་སྤུ་དང་བཅས་པ་དང་། འདབ་གཤོག་གིས་བསྒྲོན་པ་མདེའུའི་སྦུ་གུར་ཡུངས་ཀར་
เล่ม ๔๘ · หน้า 25b
ལ་དུག་གི་སྔགས་དང་། ཕྲ་མེན་མ་རང་རང་གི་སྙིང་པོ་བཟླས་པ་བླུགས་ཏེ་ཤིང་གདུག་པ་ལས་བྱས་པའི་མདེའུ་དབྱིབས་གྲུ་གསུམ་དུག་དང་ཁྲག་གིས་བསྐུས་པ་བཅུག་སྟེ་ཕྱོགས་མཚམས་བརྒྱད་དུ་གཞག །ཕྱོགས་བཞིར་གཞུ་བཞི་དང་མི་རོའི་སྐྲ་ལས་བྱས་པའི་འཁྲུལ་འཁོར་བཞི་ཡང་
གཞག་གོ། །སྲོག་ཆགས་ཀྱི་པགས་པའམ་འདབ་མ་མ་རྙེད་པ་དག་ནི་ཤིང་ཤུན་ལ་སོགས་པ་ལ་ཕྲ་མེན་མའི་མིང་བྲིས་ཏེ་སྔ་མ་བཞིན་དུ་བསྒྲོན་པར་བྱའོ། །དེ་ནས་སྔགས་པ་བདག་ཉིད་གོས་ནག་པོ་གྱོན་སྐྲ་ལྷུག་པར་བཤིག །ལག་པ་ཁྲག་གིས་བྱུགས་ཏེ་ཁ་ལྷོ་ཕྱོགས་སུ་བལྟས་ནས། སྔ་མ་
བཞིན་དུ་དཀྱིལ་འཁོར་གྱི་རྣལ་འབྱོར་བསྒོམས་ཏེ། དང་པོར་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་སྔོན་བཞིན་དུ་ལེགས་པར་མཆོད་ནས། དེ་ནས་དུག་དང་མ་མོ་དང་ཕྲ་མེན་མ་རྣམས་ལ་ཡང་གཏོར་མ་བཟང་པོ་བྱིན་ཏེ་དགའ་བར་བྱའོ། །དེ་ནས་བདག་གི་མདུན་དུ་མི་ཐོད་ཀྱི་ནང་དུ་ཡུངས་ཀར་དང་སྐེ་ཚེས་
བཀང་སྟེ་བཞག་ནས་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་ཁྲོས་ཏེ་རྩ་བའི་གསང་སྔགས་བཟླས་པའི་ཡུངས་ཀར་གྱིས་རྫས་དེ་དག་ཐམས་ཅད་ལ་གཏོར་བར་བྱའོ། །དེ་ནས་རྩ་བའི་གསང་སྔགས་ཀྱི་རྗེས་སུ་དུག་ཐམས་ཅད་ཀྱི་རྟེན་གྱི་སྙིང་པོ་ཡི་གེ་རུ་ཞེས་བྱ་བ་དང་། དུག་ཉིད་ཀྱི་སྙིང་པོའི་ཡི་གེ་ཁ་
ཞེས་བྱ་བ་དང་། དུག་གི་མིང་གི་སྔགས་སོ་སོར་བྱས་ཏེ། དུག་གཞུག་པའི་སྙིང་པོ་དང་བཅས་ཏེ་སྤེལ་ནས་ཡུངས་ཀར་ལ་བསྔགས་ཏེ་རྫས་དེ་དག་ཐམས་ཅད་ལ་གཏོར་བར་བྱའོ། །དེ་ནས་མ་མོ་དང་ཕྲ་མེན་མའི་སྔགས་ཀྱང་རྩ་བའི་གསང་སྔགས་ཀྱིས་གཟིར་ཅིང་བཟླས་ཏེ་གཏོར་བར་བྱའོ། །དེ་ཡང་ཁྲག་
གི་སྣོད་དུ་ནི་མ་མོ་རྣམས་ཀྱི་སྙིང་པོ་རྩ་བའི་སྔགས་ཀྱིས་གཟིར་བ་ཡུངས་ཀར་ལ་བཟླས་ཤིང་བླུགས་པར་བྱའོ། །ཕྲ་མེན་མའི་སྙིང་པོ་རྩ་བའི་སྔགས་ཀྱིས་གཟིར་བ་ནི་མདའ་རྣམས་ལ་བསྔགས་པར་བྱའོ། །ཡུངས་ཀར་དང་གཏོར་མ་ལ་ནི་རྩ་བའི་གསང་སྔགས་འབའ་ཞིག་བཟླས་པར་བྱའོ། །དུག་ནི་རྫས་
ཐམས་ཅད་ལ་ཁྱབ་པར་བཟླ་བར་བྱའོ། །དེ་ལ་རྩ་བའི་སྔགས་ཀྱིས་གཟིར་བར་བྱ་བའི་དུག་གི་སྔགས་ནི་འདི་ཡིན་ཏེ། རྩ་བའི་སྔགས་ཀྱི་རྗེས་སུ་བི་ཥ་རཱུ་པཱི་ཤ་ཁ་པྲ་བེ་ཤ་ཡ་ཕཊ་ཕཊ། ཅེས་བྱ་བ་འདི་ཡིན་ནོ། །རྩ་བའི་སྔགས་ཀྱིས་གཟིར་ཅིང་བསྐུལ་བའི་མ་མོའི་སྔགས་ནི་འདི་ཡིན་ཏེ། རྩ་བའི་
เล่ม ๔๘ · หน้า 26a
སྔགས་ཀྱི་རྗེས་སུ་མཱ་ཏྲི་ག་ཎ་བྷྱོ་རུ་ལུ་རུ་ལུ་ཕཊ་ཕཊ། ཅེས་པ་འདི་ཡིན་ནོ། །རྩ་བའི་སྔགས་ཀྱིས་ཕྲ་མེན་མ་རྣམས་ཀྱི་སྙིང་པོ་གཟིར་ཅིང་བསྐུལ་བ་ནི་རྩ་བའི་གསང་སྔགས་ཀྱི་རྗེས་སུ། ཧེ་ཧེ་སིཾ་ཧ་མུ་ཁཱ་ཛྫ་ཛྫ་རུ་ལུ་རུ་ལུ་ཕཊ་ཕཊ། ཅེས་བྱ་བ་འདི་ཡིན་ནོ། །དེ་བཞིན་དུ་
བྱཱགྷྲ་མུ་ཁཱ། སྲི་ལ་མུ་ཁཱ། ཤྭ་ན་མུ་ཁཱ། གྲྀཧྞ་མུ་ཁཱ། ཀངྐ་མུ་ཁཱ། ཀཱ་ཀ་མུ་ཁཱ། ཧུ་ལུ་མུ་ཁཱ། ཞེས་བྱ་བས་སྔ་མ་བཞིན་དུ་སྤེལ་ཏེ། མདའ་ཟུང་རེ་ལ་ཕྲ་མེན་མ་རེ་རེའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟ་བུ་ཞག་བདུན་ནམ་བཅུ་བཞིའམ་ཉི་ཤུ་རྩ་གཅིག་གམ་ཇི་ལྟར་ནུས་པར་
བྱས་ཏེ། ཐ་མ་གཟའ་དང་རྒྱུ་སྐར་རམ་དུས་ཚོད་བཀྲ་མི་ཤིས་པ་ཞིག་གི་ནུབ་མོ་བསྒྲུབ་བྱའི་གཟུགས་བརྙན་སྔ་མ་བཞིན་དུ་བྱས་ཏེ། སྟེགས་བུའི་སྟེང་དུ་བཞག་ལ་དགུག་པའི་སྦྱོར་བ་ཇི་ལྟར་ནུས་པ་བྱས་ཏེ། དེ་ནས་མདའ་རྣམས་ཐོགས་ཏེ་ཡང་ལག་པ་ཁྲག་གིས་བྱུགས་ནས། ཕྲ་མེན་མའི་
གསང་སྔགས་ཟློས་ཤིག །ཕྱོགས་བཞིར་བརྒྱུག་པའི་ཚུལ་སྟོན་ཅིང་ཕྱོགས་བཞི་ནས་གཟུགས་བརྙན་ལ་མདའ་བརྡེག་གོ། །དེ་ནས་མདའ་དེ་དག་དང་གཟུགས་བརྙན་དེ་བསྡུས་ཏེ། གཟུགས་བརྙན་ཕྱེ་མར་བྱས་ལ་ཁྲག་དང་གཏོར་མར་བླུགས་སོ། །མདེའུ་དེ་དག་ཕྱུང་ལ་ཨེའི་ཁ་རྣམས་ལ་
བཞག །མདའ་ནི་གུད་དུ་བཞག་སྟེ་ཕྱིས་དགོས་པ་ལ་ཡང་སྦྱར་བར་བྱའོ། །དེ་ནས་རྫས་དེ་དག་ཁྱེར་ཏེ་བསྒྲུབ་བྱའི་ཡུལ་མཐོང་བའམ་དེའི་ཕྱོགས་སུ་ཁྱེར་ཏེ། དང་པོ་ཡུངས་ཀར་རྣམས་མི་རོའི་སྐྲ་ལས་འཁྲུལ་འཁོར་གྱི་ནང་དུ་བཅུག་སྟེ། ཁྲོ་བོའི་གསང་སྔགས་བཟླས་ཤིང་འཕང་བར་བྱའོ། །
དེས་གནམ་ལྕགས་ཀྱི་རྡོ་རྗེ་འབར་བ་འདྲ་བ་བསྒྲུབ་བྱའི་གནས་སུ་བབ་སྟེ་གནས་དང་བཅས་ནས་རྡུལ་བཞིན་བཤིག་ཅིང་བསྲེགས་པར་བསམ་མོ། །དེ་ནས་དུག་གི་ཨེ་ཁ་མདེའུ་དང་བཅས་པ་འཁྲུལ་འཁོར་གྱིས་འཕངས་ལ་དུག་གི་གསང་སྔགས་དང་ཕྲ་མེན་མའི་གསང་སྔགས་ཀྱིས་སྔ་མ་བཞིན་དུ་
བཟླས་པས། དེ་དག་དུག་གིས་ཕོག་ཅིང་ཕྲ་མེན་མ་རྣམས་ཀྱང་དེའི་རྗེས་སུ་བརྒྱུག་ཅིང་སོང་བར་བསམ་མོ། །དེ་ནས་ཁྲག་ལ་དུག་གི་སྔགས་དང་མ་མོའི་སྔགས་སྔ་མ་བཞིན་དུ་བཟླས་ཤིང་མི་ཐོད་ཀྱིས་གཏོར་བས་མ་མོ་རྣམས་ཀྱིས་དུག་སྣ་ཚོགས་དང་ལྡན་པའི་ཁྲག་གི་རྗེས་སུ་ཞུགས་ཏེ། ནད་
เล่ม ๔๘ · หน้า 26b
སྣ་ཚོགས་ཁྱེར་ནས་རང་རང་གི་བཞོན་པ་ལ་ཞོན་ཏེ་བརྒྱུག་ཅིང་སོང་བར་བསམ་མོ། །དེ་ནས་གཏོར་མ་གཏོར་བས་ན་བུན་འདྲ་བ་དེ་ཕྱོགས་ཐམས་ཅད་དུ་ཁྱབ་སྟེ་ཤིན་ཏུ་མ་རུང་བར་གྱུར་ནས། སླར་གསོར་མི་རུང་བར་གྱུར་པར་བསམ་མོ། །སྦྱོར་བ་འདི་ལྟ་བུ་ལ་ནི་ཕྱོགས་དེ་དག་ན་གནས་པའི་ཞིང་སྐྱོང་དང་
ལམ་སྲུང་དང་། གློ་བུར་དུ་རྒྱུ་བའི་མི་མ་ཡིན་པ་དག་ཀྱང་མི་དགའ་བས་ལེགས་པར་བསྒོ་བར་བྱ་སྟེ་འཕང་བར་བྱའོ། །མཎྜལ་གྱི་སྟེང་དུ་ཡུངས་ཀར་ལ་སོགས་པའི་རྫས་ལྷག་མ་རྣམས་ལུས་ན་བཀྲ་མི་ཤིས་པས་ལེགས་པར་ཕྱགས་ཏེ་དང་པོ་ཉིད་དུ་ཁྲག་དང་གཏོར་མའི་ནང་དུ་བླུགས་པར་བྱའོ། །
ས་གཞི་ལ་ཡང་སངས་རྒྱས་སྤྱན་གྱི་སྙིང་པོ་བཟླས་ཤིང་འོ་མ་དང་སྦྱར་བའི་ཆུས་བཀྲུ་བར་བྱའོ། །བདག་ཉིད་ཀྱང་ལེགས་པར་ཁྲུས་བྱས་ཏེ། གནས་དེར་གཞན་དག་འོངས་ན་དལ་གྱིས་ཕོག་པར་འགྱུར་བས་བསྲུང་བར་བྱའོ། །སྦྱོར་བ་འདི་ནི་སྤྱིའི་སྦྱོར་བ་ཡིན་ཏེ། འདོད་ན་གང་ཡང་རུང་པ་
རེ་རེ་ཡང་སྦྱར་བར་བྱའོ། །མ་མོའམ་ཕྲ་མེན་མ་གང་དག་བདག་ཉིད་དགའ་བར་འགྱུར་བའི་རིགས་དག་ཡོད་ན། དེ་དག་རེ་རེའམ་གཉིས་སམ་གསུམ་ལ་སོགས་པ་ཇི་ལྟར་འདོད་པའི་རང་རང་གི་སྙིང་པོ་དག་ཁྲོ་བོའི་སྔགས་ཀྱིས་གཟིར་ཏེ་བཟླས་པས་སྦྱོར་བ་འདི་ལྟ་བུ་དག་ལ་སྦྱར་བར་བྱའོ། །སྦྱོར་བ་འདི་ནི་
ཇི་ལྟར་བསྒྲུབ་བྱ་ལ་ཉེ་བར་ཕོག་པ་དེ་ལྟར་ལས་གྲུབ་པར་འགྱུར་རོ། །འདི་ཡང་ལན་ཅིག་གིས་གྲུབ་པར་མ་གྱུར་ཀྱང་སྔ་མ་བཞིན་དུ་བརྣག་པའི་སྦྱོར་བའོ། །བྱུག་པ་དང་གཏོར་ཞིང་འཕང་པའི་སྦྱོར་བས་གདུག་པ་འདུལ་བའི་ཐབས་བསྟན་པ་རྫོགས་སོ།། །།དེ་ནས་གདུག་པ་བསྐམ་པ་དང་། །བསྲེག་
པའི་ཆོ་གའང་བཤད་པར་བྱ། །དེ་ལ་བསྐམ་པ་མདོར་བསྡུས་པ། །ཆོ་ག་བསྟན་པ་འདི་ཡིན་ནོ། །རྡོ་རྗེའི་དཀྱིལ་འཁོར་བསྙེན་བྱས་ཤིང་། །རྡོ་རྗེ་མཁའ་འགྲོ་མ་ཀུན་ལ། །གཏོར་མའི་ལས་རྣམས་རྟག་ཏུ་བྱ། །དུག་སོགས་ཚ་བའི་རྫས་ཀུན་གྱིས། །བསྒྲུབ་བྱའི་གཟུགས་བརྙན་དགང་བར་བྱ། །དུར་
ཁྲོད་མེ་ལ་བསྐམ་བྱས་ཏེ། ཁྲོ་བོའི་གསང་སྔགས་ཟློས་བྱེད་ཅིང་། །རྐང་པ་གཡོན་པས་མནན་ནས་ནི། །ལུས་ཀུན་རྡོ་རྗེ་འབར་བས་དགོང་། །རྡོ་རྗེ་མཁའ་འགྲོ་མ་ཡང་བསྐུལ། །འདི་ལྟར་རྟག་ཏུ་བསྒོམ་བྱས་ན། །འདོད་པ་བཞིན་དུ་བསྐམ་པར་འགྱུར། །དེ་ལ་བསྒྲུབ་བྱ་བསྐམ་པའི་ཆོ་ག་ནི།
เล่ม ๔๘ · หน้า 27a
དང་པོ་རྡོ་རྗེ་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྒོམ་ཞིང་རྩ་བའི་སྔགས་ལེགས་པར་བསྙེན་པ་བྱས་ཏེ། རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཡང་རྟག་ཏུ་གཏོར་མ་སྦྱིན་པར་བྱའོ། །དེ་ལ་མཁའ་འགྲོ་མ་ལ་གཏོར་མ་སྦྱིན་པའི་ཚུལ་ནི་འདི་ཡིན་ཏེ། དང་པོར་པདྨ་འདབ་མ་བཞི་པ་
ཞིག་ཡི་གེ་བ་ལས་བསྐྱེད་དེ། དེའི་དབུས་སུ་ཤྲཱི་ཡ་མཱནྟ་ཀ་བསྒོམ། དེའི་མདུན་དང་འདབ་མ་བཞི་ལ་ཡི་གེ་དི་ཁ་དོག་མཐིང་ག་དང་། དཀར་པོ་དང་སེར་པོ་དང་དམར་པོ་དང་། ལྗང་གུ་རྣམས་ལས་རྡོ་རྗེ་མཁའ་འགྲོ་མ་ཆེན་པོ་ལྔ་གཟུགས་སྐེམ་བག་རྡོ་རྗེའི་མཆུ་ཅན། བསྒྲུབ་བྱ་རྣམས་ཀྱི་ཁྲག་
གཞིབས་ནས་ལུས་སྐམ་པར་བྱེད་པ། ཕྱག་གཡས་དང་པོ་ན་རྡོ་རྗེ་དང་འཁོར་ལོ་དང་། རིན་པོ་ཆེ་དང་པདྨ་དང་། རལ་གྲི་རྣམས་འཛིན་པ། གཡས་འོག་མ་གྲི་ཐོགས་པ། གཡོན་དང་པོ་ན་བསྒྲུབ་བྱ་འཛིན་པ། འོག་མ་ན་གཞོང་པ་ཐོགས་པ་འདི་ལྟ་བུ་དག་བསམས་ཏེ། གཏོར་མ་བྱིན་གྱིས་
བརླབ་པ་བྱས་ནས། དེ་ནས་ལག་པ་ཐལ་མོ་སྦྱར་བ་ལས་མཛུབ་མོ་གཉིས་མདུད་པར་བཅིངས་ཏེ། གུང་མོ་དང་མཐེ་བོང་རྩེ་སྤྲད་ལྷག་མ་འོད་ཟེར་ལྟར་བཏང་བ་འདི་ནི། དཔལ་རྡོ་རྗེ་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་དགུག་ཅིང་ལས་ལ་བསྐུལ་བའི་ཕྱག་རྒྱ་སྟེ། འཁོར་ལོའི་ཚུལ་དུ་དཔྲལ་བར་
ལན་གསུམ་བསྐོར་ཞིང་བཞག་ནས་གསང་སྔགས་འདིས་མཁའ་འགྲོ་མའི་དཀྱིལ་འཁོར་དགུག་ཅིང་གཏོར་མ་སྦྱིན་པར་བྱའོ། །ཨོཾ་ཤྲཱི་ཡ་མཱནྟ་ཀ །ཨཱ་ཀཌྜྷྱ། ཨཱ་ཀཌྜྷྱ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། བཛྲ་ཌཱ་ཀི་ནཱི་ནཱཾ་ཧྲྀ་ད་ཧཱུཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མན་
བ་ལིཾ་ཧཱུཾ་ཕཊ། ཨོཾ་བུདྡྷ་ཌཱ་ཀི་ནཱི། པྲ་ཏཱིཙྪ་མན་བ་ལིཾ་ཧཱུཾ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནི་པྲ་ཏཱིཙྪ་མན་བ་ལིཾ་ཧཱུཾ་ཕཊ། ཨོཾ་པདྨ་ཌཱ་ཀི་ནི་པྲ་ཏཱིཙྪ་མན་བ་ལིཾ་ཧཱུཾ་ཕཊ། ཨོཾ་བི་ཤྭ་ཌཱ་ཀི་ནི་པྲ་ཏཱིཙྪ་མན་བི་ལིཾ་ཧཱུཾ་ཕཊ། ཅེས་བྱ་བ་བརྗོད་དེ། པདྨའི་ལག་གིས་དང་པོར་རང་གི་ལྕེ་ལ་བཞག་སྟེ། དེ་ནས་ལྷག་མ་རྣམས་མཁའ་
འགྲོ་མའི་ཚོགས་ཚིམ་པར་བསམ་མོ། །འདི་ནི་བསྐམ་པ་འབའ་ཞིག་ཏུ་མ་ཟད་ཀྱི་གང་དུ་སྦྱར་ཡང་ཉེས་པ་མེད་དོ། །དེ་ནས་སྐམ་པའི་ལས་ལ་སྦྱོར་བ་ན། བསྒྲུབ་བྱའི་རྗེས་དང་དྲི་མ་ལ་སོགས་པ་ཇི་ལྟར་རྙེད་པ་ལས་གཟུགས་བརྙན་བྱས་ཏེ། དུག་དང་སྐེ་ཚེ་དང་ལན་ཚྭ་ལ་སོགས་པ་ཚ་བའི་རྫས་ཀྱིས་
เล่ม ๔๘ · หน้า 27b
ནང་ཡོངས་སུ་བཀང་སྟེ་མིང་དང་ལྡན་པར་བྱས་པ་ལ། ཡུངས་ཀར་ལ་ཁྲོ་བོའི་གསང་སྔགས་ལྡན་པས་བརྡེག་ཅིང་རྐང་པ་གཡོན་པས་མནན་ཏེ། རྡོ་རྗེ་མཁའ་འགྲོ་མ་ཡང་བསྐུལ་བར་བྱའོ། །དེ་ནས་དུར་ཁྲོད་མེ་འབར་བའི་སྟེང་དུ་བཞག་སྟེ་ཡུངས་ཀར་ལ་གསང་སྔགས་བཟླས་ཤིང་རྗེས་སུ་
བསྐུལ་བར་བྱའོ། །འདི་ཡང་ཡུངས་ཀར་རྡོ་རྗེ་འབར་བས་རྩ་བའི་གནས་ཐམས་ཅད་གང་ནས་བསྐམ་ཞིང་མཁའ་འགྲོ་མ་རྣམས་ཀྱི་རྡོ་རྗེ་མཆུ་ཡིས་ཀྱང་ཁྲག་རྣམས་གཞིབས་ནས་སྐམ་པ་བྱས་པར་འགྱུར་རོ། །དེ་ནས་བསྲེག་པའི་ཆོ་ག་ཡང་། །ལེགས་པར་རབ་ཏུ་བཤད་པར་བྱ། །དུར་ཁྲོད་
ལ་སོགས་སོང་ནས་ནི། །དུར་ཁྲོད་མེ་ནི་འབར་བ་ལ། །གདུག་པའི་ཡིད་ཅན་མ་རུངས་པས། །བསྒྲུབ་བྱ་བསྲེགས་ན་མ་རུང་འགྱུར། །དེ་ལ་འདིར་བསྲེགས་པའི་ཆོ་ག་བཤད་པར་བྱ་སྟེ། དང་པོ་སྔོན་དུ་བསྙེན་པའི་ཆོ་ག་ལེགས་པར་བྱས་ནས་ཕྱིས་ལས་ལ་སྦྱོར་བའམ། ནག་པོའི་ཚེས་བརྒྱད་
དམ་བཅུ་བཞི་ལ་དུར་ཁྲོད་ལ་སོགས་པའི་གནས་སུ་སོང་སྟེ། དེར་ཐབ་ཁུང་གྲུ་གསུམ་དུ་བྱས་ནས། དུག་ཤིང་དང་དུར་ཁྲོད་ཀྱི་ཤིང་དག་ལ་མེ་སྤར་ཏེ་བདག་ཉིད་ལྷའི་བརྟུལ་ཞུགས་དང་ལྡན་པས་ལྷོ་ཕྱོགས་སུ་བལྟས་ཏེ་རབ་ཏུ་འཁྲུགས་པའི་ཡིད་ཀྱིས་སྦྱིན་སྲེག་གི་ལས་བརྩམ་པར་བྱའོ། །དེ་ལ་
བསྒྲུབ་བྱའི་གཟུགས་བརྙན་ནི་སྔོན་དུ་བརྗོད་པའི་རྫས་ལ་ཆོ་ག་བཞིན་བྱས་ཏེ། བདག་གི་མདུན་དུ་མཚོན་ཆ་དང་བཅས་ཏེ་གཞག་པར་བྱའོ། །གཞན་ཡང་དམར་ཆེན་དང་ཆང་དུ་སྦྱར་བའི་ཨརྒྷ་དང་། དེ་བཞིན་དུ་ལྷ་བཤོས་དང་གཏོར་མ་དང་། བདུག་པ་དང་མར་མེ་དག་ཀྱང་ཤ་ཆེན་པོ་དང་ལྡན་པ་
དང་། མེ་ཏོག་དང་བྱུག་པ་དག་ཀྱང་ཁྲག་ཆེན་པོ་དང་ལྡན་པར་བྱས་ཏེ། །གཞན་ཡང་བདུད་རྩི་རྣམ་པ་ལྔ་དང་། ཤ་རྣམ་པ་ལྔ་ལ་སོགས་པ་ཇི་ལྟར་འབྱོར་པའང་བཤམ་མོ། །དེ་ནས་སྔགས་པ་བདག་ཉིད་བདུད་རྩི་ལྔས་ལུས་ལ་བྱུག་ཅིང་དྲི་དང་ལྡན་པའི་གོས་གྱོན་ནས་ཁ་ལྷོ་ཕྱོགས་སུ་བལྟས་
ཏེ། ནག་པོའི་ཚེས་བརྒྱད་དམ་བཅུ་བཞིའི་ནམ་ཕྱེད་ན་སྦྱིན་སྲེག་གི་ལས་བརྩམ་པར་བྱ་སྟེ། དང་པོར་རང་གི་ལྷའི་རྣལ་འབྱོར་དུ་སྔོན་བཞིན་དུ་བསྐྱེད་ལ། དེ་ནས་ཐབས་ཀྱི་དབུས་སུ་ཡི་གེ་རཾ་ནག་པོ་ལས་མེའི་པདྨ་གྲུ་གསུམ་ཞིག་གི་སྟེང་དུ་མེ་ལྷ་ཅི་དགའ་བར་བསྐྱེད་དོ། །ཡང་ན་ལག་པ་བཞིན་
เล่ม ๔๘ · หน้า 28a
བགྲང་ཕྲེང་དང་དབྱུག་པ་དང་། རིལ་བ་སྤྱི་བླུགས་དང་། མཆོག་སྦྱིན་པར་བྱེད་པ་དྲང་སྲོང་གི་ཆ་བྱད་རྒྱན་མེད་པ་ཤིན་ཏུ་ཁྲོས་ཤིང་འཁྲུགས་པ་ཞིག་ཏུ་བསམ་མོ། །དེ་ནས་ཨོཾ་ཀྲོ་དྷ་ཨགྣ་ཡེ་མ་ཧཱ་རྀ་ཥི་མ་ཧཱ་བྷཱུ་ཏ། པྲ་ཏཱིཙྪ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ། ཞེས་བརྗོད་ཅིང་
མེ་ཏོག་ཐབ་ཁུང་དུ་གཏོར་བས་བདག་གི་བསམ་པ་དང་མཐུན་པའི་ཡེ་ཤེས་ཀྱི་ལྷ་ཞིག་བྱོན་ཏེ། དེ་ཉིད་དང་གཉིས་སུ་མེད་པར་གྱུར་པར་བྱའོ། །དེ་ནས་མཆོད་པའི་ཚོགས་རྣམས་རང་རང་གི་མིང་གི་ཐོག་མར་ཨོཾ་ཞེས་བྱ་བ་དང་ལྡན་པའི་རྗེས་སུ་མ་ཧཱ་པཱུ་ཛ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་དེ།
མཆོག་སྦྱིན་པའི་ཕྱག་རྒྱས་དབུལ་བར་བྱའོ། །དེ་ནས་དེར་ཁྲོ་བོའི་རྒྱལ་པོ་བསམས་ནས་སྔོན་དུ་བརྗོད་པའི་སྔགས་སམ། རྟོག་པ་གཞན་ལས་གསུངས་པའི་གསང་སྔགས་གང་ཡང་རུང་བའམ། རྩ་བའི་གསང་སྔགས་ཉིད་ཀྱིས་སྤྱན་དྲང་བར་བྱའོ། །དེ་ནས་རྩ་བའི་གསང་སྔགས་དེ་ཉིད་ཀྱིས་
ཨརྒྷ་ལ་སོགས་པའི་མཆོད་པ་ཐམས་ཅད་དབུལ་བར་བྱའོ། །དེ་ནས་བསྒྲུབ་བྱ་དགུག་པའི་སྦྱོར་བས་བཀུག་སྟེ་གཟུགས་བརྙན་ལ་བསྟིམ་པར་བྱའོ། །དེ་ཡང་རང་གི་ཏིང་ངེ་འཛིན་གྱི་སྦྱོར་བ་ཇི་ལྟ་བ་གོམས་པར་བྱས་པ་དང་། སངས་རྒྱས་ལ་མངོན་པར་དགའ་བའི་འབྱུང་པོ་གང་དག་མངོན་པར་
ཤེས་པ་དང་རྫུ་འཕྲུལ་དུ་ལྡན་པ་རྣམས་ལ་བཀའ་དང་དམ་ཚིག་གི་འཁོར་ལོས་བསྐུལ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་གང་དག་རང་གིས་ལྷག་པར་བསྙེན་པ་བྱས་པ་རྣམས་བསྐུལ་བའི་སྦྱོར་བས་དགུག་པ་ལ་སོགས་པ་བྱའོ། །ཚུལ་འདི་ནི་གང་དག་ལ་ཡང་སྦྱར་བར་
བྱའོ། །བཀའ་དང་དམ་ཚིག་གི་འཁོར་ལོ་ནི་སྐབས་ཉིད་ལས་རིག་པར་བྱའོ། །དེ་ནས་གཟུགས་བརྙན་དེ་དག་རྐང་པ་ནས་གཏུབ་ཅིང་རྩ་བའི་སྔགས་རིག་པས་ལན་བརྒྱའམ་སྟོང་ལ་སོགས་པ་ཇི་ལྟར་ནུས་པས་བསྲེག་པར་བྱའོ། །དེ་ནས་ལྷ་གཤེགས་སུ་གསོལ་བ་བྱས་ཏེ་ཐལ་བ་དེ་དག་བསྡུས་
ནས་གདོན་གང་དག་སྲོག་ཆགས་རྣམས་མེའི་ནད་ཀྱིས་འཛིན་པར་བྱེད་པ་དེ་དག་གི་གནས་སུ་བསྐྱལ་ན། བསྒྲུབ་བྱ་དེ་དག་མེའི་ནད་ཀྱིས་ཟིན་ཏེ་བརླག་པར་འགྱུར་རོ། །དེ་ལ་གསང་སྔགས་ནི་རྩ་བའི་གསང་སྔགས་ཀྱི་རྗེས་སུ་ཆེ་གེ་མོ་ད་ཧ་ད་ཧ། པ་ཙ་པ་ཙ། མཱ་ར་ཡ་མཱ་ར་ཡ་ཕཊ་ཕཊ། ཅེས་
เล่ม ๔๘ · หน้า 28b
བྱ་བ་འདི་ཡིན་ནོ། །བསྒྲུབ་བྱ་བསྐམ་ཞིང་བསྲེག་པའི་ཆོ་ག་བསྟན་པ་རྫོགས་སོ།། །།དེ་ནས་ལུས་ཀུན་གཞོམ་པ་ཡི། །ཆོ་ག་དག་ཀྱང་བཤད་པར་བྱ། །བེ་ཅོན་རྡོ་རྗེ་གཏུན་ཤིང་ལས། །སྔར་བསྙེན་ཆོ་ག་ལེགས་བྱས་ཏེ། །སྒྲུབ་པ་དག་ཀྱང་བརྩམ་པར་བྱ། །དེ་ནས་ལས་ལ་སྦྱོར་བ་ན། །
བསྒྲུབ་བྱའི་གཟུགས་བརྙན་ལེགས་བྱས་ཏེ། །དེ་བཞིན་བཀུག་བཅུག་བཅིངས་ནས་ཀྱང་། །བེ་ཅོན་རྡོ་རྗེ་ལ་སོགས་པས། །རྡུལ་བཞིན་དུ་ནི་གཞོམ་བྱས་ན། །དེ་དག་མྱུར་དུ་མ་རུང་འགྱུར། །དེ་ལ་བསྒྲུབ་བྱ་ཡོངས་སུ་འཇོམས་པའི་ཆོ་ག་ནི། །དང་པོར་བེ་ཅོན་ནམ། རྡོ་རྗེའམ། གཏུན་ཤིང་ངམ།
རྡོ་རྗེ་ཐོ་བ་ལ་སོགས་པ་ལེགས་པར་བྱས་ཏེ་མཎྜལ་གྱི་སྟེང་དུ་བཞག་ནས་བསྒོམ་པ་དང་། མཆོད་པ་དང་། བཟླས་པ་དག་གི་སྔོན་དུ་བསྙེན་པ་དང་། བསྒྲུབ་པའི་ཆོ་ག་དག་ཇི་ལྟར་དམ་བཅས་པ་བཞིན་བྱས་ནས། དེ་ནས་ལས་ལ་སྦྱོར་བར་འདོད་པ་ན། བསྒྲུབ་བྱའི་གཟུགས་བརྙན་ཇི་ལྟ་བ་བཞིན་དུ་བྱས་
ནས། ཆོ་ག་བཞིན་དུ་བཀུག་སྟེ། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའི་ཆོ་ག་རྣམས་བྱས་པའི་རྗེས་སུ་བེེ་ཅོན་ལ་སོགས་པའི་མཚོན་ཆས་རྡུལ་བཞིན་དུ་གྱུར་པ་དེ་སྲིད་དུ་བརྡུང་བར་བྱ་ཞིང་། རྩ་བའི་གསང་སྔགས་བསྐུལ་བ་དང་བཅས་པ་བརྗོད་པར་བྱའོ། །དེ་ལ་བསྐུལ་
བ་ནི་བེ་ཅོན་དག་ལ་ནི། ཧ་ན་ཧ་ན་དནྟེ་ན་ཙཱུརྞ་ཡ་ཆེ་གེ་མོ་ཕཊ་ཕཊ། ཅེས་བསྐུལ་བར་བྱའོ། །རྡོ་རྗེ་དག་ལ་ནི་ཧ་ན་ཧ་ན་བཛྲེ་ཎ་ཆེ་གེ་མོ་ཧཱུཾ་ཕཊ་ཅེས་བྱའོ། །གཏུན་ཤིང་དག་ལ་ནི་མུ་ས་ལེ་ན་ཙཱུརྞ་ཡ་ཆེ་གེ་མོ་ཕཊ་ཕཊ་ཅེས་བྱའོ། །རྡོ་རྗེ་ཐོ་བ་དག་ལ་ནི་ཨཱ་ཀོ་ཊ་ཡ་མུངྒ་རཱ་ཀོ་ཊ་ཡ་ཆེ་གེ་མོ་ཕཊ་ཕཊ་ཅེས་བརྗོད་
པར་བྱའོ། །འདི་རྣམས་གང་ཡང་རུང་བ་རྩ་བའི་སྔགས་ཀྱི་རྗེས་སུ་བརྗོད་པ་ནི་ཡོངས་སུ་གཞོམ་པའི་གསང་སྔགས་སོ། །ལུས་ཀུན་ཡོངས་སུ་འཇོམས་པའི་ཆོ་གས་གདུག་པ་འདུལ་བ་བསྟན་པ་རྫོགས་སོ།། །།བྱད་ཀྱིས་ཟིན་པའི་ཆོ་ག་ཡང་། །བྱེ་བྲག་གྱུར་པར་བཤད་པར་བྱ། །སྐུད་
པ་དཀར་པོ་ནག་པོ་དག །ལོག་པར་དྲིལ་བའི་དྲུ་བུ་ནི། །དུག་དང་ཁྲག་གིས་བསྒོས་བྱས་ཏེ། མཎྜལ་གྲུ་གསུམ་སྟེང་དུ་གཞག །བྱད་སྟེམས་ཞེས་བྱ་གདོན་གྱི་རྣམས། །བུད་མེད་སྐྱེས་པའི་གཟུགས་འཛིན་པ། །སྔགས་ཀྱིས་བཀུག་སྟེ་དེ་ལ་བསྟིམ། །གཏོར་མ་ཡང་ནི་རྟག་ཏུ་སྦྱིན། །ནམ་
เล่ม ๔๘ · หน้า 29a
ཞིག་མཚན་མ་བྱུང་བ་དང་། །དེ་ཡིས་གང་དག་བཅིངས་པ་ནི། །མིང་དང་གཟུགས་སོགས་སྦྱར་བྱས་པ། །དེ་དག་བྱད་ཅེས་བྱ་བ་ནི། །རིགས་ཀྱི་གདོན་གྱིས་གཟུང་བར་འགྱུར། །དེ་ལ་འདིར་བྱད་ཀྱིས་ཕོག་པར་བྱ་བའི་ཆོ་ག་ནི། །གཞན་གྱིས་བསྐུལ་ཞིང་སྦོད་གཏོང་བྱས་པས་
གཞན་འཛིན་པར་འགྱུར་བ་ལས། ཁྱད་པར་དུ་ཡང་བྱད་ཅེས་བྱ་བའི་གདོན་གྱི་རིགས་སྐྱེས་པ་དང་བུད་མེད་ཀྱི་གཟུགས་འཛིན་པ། སྐུད་པ་བཀྲ་མི་ཤིས་པ་དག་ལ་ཞུགས་ནས་གཞན་དག་ལ་འཛིན་པར་བྱེད་པའི་གདོན་ཡོད་དེ། འདི་དག་བསྐུལ་བའི་སྦྱོར་བས་བྱད་ཅེས་བྱ་བའི་གདོན་གྱིས་ཟིན་པར་འགྱུར་
རོ། །དེའི་སྦྱོར་བ་ནི་འདི་ཡིན་ཏེ་སྔོན་དུ་ལེགས་པར་བསྙེན་པ་བྱས་པའི་རྣལ་འབྱོར་པས། བལ་ནག་པོ་དང་དཀར་པོ་ལོག་པར་བསྒྲིལ་བའི་སྐུད་པ་གྲོའི་མགྲིན་པ་ཙམ་གྱི་ཚད་དུ་བཀལ་བ་སྲང་གསུམ་ཙམ་ཞིག་བྱས་ཏེ། གྲོ་གའམ་ཤོག་ཤོག་ལ་གསང་སྔགས་སྤེལ་བ་བྲིས་ནས། སྐུད་པ་དེ་དུག་དང་
ཁྲག་གིས་བསྒོས་ཏེ་གསང་སྔགས་ཀྱིས་སྙིང་པོ་བྱས་ནས་དེ་ལ་དྲིལ་ཏེ། ཁྲིག་གི་མཎྜལ་གྲུ་གསུམ་གྱི་སྟེང་དུ་གཞག་པར་བྱའོ། །དེ་ནས་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་མཆོད་པ་བྱས་ནས། དེ་ནས་མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ལྕགས་ཀྱུའི་འཁོར་ལོ་དང་ལྡན་པ་
བསྒོམས་ནས་གསང་སྔགས་ཀྱིས་བསྐུལ་བས། དེ་ལས་དེ་དང་མཐུན་པའི་འོད་ཟེར་ཕྱུང་སྟེ། འོད་ཟེར་དེ་དག་གིས་ཕྱོགས་བཅུ་ནས་བྱད་མ་ཞེས་བྱ་བའི་མ་མོ་བུད་མེད་ཀྱི་ཆ་བྱད་ཁ་དོག་ནག་མོ་ལག་ན་ཚོན་སྐུད་ཀྱི་དྲུ་བུ་ཐོགས་པ་དང་། གཞན་ཡང་བྱད་ཅེས་བྱ་བའི་གདོན་ཁ་དོག་སྣ་ཚོགས་
ལག་ན་ཚོན་སྐུད་ཀྱི་དྲུ་བུ་ཐོགས་པ་རྣམས་བཀུག་སྟེ་ཚོན་གྱི་དྲུ་བུ་ལ་ཐིམ་པར་བྱའོ། །དེ་ནས་བཟླས་པ་གཏོང་བར་འདོད་པ་དང་། གདོན་དེ་དག་ལ་གཏོར་མ་བྱིན་ཏེ། བཅོམ་ལྡན་འདས་ཀྱི་བཀས་བྱད་ཅེས་བྱ་བའི་གདོན་ཁྱེད་རྣམས་འདིར་བརྟན་པར་འདུག་ལ། ངའི་གཏོར་མ་ཡང་བླངས་ཏེ་དགའ་
བར་གྱིས། ངའི་འདོད་པའི་ལས་ཀྱང་ལེགས་པར་སྒྲུབས་ཤིག་ཅེས་བྱའོ། །དེ་བཞིན་དུ་ཇི་ལྟར་ནུས་པ་བཞིན་བྱས་པས་ནམ་རྨི་ལམ་མམ། བདག་གམ་གཞན་དག་གིས་ཤེས་པ་ལ་དེར་སྲོག་ཆགས་གདུག་པ་དག་ཞུགས་པ་དག་མཐོང་ངམ། གཞན་ཡང་ལྷག་པར་སྣང་བ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด