དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན
ชื่อสันสกฤต (อักษรทิเบต ตามตัวบท) ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๕ · หน้า 1b
༄༅༅། །རྒྱ་གར་སྐད་དུ། ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ། བོད་སྐད་དུ། དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་དཔལ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །རྒྱུད་བདག་དང་ནི་རྒྱལ་བཞི་དང་པོའི་སེམས་དཔའ་དང་། །རྒྱལ་སྲས་ལྷག་མ་རྣམས་དང་རིགས་ཀྱི་ཡུམ་རྣམས་དང་། །རབ་མཆོག་ལས་མཛད་མཆོད་པ་བཞི་
དང་ཕྱག་རྒྱ་དང་། །རྒྱུད་དང་སྙིང་པོ་རིག་བཅས་དེ་ལ་ཕྱག་འཚལ་ལོ། །ཆོས་ཚུལ་ཟབ་མོའི་རྒྱ་མཚོར་ཤིན་ཏུ་ཞུགས་གྱུར་ཅིང་། །ཡེ་ཤེས་མཚོ་ཆེན་དེ་ཉིད་མ་ལུས་བདག་པོ་མཛད། །ཤེས་རབ་བདུད་རྩི་
ལས་བྱུང་དྲི་མེད་བྱིས་པའི་གཟུགས། །བདེ་གཤེགས་སྲས་པོ་འཇམ་པའི་དབྱངས་ལའང་བདག་ཕྱག་འཚལ། །རྒྱལ་རྣམས་འདུས་ལས་བཀའ་ཐོབ་རྣམ་པར་རྒྱལ་བར་ལྡན། །འགྲོ་ལ་ཕན་ཕྱིར་འཇིག་
རྟེན་གསུམ་ལས་རྣམ་རྒྱལ་མཛད། །ལྷ་མི་རྣམས་ལ་རྒྱུད་སྟོན་བཅོམ་ལྡན་གང་ཡིན་པ། །རྒྱལ་དབང་རྡོ་རྗེ་འཛིན་པ་དེ་ལའང་རབ་ཏུ་འདུད། །གྲོང་ཁྱེར་བཟང་པོར་སངས་རྒྱས་སྡེ་ཞེས་གྲགས་ཐོབ་གང་། །བླ་
เล่ม ๕๕ · หน้า 2a
མའི་མཆོག་དེ་དང་པོར་རབ་དད་མཉེས་བྱས་ཏེ། །གནང་བ་མནོས་ཤིང་ཆོ་གས་དམ་ཚིག་ཐོབ་ནས་ནི། །དེ་ལ་ཤིན་ཏུ་མང་ཐོས་མང་དུ་རྣམ་པར་དཔྱད། །ཀོང་ཀ་ནིར་ནི་དྲ་མི་ཌ་དང་དབང་ཕྱུག་དཔལ་འདུས་དང་། །ཆོས་
སྡེ་ཆོས་ཀྱི་འབྱུང་གནས་དགའ་བས་བསྙེན་བཀུར་བྱས། །ས་ཧྱེར་ཆོས་ཀྱི་རྡོ་རྗེ་མཆོག་ཏུ་མཚན་གསོལ་དང་། །གཙུག་ཏོར་རྡོ་རྗེའང་མང་དུ་ལེགས་པར་བསྙེན་བཀུར་བྱས། །ཡོན་ཏན་འབྱུང་གནས་བྱང་ཕྱོགས་ཨུ་རྒྱན་ཡུལ་བགྲོད་དེ། །
རྒྱུད་དོན་དེ་ཉིད་འཛིན་རྒྱལ་ཨིནྡྲ་བྷཱུ་ཏི་བསྙེན། །ཏག་ཀྱེར་གྲོང་ཁྱེར་ཀ་ཤ་ལ་ཡི་སློབ་དཔོན་ནི། །བློ་བརྟན་བློ་གྲོས་འབྱུང་གནས་ཚུལ་མཁས་གུས་པས་བསྟེན། །བླ་མའི་ཞལ་ནས་ཡང་དག་མན་ངག་གང་ལས་ནི། །ཅུང་ཟད་བདག་གིས་ཅི་
རྟོགས་དག་པའི་ལུང་གི་ཚུལ། །འཇིག་རྟེན་རྣལ་འབྱོར་ཆོ་གས་སློབ་དཔོན་བཞིན་རིམ་གྱིས། །འདི་ནི་ཡུན་རིང་གནས་ཕྱིར་བདག་གིས་རྣམ་པར་བསམས། །འགྲོ་ངན་བདག་པས་བློ་དམན་མི་རྣམས་གང་ཡིན་པ། །དེ་ལ་ཕན་
གདགས་ཕྱིར་ནི་རང་གི་སྟོབས་བསྐྱེད་དེ། །གང་དུ་དེ་ཉིད་དོན་བསྡུས་ཚུལ་ནི་རྣམ་སྟོན་པའི། །དེ་ཉིད་བསྡུས་ཏེ་བདག་གིས་གུས་པས་རྣམ་པར་དབྱེ། །རྒྱུད་འདིར་རྒྱུད་ཀྱི་བདག་པོ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་རྣམ་པར་སྣང་མཛད་
เล่ม ๕๕ · หน้า 2b
ཀྱི་ཡོན་ཏན་གྱི་གླེང་གཞི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱི་རླབས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་སེམས་དཔའ་བསྐྱེད་པའི་ཏིང་ངེ་འཛིན་སྟོན་པའི་བར་གྱིས་བསྟན་ཏོ། །དེ་ནས་གཞན་ཡང་རྡོ་རྗེ་སེམས་དཔའི་རྒྱུད་ནས་བརྩམས་ཏེ། དེ་སྐད་ཅེས་བཀའ་སྩལ་ཞེས་བྱ་
བའི་བར་ནི་རྒྱུད་དོ། །རྒྱུད་འདི་ལ་ཡང་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་སྡུད་པར་བྱེད་པས་མངོན་སུམ་དུ་ཐོས་པར་སྟོན་ཏོ། །དེ་ཡང་འདི་སྐད་སྟོན་ཏེ། བདག་ཉིད་ཀྱིས་ཐོས་ཀྱི་གཞན་དག་ལས་བརྒྱུད་དེ་ཐོས་པ་ནི་མ་ཡིན་ནོ་ཞེས་པའོ། །ཁྱོད་ཀྱིས་དུས་གང་
གི་ཚེ་ཐོས་ཤེ་ན། དུས་གཅིག་ན་ཞེས་བྱ་བ་སྨོས་ཏེ། ལན་ཅིག་གི་དུས་ཚོད་ན་ཞེས་བྱ་བའི་དོན་ཏོ། །ད་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་གླེང་གཞི་སྟོན་ཏོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱ་བ་ནི་བཅོམ་པ་དང་ལྡན་པས་ན་བཅོམ་ལྡན་འདས་ཏེ་ངེས་པའི་ཚིག་གི་ཚུལ་གྱིས་ན་
ཡི་གེ་བསྒྱུར་བ་བྱས་ན་ཕུང་པོ་དང་། འཆི་བདག་དང་། ཉོན་མོངས་པ་དང་། ལྷའི་བུའི་བདུད་བཅོམ་པའོ། །གང་གིས་རྒྱུད་འདི་སྟོན་པར་མཛད་པའི་རྒྱུད་ཀྱི་བདག་པོ་བཅོམ་ལྡན་འདས་འདི་ཡོན་ཏན་ཇི་ལྟ་བུ་དང་ལྡན་ཞེ་ན། དེ་ནས་གཞན་ཡང་དེའི་ཡོན་ཏན་ནི་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱི་རླབས་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་ཡང་ཇི་ལྟར་གནས་པའི་དོན་དེ་ཐུགས་སུ་ཆུད་ཅིང་སངས་རྒྱས་པས་ན་དེ་བཞིན་གཤེགས་པ་ཞེས་
བཤད་དེ། རྟོགས་པའི་དོན་ཐམས་ཅད་ནི་གཤེགས་པའི་དོན་ཡིན་པའི་ཕྱིར་རོ། །འདིར་ཐམས་ཅད་ཀྱི་སྒྲ་ནི་མཐའ་ཐུག་པ་མེད་པའི་ཚིག་སྟེ། དཀྱིལ་འཁོར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྟོན་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་རྡོ་རྗེ་ཡིན་
པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྟེ། མི་ཕྱེད་པ་ཉིད་ཀྱིས་དངོས་པོ་ཐམས་ཅད་ཀྱི་དོན་འབྱེད་པས་ན་རྡོ་རྗེའོ། །དེ་རྣམས་ཀྱི་བྱིན་གྱི་རླབས་ནི་སྤྲུལ་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱི་རླབས་ཏེ། སྙིང་པོ་དང་དམ་ཚིག་དང་ཕྱག་རྒྱ་དང་སེམས་དཔའི་
เล่ม ๕๕ · หน้า 3a
དཀྱིལ་འཁོར་ལ་སོགས་པ་རྫོགས་པར་མཛད་པའོ། །འདི་ཉིད་ནི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱི་རླབས་དང་དམ་ཚིག་ཅེས་བྱ་སྟེ། ཚུལ་དེ་ལྟར་རྣམ་པར་གནས་ཤིང་དཀྱིལ་འཁོར་ཆེན་པོ་མཐོང་བ་ལ་གསང་སྔགས་རྗེས་སུ་འཛིན་པར་གནང་
བའི་ཕྱིར་དེ་དག་ཐམས་ཅད་ཀྱང་དམ་ཚིག་གི་སྒྲ་ཉིད་དུ་བཤད་དོ། །དེ་ལྟ་བུའི་དམ་ཚིག་མཁྱེན་པ་ལ་ནི་དམ་ཚིག་གི་ཡེ་ཤེས་ཞེས་བྱ་སྟེ། དམ་ཚིག་ལ་མཁས་པའོ། །དེའི་རྣམ་པ་སྣ་ཚོགས་པ་ནི་ཁྱད་པར་རྣམ་པ་དུ་མ་སྟེ། རིགས་དང་རྟོག་པ་དང་དཀྱིལ་འཁོར་ལ་སོགས་པའི་དབྱེ་བས་ཤིན་ཏུ་ཡང་རྣམ་པ་ཐ་
དད་པའོ། །དེ་རྣམས་དང་ལྡན་པ་ནི་བཅས་པ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱི་རླབས་དང་། དམ་ཚིག་གི་ཡེ་ཤེས་རྣམ་པ་སྣ་ཚོགས་ཀྱི་ཁྱད་པར་དང་ལྡན་ཞེས་བྱ་སྟེ། རྒྱུད་ལས་གསུངས་པའི་དཀྱིལ་འཁོར་གྱི་ལས་ལ་མཆོག་ཏུ་མཁས་ཞེས་བྱ་བའི་དོན་ཏོ། །ཚིག་འདིས་ནི་
བཅོམ་ལྡན་འདས་དེ་མཆོག་ཏུ་ཡང་དམ་ཚིག་ལ་མཁས་པར་སྟོན་ཏོ། །གལ་ཏེ་དམ་ཚིག་ཤེས་པ་ཡིན་དུ་ཟིན་ཀྱང་དབང་བསྐུར་བ་མེད་པར་སྔགས་སྦྱིན་པ་དང་གཟུང་བ་ལ་སོགས་པ་བྱ་བར་མི་རིགས་སོ་ཞེས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་དབུ་རྒྱན་གྱིས་ཞེས་བྱ་བ་ལ་
སོགས་པའི་གཞུང་ཉེ་བར་དགོད་པར་མཛད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་རིན་པོ་ཆེ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་སྟེ། རྙེད་པར་དཀའ་བའི་དོན་དང་། རིན་ཆེ་བའི་དོན་དང་། དོན་ཆེན་པོ་ཉིད་དུ་གྱུར་པ་དང་། རབ་ཏུ་སྣང་བའི་དོན་གྱིས་ན་རིན་པོ་ཆེ་དང་
འདྲ་བས་ན་རིན་པོ་ཆེ་སྟེ། སངས་རྒྱས་རྣམས་འབྱུང་བ་ནི་ཨུ་དུམྺཱར་དང་འདྲ་བས་ན་རྙེད་པར་དཀའ་བ་སྟེ། དུས་དཔག་ཏུ་མེད་པར་སྦྱངས་པ་ལས་བྱུང་བའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པའི་རིན་གྱིས་རྙེད་པས་ན་རིན་ཆེ་བའོ། །འཁོར་བ་ཐམས་ཅད་ཀྱི་དབུལ་བ་ལ་སོགས་པའི་
སྡུག་བསྔལ་ཡང་དག་པར་གཅོད་པར་བྱེད་པའི་དོན་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་དང་ཡིད་བདེ་བ་ཤིན་ཏུ་རྣམ་པར་དག་པའི་གནས་སུ་གྱུར་པའི་དོན་གྱིས་ན་དོན་ཆེན་པོར་གྱུར་པའོ། །ཕྱི་དང་ནང་གི་མུན་པ་སེལ་བའི་དོན་གྱིས་ན་རབ་ཏུ་སྣང་བ་སྟེ། དེ་ལྟ་བུའི་དེ་བཞིན་གཤེགས་པ་
เล่ม ๕๕ · หน้า 3b
ལྔ་པོ་དེ་རྣམས་ཀྱི་རིན་པོ་ཆེའི་བྱེ་བྲག་ལས་བསྒྲུབས་པའི་དབུ་རྒྱན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་དབུ་རྒྱན་ནོ། །ཁམས་གསུམ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ཏེ། ཁམས་གསུམ་པོ་ན་སྤྱོད་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་རྣམས་
སྤངས་པས་ཤིན་ཏུ་ཡང་དྲི་མ་མེད་པར་གྱུར་པའི་ཡོན་ཏན་གྱི་ཚོགས་མ་ལུས་པ་དང་ལྡན་པའི་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོའི་ཆོས་ཀྱི་མཛོད་བརྙེས་པར་གྱུར་པས་ན་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོ་སྟེ་བདག་པོའོ། །དེས་ན་དེའི་རྟགས་སུ་རིན་པོ་ཆེའི་ཅོད་པན་དེས་དབང་བསྐུར་བ་དེ་བརྙེས་པར་ན་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་དབུ་རྒྱན་གྱིས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་དབང་བསྐུར་བ་བརྙེས་པའོ། །དབང་བསྐུར་བ་ཐོབ་ཏུ་ཟིན་ཀྱང་རྣལ་འབྱོར་བསྒོམ་པ་ལ་དབང་མ་ཐོབ་ན་སེམས་ཅན་གྱི་དོན་བྱ་བ་མི་འབྱུང་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་
མཁྱེན་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ནི་ཤེས་བྱ་མ་ལུས་པ་སྟེ། རྟག་པར་ཐམས་ཅད་མཁྱེན་པས་ན་ཐམས་ཅད་མཁྱེན་པའོ། །དེའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཉིད་ནི་རྣལ་འབྱོར་ཆེན་པོའོ། །དེ་ཡང་ཞི་གནས་
དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་ལམ་ཡིན་ཏེ། ཞི་གནས་ནི་ཏིང་ངེ་འཛིན་ལ་སེམས་པའི་མཚན་ཉིད་དེ། སེམས་གང་དམིགས་པར་བྱ་བ་གཅིག་ལ་རབ་ཏུ་འཇོག་པའོ། །ལྷག་མཐོང་ནི་ཤེས་རབ་སྟེ། དེ་ཡང་སེམས་ལས་བྱུང་བ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་ཏེ་མཉམ་
པར་འཇོག་པའི་སེམས་ཀྱིས་འདི་ནི་ཟག་པ་དང་བཅས་པའོ། །འདི་ནི་ཟག་པ་མེད་པའོ། །འདི་ནི་ཀུན་ནས་ཉོན་མོངས་པའོ། །འདི་ནི་རྣམ་པར་བྱང་བའོ་ཞེས་རྣམ་པར་འབྱེད་པའི་རྣམ་པའོ། །ཞི་གནས་ཤས་ཆེ་ན་ནི་སེམས་རྨུགས་པའི་ཉེ་བར་གཡེང་བར་འགྱུར་ལ། ལྷག་མཐོང་ཤས་ཆེ་ན་ནི་རྒོད་
པའི་ཉེ་བར་གཡེང་བར་འགྱུར་རོ། །དེ་བས་ན་རིམ་བཞིན་དུ་སྣང་བ་ཡིད་ལ་བྱེད་པ་དང་། མི་རྟག་པ་ཡིད་ལ་བྱེད་པས་ཀྱང་ཉེ་བར་གཡེང་བའི་དངོས་པོ་གཉིས་བཟློག་ནས་བསམ་པར་བྱ་བའི་དངོས་པོ་དེ་ལ་ཟུང་དུ་འཇུག་པར་གནས་ལ། དྲན་པའི་ཐག་པས་གང་དང་གང་དུ་ཞི་གནས་དང་
เล่ม ๕๕ · หน้า 4a
ལྷག་མཐོང་གི་ཚུལ་དེ་ལྟ་བུ་གང་ལས་ཉམས་པ་ལས་བློ་བཟློག་སྟེ་ཡང་དག་པ་ལ་སྦྱར་བ་ནི་ཟུང་དུ་འཇུག་པའོ། །ཟུང་དུ་འཇུག་པ་ཉིད་ཀྱིས་ན་རྣམ་པ་འདིས་འཇུག་པའི་ངང་ཚུལ་ཅན་ནི་མངོན་པར་འདུ་བྱེད་པ་མེད་པར་འཇུག་གོ་ཞེས་བྱ་བའི་དོན་ཏོ། །ཐབས་དེས་མྱ་ངན་ལས་
འདས་པའི་ལམ་དུ་གྱུར་པས་ན་ཟུང་དུ་འཇུག་པ་ནི་ལམ་མོ་ཞེས་བཤད་དོ། །བསམ་གཏན་རྣམ་པ་བཞིའི་ཆོས་མི་འཛིན་པས་ཇི་ལྟ་བ་བཞིན་དུ་སྐྱེ་བ་ལ་དབང་ཐོབ་ཅིང་། འདུས་མ་བྱས་པའི་དུས་ལ་ཇི་ལྟར་འདོད་པར་འཇུག་པ་འདི་ནི་ཐམས་ཅད་ཀྱི་མཆོག་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་
རྣལ་འབྱོར་ཆེན་པོ་ཞེས་བཤད་ལ། དེ་གང་ལ་ཡོད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣལ་འབྱོར་ཆེན་པོ་སྟེ། དེ་ལ་ཡང་འདི་དབང་ཕྱུག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣལ་འབྱོར་ཆེན་པོའི་དབང་
ཕྱུག་གོ། །རྣལ་འབྱོར་ལ་དབང་ཐོབ་ཏུ་ཟིན་ཀྱང་གལ་ཏེ་རང་སངས་རྒྱས་ལྟར་གཞན་གྱི་དོན་ལ་བཏང་སྙོམས་མཛད་པར་འགྱུར་རོ་ཞེས་པ་འདི་བཟློག་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲ་ནི་འདིར་
དཀྱིལ་འཁོར་བའི་དེ་བཞིན་གཤེགས་པ་ལྔ་དང་བྱང་ཆུབ་སེམས་དཔའ་བཅུ་དྲུག་ཡོངས་སུ་གཟུང་ངོ་། །དེ་རྣམས་ཀྱི་ཕྱག་རྒྱ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་དང་རྣམ་པ་བཞི་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དེ་དག་
ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མཚུངས་པ་ཉིད་དོ། །དབྱེར་མི་ཕྱེད་པ་ཉིད་ཀྱིས་ན་རྡོ་རྗེ་སྟེ་སྐུ་ཇི་ལྟ་བ་བཞིན་དུ་ཐུགས་ཀྱང་དེ་བཞིན། ཕྱག་རྒྱ་ཡང་དེ་བཞིན། གསུང་ཡང་དེ་བཞིན་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་མི་ཕྱེད་པ་ཉིད་ཀྱིས་ཐམས་ཅད་ཀྱི་དགོས་པ་ཡང་དག་པར་སྒྲུབ་པར་མཛད་
པས་ན་ཕྱག་རྒྱ་ཐམས་ཅད་མཉམ་པ་ཉིད་དུ་གྱུར་པ་སྟེ། འདི་ནི་ཀུན་རྫོབ་ཀྱི་མཉམ་པ་ཉིད་དོ། །དེ་ཡང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །བསྡུས་པས་ཁུ་ཚུར་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །དོན་དམ་པར་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་མཉམ་པ་ཉིད་དེ།
เล่ม ๕๕ · หน้า 4b
སྟོང་པ་ཉིད་སོ་སོར་རྟོགས་པར་གྱུར་པ་ལས་འདི་ལྟར་འགྱུར་ཏེ། དངོས་པོ་འདི་རྣམས་ནི་རྣམ་པར་རྟོག་པ་ལ་རག་ལས་པ་ཡིན་པས་གང་སེམས་ཀྱི་དབང་གིས་རབ་ཏུ་འཇུག་པ་དང་ལྡོག་པ་ཡིན་ནོ་ཞེས་ཤེས་ནས་ལུས་དང་ངག་དང་ཡིད་ཤིན་ཏུ་བརྟན་པས་གང་བྱས་པ་དེ་ཐམས་ཅད་འབྱུང་ཞིང་། གང་
རྣམ་པར་བཟློག་པ་དེ་ཐམས་ཅད་ལྡོག་གོ། །གཟུགས་ལ་སོགས་པ་གང་ཡོངས་སུ་བསྒྱུར་བ་དེ་ཡོངས་སུ་འགྱུར་རོ། །གང་དུས་ཀྱི་མཐར་འཇོག་པ་དེ་དག་ནི་གནས་པར་འགྱུར་རོ། །དེ་ལྟར་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་པ་ཐམས་ཅད་ཀྱི་ཡིད་ལ་མངོན་པར་འདོད་
པའི་དོན་དེའི་ཕྱག་རྒྱ་ཐམས་ཅད་མཉམ་པ་ཉིད་དེ། སྟོང་པ་ཉིད་སོ་སོར་རྟོགས་པ་དང་། དེ་ལ་དབང་དུ་གྱུར་པ་ཐོབ་པས་ཀྱང་སྐུ་དང་གསུང་དང་ཐུགས་ཤིན་ཏུ་བརྟན་པོ་ཐུགས་སུ་ཆུད་ཅིང་བརྙེས་པས་སྣ་ཚོགས་ཀྱི་བྱ་བ་མཛད་པ་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་དགོས་པ་མཛད་པ་སྟེ། དེའི་
ངོ་བོ་ཉིད་ཡིན་པས་ན་ཐམས་ཅད་ཀྱི་དགོས་པ་མཛད་པ་ཉིད་ཀྱིས་ཏེ་དེའི་སྣ་ཚོགས་པའི་བྱ་བ་བྱེད་པ་ཉིད་དེ། ཕྱག་རྒྱ་ཐམས་ཅད་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ་དེས་ཐམས་ཅད་ཀྱི་དགོས་པ་མཛད་པའོ། །མ་ལུས་ཤིང་ལུས་པ་མེད་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཏེ་འདིར་མ་ལུས་ཤིང་
ལུས་པ་མེད་པ་ཞེས་བྱ་བའི་སྒྲ་ནི་འཇིག་རྟེན་པའི་སྤྱིའི་སྒྲ་སྟེ། གང་གི་ཕྱིར་མ་ལུས་པའི་སྒྲ་ནི་ཐམས་ཅད་ཀྱི་སྒྲའི་རྣམ་གྲངས་ཡིན་པས་ན་ཟད་པར་གྱི་ཚིག་གོ། །དེ་ལ་ཅུང་ཟད་ལུས་པ་ཉིད་ཀྱང་སྲིད་པས་ལུས་པ་མེད་པ་ཞེས་བྱ་བའི་སྒྲ་སྨོས་ཏེ། དེ་ན་འདི་ལྟར་རྣམ་པར་གནས་པར་འགྱུར་
ཏེ། འཇིག་རྟེན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་སུ་ཞེས་བྱ་བ་ཡིན་ཏེ། དེའི་ཕྱིར། འདིར་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་ཞེས་བརྗོད་དོ། །གང་དུ་ཐམས་ཅད་ཅེས་སྨོས་པ་མེད་པ་དེར་གཞན་དུ་འགྱུར་སྲིད་པས་མ་ལུས་ཤིང་ལུས་པ་མེད་པའི་སྒྲ་སྨོས་སོ། །སེམས་
ཅན་གྱི་ཁམས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་དུ་རེ་བ་ཞེས་པ་སྲིད་པ་ཡོངས་སུ་ཞེན་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་མཛད་པས་ན་རེ་བ་ཐམས་ཅད་ཡོངས་སུ་བསྐང་བའི་ཕྲིན་ལས་མཛད་པ་ཞེས་བཤད་དོ། །རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ་ན། ཅིའི་ཕྱིར་མཛད་ཅེ་ན།
เล่ม ๕๕ · หน้า 5a
ཐུགས་རྗེ་ཆེན་པོ་ཞེས་བྱ་བ་གསུངས་ཏེ། ཕོངས་པར་གྱུར་པའི་སེམས་ཅན་རྣམས་སྐྱོང་བར་མཛད་པས་ན་ཐུགས་རྗེ་སྟེ། གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དོ། །འདོད་པ་ན་སྤྱོད་པའི་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་ཉིད་ཀྱི་ཡུལ་
ནས་ཇི་སྲིད་ཁམས་གསུམ་པོ་ན་སྤྱོད་པའི་སེམས་ཅན་ཐམས་ཅད་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཟིན་པ་དེ་ལ་ཐུགས་རྗེ་ཆེན་པོས་སྐྱོང་བར་མཛད་པའི་ཐུགས་རྗེ་ཆེན་པོ་མངའ་བས་ན་ཐུགས་རྗེ་ཆེན་པོའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་རྣམས་ལ་ཡང་ཐུགས་རྗེ་
ཆེན་པོ་ཞེས་བྱའོ་སྙམ་པ་ལ་རྣམ་པར་སྣང་མཛད་ཅེས་བྱ་བ་སྨོས་ཏེ། སྣང་བ་ཡིན་པས་ན་རྣམ་པར་སྣང་མཛད་པའོ། །དེ་ཡང་ཁྱད་པར་དུ་སྣང་བར་མཛད་པའི་ཕྱིར་ན་རྣམ་པར་སྣང་མཛད་དོ། །འདི་འདི་སྐད་སྟོན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ལས་ཤིན་ཏུ་རྣམ་པར་གྲོལ་
བའི་ཐུགས་རྗེ་ཆེན་པོ་ཡིན་གྱི་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །ཡུན་རིང་པོར་དཀའ་བ་བརྙེས་ནས་རེ་བ་ཐམས་ཅད་ཡོངས་སུ་བསྐང་བར་མཛད་པ་པོས་ཀྱང་འདི་ལྟ་བུར་ཡུན་རིང་དུ་བཞུགས་པར་མི་བྱ་འམ་ཞེ་ན། རྟག་པ་ཞེས་བྱ་བ་གསུངས་ཏེ། རྟག་པ་ཞེས་སྨོས་པས་ཆོས་ཀྱི་
སྐུ་ལ་བྱ་སྟེ། མི་འགྱུར་བར་རྟག་པས་རྟག་པར་ཡོངས་སུ་གཟུང་ངོ་། །ཡེ་ཤེས་ཀྱི་སྐུ་ཡང་རྣམ་གྲངས་ཀྱི་རྟག་པས་རྒྱུན་གྱི་རྟག་པ་ཅན་ཏེ་གནས་གྱུར་པའི་མཚན་ཉིད་དུ་འཁོར་བ་ཇི་སྲིད་པར་རྒྱུན་དུ་རྗེས་སུ་འཇུག་པ་ཡིན་པས་ན་ཡེ་ཤེས་ཀྱི་སྐུ་ཡང་རྟག་པ་ཡིན་ནོ། །གལ་ཏེ་རྟག་པ་
ཡིན་ན་ཇི་ལྟར་ན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་སུ་བརྗོད་ཅེ་ན། དེའི་ལན་དུ་དུས་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་ནི་བརྡ་སྟེ་ཀུན་རྫོབ་ཏུ་དུས་གསུམ་དག་ཏུ་གཟུགས་ཀྱི་སྐུ་ཡང་ཡེ་ཤེས་ཀྱི་སྐུ་ལ་ལྟོས་ནས་རྣམ་པར་གནས་པའི་སྐུ་མངའ་
བས་ན་དུས་གསུམ་དུ་རྟག་པར་བཞུགས་པའི་སྐུ་ཞེས་བྱ་སྟེ། སྐུ་འདི་གཉིས་ནི་འདུས་བྱས་ཡིན་པའི་ཕྱིར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བར་སྲིད་པར་འགྱུར་རོ། །ཡེ་ཤེས་ཀྱི་སྐུ་ནི་རྣམ་གྲངས་ཀྱི་རྟག་པ་ཉིད་དུ་བཤད་པ་ཁོ་ནའོ། །གལ་ཏེ་སྐད་ཅིག་མི་རྟག་པ་ཉིད་ཀྱིས་ཡེ་ཤེས་
เล่ม ๕๕ · หน้า 5b
ཀྱི་སྐུ་ཡང་དུས་གསུམ་དུ་བཟུང་ན་ནི་མི་རྟག་པ་ཉིད་ཡིན་ན། ཅིའི་ཕྱིར་གཞན་གྱིས་མི་ཤིགས་པ་ཡིན་ཞེས་འདི་ལ་ཕྱོགས་སྔ་མ་རྟོག་པས་དེའི་ཕྱིར་སྐུ་དང་གསུང་དང་ཐུགས་ཐམས་ཅད་རྡོ་རྗེ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ལྟར་མི་ཕྱེད་པ་ཞེས་བྱ་བའི་དོན་ཏོ། །གོ་རིམས་ཇི་སྐད་དུ་བཤད་པའི་
དེ་བཞིན་གཤེགས་པའི་ཆོས་ནི་སྒྲིབ་པ་ཐམས་ཅད་ལས་གྲོལ་བར་གྱུར་པ་ཡིན་པའི་ཕྱིར་ཐུགས་མི་ཕྱེད་པ་ཡིན་ལ། དེ་ལས་སྣང་བའི་སྐུ་ཡང་དེའི་དབང་ལས་སྐྱེས་པ་ཡིན་ནོ། །སྒྲ་ཡང་ཇི་སྐད་བཤད་པའི་ཐུགས་ཀྱི་རྒྱུན་ལ་རྒྱུ་བ་དང་མི་རྒྱུ་བའི་ཁྱད་པར་རྣམས་ཀྱིས་འགྱུར་བ་མི་སྐྱེད་པ་དང་།
སྲོག་ཆགས་དང་སྲོག་ཆགས་མ་ཡིན་པའི་འགྱུར་བ་སྐྱེད་པར་སྤྱོད་པས་ན། གསུམ་ཆར་ཡང་རྡོ་རྗེ་ལྟ་བུར་གྱུར་པའི་ངོ་བོ་ཉིད་ཡིན་ནོ། །དེ་བས་ན་སྐུ་དང་གསུང་དང་ཐུགས་ཐམས་ཅད་རྡོ་རྗེ་ལྟ་བུར་གྱུར་པའི་དེ་བཞིན་གཤེགས་པ་ཞེས་བྱ་བ་གསུངས་ཏེ། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཇི་
ལྟར་ཐུགས་སུ་ཆུད་པ་དེ་བཞིན་དུ་ཆོས་ཉིད་ཐུགས་སུ་ཆུད་པས་ན་སངས་རྒྱས་ནི་དེ་བཞིན་གཤེགས་པ་སྟེ་དེ་བཞིན་གཤེགས་པ་ནི་ཐུགས་སུ་ཆུད་པའི་དོན་ཡིན་པའི་ཕྱིར་རོ། །ཡང་ན་ཆོས་རྣམས་ཇི་ལྟར་གནས་པ་དེ་བཞིན་དུ་སྟོན་པར་མཛད་པས་ན་ངེས་པའི་ཚིག་གི་ཚུལ་གྱིས་ཡི་གེ་བསྒྱུར་བ་
བྱས་པས་དེ་བཞིན་གཤེགས་པའོ། །དེ་དག་གིས་ནི་དམ་ཚིག་མཁྱེན་པ་ལ་སོགས་པ་ཆོས་རྣམ་པ་བཞི་དང་ལྡན་པས་བཅོམ་ལྡན་འདས་འདི་ནི་སློབ་དཔོན་གྱི་མཆོག་ཏུ་གྱུར་པར་བསྟན་པ་ཡིན་ནོ། །དེ་ལྟ་བུའི་བཅོམ་ལྡན་འདས་གང་ན་བཞུགས་ཞེས་འདིར་ཕྱོགས་སྔ་མ་རྟོག་པ་ལ་དེ་བཞིན་
གཤེགས་པ་ཐམས་ཅད་བཞུགས་ཤིང་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་གྱི་གནས་ཀྱི་ཉེ་བར་དགོད་པ་མཛད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཞུགས་ཤིང་ཞེས་བྱ་བ་ནི་བསྟན་པ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ཤེ་ན།
གང་གི་ཕྱིར་བསྔགས་པ་ཡིན་པ་སྟེ་བཀྲ་ཤིས་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་འབའ་ཞིག་ཏུ་འང་མ་ཟད་ཀྱི་བསྟོད་པ་ཡང་ཡིན་ཏེ། བསྟོད་པ་ནི་དེ་རྣམས་དང་ལྷ་གཞན་རྣམས་ཀྱིས་ཀྱང་བསྟོད་པར་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་
เล่ม ๕๕ · หน้า 6a
བཞུགས་ཤིང་བསྔགས་པ་དང་། བསྟོད་པ་འབའ་ཞིག་ཏུའང་མ་ཟད་ཀྱི་ནོར་བུ་དང་རིན་པོ་ཆེ་ཆེན་པོས་སྤྲས་པ་ཡང་ཡིན་ཏེ། ནོར་བུ་དང་རིན་པོ་ཆེ་རྣམས་ནི་ནོར་བུ་དང་རིན་པོ་ཆེའོ། །ནོར་བུ་དང་རིན་པོ་ཆེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ནོར་བུ་དང་རིན་པོ་ཆེ་ཆེན་པོ་སྟེ།
དེས་སྤྲས་པ་ནི་བརྒྱན་པ་ཞེས་བྱ་བའི་དོན་ཏོ། །ནོར་བུ་དང་རིན་པོ་ཆེ་ཆེན་པོས་སྤྲས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཁ་དོག་སྣ་ཚོགས་ཤིང་དྲིལ་བུ་བཏགས་པ་དར་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་མ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། ཟླ་བ་རླུང་གིས་བསྐྱོད་པ་རྣམས་ཀྱིས་མཛེས་
པར་བྱས་པ་ཡང་ཡིན་ཏེ། ཁ་དོག་སྣ་ཚོགས་པ་ནི་ཚོན་སྣ་བརྒྱས་སྤེལ་བའི་ཕྱིར་རོ། །དྲིལ་བུ་ནི་བཏགས་པའོ། །མེ་ཏོག་གི་ཕྲེང་བ་ནི་མེ་ཏོག་བརྒྱུས་པ་ལས་ཕྲེང་བ་བྱས་པའོ། །རྔ་མ་ནི་རྔ་ཡབ་པོ། །དྲ་བ་ནི་མུ་ཏིག་གི་ཆུན་འཕྱང་སྟེ་མཆོག་དབུས་ན་ཡོད་པའོ། །དྲ་བ་ཕྱེད་པ་ནི་མཆོག་མཐའ་ན་
ཡོད་པའོ། །གླེགས་བམ་ལ་ལ་ལས་ནི་ཟླ་བ་ཞེས་སྨོས་པ་ནི་མེ་ལོང་སྟེ་འདི་རྣམས་ནི་གཉིས་ཀྱིས་མདོར་བསྡུས་པས་མཚམས་སྦྱར་བར་བྱའོ། །དེ་དག་རླུང་གིས་བསྐྱོད་པ་ནི་རླུང་གིས་གཡོ་བར་བྱས་པ་སྟེ། དེ་རྣམས་ཀྱིས་མཛེས་པར་བྱས་པ་སྟེ་དར་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་
དང་། རྔ་མ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། ཟླ་བ་དག་གིས་ཉེ་བར་མཛེས་པར་བྱས་ཤིང་བརྒྱན་པའོ། །དེ་བས་ན་ཁ་དོག་སྣ་ཚོགས་ཤིང་དྲིལ་བུ་བཏགས་པ་དར་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་མ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། ཟླ་བ་རླུང་གིས་བསྐྱོད་པ་རྣམས་
ཀྱིས་མཛེས་པར་བྱས་པ་ཞེས་བྱའོ། །དེ་ལྟར་གྱུར་པ་གནས་གང་ན་བཞུགས་ཤེ་ན། དེ་བསྟན་པར་བྱ་བའི་ཕྱིར་འོག་མིན་གྱི་ལྷའི་རྒྱལ་པོའི་གནས་ན་ཞེས་བྱ་བ་སྨོས་ཏེ། ལྷ་རྣམས་ཀྱི་རྒྱལ་པོ་ཡིན་པས་ན་ལྷའི་རྒྱལ་པོའོ། །འོག་མིན་ཡང་ཡིན་ལ་ལྷའི་རྒྱལ་པོ་ཡང་ཡིན་པས་ན་འོག་མིན་གྱི་
ལྷའི་རྒྱལ་པོ་སྟེ། ས་འོག་མིན་པའི་ལྷ་རྣམས་ཀྱི་ཐུ་བོར་གྱུར་པས་ན་འོག་མིན་ཏེ་ཐམས་ཅད་ཀྱི་ཐུ་བོར་གྱུར་པའི་ལྷའི་རྒྱལ་པོ་ཞེས་བྱ་བའི་དོན་ཏོ། །དེའི་གནས་ནི་གཞལ་ཡས་ཁང་སྟེ། ཁྱད་པར་དེ་ལྟ་བུའི་ལྷའི་རྒྱལ་པོའི་གནས་དེ་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྣམ་པ་དེ་ལྟ་བུས་
เล่ม ๕๕ · หน้า 6b
བཞུགས་ཏེ་གནས་པར་མཛད་པའོ། །ཚིག་དེ་རྣམས་ཀྱིས་ནི་གནས་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དང་གནས་དེ་ལྟ་བུ་ན། འཁོར་ཇི་ལྟ་བུ་དང་བཞུགས་ཞེས་འདི་ལྟར་ཕྱོགས་སྔ་མ་རྟོག་པ་ལ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་ལ་ཞེས་བྱ་བ་
སྨོས་ཏེ། འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་དེའི་འཁོར་གྱི་དཀྱིལ་འཁོར་ནི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་མངའོ། །འཁོར་གྱི་དཀྱིལ་འཁོར་དེ་རྣམས་དེ་ལྟར་རྒྱ་ཆེ་བ་དེ་ནི་ཅི་བྱང་ཆུབ་སེམས་དཔའ་གཙོ་བོར་གྱུར་པ་འགའ་ཞིག་ཡོད་དམ། འོན་ཏེ་མ་ཡིན་ཞེ་ན། རྟོག་པ་དེ་
བསལ་བའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་སྟེ། བྱང་ཆུབ་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཅན་ཡིན་ལ་དེར་
སེམས་དཔའ་ནི་ཡིད་ལ་བྱེད་པ་སྟེ། དེ་ཐོབ་པར་འདུན་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་བྱང་ཆུབ་དང་སེམས་ཅན་ལ་དམིགས་པས་ན་བྱང་ཆུབ་སེམས་དཔའོ། །འདི་སྐད་སྟོན་པ་ཡིན་ཏེ། བྱང་ཆུབ་མངོན་པར་རྟོགས་ནས་སེམས་ཅན་རྣམས་འཁོར་བའི་བཙོན་ར་ལས་གདོན་པར་བྱའོ་ཞེས་
གང་ལ་དེ་ལྟ་བུའི་སེམས་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའོ། །ཡང་ན། །བདུད་རྩི་ཐོབ་ཕྱིར་ལམ་ནི་འདི་མ་ཡིན། །ལྟ་ངན་སྤོངས་ལ་ལམ་ལ་མནོས་ཤིག་ཅེས། །ལྟ་ངན་སེམས་ཅན་མཐོང་ནས་གོ་འབྱེད་དེ། །རྒྱུ་དེས་བྱང་ཆུབ་སེམས་དཔའ་ཞེས་བཤད་དོ། །ཞེས་ཚིགས་སུ་བཅད་
པས་བཤད་པའོ། །ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེ་སྟེ། རྡོ་རྗེ་ནི་འདུས་བྱས་ཀྱི་གྲོང་ཁྱེར་ཐམས་ཅད་གཞིག་པར་ནུས་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཡང་འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། འཕགས་པ་ནོར་བཟངས་ཀྱིས་འཕགས་པ་འཇམ་དཔལ་ལ་གང་གསོལ་
བ་བཏབ་པ་ལྟ་བུ། བསྐལ་པ་དུ་མར་མང་དུ་བསླབས་པ་ཡི། །རྒྱུད་དང་རིག་པའི་ཚུལ་དང་ས་ལ་མཁས། །གང་གིས་འདུ་བྱེད་གྲོང་ཁྱེར་རྣམ་འཇིག་པའི། །རྡོ་རྗེ་ཡེ་ཤེས་ཅན་དེ་འཕགས་བདག་གསོལ། །ཞེས་ཚིགས་སུ་བཅད་པ་གསུངས་པ་ལྟ་བུའོ། །ཀུན་དུ་སྤྱན་
เล่ม ๕๕ · หน้า 7a
རས་གཟིགས་ཀྱི་དབང་ཕྱུག་དང་ཞེས་བྱ་བ་ལ་ཀུན་དུ་སྤྱན་རས་གཟིགས་པ་ནི་རྟོག་པར་མཛད་པ་སྟེ། སེམས་ཅན་རྣམས་སྨིན་པ་དང་གྲོལ་བ་དང་། འདོད་ཆགས་ཀྱི་དེ་ཁོ་ན་ཉིད་ལ་གཟིགས་པ་དང་། ཆགས་སུ་ཟིན་ཀྱང་ཐུགས་རྗེ་ཆེན་པོ་ཉིད་ཀྱི་ཉེས་པས་མ་གོས་པ་
དང་། འཇིགས་པ་ཆེན་པོ་བརྒྱད་ཀྱིས་ཉེན་པའི་སྡུག་བསྔལ་དང་ལྡན་པའི་སེམས་ཅན་གྱི་ཁམས་ལ་གཟིགས་པ་སྟེ་འདི་དག་གཟིགས་པའོ། །ཏིང་ངེ་འཛིན་འདི་ལ་དབང་ཕྱུག་སྟེ། གཙོ་བོ་དེ་དང་བདག་པོར་གྱུར་པས་ན་སྤྱན་རས་གཟིགས་དབང་ཕྱུག་སྟེ་དེ་དང་། ནམ་མཁའི་སྙིང་པོ་དང་ཞེས་
བྱ་བ་ནི་ནམ་མཁའ་ཉིད་ཀྱི་སྙིང་པོ་ཡོད་པ་སྟེ། སྙིང་པོ་ནི་སྐྱེ་བའི་གནས་སོ། །འདི་སྐད་སྟོན་ཏེ། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དང་། མངལ་གྱི་གནས་ལས་རྒྱབ་ཏུ་ཕྱོགས་པར་སྨོན་ལམ་གྱི་དབང་གིས་ནམ་མཁའི་ཕྱོགས་ན་ཀུན་དུ་སྤྱོད་པའི་རྡུལ་ཕྲ་རབ་ལ་བརྟེན་ནས་རྫུས་ཏེ་
སྐྱེས་པའི་ལུས་མངོན་པར་སྒྲུབ་པས་ན་ནམ་མཁའི་སྙིང་པོའོ། །གང་ཡང་ནམ་མཁའ་ལས་བྱུང་བའི་ནོར་བུ་རིན་པོ་ཆེ་ལས། རྣལ་འབྱོར་གྱི་སྟོབས་ཀྱིས་སྐྱེས་པ་དེའི་མཚན་ཉིད་ནི་འོག་ནས་བཤད་པར་བྱའོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི། སྐུ་གསུང་ཐུགས་ནི་རྡོ་རྗེ་རྣམས། །བསྡུས་པས་ཁུ་
ཚུར་ཞེས་བཤད་དོ། །ཞེས་བྱ་བའི་ཏིང་ངེ་འཛིན་བསྒོམས་པའི་སྟོབས་ཀྱིས་གང་རབ་ཏུ་གྲགས་པ་དེ་ནི་རྡོ་རྗེ་ཁུ་ཚུར་ཞེས་བྱའོ། །སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ནི་སེམས་བསྐྱེད་པའི་རྗེས་ཐོགས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་དང་།
ལེགས་པར་བསྒོམས་པས་ཇི་ལྟར་མངོན་པར་འདོད་པའི་དཀྱིལ་འཁོར་སྟོན་པར་མཛད་དེ་སྤྱོད་པའི་ཐུགས་གང་ལ་མངའ་བ་དེ་ནི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒྲར་བཤད་དོ། །ནམ་མཁའི་མཛོད་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བ་
དང་། སངས་རྒྱས་ཀྱི་མཆོད་པ་རྣམས་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་རྫོགས་པར་མཛད་པས་ན་གང་གིས་དེ་ལྟ་བུའི་ཏིང་ངེ་འཛིན་བསྒོམ་པར་བྱས་པ་དེ་ནི་ནམ་མཁའ་མཛོད་དོ། །ནམ་མཁའ་ཉིད་མཛོད་ཡིན་པས་ན་ནམ་མཁའ་མཛོད་དེ། ནམ་མཁའ་ནི་གོ་འབྱེད་པའོ། །མཛོད་ནི་རྫས་ཀྱི་
เล่ม ๕๕ · หน้า 7b
གནས་སོ། །བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱ་བ་ནི། བདུད་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་བདུད་ཐམས་ཅད་དོ། །དེ་རྣམས་ཀྱི་སྟོབས་ནི་བདུད་ཐམས་ཅད་ཀྱི་སྟོབས་སོ། །དེ་ཤིན་ཏུ་འཇོམས་ཤིང་ཚར་གཅོད་པའི་ངང་ཚུལ་མངའ་བས་ན་བདུད་ཐམས་ཅད་ཀྱི་སྟོབས་
རབ་ཏུ་འཇོམས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། རང་གི་རྣམ་པར་རྟོག་པ་ཉིད་དེ་ལྟར་སྣང་བ་ཡིན་ནོ་སྙམ་དུ་ཤེས་ནས་སྟོང་པ་ཉིད་སོ་སོར་རྟོགས་པས་རྣམ་པར་རྟོག་པ་ཐམས་ཅད་ངེས་པར་བཟློག་པར་ནུས་པའི་ཐབས་དང་ཡང་དག་པར་ལྡན་པའི་རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་དེ་ལྟ་བུ་གང་གིས་ཤིན་ཏུ་ཡོངས་
སུ་བསྒོམས་པ་དེ་ནི་བདུད་ཐམས་ཅད་ཀྱི་སྟོབས་རབ་ཏུ་འཇོམས་པའོ། །དེ་དག་ལ་སོགས་པ་ཞེས་བྱ་བ་ནི་དེ་དག་ཉིད་ལ་སོགས་པ་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་རྣམས་ནི་དེ་དག་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་རྣམས་ཀྱིས་སོ། །ཅི་བྱང་ཆུབ་སེམས་
དཔའ་འབའ་ཞིག་གིས་ཡོངས་སུ་བསྐོར་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ན་བཞུགས་སམ་འོན་ཏེ་གཞན་དག་གིས་ཀྱང་ཡོངས་སུ་བསྐོར་ཞེས་རྟོག་པ་ལ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་དང་ཞེས་བྱ་བ་སྨོས་ཏེ། གངྒཱ་དང་ཀླུང་ནི་གངྒཱའི་ཀླུང་སྟེ། དེ་རྣམས་ཀྱི་
བྱེ་མ་ནི་གངྒཱའི་ཀླུང་གི་བྱེ་མ་སྟེ། དེ་སྙེད་ཀྱི་ཞེས་པ་གྲངས་དེ་སྙེད་ཀྱི་དེ་བཞིན་གཤེགས་པས་ཡོངས་སུ་བསྐོར་བ་སྟེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་གྱི་གནས་སུ། དེར་གང་འདས་པའི་དེ་བཞིན་གཤེགས་པ་ཇི་སྙེད་པའང་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་དག་ཐམས་ཅད་ངོ་བོ་
ཉིད་མཚུངས་པ་ཉིད་དང་། དོན་གྱི་བྱ་བ་གཅིག་མཛད་པས་དེར་གནས་ཡོངས་སུ་གྱུར་པའི་མཚན་ཉིད་ཀྱི་སྐུས་འཁོར་བ་ཇི་སྲིད་པར་བཞུགས་སོ། །ཇི་སྐད་དུ། སྐྲ་ཙམ་ཁྱོན་ལ་སངས་རྒྱས་མང་པོ་ནི། །གངྒཱའི་ཀླུང་གི་བྱེ་མ་ཇི་སྙེད་པ། །རྒྱལ་བ་དེ་རྣམས་ཞིང་ཡང་དེ་སྙེད་ཀྱི། །དེ་ཡང་མཚན་
ཉིད་སྐལ་པ་མི་མཉམ་བཅས། །སྐྲ་ཙམ་ཁྱོན་འདིར་འགྲོ་བ་ལྔར་གཏོགས་པ། །དམྱལ་བ་རྣམས་དང་དུད་འགྲོའི་འགྲོ་བ་དང་། །གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་ཀྱང་། །དོགས་པ་དག་དང་ཉེ་བ་འཛེར་བའང་མེད། །དེ་ལྟར་རྒྱལ་བའི་ཆོས་ནི་བསམ་མི་ཁྱབ། །ཅེས་གསུངས་པའི་
เล่ม ๕๕ · หน้า 8a
ཕྱིར་རོ། །གངྒཱའི་ཀླུང་སྨོས་པ་ནི་ཉེ་བར་མཚོན་པའི་དོན་ཙམ་དུ་ཟད་དེ། དེ་ན་དེ་བཞིན་གཤེགས་པ་གྲངས་མེད་པས་བསྐོར་བར་སྣང་ངོ་། །འོག་མིན་གྱི་གནས་དེ་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ཡོངས་སུ་གང་བ་ཇི་ལྟ་བུར་སྣང་ཞེས་ཕྱོགས་སྔ་མ་རྟོག་པ་ལ་དཔེ་
བསྟན་པའི་ཕྱིར་དེ་ཡང་འདི་ལྟར་འཛམ་བུའི་གླིང་ན་ཏིལ་གྱི་གང་བུ་བཞིན་དུ་ཀུན་དུ་གང་བར་སྣང་ངོ་ཞེས་བྱ་བ་སྨོས་སོ། །ཅི་དེ་བཞིན་གཤེགས་པ་དེ་རྣམས་འབའ་ཞིག་གིས་ཡོངས་སུ་གང་བར་ཀུན་དུ་སྣང་ངམ། འོན་ཏེ་མ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་
གཤེགས་པ་དེ་རྣམས་ཀྱི་སྐུ་རེ་རེ་ལས་ཀྱང་སངས་རྒྱས་ཀྱི་ཞིང་ཚད་མེད་ཅིང་གྲངས་མེད་པ་དག་རྣལ་འབྱོར་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་བར་གྱུར་པའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་གང་དང་གང་གིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སངས་
རྒྱས་ཀྱི་ཞིང་གང་ཡོངས་སུ་སྦྱངས་པ་དེ་དང་དེ་བཞིན་གཤེགས་པ་དེའི་སྐུ་ལ་སངས་རྒྱས་ཀྱི་ཞིང་དེ་སོ་སོར་སྣང་ངོ་། །གསང་སྔགས་ཀྱི་སྤྱོད་པའི་ཚུལ་འདི་ཉིད་ཀྱང་སངས་རྒྱས་ཀྱི་ཞིང་དེ་དང་དེར་འདི་དག་ཐམས་ཅད་འཆད་དོ། །དེ་དག་གིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་སྔགས་ཀྱི་
སྤྱོད་པའི་ཚུལ་འདི་རྗེས་སུ་གནང་བ་ཉིད་དུ་སྟོན་པ་ཡིན་ནོ། །དེ་ལྟར་རེ་ཞིག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་འོག་མིན་གྱི་ལྷའི་རྒྱལ་པོའི་གནས་ན་ཇི་སྐད་བཤད་པའི་འཁོར་གྱི་ཁྱད་པར་དང་ལྡན་པར་བཞུགས་པ་ཡིན་ནོ་ཞེས་ཤེས་སོ།། །།དེ་ནས་བཅོམ་ལྡན་འདས་རྣམ་
པར་སྣང་མཛད་ཆེན་པོ་གང་ན་བཞུགས་ཞེས་རྣམ་པར་རྟོག་པ་ལ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ་ཞེས་བྱ་བའི་བར་གྱི་གཞུང་ལྷག་མ་རྣམས་ཀྱིས་སྟོན་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའོ། །བཅོམ་ལྡན་འདས་
ཞེས་བྱ་བ་ནི་བཤད་ཟིན་ཏོ། །རྣམ་པར་སྣང་མཛད་དང་རྣམ་པར་སྣང་མཛད་ཆེན་པོ་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་པ་མི་ཤེས་པས་དེ་བརྗོད་པར་བྱ་སྟེ། རྣམ་པར་སྣང་མཛད་ནི་གཟུགས་ཀྱི་སྐུ་སྟེ། རྒྱུ་མཐུན་པ་གནས་ཡོངས་སུ་གྱུར་པའི་མཚན་ཉིད་ཅན་དུ་འོག་མིན་ལྷའི་རྒྱལ་པོའི་གནས་ན་དེ་ལྷའི་རིགས་
เล่ม ๕๕ · หน้า 8b
ཀྱི་ནང་དུ་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་ཉམས་སུ་མྱང་བར་བྱ་བའི་ཕྱིར་མངོན་པར་བྱང་ཆུབ་པའི་ཏིང་ངེ་འཛིན་གྱིས་རིམ་གྱིས་རྣམ་པར་སྨིན་པའི་སྐུ་བརྗེས་ནས་རྒྱུ་མཐུན་པའི་ཡེ་ཤེས་ཡོངས་སུ་དག་པ་སོ་སོར་སྣང་བའི་མཚན་ཉིད་ཅན་གནས་དེ་ཉིད་ན་ཡོངས་སུ་བསྐོར་
བར་སྟོན་པ་གང་ཡིན་པ་དེ་ལ་ནི་རྣམ་པར་སྣང་མཛད་ཅེས་བྱ་བའི་སྒྲར་བཤད་དེ། ཇི་སྐད་དུ། གཙང་མ་གནས་ནི་རྣམ་སྤངས་ཤིང་། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་དག་ནི་འདིར་སངས་རྒྱས། །ཞེས་ཚིགས་སུ་བཅད་པ་གསུངས་པའི་
ཕྱིར་རོ། །རྣམ་པར་སྣང་མཛད་ཆེན་པོ་ནི་ཡེ་ཤེས་ཀྱི་རང་བཞིན་ཅན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་ཤིན་ཏུ་རྣམ་པར་གྲོལ་བ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་སོ་སོར་སྣང་བ་ཡང་དག་པར་སྟོན་པར་སྤྱོད་པའོ། །བཅོམ་ལྡན་འདས་འདི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་ལས་ཇི་ལྟར་ན་དངོས་པོ་ཐམས་
ཅད་སྟོན་པར་སྤྱོད་པར་འགྱུར་ཞེ་ན། གང་གི་ཕྱིར་ནམ་མཁའི་དབྱིངས་ཐམས་ཅད་བཞིན་དུ་རྟག་པར་བཞུགས་ཤིང་། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལྟ་བུར་གྱུར་པ་ཞེས་བྱ་བ་སྨོས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་ཅེས་བྱ་བ་ནི་ནམ་མཁའི་གཏོས་མ་ལུས་པའོ། །དེར་རྟག་པར་བཞུགས་པའི་
སྐུ་དང་གསུང་དང་ཐུགས་རྡོ་རྗེ་གང་ཡིན་པ་སྟེ། སྟོང་པ་ཉིད་སོ་སོར་ཐུགས་སུ་ཆུད་པའོ། །དེ་ཡང་གང་གི་ཕྱིར་ས་དང་པོ་ལ་ཀུན་དུ་འགྲོ་བའི་སྟོང་པ་ཉིད་སོ་སོར་རྟོགས་ཏེ། དེས་ན་དེར་གཟུགས་བརྙན་གྱི་ཚུལ་གྱིས་བཞུགས་པས་སོ། །དེ་བཞིན་དུ་རྣལ་འབྱོར་པ་འདི་ཡང་དེ་བཞིན་གཤེགས་པ་
ཐམས་ཅད་ཉིད་དེ་རྒྱུ་དེ་ཉིད་ཀྱིས་ན་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དེ་ཁོ་ན་ཉིད་ཀྱང་ཚད་མེད་པ་ཉིད་ཡིན་ནོ། །འདིས་ཀྱང་རྟག་ཏུ་བཞུགས་པ་ཉིད་དུ་སྟོན་པ་ཡིན་ནོ།། །།ད་ནི་འདི་དེ་བཞིན་གཤེགས་པ་འབའ་ཞིག་གི་ངོ་བོ་ཉིད་ཡིན་པར་མ་ཟད་ཀྱི་གཞན་དུ་ན་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཀྱང་ཡིན་ནོ་
ཞེས་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་འཇུག་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་ཡང་དེ་བཞིན་གཤེགས་པ་
เล่ม ๕๕ · หน้า 9a
ཐམས་ཅད་ལ་ཀུན་ནས་སྣང་བའི་ཚུལ་གྱིས་འཇུག་ཅིང་སོང་བས་ན། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་འཇུག་པ་སྟེ་དེའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་འཇུག་པ་ཡིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་
མཉམ་པ་ཉིད་དུ་འཇུག་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཡང་དག་པར་ཐུགས་སུ་ཆུད་པས་རྡོ་རྗེ་དབྱིངས་ཐམས་ཅད་ཐུགས་སུ་ཆུད་པའི་ཡེ་ཤེས་སེམས་དཔའ་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་སྤྲུལ་པར་སྤྱོད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་
བའི་དོན་ཏོ། །འདིས་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་མཆོག་ཏུ་དམ་ཚིག་མཁྱེན་པ་ཉིད་དུ་བསྟན་ཏོ། །རྡོ་རྗེ་དབྱིངས་ཞེས་སྨོས་པ་ནི་ཉེ་བར་མཚོན་པའི་དོན་ཙམ་དུ་ཟད་ཀྱི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འདི་ནི་ཤེས་བྱའི་དཀྱིལ་འཁོར་མ་ལུས་པར་སྟོན་པར་སྤྱོད་པ་ཡིན་ཏེ། འདི་
ཡང་འོག་ནས་བཤད་པའི་གཞུང་གིས་སྟོན་པར་འགྱུར་རོ། །ད་ནི་འདི་ནི་རྡོ་རྗེ་རིན་ཆེན་གྱི་ངོ་བོ་ཉིད་ཀྱང་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་ནམ་མཁའི་དབྱིངས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའི་དབྱིངས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ནམ་མཁའི་དབྱིངས་ཐམས་ཅད་
དོ། །ནམ་མཁའི་དབྱིངས་ཐམས་ཅད་དེ་ན་རྡུལ་ཕྲ་མོ་ཇི་སྙེད་ཡོད་པ་དེ་རྣམས་ཀྱི་རྡོ་རྗེའི་བྱིན་གྱི་རླབས་ནི་ནམ་མཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོའི་རྡོ་རྗེའི་བྱིན་རླབས་ཏེ། རེ་རེ་ཞིང་རྡོ་རྗེའི་གཟུགས་སུ་ཡོངས་སུ་བསྒྱུར་བ་ནི་བྱིན་གྱིས་བརླབས་པའོ། །དེ་ལས་བྱུང་བའི་ཡེ་ཤེས་གང་ཡིན་པའི་
ཡེ་ཤེས་དེ་ནི་ནམ་མཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོའི་རྡོ་རྗེའི་བྱིན་གྱི་རླབས་ལས་བྱུང་བའི་ཡེ་ཤེས་སོ། །དེ་ཉིད་ནི་སྙིང་པོ་སྟེ་སྐྱེད་པའི་གནས་གང་ཡིན་པ་དེ་ལ་ནམ་མཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོའི་རྡོ་རྗེའི་བྱིན་གྱི་རླབས་ལས་བྱུང་བའི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱའོ། །
འདིས་ནི་བཅོམ་ལྡན་འདས་དེའི་འབྱུང་བའི་གནས་བསྟན་པ་ཡིན་ནོ། །ནམ་མཁའི་དབྱིངས་ལ་གནས་པའི་རྡུལ་ཕྲ་རབ་དེ་རྣམས་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་བྱིན་གྱི་རླབས་ཀྱིས་རྡོ་རྗེ་གཅིག་ཏུ་གྱུར་ལ། དེ་ལས་དེ་བཞིན་གཤེགས་པའི་སྐུ་མཐའ་ཡས་པའོ། །དེ་རྣམས་
เล่ม ๕๕ · หน้า 9b
ཀྱང་རྡོ་རྗེ་རིན་པོ་ཆེ་འབྱུང་ངོ་། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་མཐའ་ཡས་པ་ཉིད་ཀྱིས་ཞེས་བྱ་བ་སྨོས་སོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་ལས་བྱུང་བས་ན་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བ་སྟེ་འདིས་ཀྱང་འདིའི་ངོ་བོ་ཉིད་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་
འབྱུང་ཞེས་ཕྱོགས་སྔ་མ་རྟོག་པ་ལ། རྡོ་རྗེ་ཆེན་པོའི་ཡེ་ཤེས་དབང་བསྐུར་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་ཆེན་པོ་སྟེ། དངོས་པོ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་ཡེ་ཤེས་ཀྱང་ཡིན་པས་ན་རྡོ་རྗེ་ཆེན་པོའི་ཡེ་ཤེས་ཏེ།
གང་བཏགས་པ་ཙམ་དུ་རྟོགས་པའི་མཚན་ཉིད་ཅན་སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ནི་རྡོ་རྗེ་ཆེན་པོའི་ཡེ་ཤེས་ཏེ། དེ་ཡོད་པ་དང་རྡོ་རྗེ་ཆེན་པོའི་ཡེ་ཤེས་ཀྱིས་དབང་བསྐུར་བས་ན་རྡོ་རྗེ་ཆེན་པོའི་ཡེ་ཤེས་དབང་བསྐུར་བ་ཡིན་ལ་དེའི་ཕྱིར་རིན་པོ་ཆེ་ཡིན་པས་ན་རྡོ་རྗེ་ཆེན་པོའི་ཡེ་ཤེས་དབང་བསྐུར་བའི་རིན་པོ་ཆེ་
སྟེ། རྡོ་རྗེ་ཆེན་པོའི་ཡེ་ཤེས་དབང་བསྐུར་བའི་རིན་པོ་ཆེ་ཞེས་བྱ་བའི་སྒྲ་ནི། བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་ཉིད་ལ་བྱ་བར་བཤད་དོ། །དེས་ན་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱི་ཕྱག་རྒྱས་ཁམས་གསུམ་པར་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་སྩོལ་བར་
མཛད་པ་ཡིན་ཏེ། འདིས་ཀྱང་དེའི་ཕྲིན་ལས་བསྟན་པ་ཡིན་ནོ། །ད་ནི་བཅོམ་ལྡན་འདས་འདི་ཇི་ལྟར་རྡོ་རྗེ་རིན་ཆེན་གྱི་ངོ་བོ་ཉིད་ཡིན་པ་དེ་བཞིན་དུ་རྡོ་རྗེ་ཆོས་ཀྱི་ངོ་བོ་ཉིད་ཀྱང་ཡིན་ནོ་ཞེས་གཞུང་ལྷག་མ་རྣམས་ཀྱིས་བསྟན་པ་ཡིན་ཏེ། ནམ་མཁའི་དབྱིངས་ཐམས་ཅད་དུ་རྒྱས་པ་ནི་ཁྱབ་པ་སྟེ། གང་
གིས་ཤེ་ན། དེ་བཞིན་ཉིད་ཀྱིས་སོ། །དེ་བས་ན་ནམ་མཁའི་དབྱིངས་ཐམས་ཅད་དུ་རྒྱས་པའི་དེ་བཞིན་ཉིད་དེ་གཟུང་བ་དང་འཛིན་པ་དང་བྲལ་བའི་སྟོང་པ་ཉིད་ཀྱིས་སོ། །དེའི་ཡེ་ཤེས་ཡིན་པས་ན་ནམ་མཁའི་དབྱིངས་ཐམས་ཅད་དུ་རྒྱས་པའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ནི་མངོན་པར་
རྫོགས་པར་སངས་རྒྱས་པ་སྟེ། ཐུགས་སུ་ཆུད་པར་བྱ་བ་ཡིན་ལ་དེའི་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་པ་སྟེ། དེ་བས་ན་འདིས་ནི་བཅོམ་ལྡན་འདས་རྡོ་རྗེ་ཆོས་དེའི་རྒྱུའི་ངོ་བོ་ཉིད་དུ་བསྟན་པ་ཡིན་ནོ། །ད་ནི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་
เล่ม ๕๕ · หน้า 10a
སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་ཉིད་ཡིན་ལ། དེའི་རྣམ་པར་དག་པ་ནི་གཟུང་བ་དང་འཛིན་པའི་དྲི་མས་མ་གོས་པ་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་ཕྱིར་
ཏེ། དེའི་རྒྱུར་གྱུར་པས་ན་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ། །འདི་སྐད་སྟོན་པ་ཡིན་ཏེ། གང་བཅོམ་ལྡན་འདས་དེའི་ཕྱི་དང་ནང་གི་ཆོས་ཐམས་ཅད་ཀུན་ཀྱང་ཤིན་ཏུ་ཡོངས་སུ་དག་པ་ཡིན་ནོ། །དེ་ལྟར་དེའི་ངོ་བོ་ཉིད་བསྟན་ནས་དེའི་ཕྲིན་ལས་བསྟན་པར་བྱ་བའི་ཕྱིར་ནམ་མཁའི་ཁམས་ཐམས་ཅད་
ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་དུ་ཁྱབ་པའི་ངང་ཚུལ་འདི་ལ་མངའ་བས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའོ། །ནམ་མཁའི་ཁམས་ཐམས་ཅད་ཁྱབ་པ་ཡང་ཡིན་ཞིང་གཟུགས་ཐམས་ཅད་སྟོན་པ་པོ་ཡང་ཡིན་པ་དེ་མཁྱེན་པས་ནམ་མཁའི་ཁམས་ཐམས་ཅད་དུ་
ཁྱབ་པའི་གཟུགས་ཐམས་ཅད་དུ་ཡང་དག་པར་བསྟན་པ་མཁྱེན་པ་སྟེ། དེའི་ཡེ་ཤེས་དེས་འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་རྣམས་འདུལ་བ་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་ལུང་དང་རིགས་པ་ལ་རབ་ཏུ་འཇོག་པར་མཛད་པའོ། །དེ་ཉིད་ནི་སྤྱོད་པ་ཡིན་པས་ན་
འདུལ་བའི་སྤྱོད་པའོ། །དེའི་མཆོག་ནི་གཙོ་བོ་སྟེ་ཟླ་མེད་པ་ཞེས་བྱ་བའི་དོན་ཏོ།། །།འདི་ནི་རྡོ་རྗེ་ཆོས་ཀྱི་ངོ་བོ་ཉིད་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་དུ་ན་རྡོ་རྗེ་ལས་ཀྱི་ངོ་བོ་ཉིད་ཀྱང་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་བཀའ་ཞེས་བྱ་བ་ལུང་དོན་ཡོད་པ་སྟེ། འབྲས་བུ་ཡོད་པ་དེ་བྱེད་པའི་ངང་ཚུལ་མངའ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་དོན་ཡོད་པར་མཛད་པ་ཡིན་ལ། དེའི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་དོན་ཡོད་པར་མཛད་པ་སྟེ། འདིས་ནི་ངོ་བོ་
ཉིད་སྟོན་ཏོ། །ད་ནི་ཐམས་ཅད་དང་མཉམ་པ་མེད་ཅེས་བྱ་བ་ལ་སོགས་པས་ཕྲིན་ལས་སྟོན་ཏེ། ཐམས་ཅད་ནི་འགྲོ་བ་རྣམས་དང་མཚུངས་པ་མེད་པས་མཉམ་པ་མེད་པའི་དེ་ཉིད་ཀྱིས་ན་འདིའི་གོང་ན་ཡོད་པ་མ་ཡིན་པས་བླ་ན་མེད་པའོ། །ཐམས་ཅད་དེ་འཇིག་རྟེན་མ་ལུས་པའི་ལས་ཕྲན་ཚེགས་
เล่ม ๕๕ · หน้า 10b
ལ་སོགས་པའི་ཕྲིན་ལས་མཛད་པས་ན་ཐམས་ཅད་མཉམ་པ་མེད་ཅིང་བླ་ན་མེད་པའི་ཕྲིན་ལས་མཛད་པའོ། །དེ་ལྟར་རྟོག་པའི་ཁྱད་པར་གྱིས་འཁོར་ལོས་སྒྱུར་བ་བསྟན་པར་མཛད་ནས། ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་འཇུག་པས་ན་རྡོ་རྗེ་དབྱིངས་ཐམས་ཅད་ཐུགས་
སུ་ཆུད་པའི་ཡེ་ཤེས་སེམས་དཔའ་ཞེས་ཇི་སྐད་དུ་བཤད་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་འཇུག་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོར་སེམས་བརྟན་པ་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཉན་ཐོས་དང་རང་སངས་
རྒྱས་ཀྱི་བྱང་ཆུབ་ལ་ལྟོས་ན་བྱང་ཆུབ་ཆེན་པོ་ཡིན་པས་ན་བྱང་ཆུབ་ཆེན་པོའོ། །དེ་ལ་སེམས་དཔའ་བརྟན་པ་ནི་བསམ་པ་བརྟན་པ་སྟེ། དེ་ནི་བྱང་ཆུབ་ཆེན་པོར་སེམས་དཔའ་བརྟན་པ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །འདི་ནི་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བའི་གནས་སུ་
གྱུར་པའི་སེམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་བྱང་ཆུབ་ཆེན་པོར་སེམས་དཔའ་བརྟན་པ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོར་སེམས་དཔའ་བརྟན་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་
གཤེགས་པ་ཐམས་ཅད་ཅེས་བཤད་དེ། བྱང་ཆུབ་ཀྱི་སེམས་ཡོངས་སུ་དག་པའོ། །དེ་ལྟར་རྡོ་རྗེ་སེམས་དཔའི་སྔགས་ཀྱི་དོན་བསྟན་ནས། རྡོ་རྗེ་རྒྱལ་པོའི་སྔགས་ཀྱི་དོན་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བའི་དམ་ཚིག་དང་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་
པ་ཐམས་ཅད་སྤྱན་དྲང་བའི་སྔགས་དང་ཕྱག་རྒྱ་དང་ལྡན་པས་སྤྱན་འདྲེན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བའི་དམ་ཚིག་སྟེ། དམ་ཚིག་ནི་བརྡའི་ཚུལ་ལོ། །འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བ་དང་། བྱིན་གྱིས་བརླབ་པར་བྱའི། གཞན་དག་གིས་ནི་མ་ཡིན་
ནོ། །འདིས་ནི་རྡོ་རྗེ་རྒྱལ་པོའི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ། །བསྡུས་ཤིང་བྱིན་གྱིས་བརླབས་པས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་ནི་དགྱེས་པར་བྱ་བ་སྟེ། དེའི་ཡེ་ཤེས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་ཡེ་ཤེས་
เล่ม ๕๕ · หน้า 11a
སོ། །དེའི་དབང་ཕྱུག་ནི་བདག་པོར་གྱུར་ཅིང་མཁས་པ་ཞེས་བྱ་བའི་དོན་ཏེ་དེ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་ཡེ་ཤེས་ཀྱི་དབང་ཕྱུག་ཅེས་བྱའོ། །འདིས་ནི་རྡོ་རྗེ་ཆགས་པའི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་
ཅད་སྤྱན་དྲངས་ཤིང་མཉེས་པར་བྱས་ནས་ཀྱང་བྱང་ཆུབ་ཀྱི་སེམས་དེ་ལེགས་སོ་ཞེས་བྱ་བའི་རྣམ་པས་ཡང་དག་པར་དགའ་བར་བྱ་བ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་དང་ཞེས་བྱ་སྟེ། འདིས་ནི་རྡོ་རྗེ་ལེགས་པའི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ། །རབ་ཏུ་
མཉེས་པར་ཡང་བསྟན་ཅིང་ལེགས་སོ་ཞེས་ཡང་དག་པར་དགའ་བར་བྱས་ནས་བྱང་ཆུབ་ཀྱི་སེམས་དེ་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་ཆེན་པོའི་ཡེ་ཤེས་ཀྱི་དབང་བསྐུར་བ་བླ་ན་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྩོལ་བར་མཛད་དོ་ཞེས་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་
པོ་ཆེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་སྒྲ་ནི་དེ་བཞིན་གཤེགས་པའི་ཐམས་ཅད་ཉིད་འབའ་ཞིག་གཟུང་གི་བྱང་ཆུབ་སེམས་དཔའ་རྣམས་ནི་མ་ཡིན་ཏེ། དེ་བས་ན་ཆེན་པོ་ཞེས་བྱ་བའི་སྒྲ་སྨོས་པ་ཡིན་ནོ། །དབང་ཆེན་པོ་བསྐུར་བ་ཞེས་
བྱ་བ་ནི་མངོན་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་ཆེན་པོ་བཞིས་གང་དབང་ཆེན་པོ་བསྐུར་བ་སྩལ་བ་དེ་ནི་དབང་ཆེན་པོ་བསྐུར་བའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཞིན་གཤེགས་པ་ལྔའི་ཅོད་པན་གྱི་དབང་བསྐུར་བ་ཡང་འདི་ཉིད་ཀྱི་ཁོངས་སུ་འདུས་པ་ཡིན་ཏེ། རྒྱལ་པོ་
འོང་ངོ་ཞེས་བྱ་བ་དང་འདྲ་བར་གཙོ་བོ་སྨོས་པ་ཡིན་ཏེ། འདིས་ནི་རྡོ་རྗེ་རིན་ཆེན་གྱི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ། །རྒྱལ་པོའི་བུ་དབང་བསྐུར་བ་ཐོབ་པ་དང་འདྲ་བར་གཟི་བྱིན་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉི་མའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་
ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་སྒྲ་ནི་དེ་བཞིན་གཤེགས་པ་འབའ་ཞིག་གཟུང་སྟེ། དེ་རྣམས་ཀྱི་ཉི་མའི་ངོ་བོ་ཉིད་ནི་ཉི་མའི་དཀྱིལ་འཁོར་ལྟ་བུར་རང་གི་ཡེ་ཤེས་ཉིད་ཀྱིས་དངོས་པོའི་དོན་ཐམས་ཅད་གསལ་བར་མཛད་པའི་འོད་ཀྱི་དཀྱིལ་འཁོར་དང་འདྲ་བས་ན་དེ་བཞིན་
เล่ม ๕๕ · หน้า 11b
གཤེགས་པ་ཐམས་ཅད་ཀྱི་ཉི་མའི་འོད་ཀྱི་དཀྱིལ་འཁོར་ཏེ། འདི་ཉིད་ཀྱིས་ནི་རྡོ་རྗེ་གཟི་བརྗིད་ཀྱི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ། །དབང་བསྐུར་བ་དང་གཟི་བྱིན་ཐོབ་པ་ནི་ངེས་པར་ན་རྒྱལ་པོའི་མཚན་མས་གནས་པར་བྱ་དགོས་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིད་བཞིན་
གྱི་ནོར་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟི་བྱིན་ཐོབ་པ་རྣམས་ནི་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོའི་མཚན་མ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བསྒྲེང་བར་བྱ་བ་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། བསམ་པའི་རྒྱལ་པོ་ཡིན་པས་ན་ཡིད་བཞིན་གྱི་རྒྱལ་པོ་སྟེ་བསམས་པ་ཙམ་གྱིས་སེམས་
ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པས་ན་དེ་སྐད་ཅེས་བྱའོ། །ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ཡང་ཡིན་ལ་རིན་པོ་ཆེ་ཡང་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། དེས་ཉེ་བར་མཚོན་པའི་དཔལ་གྱི་མཚན་མ་ནི་ཡིད་བཞིན་ནོར་བུའི་རྒྱལ་པོའི་རིན་པོ་ཆེའི་དཔལ་ཞེས་བྱ་སྟེ།
འདིས་ནི་རིན་ཆེན་དཔལ་གྱི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ། །རྒྱལ་པོའི་མཚན་མ་བསྒྲེང་ན་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་ཆོས་རྣམས་ལ་མངའ་བརྙེས་ཤིང་རབ་ཏུ་དགའ་བའི་ཁྱད་པར་ཤིན་ཏུ་ཡང་སྐྱེ་སྟེ། དེ་བས་ན་ཉིད་ཀྱི་ཆོས་ཀྱི་ཡུལ་ལ་དགྱེས་པར་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་བཞད་མོ་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་རྡོ་རྗེ་བཞད་པའི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ། །དགའ་བ་རྒྱས་ཤིང་མཉམ་པར་བཞག་པའི་དབང་གིས་ཆོས་ཐམས་ཅད་ལ་ལྟ་བ་ཤིན་ཏུ་རྣམ་པར་དག་པར་གྱུར་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དག་པའི་
ཆོས་ཆེན་པོ་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་དག་པའི་ཆོས་ཀྱང་ཡིན་ཏེ། ཟབ་ཅིང་རྒྱ་ཆེ་བའི་ངོ་བོ་ཉིད་ཀྱི་ཆོས་ཆེན་པོ་ལ་མཉམ་པར་གཞག་པའི་དབང་གིས་དྲི་མ་མེད་པར་འགྱུར་བའི་ཕྱིར་དག་པའི་ཆོས་ཆེན་པོ་དང་ཞེས་བཤད་དེ། འདིས་ནི་རྡོ་རྗེ་ཆོས་ཀྱི་
སྔགས་ཀྱི་དོན་བསྟན་པ་ཡིན་ནོ། །མཉམ་པར་བཞག་པའི་སེམས་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཤེས་རབ་ཆེ་ཞིང་དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་ཆེན་པོ་ཐོགས་པ་མེད་པར་འཇུག་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཆེན་པོའི་ཡེ་ཤེས་དང་ཞེས་བྱ་བ་
เล่ม ๕๕ · หน้า 12a
སྨོས་སོ། །ཤེས་རབ་དང་ཡེ་ཤེས་ནི་ཤེས་རབ་ཡེ་ཤེས་ཏེ། འདིས་ནི་རྡོ་རྗེ་རྣོན་པོའི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ། །མཉམ་པར་གཞག་པའི་སེམས་ཀྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཐུགས་སུ་ཆུད་ནས་འདི་དག་ནི་རྣམ་པར་རྟོག་པ་ཙམ་
ལ་རག་ལས་སོ་སྙམ་སྟེ། ཤེས་རབ་ཀྱི་འཁོར་ལོ་སྤྲུལ་པ་འབྱིན་པར་མཛད་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་དང་ཞེས་བྱ་བ་སྨོས་སོ། །འདིས་ནི་རྡོ་རྗེ་རྒྱུའི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ། །དེ་ལྟར་འཁོར་ལོའི་སྤྲུལ་པ་བྱས་ནས། ཇི་ལྟར་སྤྲུལ་པ་མན་ངག་ཏུ་བྱ་བའི་
ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འཆད་པ་དང་ཞེས་བྱ་བ་སྨོས་ཏེ། དེ་ལྟར་བསྟན་པའི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ཕྱིར། བཀྲི་བའི་དོན་གྱི་ཚིག་ནི། དགོངས་པ་འཆད་པ་ཞེས་བྱ་བའི་སྒྲར་བཤད་དེ། འདིས་ནི་རྡོ་རྗེ་སྨྲ་བའི་སྔགས་ཀྱི་དོན་བསྟན་
པ་ཡིན་ནོ། །དེ་ལྟར་ཆོས་རྣམ་པར་དག་པའི་ལས་རྣམ་པར་དག་པར་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མི་ཟ་བར་ཐམས་ཅད་ཀྱི་དགོས་པ་མཛད་པ་དང་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མི་ཟ་ཞིང་དོན་ཡོད་
པ་ཐམས་ཅད་དེ་སྣ་ཚོགས་པའི་རྣམ་པའི་དགོས་པ་སྒྲུབ་པར་མཛད་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མི་ཟ་བར་ཐམས་ཅད་ཀྱི་དགོས་པ་མཛད་པ་ཞེས་བྱ་བ་སྟེ། འདིས་ནི་རྡོ་རྗེ་ལས་ཀྱི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ། །ལས་ལ་རབ་ཏུ་ཞུགས་པ་རྣམས་ལ་ལེ་ལོས་ཀྱང་བར་
དུ་གཅོད་པའི་གནོད་པ་བྱེད་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཆེན་པོའི་གོ་ཆ་ཤིན་ཏུ་བརྟན་པོ་དང་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་པ་ལ་
སྤྲོ་བའོ། །འདི་ཉིད་ནི་ཤིན་ཏུ་བརྟན་པའི་གོ་ཆ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཆེན་པོའི་གོ་ཆ་ཤིན་ཏུ་བརྟན་པོ་ཞེས་བྱ་སྟེ། འདིས་ནི་རྡོ་རྗེ་བསྲུང་བའི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་ཡོངས་སུ་ཞུགས་པའི་སེམས་ཅན་
เล่ม ๕๕ · หน้า 12b
རྣམས་ལ་རང་གི་རྒྱུད་ལས་ཐ་དད་པའི་ཁྱད་པར་འགའ་ཞིག་གིས་ཀྱང་བར་དུ་གཅོད་པར་བྱེད་ཅིང་མི་མཐུན་པའི་ཕྱོགས་སུ་གྱུར་པས་གནོད་པར་བྱེད་པ་དག་ཀྱང་ཡོད་པས་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྲུང་ཞིང་སྐྱོབ་པའི་གནོད་སྦྱིན་དང་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱིས་སྲུང་བ་ཡིན་པས་ན་སྲུང་བ་སྟེ། རྒྱུད་ཐ་དད་པ་ལས་བྱུང་བའི་ཉེ་བར་འཚེ་བ་བཟློག་ཅིང་སྲུང་བ་དང་། རང་གི་རྒྱུད་ལས་བྱུང་བའི་ཉེ་བར་འཚེ་བ་བཟློག་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒོ་ནས་ཀྱང་དེའི་སྔགས་དང་ཕྱག་རྒྱ་དང་ལྡན་པས་སེམས་ཅན་ཐམས་ཅད་སྲུང་ཞིང་
ཡོངས་སུ་སྐྱོང་བ་ནི་མི་ཕྱེད་པས་ན་རྡོ་རྗེ་གནོད་སྦྱིན་གྱི་དམ་ཚིག་གི་ངོ་བོ་ཉིད་ཀྱི་སེམས་དཔའ་སྟེ། བཅོམ་ལྡན་འདས་དེ་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྲུང་ཞིང་སྐྱོབ་པ་སྟེ་གནོད་སྦྱིན་ཞེས་བྱའོ་ཞེས་བྱ་བའི་དོན་ཏེ། འདིས་ནི་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་ནི་མི་ཕྱེད་པ་ཡིན་པའི་ཕྱིར་རྡོ་རྗེ་སྟེ། དེ་བཅིངས་པ་ནི་རྡོ་རྗེ་ཁུ་ཚུར་ཡིན་ལ་དེ་ཉིད་ནི་ཕྱག་རྒྱ་སྟེ། དེའི་ཡེ་ཤེས་སོ། །འདི་སྐད་སྟོན་ཏེ། ལས་ཀྱི་ཁྱད་པར་ཇི་སྐད་དུ་བཤད་པ་སོ་སོར་གྲུབ་པའི་ཕྱིར་སྐུ་གསུང་ཐུགས་གཅིག་ཏུ་བྱ་བ་ནི་
ཁུ་ཚུར་ཏེ། གང་གིས་ཁུ་ཚུར་འདི་ཡོངས་སུ་ཤེས་པ་དེའི་དགོས་པ་ཐམས་ཅད་གྲུབ་པར་འགྱུར་རོ། །དེ་བས་ན་རྡོ་རྗེ་ཁུ་ཚུར་གྱིས་ཕྱག་རྒྱ་ཐམས་ཅད་སྡུད་པ་ཡིན་ཏེ། འདིས་ནི་རྡོ་རྗེ་ཁུ་ཚུར་གྱི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ། །ད་ནི་འདི་སྔགས་ཀྱི་གཟུགས་སུ་སྣང་བ་འབའ་ཞིག་ཏུ་མ་ཟད་ཀྱི་སེམས་
དཔའི་གཟུགས་སུ་ཡང་སྣང་ངོ་ཞེས་གཞུང་ལྷག་མ་རྣམས་ཀྱིས་བསྟན་པའི་ཕྱིར་ཀུན་བཟང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། སེམས་དཔའ་རྣམས་ཀྱི་སེམས་དཔའ་དང་པོ་ནི་ཀུན་དུ་བཟང་པོ་སྟེ། གང་གིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སྤྱོད་པའི་སེམས་ཅན་རྣམས་
ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སྤྱོད་པར་བསྟན་དུ་ཟིན་ཀྱང་བསམ་པ་རྣམ་པར་དག་པས་ཀུན་ནས་བཟང་བ་ཉིད་དེ། དེ་བས་ན་ཀུན་དུ་བཟང་པོའོ། །བཅོམ་ལྡན་འདས་དེ་ཉིད་ནི་ཀུན་དུ་བཟང་པོ་ཡིན་པ་ཉིད་ཀྱིས་ན། དེའི་བསྡུ་བ་དང་བྱིན་གྱིས་བརླབ་པ་ནི་དོན་ཡོད་ཅིང་ཤིན་ཏུ་
เล่ม ๕๕ · หน้า 13a
ཡང་ཀུན་ནས་གདོན་མི་ཟ་བས་ན་གདོན་མི་ཟའོ། །འདི་སྐད་སྟོན་ཏེ། རྡོ་རྗེ་རྒྱལ་པོའི་ངོ་བོ་ཉིད་ཀྱང་བཅོམ་ལྡན་འདས་དེ་ཉིད་ཡིན་ནོ། །གསོད་པའི་ཕྱིར་བདུད་ཅེས་བྱ་སྟེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་མི་དགེ་བའི་བཤེས་གཉེན་གྱིས་དྲངས་པའམ། ཆོས་
ཟབ་མོས་སྐྲག་སྟེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་སེམས་ཤིང་དེའི་ཐེག་པ་ལ་ཞུགས་པ་དེ་ཉིད་ནི་འཚོ་བ་ཡིན་ལ། དེའི་སེམས་བཟློག་པས་དེ་རྣམས་ཀྱི་བསད་པ་ཡིན་ཏེ། དེ་བས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སའི་སེམས་བཟློག་ཅིང་གསོད་པས་ན་རྡོ་རྗེ་ཆགས་པ་ནི་བདུད་ཀྱི་བདག་
ཉིད་ཅན་ཡིན་པས་ན་བདུད་ཅེས་བྱའོ། །བདུད་ཀྱི་ངོ་བོ་ཉིད་ཀྱང་དེ་ཉིད་ཡིན་ལ་རབ་དགྱེས་གཙོ་བོ་ཡང་དེ་ཉིད་ཡིན་ཏེ། དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་བཟློག་ཅིང་ཐེག་པ་ཆེན་པོའི་ཆོས་ལ་རབ་ཏུ་ཞུགས་པ་རྣམས་ལ་དེར་ཆོས་ཀྱི་དགའ་བ་བསྐྱེད་པར་བྱ་བའི་ཕྱིར། གང་གི་གཙོ་བོ་ཐོབ་ཅིང་
དགྱེས་པར་མཛད་ཅིང་ལེགས་སོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རབ་དགྱེས་གཙོ་བོ་ཞེས་བྱའོ། །བཅོམ་ལྡན་འདས་འདི་ནི་ཡང་དག་པར་ཞུགས་པ་རྣམས་ཀྱི་རབ་ཏུ་དགྱེས་པའི་གཙོ་བོར་གྱུར་ཅིང་རབ་ཏུ་དགྱེས་པ་ཐོབ་པར་མཛད་པ་ཇི་ལྟ་བ་ཉིད་ཡིན་པ་དེ་རྣམས་ལ་དེའི་རྗེས་ཐོགས་སུ་དབང་བསྐུར་བ་
ཡིན་པར་བསྟན་པའི་ཕྱིར་མཁའ་སྐྱེས་ཞེས་བྱ་བ་སྨོས་སོ། །ནམ་མཁའ་ནི་གོ་འབྱེད་པ་སྟེ་དེ་ཉིད་སྐྱེ་གནས་ཡིན་པས་ནམ་མཁའ་སྐྱེས་སོ། །དེ་ཡང་ནམ་མཁའ་ལས་འོད་རྣམས་སུ་གྱུར་པས་རིན་པོ་ཆེ་བསྐྱེད་ལ་རིན་པོ་ཆེ་དེ་ལས་སེམས་དཔའ་སྐྱེས་པའོ། །དེ་ལྟར་དབང་བསྐུར་བར་གྱུར་ནས་དེ་ཉིད་འཇིག་
རྟེན་གསུམ་དུ་རབ་ཏུ་སྣང་བར་མཛད་པའི་ཕྱིར། ཤིན་ཏུ་གཟི་ཆེན་དང་ཞེས་བྱ་བ་སྨོས་སོ། །ཐོས་པ་དང་བསམ་པ་དང་བསྒོམ་པ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་གཟི་བརྗིད་ཆེ་བར་གྱུར་ནས་དེ་ཉིད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་
དུ་བསྟན་པའི་ཕྱིར་རིན་ཆེན་དཔལ་ཞེས་བྱ་བ་སྨོས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར་གྱུར་པ་ཉིད་ཀྱིས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །དེ་ཉིད་ནི་དཔལ་ཏེ་ཐེག་པ་ཆེན་པོས་བགྲོད་པའི་མཚན་མ་སྟེ་དེའི་ངོ་བོ་ཉིད་ཀྱི་སེམས་དཔའོ། །དེ་ཉིད་དེ་ལས་
เล่ม ๕๕ · หน้า 13b
སྐྱེས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་བླངས་པ་དེའི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པ་དང་། རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་མཚན་ཉིད་ཅན་ནི་ཐེག་པ་ཆེན་པོའི་ཆོས་ལ་ཤིན་ཏུ་དགའ་བ་སྐྱེ་བར་འགྱུར་བས་དེ་བསྟན་པར་བྱ་བའི་ཕྱིར་འཛུམ་པ་ཆེ་ཞེས་སྨོས་སོ། །དེའི་སྔགས་དང་ཕྱག་རྒྱ་དང་ལྡན་
པའི་སེམས་དཔའ་ཡང་དེ་ཉིད་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །འདོད་ཆགས་ཀྱི་ཆོས་ཀྱི་མཐུ་ལ་གཟིགས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་འབྲས་བུའི་འདབ་མ་ལ་གཟིགས་པས་ན་སྤྱན་རས་གཟིགས་སོ། །དེ་ལ་མངའ་བ་ཆེ་བས་ན་དབང་ཆེ་སྟེ་ཀུན་དུ་གཟིགས་པའི་དབང་ཆེན་
དང་ཞེས་བྱ་སྟེ། བཅོམ་ལྡན་འདས་དེ་ཉིད་དོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མས་མ་གོས་པ་དང་། འགྲོ་བ་ཐམས་ཅད་ཀྱི་ཡིད་འཕྲོག་པ་དང་། ཤེས་རབ་དང་ཡེ་ཤེས་རབ་ཏུ་བསྒོམ་པའི་མཐུས་འཇམ་ཞིང་མཉེན་ལ་དཔལ་དང་ལྡན་པའི་བྱིས་པའི་གཟུགས་ཀྱིས་
བཅོམ་ལྡན་འདས་དེ་ཉིད་འགྲོ་བ་རྣམས་ཡོངས་སུ་སྨིན་པར་མཛད་པར་བསྟན་པར་བྱ་བའི་ཕྱིར་འཇམ་དཔལ་ཞེས་བྱ་བ་སྨོས་སོ། །བཅོམ་ལྡན་འདས་དེ་ཉིད་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་དཀྱིལ་འཁོར་རྒྱུད་ལས་བསྟན་པ་ཐམས་ཅད་བསྡུས་པའི་ཚུལ་གྱིས་འཁོར་ལོས་སྒྱུར་བའི་ངོ་བོ་
ཉིད་ཀྱིས་དེ་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པའི་ཕྱིར་དེའི་གཟུགས་སུ་སྟོན་པས་ན་དཀྱིལ་འཁོར་ཐམས་ཅད་དང་ཞེས་བྱ་བ་སྨོས་སོ། །ཚིག་གི་ཉེས་པ་མྱུར་བ་དང་བར་མ་དང་ཐོག་མ་ཡོངས་སུ་སྤངས་ནས་མི་གསུང་བའི་ངོ་བོ་ཉིད་ཀྱིས་བཟླས་བརྗོད་ཀྱི་དུས་སུ་སེམས་
ཅན་རྣམས་ཀྱི་དོན་མཛད་པས་ན་དེ་ཉིད་ལ་མི་གསུང་བ་ཞེས་ཀྱང་བཤད་དོ། །སྔགས་པ་བཟླས་བརྗོད་ལ་འཇུག་པ་རྣམས་སངས་རྒྱས་ལ་མཆོད་པ་མ་བྱས་ན་དངོས་གྲུབ་རྣམས་མངོན་དུ་འཕགས་པར་མི་འགྱུར་ཏེ། དེ་བས་ན་སྣ་ཚོགས་པ་དང་ཡངས་ཤིང་རྒྱ་ཆེ་བའི་མཆོད་པའི་ཚུལ་ཐམས་
ཅད་ཀུན་དུ་བསྟན་ཏེ། དེ་བས་ན་ཐམས་ཅད་ལས་ཞེས་ཀྱང་བཤད་དོ། །དེ་གཉི་ག་ལ་ཡང་ལེ་ལོ་ཅན་རྣམས་ལ་མི་འབྱུང་སྟེ། དེ་བས་ན་བརྩོན་འགྲུས་ཞེས་བྱ་བ་སྨོས་སོ། །རང་བཞིན་འཇམ་པ་རྣམས་ཀྱིས་ནི་ཅི་དང་ཅིས་བསྡིགས་ཀྱང་གལ་ཏེ་དགེ་བའི་ཕྱོགས་རྣམས་ལ་བར་དུ་གཅོད་
เล่ม ๕๕ · หน้า 14a
པར་འགྱུར་བ་སྲིད་པས་དེ་བཟློག་པར་བྱ་བའི་ཕྱིར་མ་རུངས་ཞེས་བྱ་བ་སྨོས་སོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་གང་ཡང་རུང་བ་མ་ཚང་བར་གྱུར་པས་ཀྱང་ཇི་སྐད་དུ་བཤད་པའི་དོན་ལ་གལ་ཏེ་ཞུམ་པར་འགྱུར་བ་དག་ཀྱང་སྲིད་དེ། དེ་བས་ན་དམ་དུ་གཟུང་ཞེས་བྱ་
བ་སྨོས་ཏེ་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ཀྱི་ངོ་བོ་ཉིད་དུ་(དེས་‚ངེས་)པའི་སེམས་དཔའ་ཡང་དེ་ཉིད་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་དེ་སྔགས་དང་སེམས་དཔའི་ངོ་བོ་ཉིད་ཡིན་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་དུ་ཡང་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
མི་ཕྱེད་ཅིང་འབྱེད་པར་བྱེད་པས་རྡོ་རྗེའོ། །འདྲེན་པའི་དོན་གྱིས་ན་ལྕགས་ཀྱུའོ། །སེམས་དང་སེམས་ལས་བྱུང་བའི་ཚོགས་འབིགས་པའི་དོན་གྱིས་ན་མདའོ། །དགའ་བའི་དོན་གྱིས་ན་མགུ་བའོ། །ཞེན་པར་བྱེད་པའི་དོན་གྱིས་ན་རིན་པོ་ཆེའོ། །འོད་ཟེར་གྱི་སྣང་བས་མ་རིག་པའི་མུན་ནག་
གིས་བསྒྲིབས་པ་རྣམས་ལ་དངོས་པོ་ཐམས་ཅད་སྟོན་པས་ན་ཉི་མ་སྟེ། གསལ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་སྐྱེ་བཞིན་པ་འཇིག་པར་བྱེད་པས་ན་རྒྱལ་མཚན་ནོ། །སེམས་ཅན་ཤིན་ཏུ་ཡིད་མི་བདེ་བ་རྣམས་ཀྱང་ཆོས་ཀྱི་དགའ་བའི་རོ་མྱང་ན་
ངོ་མཚར་སྐྱེད་པར་བྱེད་པས་ན་འཛུམ་པའོ། །ཐེག་པ་ཆེན་པོའི་ཆོས་ལ་རྒྱབ་ཀྱིས་ཕྱོགས་པའི་སེམས་ཅན་རྣམས་ལ་ཡང་འཇིག་རྟེན་ཕ་རོལ་རྣམ་པར་དག་པར་བྱ་བའི་ཕྱིར་ཐབས་རྣམ་པ་སྣ་ཚོགས་ཀྱིས་འདུལ་བར་མཛད་པས་ན་པདྨའོ། །སེམས་ཅན་ཚུལ་ཁྲིམས་འཆལ་པ་རྣམས་ཀྱང་ཤེས་
རབ་ཀྱི་རལ་གྲིས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ་རབ་ཏུ་འཇོག་པར་མཛད་པས་ན་རལ་གྲིའོ། །གདུལ་བྱ་རྣམས་ཀྱི་རྒྱུད་ལ་འཕོ་བར་མཛད་པས་ན་འཁོར་ལོའོ། །མངོན་པར་འདོད་པའི་དོན་གསུང་པའི་དོན་གྱིས་ན་གསུང་ངོ་། །འདོད་པའི་ཕྱིར་ལས་ཏེ། བྱེད་པ་པོ་ཤིན་ཏུ་འདོད་པའི་ལས་
སོ་ཞེས་ཇི་སྐད་བཤད་པ་ལྟ་བུའོ། །ཡིད་རྡོ་རྗེར་གྱུར་པར་བྱེད་པས་ན་གོ་ཆའོ། །མ་རུངས་པ་ཐམས་ཅད་ལ་མངོན་སུམ་དུ་གྱུར་པ་ཉིད་ཀྱིས་འཇིགས་པར་མཛད་པས་ན་འཇིགས་བྱེད་དོ། །སྐུ་གསུང་ཐུགས་བསྡུས་པས་ཕྱག་རྒྱ་ཐམས་ཅད་འཛིན་པས་ན་བཅངས་པ་སྟེ་དེ་ཉིད་ནི་བཅོམ་ལྡན་འདས་
เล่ม ๕๕ · หน้า 14b
ཡིན་ནོ་ཞེས་བཤད་དོ། །གལ་ཏེ་བཅོམ་ལྡན་འདས་འདི་ཇི་སྐད་དུ་བཤད་པའི་ཚུལ་གྱིས་སེམས་ཅན་གྱི་དོན་མཛད་པ་ཡིན་ན་དེའི་ཐོག་མ་ནི་གང་ཞིག་ཡིན། དེའི་ཐ་མ་ནི་ནམ་ཞིག་ཡིན་ཞེས་རྣམ་པར་རྟོག་པ་ལ། དེའི་ཕྱིར་ཐོག་མ་ཐ་མ་མེད་ཅེས་བྱ་བ་སྨོས་ཏེ་ཐོག་མ་ནི་དང་པོར་སྐྱེ་བའོ། །ཐ་མ་ནི་
ཉིང་མཚམས་སྦྱོར་བ་མེད་པར་འཇིག་པའོ། །གང་ལ་དེ་དག་གཉི་ག་མེད་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ། རྒྱུན་གྱི་ཚུལ་གྱིས་རྟག་ཏུ་གནས་སོ་ཞེས་སྟོན་ཏོ། །ཡོངས་སུ་མ་དག་པའི་གནས་སྐབས་ན་ཡང་སེམས་ཅན་གྱི་རྒྱུན་ལ་ཐོག་མ་མེད་པ་ནས་ཐོག་མ་མེད་པའོ། །ཡོངས་སུ་དག་པའི་
གནས་སྐབས་ན་ཡང་གནས་ཡོངས་སུ་གྱུར་པའི་མཚན་ཉིད་རྒྱུ་མཐུན་པའི་ངོ་བོ་ཉིད་ཀྱིས་འཁོར་བ་ན་བཞུགས་པས་ན་ཐ་མ་མེད་དོ། །གལ་ཏེ་འདི་འཁོར་བ་ཇི་སྲིད་པར་བཞུགས་ན། དེ་ལྟ་ན་ནི་མ་ཞི་བར་འགྱུར་རོ་ཞེས་རྟོག་པ་ལ་ཞི་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པའི་སྒྲིབ་པ་ལས་རྣམ་
པར་གྲོལ་བས་ན་ཞི་བའོ། །གལ་ཏེ་ཞི་བ་མ་ཡིན་ན་ནི་ཞི་བའི་གཟུགས་ཀྱིས་གདུག་ཅིང་གཏུམ་པ་རྣམས་ཇི་ལྟར་འདུལ་བར་མཛད་ཅེ་ན། མ་རུངས་ཞེས་བྱ་བ་སྨོས་སོ། །འདི་སྐད་སྟོན་ཏེ་འདི་ནི་ཞི་བ་ཡིན་དུ་ཟིན་ཀྱང་གདུལ་བའི་སེམས་ཅན་གྱི་དབང་གིས་མ་རུངས་པ་ཉིད་དུ་ཡང་སྟོན་པ་ཡིན་ནོ། །
གལ་ཏེ་གཟུགས་ངན་པ་ཉིད་ཀྱིས་འཇིག་རྟེན་པ་ཐམས་ཅད་སྨོད་པར་འགྱུར་རོ་ཞེ་ན། ལན་དུ་ཁྲོ་བ་ཞེས་བྱ་བ་སྨོས་ཏེ། འདི་ནི་ཁྲོ་བ་དང་བཅས་པའི་དཔའ་བོའི་ཚུལ་ཉིད་གཟུང་གི་མ་རུངས་པ་གཞན་དག་ལ་བྱ་བ་ནི་མ་ཡིན་ནོ། །གལ་ཏེ་ཁྲོ་བོ་ཉིད་ཡིན་ན་དེ་ལྟ་ན་ནི། བཟོད་པ་མེད་པ་ཉིད་དུ་འགྱུར་རོ་ཞེ་ན།
དེའི་ལན་དུ་བཟོད་པ་ཆེ་ཞེས་བྱ་བ་སྨོས་ཏེ། བཟོད་པ་ཆེན་པོ་མངའ་བས་ན་བཟོད་པ་ཆེའོ། །ཉོན་མོངས་པ་རྣམས་ཟད་པར་མཛད་པས་ན་གནོད་སྦྱིན་ནོ། །སྲིན་པོའི་གཟུགས་ཀྱིས་འདུལ་བ་རྣམས་ཀྱི་ཕྱིར་སྲིན་པོ་དམ་པ་ཞེས་སྨོས་ཏེ། སྲིན་པོ་བཟང་པོ་ནི་སྲིན་པོ་དམ་པའོ། །དེ་རྣམས་ལ་མི་ཟད་
པའི་གཟུགས་བསྟན་པས་ཇི་ལྟར་འཇིགས་པར་མི་འགྱུར་ཞེ་ན། དེའི་ལན་དུ་བསྟན་ཞེས་བྱ་བ་སྨོས་ཏེ། བསྟན་པ་ནི་མི་གཡོ་བའོ། །སེམས་ཅན་གང་གཟི་བརྗིད་དང་ལྡན་པ་དེ་རྣམས་ཀྱི་ནང་ན་གཟི་ཆེན་ཏེ་གཟི་བརྗིད་དང་ལྡན་པའོ་ཞེས་བྱ་བའི་བར་དུ་སྟོན་པ་ཡིན་ནོ། །དཔའ་བོ་མངོན་པའི་
เล่ม ๕๕ · หน้า 15a
ང་རྒྱལ་དང་ལྡན་པ་དེ་ཚར་གཅོད་པར་མཛད་པས་ན་དཔའ་བོའོ། །རྣལ་འབྱོར་པ་རྣམས་སམ། ལྷའི་ཁྱད་པར་འགའ་ཞིག་བདག་པོ་ཉིད་དུ་ཉེ་བར་སྟོན་པས་བདག་ཉིད་རློམ་སེམས་སུ་བྱེད་པ་དེ་རྣམས་ལ་དེ་གདུལ་བར་བྱ་བའི་ཕྱིར་དཔའ་བོ་ཆེ་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་དུ་
སྟོན་པ་ཞེས་བྱ་བའི་དོན་ཏོ། །དབང་ཕྱུག་ཆེན་པོ་ཡང་ཆུང་མའི་སྟོབས་ཀྱིས་ང་ནི་ཨུ་མའི་བདག་པོ་ཉིད་དོ་ཞེས་ཤིན་ཏུ་རློམ་སེམས་ཏེ། དེ་བས་ན་དེའི་ང་རྒྱལ་བསལ་བའི་ཕྱིར་ཨུ་མའི་བདག་པོ་ཉིད་དུ་ཡང་སྟོན་པར་མཛད་དེ། དེའི་ཕྱིར་ཨུ་མའི་བདག་པོ་ཞེས་སྨོས་སོ། །ལས་དང་ཉོན་མོངས་པའི་
དབང་གིས་སོ་སོར་རབ་ཏུ་སྐྱེ་བས་སྐྱེ་དགུ་སྟེ། དེ་རྣམས་ཀྱི་མགོན་པོ་ཡིན་པས་ན་སྐྱེ་དགུའི་མགོན་ནོ། །དེ་ཡང་སྐྱབས་དང་མི་འཇིགས་པ་སྩོལ་བ་ཞེས་བྱ་བའི་དོན་ཏོ། །སྒྱུ་མའི་རང་བཞིན་གྱི་རྣལ་འབྱོར་ལ་གནས་པ་ལ་འདིར་དངོས་པོ་ཐམས་ཅད་ལ་འཇུག་པར་མཛད་པའམ། ཐམས་
ཅད་དེ་ལ་འཇུག་པར་མཛད་པས་ན་གཏོགས་འདོད་ཅེས་བྱ་བའམ་ཡང་ན་དེ་ལ་དད་པ་རྣམས་ལ་དེའི་གཟུགས་སུ་སྟོན་པར་མཛད་པས་ན་གཏོགས་འདོད་ཁྱབ་འཇུག་ཅེས་ཀྱང་དེ་ཉིད་ལ་བྱའོ། །རྒྱལ་བས་མངོན་པར་ཁེངས་པ་རྣམས་ལ་ཤིན་ཏུ་རྒྱལ་བར་བཞེད་ཅིང་རྒྱལ་པོའི་ངང་ཚུལ་མངའ་བས་ན་
རྒྱལ་འདོད་ཀྱང་འདི་ཉིད་དོ། །ལུས་དང་ངག་དང་ཡིད་ཐུབ་པ་དང་ལྡན་པས་ན་ཐུབ་པ་སྟེ། དེ་རྣམས་ཀྱི་ནང་ན་ཤིན་ཏུ་མཆོག་ཏུ་གྱུར་པས་ཐུབ་པ་ཆེ་ཞེས་བཤད་དོ། །འཇིག་པས་ན་འཇིག་རྟེན་ཏེ་སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ནོ། །དེ་གཉི་ག་སྐྱོང་བར་མཛད་པས་ན་
འཇིག་རྟེན་སྐྱོང་ཞེས་བྱ་སྟེ། ལྷ་མ་ཡིན་གདུག་པ་རྣམས་སའི་དཀྱིལ་འཁོར་ལ་སོགས་པ་རྣམ་པར་འཇིག་པ་ལས་བཟློག་པའི་ཕྱིར་རོ། །གལ་ཏེ་སྣོད་ཀྱི་འཇིག་རྟེན་སྐྱོང་བ་དེའི་ངོ་བོ་ཉིད་མ་ཡིན་པར་འགྱུར་རོ་ཞེ་ན། ནམ་མཁའ་ཞེས་བྱ་བ་སྨོས་ཏེ། རི་ལ་སོགས་པས་བསྒྲིབས་པའི་ཕྱོགས་ན་
ཡང་མ་བསྒྲིབས་པ་ཉིད་དུ་སྟོན་པས་དངོས་པོ་གཟུགས་ཅན་དུ་མི་འགྱུར་བས་ན་ནམ་མཁའོ། །ནམ་མཁའི་ཕྱོགས་སུ་ཡང་སའི་དཀྱིལ་འཁོར་སྟོན་པས་ན་སའོ། །སེན་མོའི་སྦུབས་ལ་སོགས་པར་ཡང་འཇིག་རྟེན་གསུམ་པོ་སྟོན་པར་མཛད་པས་ན་འཇིག་རྟེན་གསུམ་ཞེས་བྱ་བ་ཡང་དེ་ཉིད་
เล่ม ๕๕ · หน้า 15b
ཡིན་ཏེ། འཇིག་རྟེན་པའི་ཚུལ་གྱིས་སོ། །ཁམས་གསུམ་པ་ཞེས་བྱ་བ་ཡང་བ་སྤུའི་ཁུང་བུ་རེ་རེ་བཞིན་ཡང་ཁམས་གསུམ་རབ་ཏུ་སྟོན་པར་མཛད་པའོ། །ཟད་པར་གྱི་སྐྱེ་མཆེད་བསྒོམས་པ་ལས་འབྱུང་བ་ཆེན་པོ་བཞི་ཡོངས་སུ་གྱུར་པར་སྟོན་པར་མཛད་པས་ན་འབྱུང་ཆེན་ནོ། །ཤིན་ཏུ་
ཡང་སེམས་ཅན་རྣམས་ཀྱི་དོན་མཛད་པས་ན་སེམས་ཅན་དོན་རབ་མཛད་ཅེས་བྱའོ། །དངོས་པོའི་ངོ་བོ་ཉིད་མ་ལུས་པར་སྟོན་པར་མཛད་པས་ན་ཐམས་ཅད་དོ། །དགོངས་པའི་དབང་གིས་དེས་འདུལ་བ་རྣམས་ལ་དེའི་གཟུགས་སུའང་སྟོན་པར་མཛད་པས་ན་གུ་ལང་སྟེ། ལྷ་ཆེན་པོའི་གཟུགས་སུའོ། །
ཚངས་པ་ནི་ཚངས་པ་ཞེས་འཇིག་རྟེན་ན་གྲགས་པ་སྟེ། དེས་འདུལ་བ་རྣམས་ལ་དེའི་གཟུགས་སུ་སྟོན་པར་མཛད་པས་ན་ཚངས་པའོ། །དངོས་པོ་ཐམས་ཅད་འཇུག་པའི་ཚུལ་དུ་བདག་ཉིད་སྟོན་པར་མཛད་པས་ན་འཁོར་བའོ། །དེ་རྣམས་ཉིད་ལྡོག་པའི་ཚུལ་སྟོན་པར་མཛད་པས་ན་མྱ་ངན་ལས་འདས་
པའོ། །མྱ་ངན་ལས་འདས་པའི་རང་བཞིན་ཡིན་པ་ཉིད་ཀྱིས་ན་རྟག་པ་སྟེ། དོན་དམ་པར་ནི་དེའི་ངོ་བོས་རྟག་ཏུ་བཞུགས་པའི་ཕྱིར་རོ། །སྤྱོད་པ་སྐྱོན་མེད་པར་སྟོན་པར་མཛད་པས་ན་ཡང་དག་འཚོ་ཞེས་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ནམ་མཁའི་ཁམས་ཐམས་
ཅད་ཁྱབ་པར་སྟོན་པར་མཛད་པའི་དུས་སུ་མཆོད་པ་ཆེ་ཞེས་བྱ་སྟེ། འདི་མ་ཧཱའི་སྒྲ་ནི་མཆོད་པ་ཡིན་པར་བཤད་པས་ཆེ་བའི་མཆོད་པ་ནི་མཆོད་པ་ཆེན་པོའོ། །དངོས་པོ་ཐམས་ཅད་ཀྱི་དོན་གྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་ན་སངས་རྒྱས་སོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་དང་ཤིན་
ཏུ་བྲལ་བས་ན་དག་པའོ། །འདིས་འགྲོ་བ་ན་ཐེག་པ་སྟེ་བྱང་ཆུབ་སེམས་དཔའི་ས་བཅུ་རྒྱུ་དང་འབྲས་བུར་བཅས་པ་ནི་བཅུ་གཉིས་ཏེ་ས་བཅུ་གཉིས་ལ་ཐེག་པ་ཆེན་པོ་ཞེས་བྱའོ། །མོས་པ་སྤྱོད་པའི་ས་རྣམས་ནི་རྒྱུ་ཡིན་ལ། སངས་རྒྱས་ཀྱི་ས་ཀུན་དུ་བཟང་པོ་ནི་འབྲས་བུ་ཡིན་ཏེ། འདི་ཐམས་
ཅད་ནི་ཐེག་པ་ཆེན་པོའོ། །འདིའི་དོན་སྟོན་པར་བྱེད་པའི་གཞུང་གི་ཚོགས་ལ་ཡང་ཐེག་པ་ཆེན་པོའི་སྒྲར་བཤད་དེ་སྒྲའི་དོན་གྱི་གཟུགས་སུ་སྣང་བས་ན་དེའི་ཕྱིར་ཐེག་པ་ཆེན་པོའི་སྒྲར་བཤད་དོ། །འདོད་པའི་སྲིད་པ་ནི་འདོད་པའི་ཁམས་སོ། །གཟུགས་ཀྱི་སྲིད་པ་ནི་གཟུགས་ཀྱི་ཁམས་སོ། །
เล่ม ๕๕ · หน้า 16a
གཟུགས་མེད་པའི་སྲིད་པ་ནི་གཟུགས་མེད་པའི་ཁམས་ཏེ། འབྱུང་བའི་ཕྱིར་ན་སྲིད་པའོ། །སྲིད་པ་གསུམ་གྱི་ངོ་བོ་ཉིད་ཀྱང་དེ་ཉིད་ཡིན་ཏེ། གཞན་གྱི་དབང་གི་ངོ་བོ་ཉིད་སེམས་དང་སེམས་བྱུང་ཁམས་གསུམ་པ་ཞེས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཇི་
སྐད་བཤད་པ་ལྟ་བུའོ། །ལ་ལར་རྒ་བ་དང་འཆི་བ་མེད་པའི་ངོ་བོ་ཉིད་དུ་སྟོན་པར་མཛད་པས་ན་རྟག་པ་ཡང་དེ་ཡིན་ནོ་ཞེས་བྱའོ། །ས་འོག་གི་འཇིག་རྟེན་དང་ས་སྟེང་གི་འཇིག་རྟེན་དང་། མཐོ་རིས་ཀྱི་འཇིག་རྟེན་ནི་འཇིག་རྟེན་གསུམ་མོ། །དེ་ལས་རྣམ་པར་རྒྱལ་བའི་ངང་ཚུལ་མངའ་བས་ན་
འཇིག་རྟེན་གསུམ་རྒྱལ་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཅན་ཞེས་བྱ་བའི་དོན་ཏོ། །བདེ་བ་ལ་སྤྱོད་པར་མཛད་པས་ན་བདེ་སྤྱོད་དེ་ཤཾ་ཞེས་བྱ་བ་ནི་བདེ་བ་ལ་བྱ་བར་བཤད་ལ། དེ་སྩོལ་བས་སྐྱོང་བར་མཛད་པའི་ཕྱིར་བདེ་སྤྱོད་དེ་ཉིད་ཀྱི་རང་བཞིན་དང་གཞན་རྣམས་སྐྱོང་བར་
མཛད་པས་ན་བདེ་སྤྱོད་མགོན་ནོ། །གདུལ་བར་དཀའ་བ་ཐམས་ཅད་ཤིན་ཏུ་ཡང་འདུལ་བར་མཛད་པས་ན་རབ་དུལ་མཛད་དོ། །རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ། དེ་རྣམས་ཀྱི་གཙོ་བོ་མཛད་པས་ན་རྡོ་རྗེ་གཙོ་དང་ཞེས་བྱ་སྟེ། དབུགས་འབྱིན་པར་མཛད་པའོ། །ས་
བཟང་པོ་ནི་ས་རབ་མཆོག་སྟེ་ཡེ་ཤེས་ཀྱིས་ཡོངས་སུ་བཅད་པའི་ངོ་བོ་ཉིད་བྱང་ཆུབ་སེམས་དཔའི་ས་བཅུའོ། །དེ་དག་གི་མཆོག་ནི་ཀུན་དུ་བཟང་པོ་སྟེ། སངས་རྒྱས་ཀྱི་སའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །དོན་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཡོངས་སུ་གཅོད་པས་ན་དེ་ཉིད་ནི་ཡེ་ཤེས་སོ། །ཕ་རོལ་ཏུ་
ཕྱིན་པ་ཐམས་ཅད་སྡུད་པ་ལ་འཇུག་པས་ན་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་སྟེ་སེམས་དཔའ་ཞེས་བྱ་བའི་སྒྲ་ནི་སེམས་ཡོངས་སུ་གཟུང་བར་བྱའོ། །སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་ངོ་བོ་ཉིད་དུ་གྱུར་པས་ན་རྣམ་པར་ཐར་ཞེས་བྱའོ། །
སྤྱོད་པར་སྤྱོད་པའི་དོན་གྱིས་ན་སྤྱོད་པ་ཞེས་བྱ་སྟེ། བྱང་ཆུབ་འཐོབ་པའི་སྤྱོད་པ་ཇི་སྐད་བསྟན་པ་བཞིན་དུ་རྗེས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ནི་རང་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་དང་ཐ་མི་དད་པར་བཞུགས་པས་ན་དེ་བཞིན་གཤེགས་པ་ཀུན་
เล่ม ๕๕ · หน้า 16b
ནོ། །སངས་རྒྱས་ཞེས་བྱ་བའི་སྒྲའི་དོན་ནི་སངས་རྒྱས་དོན་ནོ། །སངས་རྒྱས་ཐུགས་ཞེས་བྱ་བ་ནི་དེ་རྣམས་ཀྱི་དགོངས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གསུམ་བསྡུས་པའི་དོན་གྱིས་ན་བྱང་ཆུབ་ཀུན་ནོ། །འདིའི་གོང་ན་ཡོད་པ་མ་ཡིན་པས་ན་བླ་ན་མེད་པའོ། །འོག་མིན་
ལྷའི་རྒྱལ་པོའི་གནས་ན་བཞུགས་པར་བསྟན་པ་ནི་རྣམ་པར་སྣང་མཛད་དེ་རྣམ་པར་སྣང་མཛད་ཆེན་པོ་འདི་ཉིད་ཀྱི་སོ་སོར་སྣང་བ་ཚད་དང་ལྡན་པའོ། །རྒྱལ་བ་ཞེས་བྱ་བ་ནི་འདིས་སྡིག་པ་དང་མི་དགེ་བའི་ཆོས་རྣམས་ལས་རྒྱལ་བར་མཛད་པས་ན་རྒྱལ་བ་ཞེས་བཤད་དེ། སྡིག་པའི་ཆོས་ལ་ང་རྒྱལ་
བས། །ཉེར་འགྲོ་དེ་ཕྱིར་ང་རྒྱལ་བ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །སེམས་ཅན་གྱི་ཁམས་མ་ལུས་པ་སྐྱོབ་པར་མཛད་པའི་དོན་གྱིས་ན་མགོན་པོའོ། །རང་བྱུང་བས་ན་རང་བྱུང་སྟེ། དེ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །འདི་སྐད་སྟོན་པ་ཡིན་ཏེ་མཆོག་སྦྱིན་ནས་བྱང་ཆུབ་
བརྙེས་པ་ནི་མ་ཡིན་ནོ་ཞེས་པའོ། །གཟུངས་ནི་དོན་གྱི་གཟུངས་དང་། ཚིག་གི་གཟུངས་དང་། སྔགས་ཀྱི་གཟུངས་དང་། མངོན་པར་རྟོགས་པའི་གཟུངས་ཏེ། དྲན་པ་དང་ཤེས་རབ་ཡང་དག་པར་ལྡན་པའི་སེམས་ལ་གཟུངས་ཞེས་བྱ་བའི་སྒྲར་བཤད་དེ། རྣམ་པ་བཞི་པོ་དེ་དག་
ཀྱང་འདི་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །དྲན་པ་དང་ཡང་དག་པར་ལྡན་པས་དྲན་པ་ཞེས་ཀྱང་བཤད་དོ། །སེམས་དཔའ་ཆེ་དང་ཞེས་བྱ་བ་ནི་སེམས་ཅན་གྱི་ཚོགས་ཆེན་པོའི་དོན་མཛད་པས་ན་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཕྱག་རྒྱ་ཆེ་ཞེས་བྱ་བ་ནི་ཉིད་ཀྱི་སྐུ་ཇི་ལྟར་འདུལ་བ་བཞིན་དུ་སྟོན་པའི་
ཕྱིར་རོ། །ཏིང་འཛིན་སངས་རྒྱས་ཕྲིན་ལས་མཛད། །ཅེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་དང་ཡང་དག་པར་ལྡན་པས་སངས་རྒྱས་ཀྱི་ཕྲིན་ལས་རྣམས་མཛད་པའོ། །ཡང་དག་པ་ནི་བདེན་པ་སྟེ་ཕྱིན་ཅི་མ་ལོག་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་ཀུན་བདག་ཉིད་ཅེས་བྱ་བ་ནི་དེ་དག་དང་ཐ་མི་དད་
པའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །རྟག་ཏུ་སེམས་ཅན་གྱི་དོན་ལ་ཞེན་པར་མཛད་པས་ན་སེམས་དཔའོ། །རྟག་དོན་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་དོན་ཏེ། དེ་རྟོགས་པར་མཛད་པས་ན་རྟག་དོན་རྟོགས་མཛད་པ་ཞེས་བྱ་སྟེ། ཤེས་རབ་མཛད་པ་ཞེས་བྱ་བའི་དོན་ཏོ། །སྡོང་པོ་ཞེས་བྱ་བའི་སྒྲས་ནི་ལྷ་
เล่ม ๕๕ · หน้า 17a
ཆེན་པོའི་སྤྲུལ་པ་ཁྱད་པར་ཅན་ལ་བྱ་བར་བཤད་ལ་དེ་ལས་ཀྱང་ཆེས་ལྷག་པར་གྱུར་པ་སྡོང་པོ་ཆེན་པོའོ། །ནག་པོ་ཆེན་པོ་ཞེས་བྱ་བ་ཡང་དེའི་འཁོར་ཚོགས་ལ་བྱ་བར་བཤད་དེ། དེའི་གཟུགས་སུ་ཡང་སྟོན་པར་མཛད་པས་ན་ནག་པོ་ཞེས་ཀྱང་བཤད་དོ། །འདོད་ཆགས་
ཆེན་པོ་ནི་སེམས་ཅན་རྣམས་སྨིན་པ་དང་གྲོལ་བའི་ཆགས་པ་དང་། ཡང་དག་པར་ལྡན་པའི་ཕྱིར་འདོད་ཆགས་ཆེན་པོའོ། །བདེ་བ་ཆེ་ཞེས་བྱ་བ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོ་བདེ་བས་མངོན་པར་རློམ་པ་སྟེ། ང་དང་འདྲ་བར་བདེ་བ་གཞན་དག་ཡོད་པ་མ་ཡིན་ན་ཞེས་བདག་ཉིད་
བསྙེམས་པ་དེ་གདུལ་བར་བྱ་བའི་ཕྱིར་བཙུན་མོའི་འཁོར་གྱི་ནང་ན་རོལ་པས་འཇུག་པར་མཛད་པའི་སྐུ་ལ་བདེ་བ་ཆེན་པོ་ཞེས་བྱ་བའི་སྒྲར་བཤད་དོ། །ཐབས་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་མྱུར་དུ་བདེ་བར་ཐོབ་པར་བྱེད་པས་ན་ཐབས་ཏེ་ཐབས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐབས་ཆེན་པོ་
སྟེ། དེ་དང་རབ་ཏུ་ལྡན་པས་ན་ཐབས་ཆེན་པོ་ཞེས་ཀྱང་བཤད་དོ། །མཆོག་ཆེན་མཆོག་ཅེས་བྱ་བ་ལ་ཆེན་པོ་ནི་ལྷ་རྣམས་ཀྱི་སྤྱི་ལ་བྱ། མཆོག་ནི་ལྷ་རྣམས་ཀྱི་བདག་པོའོ། །དེ་རྣམས་ཀྱི་ཡང་མཆོག་ཡིན་པས་མཆོག་ཆེན་པོའི་མཆོག་གོ། །ཉན་ཐོས་དང་རང་སངས་རྒྱས་དེ་རྣམས་ཀྱི་ཡང་
མཆོག་ཏུ་གྱུར་པས་ཀུན་གྱི་མཆོག་གོ། །དེ་ཉིད་ཀྱིས་ནས་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པས་ན་གནས་དབང་པོ་སྟེ། སེམས་ཅན་ཐམས་ཅད་དང་གཉིས་སུ་མེད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ས་དང་པོ་ལ་སོགས་པ་ལ་ལྟོས་པའི་སེམས་
གང་ཞིག་སྐྱེ་བ་དེ་ཐམས་ཅད་ལ་སངས་རྒྱས་ཀྱི་ས་ཀུན་དུ་བཟང་པོ་ལ་སྐྱེ་བའི་སེམས་གང་ཡིན་པ་དེ་ནི་ཤིན་ཏུ་རྣམ་པར་དག་པ་ཡིན་པས་བྱང་ཆུབ་ཆེན་པོའི་ཐུགས་ཞེས་བཤད་དོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ཡང་དེ་ཉིད་ཡིན་པར་བཤད་དེ། བྱང་ཆུབ་སེམས་དཔའི་དོན་དང་ཀུན་
དུ་བཟང་པོའི་དོན་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གང་ཡིན་པ་གདུལ་བྱའི་དབང་གིས་སོ་སོར་སྣང་བའི་ཐུགས་ཀྱི་གནས་དེ་ན་གནས་པ་སྟེ། དེ་བས་ན་དེ་ན་བཞུགས་ཞེས་བཤད་དེ། ཟླ་བའི་
เล่ม ๕๕ · หน้า 17b
དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེ་སེམས་དཔའི་ཚུལ་གྱིས་བཞུགས་པར་བཤད་དོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་ཀྱི་མཚམས་སྦྱར་བའི་ཕྱིར་ཏེ། གལ་ཏེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འོག་མིན་གྱི་ལྷའི་རྒྱལ་པོའི་གནས་ན་བཞུགས་སོ་ཞེས་བཤད་ལ། བཅོམ་ལྡན་འདས་རྣམ་
པར་སྣང་མཛད་ཆེན་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ་ཞེས་བཤད་ན། འོ་ན་དེ་བཞིན་གཤེགས་པ་ཐམས་ཅད་གང་ན་ཞུགས་ཏེ། གདུལ་བྱ་ཇི་ལྟ་བ་བཞིན་དུ་སྤྲུལ་པའི་སྐུའི་དབང་དུ་མཛད་པ་ཡིན་ཞེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་
འདིར་དཔེར་ན་ཏིལ་གྱི་གོང་བུ་བཞིན་དུ་ཡོངས་སུ་གང་བར་གྱུར་ཏོ་ཞེས་བྱ་བ་སྨོས་སོ། །འདི་སྐད་སྟོན་ཏེ་དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱུང་བས་སེམས་ཅན་གྱི་ཁམས་ཇི་ཙམ་ན་སྤྱོད་པ་དེ་ཐམས་ཅད་ན་བཞུགས་པ་ཡིན་པས་གནས་ཀྱི་ཉེས་
པ་དྲིས་པས་ཅི་ཞིག་བྱ་སྟེ། ཡེ་ཤེས་དང་ཆོས་ཀྱི་སྐུ་གཉིས་ཀྱིས་ནི་ཐམས་ཅད་དུ་ཁྱབ་པ་ཡིན་པའི་ཕྱིར་མ་བཞེངས་སུ་ཟིན་ཀྱང་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་དབང་གིས་སངས་རྒྱས་རྣམས་ཐམས་ཅད་དུ་སེམས་ཅན་གྱི་དོན་མཛད་པར་ཀུན་དུ་སྣང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་། སྐྱོབ་པ་མྱ་
ངན་འདས་གྱུར་ཀྱང་། །འཁོར་ལོ་འཁོར་བའི་ཚུལ་དུ་ནི། །ཚོགས་ཀྱི་ཤུགས་ཀྱི་མཐུ་ཡིས་ནི། །སེམས་ཅན་དོན་ལ་ཡང་དག་འཇུག །ཅེས་ཇི་སྐད་བཤད་པ་ལྟ་བུའོ།། །།ད་ནི་སྔགས་ཀྱི་སྤྱད་པ་སྤྱོད་པའི་སེམས་ཅན་རྣམས་ལ་སྔགས་ཀྱི་སྤྱོད་པ་ནི། སློབ་དཔོན་ལ་རག་ལས་
ཀྱི་རང་ཉིད་ཀྱིས་མཚན་མ་ཐུགས་ཐུབ་ཏུ་གཟུང་བར་མི་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པའི་ཕྱིར་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ་སྔགས་ཀྱི་ཚུལ་གྱི་སྒོ་ནས་སྔོན་གྱི་སངས་རྒྱས་ཀྱི་གདམས་ངག་ལ་བྱང་ཆུབ་རག་ལས་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་
ནས་ཞེས་བྱ་བའི་སྒྲ་ནི་བཤད་ཟིན་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་སེམས་ཅན་གྱི་དོན་མཛད་པ་ནི་ཅི་སོ་སོར་མཛད་དམ། གལ་ཏེ་ཐབས་ཅིག་པ་ཉིད་དུ་མཛད་ཅེ་ན། དོན་མཚུངས་པ་ཉིད་དང་། སྨོན་ལམ་མཚུངས་པ་ཉིད་དང་། གདུལ་བྱ་མཚུངས་པ་ཉིད་ཀྱིས་ལྷན་ཅིག་ཏུ་མཛད་
เล่ม ๕๕ · หน้า 18a
དེ། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་འདུས་པ་ནི་འདུ་བར་མཛད་ཅིང་ཆགས་པར་མཛད་པའོ། །
བྱང་ཆུབ་ལ་སེམས་དཔས་ན་བྱང་ཆུབ་སེམས་དཔའོ། །སེམས་ཅན་གྱི་ཚོགས་ཆེན་པོའི་དོན་ཆེན་པོ་ལ་རབ་ཏུ་འཇུག་པར་མཛད་པས་ན་སེམས་དཔའ་ཆེན་པོའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་རྫོགས་པས་དོན་ཐམས་ཅད་ཡོངས་སུ་གྲུབ་པ་བཞེད་པ་ཙམ་ལ་རག་ལས་པས་ན་དོན་ཐམས་
ཅད་གྲུབ་པའོ། །བྱང་ཆུབ་ལ་སྙིང་པོར་གྱུར་པ་ནི་བྱང་ཆུབ་པའི་སྙིང་པོ་སྟེ། མངོན་པར་བྱང་ཆུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་གནས་ཀྱི་སྙིང་པོ་ནི་སྙིང་པོ་ཞེས་བཤད་དེ། ས་ཐམས་ཅད་ཀྱི་སྟེང་ན་འདུག་པས་ཞོའི་སྤྲིས་མ་དང་འདྲའོ། །དེར་ཞུགས་པ་ནི་གནས་པར་མཛད་པ་སྟེ། བཅོམ་ལྡན་
འདས་དོན་ཐམས་ཅད་གྲུབ་པ་ཤཱཀྱའི་རིགས་སུ་སྐྱེ་བ་ཡོངས་སུ་བཞེས་ནས། གཞོན་ནུ་རོལ་པ་དང་། བཟོ་བསྟན་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། མངོན་པར་བྱུང་བ་དང་། རབ་ཏུ་བྱུང་བ་ཡང་བསྟན་ནས་སེམས་ཅན་སྔོན་ཡོངས་སུ་སྨིན་པར་བྱས་པ་མིར་སྐྱེ་བ་རྣམས་
དང་། སྐུ་ཚེ་ཡང་དག་པར་འབྲེལ་པ་ལ་སོགས་པས་དོན་མཛད་པའི་ཕྱིར་དང་། མུ་སྟེགས་ཀྱི་ལྟ་བ་ལ་མངོན་པར་ཞེན་ཅིང་དཀའ་བར་སྤྱོད་པས་གྲོལ་བར་འགྱུར་རོ་ཞེས་མངོན་པར་རློམ་པ་རྣམས་ལ་མངོན་པའི་ང་རྒྱལ་གཞོམ་པའི་ཕྱིར་དཀའ་བར་སྤྱོད་པ་མཛད་པར་ཡང་བསྟན་ཏེ། དཀའ་བར་
སྤྱོད་པའི་ས་ཉིད་ལ་བྱིན་གྱི་རླབས་ཀྱིས་མིའི་ལུས་བཞག་ནས་རྫུ་འཕྲུལ་གྱི་ལྷའི་རྒྱལ་པོའི་གནས་སུ་གཤེགས་ཏེ། ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མི་གཡོ་བའི་ཏིང་ངེ་འཛིན་ལྟ་
བུ་ལ་སྙོམས་པར་ཞུགས་ནས་འོག་མིན་གྱི་གནས་ན་ཞུགས་པ་གང་ན་བ་དེར་གཤེགས་པ་སྟེ། དེར་བཞུད་ཅེས་བྱ་བའི་དོན་ཏོ། །གཤེགས་ཏེ་བྱོན་ནས་ཆེད་དུ་རྫོགས་ལོངས་སྤྱོད་པའི་སྐུ་བསྟན་ནས་ཞེས་བྱ་བ་ལ་རྫོགས་ལོངས་སྤྱོད་པའི་སྐུ་ནི་ཆོས་ཀྱི་ལོངས་སྤྱོད་རྫོགས་པར་བྱ་བའི་ཕྱིར། རྣམ་
เล่ม ๕๕ · หน้า 18b
པར་དག་པ་རྣམས་ལ། རྣམ་པར་དག་པ་རང་གི་སོ་སོར་སྣང་བ་བསྐྱེད་པ་སྟེ། གཅིག་ལ་གཅིག་གི་དབང་གིས་ན། །རྣམ་པར་རིག་པ་ཕན་ཚུན་ངེས། །ཞེས་བཤད་པའོ། །དེ་ཡང་ཡོངས་སུ་དག་པའི་སློབ་མ་གཅིག་ལ་སོ་སོར་སྣང་བ་གཉིས་པའི་མངོན་པར་འདོད་པའི་དོན་བསྟན་པར་
ནུས་པའི་བླ་མར་སྣང་བའི་རྫོགས་ལོངས་སྤྱོད་པས་ཡིད་ཚིམ་པར་མཛད་པའི་ཕྱིར་རྫོགས་ལོངས་སྤྱོད་པ་སྟེ། རྫོགས་ལོངས་སྤྱོད་པའི་སྐུ་དེའི་སྣང་བ་བསྟན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་མ་རྟོགས་
པར་དཀའ་བ་སྤྱད་པ་ཐམས་ཅད་ལ་སྤྲོ་བ་བསྐྱེད་ཅིང་། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱ་སྙམ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དེ་སོ་སོར་རྟོགས་པ་ཡིན་པས་ཁམས་གསུམ་
པ་འདི་དག་ནི་སེམས་ཙམ་མོ་ཞེས་ཤེས་ནས་དེའི་བསམ་པ་ཡོངས་སུ་སྦྱང་བ་དང་། ཡོངས་སུ་རྫོགས་པར་བྱ་བ་དག་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་ཀྱིས་བྱ་བ་དང་། དེའི་བསོད་ནམས་ཀྱི་ཚོགས་ཡོངས་སུ་དག་པ་ཡེ་ཤེས་ཀྱི་རྡོ་རྗེས་བྱིན་གྱིས་བརླབ་པ་དང་། དེར་ཡང་བདག་གི་ངོ་
བོ་ཉིད་དུ་ལྷག་པར་མོས་པ་དང་། དེར་ཡང་སངས་རྒྱས་ཀྱི་ཁམས་བཞུགས་པ་དང་། དེར་ཡང་སངས་རྒྱས་ཀྱི་གཟུགས་སུ་བསྒོམ་པ་སྟེ། གནས་ཡོངས་སུ་གྱུར་པའི་མཚན་ཉིད་འདི་ནི་ཀུན་དུ་བཟང་པོའི་ས་ལ་འཇུག་པའི་ཚུལ་ཏེ། ཇི་ལྟར་སྔོན་ཡོངས་སུ་སྨིན་པའི་སེམས་ཅན་རྣམས་ཀྱི་དོན་
མཛད་པར་སྤྱོད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོ། །དེ་མངོན་པར་མ་རྟོགས་པ་ནི་ཡོངས་སུ་མ་ཤེས་པར་དཀའ་བ་སྤྱོད་པ་ཐམས་ཅད་ལ་སྤྲོ་བ་བསྐྱེད་ཅེས་གསུངས་ཏེ། དཀའ་བ་ནི་མིའི་འཇིག་རྟེན་འདིར་དཀའ་བ་སྤྱོད་པ་ཉམས་སུ་ལེན་པའོ། །དེར་ཡང་མི་གཡོ་བའི་ཏིང་
ངེ་འཛིན་མངོན་སུམ་དུ་བྱེད་ལ་རྣལ་འབྱོར་པ་གང་མི་གཡོ་བའི་ཏིང་ངེ་འཛིན་ལ་གནས་ན། རྒྱལ་བ་བཞིན་དུ་དབུགས་རྔུབ་པར་མི་བྱེད། དབུགས་འབྱིན་པར་མི་བྱེད། གཡོ་བར་མི་བྱེད། འགུལ་བར་མི་བྱེད། འགྱུར་བར་མི་བྱེད་ཅིང་། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ལས་འདས་ཏེ་
เล่ม ๕๕ · หน้า 19a
གནས་སོ། །གནས་ཀྱི་ཁྱད་པར་དེ་ལ་གནས་ན་སེམས་ཅན་རྣམས་ཀྱི་དོན་བྱེད་པར་མི་ནུས་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས་བསླང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་ལ་དེ་རྣམས་ཀྱིས་བསྐུལ་
བའི་རྗེས་ཐོགས་ཉིད་ལ་མི་གཡོ་བའི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་འདུད་ཅིང་ཕྱག་བྱས་ནས་བོས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་དེ་ཁོ་ན་ཉིད་ནི་ཇི་ལྟ་བུ་ལགས། ཇི་ལྟར་བསྒྲུབ་པར་བགྱི་ཞེས་པ་ནི། རྣམ་
པ་གང་གིས་ཉམས་སུ་བླང་བར་བགྱི་ཞེས་པའོ། །དེ་དག་ཐམས་ཅད་ཀྱང་སློབ་དཔོན་དང་སློབ་མའི་འབྲེལ་པ་བསྟན་པ་ཡིན་ཏེ། སྔགས་སྤྱད་པའི་ཚུལ་ལ་ཡེ་ཤེས་དང་། དམ་ཚིག་གི་མཚན་ཉིད་དང་། དབང་བསྐུར་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པ་དང་། སེམས་
ཅན་རྣམས་ཀྱི་དོན་བྱ་བ་ནི་སློབ་དཔོན་ལ་རག་ལས་པ་ཡིན་ནོ་ཞེས་སྟོན་ཏེ། རང་དགའི་ཐུགས་ཐུབ་དང་། བླ་མ་ལ་བསྙེན་བཀུར་མ་བྱས་པ་རྣམས་ལ་ནི་སྔགས་སྤྱད་ཀྱང་དངོས་གྲུབ་ཏུ་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་ཏེ། དེ་ལྟར་སློབ་མ་སློབ་མའི་ཡོན་ཏན་དང་ལྡན་ཞིང་། དབང་པོ་ཡོངས་སུ་སྨིན་
པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་ཤིང་། བཀའ་སྩལ་པ་ཚོལ་བ་ལ་གཅིག་ཏུ་བརྩོན་པ་དེ་ལ་ནི་དེ་བཞིན་གཤེགས་པ་སྣང་བའི་ལམ་དུ་གཤེགས་པ་ཇི་སྙེད་པ་དེ་རྣམས་ཀྱིས་གསུང་དབྱངས་གཅིག་གིས་འདི་སྐད་ཅེས་བཀའ་
སྩལ་པའོ། །གསུང་གཅིག་ཏུ་ཞེས་བྱ་བ་ནི་གསུང་གཅིག་པ་ཉིད་ཡིན་པས་ན་གསུང་གཅིག་སྟེ། ཐོས་པ་གཅིག་པ་དང་། དོན་གཅིག་པས་ན་དབྱངས་གཅིག་ཏུ་བྱིན་གྱིས་བརླབས་ཏེ། མང་པོ་ཞིག་གིས་གསུང་དབྱངས་ཀྱང་སྒྲ་གཅིག་དང་འདྲ་བར་ཐོས་པས་ན་གསུང་གཅིག་ཏུ་བཀའ་
སྩལ་པ་སྟེ། གསུང་གཅིག་པ་ཞེས་བྱ་བ་མགུར་གཅིག་ཏུ་མངོན་པར་བྱང་ཆུབ་པའི་རིམ་པ་ཉེ་བར་སྟོན་པར་མཛད་པའོ། །གལ་ཏེ་མངོན་པར་བྱང་ཆུབ་པ་གཞན་གྱི་མན་ངག་ལ་ལྟོས་དགོས་ན། དེ་ལྟ་ན་ནི་བཅོམ་ལྡན་འདས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པས་སློབ་དཔོན་
เล่ม ๕๕ · หน้า 19b
མེད་པའི་ཡེ་ཤེས་སུ་ཇི་ལྟར་བཞག་ཅེ་ན། གང་འདི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ནི་རྒྱུའི་གནས་སྐབས་ཡོངས་སུ་རྫོགས་པ་ཡིན་གྱི། དེའི་འབྲས་བུའི་གནས་སྐབས་ཡོངས་སུ་རྫོགས་པ་
མ་ཡིན་ཏེ། དེའི་ཕྱིར་ལུང་མནོད་པ་གཟུང་བ་རིགས་པ་ཉིད་ཡིན་ལ། གང་གི་ཚེ་འཛམ་བུའི་གླིང་པའི་མི་རྣམས་ཀྱི་དོན་རྫོགས་པར་མཛད་པའི་ཕྱིར་མངོན་པར་བྱང་ཆུབ་པར་སྟོན་པ་དེའི་ཚེ་སློབ་དཔོན་མེད་པའི་ཡེ་ཤེས་ཅན་དུ་གཞག་པ་ཡིན་ནོ། །ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། རང་གི་སེམས་ལ་
རྟོག་ཅིང་མཉམ་པར་ཞོག་ལ་ཞེས་བྱ་བ་སྨོས་པ་ལ། རང་གི་སེམས་ཡིན་པས་རང་གི་སེམས་ཏེ། ཡིད་ཀྱི་རྣམ་པར་ཤེས་པའོ། །དེའི་སོ་སོར་རྟོག་པ་ནི་སོ་སོར་རྟོག་པ་སྟེ་དོན་ལ་སོ་སོར་རྟོག་པས་སོ་སོར་རྟོག་པའོ། །དེ་ཡང་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཀྱི་མཚན་ཉིད་ལ་སོ་སོར་
རྣམ་པར་དཔྱད་པ་ན། དེ་ནི་གཅིག་ནའང་ཡུལ་མིན་ལ། །ཕྲ་རབ་རྡུལ་དུ་དུ་མའང་མིན། །དེ་དག་འདུས་པའང་མ་ཡིན་ཏེ། །འདི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར། །དྲུག་གིས་ཅིག་ཅར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་གི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་
འགྱུར། །ཞེས་བྱ་བ་སྟེ། དེ་དག་ལ་སོགས་པའི་ཚུལ་གྱིས་ན་དམིགས་པ་དང་མི་ལྡན་པས་ན་འདི་དག་ནི་སེམས་ཙམ་ཉིད་དོ་ཞེས་ངེས་པ་ཡིན་ལ། སོ་སོར་རྟོག་པ་ནི་ངེས་པའི་དོན་འདི་ཉིད་ལ་བསྒོམ་པ་ན། སེམས་རྩེ་གཅིག་པ་ཐོབ་པ་ནི་སེམས་ལ་སོ་སོར་རྟོག་ཅིང་མཉམ་པར་འཇོག་པའོ། །རང་
གི་སེམས་ལ་སོ་སོར་རྟོག་ཅིང་མཉམ་པར་འཇོག་པ་འབའ་ཞིག་གིས་བསྒྲུབ་པར་མ་ཟད་ཀྱི་སྔགས་བཟླས་པས་ཀྱང་འགྲུབ་པར་བསྟན་པའི་ཕྱིར། རང་བཞིན་གྱིས་གྲུབ་པས་ན་རང་བཞིན་གྱིས་གྲུབ་པ་སྟེ་འདི་ནི་ངག་གིས་ཀྱང་བསྒྲུབ་པར་བྱ་བ་མ་ཡིན་གྱི། ཇི་ལྟ་ཞེ་ན། ངོ་བོ་ཉིད་ཀྱིས་གྲུབ་པ་ཁོ་ནའོ་
ཞེས་སྟོན་ཏོ། །ཅི་དགར་བཟླས་ཤིང་ཞེས་བྱ་བ་ཇི་སྲིད་འདོད་པར་བཟླས་པས་སོ། །འདི་སྐད་སྟོན་ཏེ། འདིར་ནི་བསྒོམ་པ་ཉིད་ལ་ཤིན་ཏུ་འབད་པར་བྱའི་བཟླས་བརྗོད་ལ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཅི་དགར་བཟླས་ཤིང་ཞེས་གསུངས་སོ། །སྒྲུབས་ཤིག་ཅེས་བྱ་བ་ནི་ནན་
เล่ม ๕๕ · หน้า 20a
ཏན་དུ་བསྒྲུབ་པར་གྱིས་ཤིག་པའོ།། །།ད་ནི་སོ་སོར་རྟོགས་པར་བྱས་ནས་འཁོར་བའི་དངོས་པོ་ལས་དང་ཉོན་མོངས་པའི་རྣམ་པར་སྨིན་པའི་གཟུགས་ཅན་གྱི་བདག་ཉིད་ཀྱི་དངོས་པོ་ངེས་པར་བཟློག་པར་རྣམ་པར་བསྒོམས་ནས་དོན་དམ་པ་སོ་སོར་རྟོགས་པས་རྒྱུ་མཐུན་
པའི་བདག་གི་ངོ་བོར་རྣམ་པར་དག་པ་བསྒྲུབ་པའི་ཕྱིར་བདག་གིས་རྟོགས་སོ་ཞེས་བྱ་བ་སྟོན་ཏེ། བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །རྟོགས་སོ་ཞེས་བྱ་བ་ནི་ཀུན་ནས་རྟོགས་ཤིང་ཇི་སྐད་བསྟན་པ་བཞིན་དུ་ཁོང་དུ་ཆུད་དོ་ཞེས་བྱ་བའི་དོན་ཏོ། །ད་ནི་རང་གི་རྟོག་པའི་ཡེ་ཤེས་ཀྱི་
ཚུལ་བསྟན་པར་བྱ་བའི་ཕྱིར་བདག་གི་སྙིང་ག་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་སྙིང་ག་ནི་རང་གི་སེམས་ལ་བྱ་སྟེ་ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་དག་ཅིང་གནས་གྱུར་པ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཚུལ་དུ་གྱུར་པ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཚན་ཉིད་ཅན་རང་
གི་སེམས་དེ་ལ་བསྐལ་པ་གྲངས་མེད་པ་གསུམ་དུ་བསོད་ནམས་ཀྱི་ཚོགས་ཡོངས་སུ་བསགས་པ་དེ་ལ་གནས་པ་གཟུགས་ཀྱི་སྐུ་ཡོངས་སུ་དག་པའི་ས་བོན་དང་འདྲ་བར་ཤར་བ་ཙམ་གྱིས་སེམས་ཅན་གྱི་ཁམས་ཀྱི་རང་བཞིན་ཚིམ་པར་བྱེད་པའི་རྣམ་པར་རྟོག་པའི་གཟུགས་དེ་གོང་ནས་གོང་
དུ་རྣམ་པར་རྟོག་པའི་རྒྱུ་ནི་ཟླ་བའི་དཀྱིལ་འཁོར་ལྟ་བུ་ཡིན་པས་ཟླ་བའི་དཀྱིལ་འཁོར་ལྟ་བུ་ཞེས་གསུངས་ཏེ། ཟླ་བའི་དཀྱིལ་འཁོར་དང་ཆ་འདྲ་བར་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་པ་སེམས་ལ་དབང་ཐོབ་པ་རྣམས་ལ་བདག་དང་གཞན་ལ་བརྟེན་པའི་སྤྲུལ་པ་རྣམས་ཇི་ལྟར་འདོད་
པར་འབྱིན་པར་འགྱུར་བར་དེ་བཞིན་གཤེགས་པ་རྣམས་སྟོན་པར་མཛད་པའི་ཕྱིར་རིགས་ཀྱི་བུ་སེམས་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ཞེས་བྱ་བ་ནི་ངན་པའི་སྐྱེས་བུ་དང་འབྲེལ་པ་ཡོད་པར་ཞུ་བར་གྱུར་པས་ན་རིགས་ཏེ་རྒྱལ་རིགས་ལ་སོགས་པའོ། །དེ་གཙང་ཞིང་དག་
པར་བྱེད་ལ་འཁོར་བ་ལས་སྐྱོབ་པར་བྱེད་པའི་དོན་གྱིས་ན་བུ་སྟེ་རིགས་ཀྱི་བུ་ཡིན་པས་ན་རིགས་ཀྱི་བུའོ། །སེམས་འདི་ནི་ཞེས་བྱ་བ་ནི་སེམས་འདིའོ། །རང་བཞིན་གྱིས་འོད་གསལ་བ་ནི་རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་ཤིན་ཏུ་འོད་གསལ་བས་ན་རང་བཞིན་གྱིས་འོད་གསལ་བ་སྟེ། ངོ་བོ་ཉིད་
เล่ม ๕๕ · หน้า 20b
ཀྱིས་དྲི་མ་མེད་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཞེས་བྱ་བ་ནི་སེམས་དང་སྦྱར་རོ། །ཇི་ལྟར་སྦྱངས་པ་ཞེས་བྱ་བ་ནི་རྣམ་པ་གང་གིས་ཡོངས་སུ་སྦྱངས་ཤིང་གཞི་དང་འབྲེལ་པར་ཉེ་བར་སྦྱར་ན་སེམས་དེ་དེ་བཞིན་དུ་འགྱུར་ཏེ། རང་གི་གནས་ཇི་ལྟར་སྣང་བཞིན་དུ་སོ་སོར་སྣང་བ་འཛིན་པར་འགྱུར་
རོ་ཞེས་བྱ་བའི་དོན་ཏོ། །དོན་འདི་ཉིད་དཔེས་གསལ་བར་བྱ་བའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཞེས་བྱ་བའི་སྒྲ་ནི་དཔེ་སྟོན་པར་བྱེད་པའོ། །དཀར་པོ་ནི་རྣམ་པར་དག་པ་ལ་བྱ་སྟེ། དྲི་མ་དང་བྲལ་བའི་ཕྱིར་འདི་དང་མཐུན་པའི་དཔེ་རས་བསྟན་པ་ཡིན་ནོ། །དེ་
བས་ན་ཇི་ལྟར་རས་རྣམ་པར་དག་པ་ལ་ཚོན་གང་དང་གང་ཡིན་པ་དང་ཕྲད་པར་གྱུར་པ་དེ་དང་དེ་ཉིད་དེར་ཤིན་ཏུ་གསལ་བར་འགྱུར་རོ། །དེ་བཞིན་དུ་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་ཞིང་། རང་བཞིན་གྱིས་འོད་གསལ་བའི་སེམས་ལ་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པར་ནུས་ཏེ། ལུས་
དང་ལོངས་སྤྱོད་རྣམ་པར་དག་པ་ལ་སོགས་པ་གང་དང་གང་ལ་གཏོད་པ་དེ་དང་དེ་ཉིད་དེར་ཤིན་ཏུ་གསལ་བར་འགྱུར་ཏེ་འདི་ནི་དཔེས་བསྟན་པའི་དོན་ཡིན་ནོ། །བྱ་བ་ཡོངས་སུ་མ་རྫོགས་པ་སླར་ཡང་ལུང་དབོག་པ་གཞན་ཡང་སྦྱིན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་ཏུའོ། །རང་བཞིན་གྱིས་འོད་གསལ་བའི་སེམས་ཞེས་བྱ་བ་ནི་སྔར་བསྟན་ཟིན་ཏོ། །དེའི་རྒྱས་པར་བྱ་བ་ནི་ཡོངས་སུ་རྫོགས་པ་སྟེ། དེའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་ལ་བྱང་ཆུབ་ཀྱི་སེམས་ནི་འདིར་བྱང་
ཆུབ་སེམས་དཔའི་ས་བཅུའི་འབྲས་བུའི་རང་བཞིན་སངས་རྒྱས་ཀྱི་ས་ཀུན་དུ་བཟང་པོའི་མཚན་ཉིད་ཅན་གྱི་སེམས་བསྐྱེད་པར་གྱུར་པ་སྟེ། བྱང་ཆུབ་ཀྱང་ཡིན་ལ་སེམས་ཀྱང་ཡིན་པས་ན་བྱང་ཆུབ་ཀྱི་སེམས་ཏེ། དེ་བསྐྱེད་པར་བྱ་བའི་ཕྱིར་ལུང་དབོག་པ་སྩལ་བར་གྱུར་ལ། བྱང་ཆུབ་སེམས་
དཔས་ཀྱང་བཅོམ་ལྡན་འདས་ཀྱི་ལུང་ཕོག་པ་དེའི་རྗེས་ཐོགས་ཉིད་ལ་སེམས་དེ་ཡོངས་སུ་སྦྱངས་ཤིང་རྫོགས་པར་མཛད་ནས། ཉིད་ཀྱི་ཐུགས་སུ་ཆུད་ཅིང་བསྐྱེད་པ་བརྗོད་པར་བྱ་བའི་ཕྱིར་ཟླ་བའི་དཀྱིལ་འཁོར་ལྟ་བུ་ཞེས་བྱ་བ་ལ་སོགས་པའི་གཞུང་གི་ཚོགས་ཉེ་བར་དགོད་པ་གསུངས་པ་ཡིན་ཏེ།
เล่ม ๕๕ · หน้า 21a
ཟླ་བའི་དཀྱིལ་འཁོར་ལྟ་བུར་སེམས་གང་གསུངས་པ་དེ་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་ཞེས་བྱ་བ་ལ། སེམས་གང་ཚེས་གཅིག་པའི་ཟླ་བའི་དཀྱིལ་འཁོར་ལྟ་བུར་སྣང་བ་དོན་བསྒོམས་པའི་སྟོབས་ཀྱིས་སྟོན་ཀའི་ཚེས་བཅོ་ལྔའི་ཟླ་བ་ལྟ་བུར་སོ་སོར་སྣང་ངོ་ཞེས་བྱ་བའི་
དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་ལ་ཐུགས་སུ་ཆུད་པ་བརྙེས་པ་བསྒོམ་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སྟེ་ཐམས་ཅད་མཁྱེན་པའི་ཡེ་
ཤེས་སོ། །སེམས་བསྐྱེད་པ་ཞེས་བྱ་བ་ནི་ཐུགས་སུ་ཆུད་པའི་མཚན་ཉིད་ལ་བྱའི། སོ་སོར་རྟོག་པའི་མཚན་ཉིད་ཀྱང་མ་ཡིན་ལ་ཡང་དག་པར་བླངས་པ་དང་བརྡར་བརྟགས་པ་ཡང་མ་ཡིན་ནོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར་ཀུན་དུ་བཟང་པོ་ཞེས་གསུངས་པ་ཡིན་ཏེ།
ཀུན་ནས་བཟང་བ་ཉིད་ཡིན་པས་ན་ཀུན་དུ་བཟང་པོ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་དུ་གྱུར་གྱིས་ཞེས་བྱ་བ་ནི་མཚུངས་པ་ཉིད་བརྙེས་པའོ། །གང་གི་ཕྱིར་འདི་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷན་ཅིག་མཚུངས་པ་ཉིད་
བརྙེས་པ་སྟེ་དེའི་ཕྱིར་ལེགས་པ་སྟེ། ཁྱད་པར་ཅན་དུ་སྒྲུབས་ཤིག་པ་སྟེ། ཉམས་སུ་ལོང་ཤིག་པའོ། །ཅིའི་ཕྱིར་ལེགས་པར་སྒྲུབས་ཤིག་ཅེས་ཕྱོགས་སྔ་མ་རྟོག་པ་ལ་དེ་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་གསུངས་ཏེ། དེ་ཞེས་བྱ་བ་ནི་བཤད་མ་ཐག་པའི་སེམས་བསྐྱེད་པ་སྟེ། བསྒོམ་
པའི་རང་བཞིན་ཅན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའོ། །བརྟན་པར་བྱ་བ་ནི་འཁོར་བ་ཇི་སྲིད་པར་རྒྱུན་དུ་བཞུགས་པ་ལ་སྟེ། དེའི་ཕྱིར་རོ། །དེའི་རྒྱུད་རང་གི་སེམས་ཀྱི་སྣང་བ་ཡོངས་སུ་དག་པའི་བསོད་ནམས་ཀྱི་ཚོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེའི་དབྱིབས་སུ་སོམས་ཤིག་ཅེས་བྱ་བ་རང་གི་སྙིང་
ག་སྟེ། རང་གི་སེམས་ལ་བསོད་ནམས་ཀྱི་ཚོགས་ཟླ་བའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དུ་གཟུང་བའི་ཆ་ཤས་ལ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་དག་པའི་རྡོ་རྗེའི་དབྱིབས་སུ་སོམས་ཤིག་ཅེས་པ་སྟེ་སྒོམས་ཤིག་པའོ། །ཇི་ལྟར་བསྒོམ་པར་བྱ་ཞེས་ཕྱོགས་སྔ་མ་རྟོག་པ་ལ་སྔགས་འདིས་ཞེས་བྱ་བ་
เล่ม ๕๕ · หน้า 21b
གསུངས་སོ། །སླར་ཡང་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཐུགས་སུ་ཆུད་པར་བསྟན་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུང་ཇི་སྐད་དུ་ཕོག་པ་བཞིན་རྟོགས་པའི་ཕྱིར་མཐོང་ངོ་ཞེས་གསུངས་སོ། །ཐུགས་སུ་ཆུད་པ་ད་དུང་དུ་ཡང་མ་རྫོགས་སོ་ཞེས་བསྟན་པའི་ཕྱིར་
བརྟན་པར་གྱིས་ཤིག་ཅེས་བྱ་བ་གསུངས་ཏེ། འདིའི་བརྟན་པར་བྱ་བ་ནི་བདག་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ལྷག་པར་མོས་པར་བྱའོ། །ཇི་ལྟར་བརྟན་པར་བྱ་ཞེས་འདིར་རྟོག་པ་ལ་སྔགས་འདིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་བསྟན་ཏེ་བདག་གི་རྡོ་རྗེ་གང་ཡིན་པ་དེ་ནི་བདག་
ཡིན་ལ། བདག་གང་ཡིན་པ་དེ་ནི་རྡོ་རྗེ་ཡིན་ནོ་ཞེས་པའོ། །རྡོ་རྗེ་བདག་ཉིད་ཅན་ལ་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་རྣམས་རྡུལ་ཕྲ་རབ་འདུས་པའི་ངོ་བོ་ཉིད་ནི་བདག་གི་ངོ་བོ་ཉིད་ཡིན་ན་འདིར་ཇི་ལྟར་ན་ལུས་ཀྱི་རྒྱུ་མེད་པར་བདག་གི་དངོས་པོ་འགྲུབ་པར་འགྱུར་ཞེས་ཕྱོགས་སྔ་མ་རྟོག་པ་ལ་དེ་
ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟེ། །སྔགས་བཟླས་པའི་རྗེས་ཐོགས་ཉིད་ལའོ། །ནམ་མཁའི་དབྱིངས་ཐམས་ཅད་དུ་ཡང་དག་པར་རྟོགས་པ་མཉམ་པར་འཇུག་པ་གང་ཡིན་པ་དེ་ནི་ནམ་མཁའི་དབྱིངས་ཐམས་ཅད་དུ་མཉམ་པར་
འཇུག་པའོ། །དེ་ལྟ་བུ་སུ་ཞིག་ཡིན་ཞེས་རྣམ་པར་རྟོག་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཕྲ་མོ་རྣམས་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་སོ། །དེ་རྣམས་ཅི་ཞིག་ཏུ་གྱུར་ཞེ་ན།
སེམས་དཔའི་རྡོ་རྗེ་དེར་ཞུགས་ཞེས་བྱ་བ་གསུངས་སོ། །གང་གི་མཐུས་ཤེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲ་ནི་འདིར་མི་བསྐྱོད་པ་ལ་སོགས་པ་བཞི་ཟུང་ངོ་། །བྱིན་གྱིས་བརླབས་པ་ནི་མཐུ་ལ་བྱ་སྟེ།
དཔེར་ན་ཁབ་ལེན་གྱིས་ལྕགས་འདྲེན་པར་ནུས་པ་བཞིན་དུ་དེ་རྣམས་དེར་ཞུགས་པར་མཛད་པའོ། །སེམས་དཔའ་ནི་ཀུན་དུ་བཟང་པོའི་ཐུགས་སོ། །དེའི་སྟེང་དུ་ཡེ་ཤེས་ཀྱི་རྡོ་རྗེ་ནི་རྡོ་རྗེ་སྟེ། སེམས་དཔའ་དང་རྡོ་རྗེ་ནི་སེམས་དཔའ་རྡོ་རྗེའོ། །དེ་ཡང་འདི་ནི་རྡོ་རྗེ་སེམས་མའི་ཕྱག་རྒྱ་སྟེ།
เล่ม ๕๕ · หน้า 22a
འོག་ནས་བཤད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཡུམ་སྟེ། དེར་དེ་ལྟ་བུའི་གཟུགས་ཀྱིས་སེམས་དཔའི་རྡོ་རྗེར་ཞུགས་སོ། །ཡང་མངོན་པར་བྱང་ཆུབ་པའི་རིམ་པ་འདི་སྔགས་སྤྱད་པ་རྣམས་ཀྱི་རྗེས་སུ་མཐུན་པ་ཡིན་པར་བསྟན་པར་བྱ་བའི་ཕྱིར།
དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་དུ་བཟང་པོའི་སེམས་བསྐྱེད་པ་ནི་དཀྱིལ་འཁོར་དུ་བཞུགས་པའི་གནས་སུ་གྱུར་པ་ཡིན་ལ། དེའི་སྟེང་གི་རྡོ་རྗེ་ནི་རྡོ་རྗེའི་དབང་བསྐུར་བའི་གནས་སུ་གྱུར་པ་ཡིན་ནོ། ད་ནི་རྡོ་རྗེ་དབྱིངས་རྡོ་རྗེ་དབྱིངས་ཞེས་མིང་གི་དབང་བསྐུར་བ་སྩོལ་བར་གྱུར་
པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཁམས་རྣམས་ཡོངས་སུ་གྱུར་པའི་རྡོ་རྗེའི་རྒྱུ་རྣམས་འདི་ཡིན་པས་ན་རྡོ་རྗེའི་དབྱིངས་ཞེས་བྱ་བའི་སྒྲ་ནི་རྒྱུའི་རྣམ་གྲངས་ཡིན་ནོ། །རྡོ་རྗེའི་དོན་ནི་བཤད་ཟིན་ཏོ། །རྡོ་རྗེས་མཚན་པའི་མིང་ནི་རྡོ་རྗེའི་མིང་སྟེ།
རྡོ་རྗེའི་མིང་དེས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའོ། །བླ་མའི་དྲིན་གྱིས་གཟི་བྱིན་བསྐྱེད་པ་དང་འབྲེལ་པའི་ཕྱིར་རིགས་ཀྱི་མཚན་མས་བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་དེ་ཉིད་ལ་རྡོ་རྗེ་དབྱིངས་ཞེས་བྱ་བའི་སྒྲར་བཤད་དོ། །ད་ནི་འདི་ཉིད་ཀྱི་ཐུགས་
སུ་ཆུད་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་བདག་ལགས་པར་མཐོང་ངོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡང་དག་པར་བསྡུས་པའི་གཟུགས་སུ་རང་གི་ལུས་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །
འདི་སྐད་སྟོན་ཏེ་རྡོ་རྗེའི་གཟུགས་སུ་ང་རྒྱལ་གྱིས་ཡོངས་སུ་གཟུང་བ་གང་ཡིན་པ་དེ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པར་གྱུར་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་རྡོ་རྗེ་རྩེ་ལྔ་པ་ལས་མངོན་པར་བྱུང་བའི་རྡོ་རྗེ་སེམས་དཔའི་སྐུའི་གཟུགས་
སུ་མཐོང་ངོ་ཞེས་པའོ། །གནས་ཡོངས་སུ་གྱུར་པ་ཡོངས་སུ་མ་རྫོགས་པས་ན་ཡང་ལུང་དབོག་པ་སྩོལ་བར་མཛད་དེ། དེ་བས་ན་སེམས་དཔའ་ཆེན་པོ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བས་ན་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་
เล่ม ๕๕ · หน้า 22b
སངས་རྒྱས་རྣམས་ཀྱི་རྡུལ་ཕྲ་རབ་ཡང་དག་པར་བསགས་པའི་གཟུགས་ལས་རྡོ་རྗེ་སེམས་དཔའི་གཟུགས་གཅིག་པུར་མཐོང་གི་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ་སེམས་ཅན་ཐམས་ཅད་ཀྱིས་བལྟ་བར་བྱ་བའི་རང་བཞིན་སེམས་ཅན་རྣམས་ཀྱི་དོན་བྱེད་ནུས་པའི་སངས་རྒྱས་ཀྱི་སྐུ་གཅིག་པུར་
ནི་མ་ཡིན་ནོ། །དེ་ལྟ་བས་ན་སེམས་དཔའི་རྡོ་རྗེ་དེ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་བྱའོ། །རྣམ་པ་ཐམས་ཅད་དེ་མཚན་དང་དཔེ་བྱད་རྣམས་ནི་འཁོར་ལོས་སྒྱུར་བ་རྣམས་ལ་ཡང་ཡོད་པས་ན། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་མཆོག་ཅེས་བྱ་བ་སྨོས་ཏེ། མཆོག་ནི་དམ་པ་
སྟེ་ཡུལ་ན་གནས་པ་དང་། གསལ་བ་དང་། རྫོགས་པར་ལྡན་པ་ཡོངས་སུ་གཟུང་བའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱའོ། །དེ་ལྟར་གྱུར་པ་ལྟ་ཞིག་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེ་ན། སངས་རྒྱས་ཀྱི་སྐུར་ཞེས་བྱ་བ་གསུངས་སོ། །དེ་ལྟ་བུའི་
སངས་རྒྱས་ཀྱི་སྐུ་མདུན་དུ་བསྒོམ་དུ་ཡོད་དོ་ཞེ་ན། བདག་ཉིད་ཅེས་བྱ་བ་གསུངས་སོ། །སྒོམས་ཤིག་ཅེས་བྱ་བ་ནི་ལྷག་པའི་མོས་པ་བརྟན་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །ཡ་ཐཱ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཚན་དང་དཔེ་བྱད་རྣམས་ཀྱིས་བརྒྱན་པས་
སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་བའི་སྐུ་རྒྱ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཇི་ལྟ་བ་བདག་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་དུ་མངོན་པར་སངས་རྒྱས་ཤིང་ལྷག་པར་མོས་པ་དེ་ནས་བླ་མར་གྱུར་པའི་དེ་བཞིན་གཤེགས་པ་རྣམས་
ལ་ཕྱག་འཚལ་བ་ནི། འདི་ནི་ཀུན་དུ་བཟང་པོའི་ས་ལ་གནས་ཤིང་། དེ་རྣམས་ཀྱི་ཆོས་ཀྱི་དབྱིངས་ལ་ཞུགས་པས་ན་ཕྱག་འཚལ་བར་སྟོན་པ་ཡིན་ནོ། །བོས་ནས་ཞེས་བྱ་བ་ནི་འབོད་པ་སྟེ། འདི་ཡང་ཕྱག་འཚལ་བ་གཉིས་པ་ཡིན་ནོ། །ད་ནི་མ་འོངས་པའི་སྐྱེ་བོ་རྣམས་ལ་དགོངས་
ནས་བྱིན་གྱིས་བརླབ་པར་གསོལ་པ་ཡིན་ཏེ། སེམས་ཅན་སེམས་རྣམ་པར་གཡེངས་པ་རྣམས་སངས་རྒྱས་ཀྱི་ཕྱག་རྒྱ་བསྒྲུབས་ནས་རྣམ་པར་རྟོག་པ་གཞན་དག་ལ་ཀུན་དུ་སྤྱོད་པར་གྱུར་པས། དེ་ལྟ་བུའི་རྣམ་པར་ལྷག་པར་མོས་པ་བརྗོད་པའི་སློབ་དཔོན་དུ་གྱུར་པས། སློབ་མ་མངོན་པར་
เล่ม ๕๕ · หน้า 23a
འདུ་བྱེད་པ་ནི་འགལ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་དེའི་ལུས་ལ་ཞུགས་ཤིང་བྱིན་གྱིས་བརླབས་ཏེ་ཡོངས་སུ་གཟུང་བར་བྱའོ། །བརྟན་པར་བྱ་བའི་ཕྱིར་ཡི་གེ་བརྒྱ་པ་བཟླ་བ་ནི་འོག་ནས་བཤད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་འདིར་ཡེ་
ཤེས་ཀྱི་སྐུའི་ངོ་བོ་ཉིད་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་པོ་རྣམས་གཟུང་ངོ་། །གང་ཡང་སེམས་དཔའ་རྡོ་རྗེའི་གནས་སྐབས་སུ་ཞུགས་པ་དེ་རྣམས་ནི་སྤྲུལ་པ་མཐའ་ཡས་པའི་རང་བཞིན་ནོ། །དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་ཞེས་བྱ་བ་ནི་དེ་བཞིན་གཤེགས་
པའི་རང་བཞིན་ཆོས་ཀྱི་སྐུ་མངོན་སུམ་དུ་མཛད་པའི་ཕྱིར་རོ། །སེམས་དཔའ་རྡོ་རྗེ་དེར་ཞེས་བྱ་བ་ཐམས་ཅད་སྔར་གྱི་ཚུལ་ལ་ལྟོས་ཏེ། སེམས་དཔའ་རྡོ་རྗེར་བཏགས་པ་ཡིན་ནོ། །ཞུགས་ཞེས་བྱ་བ་ནི་སྙིང་ག་དང་། སྨིན་མཚམས་དང་ལྐོག་མ་དང་སྤྱི་བོ་རྣམས་སུ་ཞུགས་པ་སྟེ། འདི་དེའི་བྱིན་
གྱིས་བརླབས་པའོ།། །།ད་ནི་དགོངས་པ་བརྙེས་པ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་ཞེས་བྱ་བ་ནི་འདི་སྐད་སྟོན་པ་ཡིན་ཏེ། གང་གི་མིང་རྡོ་རྗེ་དབྱིངས་ཞེས་དབང་བསྐུར་བ་སྩོལ་བ་དེ་ནི་སྔོན་གྱི་སངས་རྒྱས་རྣམས་ཇི་ལྟར་གཤེགས་
པ་དེ་བཞིན་དུ་གཤེགས་ཤིང་སངས་རྒྱས་པས་དེ་བཞིན་གཤེགས་པའོ། །སྐད་ཅིག་མ་དེ་ཉིད་ཀྱི་ཚེ་ན་ཞེས་བྱ་བ་ནི་ལུང་འབོགས་པའི་རྗེས་ཐོགས་ཉིད་ཡིན་གྱི་དུས་གཞན་པ་ནི་མ་ཡིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བ་ནི་ཀུན་དུ་བཟང་པོའི་སེམས་བསྐྱེད་
པའོ། །དེ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། དེ་བརྙེས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་ཡེ་ཤེས་ཀྱི་རྡོ་རྗེ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་
ན་གནས་པ་གང་ཡིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཡང་ཡིན་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ནི་ཕྱག་རྒྱ་སྟེ། མཚན་མ་ཡིན་པས་རྡོ་རྗེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་
เล่ม ๕๕ · หน้า 23b
རྒྱའོ། །དེ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་དང་གཞན་མུ་སྟེགས་པ་རྣམས་ཀྱིས་ཡོངས་སུ་མི་ཤེས་པས་ན་གསང་བའོ། །འདི་ཉིད་ནི་དམ་ཚིག་སྟེ། མངོན་པར་བྱང་ཆུབ་པའི་གནས་སྐབས་ཡིན་ལ་དེར་ཞུགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་
ཕྱག་རྒྱའི་གསང་བའི་དམ་ཚིག་ཏུ་ཞུགས་པ་ཞེས་བྱ་སྟེ། དེ་བརྙེས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་ནི་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་སུ་ཞུགས་པ་དང་། རྡོ་རྗེའི་བདག་ཉིད་ཅན་ཉིད་དོ། །ཆོས་མཉམ་པ་ཉིད་ཁོ་ན་ནི་
ཡེ་ཤེས་ཏེ། དེ་རྟོགས་པ་ནི་མངོན་སུམ་དུ་མཛད་པའོ། །ཡེ་ཤེས་རྟོགས་པ་དེས་ན་རང་བཞིན་གྱིས་དག་པ་ཉིད་ཡིན་ནོ། །འདི་སྐད་སྟོན་ཏེ། འདུས་བྱས་ཀྱི་གྲོང་ཁྱེར་ཐམས་ཅད་འཇིག་པའི་མཚན་ཉིད་ཅན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་ངོ་བོ་ཉིད་ཀྱིས་གློ་བུར་གྱི་དྲི་མ་རྣམས་དང་བྲལ་བར་གྱུར་
པའི་ཕྱིར་རང་བཞིན་གྱིས་དག་པ་སྟེ། ངོ་བོ་ཉིད་ཀྱིས་དབེན་པ་ལ་གནས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཉམ་པ་ཉིད་ནི། ཇི་སྐད་དུ་བཤད་པའི་མཉམ་པ་ཉིད་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཉམ་པ་ཉིད་ཀྱིས་རང་
བཞིན་གྱིས་འོད་གསལ་ཞིང་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པ་ཡིན་ཏེ། རང་བཞིན་ཞེས་པ་ངོ་བོ་ཉིད་ཀྱིས་འོད་གསལ་ཞིང་དྲི་མ་མེད་པ་སྟོང་པ་ཉིད་ཀྱི་ཡུལ་དང་ལྡན་པའི་ཡེ་ཤེས་ནི་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་སོ། །དེའི་འབྱུང་གནས་སུ་གྱུར་པ་ནི་སྐྱེད་པའི་གནས་སུ་གྱུར་པ་སྟེ།
མཉམ་པ་ཉིད་བཞི་པ་བརྙེས་ཞེས་བྱ་བའི་དོན་ཏོ། །མཉམ་པ་ཉིད་བཞི་པ་ནི་མཚན་དང་དཔེ་བྱད་ཀྱི་མཉམ་པ་ཉིད་དེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་གང་བཤད་པའོ། །གང་གི་ཕྱིར་དེ་ལྟ་བུའི་ཡོན་ཏན་དང་ལྡན་པར་གྱུར་པ་དེའི་ཕྱིར་འདི་རྣམས་ཀྱི་རྣམ་གྲངས་ཀྱི་ཡུལ་དུ་གྱུར་པར་
བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་གྱི་སངས་རྒྱས་དེ་རྣམས་ཇི་ལྟར་གཤེགས་པ་དེ་བཞིན་དུ་གཤེགས་པ་སྟེ། སངས་རྒྱས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བྱང་ཆུབ་སེམས་དཔའ་གང་ལ་ཡང་དོན་གྱི་ཕྱོགས་གཅིག་གིས་དེ་བཞིན་གཤེགས་པ་
เล่ม ๕๕ · หน้า 24a
ཞེས་བྱ་བར་སྲིད་པས་དེའི་ཕྱིར་དགྲ་བཅོམ་པ་ཞེས་བྱ་བ་གསུངས་ཏེ། འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པར་འོས་པས་ན་དགྲ་བཅོམ་པའོ། །ཡང་ན་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་འོས་པ་ཡིན་པས་ན་དགྲ་བཅོམ་པའོ། །བྱང་ཆུབ་སེམས་
དཔའ་ས་བཅུའི་དབང་ཕྱུག་རྣམས་ཀྱང་ཕལ་ཆེར་འདོད་ཆགས་དང་བྲལ་བ་ཡིན་པས། དེ་རྣམས་ཀྱང་དགྲ་བཅོམ་པ་ཞེས་བྱ་བའི་ཚིག་གིས་བརྗོད་དུ་རུང་བས། དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་གསུངས་ཏེ་ཡང་དག་ཅིང་ཕྱིན་ཅི་མ་ལོག་པར་ཀུན་ནས་རྫོགས་པར་སངས་རྒྱས་སུ་ཐུགས་སུ་ཆུད་
པའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ་གྱུར་ཏོ་ཞེས་བྱ་བ་ནི་འཁྲུངས་སོ་ཞེས་བྱ་བའི་དོན་ཏོ། །སྔར་མངོན་པར་རྫོགས་པར་སངས་མ་རྒྱས་པའི་གནས་སྐབས་སུ་རྡོ་རྗེ་དབྱིངས་རྡོ་རྗེ་དབྱིངས་ཞེས་རྡོ་རྗེ་མིང་གི་དབང་བསྐུར་བས་དབང་བསྐུར་བར་གྱུར་པ་ཡིན་ལ་ད་ནི་སངས་རྒྱས་
ཀྱི་རྣལ་འབྱོར་རྫོགས་ནས་བྱིན་གྱིས་བརླབས་པ་མཛད་དེ། སངས་རྒྱས་པའི་གནས་སྐབས་སུ་ཡང་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བས་དབང་བསྐུར་བར་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ། །དེ་བཞིན་གཤེགས་
པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། སྔར་དབང་བསྐུར་ཟིན་པའི་ཕྱིར་སླར་ཡང་དབང་བསྐུར་རོ་ཞེས་བྱ་བར་སྦྱར་རོ། །གང་ནས་བྱོན་ཞེ་ན་གང་དུ་སྔར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དཔའ་དེ་ལས་ཞེས་བྱ་བ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་
ཅེས་བྱ་བ་ནི་འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གཟུང་ལ་སེམས་དཔའ་ཞེས་སྨོས་པ་ནི་ཀུན་དུ་བཟང་པོའི་སེམས་བསྐྱེད་པའོ། །རྡོ་རྗེ་སྨོས་པ་ནི་དེའི་སྟེང་ན་ཡོད་པའི་ཡེ་ཤེས་ཀྱི་རྡོ་རྗེའོ། །བྱུང་ནས་ཞེས་བྱ་བ་ནི་འཐོན་པའོ། །སངས་རྒྱས་ལྔའི་ཅོད་པན་གྱིས་དབང་བསྐུར་བ་ཡིན་ནོ་ཞེ་ན། དེ་
བསྟན་པའི་ཕྱིར་ནམ་མཁའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཉིད་སྙིང་པོ་སྟེ་སྐྱེ་བའི་གནས་ཡིན་པའི་ཕྱིར་ནམ་མཁའི་སྙིང་པོའོ། །ནམ་མཁའི་སྙིང་པོ་ཉིད་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་ཡིན་པས་ནམ་མཁའི་སྙིང་པོའི་ནོར་བུ་རིན་པོ་ཆེ་ཆེན་པོ་སྟེ་ནོར་བུའི་རང་བཞིན་གྱི་རིན་པོ་ཆེ་ཡིན་
เล่ม ๕๕ · หน้า 24b
པས་ན་ནོར་བུ་རིན་པོ་ཆེའོ། །ནོར་བུ་རིན་པོ་ཆེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ནོར་བུ་རིན་པོ་ཆེ་ཆེན་པོ་སྟེ། དེས་དབང་བསྐུར་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་ནི་སངས་རྒྱས་ལྔའི་དབུ་རྒྱན་རྒྱུར་གྱུར་པས་དབང་བསྐུར་བར་བསྟན་ལ། ད་ལྟར་
སངས་རྒྱས་པའི་གནས་སྐབས་སུ་ནི་འབྲས་བུར་གྱུར་པ་ནམ་མཁའི་སྙིང་པོའི་ནོར་བུ་རིན་པོ་ཆེ་ཆེན་པོས་དབང་བསྐུར་བ་ནི་དེ་གཉི་ག་བརྙེས་པར་སྟོན་པ་ཡིན་ཏེ། སངས་རྒྱས་ཀྱི་རྣལ་འབྱོར་བསྒྲུབས་པས་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བར་འོས་པ་ཉིད་དུ་བསྒྲུབས་པ་ཡིན་པའི་ཕྱིར་བླ་ན་མེད་པའི་ཆོས་ཀྱི་
རྒྱལ་པོར་དབང་བསྐུར་བ་བྱིན་པ་ཡིན་ནོ། །ཆོས་ཀྱི་རྒྱལ་པོ་དེའི་ཆོས་ཀྱི་མཛོད་གཏང་བར་བྱ་བའི་ཕྱིར་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐལ་བ་ཇི་ལྟ་བ་བཞིན་དུ་འདུལ་བའི་སེམས་ཅན་ལ་གཟིགས་པས་ན་སྤྱན་རས་གཟིགས་སོ། །དེ་ལ་དབང་པོར་གྱུར་
ཅིང་བདག་པོར་གྱུར་པས་ན་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོའོ། །དེའི་ཆོས་རྣམས་ལ་མཁྱེན་པ་ནི་ཆོས་ཀྱི་ཡེ་ཤེས་ཏེ། ཐེག་པ་གསུམ་གྱིས་རྣམ་པར་དབྱེ་བས་ཡོངས་སུ་གཅོད་པའོ། །དེ་བསྐྱེད་པ་ནི་ཆོས་ཀྱི་མཛོད་གཏད་ཅེས་བྱ་བའི་དོན་ཏོ། །ད་ནི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་
བརྙེས་ཤིང་ཆོས་ཀྱི་མཛོད་ཤིན་ཏུ་ཐུགས་སུ་ཆུད་ནས། མཆོད་པའི་བྱ་བ་རྫོགས་པར་བྱ་བ་ལ་སྦྱར་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཚོགས་མ་ལུས་པ་མཐའ་དག་གི་དོན་གྱི་ལས་མཛད་པ་ནི་ཐམས་ཅད་ཀྱི་ཕྲིན་ལས་སོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་དེ་དེའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་ཉིད་དོ། །དེ་ལ་བཞག་ནས་ཞེས་བྱ་བ་ནི་སྔོན་གྱི་སངས་རྒྱས་རྣམས་ཀྱི་གོ་འཕང་ཐོབ་པར་
མཛད་ནས་ཞེས་བྱ་བའི་དོན་ཏོ། །ད་ནི་གནས་དང་གདན་གང་ལ་བཞུགས་ནས་དེའི་ཕྲིན་ལས་དེ་མཛད་པ་དེ་བསྟན་པར་བྱ་བའི་ཕྱིར་རི་རབ་ཀྱི་རྩེ་མོ་གང་ན་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོག་མིན་གྱི་གནས་སུ་སྔོན་གྱི་དུས་སུ་བྱ་བ་རྣམས་མཛད་ནས་ཆོས་ཀྱི་རྒྱལ་པོའི་སེང་གེའི་གདན་ལ་
เล่ม ๕๕ · หน้า 25a
བཞུགས་པར་བྱ་བའི་ཕྱིར་འོག་མིན་ནས་རི་རབ་ཏུ་གཤེགས་སོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རྣམས་དང་ནོར་བུ་རྣམས་དང་རིན་པོ་ཆེ་རྣམས་ནི། རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་སྟེ། རྡོ་རྗེ་ནི་ནོར་བུ་རྡོ་རྗེའོ། །ནོར་བུ་ནི་ཡིད་བཞིན་གྱི་ནོར་བུའོ། །རིན་པོ་ཆེ་ནི་པདྨ་རཱ་ག་ལ་སོགས་པའོ། །
དེ་རྣམས་ཀྱིས་རྩེ་མོ་བརྒྱན་པའི་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་པ་སྟེ། ཁང་བུ་བརྩེགས་པ་ནི་ཁང་བཟངས་ལ་བྱའོ། །གཤེགས་པ་ནི་བཞུད་པའོ། །དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་འདི་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པ་དང་།
དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་བྱང་ཆུབ་པ་མཚུངས་པ་ཉིད་ཀྱི་ཕྱིར་དང་། ཚོགས་དང་ཆོས་ཀྱི་སྐུ་མཚུངས་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ་སྔར་གྱི་དེ་བཞིན་གཤེགས་པ་རྣམས་དང་རྒྱུ་གཅིག་པའི་ངོ་བོ་ཉིད་ཀྱིས་བྱིན་གྱིས་བརླབས་ལ། ད་ལྟར་ཡང་དེ་བཞིན་གཤེགས་
པ་ཐམས་ཅད་དང་རྒྱུད་ཐ་དད་པར་བྱིན་གྱིས་བརླབས་ཤིང་། དེའི་ཚུལ་གྱིས་བརྟན་པར་བྱས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེའི་གདན་ལ་བཞུགས་པར་འོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་སེང་གེ་ཡང་ཡིན་པས་ན་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སེང་གེ་སྟེ། སེམས་ཅན་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དོན་གྱིས་སོ། །དེ་རྣམས་ཀྱི་གདན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེའི་གདན་ནོ། །ཡང་ན་སེང་གེས་མཚན་པའི་གདན་ནི་སེང་གེའི་གདན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེའི་
གདན་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེའི་གདན་ནོ། །ཞལ་ཀུན་དུ་བསྟན་པ་ནི་ཞལ་བཞི་པའོ། །བཞག་པར་གྱུར་ཏོ་ཞེས་པ་ནི་འཇོག་པའོ། །དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་བཞག་ནས། དེ་བཞིན་གཤེགས་པ་དེ་རྣམས་
རང་ཉིད་ཅི་ཞིག་མཛད་ཅིང་མཚན་ཇི་སྐད་བཏགས་ཤེ་ན། དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ། །མཚན་ཇི་སྐད་བྱ་ཞེས་ཇི་སྐད་དུ་སྨྲས་པ་དེ་ལ་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་
เล่ม ๕๕ · หน้า 25b
ཏེ། འཇིག་རྟེན་གསུམ་རྣམ་པར་འཇིག་ཏུ་ཟིན་ཀྱང་། འདི་ལ་གཡོ་བ་ཅུང་ཟད་ཀྱང་མི་མངའ་བས་མི་བསྐྱོད་པའོ། །འདི་ལས་རིན་པོ་ཆེ་རྣམས་འབྱུང་བས་ན་རིན་ཆེན་འབྱུང་བ་ཞེས་བྱ་བ་སྟེ། ཕྱག་རྒྱ་ལ་སོགས་པ་རིན་པོ་ཆེ་རྣམས་དེ་ལས་འབྱུང་བའི་ཕྱིར་རོ། །སྤྱན་རས་གཟིགས་ཀྱི་དབང་པོའི་
རྒྱལ་པོ་ཡིན་པས་ན་སྤྱན་རས་གཟིགས་དབང་པོའི་རྒྱལ་པོ་སྟེ། དེའི་མགོ་ལ་བཞུགས་པའི་ཕྱིར་རོ། །བསམས་པ་ཙམ་གྱིས་དོན་ཡོད་ཅིང་གདོན་མི་ཟ་བར་དོན་ཐམས་ཅད་འགྲུབ་པ་འདི་ལ་མངའ་བས་ན་གདོན་མི་ཟ་བར་འགྲུབ་པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་
པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ནི་ཡེ་ཤེས་བཞིའི་རང་བཞིན་ཅན་ཏེ། ཐམས་ཅད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ནི་མི་བསྐྱོད་པ་སྟེ། མར་མེའི་འོད་དང་འདྲ་བར་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཅིག་ཅར་སྣང་བ་ཡིན་ནོ། །དེ་བཞིན་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རིན་ཆེན་འབྱུང་བ་ཉིད་དུ་སྣང་ངོ་། །དེ་བཞིན་
དུ་སོ་སོར་རྟོག་པའི་ཡེ་ཤེས་ནི་སྣང་བ་མཐའ་ཡས་ཉིད་དུའོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ནི་གདོན་མི་ཟ་བ་ཉིད་དུ་སྣང་ངོ་། །དེ་ལྟ་བས་ན་དེར་དེ་བཞིན་གཤེགས་པ་ཐམས་ཅད་དུ་སོ་སོ་ནས་བདག་ཉིད་བྱིན་གྱིས་བརླབས་ཏེ་ཞེས་བྱ་བའི་གཞུང་གིས་སྟོན་པ་ཡིན་ནོ། །བདག་ཉིད་ཅེས་སྨོས་པ་ནི་སྔར་
མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་དེ་རྣམས་བདག་ཉིད་ཀྱི་བྱིན་གྱིས་རློབ་པ་ལ་སོགས་པ་མཛད་དོ་ཞེས་བསྟན་པར་བྱ་བའི་ཕྱིར་ཡིན་ལ། གང་ཡང་གཟོད་མངོན་པར་སངས་རྒྱས་པ་རྣམས་ལ་ནི་སྔོན་གྱི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ལ་སོགས་པ་མཛད་དོ་ཞེས་སྟོན་པ་
ཡིན་ནོ། །བདག་ཉིད་ཅེས་བྱ་བ་ནི་རང་ཉིད་ཀྱི་རྒྱུད་ཅེས་བྱ་བའི་དོན་ཏོ། །བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པ་ལ་སོགས་པ་མཛད་པའོ། །ད་ནི་རིགས་དང་འབྲེལ་པས་བྱང་ཆུབ་པ་འདི་མཛད་པར་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
ཤཱཀྱ་རྣམས་ཀྱི་ནང་ན་ཐུབ་པ་ཡིན་པས་ན་ཤཱཀྱ་ཐུབ་པའོ། །ཡང་ན་སྐུ་དང་གསུང་དང་ཐུགས་ཐུབ་པ་དང་ལྡན་པས་ན་ཐུབ་པའོ། །ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བ་ནི་དེ་བཞིན་ཉིད་དེ། དངོས་པོ་ཐམས་ཅད་སྟོང་པ་ཉིད་དོ། །རབ་ཏུ་རྟོགས་པ་ཞེས་བྱ་བ་ནི་ཐུགས་སུ་ཆུད་པ་སྟེ། ཤིན་ཏུ་རྟོགས་
เล่ม ๕๕ · หน้า 26a
པས་ན་རབ་ཏུ་རྟོགས་པའོ། །ཕྱོགས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བ་ནི་ཕྱོགས་ཐམས་ཅད་མཚུངས་པ་ཉིད་དེ། དེ་ལ་དམིགས་པ་ནི་ལྷག་པར་མོས་པའོ། །ཕྱོགས་བཞིར་བཞུགས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ཉིད་བཞུགས་ཞེས་བྱ་བའི་དོན་ཏོ། །
ཡང་ན་རི་རབ་ཀྱི་ངོས་ལ་ཉི་མ་ཤར་བ་དང་ནུབ་པས་ཕྱོགས་ཀྱི་ཆ་རྣམ་པར་བཞག་པ་ཡིན་ལ། འཆར་བ་དང་ནུབ་པ་གང་ཡང་ངོས་ཐམས་ཅད་ལ་ཡོད་པས་ན་ཀུན་རྫོབ་ཏུ་ཡང་ཕྱོགས་ཐམས་ཅད་མཉམ་པ་ཉིད་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སྔགས་སྤྱོད་པའི་ཚུལ་ལ་ཆོས་ཀྱི་འཁོར་ལོ་
བསྐོར་བ་ནུས་ཤིང་དགོས་པ་རྣམས་ཡོངས་སུ་རྫོགས་པ་ཉིད་དུ་སྟོན་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ནི་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀུན་དུ་བཟང་པོ་ནི་ཀུན་དུ་བཟང་པོའི་ཐུགས་མངའ་བ་སྟེ། འདིས་ནི་
དམ་ཚིག་མཁྱེན་པ་ཉིད་དུ་སྟོན་ཏོ། །དམ་ཚིག་མཁྱེན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཇི་སྐད་དུ་བཤད་པའི་དབང་བསྐུར་བ་བརྙེས་པར་ཡང་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནམ་མཁའ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་དུ་
སྤྱན་རས་གཟིགས་ཀྱི་དབང་པོ་དང་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྣལ་འབྱོར་ཆེན་པོའི་དབང་ཕྱུག་ཉིད་དུ་སྟོན་ཏེ། ཆོས་རྣམས་མཁྱེན་པའི་ཡེ་ཤེས་ནི་ཆོས་ཀྱི་ཡེ་ཤེས་སོ། །དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། དམ་པ་ནི་མཆོག་སྟེ། དེ་ལས་ཕ་རོལ་ན་དག་པ་མེད་
པའི་ཕྱིར་དམ་པའོ། །དམ་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པས་ན། དམ་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་ཀྱི་ཡེ་ཤེས་ཉིད་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ན། ཆོས་ཀྱི་ཡེ་ཤེས་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དེ་ཐོབ་པ་ནི་ཆོས་ཀྱི་ཡེ་ཤེས་དམ་པའི་ཕ་རོལ་ཏུ་ཕྱིན་པ་བརྙེས་
པའོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་མཛད་པས་ན་ཕྲིན་ལས་ཐམས་ཅད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན། ཕྲིན་ལས་ཐམས་ཅད་ཉིད་དོ། །དེའི་གདོན་མི་ཟ་བ་ནི་དོན་ཡོད་ཅིང་ཐོགས་པ་མེད་ལ་བཟློག་ཏུ་མེད་པར་
เล่ม ๕๕ · หน้า 26b
སྟོན་ཅིང་འཆད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་ཉིད་གདོན་མི་ཟ་ཞིང་ཐོགས་པ་མེད་པར་སྟོན་པ་སྟེ། འདིས་ནི་ལས་ཐམས་ཅད་གྲུབ་པར་སྟོན་ཏོ། །ཉིད་ཀྱི་རྒྱུད་སྦྱངས་པའི་རིམ་པ་ནི་གཞན་གྱི་དོན་བྱ་བའི་ཐབས་ཀྱི་མཐར་ཐུག་པ་ཡིན་པས་ན་དགོངས་པ་ཡོངས་
སུ་རྫོགས་པའོ། །ཡུན་རིང་མོ་ཞིག་ཏུ་དོན་དུ་གཉེར་བའི་གཞན་གྱི་དོན་མཛད་པར་སྤྱོད་པ་ཤིན་ཏུ་བརྙེས་པས་ན་ཡིད་ཀྱི་བསམ་པའོ། །ཚོགས་རྫོགས་པ་སྟེ། སྔར་འདི་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དུ་བྱིན་གྱིས་བརླབས་པ་ནི་དགོངས་པ་མ་རྫོགས་པ་ཡིན་
ལ། ད་ནི་དེ་རྣམས་དང་ལྷན་ཅིག་མཚུངས་པ་ཉིད་བརྙེས་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དུ་བདག་ཉིད་བདག་ཉིད་ཀྱིས་བྱིན་གྱིས་བརླབས་སོ་ཞེས་གསུངས་པ་ཡིན་ནོ། །གང་ལ་ཞེ་ན། བདག་ཉིད་དེ་ཉིད་ཀྱི་རྒྱུད་ལ་ཞེས་བྱ་བའི་དོན་ཏོ། །བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་བྱིན་གྱིས་བརླབ་
པ་ལ་སོགས་པ་མཛད་པའོ། །འདིར་བྱིན་གྱིས་བརླབ་པ་ཙམ་འབའ་ཞིག་ཏུ་སྨོས་སུ་ཟིན་ཀྱང་། དེ་བཞིན་དུ་དབང་བསྐུར་བ་ལ་སོགས་པ་ཡང་མཛད་པར་བལྟ་བར་བྱ་སྟེ། བྱིན་གྱིས་བརླབས་ནས་ཞེས་བྱ་བའི་ཚིག་ནི་མཚོན་པ་ཙམ་དུ་བསྟན་པའི་ཕྱིར་རོ། །སྔར་དེ་བཞིན་གཤེགས་པ་རྣམས་ཀྱིས་
བྱིན་གྱིས་བརླབས་ཟིན་ན། བདག་ཉིད་ཀྱིས་བྱིན་གྱིས་བརླབ་པ་འདི་ཅི་ཞིག་དགོས་ཏེ། ཧ་ཅང་ཐལ་ཆེས་སོ་ཞེས་བྱ་བའི་དོགས་པ་བསལ་བའི་ཕྱིར་ལན་བརྗོད་པར་བྱ་སྟེ། ལེ་ལོས་ཉེ་བར་བཅོམ་པ་འགའ་ཞིག་བདག་ནི་དཀྱིལ་འཁོར་དུ་འཇུག་པའི་ཚེ་སློབ་དཔོན་གྱིས་བྱིན་གྱིས་བརླབ་པ་ལ་སོགས་པ་
བྱས་ཟིན་ཏོ་སྙམ་ནས་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་མེད་པར་ཇི་སྲིད་འཚོའི་བར་དུ་དཀྱིལ་འཁོར་ལ་སོགས་པའི་ལས་བྱེད་པར་མ་གྱུར་ཅིག་སྙམ་དུ་དགོངས་པ་ཡིན་ནོ། །ད་ནི་དེ་གང་གི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་སེང་གེའི་
གདན་ལ་བཞག་པ་དེའི་དོན་གྲུབ་པ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་
เล่ม ๕๕ · หน้า 27a
ཀུན་དུ་བཟང་པོ་ཞེས་བྱའོ། །དེའི་དམ་ཚིག་ནི་སྙིང་པོ་དང་རྡོ་རྗེ་དང་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོ་དང་། དཀྱིལ་འཁོར་ལ་སོགས་པའི་མཚན་ཉིད་དོ། །དེའི་འབྱུང་བ་ནི་གང་གི་ཕྱིར་སེམས་དཔའ་སྟེ། སེམས་ལས་དེ་བྱིན་གྱིས་བརླབ་ཅིང་། དེ་བསྟན་པར་བྱ་བའི་ཏིང་ངེ་འཛིན་གང་།
རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་མངོན་དུ་མཛད་ནས་འདི་ཞེས་བྱ་བ་ཐུགས་ལ་གནས་པའོ། །དེ་ཅི་ཞིག་ཅེ་ན། སྙིང་པོའོ། །ཅི་ཞིག་མཛད་ཅེ་ན། ཕྱུང་ངོ་ཞེས་བྱ་བའོ། །མིང་ཇི་སྐད་དུ་བྱ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་
སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་ནི་འདིས་འགྲོ་བས་ན་ཐེག་པ་སྟེ། བྱང་ཆུབ་སེམས་དཔའི་ས་བཅུའོ། །བགྲོད་པར་བྱ་བ་ཡིན་པས་ན་ཐེག་པ་སྟེ། ས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་ཀུན་དུ་བཟང་པོའོ། །ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་ཡིན་པས་ན་ཐེག་པ་ཆེན་པོ་
སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཐེག་པ་ཆེན་པོ་དེ་མངོན་པར་རྟོགས་པ་ནི་རྡོ་རྗེ་དང་འདྲ་བའི་སེམས་ཀྱིས་ཐུགས་སུ་ཆུད་པ་སྟེ། དེ་སྟོན་པར་བྱེད་པའི་སྙིང་པོ་དེ་ལ་ཡང་མིང་དེ་སྐད་ཅེས་བྱའོ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་
པ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་སྙིང་པོའོ། །གང་ལས་ཕྱུང་ཞེ་ན། རང་གི་ཐུགས་ཀ་ལས་ཏེ། སྔགས་ཀྱི་སྒོ་ནས་ཇི་ལྟ་བ་བཞིན་སྤྱོད་ཅིང་བཤད་མ་ཐག་པའི་ཏིང་ངེ་འཛིན་ལ་གནས་ནས་སྙིང་པོ་འདིས་ཕྱག་རྒྱ་རྫོགས་པར་བྱའོ་ཞེས་བསྟན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་
པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་འབྲེལ་པ་སྟོན་པ་ཡིན་ཏེ། འདིར་རྒྱུད་ཀྱི་བདག་པོ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡིན་པར་བཤད་ལ། དེ་བཞིན་གཤེགས་པའི་བྱ་བ་ནན་ཏན་དུ་གྲུབ་པ་ནི་བདག་ཉིད་མཛད་པར་མི་རིགས་པས་ན་སྙིང་པོ་འདིས་བཅོམ་ལྡན་འདས་ཀུན་དུ་བཟང་པོ་བསྐུལ་
བ་ཡིན་ནོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་བཞུགས་སོ་ཞེས་སྔར་བསྟན་པ་ཡིན་ནོ། །དེ་ཉིད་ཀྱིས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་མ་ཐག་པ་འདི་ནི་བཅོམ་ལྡན་འདས་ཀུན་དུ་བཟང་པོ་དེ་ཉིད་ཅེས་བྱ་བ་གསུངས་སོ། །འདིར་རྣམ་པ་གང་
เล่ม ๕๕ · หน้า 27b
གིས་བྱུང་ཞེས་རྟོག་པ་ལ། ཟླ་བའི་དཀྱིལ་འཁོར་དུ་གྱུར་ནས་ཞེས་བྱ་བ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་བཞི་བཟུང་ལ། རེ་རེ་ལས་ཀྱང་ཟླ་བའི་དཀྱིལ་འཁོར་རང་གི་རིགས་དང་འབྲེལ་པ་འབྱུང་སྟེ། གང་གི་ཕྱིར་དེའི་གཟུགས་སྣ་ཚོགས་པ་
ཉིད་དུ་འབྱུང་བས་ན། དེའི་ཕྱིར་ཟླ་བའི་དཀྱིལ་འཁོར་རྣམས་སུ་གྱུར་ཏོ་ཞེས་ཁྱད་པར་མེད་པར་གསུངས་པ་ཡིན་ཏེ། གང་གི་ཕྱིར་རྒྱུད་འདིའི་དོན་ཐམས་ཅད་ཀྱི་རྩ་བ་ནི་ཏིང་ངེ་འཛིན་ཡིན་ལ། དེ་ཡང་དམིགས་པ་དང་བཅས་པ་ཡིན་ནོ། །དེའི་དམིགས་པ་ཡང་ཟླ་བའི་དཀྱིལ་འཁོར་ཡིན་ཏེ་གང་གི་
ཕྱིར་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་ལ་ཏིང་ངེ་འཛིན་བསྒོམས་པའི་མཐུས་ཟླ་བའི་དཀྱིལ་འཁོར་ཤིན་ཏུ་རྣམ་པར་དག་པ་ལས་གང་དང་གང་འདོད་པ་དེ་དང་དེ་ཉིད་དེ་བཞིན་དུ་མཐོང་ཞིང་གཞན་དག་ལ་ཡང་སྟོན་ཏོ། །དེ་བས་ན་འདི་ནི་བུམ་པ་བཟང་པོའི་གནས་ལྟ་བུ་ཡིན་ཏེ། དེའི་ཕྱིར་འདི་དང་
པོ་ཁོ་ནར་བསྟན་པ་ཡིན་ནོ། །དེ་བས་ན་རྒྱུད་འདི་ལ་ཡང་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་བ་ཡིན་ནོ། །དེ་ལས་བྱུང་ནས་དེ་ཅི་ཞིག་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལ་ལྟོས་ནས་བྱང་ཆུབ་ཆེན་པོ་ལ་སེམས་དཔས་
ན་བྱང་ཆུབ་ཀྱི་སེམས་ཆེན་པོའོ། །དེ་ཡང་དག་པར་སྦྱངས་པ་ནི་ལེགས་པར་སྦྱངས་ཤིང་ཡང་དག་པར་རབ་ཏུ་སྦྱངས་ནས་དྲི་མ་མེད་པར་བྱས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་རྣམས་ཀྱི་བྱང་ཆུབ་ཆེན་པོ་ཇི་ལྟར་སྦྱངས་ཤེ་ན། སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་སྙིང་གའི་གནས་སུ་ཟླ་བའི་
དཀྱིལ་འཁོར་དྲི་མ་མེད་པའི་གཟུགས་སུ་རང་གི་གཟུགས་བརྙན་རབ་ཏུ་སྟོན་པར་མཛད་པའོ། །བྱང་ཆུབ་ཀྱི་སེམས་སྦྱངས་པ་དེའི་རྗེས་ལ་ཅི་ཞིག་མཛད་ཅེ་ན། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནི་འདིར་དཀྱིལ་
འཁོར་བའི་དེ་བཞིན་གཤེགས་པ་ལྔ་རྣམས་ཏེ། དེ་རྣམས་ཀྱི་ཕྱོགས་ཕྱོགས་སུ་སྟེ་ཕྱོགས་བཞིར་འཁོད་ཅིང་གནས་པའོ། །ད་ནི་ཕྱག་རྒྱ་རྣམས་ཀྱི་མི་ཕྱེད་པ་རྣམས་འབྱེད་པར་མཛད་པའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་སྨོས་ཏེ། དེ་དག་ལས་ཀྱང་ཞེས་
เล่ม ๕๕ · หน้า 28a
བྱ་བ་ནི་སྔར་བཤད་པ་རྣམས་ལས་རྡོ་རྗེ་རྣམས་སུ་བྱུང་བའོ། །ཅི་ཞིག་གི་ངོ་བོ་ཉིད་དུ་ཞེ་ན། ཡེ་ཤེས་ཀྱི་ངོ་བོ་ཉིད་དོ་ཞེས་སྟོན་ཏོ། །གང་དུ་སོང་ཞེས་རྣམ་པར་རྟོག་པ་ལ་ཐུགས་སུ་ཞུགས་སོ་ཞེས་གསུངས་ཏེ། དེའི་ཐུགས་ནི་ཕྱག་རྒྱ་རྫོགས་པའི་གནས་ཡིན་པའི་ཕྱིར་རོ། །
ཞུགས་ནས་ཅིར་འགྱུར་ཞེ་ན། གཅིག་ཏུ་འདྲེས་པར་གྱུར་ནས་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ན་མང་པོ་གཅིག་ཏུ་གྱུར་ཅེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། རབ་ཏུ་བརྟན་པའི་ཕྱིར་ཤིན་ཏུ་བརྟན་པ་སྟེ་བསྒོམ་པ་རབ་ཀྱི་མཐར་ཕྱིན་པའོ། །དེའི་ངོ་བོ་ཉིད་
ཡིན་པའི་ཕྱིར་ན་ཤིན་ཏུ་བརྟན་པ་ཉིད་དེ། དེའི་ཕྱིར་ཤིན་ཏུ་བརྟན་པ་ཉིད་ཅེས་བྱའོ། །ཅི་ཤིན་ཏུ་བརྟན་པ་ཉིད་ཁོ་ནས་གཅིག་ཏུ་འདྲེས་པར་གྱུར་ཏམ། འོན་ཏེ་མ་ཡིན་ཞེ་ན། བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་གསུངས་ཏེ། བྱིན་གྱི་རླབས་ནི་སྔོན་གྱི་སྨོན་ལམ་གྱི་ཡེ་ཤེས་ཏེ། གང་འདི་ལྟར་
གྱུར་ཅིག་ཅེས་དགོངས་ནས་སྙོམས་པར་ཞུགས་པ་ན་དེའི་དེ་དེ་བཞིན་དུ་འགྱུར་བས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་སོ། །གཅིག་ཏུ་ཞེས་པ་ནི་མང་པོ་མ་ཡིན་པའོ། །འདྲེས་པའི་སྒྲ་ནི་བརྟན་པར་གྱུར་པ་སྟེ། གཅིག་ཏུ་བརྟན་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དེ་ཚད་ཇི་ཙམ་
དུ་བྱུང་ཞེ་ན། ཏིང་ངེ་འཛིན་ལ་དབང་དུ་གྱུར་པ་བརྟན་པའི་ཕྱིར། སྤྲོ་བ་སྟོན་པ་ཡིན་པས་ནམ་མཁའི་ཁམས་ཐམས་ཅད་ཀྱི་ཚད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་ཁམས་ཐམས་ཅད་ཀྱི་ཚད་དང་མཉམ་པར་འཇུག་པ་ཞེས་བྱ་བ་ལ་ཀུན་ནས་འཇུག་པས་ན་མཉམ་པར་འཇུག་པ་སྟེ།
ཐམས་ཅད་དུ་སོང་བ་ཞེས་བྱ་བའི་དོན་ཏོ། །འདིའི་མཐུ་ཇི་ལྟ་བུ་ཞེ་ན། འོད་ཟེར་གྱི་ཕྲེང་བ་ཅན་ཞེས་བྱ་བ་གསུངས་ཏེ། འོད་ཟེར་རྣམས་ཀྱི་ཕྲེང་བ་འཕྲོ་བས་ན་འོད་ཀྱི་ཕྲེང་བའོ། །དེ་འདི་ལ་ཡོད་པས་ན་འོད་ཀྱི་ཕྲེང་བའོ། །རྩེ་མོ་དུ་དང་ལྡན་ཞེ་ན། རྩེ་མོ་ལྔ་པ་ཞེས་བྱ་བ་གསུངས་ཏེ། རྩེ་ལྔ་པ་
ཞེས་བྱ་བའི་དོན་ཏོ། །ཅི་ཞིག་གི་ངོ་བོ་ཉིད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་རྡོ་རྗེ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด