ตัวบทไม่มีชื่อ — ประโยคแรก: ཕྱག་ན་རྡོ་རྗེ་ལྕེ་དབབ་ཀྱི་འགྲེལ་པ་མུ་ཏིག་གི་ཕྲེང་བ་བཞུགས
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๐ · หน้า 51b
༄། །ཕྱག་ན་རྡོ་རྗེ་ལྕེ་དབབ་ཀྱི་འགྲེལ་པ་མུ་ཏིག་གི་ཕྲེང་བ་བཞུགས། ༄༅༅། །ཕྱག་ན་རྡོ་རྗེ་ལྕེ་དབབ་ཀྱི་འགྲེལ་པ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དང་ལ་བསྙེན་པའི་རིམ་པ་ནི། །མཎྜལ་
เล่ม ๕๐ · หน้า 52a
འདོམ་གང་གྲུ་བཞི་པ། །བ་ཡི་རྣམ་ལྔས་བྱི་དོར་བྱ། །དབུས་སུ་ལྔ་ལྡན་སྦྲུལ་དགུ་དགོད། །མདུན་དུ་བུམ་པ་བཟེད་ཞལ་དང་། །མཆོད་པ་རྣམ་ལྔ་བཅས་པར་དགོད། །འཁར་སོགས་སྣོད་ནི་མཛེས་པ་རུ། །འོ་མ་དང་བཅས་སྨན་རྣམས་ཀྱིས། །བཀང་སྟེ་མདུན་
དུ་བཞག་པའོ། །ཞེས་པ་ནི། འོ་མའི་ནང་དུ་ཀླུ་སྨན་སྣ་ཚོགས་པ་བླུགས་ལ་གཞག་པའོ། །དེ་སྟེང་གཞག་པའི་རྫས་རྣམས་ནི། །རྫས་གོང་དུ་བསགས་པ་དེ་རྣམས་ལ་བྱའོ། །རྫས་དེ་རྣམས་གང་ལ་དབུལ་བར་བསྟན་པའི་ཕྱིར། ཤིན་ཏུ་གསལ་བྱེད་གདན་སྟེངས་སུ། །ལྔ་ལྡན་
མཐའ་ཡས་སྦྲུལ་དགུ་པ། །ཞེས་བྱ་བ་ནི་མདུན་དུ་རྒྱ་མཚོ་ཆེན་པོ་བསམས་པའི་ནང་དུ། ཕུཿལས་ཀླུ་མཐའ་ཡས་སྐུ་མདོག་སེར་པོ། ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། དབུ་ལ་སྦྲུལ་མགོ་དགུ་ཡོད་པ། སྦྲུལ་འཁྱིལ་པ་ལྔའི་སྟེང་ན་བཞུགས་པར་བསམ་མོ། །ཧཱུཾ་ལས་ཕྱག་ན་རྡོ་རྗེ་ཆུ་
ལས་ཉ་ལྡང་པའི་ཚུལ་དུ་དཀྲོངས་ཀྱིས་བསྐྱེད་དོ། །སྐུ་མདོག་མཐིང་ག །དབུ་སྐྲ་ཐོར་ཚུགས་གཅིག་ཏུ་བཅིངས་པ། ཞལ་བགྲད་པ་མཆེ་བ་གཙིགས་པ། སྤྱན་བཟློག་པ། ཟས་སུ་སྦྲུལ་ཟ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསམས་
ལ། ཛཿཧཱུཾ་བཾ་ཧོཿས། ཡེ་ཤེས་སེམས་དཔའ་སྤྱན་དྲང་། དགུག་གཞུག་བཅིང་བསྟིམ། དེ་ལ་མཆོད་པའི་ཡན་ལག་དང་། མཆོད་པ་རྣམ་པ་ལྔས་མཆོད་བསྟོད། ཨོཾ་ཨཱཿཧཱུཾ་གསུམ་གྱིས་གནས་གསུམ་བྱིན་གྱིས་བརླབས། དེ་ནས་ཀླུ་ལ་མཆོད་པའི་ཕྱིར། རྩི་སྨན་མཆོད་ཅིང་
མདུན་གནས་པའོ་ཞེས་འབྱུང་སྟེ། གོང་དུ་བསྐྱེད་པའི་ཀླུ་ལ་ཡེ་ཤེས་སེམས་དཔའ་དགུག་གཞུག་བཅིང་བསྟིམས་ལ་མཆོད་པ་རྣམ་པ་ལྔས་མཆོད་དོ། །དེ་ནས་སྔགས་བརྗོད་ཅིང་འོ་མ་དང་བཅས་རྩི་སྨན་གྱིས་མཆོད་དོ། །ཀླུའི་ནད་དང་གདུག་རྩུབ་ཐམས་ཅད་དང་བྲལ་བར་གྱུར་ཅིག་
ཅེས་བརྗོད་ཅིང་བསྟོད་དོ། །དེ་ནས་སྔགས་འདི་བདུན་འབུམ་དུ་བཟླས་སོ། །ཨོཾ་བཛྲ་ཉི་མ་ས་བླ་ན་ཀླད་པ་ནཾ། ཀུ་ན་ཞི། ཙིཏྟ་ཀུ་ལི་ནཾ། ཙི་ཏྲ་མུ་ཏྲ་བཟློག་བྱེར། དུས་བཞིའི་མཆོད་པ་རྒྱུན་དུ་བྱའོ། །ཀླུ་ཡི་གཏོར་མ་དུས་བཞིར་བཏང་། མཐའ་མ་རྟགས་བྱུང་བ་དང་། ལས་ཀྱི་མཐའ་བརྟུལ་
เล่ม ๕๐ · หน้า 52b
བར་བྱ་བའི་ཕྱིར། །བདག་རྣལ་འབྱོར་པ་སྡང་མིག་ཏུ་བལྟ་ཞིང་། ཞེས་པ་ནི། བདག་ཕྱག་ན་རྡོ་རྗེའི་ང་རྒྱལ་དུ་གནས་ལ། མདུན་དུ་གྲུ་གསུམ་མཐིང་ནག་བྲུས་ལ། ངར་ཕྱེ་ལ་སོགས་པའི་རྫས་ལ་ལིངྒ་བྱས་ལ། །མིང་རུས་གྲོ་གའམ་ཤིང་ཤུན་ལ་བྲིས་ལ་གཞུག་གོ། །དེ་སྦལ་པ་
ནག་པོ་དང་ལྟོ་སྦྱར་ལ་ཚོན་སྐུད་ཀྱིས་དཀྲིས་ལ་གྲུ་གསུམ་དུ་གཞུག་གོ། །དེའི་བླ་དགུག་པར་བསྟན་པར་བྱ་བའི་ཕྱིར། ཡང་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ་གོང་གི་ལིངྒ་ལ་བསྟིམ་མོ་ཞེས་པ་ནི་གོ་སླའོ། །སྔགས་ནི་ཨོཾ་བཛྲ་ཉི་མ་ས་བླ་ནའི་རྟིང་ལ་བཛྲ་ཨཾ་ཀུ་ཤ་ཛཿཞེས་པས་དགུག་
པའོ། །དེ་ནས་དགྲ་བགེགས་བསྒྲལ་བ་བསྟན་པར་བྱ་བའི་ཕྱིར། སེང་ལྡེང་གི་ཕུར་པས་གདབ་ཅིང་བྲུབ་པར་བྱ་ཞེས་པ་ནི། ལག་ཏུ་ཉུངས་ཀར་བླངས་ལ། ཉི་མ་ས་བླ་ནའི་རྟིང་ལ་ཆེ་གེ་མོ་མཱ་ར་ཡ་རྦད་ཅེས་བཟླས་ཤིང་། གྲུ་གསུམ་དུ་ཉུངས་ཀར་བྲབ་བོ། །སེང་ལྡེང་གི་ཕུར་པས་
དྲིལ་ཞིང་། ཉི་མ་ས་བླ་ནའི་རྟིང་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་མཱ་ར་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཅེས་ཕུར་པས་གདབ་བོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ལ། དེ་ནས་ཐལ་མོ་བརྡབ་ཅིང་ནད་དང་གདོན་བགེགས་ཐམས་ཅད་བརླག་པར་བསམ་མོ་ཞེས་པ་ནི། ཐལ་མོ་བརྡབ་
ཅིང་གདོན་བགེགས་སྟོང་ཕྲག་བརྒྱད་ཅུ། སྐུ་ལ་བསྔོ་བའི་དགྲ་ཐམས་ཅད་དང་། རྣམ་པར་ཤེས་པ་དབང་དུ་བསྡུས་ཤིང་ལུས་རྡུལ་ཕྲན་དུ་རློགས་ཤིག་ཅེས་བརྗོད་དོ། །དེ་ནས་ལས་ཀྱི་མཐའ་བརྟུལ་བར་བྱ་བའི་ཕྱིར། བསྲེག་མནན་བསྐྱར་བ་ཉམས་དང་སྦྱར། །ཞེས་འབྱུང་
སྟེ། ཐབ་ཁུང་རྙིང་པའམ་སར་པར་གདུག་པ་ཅན་གྱི་ཤིང་ལ་མེ་བཏང་ལ། སྦྱིན་སྲེག་བྱ་བ་དང་། མནན་པ་བསྐྱར་བ་ཀུན་མན་ངག་བཞིན་དུ་ཤེས་པར་བྱའོ། །བསྙེན་པའི་རིམ་པ་བསྟན་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །བསྟོད་པ་ནི། ལྕང་ལོ་
ཅན་གྱི་གནས་མཆོག་དམ་པ་ནས། །རིག་སྔགས་གསང་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད། །ཀླུ་ཆེན་རྒྱལ་པོ་མཐའ་ཡས་ནི། །སྐུ་མདོག་ལྗང་གུ་སྣ་ཚོགས་མདོག །
เล่ม ๕๐ · หน้า 53a
ཕྱག་གཉིས་ཐལ་སྦྱར་རིན་ཆེན་འཛིན། །སྦྲུལ་མགོ་དགུ་ཡི་བཙུན་མོ་ཡིས། །མགུལ་ནས་འཁྱུད་པའི་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདུད་རྩི་ཟིལ་དངར་སྨན་གྱིས་མཆོད། །ཀླུ་ཡི་གདུག་རྩུབ་ཞི་གྱུར་ཅིག །ཨོཾ་ནཱ་ག་བཛྲ་པུཥྤེ་ཧཱུཾ། ཨོཾ་
ནཱ་གེ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་ནཱ་ག་བཛྲ་ཨཱ་ལོ་ཀེ་ཧྲཱིཿ། ཨོཾ་ནཱ་ག་བཛྲ་གནྡྷེ་གཾ། ཨོཾ་ནཱ་ག་བཛྲ་ནཻ་བི་དྱེ་ཧཱུཾ། ཨོཾ་ནཱ་ག་བཛྲ་བོ་དྷ་ཀ་རེ་ཧཱུཾ། བསྟོད་པ་དང་མཆོད་པའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །སེར་བ་དབབ་པར་འདོད་ན། མཎྜལ་གྲུ་བཞི་པ་ཅིག་
བྱས་ལ། དེའི་སྟེང་དུ་ལྔ་ལྡན་མཐའ་ཡས་སྦྲུལ་རྒྱུ་བའི་གཟུགས་དང་། བཟེད་ཞལ་དང་། མཆོད་པ་རྣམ་པ་ལྔ་དང་། དུག་རྫས་སྣ་ཚོགས་དང་། ཡུངས་ཀར་ལ་སོགས་པའི་རྫས་དང་། དྲི་མི་ཞིམ་པ་སྣ་ཚོགས་བསག་གོ། །རབས་ཆད་ཀྱི་ཐོད་པ་མཚན་ངན་ཅིག་གི་ནང་དུ། ཚིལ་
དང་། ཁྱི་ནག་དང་། བོང་བུ་ནག་པོ་དང་། རྟ་ནག་པོ་དང་། དེ་རྣམས་ཀྱི་ཁྲག་བླུགས་སོ། །ཐོད་པའི་ཕྱི་རོལ་དུ་ཡང་བསྐུའོ། །ཚིལ་ཆེན་དང་། ཁྲག་ཕྱེད་ཕྱེད་དོང་ཆུང་དུ་ཡང་བླུགས་ལ། ཟོར་ཐུན་གྱི་རྫས་སུ་གཞག་གོ། །ཐོད་པའི་ནང་དུ་སེར་བ་བྱུང་བའི་ཆུ་ཡང་བླུགས་སོ། །ཐོད་
པ་དེ་ཡུགས་ས་མོའི་དོར་རྟས་དྲིལ་ལ་མཎྜལ་གྱི་བྱང་ཤར་དུ་གྲུ་གསུམ་གྱི་སྟེང་དུ་གཞག་གོ། །འགྲམ་དུ་སེང་ལྡེང་གི་ཕུར་པ་ཅིག་ཀྱང་གཞུག་གོ། །དེ་ནས་ཕྱག་ན་རྡོ་རྗེ་བསྐྱེད་ལ་མཆོད་པ་དང་། བསྟོད་པ་དང་། སྔགས་བཟླས་པ་ཀུན་བསྙེན་པ་ལྟར་བྱའོ། །དེ་ནས་ལས་ལ་སྦྱོར་ཀ་ནི།
མཆོད་བསྟོད་གོང་བཞིན་བྱ། །སྔགས་འདི་བདུན་འབུམ་བཟླས་ཤིང་། ཐོད་པ་དོང་ཆུང་དུ་སེར་རྟའི་ནང་དུ་ཡུངས་ཀར་ལ་སོགས་པའི་ཐུན་བརྡེག་གོ། །ཉི་མ་ས་བླ་ན་སེར་བ་ཕོབ། ཀླད་པ་ནན་སེར་བ་ཕོབ། ཀུན་ཞི་སེར་བ་ཕོབ། ཙིཏྟ་ཀུ་ལི་ནན་སེར་བ་ཕོབ། །ཙི་ཏྲ་མུ་ཏྲ་སེར་བ་ཕོབ།
བཟློག་བྱེར་སེར་བ་ཕོབ། ནཱ་ག་ཧྲིལ་ཧྲིལ་སེར་བ་ཕོབ། །ནཱ་ག་ཕྲོམ་སེར་བ་ཕོབ། ནཱ་ག་ཕོབ་སེར་བ་ཕོབ་ཅེས་བཟླས་སོ། །སྔགས་དེ་རྣམས་ཡི་གེར་བྲིས་པ་ཐོད་པར་གཞུག་གོ། །དེ་ནས་སྐབས་སྐབས་སུ་གཏོར་མ་གཏོང་ངོ་། །དེ་ནས་ཐོད་པ་ཁྱེར་ལ་ཡུལ་གྱི་ཆུ་མིག་གམ། ལྷ་
เล่ม ๕๐ · หน้า 53b
ཐོའི་རྩར་སོང་ལ་གསེར་སྐྱེམས་གཏང་། །ལྷ་འདྲེ་ལ་དམོད་བཙུགས་ལ་ཐོད་པ་གཞག་གོ། །འགྲམ་དུ་ཕྱག་ན་རྡོ་རྗེར་བྱིན་གྱིས་བརླབས་ལ་གཟུགས་སོ། །དེ་ནས་དོང་ཆུང་གི་ཁྲག་དུམ་ཀ་ཡང་གཏོར་རོ། །དེ་ནས་དོང་ཆུང་གི་ཁྲག་ལ་ཁྲག་དུམ་ཀ་ཡང་བསྣན་ལ། གོང་བཞིན་ཟོར་སྒྲུབ་ཞག་
ལྔའམ་དྲུག་ཏུ་བྱའོ། །དེ་ནས་རྟག་ཏུ་སྔས་སུ་བཅུག་ལ་ཐུན་བརྡེག་གོ། །དེ་ནས་དགྲའི་ཡུལ་དུ་ཕྱིན་ལ། ཞིང་ཐོག་དང་སེར་རྟའི་ཐོག་ཏུ་ཟོར་འཕང་ངོ་། །ཐུན་བརྡེག་གོ། །ཡུལ་འདིར་སྔགས་བཟླས་ཤིང་སེར་བ་ཕོབ་བྱའོ། །སེར་བ་དབབ་པའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་
འཛིན་ལ་ཕྱག་འཚལ་ལོ། །སེར་བ་བསྲུང་བར་འདོད་ན་མཎྜལ་མཆོད་པ་གོང་བཞིན་དུ་བྱས་ནས། ཐལ་ཆེན་དང་། སྐེ་ཚེ་དང་། ཕུར་པ་རྣམས་བསགས་ལ། ལག་ན་རྡོ་རྗེར་བྱིན་གྱིས་བརླབས་ལ། ཉི་མ་ས་བླའི་རྟིང་ལ་བཛྲ་པྲ་བེ་ཤ་ཡ་ཕཊ། ས་འདི་སྲུངས་ཤིག་བྱེར་ཡ་ཞེས་
འབུམ་ཙམ་བཟླས་སོ། །སྐབས་སུ་གཏོར་མ་གཏང་ངོ་། །ཐལ་ཆེན་དང་སྐེ་ཚེ་རས་ཀྱི་ཁུང་དུ་ཕུར་ལ་ཕུར་པའི་སྐེ་ལ་གདགས་སོ། །ཕུར་པ་ཁྱེར་ལ་ཡུལ་ཕྱོགས་བཞི་མཚམས་བརྒྱད་དུ་ལྷ་མ་སྲིན་སྡེ་བརྒྱད་ལ་ཕུར་པ་བཏབ་པར་དམིགས་ལ་ཐོ་གཟུགས་སོ། །དེ་ནས་སེར་བ་བྱུང་ན།
སེར་བ་འོང་བའི་ཕྱོགས་སུ་ཐལ་ཆེན་དང་སྐེ་ཚེ་འཕང་ཞིང་སྔགས་བཟླས། གཡས་གཡོན་དུ་མཛུབ་རིས་བྱས་ལ་བསྲུང་ངོ་། །དེས་ཀྱང་མ་ཐུབ་ན། རང་གི་ལག་པ་གཡས་གཡོན་དུ། བསྲུང་བའི་ཞིང་ཡུལ་བསམས་ལ། ཐལ་མོ་ཁ་སྦུབ་སྟེ། སེར་བ་ཕ་རི་ལ་འཕངས་པར་བསམ་
མོ། །སྔགས་ནི་ཉི་མ་ས་བླ་ནའི་རྟིང་ལ། བཛྲ་པྲ་བེ་ཤ་ཡ་ཕཊ། ས་འདི་སྲུངས་ཤིག་བྱེར་ཡ་བྱའོ། །དེས་སེར་བ་ཐུབ་པར་འགྱུར་རོ། །སེར་བ་བསྲུང་བའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཆར་དབབ་པར་འདོད་ན། ཀླུའི་རྟེན་ས་ཆུ་མིག་གི་བགབ་
ནི་དམའ་བར་སྦྲ་ཕུབ་ལ་མཎྜལ་བྱ། ཕྱག་ན་རྡོ་རྗེ་དང་ལྔ་ལྡན་སྦྲུལ་དགུ་པ་མཆོད་པ་དང་། བསྟོད་པ་བྱས་ལ་གཟུངས་གདོན། ཀླུ་མཆོད་བྱའོ། །ཆུ་གཏོར་གཏང་། དེ་ནས་མདུན་དུ་གྲུ་གསུམ་བྲུས་ལ། བག་ཕྱེ་ལས་ཀླུའི་གཟུགས་བྱས་ལ་གཞུག་གོ། །དེ་ནས་བདག་ཉིད་ཕྱག་ན་རྡོ་
เล่ม ๕๐ · หน้า 54a
རྗེའི་ང་རྒྱལ་བྱས་ལ། སེང་ལྡེང་གི་ཕུར་པ་ཐོགས་ལ། ཉི་མ་ས་བླ་ནའི་རྟིང་ལ། ནཱ་ག་ཧྲིལ་ཧྲིལ། ནཱ་ག་ཕྲོམ་ཕྲོམ། ནཱ་ག་ཕོབ། ཆར་པ་ཕོབ་ཅེས་མང་དུ་བཟླས་སོ། །ཀླུའི་སྤྱི་བོར་ཕུར་པ་བཏབ་ལ་ཆར་པ་ཕོབ་ཅེས་བྱའོ། །དེ་ནས་གཏོར་མ་གཏང་། དེ་ནས་དོང་
སས་བཀབ་ལ་ཆར་པ་ཕོབ་ཅེས་བྱའོ། །དུས་དུས་བསླང་ཞེས་བྱ་བ་ནི། ཞག་རེ་ལོན་ཞིང་ཆུ་མིག་ལ་ཡར་ཡར་སྦྲ་ཕུབ་ལ་མཎྜལ་དང་། དེ་ལྟར་ནུབ་རེ་རེ་ཞིང་རེ་རེ་བྱའོ། །ཞག་བདུན་པ་ལ་ཆུ་མིག་གི་ཐོག་ཏུ་སྦྲ་ཕུབ་ལ་མཎྜལ་དང་མཆོད་བསྟོད་ལ་སོགས་པ་གོང་བཞིན་དུ་བྱས་ལ།
ཀླུའི་གཟུགས་ལ་སྔགས་བཟླས་ལ་ཕུར་པ་གདབ་པོ། །ཞག་བདུན་དུ་བྱའོ། །ཆར་དབབ་བའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཀླུ་བཟློག་པར་འདོད་ན། མཎྜལ་བྱ་བ་དང་། བསྐྱེད་པ་དང་། མཆོད་པ་དང་། བསྟོད་པ་ཀུན་གོང་བཞིན་དུ་བྱས་ལ། མདུན་
དུ་དོང་གྲུ་གསུམ་བྲུས་ལ། དོང་གི་ནང་དུ་བག་ཕྱེ་ལས་ཀླུའི་གཟུགས་བྱས་ལ་གཞུག་གོ། །རྫས་ནི་ཚིལ་ཆེན་དང་། གླ་རྩི་དང་། ཚོན་སྐུད་སྣ་ལྔ་ལས་སྔགས་མདུད་བྱས་པ་དང་། སེང་ལྡེང་གི་ཕུར་པ་དང་། དེ་རྣམས་ལ་ལྷར་བསྐྱེད་པ་དང་། མཆོད་བསྟོད་བྱས་ལ་སྔགས་འདི་བཟླས་
སོ། །ཉི་མ་ས་བླ་ན་ཀླད་པ་ནཾ། ཀུ་ན་ཞི་ཙིཏྟ་ཀུ་ལི་ནཾ། ཙི་ཏྲ་མུ་ཏྲ་བཟློག་བྱེར། ནཱ་ག་ཤིག་ནཱ་ག་བྱེར། ནཱ་ག་ནཾ། ནཱ་ག་མགོ་ནཾ། ནཱ་ག་ཧ་ན་ཧ་ན། ནཱ་ག་ཧ་ན་ཧ་ན་མཱ་ར་ཡ་རྦད་ནཾ་ཞེས་གྲངས་མང་དུ་བཟླས་ལ། ཚིལ་ཆེན་ན་སར་བསྐུ། གླ་རྩི་ལུས་ཀུན་དུ་བསྐུ། སྔགས་མདུད་ལུས་ལ་གདགས། མདུན་
དུ་དོང་གྲུ་གསུམ་བྲུས་ལ། བག་ཕྱེ་ལས་ཀླུའི་གཟུགས་བྱས་ཏེ་བཅུག་ལ། དེ་ལ་བདག་ལ་གནོད་པའི་ཀླུ་དགུག་གཞུག་བྱ། བདག་ཉིད་ཕྱག་ན་རྡོ་རྗེར་བསྐྱེད་ལ་ཕུར་པ་དྲིལ་ཞིང་སྔགས་བཟླས་ལ། སེང་ལྡེང་གི་ཕུར་པ་ཀླུ་ལ་གདབ་བོ། དེ་ནས་ཀླུའི་གཟུགས་དེའི་ཐོད་པར་བཅུག་ལ།
ལྷ་ཁང་གི་ཐེམ་པའི་འོག་ཏུ་མནན་ནོ། །དུས་ཐམས་ཅད་དུ་ལྷའི་ང་རྒྱལ་དུ་བྱས་ལ་བཟླས་པ་བྱའོ། །བསྲུང་བའི་ཆོ་ག་བླ་ན་མེད་པའི་དིས་ཅི་འདྲ་བ་ཡང་ཐུབ་བོ། །ཀླུ་བཟློག་པའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ས་བདག་གནོད་པ་བཟློག་པར་འདོད་
เล่ม ๕๐ · หน้า 54b
ན་བསྙེན་པ་གོང་བཞིན་དུ་བྱ། མཎྜལ་དང་མཆོད་པ་ཀུན་བྱས་ལ། མདུན་དུ་དོང་གྲུ་གསུམ་བྲུས་ལ་ནང་དུ་བག་ཕྱེ་ལས་ས་བདག་གི་གཟུགས་བྱས་ལ། ཚོན་སྐུད་ཀྱིས་སྐེ་ནས་བཏགས་ལ་གཞུག །རྫས་ལ་ཚིལ་ཆེན་དང་། ཚོན་སྐུད་སྣ་ལྔ་ལས་སྔགས་མདུད་བྱས་ལ། གླ་རྩི་དང་། སེང་
ལྡང་གི་ཕུར་པ་ལ་སྔགས་འདི་བདུན་འབུམ་བཟླས། །སྐབས་སུ་གཏོར་མ་གཏང་། ཉི་མ་ས་བླ་ནའི་རྟིང་ལ། ས་དོམ་ནག་པོ་སོད། ས་དོམ་ནག་པོ་སོད། ས་དོམ་ནག་པོ་ནན། ས་དོམ་ནག་པོ་ནན་ཞེས་བཟླས་ལ། ཚིལ་ཆེན་ན་སར་བསྐུ། སྔགས་མདུད་ལུས་ལ་གདགས་ལ། གླ་
རྩིས་ལུས་ཀུན་དུ་བཀྲུ། སེང་ལྡེང་གི་ཕུར་པ་ལ་སྔགས་འདི་བདུན་འབུམ་བཟླས་ལ། ས་བདག་གི་སྙིང་གར་གདབ། ས་བདག་ཐོད་པར་བཅུག་ལ་མཆོད་རྟེན་གྱི་འོག་ཏུ་མནན། དུས་ཐམས་ཅད་དུ་གོང་བཞིན་དུ་བྱའོ། །ས་བདག་བཟློག་པའི་རིམ་པའོ།། །།བཅོམ་ལྡན་འདས་
རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །བདུད་དང་མ་མོ་དང་། བཙན་དང་འབྱུང་པོ་ཕལ་པའི་གནོད་པ་བཟློག་པར་འདོད་ན། སྔོན་དུ་བསྙེན་པ་བྱས་ལ། ཡང་མཎྜལ་དང་། ལྷ་བསྐྱེད་པ་དང་། མཆོད་པ་དང་། བསྟོད་པ་ཀུན་བྱས་ལ། མདུན་དུ་དོང་གྲུ་གསུམ་བྲུས་ལ། ངར་ཟན་ལས་འབྱུང་པོའི་གཟུགས་བྱས་ལ། ཚོན་
སྐུད་ཀྱིས་སྐེ་ནས་བཏགས་ལ་ནང་དུ་གཞུག་གོ། །གནོད་པའི་འབྱུང་པོ་དེ་ལ་དགུག་གཞུག་བྱས་ལ། བདག་ཉིད་ལྷའི་ང་རྒྱལ་དུ་གནས་ཏེ། ཕུར་པ་དང་ཡུངས་ཀར་ལ་སྔགས་འདི་བཟླས་ལ། འབྱུང་པོ་ལ་ཡུངས་ཀར་གྱི་ཐུན་བརྡེག །ཉི་མ་ས་བླ་ནའི་རྟིང་ལ་ཕྱུག་ཙི་ཕཊ། ཙི་ག་ཕྱུ་ཕཊ། ལྕེ་བ་ཏི་ཕཊ་ཅེས་ནུས་ཚད་
བཟླས་ལ། །འབྱུང་པོའི་གཟུགས་ཐོད་པར་བཅུག་ལ། མཆོད་རྟེན་གྱི་འོག་ཏུ་མནན་ནོ། །སྐྲང་འབུར་བྱུང་བ་ལ་ཡང་གདབ་བོ། །བདུད་དང་མ་མོ་དང་བཙན་དང་། འབྱུང་པོ་ཐམས་ཅད་བཟློག་པའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཀུན་དུ་བསྲུང་བ་
འདི་ཁྱད་པར་དུ་རྒྱལ་པོ་ལ་བྱའོ། །བསྙེན་པ་གོང་དུ་བྱས་ལ། མཎྜལ་དང་། ལྷ་བསྐྱེད་པ་དང་། མཆོད་བསྟོད་བྱས་ལ། མདུན་དུ་དོང་གྲུ་གསུམ་དུ། ངར་ཟན་ལས་རྒྱལ་པོའི་གཟུགས་བྱས་ལ་བཅུག་ལ་ཚོན་སྐུད་ཀྱིས་སྐེ་ནས་གདགས་སོ། །དེ་ནས་ཕུར་པ་དང་། ཉུངས་ཀར་
เล่ม ๕๐ · หน้า 55a
དང་། ཉུངས་ནག་དང་། སྐེ་ཚེ་དང་། ཐལ་ཆེན་ལ་སྔགས་འདི་བཟླས་པ་མང་དུ་བྱའོ། །སྐྲ་སྤྱི་བོར་བཅིངས་ལ། ཉི་མ་ས་བླ་ནའི་རྟིང་ལ། ཨེ་པ་ཀ་ར་ཙེ། དི་ནཱ་ག་བར་མ་པ་ལ་སེ་ཏོ་ཡེ་ཞེས་བཟླས་ལ། གཟུགས་ལ་ཡུངས་ཀར་ལ་སོགས་པའི་ཐུན་བརྡེག་གོ། །སྙིང་
གར་ཕུར་པ་བཏབ་པ་ཐོད་པར་བཅུག་ལ། ཅེ་ཏིའི་འོག་ཏུ་མནན་ནོ། །རྒྱལ་པོ་བཟློག་པའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཀུན་དུ་སྲུང་བར་བྱེད་ན། བཅའ་གཞི་གོང་དང་འདྲ། སྐྲ་སྤྱི་བོར་བཅིངས་ལ། སྔགས་འདི་བཟླས། ཉི་མ་ས་བླ་ནའི་རྟིང་ལ།
ཨེ་པ་ཀ་ར་ཙེ། དི་ནཱ་ག་བར་མ། པ་ལ་སེ་ཏོ་ཡེ། ཤིག་བྱེར་ནན། གོ་ནན། ཧ་ན་ཧ་ན་མཱ་ར་ཡ་རྦད་ནན་ཞེས་མང་དུ་བཟླས་ལ། །ཐུན་དང་མནན་པ་ཀུན་གོང་བཞིན་བྱའོ། །ཐམས་ཅད་བསྲུང་བའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །འགོང་པོས་གནོད་ན་འདི་ལྟར་བྱ་སྟེ།
སྔོན་དུ་བསྙེན་པ་བྱས་ལ། མདུན་དུ་དོང་གྲུ་གསུམ་བྲུས་ལ། དོང་གི་ནང་དུ་ངར་ཟན་ལྔ་བཅུག་ལ་ཚོན་སྐུད་ཀྱིས་སྐེ་ནས་བཏགས་ལ་གཞག་གོ། །གང་གནོད་པའི་འགོང་པོ་བྲིས་ལ་ལུས་ལ་གཞུག །དེ་ནས་མཎྜལ་བྱས་ལ། ལྷ་བསྐྱེད་པ་དང་། མཆོད་བསྟོད་བྱས་ལ་སྔགས་བཟླས་སོ། །ཉི་མ་ས་
བླ་ནའི་རྟིང་ལ། མགོ་སྟེ་ས་སྟེ་ནན་ཞེས་མང་དུ་བཟླས་ལ་ཐུན་བརྡེག་གོ། །ཕུར་པ་བཏབ་ལ་ཐོད་པར་གཞུག །རབ་གནས་བྱས་པའི་མཆོད་རྟེན་འོག་ཏུ་མནན་ནོ། །ཕྱག་ན་རྡོ་རྗེའི་ང་རྒྱལ་དང་སྟང་སྟབས་ཀྱིས་མཚམས་བཅད་དོ། །འགོང་པོ་ཐམས་ཅད་བཟློག་པའི་རིམ་པའོ།། །།བཅོམ་
ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཀུན་དུ་བསྲུང་བ་ཞེས་བྱ་བ། སྔགས་པ་གཞན་གྱི་སྦོད་གཏོང་བསྲུང་བར་འདོད་ན། སྔོན་དུ་བསྙེན་པ་བྱས་ལ། དེ་ནས་མཎྜལ་བྱ་བ་དང་། བཟེད་ཞལ་དང་། མཆོད་པ་བཤམ་པ་དང་། མཎྜལ་གྱི་སྟེང་དུ་མཆོད་རྟེན་ནག་པོ་ཁོང་སྟོང་བརྩིགས་
པའི་ནང་དུ་ཁོའི་གཟུགས་བག་ཟན་ལས་བྱས་ལ། མིང་རུས་བཅུག་ལ་གཞག་གོ། །བུམ་པའི་ནང་དུ་ཕྱག་ན་རྡོ་རྗེ་བག་ཟན་ལས་བྱས་ལ་གཞུག་གོ། །རྡོ་རྗེས་དེའི་ལུས་འགེམས་པར་བསམ་མོ། །མཆོད་རྟེན་གྱི་འོག་ཏུ་དོང་གྲུ་གསུམ་བྲུས་ལ། དེའི་ནང་དུ་ཡང་ཁོའི་གཟུགས་
เล่ม ๕๐ · หน้า 55b
དང་། མིང་རུས་བཅུག་ལ། སྦྲུལ་དང་སྦལ་པ་གཉིས་ཀྱི་ལྟོ་བར་བཅུག་ལ། ཀླུ་ལྔ་ལྡན་སྦྲུལ་དགུ་པས་ཟ་བར་བསམ་མོ། །དེ་ཐོད་པར་བཅུག་ལ་གྲུ་གསུམ་དུ་གཞུག །ལན་ཅིག་གཞུང་བཞིན་དུ་མནན་པར་བྱའོ། །བདག་རང་ཕྱག་ན་རྡོ་རྗེར་བསམས་ལ། ཕུར་པ་འདྲིལ་ཞིང་སྔགས་
བཟླས་པས། ཁོའི་སྲུང་མ་བདག་གི་བཀའ་ཉན་ཅིང་ལས་བྱེད་པར་བསམ་མོ། །བདག་གིས་རྦད་པས་ཁོ་རང་གི་སྲོག་གཅོད་པར་བསམ་མོ། །དེ་ནས་ཐུན་རྫས་དང་ཕུར་པ་རྣམས་བསགས་ལ། ལྷ་བསྐྱེད་པ་དང་། མཆོད་བསྟོད་དང་། སྔགས་ནི་ཉི་མ་ས་བླ་ནའི་རྟིང་ལ། བར་
མ་མ་ཧཱ་ཨཱཿཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་འགྲུབ་ཚད་བཟླས། བསྐོར་བ་ཕྱིན་ཅི་ལོག་ཏུ་བྱ། ཐུན་བརྡེག །མནན་ཟོར་གྱི་མཐའ་བརྟུལ་ལོ། །སྦོད་གཏོང་ཐམས་ཅད་བཟློག་པའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །མདུན་དུ་འབྲུབ་ཁུང་གྲུ་གསུམ་
དུ། །དགྲ་དང་བགེགས་ཀྱི་ལིངྒ་གཞུག །དགྲ་ཡི་ལིངྒ་རྐང་རྗེས་དང་། །དྲི་མ་ཕྱི་ས་གཅིན་ལས་བྱའོ། །རབས་ཆད་ཐོད་པར་བཅུག་ནས་ནི། །ཐོད་པ་ཡུགས་སའི་ཞབས་མས་དྲིལ། །དེ་ཡང་རེ་བའི་སྟེང་དུ་གཞག །འགྲམ་དུ་དུག་རྫས་སྣ་ཚོགས་དང་། །དྲག་པོའི་རྫས་རྣམས་བཞག་
ནས་ནི། །སྐབས་སུ་དུག་ཐུན་རྫས་ཐུན་བརྡེག །དེ་ཡི་འགྲམ་དུ་མཎྜལ་ཏེ། །བཟེད་ཞལ་མཆོད་པ་རྣམ་ལྔ་བཤམ། །བདག་ཉིད་ཕྱག་ན་རྡོ་རྗེ་དང་། །ལྔ་ལྡན་བསྐྱེད་ཅིང་སྤྱན་དྲངས་དང་། །མཆོད་དང་བསྟོད་དང་གསོལ་བ་གདབ། །དེ་ནས་སྔགས་ཀྱི་བཟླས་བརྗོད་ནི། །ཉི་མ་ས་བླ་ནཾ། ཀླད་
པ་ནཾ། ཀུན་ཞི་ཙིཏྟ་ཀུ་ལི་ནཾ། ཙི་ཏྲ་མུ་ཏྲ་བཟློག་བྱེར། ཐུམ་རིལ་རྦད་ཆེ་གེ་མོ་མཱ་ར་ཡ་ཛཿརྦད་ནཾ། འབུམ་མམ་སུམ་འབུམ་བཟླས་ལ། སྐབས་སྐབས་སུ་ཨག་ཚེ་བ་ན་མར་ཐུན་བརྡེག་གོ། །དེ་ལྟར་བྱས་ནས་ཐོད་པ་ཁྱེར་ལ། ལམ་རྒྱ་གྲམ་མམ། མཆོད་རྟེན་དང་། དུར་ཁྲོད་དམ། གོང་
གསུམ་མམ།ཆུ་མིག་གམ། ལ་བཙས་སམ། ཆུ་གླིང་ལ་མནན་པ་གཞུང་བཞིན་དུ་བྱའོ། །དགྲ་དང་བགེགས་ཀྱི་ལིངྒ་བཅའ་བའི་རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །དགྲ་གསད་པའི་རིམ་པ་ནི་དང་པོར་བདག་རྣལ་འབྱོར་པའི་མདུན་དུ་མཛུབ་
เล่ม ๕๐ · หน้า 56a
གང་པའི་འབྲུབ་ཁུང་གྲུ་གསུམ་བྲུས་ཏེ། དུར་ཁྲོད་ཀྱི་སོལ་བས་ནག་པོར་བྱུག་གོ །དེའི་ནང་དུ་དགྲ་བོའི་རྐང་རྗེས་ཀྱི་ས་དང་། བག་ཕྱེ་ལས་ལིངྒ་བྱས་ལ། མིང་བྱང་བཅུག་ལ་གྲུ་གསུམ་དུ་གཞུག །དེའི་ཁར་གཡམ་པ་སྔོན་པོ་ཅིག་ལ། །ཡུང་བ་སེར་
པོས་རི་རབ་དང་། རྡོ་རྗེ་རྒྱ་གྲམ་གྱི་གཟུགས་བྲིས་ལ། ཁ་བཅད་ལ་གཞག་གོ། །འགྲམ་དུ་བཟེད་ཞལ་དང་མཆོད་པ་རྣམ་ལྔ་བཤམས་ལ། བདག་ཉིད་ཕྱག་ན་རྡོ་རྗེ་དང་། མདུན་དུ་ལྔ་ལྡན་བསྐྱེད་ཅིང་སྤྱན་དྲངས། མཆོད་པ་དང་། བསྟོད་པ་དང་། གསོལ་བ་གདབ། གུ་གུལ་དག་
གིས་ལྷ་དང་དབྲལ། ཐུན་གྱི་རྫས་རྣམས་བསགས་ནས་ནི། དྲག་པོའི་སྔགས་ནི་བཟླས་བརྗོད་བྱའོ། །ཉི་མ་ས་བླ་ནཾ། ཀླད་པ་ནཾ་ཀུ་ན་ཞི། ཙིཏྟ་ཀུ་ལི་ནཾ། ཙི་ཏྲ་མུ་ཏྲ་བཟློག་བྱེར། ཐུམ་རིལ་རྦད་ཆེ་གེ་མོ་མཱ་ར་ཡ་ཛཿརྦད་ནཾ་ཞེས་འབུམ་བཟླས། དེ་ནས་ལིངྒའི་མགོ་བཅད་ལ། །མགོ་དང་
ལིངྒ་སར་པ་གཉིས། །རབས་ཆད་ཐོད་པའི་ནང་དུ་གཞུག །མནན་པ་སྒྲུབ་པ་ཚུལ་བཞིན་བྱ། །ལྷ་འདྲེ་གནས་པའི་ས་རུ་གཞུག །ལིངྒའི་ལུས་དང་གསར་པ་གཉིས། །རལ་གྲིས་གཏུབས་ལ་དྲག་པོའི་རྫས་དང་གདུག་པ་ཅན་གྱི་ཤིང་ལ་སྦྱིན་སྲེག་ཚུལ་བཞིན་དུ་བྱའོ། །དགྲ་ལ་བྱ་བའི་
རིམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །སྦྱིན་སྲེག་བྱེད་ན་སླ་ང་འམ་ཐབ་ཁུང་རྙིང་པ་རུ། །བརྒྱའམ་ཡང་ན་ལྔ་བཞི་གཅིག །བསྐྱར་ཞིང་ལས་ལ་སྦྱར་བར་བྱ། །གདུག་པའི་རྫས་ནི་སྣ་ཚོགས་དང་། །མར་ནག་ཚིལ་ཆེན་སྐེ་ཚེ་དང་། །ཏིལ་དང་མིང་
བྱང་སྤེལ་ཏེ་བསྲེག །མེ་ལྷ་བསྐྱེད་ལ་སྦྱིན་སྲེག་དབུལ། །སྔགས་ནི་ཉི་མ་ས་བླ་ནའི་རྟིང་ལ་ཆེ་གེ་མོ་རཀྵ་ཤཱནྟིཾ་ཀུ་རུ་མཱ་ར་ཡ་རྦད་ཅེས་པས། དུག་སྣ་ཚོགས་དང་། དྲི་མི་ཞིམ་པ་སྣ་ཚོགས་དང་། དྲག་པོའི་རྫས་སྣ་ཚོགས་དང་། མར་ནག་ལ་སོགས་པས་སྦྱིན་སྲེག་བྱའོ། །ཏིང་ངེ་འཛིན་དགྲ་
བགེགས་གང་ཡིན་པར་མོས་པར་བྱས་ལ། །རྫས་རེ་དང་སྔགས་རེ་བསྟུན་ཞིང་སྦྱིན་སྲེག་བྱའོ་ཕྱག་ན་རྡོ་རྗེ་དང་། ལྔ་ལྡན་བསྐྱེད་པ་དང་། སྤྱན་དྲངས་པ་དང་། མཆོད་པ་དང་། བསྟོད་པ་བྱས་ལ། དེ་ནས་མེ་ལྷ་བསྐྱེད་ལ་སྦྱིན་སྲེག་བྱའོ། །དྲག་པོ་དང་ཞི་བའི་སྦྱིན་སྲེག་གི་རིམ་པའོ།། །།
เล่ม ๕๐ · หน้า 56b
བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །གྲུ་གསུམ་ཉིས་འགྱུར་བྲིས་ལ་ནང་ཐལ་བ་འཇམ་པོས་བྱུག །ཁ་རྩང་དམར་གྱིས་བསྐོར། ཉི་མ་ས་བླ་ན་ལ་སོགས་པ་ལ་འདི་གདགས་སོ། །ཤིག་བྱེར་ནན། མགོ་ནན། ཧ་ན་ཧ་ན་མཱ་ར་ཡ་རྦད་ནན། སྦལ་པའམ། སྦྲུལ་ལྟ་བུའི་རྗེས་
བྱུང་ན་འགོང་པོ་ཡིན། བོང་བུའི་རྗེས་བྱུང་ན་འགོང་པོ་ཡིན། །ཨུ་མ་པའི་བཤགས་པ་འདྲ་བ་བྱུང་ན་རྒྱལ་པོ་ཡིན། ཤིང་ལོ་ལྟ་བུའི་རྗེས་སམ་རལ་པ་བསྙིགས་པ་ལྟ་བུའི་རྗེས་བྱུང་ན་བདུད་ཡིན། མདའ་མང་པོ་བཞག་པ་འདྲ་བའི་རྗེས་བྱུང་ན་བཙན་ཡིན། ཕུག་རོན་གྱི་བྱ་བྲའི་རྗེས་འདྲ་
བའམ། ལྕགས་ཐག་སྤྲེལ་བའི་རྗེས་བྱུང་ན་མ་མོ་ཡིན། དེ་རྣམས་གང་བྱུང་བ་དང་ལས་ལ་སྦྱར་རོ། །རྡོ་རྗེ་ལྕེ་དབབ་ཀྱི་འགྲེལ་པ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བའི་རིམ་པ། རྒྱ་གར་གྱི་མཁན་པོ་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་གྱིས་མཛད་པ་རྫོགས་སོ།། །།སླད་ཀྱི་པཎྜི་ཏ་ཛ་ཡཱ་ཀ་ར་
དང་། ལོ་ཙཱ་བ་མར་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด