དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན
ชื่อสันสกฤต (อักษรทิเบต ตามตัวบท) ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๕ · หน้า 54b
པ་ཡིན་ལ། ལྡོག་པར་མི་བྱེད་པས་ན་ཕྱིར་མི་ལྡོག་པའོ། །ཕྱིར་མི་ལྡོག་པ་དེ་རྣམས་ཀྱི་འཁོར་ལོ་ནི་ཕྱིར་མི་ལྡོག་པའི་འཁོར་ལོ་སྟེ། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་འཁོར་གྱི་དཀྱིལ་འཁོར་སྟེ་དེར་འཇུག་པའོ། །ཕྱག་རྒྱ་བཞིའི་སྤྱོད་པའི་རྗེས་སུ་འཇུག་པའི་སློབ་དཔོན་གྱིས་
ཕྱག་རྒྱ་དང་སེམས་དཔའ་དང་། སྔགས་རྣམས་ཇི་སྐད་དུ་བཤད་པའི་བྱ་བ་དང་ལྡན་པའི་ཕྱེ་མ་ལ་སོགས་པས་དགོད་ཅིང་བྲིས་པ་ལ་ཡང་སྔར་བཤད་པའི་འཁོར་གྱི་དཀྱིལ་འཁོར་དུ་འཇུག་པའི་རྒྱུར་གྱུར་པས་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བཤད་དོ། །ཚུལ་དེ་ལྟ་བུའི་དཀྱིལ་འཁོར་མཐོང་ཞིང་
འཁོར་གྱི་དཀྱིལ་འཁོར་མཐོང་བ་དང་། འཇུག་པ་ཐོབ་པར་འདོད་པ་དང་། ཇི་སྐད་དུ་བཤད་པའི་བྱ་བ་ལ་ཡང་ནན་ཏན་དུ་འཇུག་པས་གདུལ་བྱ་རྣམས་རིམ་གྱིས་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མངོན་སུམ་དུ་འཇུག་པར་འགྱུར་རོ། །དེར་ཞུགས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་
ཐད་ནས་ཐེག་པ་ཆེན་པོའི་ཆོས་ཤིན་ཏུ་དྲི་མ་མེད་ལ། ཟབ་ཅིང་རྒྱ་ཆེ་བ་མངོན་སུམ་དུ་ཐོས་པའི་རོ་མྱང་ཞིང་ཆོས་ཀྱི་ལོངས་སྤྱོད་བླ་ན་མེད་པའི་བདེ་བ་དང་ཡིད་བདེ་བ་མྱོང་བར་འགྱུར་ཏེ། དོན་དེ་དག་གི་ཕྱིར་འཁོར་ལོ་དེ་བྱིན་པ་ཡིན་ནོ། །གཞན་ཡང་ཕྱི་མའི་དུས་སུ་ས་དང་ཕ་རོལ་ཏུ་ཕྱིན་པ་
ལ་སོགས་པ་ཡོངས་སུ་རྫོགས་ནས་གོ་འཕང་བླ་ན་མེད་པ་ཐོབ་སྟེ། ཇི་སྲིད་དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་པས་ན་དེ་བྱིན་པ་ཡིན་ནོ། །དེ་ལ་དམ་པ་རྣམས་ཀྱི་ཆོས་ཡིན་པས་ན་དམ་པའི་ཆོས་ཏེ། དམ་པ་ནི་སངས་རྒྱས་བཅོམ་
ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་ནི་དམ་པའི་ཆོས་སྟོན་པ་ཉིད་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་འཇུག་པས་འཁོར་ལོ་ཞེས་བྱ་བ་ལ། དེ་ཉིད་ནི་གྲུབ་པ་དམ་པ་སྟེ་དེ་དག་གི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་ཕྱག་རྒྱས་
དབང་བསྐུར་བའི་རྗེས་ཐོགས་ལའོ། །གོ་འཕང་བླ་ན་མེད་པ་ཐོབ་པའི་རྒྱུར་ངེས་པར་རྡོ་རྗེ་ལྟ་བུའི་དམ་པའི་ཆོས་སྟོན་པས་སྙིང་པོར་གྱུར་པས་ན་སྙིང་པོ་སྟེ། མར་གྱི་སྙིང་པོ་དང་འདྲ་བས་ན་དེའི་ཕྱིར་རྡོ་རྗེའི་སྙིང་པོ་རྡོ་རྗེའི་སྙིང་པོ་ཞེས་མིང་གི་དབང་བསྐུར་རོ། །འདིས་རྡོ་རྗེ་འཁོར་ལོ་དེས་དེ་
เล่ม ๕๕ · หน้า 55a
བཞིན་གཤེགས་པ་ཐམས་ཅད་ཕྱིར་མི་ལྡོག་པ་ཉིད་དུ་འཇོག་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འདིར་དཀྱིལ་འཁོར་བར་སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། གང་ཡང་དེ་རྣམས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ནས།
བྱ་བ་ཉམས་སུ་ལོན་པར་བྱེད་པ་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་སྟེ། དཀྱིལ་འཁོར་དུ་འཇུག་པ་དེའི་སྒོ་ནས་དེ་རྣམས་ཕྱིར་མི་ལྡོག་པ་ཉིད་དུ་འཇོག་པས་ན། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་བླ་ན་མེད་པ་མཐོང་བས་ཡོངས་སུ་མགུ་ནས་ཆེད་ཀ་ཉིད་དུ་ཆེད་དུ་བརྗོད་པ་འདི་
ཆེད་དུ་བརྗོད་པ་སྟེ། ཡོངས་སུ་དགའ་ནས་སྨྲས་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་ནི་གདུལ་བྱའི་རྒྱུད་དུ་གཏོགས་པའི་དད་པ་ལ་སོགས་པའོ། །དེ་རྣམས་ཀྱི་རྣམ་པར་སྦྱོང་བ་ནི་དྲི་མ་མེད་པར་བྱ་བ་སྟེ། གང་གི་ཕྱིར་
སྔགས་ཀྱི་སྤྱོད་པར་བཤད་པའི་འཁོར་ལོར་འཇུག་པའི་ཐབས་ཀྱིས་གདུལ་བྱ་རྣམས་ཉིན་དང་མཚན་དུ་དགེ་བའི་ཕྱོགས་ལ་གཞོལ་བར་འགྱུར་རོ། །དེ་ལྟ་བུའི་རྣམ་པར་དག་པ་གང་དང་གང་རྟོགས་པས་སངས་རྒྱས་ཉིད་ཀྱང་ཐོབ་པར་འགྱུར་ཏེ། དེ་བས་ན་ཆོས་ཐམས་ཅད་རྣམ་པར་སྦྱོང་ཞེས་གསུངས་
པ་ཡིན་ནོ། །འཁོར་ལོ་འདི་ཅི་ཞིག་ཡིན་ཞེ་ན། ཕྱིར་མི་ལྡོག་པའི་འཁོར་ལོ་ཡང་ཞེས་བྱ་བ་གསུངས་སོ། །འདིར་ཞུགས་པ་རྣམས་ནི་ངེས་པར་སངས་རྒྱས་ཉིད་ཐོབ་པར་འགྱུར་བས་ན། དེའི་ཕྱིར། བྱང་ཆུབ་སྙིང་པོ་ཡིན་པར་དགོངས། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟར་ན་སངས་རྒྱས་བཅོམ་
ལྡན་འདས་དཀྱིལ་འཁོར་གྱི་འཁོར་ལོ་སྟོན་པར་མཛད་པའི་ཕྱིར་རོ། །སྔགས་དང་ཕྱག་རྒྱ་དང་སེམས་དཔའི་ཚུལ་དུ་སྤྲུལ་པར་མཛད་པས་ན་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །ད་ནི་དཀྱིལ་འཁོར་དུ་འཇུག་པའི་སེམས་ཅན་དེ་དག་ཉིད་ལ་བཟླས་
པའི་ལུང་འབོགས་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོའོ། །འདི་ལ་ཚིག་ཏུ་བརྗོད་དུ་ཡོད་པ་མ་ཡིན་པས་ན་མི་གསུང་བའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་མི་
เล่ม ๕๕ · หน้า 55b
གསུང་པ་ཡང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་མི་གསུང་བའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་ཡིན་ལ། དེ་ཆོས་ཀྱི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར། །རྡོ་རྗེ་ལྟར་བརྟན་པའི་ཏིང་ངེ་འཛིན་གང་ལ་དོན་དང་མཐུན་པའི་མིང་འདི་སྐད་
ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེའི་མེ་ཏོག་བབས་པས་ཡོངས་སུ་བཟུང་བའི་བཟླས་པའི་རྒྱུའི་དམ་ཚིག་གང་ཡིན་
པ་སྙིང་ལ་གནས་པའོ། །དེ་སྟོན་པར་བྱེད་པའི་རྒྱུ་ལ་ཡང་བཟླས་པའི་དམ་ཚིག་ཅེས་བྱའོ། །དེ་བཞིན་གཤེགས་པའི་བཟླས་པའི་དམ་ཚིག་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱའོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཆོས་ཉིད་སྟོན་པའི་ཡི་གེར་གྱུར་ཏེ་བྱུང་ནས་དེ་བཞིན་དུ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ལ། བཟླས་པའི་རྒྱུད་ལ་ཡང་བཟླས་པ་ཞེས་བཤད་དེ། གང་གི་ཕྱིར་ཡི་གེ་བཟླས་པའི་རྒྱུ་ནི་ལྕེ་ཡིན་པ་ལས་དེའི་ཕྱིར་རྡོ་རྗེ་བཟླས་པའི་དབྱིབས་སུ་གྱུར་
ཏེ་ཞེས་བྱ་བ་སྟེ། ལྕེའི་གཟུགས་ཅན་གྱི་ཕྱག་རྒྱའི་ཁྱད་པར་དུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་སྤྲོས་པ་མེད་པ་ཉིད་དེ། དེ་ཐོག་མར་བྱས་ནས་བྱང་ཆུབ་ཀྱི་སེམས་ལ་སོགས་པ་སྔར་བཤད་
པ་རྣམས་ཀྱང་། སོགས་པ་ཞེས་བྱ་བའི་སྒྲས་བསྡུའོ། །སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་ནི་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་ཏེ། ནམ་མཁའ་ལ་བཞུད་པ་ལ་སོགས་པའོ། །ཆོ་འཕྲུལ་ནི་མཐུ་ཡང་དག་པར་སྟོན་པ་སྟེ། གདུལ་བྱ་རྣམས་ལ་ཕན་གདགས་པར་མཛད་པའི་ཕྱིར། འཇིག་
རྟེན་གསུམ་པོ་བསྐྱོད་པ་ལ་སོགས་པའོ། །རྫུ་འཕྲུལ་དང་ཆོ་འཕྲུལ་ནི་རྫུ་འཕྲུལ་དང་ཆོ་འཕྲུལ་ལོ། །སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་ཡིན་པས་ན། སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་ཡིན་པའམ། རྫུ་འཕྲུལ་དང་ཆོ་འཕྲུལ་མཛད་པས་ན་རྫུ་འཕྲུལ་དང་ཆོ་འཕྲུལ་ཏེ་
เล่ม ๕๕ · หน้า 56a
དེ་བྱས་ནས་སོ། །ཤིན་ཏུ་ཡང་ཚིག་གི་སྤྲོས་པ་དང་བྲལ་བས་ཤིན་ཏུ་ཚིག་མ་ཡིན་ནོ། །དེའི་ངོ་བོ་ཉིད་ཡིན་པས་ན་ཤིན་ཏུ་ཡང་ཚིག་མ་ཡིན་པ་ཉིད་དེ། དེ་བས་ན་བྱང་ཆུབ་སེམས་དཔའ་ཤིན་ཏུ་ཚིག་མ་ཡིན་པར་སྣང་བའི་དོན་གྱིས་ན་གཅིག་པའོ། །ཤིན་ཏུ་བསྟན་པས་
ན་འདྲེས་པར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཚིག་མ་ཡིན་པའི་སྐུར་གྱུར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །རང་ཉིད་འབྱུང་བས་ན་རང་འབྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་རྣམས་ཀྱི་ངོ་མཚར་དུ་གྱུར་པ་གང་ཡིན་ཞེ་ན།
གསང་བ་ཞེས་བྱ་བ་གསུངས་སོ། །གསང་བ་དེ་གང་ཡིན་ཞེ་ན། ལྡེམ་པོ་ངག་ཏུ་བདག་དགོངས་ཏེ། །ཞེས་པ་ལྡེམ་པོ་ངག་ནི། མཚན་ཉིད་ཅན་གྱི་གསུང་གི་གསང་བ་ནི་བདག་ཉིད་ཡིན་ཞེས་བྱ་བའི་དོན་ཏེ། སྒྲའི་དོན་ཇི་བཞིན་པ་མ་ཡིན་པའི་ཚིག་ལ་ནི་ལྡེམ་པོ་ངག་གི་སྒྲ་གསུངས་སོ། །འདིར་ངོ་
མཚར་ཅི་ཞིག་ཆེ་ཞེ་ན། གང་ཕྱིར་དམ་པའི་ཆོས་འཆད་ན། །ཚིག་ཏུ་སྤྲོས་ལས་རྣམ་པར་བྲལ། །ཞེས་བྱ་བ་སྟེ། གང་གི་ཕྱིར་ཆོས་ཀྱང་སྟོན་པར་མཛད་ལ་ཚིག་གི་སྤྲོས་པ་དང་ཡང་བྲལ་བ་འདི་ནི་ངོ་མཚར་ཆེའོ། །འདི་སྐད་སྟོན་ཏེ། བསྟན་པ་མེད་པའི་དོན་བསྟན་པ་ཐོས་པ་གང་ཡིན་པ་འདི་
ལ་ནི་སྟོན་པར་བྱེད་པ་མེད་པས་ན་ཚིག་གི་སྤྲོས་པ་དང་བྲལ་བ་ཞེས་བཤད་དེ། གཙོ་བོར་བསྟན་པ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གསུང་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ནི་གསང་བར་བྱའོ། །གསང་
བ་ཡང་ཡིན་ལ་གསུང་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གསུང་སྟེ་སྦས་པའི་གསུང་ཞེས་བྱ་བའི་དོན་ཏོ། །དེའི་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་དེ་ཉིད་དང་རྗེས་སུ་མཐུན་པ་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
གསུང་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་སྟེ། དེའི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཡེ་ཤེས་སོ། །དེའི་དམ་ཚིག་ནི་གསུང་སྐྱེད་པར་བྱེད་པའི་ལྕེའི་ངོ་བོ་ཉིད་ཀྱི་ཕྱག་རྒྱའི་ཁྱད་པར་རོ། །ཚིག་གི་དངོས་གྲུབ་ནི་ཚིག་གྲུབ་པ་སྟེ། ཚིག་གྲུབ་པས་
เล่ม ๕๕ · หน้า 56b
བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བའི་ཕྱིར་རོ། །བར་དུ་ཞེས་བྱ་བའི་སྒྲས་ནི་གསུང་གི་གསང་བའི་མཐར་ཐུག་པའི་བར་གྱི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་བསྡུའོ། །གསུང་གི་གསང་བའི་ངོ་བོ་ཉིད་ཡིན་པས་ན་གསུང་གི་གསང་བ་ཉིད་དེ། དེ་ཐོབ་པ་ནི་དངོས་གྲུབ་དམ་པ་ཉིད་དོ། །དེའི་ཕྱིར་
རྡོ་རྗེ་བཟླས་པའི་དབྱིབས་དེ་དེ་ལ་བྱིན་པ་ཡིན་ནོ། །འདི་ལ་གསལ་བའི་ཚིག་ཡོད་པ་མ་ཡིན་པས་ན་ཚིག་མ་ཡིན་པའོ། །དེ་ནས་ཞེས་བྱ་བ་ནི་ཕྱག་རྒྱས་དབང་བསྐུར་བའི་རྗེས་ཐོགས་ལའོ། །རྡོ་རྗེའི་ཚིག་ནི་སྒྲ་སྤངས་པ་སྟེ། དེ་བས་ན་དེ་ལ་ལྟོས་ནས་རྡོ་རྗེ་དམ་ཚིག་ཅེས་མིང་གི་དབང་བསྐུར་བ་
བྱིན་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་དེའི་ཕྱག་རྒྱའི་ཁྱད་པར་དེས་ཅི་ཞིག་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ལ་རྡོ་རྗེའི་བཟླས་པ་ཡང་དག་པར་སྨྲ་ཞིང་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འདིར་དཀྱིལ་འཁོར་བའི་སེམས་དཔའ་རྣམས་ཏེ། དེ་ཟློས་པ་
རྣམས་ཀྱང་དེས་བྱིན་གྱིས་བརླབས་པ་ཡིན་ལ། དེ་རྣམས་ཀྱིས་ཡང་དག་པར་སྨྲ་བ་ནི་བརྗོད་པ་སྟེ། སྨྲ་བ་རྣམས་ལ་ལྕེའི་ཕྱག་རྒྱ་བདེ་བར་དགོད་པས་ཐམས་ཅད་སྨྲར་གཞུག་པ་ནི་ཡང་དག་པར་སྨྲ་བའོ། །ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ་ལ། ཅི་ཞིག་ཆེད་དུ་བརྗོད་ཅེ་ན། འདི་ནི་
སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནི་ཕྱག་གི་མཐིལ་ལ་གནས་པའོ། །དེ་ཞེས་བྱ་བ་ནི་བདག་གང་ལས་སྐྱེས་པའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་དེ་གང་ཡིན་ཞེ་ན། རྡོ་རྗེ་བཟླས་པ་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱའི་ཁྱད་པར་གང་གིས་
རྡོ་རྗེ་བཟླས་པ་བྱེད་པའི་ཕྱག་རྒྱའི་ཁྱད་པར་དེ་ལ་རྡོ་རྗེ་བཟླས་པ་ཞེས་བཤད་དོ། །གང་ཞིག་ཅེ་ན། དེའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྔགས་འདི་མྱུར་དུ་འགྲུབ་པར་འགྱུར། །ཞེས་བྱའོ། །རྡོ་རྗེ་ཆོས་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བ་ལ། འཇིག་རྟེན་དབང་ཕྱུག་གི་ཡེ་ཤེས་ནི་རྡོ་རྗེ་ཆོས་
ཉིད་ཀྱི་ཡེ་ཤེས་ཏེ། འདིར་ངོ་བོ་ཉིད་ཀྱི་འདོད་ཆགས་ཀྱིས་གོས་པ་མེད་པའོ། །དེའི་ཡེ་ཤེས་ཡིན་པས་ན་རྡོ་རྗེ་ཆོས་ཉིད་ཀྱི་ཡེ་ཤེས་སོ། །ཤེས་རབ་དང་ཡེ་ཤེས་ནི་བཅོམ་ལྡན་འདས་འཇམ་དཔལ་ཏེ། ཤེས་རབ་དང་ཡེ་ཤེས་ནི་ཤེས་རབ་དང་ཡེ་ཤེས་སོ། །ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་
เล่ม ๕๕ · หน้า 57a
བའི་ཡེ་ཤེས་ནི་ཆོས་ཀྱི་འཁོར་ལོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཆོས་ཀྱི་འཁོར་ལོ་ཆེན་པོའོ། །དེའི་ཡེ་ཤེས་ཡིན་པས་ན། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བའི་ཡེ་ཤེས་ཏེ་རྡོ་རྗེའི་རྒྱུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་སྤྲོས་པ་རྣམ་པར་ལྡོག་
པའི་ཡེ་ཤེས་ཞེས་བྱ་བ་ལ། གསུང་གི་སྤྲོས་པ་ནི་རྣ་བའི་རྣམ་པར་ཤེས་པའི་ཡུལ་ཚིག་དང་ངག་གི་རྣམ་པའོ། །དེ་ལས་བཟློག་པ་ནི་རྡོ་རྗེའི་ཚིག་གི་སྒྲ་སྤངས་པའོ་ཞེས་བསྟན་པའོ། །ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་
དཔའ་ཆེན་པོ་ཞེས་གསུངས་ཏེ། དམ་ཚིག་སེམས་དཔའི་རྗེས་ཐོགས་ལ་ནི་དབང་བསྐུར་བའི་སེམས་དཔའ་ཡིན་ལ། དབང་བསྐུར་བའི་སེམས་དཔའི་རྗེས་ཐོགས་ལ་ནི་རྣལ་འབྱོར་གྱི་མན་ངག་གིས་དེ་ལས་ཡེ་ཤེས་བཞི་ཡོངས་སུ་རྫོགས་པས་དེའི་ཕྱིར་ཡེ་ཤེས་སེམས་དཔའ་ཞེས་གསུངས་
པ་ཡིན་ནོ། །རྣལ་འབྱོར་ཡོངས་སུ་རྫོགས་པ་ལས་ནི་བདག་དང་གཞན་གྱི་དོན་འགྲུབ་པའི་མཚན་ཉིད་ཅན་གྱི་ལས་འབྱུང་སྟེ། དེ་བས་ན་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། བྱང་ཆུབ་
སེམས་དཔའ་ཆེན་པོ་ལས་ཐམས་ཅད་པ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ལས་ཐམས་ཅད་དོ། །བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ན། བྱང་ཆུབ་སེམས་དཔའ་ལས་ཐམས་ཅད་པ་ནི་བདག་དང་གཞན་གྱི་དོན་གྱི་མཚན་ཉིད་ཅན་གྱི་ལས་སྣ་
ཚོགས་པ་དུ་མ་སྟེ། བདག་གི་དོན་ནི་ཚོགས་ཡོངས་སུ་རྫོགས་པའི་རྒྱུ་མཆོད་པའི་སྤྲུལ་པའོ། །གཞན་གྱི་དོན་ནི་དུས་ཇི་ལྟ་བུ་དང་ཅི་རིགས་པར་གདུལ་བྱའི་བྱ་བ་རྫོགས་པར་བྱས་པ་འདི་དག་ནི་ལས་ཐམས་ཅད་ཡིན་ལ། དེ་ཡོངས་སུ་རྫོགས་པར་མཛད་པས་ན་ལས་ཐམས་ཅད་པའོ། །
དེའི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་ལས་ཐམས་ཅད་པ་ཞེས་བྱ་བའི་དམ་ཚིག་སྟེ། དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་ལས་ཀྱི་མཚན་ཉིད་ཅན་གྱི་སེམས་ཀྱི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་
เล่ม ๕๕ · หน้า 57b
ཅིང་མཐུ་སྐྱེད་པའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་སྙིང་པོ་གང་གིས་གདུལ་བྱའི་མཛད་པ་རྣམས་མཛད་པ་ནི།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དམ་ཚིག་ཅེས་བཤད་དོ། །འདི་ཞེས་བྱ་བ་ནི་ཐུགས་ལ་བཞག་པ་ལ་སྙེགས་སོ། །ལས་ཐམས་ཅད་ཅེས་བྱ་བ་ལ་ལས་རྣམས་མཉམ་པ་ཉིད་ཡིན་པས་ན། ལས་ཐམས་ཅད་ཀྱི་མཉམ་པ་ཉིད་དོ། །ལས་རྣམས་ངོ་བོ་ཉིད་ཀྱིས་བྱ་བའི་དངོས་པོ་
རྫས་དང་བྲལ་བ་ནི་ལས་ཐམས་ཅད་ཀྱི་མཉམ་པ་ཉིད་དོ། །དེ་ཡང་། འདུ་བྱེད་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །འདི་དག་འབྱུང་བ་དེ་ཉིད་ནི། །བྱ་བ་དེ་ཉིད་བྱེད་པོར་བརྗོད། །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །དེའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ལས་ཐམས་ཅད་ཀྱི་མཉམ་པ་
ཉིད་ཀྱི་ཡེ་ཤེས་སོ། །དེའི་ཤིན་ཏུ་རྟོགས་པ་ནི་ཁོང་དུ་ཆུད་ཅིང་རབ་ཏུ་རྟོགས་པ་སྟེ། ཡང་དག་པར་ཐུགས་སུ་ཆུད་ཅེས་བྱ་བའི་དོན་ཏོ། །དེའི་ངོ་བོ་ཉིད་ཡིན་པས་ན་ཤིན་ཏུ་རྟོགས་པ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་འོད་ཟེར་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་འོད་ཟེར་ནི་ཁ་བཞི་པ་རྩེ་གསུམ་པ་རྡོ་རྗེ་ནག་པོ་སྤེལ་བ། གེ་སར་གྱི་ཕྲེང་བའི་དབྱིབས་སུ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་དག་གི་ཏིང་ངེ་འཛིན་ལ་དབང་དུ་གྱུར་པ་བསྟན་པར་བྱ་བའི་ཕྱིར་སྤྲོ་བ་བསྟན་པ་ནི། དེ་དག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས་ཞེས་བྱ་བ་སྟེ། འདི་
རྣམས་ཀྱིས་སྣང་བར་བྱས་ཤིང་རང་བཞིན་གྱིས་ཁ་དོག་བསྒྱུར་བ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ལས་ཀྱི་དབྱིབས་ལྟ་བུར་གྱུར་ཏོ་ཞེས་བྱ་བ་སྟེ། ལས་ཀྱི་དབྱིབས་ཀྱི་རང་བཞིན་དུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཕྲིན་ལས་ཀྱི་དབྱིབས་མ་ལུས་པ་དེ་ལ་ཡང་ཞེས་བྱ་བ་ལ་ལས་རྣམས་ཀྱི་ཁམས་ནི་ལས་ཀྱི་
དབྱིབས་ཏེ། རྒྱུ་སྐད་ཅིག་མའི་གཟུགས་ཅན་གྱི་སྐད་ཅིག་མ་གཞན་ལས་འབྲས་བུའི་སྐད་ཅིག་འབྱུང་བའི་བྱ་བ་ལ་ནི་ལས་ཞེས་བཤད་དེ། དེའི་རྒྱུ་ནི་རླུང་གི་ཁམས་ཡིན་པས་ལས་ཀྱི་དབྱིབས་ནི་རླུང་གི་ཁམས་ཞེས་བྱ་བའི་དོན་ཏོ། །སྤྲོས་པ་ལས་བསྡུ་བ་བྱས་ནས། བཅོམ་ལྡན་འདས་རྣམ་
เล่ม ๕๕ · หน้า 58a
པར་སྣང་མཛད་ཀྱི་ཐུགས་ཀར་ཞུགས་སོ། །དེར་ཞུགས་ནས་ཅི་ཞིག་ཏུ་གྱུར་ཞེ་ན། དེའི་ཕྱིར་ལས་ཀྱི་རྡོ་རྗེའི་དབྱིབས་སུ་གྱུར་ནས་ཞེས་བྱ་བ་གསུངས་སོ། །ཚད་ཇི་ཙམ་ཞེ་ན་ཡང་ཕྱག་རྒྱར་གྱུར་པའི་སྤྲོ་བ་བསྟན་པ་ནི་དེ་ནས་རྡོ་རྗེ་དབྱིབས་ཞེས་བྱ་བ་ལ་སོགས་པའོ། །གང་
ལས་ཤེ་ན། དེ་ལས་ཞེས་བྱ་བ་སྟེ། སྔར་བཤད་པའི་ལས་ཀྱི་ཁམས་ཀྱི་སེམས་ལས་སོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་གང་ཡིན་པ་ལ་སོགས་པའི་བྱ་བའི་ཁྱད་པར་དེ་
དག་ཐམས་ཅད་བྱས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་མཐའ་ཡས་པ་ནི་གདུལ་བྱ་མཐའ་ཡས་པ་ཉིད་དེ། སེམས་ཅན་གྱི་ཚོགས་མཐའ་ཡས་པའི་ཕྱིར་རོ། །མཐའ་ཡས་པ་དེ་ཉིད་ཀྱིས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གཅིག་ཏུ་གྱུར་ཏེ། གཅིག་ཏུ་གྱུར་
པར་ཤིན་ཏུ་བསྒོམ་པའི་ཕྱིར་རོ། །ཤིན་ཏུ་བརྟན་པས་ན་འདྲེས་པའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ཅི་ཞིག་ངོ་མཚར་ཡིན་ཞེ་ན། ཕྲིན་ལས་མང་པོ་ཀུན་བདག་ཡིན། །ཞེས་བྱ་བའོ། །སུ་ཞིག་གི་ལས་ཐམས་ཅད་པ་ཡིན་ཞེ་ན། སངས་རྒྱས་
རྣམས་ཀྱིས་ཞེས་བྱའོ། །ཇི་ལྟ་བུ་ཞེ་ན། ངེས་པར་ཏེ་དོན་ཡོད་པ་ཞེས་བྱ་བའི་དོན་ཏོ། །ཇི་ཙམ་ཞེ་ན། མང་པོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྣམས་ཀྱི་དོན་ཡོད་པའི་ཕྲིན་ལས་འདི་ཁྱོད་ཡིན་པར་ཇི་ལྟར་ཤེས་ཤེ་ན། སངས་རྒྱས་དོན་ནི་ལྷུན་གྲུབ་ཕྱིར། །རྡོ་རྗེ་ལས་ནི་འཇུག་པར་འགྱུར། །
ཞེས་བྱ་བ་སྟེ། གང་གི་ཕྱིར་སངས་རྒྱས་ཀྱི་དོན་ཏེ། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་རྫོགས་པར་མཛད་པ་སྟེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་སུ་ཟིན་ཀྱང་ཐམས་ཅད་གདུལ་བྱ་མཐའ་ཡས་པ་ལ་འབད་པ་མེད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ལས་ལ་རྡོ་
རྗེ་ལྟར་བཟློག་པར་དཀའ་བས་འཇུག་པར་འགྱུར་བའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་ལས་ལ་དོན་ཡོད་པར་མཛད་པས་ན་གདོན་མི་ཟ་བའི་རྡོ་རྗེ་ཞེས་བཤད་དེ། ལས་ཀྱི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །དེ་བྱིན་གྱིས་
เล่ม ๕๕ · หน้า 58b
བརླབ་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་གདོན་མི་ཟ་བའི་རྡོ་རྗེ་ཞེས་བཤད་དེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་ལས་ཀྱི་རྡོ་རྗེ་དེ་བྱང་ཆུབ་སེམས་དཔའ་དེའི་ལག་པར་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །ལྷག་མ་རྣམས་ཀྱིས་ནི་ལས་ཀྱི་དམ་ཚིག་གི་དགོས་པ་བསྟན་པ་ཡིན་ཏེ། དེ་བཞིན་
གཤེགས་པ་ཐམས་ཅད་ལ་མཆོད་པ་བྱ་བ་ནི། ཡིད་ཀྱི་མཆོད་པ་མང་པོ་གང་མདོ་སྡེ་དག་ལས་བཤད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་པ་རྒྱ་ཆེན་པོ་རྣམས་གཟུང་ངོ་། །དེ་ལྟ་བུའི་མཆོད་པ་ལ་འཇུག་ཅིང་། སེམས་ཀྱི་ལྷག་པར་མོས་པ་དེ་ཐོག་མར་བྱས་ནས།
གདུལ་བྱ་རྣམས་ཀྱི་བྱ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྲིན་ལས་གཞན་གང་ཅི་ཡང་རུང་བ་དེ་ཐམས་ཅད་ཀྱང་ཡོངས་སུ་བསྡུའོ། །ལས་དེའི་ཚད་ཇི་ཙམ་ཞེ་ན། གདོན་མི་ཟ་བ་ཚད་མེད་པ། །ཞེས་བྱ་བ་སྟེ། ཇི་ལྟར་སེམས་བསོད་ནམས་ཀྱི་ཚོགས་མ་ལུས་པར་སྡུད་པ་
ལ་དོན་ཡོད་པ་དེས་ན་གདོན་མི་ཟ་བ་ཉིད་དོ། །ལས་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་ཡིན་པས་ན་ལས་ཐམས་ཅད་ཀྱི་ཆོ་ག་རྒྱས་པའོ། །ཆོ་གའི་སྒྲ་ནི་རྣམ་པའི་ཚིག་སྟེ། ལས་ཀྱི་ཆོ་ག་རྒྱས་པ་ཐམས་ཅད་དོ། །དེའི་དམ་ཚིག་ནི་དེས་བསྡུས་པའི་མཚན་མ་སྟེ། མཚན་མ་དེས་མཆོད་པ་དེ་བྱིན་
གྱིས་བརླབས་ནས། འབྲས་བུ་གདོན་མི་ཟ་བར་འགྱུར་བས་དེའི་ཕྱིར་ལས་ཀྱི་རྡོ་རྗེ་དེ་ལ་དམ་ཚིག་ཅེས་བྱའོ། །འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་རྣམས་ཀྱི་ལས་ཐམས་ཅད་དེ་ལས་ཕྲན་ཚེགས་རྣམས་སོ། །དེ་གྲུབ་པ་ནི་བསམས་
པའི་དོན་ཐོབ་པའོ། །དེས་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བ་ནི་མངོན་སུམ་དུ་མྱོང་བའོ། །བར་དུ་ཞེས་བྱ་བའི་སྒྲས་ནི་འཇིག་རྟེན་པ་དང་། འཇིག་རྟེན་པའི་འབྲས་བུ་གཞན་དག་ཀྱང་བསྡུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྲིན་ལས་ཉིད་ནི། མི་ཕྱེད་པའི་ཕྲིན་ལས་
ཉིད་དེ་དེའི་ཡེ་ཤེས་སོ། །དེ་ཉིད་ནི་མངོན་པར་ཤེས་པའོ། །དངོས་གྲུབ་དམ་པ་ཡང་དེ་ཉིད་དེ། འབྲས་བུ་དེ་དག་གི་ཕྱིར་རོ། །ལས་ཀྱི་རིགས་ཐམས་ཅད་དུ་འཁོར་ལོ་བསྐོར་བར་འོས་པ་ཡིན་ལ། དེའི་ངོ་བོ་ཉིད་ཡིན་པས་ན་ཕྲིན་ལས་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་སྟེ། ཕྲིན་ལས་
เล่ม ๕๕ · หน้า 59a
ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་དེ་ལ་རྡོ་རྗེའི་དབང་བསྐུར་བ་ནི་རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་སྟེ། དེས་དབང་བསྐུར་ནས་དེའི་ལག་ཏུ་ལས་ཀྱི་རྡོ་རྗེ་དེ་བཞིན་དུ་བྱིན་པ་སྟེ། དེའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་རྡོ་རྗེའོ། །དེ་ཞེས་བྱ་བ་ནི་གང་
ཕྱག་ན་གནས་པའོ། །ཕྱག་རྒྱས་དབང་བསྐུར་བའི་རྗེས་ཐོགས་ལ་མིང་གི་དབང་བསྐུར་བ་སྟེ། རྡོ་རྗེ་ཕྱག་རྒྱའི་རྩེ་མོ་ཐམས་ཅད་པ་ཡིན་པས་ན་རྡོ་རྗེ་ཐམས་ཅད་པའོ། །རྡོ་རྗེ་ཐམས་ཅད་པ་ནི་རྡོ་རྗེ་ཁ་བཞི་པ་ཡིན་ལ། དེ་བས་ན་དེས་ཉེ་བར་མཚོན་པའི་མིང་ཡང་རྡོ་རྗེ་ཐམས་ཅད་པ་རྡོ་རྗེ་ཐམས་
ཅད་པ་ཞེས་རྡོ་རྗེ་མིང་གི་དབང་གིས་དབང་བསྐུར་བའོ། །དེ་ཡང་རྡོ་རྗེའི་རིགས་སུ་རྡོ་རྗེས་མཚན་པའི་མིང་གི་དབང་བསྐུར་བས་ན། རྡོ་རྗེ་མིང་གི་དབང་བསྐུར་བ་སྟེ། རྡོ་རྗེ་ཡང་ཡིན་ལ་ཁ་བཞི་པ་ཡང་ཡིན་པས་རྡོ་རྗེ་ཐམས་ཅད་པ་སྟེ་དེས་མཚན་པས་རྡོ་རྗེ་ཐམས་ཅད་པ་ཞེས་བཤད་དོ། །རྡོ་རྗེ་
དེ་རང་གི་སྙིང་གར་བཞག་ལ་ཞེས་བྱ་བ་འདི་སྐད་དུ་སྟོན་ཏེ། སྙིང་ག་ནི་འདིའི་སྦྱོར་བའི་དུས་ཀྱི་གནས་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ངེས་པར་སྦྱོར་ཞིང་ཞེས་བྱ་བར་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འདིར་དཀྱིལ་འཁོར་
བའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེས་བྱིན་གྱིས་བརླབས་པའི་སྔགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཕྲིན་ལས་ཐམས་ཅད་ལ་ངེས་པར་སྦྱར་རོ། །དེ་ཡང་སྙིང་གར་གནས་པའི་ཕྱག་རྒྱའི་ཁྱད་པར་འདི་དང་ཁྱེད་རྣམས་ཀྱིས་ལས་ཐམས་ཅད་བྱའོ་ཞེས་པའོ། །ཅིའི་ཕྱིར་དེ་
ལྟར་བྱ་ཞེ་ན། གང་གི་ཕྱིར། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ལས་རྣམས་ཐམས་ཅད་རབ་བྱེད་པ། །ཞེས་བྱ་བ་གསུངས་ཏེ། ལས་ཐམས་ཅད་བྱེད་པ་ཞེས་བྱ་བའི་དོན་ཏོ། །མཆོག་ཅེས་བྱ་བ་ནི་དམ་པའོ། །བདག་དེ་བདག་གི་ཞེས་བྱ་བ་ནི་ཕྱག་རྒྱ་དང་གཉིས་ཁྱད་པར་མེད་པར་སྟོན་ཏེ། དེ་
ལས་བྱུང་བའི་བདག་ནི་ལས་ཐམས་ཅད་བྱེད་པ་དང་། རྡོ་རྗེ་ཐམས་ཅད་པ་ལས་སྐྱེས་པས་ན། བདག་ནི་ལས་ཐམས་ཅད་པ་ཡིན་ལ་བདག་ཐམས་ཅད་པ་ལ་ཐམས་ཅད་པ་གནས་ཏེ། རྡོ་རྗེ་ཐམས་ཅད་པ་གནས་སོ་ཞེས་བྱ་བའི་དོན་ཏོ། །གདུལ་བྱ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་
เล่ม ๕๕ · หน้า 59b
སྤྱད་པ་སྤྱོད་པ་རྣམས་ལ་ལས་ཐམས་ཅད་སྟོན་པར་མཛད་པའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀྱི་ཁྱད་པར་གྱི་ཕྲིན་ལས་ཀྱི་ངོ་བོ་སྙིང་པོ་དང་། ཕྱག་རྒྱ་དང་། སེམས་དཔའི་ངོ་བོར་དཀྱིལ་འཁོར་དུ་སྤྲུལ་པར་མཛད་པ་ཡིན་པས་འདས་མ་ཐག་པའི་རབ་ཏུ་བྱེད་པས་ནི་ཕྲིན་ལས་
བསྟན་པ་ཡིན་ནོ། །དེ་ནི་ལས་ལ་ཞུགས་པ་རྣམས་ཀྱིས་ནི་བསྲུང་བར་བྱ་དགོས་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ། བརྩོན་འགྲུས་ཐུབ་དཀའ་བ་ཡང་ཡིན་པས་བྱང་ཆུབ་སེམས་དཔའ་ཆེན་པོ་བརྩོན་
འགྲུས་ཐུབ་དཀའོ། །བརྩོན་འགྲུས་ནི་དགེ་བའི་ལས་རྣམས་ལ་སྤྲོ་བའོ། །ཐུབ་པར་དཀའ་བའི་བརྩོན་འགྲུས་གང་ལ་ཡོད་པ་དེ་ནི་བརྩོན་འགྲུས་ཐུབ་དཀའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་ལས་ཀྱི་མཚན་ཉིད་ཅན་གྱི་སེམས་ཀྱི་ཁྱད་པར་གང་ལས་བྱུང་བ་དེ་
བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔར་འགྱུར་བ་སྟེ། གོ་ཆའི་རྣམ་པའི་ཕྱག་རྒྱའི་ཁྱད་པར་གང་གིས་བདག་དང་གཞན་
རྣམས་བསྲུང་བར་བྱས་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྲུང་བའི་དམ་ཚིག་ཅེས་བྱ་བ་ལ་སྒྲ་གང་གི་དོན་དེ་སྟོན་པར་བྱེད་པ་དེ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྲུང་བའི་དམ་ཚིག་ཅེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པས་ན། དེའི་
དོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བཤད་དེ། དེ་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །གོ་ཆ་བརྟན་པ་ཞེས་བྱ་བ་ནི་བརྩོན་འགྲུས་བརྟན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེའི་གོ་ཆ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་གོ་ཆ་ཆེན་པོ་སྟེ། རྡོ་རྗེ་ལྟ་བུའི་བསམ་པ་ལས་བྱུང་
བས་ན་རྡོ་རྗེ་གོ་ཆ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྲུང་བའི་ཆོ་ག་རྒྱས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་བསྲུང་བ་གང་ཡིན་པ་དེའི་གོ་ཆ་ནི་བྱ་བ་དང་། ཉམས་སུ་བླང་བ་དང་། ལས་སོ། །རྒྱས་པ་ནི་རྣམ་པ་དུ་མ་སྟེ།
เล่ม ๕๕ · หน้า 60a
འདི་ཉིད་ནི་ལས་ཡིན་ཏེ་དེ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཐུབ་དཀའ་བའི་སྐུའི་རྣམ་པར་ཤིན་ཏུ་བསྒོམས་པའི་ཕྱིར་གཅིག་པ་དང་། ཤིན་ཏུ་བརྟན་པས་ན་འདྲེས་པའོ། །མཁྲེགས་པ་ཞེས་བྱ་བའི་དོན་ཏོ། །
ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །བརྩོན་འགྲུས་ཀྱི་རང་བཞིན་ནི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་དེ། ཆོས་གང་སྤྲོ་བའི་མཚན་ཉིད་དང་འབྲེལ་པ་དེ་ལ་ནི་སྐྱེས་བུ་དཔའོ་ཞེས་བརྗོད་པ་དང་འདྲ་བར་དེའི་རང་བཞིན་ཅན་གྱི་གོ་ཆའོ། །ཤིན་ཏུ་བརྟན་པས་ན་རབ་ཏུ་བརྟན་པའོ། །དེ་གང་ཞེ་ན། བདག་
ཅེས་བྱ་བ་གསུངས་སོ། །ཁྱོད་གང་གི་ཕྱིར་རབ་ཏུ་བརྟན་པ་ཡིན་ཞེ་ན། གང་གི་ཕྱིར་བརྟན་པའི་བདག་ཉིད་ཅན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྲོ་བའི་བདག་ཉིད་ནི་བདག་ཡིན་ཏེ། བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་པར་སྦྱངས་པས་འཇིག་རྟེན་གསུམ་པོ་རྣམས་ཀྱིས་ཀྱང་བསྐྱོད་པར་
མི་ནུས་སོ། །དམ་ཚིག་གི་བྱིན་གྱིས་བརླབས་པའི་སྐྱེས་བུ་གཞན་དག་གི་ལུས་ལ་ཡང་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་ཀྱིས་ཀྱང་གཞིག་པར་མི་ནུས་པར་བརྟན་པའི་ཕྱིར། དེ་ནི་བརྟན་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྟན་པ་གང་གི་ལུས་མིན་ཞེས་བྱ་བ་ལུས་ངན་
པ་སྟེ། མིའི་ལུས་ནི་སུ་ཡང་རུང་བས་གཞིག་པར་ནུས་པས་ན་ངན་པ་ཡིན་ལ། དེ་ཡང་འདི་ལྟ་བུའི་རྡོ་རྗེའི་ལུས་སུ་གྱུར་ཏེ། དེ་བས་ན་བདག་ནི་རྡོ་རྗེའི་ལུས་སུ་བྱེད་པའི་གོ་ཆའི་མཆོག་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་རྡོ་རྗེ་བརྟན་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་སྟེ། རྡོ་རྗེ་བརྟན་པ་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཁྱད་པར་གང་བརྩོན་འགྲུས་ཀྱི་རང་བཞིན་གྱི་གོ་ཆའི་མཚན་ཉིད་ཀྱིས་གོ་
བསྐོན་ཞིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་སྟེ། རྡོ་རྗེ་གོ་ཆ་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་དེའི་ལག་པར་དེ་བཞིན་དུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། སེམས་
เล่ม ๕๕ · หน้า 60b
ཅན་གྱི་ཁམས་ཡོངས་སུ་བསྐྱོང་བའི་ཕྱིར་རོ། །བར་དུ་ཞེས་བྱ་བའི་སྒྲ་ནི་རྡོ་རྗེའི་སྐུའི་བར་གྱི་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བསྡུས་ཏེ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་དམིགས་པའི་ཡེ་ཤེས་ཀྱི་ས་བཅུ་ལ་རིམ་གྱིས་དངོས་པོ་ཐམས་ཅད་རྣམ་པར་བསྒོམས་ཏེ། ཡུན་རིང་པོ་ནས་བསམས་
པའི་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པ་རྫོགས་པར་བྱ་བའི་ཕྱིར། བསོད་ནམས་ཀྱི་ཚོགས་ཡོངས་སུ་དག་པའི་ཟླ་བའི་དཀྱིལ་འཁོར་གྱི་གཞི་ལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་ང་རྒྱལ་དུ་ཡོངས་སུ་གྱུར་པ་གནས་ཡོངས་སུ་གྱུར་པའི་མཚན་ཉིད་ཅན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་ཡིན་ནོ་
ཞེས་དེ་ལ་ཤེས་པ་རྣམས་འཆད་དེ། དངོས་གྲུབ་ཀྱི་མཆོག་ཐོབ་པའི་འབྲས་བུ་དེ་དག་གི་ཕྱིར་རོ། །ཕྱག་རྒྱ་དེས་དབང་བསྐུར་བའི་རྗེས་ལ། སེམས་ཅན་གྱི་ཁམས་མ་ལུས་པ་བསྲུང་བའི་ལས་མཛད་དེ། དེ་བས་ན་གྲོགས་པོའི་བྱ་བ་བྱེད་དེ། མཛའ་བ་དེ་ཉིད་ཀྱང་རྡོ་རྗེ་ལྟར་མི་ཕྱེད་པས་དེའི་ཕྱིར།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་གྲོགས་པོ་རྡོ་རྗེ་གྲོགས་པོ་ཞེས་རྡོ་རྗེ་མིང་གི་དབང་བསྐུར་རོ། །དེ་ནས་རྡོ་རྗེ་གྲོགས་པོས་རྡོ་རྗེ་གོ་ཆ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྐོན་ཞིང་སྲུང་བར་བྱེད་དེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་
བ་ལ་སོགས་པ་ལ། འདི་ཞེས་བྱ་བ་ནི་ཕྱག་ན་གནས་པའོ། །དེ་ཞེས་བྱ་བ་ནི་གང་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཕྱུང་བའོ། །དེ་གང་གི་ཡིན་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བའོ། །དེའི་ངོ་བོ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། བྱམས་པའི་གོ་ཆ་ཞེས་བྱ་བ་སྟེ། བྱམས་པའི་དོན་རྫོགས་པར་
མཛད་པས་ན་བྱམས་པའི་གོ་ཆ་ཞེས་བཤད་དེ། གང་གི་ཕྱིར་སེམས་ཅན་གཞན་རྣམས་བདེ་བ་ལ་དགོད་པའི་མཚན་ཉིད་ནི། བྱམས་པ་ཡིན་པར་འདོད་ལ། གོ་ཆ་འདི་ཡང་སེམས་ཅན་བསྲུང་བའི་དོན་བྱེད་པས་བྱམས་པའི་དོན་རྫོགས་པར་བྱེད་པས་ན་དེའི་ཕྱིར་བྱམས་པའི་གོ་ཆ་ཞེས་བྱ་བ་གསུངས་
པ་ཡིན་ནོ། །དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། དམ་པ་ཞེས་བྱ་བའི་དོན་ཏོ། །གང་གིས་དེ་དམ་པ་ཉིད་དུ་གྱུར་པ་ཡིན་ཞེ་ན། བརྩོན་འགྲུས་བརྟན་པས་ཞེས་བྱ་བ་གསུངས་པ་ཉིད་ཡིན་ནོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་བྱམས་པ་ནི་བརྩོན་འགྲུས་ཀྱི་དམ་ཚིག་ཡིན་པས་བསྲུང་བ་ཆེ་ཞེས་བཤད་པ་ཡིན་
เล่ม ๕๕ · หน้า 61a
ཏེ། འདི་ནི་བསྲུང་བ་ཐམས་ཅད་ཀྱི་མཆོག་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །འཇིག་རྟེན་གྲོགས་པོ་ནི་མ་བཅོལ་དུ་ཟིན་ཀྱང་རང་གི་བྱ་བ་བཞིན་དུ་མཛའ་བོའི་བྱ་བ་བྱེད་དེ། དེ་ཡང་གལ་ཏེ་སྟོབས་དང་ལྡན་པས་ལ་ལ་ཞིག་གིས་བཟླས་པའམ། ནོར་ལ་སོགས་པས་བཟློག་པ་ཡིན་ལ།
འདི་ནི་སེམས་ཅན་གྱི་དོན་ལ་ཞུགས་པ་གང་གིས་ཀྱང་བཟློག་པར་མི་ནུས་ཏེ། དེ་བས་ན་སྟོབས་དང་ལྡན་པ་གཞན་དག་ཀྱང་མེད་ལ། ནོར་ལ་སོགས་པས་ཀྱང་དབྱེ་བར་ནུས་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉེས་པ་སྤངས་པ་ཡིན་པས། དེའི་ཕྱིར། གྲོགས་པོ་ཆེན་པོར་
བརྗོད་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །གདུལ་བྱ་སྔགས་ཀྱི་སྒོར་སྤྱོད་ཅིང་བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པའི་ལས་ལ་འཇུག་པ་རྣམས་ལ་བདག་དང་གཞན་བསྲུང་བར་བྱ་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱམས་པ་དང་། བརྩོན་འགྲུས་
ཀྱི་རང་བཞིན་གྱི་ཡོན་ཏན་སྙིང་པོ་དང་ཕྱག་རྒྱ་དང་སེམས་དཔའི་གཟུགས་སུ་དཀྱིལ་འཁོར་དུ་སྤྲུལ་པ་མཛད་པ་ཡིན་པར་རབ་ཏུ་བྱེད་པ་འདིས་སྟོན་པ་ཡིན་ནོ། །ད་ནི་ལས་ལ་ཞུགས་པ་རྣམས་བསྲུང་བ་བྱས་སུ་ཟིན་ཀྱང་། བཟློག་པར་དཀའ་བའི་བགེགས་འབྱུང་ཞིང་གླགས་ཚོལ་བར་བྱེད་དེ།
དེ་བས་ན་དེ་རྣམས་སྐྲག་པར་བྱ་བའི་ཕྱིར་བཟློག་པར་བསྟན་པར་བྱ་བའི་དོན་དུ། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་ཉེ་བར་བཀོད་ཅིང་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ། བདུད་ཐམས་ཅད་ཀྱི་སྟོབས་རབ་ཏུ་འཇོམས་པ་ཡང་ཡིན་པས་ན་བྱང་ཆུབ་སེམས་
དཔའ་ཆེན་པོ་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ན་བྱང་ཆུབ་སེམས་དཔའོ། །བདུད་ཐམས་ཅད་རབ་ཏུ་འཇོམས་ཤིང་ཕྱེ་མར་རློག་པའི་ངང་ཚུལ་ཅན་ཡིན་པས་ན་བདུད་ཐམས་ཅད་རབ་ཏུ་འཇོམས་པའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་
རྒྱ་ལ་སོགས་པའོ། །དེ་ལས་ཀྱི་མཚན་ཉིད་ཅན་གྱི་སེམས་དཔའི་ཁྱད་པར་གང་ལས་འབྱུང་བ་དེ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་དུ་མཛད་པའོ། །
เล่ม ๕๕ · หน้า 61b
དེ་བཞིན་གཤེགས་པ་ཐམས་ཅད་མཆེ་བའི་མཚན་ཉིད་ཅན་གྱི་ཕྱག་རྒྱའི་ཁྱད་པར་གྱི་ཐབས་གང་གིས་བདུད་ཐམས་ཅད་སྐྲག་པར་མཛད་པའི་མཆེ་བའི་ཁྱད་པར་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་ལ། དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་
ཚིག་ཅེས་བྱ་བ་ཉིད་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་ཐབས་འདི་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་གསུངས་པ་ཡིན་ནོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །ཅི་ཞིག་
མཛད་ཅེ་ན། རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་བསྐུལ་བའི་རྗེས་ཐོགས་ཉིད་ལ་སྟེ། རྣམ་པ་གང་གིས་བཅོམ་ལྡན་འདས་ལ་བསྐུལ་བའི་རྣམ་པ་དེ་ཉིད་ཀྱིས་རྣམ་པ་དེ་ཉིད་རྫོགས་པར་བྱེད་པའི་ཕྱག་རྒྱའི་ཁྱད་པར་གྱི་ནུས་པ་ཡོད་པ་གང་ཡིན་པ་དེ་ནི། བཅོམ་
ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ། །གང་སྔར་གོ་ཆའི་ཚུལ་དུ་བྱུང་བ་གང་ཡིན་པ་དེ་ད་ལྟར་མཆེ་བར་གྱུར་ནས་འབྱུང་བ་ཡིན་ནོ། །རྡོ་རྗེ་མཆེ་བ་ཉིད་མཚོན་ཆ་ཡིན་པས་ན་རྡོ་རྗེ་མཆེ་བའི་མཚོན་ཆ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྡོ་རྗེའི་རང་བཞིན་གྱི་ཐུགས་ཀྱིས་སྤྲུལ་པ་ཡིན་ལ། རྡོ་
རྗེའི་རྣམ་པ་དང་རྗེས་སུ་མཐུན་ཞིང་ཐམས་ཅད་འཇིག་པར་ནུས་ལ། ཕྱིར་རྒོལ་བ་ཐམས་ཅད་སྐྲག་པར་བྱེད་ཅིང་མཚོན་ཆའི་བྱ་བ་རྫོགས་པར་བྱེད་པས་ན་རྡོ་རྗེ་མཆེ་བའི་དབྱིབས་ཞེས་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གདུག་པ་འདུལ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ།
ངེས་པར་སྲེག་གང་རྣོ་བ་གང་། །དྲག་ཤུལ་ཅན་གང་གཟི་ཅན་གང་། །ཤ་དང་ཁྲག་དང་རྐང་ཟ་གང་། །དེ་བས་དྲག་པོ་ཞེས་བཤད་དོ། །དྲག་པོའི་རྣམ་པར་འགྱུར་བ་ནི་གདུག་པ་སྟེ། དེ་རྣམས་གདུལ་བ་ནི་ང་རྒྱལ་ཚར་བཅད་པས་གདུག་པ་ཉིད་བསལ་བ་སྟེ། དེ་གདུལ་བ་ཐོག་མར་བྱའོ། །བདུད་
ཐམས་ཅད་རབ་ཏུ་འཇོམས་པ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེས་མི་སྣང་བར་བྱས་པ་སྟེ། ཤིན་ཏུ་འཇོམས་པ་ཡིན་ལ་དེའི་ངོ་བོ་ཉིད་ཡིན་པས་ན་རབ་ཏུ་འཇོམས་པ་ཉིད་དོ། །དེ་བས་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་བྱང་ཆུབ་སེམས་དཔའི་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པའི་
เล่ม ๕๕ · หน้า 62a
གཟུགས་སུ་ཤིན་ཏུ་བསྒོམས་པའི་ཕྱིར་གཅིག་པའོ། །བརྟན་པས་ན་འདྲེས་པའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ཅི་ཞིག་ངོ་མཚར་ཞེ་ན། ཐབས་ཆེན་ཏེ་ཞེས་བྱ་བ་གསུངས་ཏེ། ཐབས་ཆེ་བས་ཐབས་ཆེན་ནོ། །སུ་ཞིག་
ཅེ་ན་བདག་གོ། །སུ་ཞིག་གི་ཞེ་ན་སངས་རྒྱས་རྣམས་ཀྱིའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་གལ་ཏེ་སངས་རྒྱས་ཞེས་བྱ་བའི་སྒྲར་བརྗོད་པ་སྲིད་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར། ཐུགས་རྗེ་ཅན་གྱི་ཞེས་བྱ་བ་གསུངས་ཏེ། ཐུགས་རྗེའི་རང་བཞིན་ཅན་གྱི་ཞེས་བྱ་བའི་དོན་ཏོ། །འདི་
སྐད་སྟོན་ཏེ་གང་ཐུགས་རྗེའི་རོ་གཅིག་པའི་སངས་རྒྱས་རྣམས་ཀྱི་ཐབས་ཆེན་པོ་བདག་ཡིན་གྱི། སྙིང་རྗེ་དམན་པ་རྣམས་ཀྱི་ནི་མ་ཡིན་ནོ། །གལ་ཏེ་ཁྱོད་ཐུགས་རྗེ་ཅན་རྣམས་ཀྱི་ཐབས་ཆེན་པོ་ཡིན་ན། འདིར་ངོ་མཚར་ཅི་ཞིག་ཆེ་ཞེ་ན། ཞི་ཡང་སེམས་ཅན་དོན་དུ་ནི། །མ་རུངས་པར་ནི་སྟོན་པར་
འགྱུར། །ཞེས་བྱ་བ་སྟེ། གང་གི་ཕྱིར་ཤིན་ཏུ་ཞི་བའི་སངས་རྒྱས་ཀྱང་སེམས་ཅན་རྣམས་དོན་གྱི་རྒྱུར་མ་རུངས་ཏེ། རྡོ་རྗེ་གནོད་སྦྱིན་དུ་སྟོན་པར་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་གཏུམ་པ་ཞེས་བྱ་བ་ལ་སོགས་པ་ལ། ཤིན་ཏུ་གཏུམ་པ་ཡིན་པས་ན་རབ་ཏུ་གཏུམ་པ་སྟེ།
གཏུམ་པ་ནི་དྲག་ཤུལ་ཆེ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རབ་ཏུ་གཏུམ་པ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་གཏུམ་པའོ། །གཞན་གྱིས་མི་ཕྱེད་པས་རྡོ་རྗེ་དང་འདྲ་བས་རྡོ་རྗེ་སྟེ། དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་
ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །འདི་སྐད་སྟོན་ཏེ། ཏིང་ངེ་འཛིན་དེ་ལ་འདི་ལྟ་བུའི་སྐུ་དང་གསུང་དང་ཐུགས་རབ་ཏུ་སྣང་བའི་ཁྱད་པར་ཡོངས་སུ་བསྒོམས་ཏེ། གང་གིས་བགེགས་དང་ལོག་འདྲེན་རྣམ་པར་འཇིག་པར་འགྱུར་བའི་མཆེ་བའི་ཕྱག་རྒྱའི་དབང་བསྐུར་བ་སྦྱིན་པའི་ཕྱིར། དེ་
ལྟ་བུའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་འཇུག་པར་མཛད་ནས། རྡོ་རྗེ་མཆེ་བའི་མཚོན་ཆ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་དེའི་ལག་ཏུ་སྦྱིན་ནོ་ཞེས་བྱ་བར་སྦྱར་རོ། །ལྷག་མ་རྣམས་ཀྱིས་ནི་དགོས་པ་སྟོན་ཏོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཕྱག་རྒྱའི་ཁྱད་པར་གང་གིས་མ་རུངས་པ་སྟེ།
เล่ม ๕๕ · หน้า 62b
བགེགས་དང་ལོག་འདྲེན་རྣམས་འདུལ་བར་མཛད་པ་དེ་ལ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མ་རུངས་པ་གདུལ་བའི་དམ་ཚིག་ཅེས་བཤད་དོ། །ཅིའི་ཕྱིར་འདི་བྱིན་ཞེ་ན། འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་རྣམས་ལ་མི་འཇིགས་པ་སྦྱིན་པའི་ཕྱིར་
རོ། །བར་དུ་ཞེས་བྱ་བའི་སྒྲས་ནི་སངས་རྒྱས་ཀྱི་མཛད་པ་ལྷག་མ་རྣམས་ཡོངས་སུ་བཟུང་སྟེ། ཐབས་ཆེན་པོའི་ཡེ་ཤེས་དང་། མངོན་པར་ཤེས་པའི་མཐར་ཐུག་པའི་བར་ཡོངས་སུ་བསྡུའོ། །དེ་ཡང་འདོད་པར་བྱ་བ་ཡོངས་སུ་རྫོགས་པར་བྱེད་པས་ན་ཐབས་ཏེ། འདོད་པ་ནི་མངོན་པར་འདོད་པའི་
དོན་ཏོ། །ཐབས་ནི་ཐོབ་པ་སྟེ། བདེ་བས་མྱུར་དུ་ཐོབ་པར་བྱེད་པས་ན་ཐབས་སོ། །ཐབས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐབས་ཆེན་པོ་སྟེ། དེའི་ཡེ་ཤེས་སོ། །དེ་ཉིད་ནི་མངོན་པར་ཤེས་པ་སྟེ་དེ་འཐོབ་པའོ། །དེ་ཉིད་ནི་དངོས་གྲུབ་དམ་པ་སྟེ་འབྲས་བུ་དེ་དག་གི་ཕྱིར་རོ། །རང་གི་ཁར་
བཞག་ནས་ཞེས་བྱ་བ་ནི་མཆེ་བའི་གནས་སུ་བཞག་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བར་སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེས་བྱིན་གྱིས་བརླབས་པའི་སྔགས་པ་རྣམས་ཏེ། དེ་བཞིན་གཤེགས་པ་དེ་རྣམས་ལ་བགེགས་དང་ལོག་འདྲེན་ཚར་བཅད་པའི་
ཐབས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ངས་ཁྱེད་རྣམས་བསྡིགས་པ་དེ་བཞིན་དུ་ཁྱེད་རྣམས་ཀྱིས་ཀྱང་ཐབས་འདིས་བགེགས་དང་ལོག་འདྲེན་རྣམས་བསྡིགས་པར་གྱིས་ཤིག་པར་སྟོན་ཅིག །ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་ཞེས་བྱ་བ་ནི་གང་
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །འདི་སུ་ཞིག་གི་ཡིན་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བའོ། །ཇི་ལྟ་བུ་ཞེ་ན། མ་རུངས་ཐམས་ཅད་འདུལ་བའི་མཆོག །ཅེས་བྱ་སྟེ། མ་རུངས་པ་འདུལ་བ་གཞན་དག་ཀྱང་ཡོད་མོད་ཀྱི། དེ་རྣམས་ལས་ཤིན་ཏུ་ཕུལ་དུ་བྱུང་བ་ཡིན་པས་ན་
འདུལ་བའི་མཆོག་གོ། །འདི་ལྟ་བུ་དེ་གང་ཞེ་ན། རྡོ་རྗེ་མཆེ་བ་ཞེས་བྱའོ། །ཇི་ལྟ་བུ་ཞེ་ན། མཚོན་རྣོ་སྟེ་ཞེས་བྱའོ། །ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། ཐབས་ཞེས་བྱ་བའོ། །ཇི་ལྟ་བུ་ཞིག་གི་ཞེ་ན། སྙིང་རྗེའི་བདག་ཉིད་དོ་ཞེས་བྱ་བ་སྟེ། སྙིང་རྗེའི་བདག་ཉིད་ཅན་གྱིའོ། །འདི་ནི་གདུལ་བྱ་སྔགས་
เล่ม ๕๕ · หน้า 63a
ཀྱི་སྒོར་སྤྱོད་པ་རྣམས་ལ་བགེགས་རྣམས་ཚར་གཅོད་པའི་ཐབས་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་དང་། ཕྱག་རྒྱ་དང་སེམས་དཔའི་གཟུགས་སུ་སྤྲུལ་པར་མཛད་པ་ཡིན་ནོ། །ད་ནི་སྐུ་དང་གསུང་དང་
ཐུགས་རྡོ་རྗེ་དོན་གཅིག་ཏུ་བསྒྲུབ་པ་ལ་ཞུགས་པ་རྣམས་ནི་དགོས་པ་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་གསང་བ་ནི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་ཉེ་བར་དགོད་ཅིང་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་
ཡང་ཡིན་ལ་ཁུ་ཚུར་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཁུ་ཚུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་ཁུ་ཚུར་གསང་བ་ཞེས་བྱ་བའི་དོན་ཏོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་ལས་ཀྱི་མཚན་ཉིད་ཅན་
གྱི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་
སོགས་པའོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་དྲན་པའི་ཐག་པའི་ཕྱག་རྒྱའི་ཁྱད་པར་གྱིས་དོན་གཅིག་བསྒྲུབ་པ་ལ་འཇུག་པར་ངེས་པར་འཆིང་བའི་ཕྱག་རྒྱའི་ཁྱད་པར་དེ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཅིང་བའི་དམ་ཚིག་ཅེས་བཤད་དོ། །
དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་དེ་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རང་གི་ཐུགས་ཀ་ནས་ཕྱུང་བའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་ཞེས་བྱ་བ་ནི་མི་བསྐྱོད་པའི་ཐུགས་ལས་སོ། །
བྱུང་མ་ཐག་པ་ཞེས་བྱ་བ་ནི་བསྐུལ་བའི་རྗེས་ཐོགས་ཉིད་ལའོ། །འདི་ནི་ཞེས་བྱ་བ་ནི་སྙིང་པོས་བསྐུལ་བའི་མཚན་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་བཅིངས་པར་འགྱུར་ཏེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་སྒྲ་ནི་སྔར་སྤྲུལ་པའི་
เล่ม ๕๕ · หน้า 63b
དཀྱིལ་འཁོར་བའི་སེམས་དཔའ་རྣམས་གཟུང་ངོ་། །དེ་རྣམས་ཀྱི་ཕྱག་རྒྱ་བཅིངས་བ་ནི་རྡོ་རྗེ་ལ་སོགས་པར་གྱུར་ནས་བྱུང་བའོ། །རྡོ་རྗེ་བཅིངས་པའི་དབྱིབས་སུ་གྱུར་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་ལྟ་བུའི་ཕྱག་རྒྱའི་ཁྱད་པར་དུ་གྱུར་ནས་ཕྱག་གཉིས་སུ་གནས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་
དང་འབྲེལ་པའི་ཕྱག་རྒྱའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱ་ཐམས་ཅད་ནི་སྐུ་གསུང་ཐུགས་གཅིག་ཏུ་བྱས་པ་ལས་དགོས་པ་འགྲུབ་པར་འགྱུར་གྱི་གཞན་དུ་མ་ཡིན་ཏེ། དེའི་ཡེ་ཤེས་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཡེ་ཤེས་ཏེ། དེ་ཐོག་མར་བྱས་
པ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཡང་དག་པར་བསྟན་པའོ། །སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་ཡིན་པས་ན་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་ཏེ། ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །རྣམ་པར་འཕྲུལ་པ་ནི་གདུག་པ་འདུལ་བ་ལ་སོགས་པའི་བར་སྟོན་པའོ། །
དེ་ལ་སོགས་པའི་ལས་ཐམས་ཅད་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁུ་ཚུར་རོ། །དེ་གང་དུ་གཟུགས་ཀྱི་སྐུ་ཡོངས་སུ་རྫོགས་པར་བསྒོམས་ཤིང་ཤིན་ཏུ་ངེས་པར་བཅིངས་པའི་ཏིང་ངེ་འཛིན་ནི། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་ཁུ་ཚུར་ཤིན་ཏུ་བཅིངས་བ་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཤིན་ཏུ་བཅིངས་པ་ཉིད་དོ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཤིན་ཏུ་བཅིངས་པས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དང་གཅིག་པའོ། །རབ་ཏུ་བརྟན་པས་ན་
འདྲེས་པ་སྟེ་མཁྲེགས་པ་ཞེས་བྱ་བའི་དོན་ཏོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་གི་ཕྱིར་རབ་ཏུ་བརྟན་བཅིངས་པའི་ཞེས་བྱ་བ་ནི། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་རྒྱའི་ཁྱད་པར་གྱི་སྐུ་གསུང་ཐུགས་རྡོ་རྗེ་གཅིག་
ཏུ་བྱེད་པའི་མཚན་ཉིད་ཅན་ནི་བཅིངས་པའོ། །དམ་ཚིག་ནི་བཅིང་བའི་དམ་ཚིག་སྟེ། བཅིང་བའི་གཞུང་ལུགས་སམ། བཅིང་བའི་རྣམ་པར་གཞག་པའོ། །སྔགས་པ་གང་ལ་ལ་ཕྱག་རྒྱའི་ཁྱད་པར་ཅི་ཡང་རུང་བས་གང་ཡང་རུང་བའི་ལས་འགྲུབ་པར་འདོད་ན། དགོས་པ་གྲུབ་པར་འདོད་
เล่ม ๕๕ · หน้า 64a
པས། སྐུ་གསུང་ཐུགས་གཅིག་ཏུ་བྱ་བའི་ཕྱག་རྒྱ་སྦྱར་བར་བྱ་སྟེ། འདི་ནི་དམ་ཚིག་དང་གཞུང་ལུགས་དང་། རྣམ་པར་གཞག་པ་ཞེས་བྱའོ། །གང་གི་དམ་ཚིག་ཅེ་ན། བརྟན་བདག་ཉིད་དེ་བརྟན་པའི་བདག་ཉིད་ཅན་གང་ཡིན་པ་དེ་ནི་བརྟན་བདག་ཉིད་དེ། ཐུགས་བརྟན་པ་
རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །དེ་ཡང་ང་རྒྱལ་ལ་བརྟེན་པའི་ཕྱིར་སེམས་ལ་བདག་ཅེས་ཉེ་བར་བཏགས་པ་ཡིན་ནོ། །གལ་ཏེ་རབ་ཏུ་བརྟན་པར་བཅིངས་པ་ཡིན་ལ། འདིར་ངོ་མཚར་ཅི་ཞིག་ཆེ་ཞེ་ན། བསམ་པ་ཐམས་ཅད་རབ་གྲུབ་ཕྱིར། །གྲོལ་བ་རྣམས་ཀྱང་འཆིང་བར་བྱེད། །ཅེས་བྱ་བ་སྟེ། གང་
གི་ཕྱིར་ཐབས་ཀྱི་བསམ་པ་ནི་བསམ་པ་ཐམས་ཅད་དེ། ཕྱག་རྒྱའི་ཁྱད་པར་གྱི་སྦྱོར་བས་དོན་འདི་ལྟར་གྱུར་ཅིག་ཅེས་བྱ་བའོ། །དེ་རབ་ཏུ་གྲུབ་པ་ནི་མངོན་པར་འདོད་པའི་འབྲས་བུ་ཡོངས་སུ་རྫོགས་པའོ། །དེའི་དོན་དུ་གྲོལ་བ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་འཆིང་བར་བྱེད་
པ་ཞེས་བྱ་བ་སྐུ་གསུང་ཐུགས་གཅིག་ཏུ་བྱེད་པའི་མཚན་ཉིད་ཅན་རྡོ་རྗེ་ཁུ་ཚུར་གྱི་བཅིང་བ་འདི་ནི་ངོ་མཚར་ཆེའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་ཕྱག་རྒྱ་ཐམས་ཅད་དེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་གིས་བྱིན་གྱིས་
བརླབས་པའི་ཏིང་ངེ་འཛིན་དེ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བཤད་དོ། །དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་དེ། དེ་རྣམས་ཀྱི་བཅིང་བ་ནི་དྲན་པས་སྐུ་གསུང་ཐུགས་རྡོ་རྗེ་དམིགས་པ་
གཅིག་ལ་གཏད་པའོ། །དེའི་དམ་ཚིག་ནི་བཤད་མ་ཐག་པའི་དོན་སྟོན་པར་བྱེད་པའི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །དམ་ཚིག་འདིས་འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ཕྱག་རྒྱ་འཆིང་བའི་དུས་སུ། འདི་ནི་
ལུས་དང་ངག་དང་སེམས་མི་གཡེང་བ་ཡིན་ནོ་སྙམ་པ་དང་། བཅོམ་ལྡན་འདས་ཀྱིས་གང་འདི་ལྟར་ཕྱག་རྒྱ་འཆིང་བ་ལ། སྦྱོར་བ་དེར་ཁྱེད་རྣམས་ཀྱི་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་བཀས་ཕྱག་རྒྱའི་ལྷ་རྣམས་ཀྱིས་ཀྱང་དགོངས་པ་རྟོགས་པར་མཛད་དོ། །ལྷ་རྣམས་ཀྱིས་དགོངས་པར་
เล่ม ๕๕ · หน้า 64b
གྱུར་ན། སེམས་ཅན་དེ་རྣམས་ཀྱི་དངོས་གྲུབ་ཇི་ལྟར་འདོད་པ་ཐམས་ཅད་འབྱུང་བར་འགྱུར་རོ། །ཡིད་ལ་རེ་བ་ཡོངས་སུ་རྫོགས་པ་རྣམས་ནི། བདེ་བ་དང་ཡིད་བདེ་བ་མྱོང་བར་འགྱུར་ཏེ། དེ་བས་ན་དེ་རྣམས་མྱོང་བ་ནི་སོ་སོར་ཚོར་བ་སྟེ་དེའི་ཕྱིར་རོ། །བར་དུ་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་ཀྱི་
སེམས་ཡོངས་སུ་སྦྱོང་བ་ལ་སོགས་པའོ། །སངས་རྒྱས་ཀྱི་མཛད་པ་རྣམས་ཡོངས་སུ་བསྡུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་དབང་གི་དངོས་གྲུབ་དམ་པའི་བར་དུ་ཞེས་བྱ་ལ། ཐམས་ཅད་མཁྱེན་པས་ན་ཐམས་ཅད་མཁྱེན་པ་སྟེ། དེའི་
ཡེ་ཤེས་ཡིན་པས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ཉིད་ནི་ཕྱག་རྒྱ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་ལ་དབང་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའོ། །དེ་ཉིད་ནི་དངོས་གྲུབ་དམ་པ་སྟེ། འབྲས་བུ་
ཡང་དེ་ཉིད་ཡིན་པས་དེ་དག་གི་ཕྱིར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུ་རྒྱན་གྱིས་དབང་བསྐུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་ཕྱག་རྒྱའི་དབང་བསྐུར་བའི་རྗེས་ཐོགས་ལའོ། །ཕྱག་རྒྱའི་ལྷ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པས་
ན་རྡོ་རྗེའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེས་བསྡུས་པ་གང་ཡིན་པ་དེ་ནི་གཞན་གྱིས་མི་ཤེས་པས་ན་ཁུ་ཚུར་ཞེས་བཤད་དོ། །དེ་བས་ན་དེ་གཉི་ག་ཡང་ཕྱག་རྒྱ་དེ་ལ་ཡོད་དེ་དེ་ཐོབ་པར་གྱུར་པས་ན། རྡོ་རྗེ་ཁུ་ཚུར་རྡོ་རྗེ་ཁུ་ཚུར་ཞེས་རྡོ་རྗེ་མིང་གི་དབང་གིས་དབང་བསྐུར་རོ། །རྡོ་རྗེ་བཅིངས་པ་
དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འཆིང་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡུལ་གཅིག་ཏུ་བྱེད་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེས་བྱིན་གྱིས་བརླབས་པའི་
སྔགས་པ་རྣམས་སོ། །བཅིང་བ་དེས་སེམས་ཅན་ཐམས་ཅད་བདེ་བ་དང་ཡིད་བདེ་བ་ཐམས་ཅད་མྱོང་བར་མཐོང་ནས་རབ་ཏུ་དགའ་བས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འདི་ཞེས་བྱ་བ་ནི་ཕྱག་ན་གནས་པའོ། །དེ་ཞེས་བྱ་བ་ནི་བདག་གང་ལས་སྐྱེས་པའོ། །འདི་གང་ཞིག་ཡིན་ཞེ་ན། ཕྱག་
เล่ม ๕๕ · หน้า 65a
རྒྱ་བཅིངས་པ་ཞེས་བྱ་བའོ། །ཇི་ལྟ་བུ་ཞེ་ན། ཆེ་ཞིང་བརྟན་པ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀུན་གྱི་མྱུར་གྲུབ་ཕྱིར། །ཞེས་བྱ་བ་སྟེ། ཕྱག་རྒྱ་བཅིང་བ་འདིས་སངས་རྒྱས་ཀུན་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་དུ་བྱིན་གྱིས་བརླབས་པའི་སྔགས་
པའོ། །དེ་རྣམས་ཀྱིས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་པས། ལྷ་རྣམས་ཀྱིས་དགོངས་པར་གྱུར་བ་དང་། མྱུར་བ་ཉིད་དུ་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་ཏེ། དེ་བས་ན། སངས་རྒྱས་ཀུན་གྱི་མྱུར་གྲུབ་ཕྱིར། །ཞེས་གསུངས་པ་ཡིན་ནོ། །རྒྱུ་གང་གི་ཕྱིར་དེ་རྣམས་མྱུར་བ་ཁོ་ནར་འགྲུབ་པར་
འགྱུར་ཞེ་ན། དེའི་ཕྱིར། དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཞེས་གསུངས་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བཀའ་ལ་ཡང་དག་པར་ཞུགས་པ་རྣམས་ལ་དངོས་གྲུབ་མྱུར་དུ་སྦྱིན་ཅིག་ཅེས་གསུངས་པ་ཡིན་པའི་ཕྱིར་རོ། །མཆོད་པའི་ཆོ་ག་རྒྱས་པའི་ལས་ནི་ཤིན་ཏུ་
ཟབ་ཅིང་རྒྱ་ཆེ་ལ་རྣམ་པར་དག་ཅིང་མཐར་ཐུག་པ་མེད་པ་དང་། བསམ་གྱིས་མི་ཁྱབ་པའི་ཡིད་ལས་བྱུང་བའི་མཆོད་པའི་ཆོ་ག་རྒྱས་པའི་ལས་བྱེད་པས་ན་ལས་སོ། །གོ་ཆ་ནི་གདུག་ཅིང་གཏུམ་པ་དང་བགེགས་དང་ལོག་འདྲེན་ཐམས་ཅད་ཀྱིས་མི་ཚུགས་པའི་བསྲུང་བའི་ལས་མཛད་པས་ན་གོ་
ཆའོ། །ཐབས་ཆེན་པོ་ནི་གདུག་ཅིང་གཏུམ་པ་ཐམས་ཅད་སྐྲག་ཅིང་ཕྱིར་བཟློག་པའི་ལས་རྫོགས་པར་མཛད་པའི་ཕྱིར་རོ། །ཕྱག་རྒྱ་ཐམས་ཅད་བཅིང་བའི་ཡེ་ཤེས་ནི་སྐུ་གསུང་ཐུགས་རྡོ་རྗེ་ཐམས་ཅད་གཅིག་ཏུ་བྱེད་པ་དང་། ལྷ་རྣམས་དགོངས་པའི་ལས་བླ་ན་མེད་པ་ཡིན་པའི་ཕྱིར་རོ། །ཕྲིན་
ལས་ཆེན་པོའི་སེམས་དཔའ་རྣམས་བཤད་ཟིན་ཏོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པས་དཀྱིལ་འཁོར་གྱི་བདག་པོ་ཡིན་ལ། མི་བསྐྱོད་པ་ལ་སོགས་པ་ནི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་དེའི་འཁོར་དུ་གྱུར་པ་ཡིན་ཏེ། ཆོས་ཀྱི་དབྱིངས་ལ་
དམིགས་པ་ལས་གདོད་ཡེ་ཤེས་ཡོངས་སུ་དག་པ་ཡིན་པའི་ཕྱིར་རོ། །དེ་རྣམས་ནི་བཅོམ་ལྡན་འདས་ཀྱི་འཁོར་དུ་སྤྲུལ་པར་མཛད་པ་ཡིན་ནོ། །ད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་བླ་ན་མེད་པར་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ཏེ། དེ་
เล่ม ๕๕ · หน้า 65b
ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །མི་གཡོ་བ་ཞེས་བྱ་བ་ནི་འདི་ལ་གང་གིས་ཀྱང་བསྐྱོད་པར་མི་ནུས་པས་ན་མི་གཡོ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་བསྒྲུབས་ཏེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བར་སྤྲུལ་པའི་བྱང་ཆུབ་སེམས་
དཔའ་རྣམས་ཏེ། དེ་སྐྱེད་པར་མཛད་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་གཏོགས་པའི་ཡེ་ཤེས་སོ། །བསྒྲུབས་པ་དེ་ནི་བསྐུལ་བས་སོ་སོའི་སྙིང་པོ་ལས་ཕྱག་རྒྱའི་གཟུགས་བསྒྲུབས་པས་ཡེ་ཤེས་བསྒྲུབས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་ཕྱག་རྒྱ་ཆེན་
པོ་སྟེ། ཕྱག་རྒྱ་དེ་རྣམས་ཀྱི་ཐུགས་ཀར་དེ་བཞིན་གཤེགས་པའི་རིགས་ལ་ཟླ་བ་དང་རྡོ་རྗེའི་ཚུལ་དུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་དགོད་པ་སྟེ། དེའི་ཕྱིར་རོ། །རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། ཕ་རོལ་ཏུ་སོང་བས་ན་ཕ་རོལ་ཏུ་ཕྱིན་པ་སྟེ། འདིར་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་ངོ་། །
དེ་རྡོ་རྗེའི་རྣམ་པར་སྤྲུལ་པས་ན་རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་ཞེས་བཤད་དེ། དེའི་དམ་ཚིག་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པའི་རྡོ་རྗེ་དང་སྙིང་པོའོ། །དེ་གཉིས་རྡོ་རྗེ་ལྟ་བུའི་སེམས་ཀྱི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་
ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་རིགས་ལ་རྡོ་རྗེ་ལྟ་བུའི་དམ་ཚིག་ཡིན་པས་ན། རྡོ་རྗེའི་དམ་ཚིག་ཅེས་མིང་དེ་སྐད་བྱ་བ་ཉིད་དུ་བཏགས་སོ། །དེས་དེ་བཞིན་གཤེགས་པ་ཐམས་
ཅད་མངོན་པར་བྱང་ཆུབ་པར་སྟོན་པར་མཛད་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། སྒྲ་གང་གིས་དེ་སྟོན་པར་བྱེད་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་བས་ན་སྒྲའི་གཟུགས་དེ་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །སྤྲུལ་
བའི་རྗེས་ཐོགས་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཞེས་བྱ་བ་ལྷག་མ་བཞི་པོའོ། །རྡོ་རྗེའི་འོད་ཟེར་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་འོད་ཟེར་ཡིན་པས་ན་རྡོ་རྗེའི་འོད་ཟེར་ཏེ། རྡོ་རྗེ་རྩེ་ལྔ་པའི་དབྱིབས་སུ་བྱུང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕ་རོལ་ཏུ་
เล่ม ๕๕ · หน้า 66a
ཕྱིན་པའི་ཡེ་ཤེས་རྣམས་ལ་ཕྱག་རྒྱས་བཏབ་ནས་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་དེ་བཞིན་གཤེགས་པའི་རིགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གང་ཡིན་པ་དེར་སེམས་དཔའ་ཇི་སྙེད་པ་ཐམས་ཅད་ནི། རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པའི་ཡེ་
ཤེས་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཟླ་བ་རྡོ་རྗེའི་རིམ་གྱིས་གནས་ཡོངས་སུ་གྱུར་ཏེ། མངོན་པར་རྫོགས་པར་སངས་རྒྱས་ལ་སངས་རྒྱས་ཀྱང་འཁོར་ལོ་སྤྲུལ་པར་མཛད་དེ། དེ་བས་ན་དེ་ཐམས་ཅད་ནི་རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཞེས་བཤད་པས། དེ་དག་
ཐམས་ཅད་རྒྱས་བཏབ་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་མཚན་མ་ཟླ་བ་དགོད་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །གཅིག་ཏུ་འདྲེས་པ་ནི་བརྟན་པ་སྟེ། སྤྲོ་བ་དང་བསྡུ་བ་བྱས་ནས་གཅིག་ཏུ་བརྟན་པར་གྱུར་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །འདིར་ཅི་
ཞིག་ངོ་མཚར་ཆེ་ཞེ་ན། སེམས་དཔའ་རྡོ་རྗེ་བརྟན་པ་བདག །ཅེས་བྱ་བ་སྟེ། སེམས་དཔའ་ནི་ཟླ་བའི་དཀྱིལ་འཁོར་རོ། །རྡོ་རྗེ་ནི་དེའི་སྟེང་གི་རྡོ་རྗེ་སྟེ་སེམས་དཔའ་དང་རྡོ་རྗེ་སེམས་དཔའི་རྡོ་རྗེའོ། །སེམས་དཔའ་རྡོ་རྗེ་དེ་ཇི་ལྟ་བུ་ཞེ་ན། བརྟན་པ་ཞེས་བྱའོ། །གང་གི་ཞེ་ན། སངས་
རྒྱས་ཐམས་ཅད་ཀྱིའོ། །གལ་ཏེ་ཁྱོད་སེམས་དཔའ་རྡོ་རྗེ་ཡིན་པ་ལ་ངོ་མཚར་ཅི་ཞིག་ཆེ་ཞེ་ན། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་བསྒོམས་པས་བརྟན་པར་གྱུར་པ་ཉིད་ཀྱིས་ལུས་མེད་ཀྱང་། རྡོ་རྗེའི་ལུས་སུ་གྱུར་པ་ཡིན། །ཞེས་བྱ་བ་སྟེ། ལུས་མེད་པ་ནི་གཟུགས་
ཅན་མ་ཡིན་པའི་སེམས་ཏེ། དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེའི་ལུས་སུ་གྱུར་པ་ཡིན། །ཞེས་བྱ་བ་ནི། མི་ཕྱེད་པའི་གཟུགས་ཀྱི་ཚུལ་གྱིས་གནས་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །དེ་བཞིན་གཤེགས་པ་རིན་ཆེན་འབྱུང་བ་ཞེས་བྱ་བ་ལ།
འདི་ལས་རིན་པོ་ཆེ་རྣམས་འབྱུང་བས་ན་རིན་ཆེན་འབྱུང་ལྡན་ནོ། །དེ་ལ་ཁྱད་པར་ནི་འདི་ཡོད་དེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་ཕྱག་རྒྱ་ཐམས་ཅད་སྔར་བསྒྲུབས་པ་ལས་ཕྱག་རྒྱ་དེ་རྣམས་ཀྱི་ཕྱག་རྒྱ་དགྲོལ་བའི་
เล่ม ๕๕ · หน้า 66b
དུས་སུ་རྡོ་རྗེ་རིན་ཆེན་མའི་ཕྱག་རྒྱས་དབང་བསྐུར་བ་ཡིན་ཏེ། རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་མཚན་མ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་མཚན་པའི་རྒྱལ་མཚན་བྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྟགས་སུ་བྱང་
ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལག་ན་གནས་པའོ། །དེའི་དམ་ཚིག་ནི་སྙིང་པོ་དང་བཅས་པའི་ཕྱག་རྒྱའི་ཁྱད་པར་རོ། །དེ་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་རྡོ་རྗེ་ཞེས་བྱ་
བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ཉིད་ལ་སྙོམས་པར་ཞུགས་པའོ། །རྡོ་རྗེ་རིན་པོ་ཆེའི་དམ་ཚིག་ཅེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་བསམ་པ་དེ་རིན་པོ་ཆེའི་རིགས་བསྐྱེད་པའི་ཕྱིར་རིན་པོ་ཆེའི་དམ་ཚིག་ཅེས་བྱ་བ་སྟེ། གང་མིང་དེ་སྐད་ཅེས་བྱ་བ་དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་དེ་སྐད་ཅེས་བྱའོ། །
དེ་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །དེ་བས་ན་སྒྲ་དེའི་རང་བཞིན་གྱི་ཕྱག་རྒྱ་དེ་ཅི་ཞིག་བྱས་ནས་ཤེ་ན། རང་གི་ཐུགས་ཀ་ནས་ཕྱུང་བ་སྟེ། ཕྱུང་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །རིན་པོ་ཆེའི་འོད་ཟེར་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེའི་འོད་ཟེར་ནི་པདྨ་རཱ་གའི་མདོག་དང་། ནོར་བུ་པདྨ་རཱ་
གའི་དབྱིབས་ལྟ་བུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་བཏབ་པ་ནི། སྔར་བཤད་པའི་རོལ་མོའི་ཚུལ་གྱིས་སོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །རྡོ་རྗེས་མཚན་པ་ཡང་ཡིན་ལ་རིན་པོ་ཆེའི་ངོ་བོ་ཉིད་ཀྱང་ཡིན་
པས་ན་རྡོ་རྗེ་རིན་ཆེན་ནོ། །དེ་གང་ཞེ་ན། བདག་ཉིད་ཅེས་བྱ་བའོ། །གྲགས་ཞེས་བྱ་བ་ནི་བཤད་དོ་ཞེས་བྱ་བའི་དོན་ཏོ། །སུ་ཞིག་གི་ཡིན་ཞེ་ན། སངས་རྒྱས་ཐམས་ཅད་ཀྱིའོ། །གང་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་ཕྱག་རྒྱ་ཐམས་ཅད་དགྲོལ་བའི་དུས་སུ་དབང་བསྐུར་བ་ཉིད་
བརྟན་པའི་ཚུལ་ཏེ། བརྟན་པའི་ཐབས་སོ། །ད་ནི་དེ་བཞིན་གཤེགས་པ་གསུམ་པ་པདྨའི་རིགས་ཀྱི་ཕྱག་རྒྱ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་འཁོར་དུ་དབུལ་བ་ལ་འཇུག་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇིག་རྟེན་རྣམས་ཀྱི་དབང་
เล่ม ๕๕ · หน้า 67a
པོ་ཡིན་པས་འཇིག་རྟེན་གྱི་དབང་ཕྱུག་གོ། །དེའི་རྒྱལ་པོ་ཡིན་པས་ན་འཇིག་རྟེན་གྱི་དབང་ཕྱུག་གི་རྒྱལ་པོ་སྟེ། སྣང་བ་མཐའ་ཡས་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་
ཡེ་ཤེས་ལ་རྒྱས་གདབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། ཆོས་ཀྱི་ཕྱག་རྒྱ་བརྗོད་པའི་དུས་སུ་ལྕེ་ལ་རྡོ་རྗེ་དཀར་པོ་གཞག་གོ། །རྣམ་པ་འདིས་རྒྱས་བཏབ་པའི་ཕྱིར་ཏེ། རང་གི་རིགས་ཀྱི་མཚན་མ་གཞག་པའི་ཕྱིར་རོ། །ཆོས་ཀྱི་རིགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་དོན་ཏོ། །དེའི་དམ་ཚིག་ནི་སྙིང་པོ་དང་བཅས་པའི་ཕྱག་རྒྱའི་ཁྱད་པར་ཏེ། དེ་རྡོ་རྗེ་ལྟ་བུའི་བསམ་པའི་ཁྱད་པར་གང་ལས་འབྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་ཏེ། དེ་ནུས་མཐུ་སྐྱེད་པའི་ཕྱིར། མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་
ལ་སྙོམས་པར་ཞུགས་པའོ། །ཆོས་ཀྱི་རིགས་ཀྱི་དམ་ཚིག་དག་པའི་ཆོས་ཉིད་ཀྱི་མཚན་ཉིད་ནི་ཆོས་ཀྱི་དམ་ཚིག་ཅེས་བྱ་ལ། དོན་འདི་སྒྲ་གང་གིས་སྟོན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་བས་ན་སྒྲའི་ངོ་བོ་ཉིད་ཀྱི་རང་གི་ཕྱག་རྒྱ་དེ་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །འདི་ཞེས་བྱ་བ་ནི་འོག་ནས་བཤད་
པའོ། །པདྨའི་འོད་ཟེར་ཞེས་བྱ་བ་ལ་སོགས་པ་ལ། པདྨོ་ལྟ་བུའི་འོད་ཟེར་ཡིན་པས་ན་པདྨའི་འོད་ཟེར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་ཕྱག་རྒྱས་བཏབ་ཅེས་བྱ་བ་ནི་སྔར་སྨྲས་པའི་ཚུལ་གྱིས་སོ། །རྡོ་རྗེས་མཚན་པའི་པདྨ་ཡིན་པས་ན་རྡོ་རྗེ་པདྨའོ། །རྡོ་རྗེ་པདྨ་ཡང་ཡིན་ལ་ཆེན་
པོའི་དབྱིབས་ཀྱང་ཡིན་པས་ན་རྡོ་རྗེ་པདྨ་ཆེན་པོའི་དབྱིབས་སོ། །གྱུར་ནས་ཞེས་བྱ་བ་ནི་རེད་པའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀྱི་རྡོ་རྗེ་གཙང་མ་བདག །ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དེ། འདིར་སྣང་བ་མཐའ་ཡས་ལ་སོགས་
པའི་དེ་བཞིན་གཤེགས་པ་ཐམས་ཅད་གཟུང་ངོ་། །དེ་རྣམས་ཀྱི་ཆོས་ཀྱི་རྡོ་རྗེ་ནི་བདག་ཡིན་ཏེ། ཆོས་ཉིད་སྟོན་པའི་རྡོ་རྗེ་ནི་རྡོ་རྗེ་ཆོས་སོ། །ཇི་ལྟ་བུ་ཞེ་ན། གཙང་མ་ཞེས་བྱ་བ་སྟེ་དབེན་པ་ཞེས་བྱ་བའི་དོན་ཏོ། །རྒྱུ་གང་གིས་ན་ཁྱོད་དག་པ་ཡིན་ཞེ་ན། གང་གི་རང་བཞིན་རྣམ་དག་པས། །ཞེས་
เล่ม ๕๕ · หน้า 67b
བྱ་བ་སྟེ། དེ་ལྟ་བས་ན་རང་གི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པས་ན་རང་བཞིན་གྱིས་དག་པ་སྟེ། གང་གཞན་ལ་རག་ལས་པར་མ་གྱུར་ཅིང་། རང་ཉིད་ཀྱི་ངོ་བོ་ལས་མི་འགྱུར་བའི་རང་བཞིན་འདི་ནི་བདག་སྟེ། བདག་ཉིད་ཀྱི་ཆོས་ཀྱི་ངོ་བོ་ཡིན་ལ། དེའི་རྣམ་པར་དག་པ་ནི་རང་བཞིན་གྱིས་རྣམ་
པར་དག་པའོ། །པས་ཞེས་བྱ་བ་ནི་ཉིད་ཅེས་བྱ་བའི་དོན་ཏོ། །རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་ཀྱིས་ནའོ། །འདོད་ཆགས་ཡིན་ཡང་དྲི་མ་མེད། །ཅེས་བྱ་བ་ནི། གང་གི་ཕྱིར་འདོད་ཆགས་ནི་འཇིག་རྟེན་ན་ཞེན་པའི་ངོ་བོར་གྲགས་ན། དེ་ཡང་རང་བཞིན་གྱིས་རྣམ་པར་དག་པ་ཡིན་
པའི་ཕྱིར་རྣམ་པར་དག་པ་སྟེ། དོན་དམ་པར་མ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་མི་དགེ་བ་བཅུའི་ལས་ཀྱི་ལམ་ཀུན་ནས་མི་སྐྱེད་ཅིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པའི་ཕྱིར་སེམས་ཅན་སྨིན་པ་དང་གྲོལ་བ་ལ་ཆགས་པ་ནི་རང་བཞིན་གྱིས་
དག་པ་ཉིད་དོ། །ད་ནི་དེ་བཞིན་གཤེགས་པ་བཞི་པས་ཀྱང་རང་གི་མཚན་མའི་ཕྱག་རྒྱ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འཁོར་དུ་དབུལ་བར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ཏེ། སྒྲིབ་པ་མེད་པའི་ཡེ་ཤེས་ཐུགས་
སུ་ཆུད་པས་ཐམས་ཅད་དུ་གདོན་མི་ཟ་ཞིང་། འབྲས་བུ་ཡོད་པའི་དངོས་གྲུབ་མངའ་བས་ན་གདོན་མི་ཟ་བར་གྲུབ་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྔར་བཤད་པའི་སེམས་དཔའ་རྣམ་པ་བཅུ་དྲུག་གི་མཚན་ཉིད་ཅན་གྱི་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ཡེ་ཤེས་ལ་ཕྱག་རྒྱས་གདབ་པའི་ཕྱིར། ལས་ཀྱི་ཕྱག་རྒྱ་སྦྱོར་བའི་དུས་སུ་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ། ལས་ཀྱི་རྡོ་རྗེ་ཉེ་བར་དགོད་པས་རྒྱས་གདབ་ཅིང་རང་གི་རིགས་ཀྱི་མཚན་མ་གཞག་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ངོ་བོ་ཉིད་དེ། ཚོགས་
ཡོངས་སུ་རྫོགས་པར་མཛད་པའི་དུས་སུ་ཐམས་ཅད་དུ་འགྲོ་བ་ཡིན་པས་ན་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཅེས་བཤད་དེ། བརྩོན་འགྲུས་འབའ་ཞིག་གྲོགས་གྱུར་པས། །གོ་འཕང་བླ་ན་མེད་པ་བརྙེས། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་པ་དེའི་དམ་
เล่ม ๕๕ · หน้า 68a
ཚིག་ནི་སྙིང་པོ་དང་ཕྱག་རྒྱའི་ཁྱད་པར་རྡོ་རྗེ་ཁ་བཞི་པ་དང་། དེ་སྟོན་པར་བྱེད་པའི་སྙིང་པོ་སྟེ། དམ་ཚིག་ནི་གཞུང་ལུགས་ལ་རྣམ་པར་འཇོག་པའོ། །དེ་ཡང་ཐུགས་ལ་གནས་པའི་མཚན་མ་འདིས་ལས་ཀྱི་ཕྱག་རྒྱ་ལ་སྦྱར་བར་བྱའོ་ཞེས་བྱ་བ་དེ་ལྟ་བུ་འདི་ནི་དམ་ཚིག་སྟེ།
དེ་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་འདི་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ། མཚན་མ་གང་ཐུགས་
ལ་བཞག་ནས་བདག་དང་གཞན་གྱི་དོན་མཛད་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གོ། །དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་ཅེས་བྱ་བའི་སྒྲར་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་
ཅེས་བྱ་བའི་རང་གི་ཕྱག་རྒྱ་རང་གི་སྙིང་ག་ནས་ཕྱུང་ངོ་། །འདི་ཞེས་བྱ་བ་ནི་རང་གི་ཐུགས་ལ་གནས་པའོ། །ལས་ཐམས་ཅད་ཀྱི་འོད་ཟེར་ཞེས་བྱ་བ་ནི་ལས་ཐམས་ཅད་ཀྱི་ཕྱག་རྒྱ་ལྟ་བུའི་འོད་ཟེར་རོ། །འདི་སྐད་སྟོན་ཏེ། སེམས་དཔའ་རེ་རེའི་ཕྱག་རྒྱ་གང་ཡིན་པ་དེའི་དབྱིབས་ལྟ་བུའི་འོད་ཟེར་དུ་གྱུར་ཏེ་
བྱུང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་ལས་ཀྱི་ཕྱག་རྒྱ་དང་ལྡན་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་དུ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྙིང་པོ་དང་ཕྱག་རྒྱ་དགོད་པ་དེ་དག་གི་རང་གི་རིགས་ཀྱི་མཚན་
མ་འཇོག་པའི་རྒྱས་ཀུན་དུ་བཏབ་པའོ། །གཅིག་ཏུ་གྱུར་པ་ནི་སྤྲོ་བ་དང་བསྡུ་བས་ཐ་དད་པ་མེད་པར་བྱས་པའོ། །འདྲེས་པ་ནི་བརྟན་པའོ། །ཐམས་ཅད་དུ་རྩེ་མོ་བལྟས་པ་ནི་རྩེ་མོ་ཕྱོགས་བཞིར་བལྟས་པའོ། །ལས་སྟོན་པར་བྱེད་པའི་རྡོ་རྗེ་ཡིན་པས་ནི་ལས་ཀྱི་རྡོ་རྗེའོ། །ལས་ཀྱི་རྡོ་རྗེ་ཡང་ཡིན་ལ་
ཆེན་པོ་ཡང་ཡིན་པས་ན་ལས་ཀྱི་རྡོ་རྗེ་ཆེན་པོའོ། །དེའི་དབྱིབས་ནི་དེའི་གཟུགས་ཡིན་པས་ན་ལས་ཀྱི་རྡོ་རྗེ་ཆེན་པོའི་དབྱིབས་ཏེ། དེ་ལྟ་བུའི་གཟུགས་སུ་བདག་ཉིད་སྤྲུལ་ཏོ་ཞེས་བྱ་བའི་དོན་ཏོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ནི། དེ་དང་འབྲེལ་བ་ཡིན་པའི་
เล่ม ๕๕ · หน้า 68b
ཕྱིར་རོ། །དེ་གང་ཞེ་ན། ལས་ཀྱི་རྡོ་རྗེ་ཞེས་བྱའོ། །ཇི་ལྟ་བུ་ཞིག་ཅེ་ན། མང་པོ་ཞེས་བྱ་བ་སྟེ། ལས་ཀྱི་ཕྱག་རྒྱ་ཐམས་ཅད་བསྡུས་པ་ལ་ཞུགས་པའམ། ལས་མང་པོ་བྱེད་པའི་ཕྱིར་རོ། །སུ་ཞིག་ཅེ་ན་བདག་གོ། །གཅིག་ཡིན་ན་མང་པོར་ཇི་ལྟར་འགྱུར་ཞེ་ན། གང་ཕྱིར་གཅིག་ཀྱང་ཞེས་བྱ་བ་སྟེ།
གང་གི་ཕྱིར་བདག་གཅིག་པུ་ཡིན་དུ་ཟིན་ཀྱང་སེམས་ཅན་གྱི་ཁམས་མ་ལུས་པའི་ལས་བཟང་པོ་བྱེད་དོ་ཞེས་བྱ་བའོ། །འདི་སྐད་སྟོན་ཏེ། གང་གི་ཚེ་བདག་སྙིང་ལ་ཞུགས་པར་གྱུར་པ་དེའི་ཚེ། སེམས་ཅན་ཐམས་ཅད་མཆོད་པ་ལ་སོགས་པའི་ལས་ཇི་ལྟར་འདོད་པ་བཞིན་དུ་ཐོགས་པ་མེད་
པར་བྱེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བའི་མཚན་ཉིད་ཀྱི་ཡེ་ཤེས་ཆེན་པོའི་དམ་ཚིག་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དམ་ཚིག་སྟེ་རྡོ་རྗེ་སེམས་མའོ། །དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ཀྱི་དབང་བསྐུར་བ་སྩོལ་བའི་གཙོ་བོར་
གྲགས་པ་ན་དབང་བསྐུར་བ་ཆེན་པོ་སྟེ། རྡོ་རྗེ་རིན་ཆེན་མའོ། །ཆོས་ཀྱི་རིགས་ལ་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་སྟོང་པ་ཉིད་ཀྱི་རྡོ་རྗེར་ཡོངས་སུ་གཟུང་བས་རབ་ཏུ་གྲགས་པའི་ཕྱིར། །རྡོ་རྗེ་ཆོས་ཉིད་དེ་རྡོ་རྗེ་ཆོས་མའོ། །མཆོད་པ་ཐམས་ཅད་སྤྲུལ་པ་ལ་སོགས་པ་ལ། རྣམ་པ་ཐམས་
ཅད་དུ་ཕྱིན་ཅི་མ་ལོག་པར་ཞུགས་པས་ན་མཆོད་པ་ཐམས་ཅད་ཅེས་བཤད་དེ་རྡོ་རྗེ་ལས་མའོ། །འདི་དག་ཐམས་ཅད་ནི་ཡང་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་བྱ་བའི་སྒྲར་ཡང་གསུངས་ཏེ། ཇི་ལྟ་ཞེ་ན། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་སྦྱོང་བར་བྱེད་དེ། གང་གི་ཕྱིར་
རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དག་པར་འགྱུར་རོ། །རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་འཇུག་པར་བྱེད་དོ། །དེ་ཡང་ལོངས་སྤྱོད་ཀྱིས་ཡོངས་སུ་བསྡུས་ན། ཕ་རོལ་ཏུ་ཕྱིན་པ་གཞན་
རྣམས་ལ་ཡང་བདེ་བླག་ཏུ་འཇུག་པར་འགྱུར་བའི་ཕྱིར་རོ། །ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་གསོ་བར་བྱེད་པ་སྟེ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེན་པོ་ཐོས་པས་དད་པ་ལ་སོགས་པའི་དབང་པོ་ཡོངས་སུ་གསོ་བར་བྱེད་པས་ཕ་རོལ་
เล่ม ๕๕ · หน้า 69a
ཏུ་ཕྱིན་པ་ཐམས་ཅད་རྒྱས་པར་བྱེད་པའི་ཕྱིར་རྡོ་རྗེ་ལས་མ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འཕེལ་བར་བྱེད་པའོ། །དེ་ཡང་བརྩོན་འགྲུས་དང་རབ་ཏུ་ལྡན་ན་ཡོན་ཏན་རྣམས་ལྷག་པར་སྐྱེ་བར་བྱེད་པའི་ཕྱིར་རོ། །ཕྱག་རྒྱ་
གཙོ་བོ་འབྱུང་བ་རྫོགས་ནས་ད་ནི་དེའི་འཁོར་དུ་གྱུར་པའི་ཕྱག་རྒྱ་རྣམས་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ནོ། །དེ་ལ་དང་པོ་རེ་ཞིག་དེ་བཞིན་གཤེགས་པའི་རིགས་བྱུང་བས་ན། དེའི་འཁོར་དུ་གྱུར་པའི་ཕྱག་རྒྱ་བསྐྱེད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་
པ་ཐམས་ཅད་དགྱེས་པའི་མཆོད་པའི་དམ་ཚིག་ཅེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འདིར་དཀྱིལ་འཁོར་བའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེས་བྱིན་གྱིས་བརླབས་པའི་སྔགས་པ་རྣམས་སོ། །དེ་རྣམས་ཀྱི་དགྱེས་པ་ནི་དགའ་བ་དང་སྡུག་པ་དང་ཆགས་པའོ། །
གང་དུ་ཞེ་ན། བྱང་ཆུབ་ཀྱི་སེམས་ལ་སྟེ་བྱང་ཆུབ་ཀྱི་སེམས་དེ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་མཆོད་པ་སྟེ། གང་གི་ཕྱིར་རྣལ་འབྱོར་པ་ཇི་སྲིད་བྱང་ཆུབ་ཀྱི་སེམས་ལ་ཆགས་པར་གྱུར་པ་དེ་དང་དེ་སྲིད་དུ་ཉོན་མོངས་པ་ཐམས་ཅད་མི་ཤེས་པ་དང་། ལྷན་ཅིག་བག་ཆགས་དང་
བཅས་པར་རིམ་གྱིས་ལྡོག་པར་འགྱུར་ཞིང་། ཐམས་ཅད་མཁྱེན་པ་ཡང་ཐོབ་པར་འགྱུར་བའི་རྒྱུ་ནི། བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཡང་སྐྱེ་བ་དང་། གནས་པ་དང་། འབྲེལ་པ་དང་། རྣམ་པར་དག་པ་ཡིན་ཏེ། དེ་བས་ན་འདི་ནི་རིགས་འདི་དག་ཐམས་ཅད་ཀྱི་ཡུམ་དུ་འགྱུར་ཞིང་ཡབ་ཏུ་གྱུར་
པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བཙུན་མོ་ཞེས་ཀྱང་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་ནི་བྱང་ཆུབ་ཀྱི་སེམས་ཡིན་ནོ། །དེ་བས་ན་འདི་ནི་ལྷ་ཆེན་པོ་ཡིན་ལ། དེའི་ལྷ་མོ་ཡིན་པས་ན་ལྷ་མོ་ཆེན་པོ་ཞེས་ཀྱང་བཤད་དོ། །དེ་ཉིད་ནི་སྡུག་པ་ཡང་ཡིན་
ཏེ། བྱང་ཆུབ་ཀྱི་སེམས་དེས་གཟུང་བར་བྱ་བ་ཡིན་ཞིང་། གསོ་བར་བྱ་བ་ཡིན་ཏེ། དེ་བས་ན་བཙུན་མོ་ཞེས་ཀྱང་བཤད་དོ། །གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་ལ་དམིགས་པ་ལས་དེ་རྫོགས་ཤིང་འཕེལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་འཁོར་བའི་གར་གྱི་ལྟད་མོའི་ས་འདི་ན། སངས་
เล่ม ๕๕ · หน้า 69b
རྒྱས་ནི་གར་ཐབས་ཀྱི་འཁོར་ལོ་ཡིན་ཏེ། དེར་གཙོ་བོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡིན་ལ་གཙོ་མོ་ནི་རྡོ་རྗེ་སྒེག་མོ་ཡིན་ནོ། །དེའི་འཁོར་ནི་འོག་ནས་བཤད་པ་རྣམས་སོ། །ཆོས་ཀྱི་རྒྱལ་པོ་བླ་ན་མེད་པ་ལ་གཞག་པར་བྱ་བའི་ཕྱིར། སེམས་ཅན་རྣམས་དགའ་བར་མཛད་པའི་དོན་དུ་བཅོམ་
ལྡན་འདས་ཀྱི་འཁོར་ལོ་འདི་སྤྲུལ་པར་མཛད་པ་ཡིན་ནོ། །དེ་ལྟ་བུའི་དགའ་བའི་རྣམ་པའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེའི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་
ཡིན་པ་དེ་ལ་སྙོམས་པར་ཞུགས་པར་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་མོ་ཆེན་མོ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་མོ་ཆེན་མོའོ་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །ཡང་གཅིག་ཏུ་འདྲེས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་སྔར་ཕྱག་རྒྱའི་
གཟུགས་དང་། སངས་རྒྱས་ཀྱི་སྐུ་སོ་སོར་བྱུང་ནས་གཅིག་ཏུ་འདུས་པ་ཡིན་པ་ལས། ད་ནི་ཏིང་ངེ་འཛིན་གྱི་བྱིན་གྱི་རླབས་ཀྱི་དབང་གིས་གཟུགས་གཅིག་ཏུ་གྱུར་པའོ། །འདྲེས་པ་ནི་བརྟན་པའོ། །གཅིག་ཏུ་གྱུར་ནས་ཅི་ཞིག་ཏུ་རེད་ཅེ་ན། དེའི་ཕྱིར་ལྷ་མོ་ཆེན་མོ་རྡོ་རྗེ་འཛིན་མ་ཞེས་བྱ་བ་
གསུངས་ཏེ། འཛིན་མ་ཞེས་བྱ་བ་ནི་སྡུག་པ་ལ་བྱ་བར་བཤད་དོ། །དེའི་ཕྱག་རྒྱ་མཚན་པས་སྒེག་པས་ན་རྡོ་རྗེ་འཛིན་མའོ། །ཇི་ལྟ་བུ་ཞེ་ན་རྡོ་རྗེ་སེམས་དཔའི་བདག་ཉིད་དང་འདྲ་བ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའ་དང་འདྲ་ཞིང་རྗེས་སུ་མཐུན་པའི་བདག་ཉིད་ཀྱི་དངོས་པོའི་ལུས་གང་ལ་
ཡོད་པ་དེ་ལ་ནི། རྡོ་རྗེ་འཛིན་པའི་བདག་ཉིད་དང་འདྲ་བ་ཞེས་བྱའོ། །ཁ་དོག་སྣ་ཚོགས་པ་ནི་དཀར་མོ་མཛེས་པའོ། །གཟུགས་སྣ་ཚོགས་པ་ནི་ཡན་ལག་གི་གཟུགས་མཛེས་པའོ། །མཚན་མ་སྣ་ཚོགས་པ་ནི་ནུ་མ་དང་སྐྲ་ལ་སོགས་པའོ། །སྤྱོད་ལམ་སྣ་ཚོགས་པ་ནི་འདུག་པ་དང་འགྲོ་བ་ལ་སོགས་
པའོ། །རྒྱན་ཐམས་ཅད་ནི་གདུ་བུ་དང་དཔུང་རྒྱན་ལ་སོགས་པའོ། །དེ་རྣམས་ཀྱིས་ཀླུབས་པ་བྱ་བ་ནི་བརྒྱན་པའོ། །དེ་བཞིན་གཤེགས་པའི་རིགས་ཐམས་ཅད་སྡུད་པར་གྱུར་པ་ཞེས་བྱ་བ་ལ། དེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་དགའ་བའི་ངོ་བོ་ཉིད་ཡིན་པས་ན། དེ་བཞིན་གཤེགས་
เล่ม ๕๕ · หน้า 70a
པའི་རིགས་ཐམས་ཅད་སྡུད་པའོ། །རྡོ་རྗེ་སེམས་དཔའི་ལྷ་མོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དགྱེས་པའོ། །གྱུར་ཞེས་བྱ་བ་ནི་རེད་པའོ། །ཨེ་མའོ་ཞེས་བྱ་བ་ནི་རྨད་དུ་གྱུར་པའོ། །ཅི་ཞིག་རྨད་དུ་གྱུར་ཞེ་ན། བདག་འདྲ་གཞན་མེད་དེ་ཞེས་བྱ་བའོ། །ཁྱོད་དང་འདྲ་
བ་གཞན་ཅི་ཞིག་མེད་ཅེ་ན། མཆོད་པ་གཞན་ཞེས་བྱའོ། །གང་གི་ཞེ་ན། རང་འབྱུང་རྣམས་ཀྱིའོ། །གལ་ཏེ་ཁྱོད་དང་འདྲ་བ་མེད་ན། ཡང་འདིར་ངོ་མཚར་ཅི་ཞིག་ཆེ་ཞེ་ན། གང་ཕྱིར་འདོད་པ་དགའ་མཆོད་པས། །མཆོད་པ་ཐམས་ཅད་བྱས་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། འདོད་
པ་ནི་འདོད་ཅིང་ཆགས་པར་བྱ་བའི་ངོ་བོ་ཉིད་ཡིན་པས་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །དེ་ལ་དགའ་བ་ནི་དེར་སྡུག་པའོ། །སྡུག་པ་དེས་མཆོད་པ་ཚད་མེད་པ་ལ་འཇུག་པར་འགྱུར་ཏེ། གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་ཡུལ་ལ་དགའ་བའི་མཉམ་པར་གཞག་པའི་སེམས་
ཀྱིས་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་པ་ཚད་མེད་པ་ལ་འཇུག་པར་འགྱུར་རོ། །དེ་བས་ན་བདག་དང་འདྲ་བ་གཞན་མེད་དོ་ཞེས་བཤད་དོ། །དེ་བཞིན་གཤེགས་པའི་རིགས་ལ་བྱང་ཆུབ་ཀྱི་སེམས་ལ་དགའ་བ་རྡོ་རྗེ་སྒེག་མོའི་མཆོད་པའི་ཕྱག་རྒྱའི་གཟུགས་སུ་
སྤྲུལ་ནས། ད་ནི་བྱང་ཆུབ་ཀྱི་སེམས་ལ་དགའ་བའི་ཆོས་བཞིས་བསྡུས་པས་སངས་རྒྱས་ཀྱི་ས་ཐོབ་པར་འདོད་པའི་མཚན་ཉིད་ཅན་དད་པའི་ནོར་བུ་རིན་པོ་ཆེ་སངས་རྒྱས་ལྔའི་སྐུའི་ནོར་བུ་རིན་པོ་ཆེའི་ཕྲེང་བས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་ཕྱིར། རིན་པོ་ཆེའི་རིགས་སྟོན་པར་
མཛད་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རིན་པོ་ཆེའི་ཕྲེང་བས་ཞེས་བྱ་བ་སངས་རྒྱས་ཀུན་གྱི་དབུ་རྒྱན་གྱིས་མཚན་པའི་དབང་བསྐུར་བ་ཡིན་པས་ན། དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཕྲེང་བའི་དབང་བསྐུར་བ་སྟེ། དབང་བསྐུར་བ་ནི་ཆོས་ཀྱི་རྒྱལ་པོ་ཐོབ་པའི་ནུས་མཐུ་སྐྱེད་པའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་རིན་པོ་ཆེའི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་
เล่ม ๕๕ · หน้า 70b
ཡིན་པ་དེ་ལ་མིང་འདི་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །འདི་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་རྣམས་ཡང་དག་པར་སྐྱེད་པའི་བྱང་ཆུབ་ཀྱི་སེམས་ཉིད་ལ་རྡོ་རྗེ་རིན་པོ་ཆེར་གཞག་པའི་དད་པའི་རིན་པོ་ཆེ་དེ་ཉིད་ལྷ་མོ་ཆེན་མོ་ཡིན་པར་རྣམ་པར་གཞག་གོ། །
འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །འདིས་བསྐུལ་ནས་བྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཞེས་བྱ་བ་བཞི་པོ་ལས་སོ། །རིན་པོ་ཆེའི་ཕྱག་རྒྱར་གྱུར་ནས་བྱུང་བ་ཞེས་བྱ་བ་ནི་རིན་པོ་ཆེ་ལྟ་བུ་ཡང་ཡིན་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་རྒྱས་འདེབས་པར་བྱེད་
པ་ཡང་ཡིན་པས་རིན་པོ་ཆེའི་ཕྱག་རྒྱའོ། །རྡོ་རྗེ་རིན་ཆེན་གྱི་འཁོར་ལོས་སྒྱུར་བའི་ལྷ་མོ་ཆེན་མོ་ཡིན་པ་ཡང་གོང་མ་བཞིན་ནོ། །རྡོ་རྗེས་མཚན་པའི་ཕྲེང་བ་ནི་རྡོ་རྗེ་ཕྲེང་བ་མའོ། །དེ་བཞིན་དུ་གྱུར་ནས་ཞེས་བྱ་བ་འདིས་ནི་ཁ་དོག་དང་གཟུགས་སྣ་ཚོགས་པ་ལ་སོགས་པ་སྔ་མ་བཞིན་དུ་སྦྱར་རོ། །ཨེ་མའོ་
ཞེས་བྱ་བ་ལ་སོགས་པ་ལ་ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། བདག་དང་འདྲ་བ་མེད་ཅེས་བྱའོ། །འདྲ་བ་མེད་པ་ནི་མཚུངས་པ་མེད་པ་སྟེ། བདག་ཉིད་དང་འདྲ་བ་མེད་པའོ། །ཁྱོད་མིང་ཇི་སྐད་བྱ་ཞེ་ན། རིན་ཆེན་མཆོད་པ་ཞེས་པ་སྟེ། རིན་པོ་ཆེའི་མཆོད་
པ་ཡིན་པས་ན། རིན་ཆེན་མཆོད་པ་སྟེ་དབང་བསྐུར་བའི་མཚན་ཉིད་དོ། །གྲགས་པ་ནི་རབ་ཏུ་གྲགས་པའོ། །རྒྱུ་གང་གིས་ན་ཁྱོད་གཅིག་པུ་འདྲ་བ་མེད་པ་ཉིད་ཡིན་ཞེ་ན། གང་ཕྱིར་ཁམས་གསུམ་རྒྱལ་མཆོག་ཀྱང་། །རབ་ཏུ་མཆོད་པ་བྱེད་པར་འགྱུར། །ཞེས་བྱ་བ་སྟེ། གང་གི་ཕྱིར་ཁམས་
གསུམ་པོ་མ་ལུས་པའི་ནང་ན། ཆོས་ཀྱི་རྒྱལ་པོ་གཅིག་པུ་ཡིན་ལ། དེ་བས་ན་གནས་དེ་ནི་མཆོག་ཏུ་གྱུར་པ་ཡིན་པས་ན་ཁམས་གསུམ་རྒྱལ་མཆོག་ཀྱང་ཞེས་གསུངས་པ་ཡིན་ནོ། །རབ་ཏུ་མཆོད་པ་བྱེད་པར་འགྱུར། །ཞེས་བྱ་བ་ནི། ངས་རབ་ཏུ་མཆོད་ན་བྱེད་པར་འགྱུར་བ་སྟེ་དེ་ལྟ་བས་ན་
བདག་ནི་མཆོད་པ་མཚུངས་པ་མེད་པ་གཅིག་པུ་ཡིན་ནོ་ཞེས་སྟོན་པ་ཡིན་ཏེ། རིན་པོ་ཆེའི་ཕྲེང་བ་འདིས་ནི་བྱང་ཆུབ་སེམས་དཔའི་རྒྱན་ཐམས་ཅད་ཀྱི་མཆོག་སྟོན་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ལ་དགའ་ཞིང་སངས་རྒྱས་ཀྱི་ས་ཐོབ་པར་འདོད་པ་སྐྱེས་སུ་ཟིན་ཀྱང་། ཐེག་པ་ཆེན་པོ་བླ་ན་མེད་པའི་
เล่ม ๕๕ · หน้า 71a
ཆོས་མ་ཐོས་ན་མངོན་པར་འཚང་རྒྱ་མི་སྲིད་དེ། དེ་བས་ན་ཆོས་ཀྱི་གླུའི་ལོངས་སྤྱོད་མྱང་བར་བྱ་བའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གླུའི་མཆོག་ནི་གདུལ་བྱའི་སྐྱེ་བོ་རྣམས་དབང་པོ་ཇི་
ལྟར་སྨིན་པ་བཞིན་དུ་རྗེས་སུ་ཕན་འདོགས་པར་མཛད་པའི་ཕྱིར་ཉིད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཆོས་ཡང་དག་པར་སྟོན་པར་མཛད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གླུའི་མཆོག་གོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་
ཆོས་ཀྱི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ལ་ནི། ཐེག་པ་ཆེན་པོ་བླ་ན་མེད་
པའི་ཆོས་ལུང་གི་མཚན་ཉིད་མ་ཐོས་པར་རྟོགས་པའི་ཆོས་ཀྱང་འབྱུང་མི་སྲིད་དེ། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གླུའི་མཆོག་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་མོ་ཆེན་མོར་བསྟན་ཏོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་མ་ཐག་ཏུ་ཞེས་བྱ་བ་ནི་བཞི་པོ་ལས་སོ། །དག་པའི་ཆོས་ཀྱི་དོན་སྟོན་པ་པདྨོའི་ཚུལ་ལྟ་བུའི་ཕྱག་རྒྱ་ནི་ཆོས་ཀྱི་ཕྱག་རྒྱ་ཞེས་བཤད་དོ། །ལྷ་མོ་ཆེན་མོ་རྡོ་རྗེ་གླུར་གྱུར་ནས། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་ཚིགས་སུ་བཅད་པའི་གཟུགས་ཅན་
གྱི་ཕྱག་རྒྱ་དེ་ཉིད་གདུལ་བྱའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་གར་ཐབས་བསྟན་པའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་ཆོས་འཁོར་ལོས་སྒྱུར་བའི་ལྷ་མོ་ཆེན་མོ་ཉིད་དུ་རྣམ་པར་གཞག་པར་སྟོན་པ་ཡིན་ནོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །གླུ་མཆོག་ཚུལ་གྱིས་མཆོད་པ་
ཡིན། །ཞེས་བྱ་བ་ནི། འདི་སྐད་སྟོན་ཏེ། ད་ནི་ཆོས་ཡང་དག་པར་གླུར་བླངས་པའི་ཚིགས་སུ་བཅད་པའི་རང་བཞིན་ཡིན་གྱི། དེ་ཁོ་ན་ཉིད་དུ་ན་བུད་མེད་ཀྱི་གཟུགས་ནི་མ་ཡིན་ནོ། །ཁྱོད་གང་གི་གླུའི་མཆོག་གི་ངོ་བོ་ཡིན་ཞེ་ན། དེའི་ཕྱིར་ཀུན་དུ་གཟིགས་པའི་ཞེས་གསུངས་ཏེ། དུས་གསུམ་
เล่ม ๕๕ · หน้า 71b
ཐམས་ཅད་དུ་ཐོགས་པ་མེད་པའི་གཟིགས་པ་གང་ལ་མངའ་བ་དེ་ནི་ཀུན་དུ་གཟིགས་པ་སྟེ། དེ་རྣམས་ཀྱི་བདག་གླུའི་མཆོག་ནི་རང་བཞིན་གྱི་མཆོད་པའོ་ཞེས་པ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་མཆོད་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཁྱོད་གླུའི་མཆོག་གི་མཆོད་པའི་ངོ་བོ་ཉིད་ཡིན་པ་ལ་
ངོ་མཚར་ཅི་ཞིག་ཡོད་ཅེ་ན། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཕྱིར་སྒྲ་བརྙན་འདྲ་བ་ཡི། །ཞེས་བྱ་བ་ལ། སྒྲ་བརྙན་ནི་བྲག་ཅ་སྟེ། སྒྲ་བརྙན་དེ་དང་འདྲ་ཞིང་མཚུངས་པའི་སྒྲ་གང་ཡིན་པའི་ཚིག་དང་། ངག་དང་ཡི་གེ་རང་བཞིན་དེ་དག་ནི་སྒྲ་བརྙན་དང་འདྲ་སྟེ། ཚུལ་དེ་ལྟ་
བུའི་ངོ་བོ་ཉིད་ནི་དོན་དམ་པར་མེད་དུ་ཟིན་ཀྱང་། ཇི་ལྟར་མངོན་པར་འདོད་པའི་དོན་རྟོགས་པར་བྱེད་པས་སེམས་དཔའ་རྣམས་མཉེས་པར་བྱེད་དེ། འདི་ནི་འདིར་ངོ་མཚར་ཆེའོ། །རྡུལ་ཕྲ་རབ་བརྟག་པ་ལྟར་སྐྱེས་མ་ཐག་ཏུ་འཇིག་པའི་ཡི་གེ་ཀ་ལ་སོགས་པའི་དངོས་པོ་ནི་སྔ་མ་དང་ཕྱི་མ་སྦྱོར་བར་མི་བྱེད་
དོ། །གང་གི་ཕྱིར་ཡི་གེ་ཀ་ལ་སོགས་པ་ཡོད་དུ་ཟིན་ཀྱང་ཀ་བ་ཞེས་བྱ་བར་ག་ལས་གཟུང་འདི་སྐད་སྟོན་ཏེ། ཇི་ལྟར་ན་སྒྲ་བརྙན་ནི་དོན་མི་ཤེས་པ་ཇི་ལྟ་བ་བཞིན་དུ་སྒྲ་རྣམས་ཀྱང་ཚིག་དང་ངག་གི་ཚུལ་དུ་འཇིག་རྟེན་དུ་རབ་ཏུ་གྲགས་ཏེ། གང་གི་ཕྱིར་ཡི་གེ་རྣམས་ནི་དུས་གཅིག་ཏུ་བརྗོད་པ་མི་སྲིད་ལ།
རེ་རེ་ནས་བརྗོད་དུ་ཟིན་ཀྱང་། སྐྱེས་པ་རྣམས་ནི་དུས་གཞན་དུ་སྡོད་པ་མེད་དེ། དེ་བས་ན་ཚིག་མི་སྲིད་དོ། །གང་གི་ཕྱིར་ཡི་གེ་ཚོགས་པ་ལ་ནི་ཚིག་ཏུ་འདོད་པ་ཡིན་ན། ངག་མེད་པས་ཚིག་གི་ཚོགས་དོན་གཅིག་བརྗོད་པ་ནི་ངག་གི་མཚན་ཉིད་ཡིན་པས་ཚིག་ཀྱང་མེད་པར་འགྱུར་རོ། །ཚིག་དང་
ངག་བརྗོད་དུ་མེད་པས་སྒྲ་ཐམས་ཅད་ཀྱང་སྒྲ་བརྙན་དང་འདྲ་བ་ཉིད་ཡིན་ཏེ། དེ་ལྟ་བུའི་སྒྲ་རྣམས་ཀྱིས་སངས་རྒྱས་རྣམས་དོན་གཅིག་པར་མཛད་ཅིང་། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་མངོན་པར་འདོད་པ་བཞིན་དུ་དགའ་བར་མཛད་པས་ན་འདི་ནི་ངོ་མཚར་ཆེའོ།། །།ད་ནི་བྱང་ཆུབ་སེམས་དཔའ་
ཆེན་པོའི་དོན་ཐོས་ནས་དེ་སྒྲུབ་པ་ལ་ནན་ཏན་དུ་བྱ་བའི་མཚན་ཉིད་ཀྱི་ཀུན་དུ་སྤྱོད་པ་སངས་རྒྱས་ལ་མཆོད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རང་བཞིན་གར་གྱི་མཆོད་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་
เล่ม ๕๕ · หน้า 72a
དུ་གཏོགས་པའི་གར་གྱི་རང་བཞིན་མཆོད་པ་སྟེ། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་ལས་ཀྱི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་
འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་མོ་ཆེན་པོ་སེམས་ཅན་གྱི་དོན་མཛད་པའི་ཕྱིར། ཀུན་དུ་སྤྱོད་པར་མཛད་པ་སྟེ། གང་གི་ཕྱིར་གཡོ་བ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་འབྱུང་བས་ན་དེའི་ཕྱིར་དེ་ལ་ཡང་དེར་ལྷ་མོ་ཆེན་མོ་
ཞེས་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེས་བྱིན་གྱིས་བརླབས་པའི་སྔགས་པ་རྣམས་སོ། །དེ་རྣམས་དང་འབྲེལ་པའི་གར་གྱི་མཆོད་པ་ནི། རྡོ་རྗེ་གར་གྱི་མཆོད་པའི་ཆོ་ག་འདི་ལྟར་ཆིངས་ཤིག་ཅེས་ལག་པ་གཉིས་རྡོ་རྗེ་གར་
བསྐོར་བའི་ཚུལ་དུ་སྟོན་པ་འདི་ནི་ཆོ་གའོ། །དེའི་རྒྱས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་གར་གྱི་མཆོད་པའི་ཆོ་ག་རྒྱས་པ་སྟེ། དེ་རྣམས་ལས་སོ། །རྡོ་རྗེ་ལྷ་མོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པ་དེས་རྡོ་རྗེ་གར་གྱི་ཚུལ་གྱི་བྱ་བའི་
མཛད་པ་ལྷ་མོ་ཆེན་པོ་ཉིད་དུ་སྤྲུལ་པར་མཛད་པའོ། །གཡོན་ཕྱོགས་སུ་ཞེས་བྱ་བ་ནི་བཞི་ཆར་ལ་ཡང་བསྟན་པ་ཡིན་ཏེ། གང་གི་ཕྱིར་གཡོན་པ་ཞེས་བྱ་བ་ནི་བུད་མེད་ཀྱི་རྣམ་གྲངས་ཡིན་ཏེ། དེ་བས་ན་ཐམས་ཅད་གཡོན་དུ་གནས་པར་བརྟག་གོ། །ཐམས་ཅད་ཀྱང་ཟླ་བ་རྒྱས་པ་ཞེས་སྨོས་པ་ནི་བཞིན་
མདངས་རྒྱས་པར་སྟོན་པའི་དོན་ཡིན་ནོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །མཆོད་ཀུན་དོན་མཛད་པའི་ཞེས་བྱ་བ་ནི་རིན་པོ་ཆེ་ལ་སོགས་པའི་ཡོ་བྱད་ཀྱི་ཁྱད་པར་གྱིས་རྫས་གང་གིས་མཆོད་པར་བྱེད་པའི་རྫས་དེ་བསམས་པ་ཙམ་གྱིས་ནམ་མཁའ་ཉིད་ལས་འབྱིན་པར་བྱེད་པའི་ནམ་མཁའ་
མཛོད་ཀྱི་ཏིང་ངེ་འཛིན་ཐོབ་པས་ན་མཆོད་ཀུན་དོན་མཛད་པ་ཞེས་བྱའོ། །ཡང་ན་མཆོད་པ་འདིས་སངས་རྒྱས་ཉིད་ཐོབ་པར་བྱས་ནས་སེམས་ཅན་གྱི་དོན་བླ་ན་མེད་པ་བྱེད་པར་གྱུར་ཅིག་ཅེས་སྔོན་སྨོན་ལམ་བཏབ་པ་དེ་ད་ལྟར་མཛད་པས་ན་མཆོད་ཀུན་དོན་མཛད་པ་ཞེས་བྱའོ། །ཡང་ན་མཆོད་
เล่ม ๕๕ · หน้า 72b
པའི་རྣམ་པ་བཀོད་པ་ཐམས་ཅད་ནི་མཆོད་ཀུན་ཏེ། དེའི་དོན་ནི་རྣམ་པར་གཞག་པ་སྟེ། དེ་མཛད་པས་ན་མཆོད་ཀུན་དོན་མཛད་པའོ། །མཆོད་པ་རྒྱ་ཆེན་ཞེས་བྱ་བ་ནི་གོས་དང་རིན་པོ་ཆེ་ལ་སོགས་པ་མཆོག་ཏུ་གྱུར་ཅིང་། ཁྱབ་པ་ཉིད་དང་སྤྲས་པའི་ཁྱད་པར་དམ་པ་རྣམས་ཀྱིས་རྒྱ་ཆེ་བ་ཡིན་པའི་ཕྱིར་
རོ། །མཆོད་པ་ཆེན་པོས་མཆོད་པར་འོས་པའི་ཕྱིར་ན་མཆོད་པ་རྒྱ་ཆེན་ཏེ། དེ་བཞིན་གཤེགས་པའོ། །ཡང་ན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་མཆོད་པ་རྒྱ་ཆེན་པོར་བྱས་པས་ན་མཆོད་པ་རྒྱ་ཆེན་ཏེ། དེ་བས་ན་མཆོད་པ་རྒྱ་ཆེན་པོ་དག་གིས་མཆོད་པའོ། །གང་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་
གང་གི་ཕྱིར་རྡོ་རྗེ་གར་གྱི་ཆོ་གས་ཀྱང་སངས་རྒྱས་མཆོད་པར་རབ་ཏུ་རྟོག་ཅིང་། སྣ་ཚོགས་སུ་སྤྲས་པར་བྱེད་པས་ན། དེ་དག་གི་མཆོད་པའི་དོན་ཐམས་ཅད་མཛད་པ་འདི་ནི་ངོ་མཚར་ཏོ་ཞེས་སྟོན་ཏོ། །རྡོ་རྗེ་སྒེག་མོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བའི་ངོ་བོ་ཉིད་དེ། གང་གི་
ཕྱིར་བྱང་ཆུབ་ཀྱི་སེམས་ལ་དགའ་བ་ནི་རྡོ་རྗེ་སྒེག་མོའོ་ཞེས་གསུངས་པའི་ཕྱིར་དང་། ཆོས་མངོན་པ་ལས་ཀྱང་། དགའ་བ་ནི་ཡིད་བདེ་བའོ་ཞེས་གསུངས་པ་དང་། ཡིད་བདེ་བ་དེ་ཉིད་བསམ་གཏན་གསུམ་པས་བསྡུས་པའི་སེམས་ལས་བྱུང་བའི་བདེ་བར་གསུངས་པ་ཡང་དེ་ཉིད་ཡིན་ནོ། །དེ་ལྟ་བས་
ན་བདེ་བ་དང་ཡིད་བདེ་བའི་ངོ་བོ་ཉིད་ཡིན་པར་གསུངས་སོ། །བླ་ན་མེད་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་དགའ་བས་ལྷག་པ་གཞན་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བར་མཛད་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བ་སྟེ། དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་རིན་པོ་ཆེའི་དབུ་རྒྱན་ལ་དེ་བཞིན་གཤེགས་པ་འབའ་ཞིག་གི་ཕྲེང་བའི་ཚུལ་དུ་གནས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚིགས་སུ་བཅད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གླུའོ། །མཆོད་པའི་ལས་ནི་གར་གྱི་ལས་བྱེད་པ་སྟེ། འདིའི་གོང་ན་གཞན་མེད་པས་
ན་བླ་ན་མེད་པའོ། །མཆོད་པའི་ལས་ཀྱང་ཡིན་ལ། བླ་ན་མེད་པ་ཡང་ཡིན་པས་ན་མཆོད་པའི་ལས་བླ་ན་མེད་པའོ། །དེ་མཛད་པའི་ངང་ཚུལ་ཅན་ཡིན་པས་ན་མཆོད་པའི་ལས་བླ་ན་མེད་པ་མཛད་པ་སྟེ། འདིར་མཆོད་པའི་ལས་བླ་ན་མེད་པ་ནི་བསྒྲུབ་པའི་མཆོད་པ་ལ་བྱའོ། །དེ་བཞིན་
เล่ม ๕๕ · หน้า 73a
གཤེགས་པ་ཐམས་ཅད་ཀྱི་རྣལ་འབྱོར་གྱི་སྙོམས་པར་འཇུག་པ་ལ་དཀྱིལ་འཁོར་དུ་དགོད་པས་ཁང་པ་བརྩེགས་མའི་གྲྭ་ན་རྣམ་པར་གཞག་པར་སྤྲུལ་ཏེ། དེ་བས་ན་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ཞིང་། མཆོད་པ་འདི་རྣམས་ཡིད་ཀྱིས་རྟག་པར་བྱ་བ་ཡིན་པས་ན་དེའི་ཕྱིར་
གསང་བའི་མཆོད་པ་ཞེས་བྱའོ། །ནང་གི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་པ་བསྟན་ནས། ད་ནི་ཕྱིའི་དཀྱིལ་འཁོར་གྱི་མཚམས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མཆོད་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གཞན་གསུངས་པ་
ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །ཡང་ཞེས་བྱ་བ་ནི་སྔར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་མི་བསྐྱོད་པས་རང་གི་རིགས་ཀྱི་ཡེ་ཤེས་ཀྱིས་རྒྱས་གདབ་པའི་ཕྱིར། འཁོར་དུ་གྱུར་པའི་ཕྱག་རྒྱ་རྣམས་ཕུལ་བ་དེ་ལ་ལྟོས་ནས་ཡང་ཞེས་གསུངས་པ་ཡིན་ནོ། །བཅོམ་ལྡན་
འདས་རྣམ་པར་སྣང་མཛད་ཀྱིས་ཀྱང་མི་བསྐྱོད་པའི་དཀྱིལ་འཁོར་དུ་རྡོ་རྗེ་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་རྣམས་བསྟབས་སོ། །དེ་ལྟར་མཆོད་པ་དེའི་ལན་དུ་བཅོམ་ལྡན་འདས་མི་བསྐྱོད་པས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་སླར་མཆོད་པར་རིགས་པས། དེའི་ཕྱིར་དེ་བཞིན་
གཤེགས་པ་ཐམས་ཅད་རབ་ཏུ་ཚིམ་པ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པ་ནི་ཕྱི་དང་ནང་ཤིན་ཏུ་སྦྱངས་པའི་ངོ་བོ་བདུག་པའི་ཕྱག་རྒྱ་སྟེ། མཉམ་པར་འཇོག་པ་ལ་གནས་པ་རྣམས་ནི་ལུས་ཤིན་ཏུ་སྦྱངས་པའི་སྐྱེ་བ་གང་ཡིན་པ་དང་། ཕྱི་རོལ་གྱི་ཡང་སྣའི་དབང་
པོ་ཡུལ་བདུག་པ་དང་ཕྲད་པ་ལས་ཤིན་ཏུ་སྦྱངས་པ་གང་ཡིན་པ་སྟེ། ཤིན་ཏུ་སྦྱངས་པ་དེ་གཉི་ག་ལ་ཡང་ཤིན་ཏུ་ཚིམ་པའི་ཕྱག་རྒྱ་ཞེས་བྱའོ། །དེ་བས་ན་དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་སེམས་ཀྱི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་
པའི་ཏིང་ངེ་འཛིན་གང་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །གཡོག་མོའི་གཙོ་མོ་ནི་གཟུགས་ཀྱིས་གཙོ་བོའི་ལོངས་སྤྱོད་དུ་འོས་པ་ཡིན་ལ། བདུག་པའི་མཆོད་པ་འདི་ཡང་གཙོ་བོའི་ལོངས་སྤྱོད་དུ་གྱུར་པ་ཡིན་ཏེ། ཆོས་མཐུན་པ་དེས་ན་གཡོག་
เล่ม ๕๕ · หน้า 73b
མོའི་གཙོ་མོ་ཞེས་བཤད་པ་ཡིན་ནོ། །རྒྱལ་པོའི་ཕོ་བྲང་ན་གནས་པར་སྟོན་པའི་ཕྱིར་རོ། །དེ་སྟོན་པའི་ཚིག་ལ་ཡང་གཡོག་མོ་ཞེས་བཤད་དེ། དེ་བས་ན་དེ་རང་གི་ཐུགས་ཀ་ནས་ཕྱུང་བའོ། །འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །བདུག་པའི་མཆོད་པའི་སྤྲིན་གྱི་བཀོད་པ་རྣམ་པ་དུ་མ་ཞེས་བྱ་
བ་ལ་བདུག་པར་བྱེད་པས་མཆོད་པ་ཡིན་པས་ན་བདུག་པའི་མཆོད་པའོ། །ཡང་ན་བདུག་པའི་ངོ་བོ་ཉིད་ཀྱི་མཆོད་པ་ཡིན་པས་ན་བདུག་པའི་མཆོད་པའོ། །དེ་མང་པོ་འདུས་པ་ལ་ནི་སྤྲིན་ཞེས་བྱ་ལ། མང་པོའི་ཚོགས་དེ་རྣམས་འདུས་པའི་ཡང་འདུས་པ་ལ་བཀོད་པ་ཞེས་བྱའོ། །ཡང་ན་དེ་ཉིད་རྣམ་
པར་སྤེལ་ནས་གནས་པ་ལ་ནི་བདུག་པའི་མཆོད་པའི་སྤྲིན་ཞེས་བྱ་ལ། ཁང་པ་བརྩེགས་པའི་ཚུལ་དུ་གནས་པ་ལ་ནི་བཀོད་པ་ཞེས་བྱའོ། །རྣམ་པ་དུ་མ་ནི་རྣམ་པ་སྣ་ཚོགས་པ་སྟེ། སྤོས་སྣོད་དང་འཁྲུལ་འཁོར་དང་སྤོས་ཀྱི་རེང་བུ་ལ་སོགས་པའི་ཁྱད་པར་དང་། ལྷན་ཅིག་སྐྱེས་པ་དང་། ཡང་དག་
པར་སྦྱར་བ་དང་། ཡོངས་སུ་གྱུར་པའི་བྱེ་བྲག་གིས་ཀྱང་བདུག་པའི་མཆོད་པར་གྱུར་པའོ། །ཚད་ཇི་ཙམ་ཞེ་ན། རྡོ་རྗེ་དབྱིངས་ཐམས་ཅད་དུ་ཁྱབ་པར་གྱུར་པ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབྱིངས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཞལ་ཡས་ཁང་བརྩེགས་མའོ། །དེའི་ཁྱབ་པ་ནི་
དེར་འཕྲོས་པའོ། །བགྲང་བ་ལས་འདས་པའི་གྲངས་ལ་ནི་རྒྱ་མཚོའི་ཞེས་བྱ་བའི་སྒྲར་བཤད་དོ། །རྡོ་རྗེ་བདུག་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལྟ་བུའི་བསམ་པ་ལས་སྤྲུལ་པའི་བདུག་པའི་ལྷ་མོའི་ལུས་ནི། རྡོ་རྗེ་བདུག་པའི་ལྷ་མོའི་ལུས་སོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ།
ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། བདག་ནི་མཆོད་པ་ཆེ་ཞེས་བྱ་བ་སྟེ། མཆོད་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་མཆོད་པ་ཆེའོ། །ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། རབ་ཏུ་ཚིམ་ལྡན་ཞེས་བྱ་བ་སྟེ་གང་ལ་ཚིམ་པ་ཡོད་པ་དེ་ནི་ཚིམ་ལྡན་ཏེ། རབ་ཏུ་ཚིམ་པ་ནི་
ཡིད་ཚིམ་པར་བྱེད་པའོ། །གལ་ཏེ་བདུག་པའི་མཆོད་པ་ཡིད་སིམ་པར་བྱེད་པ་ཡིན་དུ་ཟིན་ཀྱང་། སྲོག་ཆགས་ཀྱི་ཡན་ལག་ལས་བྱུང་བ་ལས་སྦྱར་བ་ཡང་སྲིད་པས་ན། དེའི་ཕྱིར་དེ་དགེ་བ་ཡིན་ཞེས་བྱ་བ་གསུངས་ཏེ། སྲོག་ཆགས་ཀྱི་ཡན་ལག་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། གང་ཕྱིར་
เล่ม ๕๕ · หน้า 74a
སེམས་ཅན་འབབ་ལྡན་པས། །ཞེས་བྱ་བ་ལ་བདུག་པའི་མཆོད་པ་གང་གིས་སེམས་ཅན་རྣམས་ལ་སེམས་དཔའ་འབབ་པར་འགྱུར་བ་སྟེ། ལྷ་རྣམས་འཇུག་པར་འགྱུར་ཞེས་བྱ་བའི་དོན་ཏོ། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་
བྱིན་གྱིས་བརླབས་ན། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པས་མྱུར་བ་ཉིད་དུ་བྱང་ཆུབ་ཐོབ་པར་འགྱུར་བས་ན་ངོ་མཚར་ཆེ་བ་ཡིན་ནོ། །དེ་བཞིན་གཤེགས་པ་རིན་ཆེན་འབྱུང་བས་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་མཆོད་པའི་ལན་དུ་སླར་མཆོད་པའི་ཕྱིར། རིན་པོ་ཆེའི་མཆོད་
པའི་རྒྱན་ཞེས་བྱ་བ་གསུངས་ཏེ། རིན་པོ་ཆེ་ནི་བྱང་ཆུབ་ཀྱི་ཡན་ལག་གི་རིན་པོ་ཆེའོ། །དེ་ཉིད་ནི་རྒྱན་དུ་གྱུར་པ་ཡིན་པས་ན་རྒྱན་ཏེ། དེ་བས་ན་རིན་པོ་ཆེའི་མཆོད་པའི་རྒྱན་ཞེས་གསུངས་སོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །འདི་ནི་རིན་པོ་ཆེའི་བསམ་པ་གང་ལས་བྱུང་བ་
དེ་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །གང་གཙོ་བོ་དང་ཉེ་བར་གནས་ནས་མཚོན་ཆ་ཐོགས་པའི་གཡོག་མོའི་གཙོ་མོ་ལ་ནི་གསོལ་ཀ་མ་ཞེས་ཟེར་ཏེ། བྱང་ཆུབ་
ཀྱི་ཡན་ལག་གི་རིན་པོ་ཆེའི་མཆོད་པ་འདི་ཡང་འཕགས་པའི་ལམ་བླ་ན་མེད་པར་འདྲེན་ཅིང་། འཕགས་པའི་ལམ་གྱི་མཚོན་ཆ་ཐོགས་ཏེ། ཉེ་བར་གནས་པས་ན་གསོལ་ཀ་མ་ཞེས་བཤད་དེ། རྒྱལ་པོའི་ཕོ་བྲང་ན་ཞུགས་པར་བསྟན་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །
མེ་ཏོག་ཐམས་ཅད་ཀྱི་མཆོད་པ་བཀོད་པས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེའི་མཆོད་པ་དེ་ཉིད་ནི། མེ་ཏོག་ཐམས་ཅད་ཀྱི་མཆོད་པ་བཀོད་པ་སྟེ། མེ་ཏོག་ཐམས་ཅད་ནི་ཙམ་པ་ཀ་དང་། ཨ་ཤོ་ཀ་དང་། ཏི་ལ་ཀ་དང་། བ་ཀུ་ལ་ལ་སོགས་པ་མེ་ཏོག་རིགས་ཐ་དད་
པས་ཕྱེ་བ་རྣམས་གཟུང་ངོ་། །དེའི་མཆོད་པའི་བཀོད་པ་ནི་ཁང་པ་བརྩེགས་མར་སྤེལ་བའི་ཚུལ་ལོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་འགེངས་པའོ། །ཡང་གཅིག་ཏུ་འདྲེས་ཏེ་ཞེས་པ་ནི་གཅིག་ཏུ་བརྟན་པར་གྱུར་པའོ། །རྡོ་རྗེ་ལྟ་བུའི་བསམ་པས་
เล่ม ๕๕ · หน้า 74b
སྤྲུལ་པའི་མེ་ཏོག་གི་མཆོད་པ་བྱེད་པའི་ལྷ་མོ་ནི་རྡོ་རྗེ་མེ་ཏོག་ལྷ་མོའོ། །དེའི་སྐུར་གྱུར་པ་ནི་དེའི་གཟུགས་སུ་བདག་ཉིད་མངོན་པར་སྤྲུལ་པ་སྟེ། བཅོམ་ལྡན་འདས་ཀྱི་གཞལ་ཡས་ཁང་བརྩེགས་མ་གང་ཡིན་པ་དེའི་གྲར་གནས་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན།
གང་གི་ཕྱིར་མེ་ཏོག་མཆོད་པ་བདག་ཅེས་བྱའོ། །ཐམས་ཅད་ཀྱི་ནི་རྒྱན་བྱེད་དེ། །ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། གདུ་བུ་དང་། དཔུང་རྒྱན་དང་། གོས་དང་། བདུག་པ་དང་། བྱུག་པ་ལ་སོགས་པས་བརྒྱན་དུ་ཟིན་ཀྱང་། མེ་ཏོག་གི་ཕྲེང་བ་སྟེང་དུ་གཏོར་ཏེ། དེ་བས་ན་དེ་དག་ཐམས་ཅད་ཀྱི་ནང་
ན་མེ་ཏོག་གི་མཆོད་པ་ནི་ལྷག་པར་རྒྱན་དུ་བྱེད་པ་ཡིན་ཞིང་། མཆོད་པ་གཞན་རྣམས་ཀྱི་ཡང་རྒྱན་བྱེད་པས་ན་ཐམས་ཅད་ཀྱི་རྒྱན་བྱེད་པའོ། །གལ་ཏེ་ཁྱོད་མེ་ཏོག་གི་མཆོད་པ་ཡིན་དུ་ཟིན་ཀྱང་། ངོ་མཚར་ཅི་ཞིག་ཡོད་ཅེ་ན། གང་ཕྱིར་མཆོད་ན་དེ་བཞིན་གཤེགས། །རིན་ཆེན་ཉིད་དུ་མྱུར་བར་འགྲུབ། །
ཅེས་བྱ་བ་སྟེ། བྱང་ཆུབ་ཀྱི་ཡན་ལག་ནི་མེ་ཏོག་གི་རང་བཞིན་དེས་མཆོད་ན། དེ་བཞིན་གཤེགས་པ་རིན་པོ་ཆེ་ཉིད་ཐོབ་པར་གྱུར་པས་ན། འདི་ནི་ངོ་མཚར་ཆེའོ། །ད་ནི་མར་མེའི་མཆོད་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་སོ། །འཇིག་རྟེན་དབང་
པོ་ནི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། །དེའི་རྒྱལ་པོ་ནི་དབུ་ལ་འཇོག་པའི་བདག་པོ་སྟེ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་སོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་པདྨའི་རིགས་ལས་ཀླུའི་མཆོད་པ་སྤྲུལ་པར་མཛད་པའི་ལན་དུ་སླར་མཆོད་པའི་ཕྱིར་རོ། །
བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱིས་ཀྱང་མཆོད་པ་མཛད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་སྣང་བའི་མཆོད་པ་སྟེ། མར་མེའི་མཆོད་པས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྣང་བའི་མཆོད་པའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་
ཆོས་ཀྱི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི། མངོན་སུམ་དུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕོ་ཉ་ཡིན་པས་ན།
เล่ม ๕๕ · หน้า 75a
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕོ་ཉ་མོ་སྟེ། ཡེ་ཤེས་ཀྱིས་ཐམས་ཅད་སྣང་བར་མཛད་ཅིང་བདག་དང་གཞན་གྱི་དོན་གྲུབ་པར་ཆོས་མཐུན་པས་ན་ཕོ་ཉ་མོ་ཞེས་གསུངས་སོ། །ཐམས་ཅད་དུ་སྣང་ཞེས་བྱ་བ་ལ་རྣམ་པ་ཐམས་ཅད་དུ་སྣང་བར་མཛད་པས་ན་ཐམས་ཅད་
དུ་སྣང་བའོ། །དེ་ཉིད་མཆོད་པ་སྟེ་དེས་ཁང་པ་བརྩེགས་མ་བརྒྱན་པས་ན་སྣང་བའི་མཆོད་པ་བཀོད་པ་ཞེས་བྱའོ། །དེའི་ཚད་ཇི་ཙམ་ཞེ་ན། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པར་བྱེད་པ་ཞེས་པ་སྟེ། ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་བྱེད་པའོ། །ལྷ་མོ་རྡོ་རྗེ་སྣང་བ་ཞེས་བྱ་བ་ལ་
སོགས་པ་ལ། རྡོ་རྗེ་ལྟ་བུའི་སེམས་ཀྱིས་སྤྲུལ་པས་ན་ལྷ་མོ་རྡོ་རྗེ་སྣང་བའི་མཆོད་པ་སྟེ། རྡོ་རྗེ་སྣང་བའི་ངོ་བོར་བྱིན་གྱིས་བརླབ་པའི་རྡོ་རྗེ་སྣང་བའི་ལྷ་མོའོ། །དེའི་སྐུ་ཡིན་པས་ན་ལྷ་མོ་རྡོ་རྗེ་སྣང་བའི་སྐུའོ། །གྱུར་པ་ནི་རེད་པའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེ་ལ་སོགས་པའི་སྣང་བ་ཡོངས་སུ་
འཛིན་པས་རྒྱ་ཆེ་བ་དང་། ཕྱོགས་མཚམས་ཐམས་ཅད་དུ་ཁྱབ་པས་ན་རྒྱ་ཆེ་བ་སྟེ། རྒྱ་ཆེ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྒྱ་ཆེན་པོའོ། །དེ་གང་ཡིན་ཞེ་ན། མཆོད་པ་སྟེ་རྗེད་པའོ། །ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན་མར་མེའོ། །གལ་ཏེ་ཞག་ལ་སོགས་པས་ཀྱང་མར་མེ་བྱེད་སྲིད་པས་དེའི་ཕྱིར་དགེ་བ་ཞེས་བྱ་བ་གསུངས་སོ། །
མར་དང་འབྲུ་མར་གྱི་རང་བཞིན་ནམ། ཡང་ན་རིན་པོ་ཆེའི་སྣང་བའི་ངོ་བོ་ཉིད་དོ། །གང་ཕྱིར་སྣང་བཅས་ཞེས་བྱ་བ་ལ་གང་ལ་སྣང་བ་ཡོད་པ་དེ་ན་སྣང་བ་དང་བཅས་པ་སྟེ། དེ་བས་ན་སྣང་བ་ནི་མིག་གི་རྣམ་པར་ཤེས་པ་བསྐྱེད་པའི་རྒྱུའི་གཙོ་བོ་ཡིན་པས་མྱུར་ཞིང་མགྱོགས་པ་ཉིད་དུ། སངས་རྒྱས་
ཀུན་གྱི་སྤྱན་ཡང་འཐོབ། །ཅེས་པ་སྟེ། སངས་རྒྱས་ཀྱི་སྤྱན་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་སངས་རྒྱས་ཀྱི་ནི་སྤྱན་ཀུན་ཏེ། སྤྱན་ལྔ་པོ་དག་འཐོབ་ཅེས་བྱ་བའི་དོན་ཏེ། དེ་ཡང་གང་གིས་སེམས་ཅན་རྣམས་ཀྱི་སྐྱེ་བ་དང་འཆི་འཕོ་གཟིགས་པས་ནི་ཤའི་སྤྱན་དང་ལྷའི་སྤྱན་ནོ། །འཕགས་པའི་
བདེན་པ་བཞིའི་ཡུལ་མཁྱེན་པ་ནི་ཤེས་རབ་ཀྱི་སྤྱན་ནོ། །ཐོག་མ་དང་ཐ་མར་ཡོངས་སུ་དག་པའི་ཆོས་སྟོན་པར་མཛད་པ་ནི་ཆོས་ཀྱི་སྤྱན་ནོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སངས་རྒྱས་ཀྱི་སྤྱན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་ཏེ། བཅོམ་ལྡན་འདས་རྣམ་པར་
เล่ม ๕๕ · หน้า 75b
སྣང་མཛད་ཀྱིས་གདོན་མི་ཟ་བར་གྲུབ་པའི་དཀྱིལ་འཁོར་དུ་གང་གི་མཆོད་པ་གསུངས་པའི་མཆོད་པ་དེའི་ལན་དུ་བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པས་ཀྱང་། སླར་མཆོད་པ་མཛད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲི་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་སྟེ། དེ་ཉིད་ནི་མཆོད་པའོ། །
དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་ལས་ཀྱི་བསམ་པའི་ཁྱད་པར་གང་ལས་བྱུང་བ་སྟེ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་བྲན་མོ་ཞེས་བྱ་བ་ལ། སྐྱང་ནུལ་གྱི་ལས་བྱེད་པ་ལ་འཇིག་རྟེན་ན་བྲན་མོ་ཞེས་ཟེར་ཏེ། དེ་བས་ན་ཉེ་བར་བྱུག་པར་ཆོས་མཐུན་པས། དྲིའི་མཆོད་པ་ནི་བྲན་མོར་རྣམ་པར་གཞག་སྟེ། དེའི་ཐུགས་ཀ་ནས་ཕྱུང་བའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དྲི་ཐམས་ཅད་ཀྱི་མཆོད་
པ་བཀོད་པ་ཞེས་བྱ་བ་ནི་དྲི་དང་འཁྲུལ་འཁོར་དང་རེང་བུ་ལ་སོགས་པའི་རྣམ་པར་སྤྲས་པའི་བཀོད་པའི་ཁང་པ་བརྩེགས་མའོ། །དེ་ཚད་ཇི་ཙམ་ཞེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱེད་པ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་འགེངས་པའོ། །ཡང་ཞེས་བྱ་བ་ལ་སོགས་
པ་ལ་ཡང་གཅིག་ཏུ་འདྲེས་པར་གྱུར་ནས་ལྷ་མོ་རྡོ་རྗེ་དྲི་ཞེས་བྱ་བའི་སྐུར་གྱུར་པ་སྟེ། རྡོ་རྗེ་ལྟ་བུའི་བསམ་པས་དྲིའི་མཆོད་པ་བྱིན་གྱིས་རློབ་པར་བྱེད་པའི་ལྷ་མོའི་སྐུར་གྱུར་ཅིང་རེད་པའོ། །ཨེ་མའོ་ཞེས་བྱ་བ་ནི་རང་གི་ངོ་བོ་ཉིད་སྟོན་པས་ན་དྲིའི་རང་བཞིན་ནོ། །མཆོད་པ་ནི་རྗེད་པའོ། །ཇི་ལྟ་བུ་ཞེ་ན།
ལྷ་རྫས་སོ། །སུ་ཞིག་ཅེ་ན་བདག་ཅེས་བྱ་བའོ། །ཇི་ལྟར་ན་ལྷ་རྫས་ཡིན་ཞེ་ན། གང་གི་ཕྱིར་ཡིད་འོང་ཞེས་བྱ་བ་སྟེ། ལྷ་རྣམས་ཀྱི་ཡང་ཡིད་དང་རྗེས་སུ་མཐུན་པ་སྟེ། དེ་བས་ན་ལྷ་རྫས་སོ། །གང་གི་ཕྱིར་ངས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་ན། མཆོད་པར་བྱེད་པའི་ལུས་ལ་དེ་བཞིན་
གཤེགས་པ་རྣམས་ཀྱི་བླ་ན་མེད་པའི་ཚུལ་ཁྲིམས་ཀྱི་དྲི་སྩོལ་བར་མཛད་དེ། དེ་བས་ན་མཆོད་པ་འདི་ནི་དེ་བཞིན་གཤེགས་པའི་དྲི་སྦྱིན་པ་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་འདིར་དཀྱིལ་འཁོར་བའི་བྱང་ཆུབ་སེམས་དཔའ་རྣམས་དང་དེས་བྱིན་གྱིས་བརླབས་པའི་སྔགས་པ་
เล่ม ๕๕ · หน้า 76a
རྣམས་སོ།། །།དེ་རྣམས་ནི་བདུག་པའི་མཆོད་པས་ཡེ་ཤེས་འབབ་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དབབ་པ་ཞེས་བྱའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲས་ནི་དཀྱིལ་འཁོར་བའི་ཡེ་ཤེས་སེམས་དཔའ་ཉིད་ཡོངས་སུ་
གཟུང་བ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་ཅན་རྣམས་ལ་གང་དང་གང་གིས་བབས་ཤིང་འཇུག་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དབབ་པ་སྟེ། བདུག་པའི་མཆོད་པ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཤིན་ཏུ་
སྦྱངས་པ་ནི་འདིར་ལྷ་མོ་བདུག་པའི་གཟུགས་སུ་སྤྲུལ་པར་མཛད་དེ། དེ་བས་ན་ལུས་ཤིན་ཏུ་སྦྱངས་པ་དེ་ནི་བདེ་བའི་ཚོར་བ་སྐྱེད་པར་བྱེད་ལ་བདེ་བ་ལས་ནི་སེམས་རྩེ་གཅིག་པ་འཐོབ་ཅིང་སེམས་རྩེ་གཅིག་པ་ཐོབ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་ཏེ། དེ་བས་ན་ཡེ་ཤེས་
དབབ་པ་ཞེས་བྱའོ། །བྱང་ཆུབ་ཆེན་པོ་ཡང་ཡིན་ལ། ཡན་ལག་ཀྱང་ཡིན་པས་བྱང་ཆུབ་ཆེན་པོའི་ཡན་ལག་སྟེ། དེ་རྣམས་བསགས་པ་ཡིན་པས་ན་བྱང་ཆུབ་ཆེན་པོའི་ཡན་ལག་བསགས་པའོ། །ཡང་ན་བྱང་ཆུབ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེའི་
ཡན་ལག་ནི་དེའི་རྒྱུ་རྣམས་ཡིན་པས་བྱང་ཆུབ་ཆེན་པོའི་ཡན་ལག་གོ། །དེ་རྣམས་བསགས་པ་ནི་དེ་རྣམས་བསྡུས་པ་སྟེ། དེ་ལ་ནི་བྱང་ཆུབ་ཆེན་པོའི་ཡན་ལག་བསགས་པ་སྟེ། མེ་ཏོག་གི་མཆོད་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་ཆོས་མདོ་སྡེ་ལ་
སོགས་པ་ལ་སྣང་བ་སྟེ། ཡེ་ཤེས་ཀྱི་སྣང་བའི་འོད་ཅེས་བྱ་བའི་དོན་ཏོ། །ཚུལ་ཁྲིམས་ནི་སྤོང་བ་བདུན་གྱི་མཚན་ཉིད་ཟག་པ་མེད་པའི་བསམ་གཏན་གྱིས་བསྡུས་པ་སྟེ། སྲོག་གཅོད་པ་སྤོང་བ་ལ་སོགས་པ་ལུས་ཀྱི་རྣམ་པ་གསུམ་དང་། བརྫུན་དུ་སྨྲ་བ་སྤོང་བ་ལ་སོགས་པ་ངག་གི་རྣམ་
པ་བཞིའོ། །ཏིང་ངེ་འཛིན་ནི་ཟག་པ་མེད་པའི་བསམ་གཏན་ནོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་དོ། །རྣམ་པར་གྲོལ་བ་ནི་ཉོན་མོངས་པ་རྣམས་ལས་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ནི་རྣམ་པར་གྲོལ་བར་གྱུར་ན་ང་ནི་རྣམ་པར་གྲོལ་ལོ་
เล่ม ๕๕ · หน้า 76b
ཞེས་ཡེ་ཤེས་ཀྱི་མཐོང་བ་འཇུག་ལ། མཐོང་བ་ནི་བཟོད་པ་བརྒྱད་དེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་བཟོད་པ་དང་། ཀུན་འབྱུང་དང་འགོག་པ་དང་ལམ་ལ་ཡང་དེ་བཞིན་ནོ། །དེ་བས་ན་ཟག་པ་མེད་པའི་ཕུང་པོ་ལྔའི་ངོ་བོ་ཉིད་ཚུལ་ཁྲིམས་
ཀྱི་རང་བཞིན་གྱི་དྲིའི་མཆོད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་དྲིའི་རང་བཞིན་གདུལ་བྱའི་སྐྱེ་བོ་རྣམས་ལ་རྗེས་སུ་ཕན་གདགས་ཤིང་། དྲིའི་དགོས་པ་ཐམས་ཅད་བྱ་བའི་ཕྱིར་ལྷ་མོའི་གཟུགས་སུ་དཀྱིལ་འཁོར་དུ་སྤྲུལ་པར་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་
ཆུབ་སེམས་དཔའ་རྣམས་སོ། །དེའི་བཀའ་བཞིན་བྱེད་པས་བུད་མེད་ཀྱི་གཟུགས་སུ་སྤྲུལ་ཏོ་ཞེས་བྱ་བའི་དོན་ཏོ། །གང་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དོན་དུ་སྤྲུལ་པ་ཡིན་དུ་ཟིན་ཀྱང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡིན་པར་ཤེས་པར་བྱའོ། །དཀྱིལ་
འཁོར་གྱི་འཁོར་གཡོག་མོའི་གཙོ་མོ་ལ་སོགས་པའི་མཆོད་པ་རྣམ་པ་བརྒྱད་བསྟན་མོད་ཀྱི། དེ་ལྟ་ན་ཡང་སྒོ་སྲུང་མེད་ན་དཀྱིལ་འཁོར་མ་རྫོགས་པ་ཡིན་ཏེ། དེ་བས་ན་དེ་དག་སྤྲུལ་པར་མཛད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གཞན་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་
དེའི་རྗེས་ཐོགས་ལའོ། །ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞེས་བྱ་བ་ནི་མཆོད་པའི་ལྷ་མོ་རྣམས་ལ་ལྟོས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ལྕགས་ཀྱུ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་སྒྲ་ནི་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་ཉི་ཚེ་གཟུང་ངོ་། །དེ་རྣམས་ཀྱི་དམ་ཚིག་གི་ལྕགས་ཀྱུ་ནི་དམ་ཚིག་ཏུ་གྱུར་པའི་ལྕགས་ཀྱུ་ཡིན་པས་ན། དམ་ཚིག་གི་ལྕགས་ཀྱུ་སྟེ་གང་གིས་དམ་ཚིག་ཐམས་ཅད་འགུགས་པའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་སེམས་དཔའི་བསམ་པའི་ཁྱད་པར་
གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར། ཏིང་ངེ་འཛིན་གང་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་ཕྱག་
เล่ม ๕๕ · หน้า 77a
རྒྱའི་ཚོགས་ཐམས་ཅད་ཀྱི་བདག་པོར་གྱུར་པ་སྟེ། དེའི་དབང་གིས་གདུལ་བའི་ཕྱིར་བདག་པོ་ཞེས་བྱ་སྟེ། རྒྱལ་པོའི་ཁར་བ་ཐོགས་པའི་སྐྱེས་བུ་བཞིན་ནོ། །འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །འདི་བྱུང་མ་ཐག་པ་ཞེས་བྱ་བ་ནི་བསྐུལ་བའི་རྗེས་ཐོགས་ཉིད་
ལ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་ཅེས་བྱ་བ་ནི་གང་སྔར་བཤད་པའི་མཆོད་པའི་ལྷ་མོ་གཟུགས་སུ་བྱུང་བ་དེ་ཉིད། ད་འདིར་ཕྱག་རྒྱ་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་སྟེ། རིགས་བཞི་ཆར་གྱི་ཡང་ཕྱག་རྒྱའི་ཚོགས་གང་ཡིན་པ་དེའི་གཟུགས་སུ་གྱུར་ཏེ་བྱུང་ངོ་
ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་གི་ཕྱིར་ཕྱག་རྒྱ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པས་དེ་ཕྱག་རྒྱ་ཐམས་ཅད་བཀུག་ནུས་པར་གྱུར་པ་སྟེ། རང་གི་ལུས་བཞིན་དུ་ཐམས་ཅད་ལ་དབང་བ་ཉིད་དུ་བསྟན་པའི་ཕྱིར་ཕྱག་རྒྱའི་ཚོགས་ཞེས་སྨོས་པ་ཡིན་ཏེ། ཕྱག་རྒྱའི་ཚོགས་ཐམས་ཅད་ལས་ནི་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའོ། །དེ་རྣམས་ལས་ཀྱང་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྕགས་ཀྱུའི་སྐུར་གྱུར་པ་ཡིན་དུ་ཟིན་ཀྱང་། ཕྱག་རྒྱའི་ཚོགས་དེ་དག་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱིན་གྱི་རླབས་ཀྱིས་ཡང་དག་པར་བསྡུས་ཏེ། རྡོ་རྗེ་ལྕགས་ཀྱུར་གྱུར་པ་དང་། སླར་ཡང་
བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་ལ་དབང་བསྐུར་བ་བྱིན་ནོ། །དེ་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མིང་གི་དབང་བསྐུར་བས་དབང་བསྐུར་རོ་ཞེས། འདིར་རྩ་བའི་གཞུང་ལས་མ་སྨོས་སུ་ཟིན་ཀྱང་། དོན་གྱི་དབང་གིས་ཐམས་ཅད་མཛད་པར་ཤེས་པར་བྱའོ། །བཅོམ་
ལྡན་འདས་ཀྱིས་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་ཞེས་བྱ་བ་ལ། བཅོམ་ལྡན་འདས་དང་འབྲེལ་པའི་ཁང་བ་བརྩེགས་མ་གང་ཡིན་པ་དེའི་རྡོ་རྗེའི་སྒོ་སྟེ། རྡོ་རྗེས་ཉེ་བར་མཚོན་པའི་སྒོ་ནི་རྡོ་རྗེའི་སྒོ་སྟེ། དའི་ནང་ན་ནི་དབུས་སུའོ། །དེ་བཞིན་གཤེགས་པ་ཐམས་
ཅད་ཀྱང་ཡིན་ལ་དམ་ཚིག་ཀྱང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །དེ་རྣམས་འགུགས་ཤིང་རང་གི་ལས་བྱེད་པ་ན་རང་གི་མཐུ་སྟོབས་མཐོང་བས་དགའ་སྟེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།
เล่ม ๕๕ · หน้า 77b
ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་དུ་གྱུར་ཞེ་ན། གང་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་སྤྱན་འདྲེན་བརྟན་པ་བདག །ཅེས་བྱ་བ་སྟེ། ཀུན་ནས་སྤྱན་འདྲེན་པའི་ཕྱིར་ཡང་དག་སྤྱན་འདྲེན་པའོ། །གང་གིས་ཀྱང་བཟློག་པར་མི་
ནུས་པས་ན་བརྟན་པའོ། །གལ་ཏེ་ཁྱོད་ཡང་དག་པར་སྤྱན་འདྲེན་པ་ཡིན་དུ་ཟིན་ཀྱང་། ངོ་མཚར་ཅི་ཞིག་ཆེ་ཞེ་ན། གང་ཕྱིར་བདག་གིས་སྤྱན་དྲངས་པས། །དཀྱིལ་འཁོར་ཀུན་ལ་བརྟེན་པར་འགྱུར། །ཞེས་བྱ་བ་སྟེ། གང་གི་ཕྱིར་བདག་གིས་སྤྱན་དྲངས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
ཐམས་ཅད་ཀྱང་རྟོག་པ་མི་མངའ་བར་དཀྱིལ་འཁོར་ཀུན་ལ་བརྟེན་པ་སྟེ། དཀྱིལ་འཁོར་ཐམས་ཅད་དུ་འཇུག་ཅེས་བྱ་བའི་དོན་ཏོ། །བཀུག་ཏུ་ཟིན་ཀྱང་དཀྱིལ་འཁོར་དུ་མ་བཅུག་ན་དགོས་པ་མི་བྱེད་པས་དེའི་ཕྱིར་གཞུག་པའི་ཐབས་ཀྱི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་
པའི་གཞུང་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་དམ་ཚིག་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གོ། །དེ་རྣམས་དཀྱིལ་འཁོར་དུ་གཞུག་པའི་སེམས་དཔའ་ཆེན་པོ་གང་གིས་བྱས་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་འཇུག་
པའི་སེམས་དཔའ་ཆེན་པོའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་སེམས་དཔའི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་
པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་ཕྱག་རྒྱའི་ངོ་བོ་ཉིད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། དེ་རྣམས་ཀྱི་འཇུག་པའོ། །རེ་རེ་ནས་གསོལ་བས་ན་གསོལ་ཀ་མ་སྟེ། དེ་བྱེད་པས་ན་གསོལ་ཀ་བའོ། །དེ་ཡང་འཇུག་པར་བྱེད་པ་ལ་དབང་བར་
ཆོས་མཐུན་པས་ན་གསོལ་ཀ་བ་སྟེ། རྒྱལ་པོའི་ཕོ་བྲང་ན་བཞུགས་པའི་ཚུལ་སྟོན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་འཇུག་པའི་ཕྱིར་ཕྱག་རྒྱའི་ཚོགས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་འཇུག་པའི་ཕྱག་རྒྱའི་ཚོགས་ཏེ། དེ་ཞགས་
เล่ม ๕๕ · หน้า 78a
པའི་ཚོགས་སུ་གྱུར་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་འཇུག་པའི་ཕྱག་རྒྱའི་ཚོགས་སུ་གྱུར་ཞེས་བྱ་བ་ནི་དམ་ཚིག་དེ་རྣམས་ཉིད་ཀྱི་ཕྱག་རྒྱའི་ཚོགས་གང་ཡིན་པ་དེར་གྱུར་ཞེས་བྱ་བའི་དོན་ཏོ། །ལྕགས་ཀྱུ་ལ་བཤད་པའི་ཚུལ་བཞིན་དུ་
ཕྱག་རྒྱའི་ཚོགས་ཐམས་ཅད་ཀྱང་བྱིན་གྱི་རླབས་ཀྱི་དབང་གིས་ཞགས་པའི་གཟུགས་སུ་གྱུར་པའམ། ཞགས་པ་མ་ཡིན་པ་རྣམས་ཀྱང་ཞགས་པའི་གཟུགས་སུ་གྱུར་པ་སྟེ། གཉི་ག་ལྟར་ཡང་ཉེས་པ་མེད་དོ། །ཡང་ན་གཅིག་ཏུ་འདྲེས་པར་གྱུར་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཞགས་
པ་ཞེས་བྱ་བའི་སྐུ་གྱུར་ནས་ཞེས་བྱ་བར། རྡོ་རྗེས་མཚན་པའི་ཞགས་པ་ཡིན་པས་ན་རྡོ་རྗེ་ཞགས་པ་ཞེས་བྱ་བའམ། རྡོ་རྗེ་ལྟ་བུའི་བསམ་པ་ལས་བྱུང་བ་ཡིན་པས་ན། རྡོ་རྗེ་ཞགས་པའོ། །དེས་ཉེ་བར་མཚོན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ། བྱང་ཆུབ་ཆེན་པོ་ལ་སེམས་དཔའོ། །དེ་
ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་རྡོ་རྗེ་ཞགས་པ་ཡང་ཡིན་པས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཞགས་པའོ། །དེའི་སྐུ་ནི་དེའི་གཟུགས་སུ་གྱུར་པའོ། །རིན་པོ་ཆེའི་ཉེ་བར་མཚོན་པའི་སྒོ་ཡིན་པས་རིན་པོ་ཆེ་ལས་བྱས་པའི་སྒོའོ། །དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་རང་གི་
ལས་མཛད་པ་སྟེ་རང་གི་དགོས་པ་ཡང་དག་པར་མཐོང་བས་དགའ་སྟེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་དུ་གྱུར་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་ཞགས་པ་དམ་པའི་བདག །ཅེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་
ཀྱིས་ཀྱང་གཅོད་པར་མི་ནུས་པས་ན་དམ་པའོ། །དེ་ལྟ་ཡིན་དུ་ཟིན་ཀྱང་ངོ་མཚར་ཅི་ཞིག་ཆེ་ཞེ་ན། རྡུལ་ཕྲན་ཞུགས་པ་ཐམས་ཅད་ཀྱང་། །བདག་གིས་སླར་ཡང་དྲང་བར་བགྱི། །ཞེས་བྱ་བ་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུས་རྡུལ་ཕྲན་ཐམས་ཅད་ཞུགས་པ་ཡང་གདུལ་
བྱའི་སྐྱེ་བོ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར། བདག་གིས་སླར་ཡང་དཀྱིལ་འཁོར་དུ་བཅུག་པ་འདི་ནི་ངོ་མཚར་ཏོ། །ཇི་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་བཅུག་ཅེ་ན། གཟུགས་ཀྱི་སྐུས་ཐམས་ཅད་དུ་སོང་བ་མ་ཡིན་པས་ན་འགལ་བ་མེད་དོ། །དཀྱིལ་འཁོར་དུ་བཅུག་ཏུ་ཟིན་
เล่ม ๕๕ · หน้า 78b
ཀྱང་དམ་ཚིག་གི་འཆིང་བས་མ་བཅིངས་ན། གལ་ཏེ་དགོས་པའི་དུས་སུ་མི་བཞུགས་པས་དེ་ལྟ་བས་ན་དམ་ཚིག་གི་འཆིང་བའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གོ། །བསྟན་པ་ཙམ་གྱིས་བགེགས་དང་ལོག་འདྲེན་གྱི་ཚོགས་ཐམས་ཅད་གཏོར་བར་བྱེད་པས་ན་གཏོར་བ་སྟེ། ལྕགས་སྒྲོག་ལ་བྱའོ། །ཡང་ན་འདི་གསལ་བར་
གྱུར་པས་དེ་བཞིན་གཤེགས་པ་ཐམས་ཅད་འདའ་བར་མི་མཛད་པའི་ཕྱིར་ལྕགས་སྒྲོག་ལ་དམ་ཚིག་གི་འཆིང་བ་ཞེས་བཤད་དེ། ཆོས་ཀྱི་ལོངས་སྤྱོད་རྫོགས་པའི་འཁོར་གྱི་དཀྱིལ་འཁོར་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གདུལ་བྱའི་སྐྱེ་བོ་རྣམས་ལ་རྗེས་སུ་ཕན་
གདགས་པའི་ཕྱིར། གང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་འཁོར་གྱི་དཀྱིལ་འཁོར་འདི་ལྟ་བུ་ཕྱེ་མས་བྲིས་པའི་དཀྱིལ་འཁོར་གང་ཡིན་པ་དེར་ཁྱེད་རྣམས་བཀུག་ཅིང་བཞག་ལ། ལྕགས་སྒྲོག་གི་ཕྱག་རྒྱ་བསྟན་པ་དེའི་ཚེ།
ཇི་སྲིད་དུ་བྱ་བ་ཡོངས་སུ་རྫོགས་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་ཁྱེད་རྣམས་གནས་པར་གྱིས་ཤིག་ཅེས་བཀའ་སྩལ་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་བཀའ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱང་ཉིད་ཀྱི་བྱ་བའི་དུས་ལས་འདས་པར་མི་མཛད་པས་དེ་
ལ་ཡང་དེའི་དམ་ཚིག་འཆིང་བ་ཡིན་ནོ། །ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་གཞན་རྣམས་ལ་ཡང་བཅོམ་ལྡན་འདས་ཀྱི་བདེན་པ་བསྒོམ་པའི་བཀའ་དེ་ཉིད་འཆིང་བ་ཡིན་ཏེ། སྐྱེས་པའི་རབས་ལས་ཀྱང་བདེན་པ་ལ་ཡོངས་སུ་གོམས་པའི་ཚིག་ལས་ནི་མེ་ཡང་འདའ་བར་མི་བྱེད་དོ་ཞེས་ཇི་
སྐད་གསུངས་པ་ལྟ་བུའོ། །དེ་བས་ཚིག་དེ་ཉིད་བཅོམ་ལྡན་འདས་ཀྱིས་ལྕགས་སྒྲོག་གི་ཕྱག་རྒྱ་བསྟན་ཏེ་ཞེས་གསུངས་སོ། །དེ་ལྟ་བས་ན་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་ཡང་འཆིང་བ་ཡིན་ཏེ། ཇི་ལྟར་བླ་མའི་ཚིག་གམ། རང་གི་
เล่ม ๕๕ · หน้า 79a
ཚིག་གིས་འདུག་པར་བྱའོ་ཞེས་བྱ་བ་ནི་འཆིང་བ་ཡིན་ནོ་ཞེས་བྱ་བ་བཞིན་ཏེ། དེ་བས་ན་འདི་ནི་ལྕགས་སྒྲོག་ཅེས་བྱའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་དེ་ལས་སེམས་དཔའ་གང་སྤྲུལ་ཏེ་བྱུང་ཞིང་ལྕགས་སྒྲོག་གི་ཕྱག་རྒྱ་དེ་འཆིང་བ་འདི་ལ་ཡང་དམ་ཚིག་གི་
ལྕགས་སྒྲོག་གི་སེམས་དཔའ་ཆེན་པོ་ཞེས་བྱ་སྟེ་དེའི་དམ་ཚིག་གོ། །དེ་སེམས་དཔའི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་འཆིང་བ་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྡམས་པ་སྟེ་མིང་དེ་སྐད་ཅེས་བྱའོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕོ་ཉ་ཞེས་བྱ་སྟེ། རྒྱལ་པོས་མནའ་ཆུ་ལ་སོགས་པ་བླུད་པས། དམ་བཅའ་བ་ལ་འཇོག་པ་གང་
ཡིན་པ་དེ་ནི་འཇིག་རྟེན་ན་ཕོ་ཉ་ཞེས་བྱ་སྟེ། དམ་ཚིག་ལ་འཇོག་པ་དེ་དང་ཆོས་མཐུན་པས་ན་འདི་ལ་ཡང་ཕོ་ཉ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་དམ་ཚིག་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་
བཅིང་བའི་ཕྱིར། ཕྱག་རྒྱའི་ཚོགས་སུ་གྱུར་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྡམས་པའི་ཕྱག་རྒྱའི་ཚོགས་སུ་གྱུར་པ་སྟེ། རེ་རེ་ཞིང་ལྕགས་སྒྲོག་ཏུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱའི་ཚོགས་དེ་རྣམས་ལས་ཀྱང་དེ་བཞིན་གཤེགས་པའི་སྐུ་རྣམས་ཏེ། དེ་དག་ལས་
ཀྱང་ཕྱག་རྒྱ་འཛིན་པའི་སེམས་དཔའ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལྕགས་སྒྲོག་འཛིན་པའི་སྐུར་གྱུར་པའོ། །དེ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་རྡོ་རྗེ་ལྕགས་སྒྲོག་ཀྱང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལྕགས་སྒྲོག་གོ། །བཅོམ་ལྡན་འདས་ཀྱི་ཁང་བུ་བརྩེགས་
པའི་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་པའི་ཁང་པ་བརྩེགས་མ་གང་ཡིན་པ་དེའི་སྒོ་པདྨས་མཚན་པའི་དབུས་སུ་གནས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་འཆིང་བ་ནི་རང་གི་དམ་ཚིག་དང་། སྟོན་པའི་
เล่ม ๕๕ · หน้า 79b
བཀའ་ཁས་བླངས་པའི་མཚན་ཉིད་བཞིན་དུ་བྱ་བ་ཡོངས་སུ་རྫོགས་པའི་བར་དུ་འཇོག་པའི་རང་གི་ནུས་མཐུ་མཐོང་བས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་རྡོ་རྗེ་ལྕགས་སྒྲོག་བདག །ཅེས་བྱའོ། །ཇི་ལྟ་བུ་
ཞེ་ན། དམ་པོ་སྟེ་གཞན་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རོ། །དེ་ལྟ་བུ་ཡིན་དུ་ཟིན་ཀྱང་ངོ་མཚར་ཅི་ཞིག་ཆེ་ཞེ་ན་གང་ཕྱིར། བཅིངས་པ་ཀུན་ལས་གྲོལ་བ་རྣམས། །སེམས་ཅན་དོན་དུ་འཆིང་བར་འདོད། །ཅེས་བྱ་བ་གསུངས་ཏེ། འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་བ་རྣམས་ཀྱང་འཆིང་
བར་བྱེད་པ་འདི་ནི་ངོ་མཚར་ཆེའོ། །གལ་ཏེ་ཁྱོད་ཀྱིས་བཅིངས་པ་ཡིན་ན། ཇི་ལྟར་འཆིང་བ་ཐམས་ཅད་ལས་ངེས་པར་གྲོལ་བ་ཡིན། དེ་ལྟར་བདེན་མོད་ཀྱི་འོན་ཀྱང་ཉོན་མོངས་པའི་དབང་དུ་གྱུར་པའི་སེམས་ཅན་འཁོར་བ་ན་འཁོར་བ་རྣམས་ཀྱི་འཆིང་བ་ལྟ་བུར་འདོད་པ་ནི་མ་ཡིན་གྱི། ཉོན་
མོངས་པ་རྣམས་ཀྱི་འཆིང་བ་གཏུབས་ཤིང་འཁོར་བའི་སྡུག་བསྔལ་ལས་ཡང་དག་པར་འདས་པའི་ཐུགས་རྗེ་ཅན་ཡང་སེམས་ཅན་རྣམས་ཀྱི་དོན་ལ་འཆིང་བར་འདོད་པ་ཡིན་ནོ། །བཀུག་པ་དང་བཅུག་པ་དང་བཅིང་བ་བྱས་སུ་ཟིན་ཀྱང་། དབབ་པ་མེད་དུ་ཟིན་ན་སོ་སོའི་སྐྱེ་བོ་ཡེ་ཤེས་
མ་སྐྱེས་པ་རྣམས་དཀྱིལ་འཁོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བྱོན་ཏོ་ཞེས་ཡིད་ཆེས་པར་མི་འགྱུར་ཏེ། དེ་བས་ན་ཡིད་ཆེས་པ་བསྐྱེད་པར་བྱ་བའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གཞན་གསུངས་པ་ཡིན་ནོ། །ཆོ་ག་གང་གིས་དེ་བཞིན་གཤེགས་པ་ཐམས་
ཅད་འབེབས་པའི་དབབ་པ་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དབབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་དབབ་པ་ཡང་ཡིན་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དབབ་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོའོ། །དེའི་དམ་
ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་སེམས་དཔའི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་ཕྱག་རྒྱ་
เล่ม ๕๕ · หน้า 80a
གང་ཡིན་པ་དེ་རྣམས་ཀྱི་བྲན་ནི་བསྐྱོད་པ་ལ་སོགས་པར་ཆོས་མཐུན་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཚོགས་ཐམས་ཅད་ནི་སྐུ་དང་ཕྱག་དང་སྤྱན་དང་སྒྲོས་ལ་སོགས་པ་ཕྱག་རྒྱའི་ངོ་བོ་ཉིད་དོ། །གཅིག་ཅེས་བྱ་བ་ལ་སོགས་པ་ལ་གཅིག་ནི་རྣམ་པར་མ་ཕྱེ་བའི་ངོ་
བོ་ཉིད་དོ། །འདྲེས་པ་ནི་བརྟན་པ་སྟེ་བསམ་པ་རྡོ་རྗེ་ལྟ་བུས་སྤྲུལ་པའི་ཕྱིར་རོ། །སེམས་ཅན་རྣམས་ལ་འབེབས་པས་ན་དབབ་པ་སྟེ། ལྷའི་གཟུགས་སུ་བྱེད་པའོ། །བཅོམ་ལྡན་འདས་ཀྱི་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་པ་དེའི་སྒོ་ལས་ཀྱི་རྡོ་རྗེས་མཚོན་པ་ནི་ལས་ཀྱི་སྒོའོ། །དེ་
བཞིན་གཤེགས་པ་ཐམས་ཅད་འབེབས་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣལ་འབྱོར་གྲུབ་པའི་རྣལ་འབྱོར་པ་གང་གིས་དཀྱིལ་འཁོར་དུ་སྤྲུལ་པ་གང་ཡིན་པ་རྣམས་དང་། རྣལ་འབྱོར་མ་གྲུབ་པའི་སྔགས་པས་ཚོན་གྱིས་བྲིས་པ་གང་ཡིན་པ་དང་། བྱིན་གྱིས་བརླབ་པ་བྱས་
པའི་སྔགས་པ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་སྒྲར་བཤད་དོ། །འདིར་བྱིན་གྱི་རླབས་ཀྱིས་འབེབས་ཤིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་དག་པ་རྣམས་རྣལ་འབྱོར་དང་། སྔགས་ཀྱི་མཐུས་བཀུག་ཅིང་དེར་བཅུག་པའི་རང་གི་ལས་ཀྱི་མཐུ་མཐོང་བས་དགའ་སྟེ།
ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་དབབ་པ་བརྟན་པའི་བདག །ཅེས་བྱ་བ་སྟེ། ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པས་ན་བརྟན་པའོ། །དེ་ལྟ་ཡིན་དུ་ཟིན་ཀྱང་ངོ་
མཚར་ཅི་ཞིག་ཡོད་ཅེ་ན། གང་གི་ཕྱིར། །ཀུན་གྱི་བདག་ཏུ་འགྱུར་ནས་ཀྱང་། །བྲན་དུ་ཡང་ནི་གྱུར་པ་ཡིན། །ཞེས་བྱ་བ་སྟེ། གང་གི་ཕྱིར་ཐམས་ཅད་ཀྱི་བདག་པོར་གྱུར་ཀྱང་། གདུལ་བྱ་རྣམས་ལ་རྗེས་སུ་བརྩེ་བའི་ཕྱིར་བྲན་དུ་ཡང་གྱུར་པའོ། །ཀུན་གྱི་བདག་པོ་ནི་འཁོར་ལོས་སྒྱུར་བ་སྟེ། དེར་
གྱུར་ཀྱང་གཞན་གྱི་ལས་ལ་དགའ་བར་ཡང་གྱུར་པའོ། །དེ་ཡང་གང་དང་གང་གི་གཟུགས་ནི། ལུས་ཅན་གང་ནི་འདུལ་གྱུར་པ། །ཐུགས་བརྩེས་ནོན་པ་དེ་དང་དེར། །ཐུགས་རྗེའི་བདག་ཉིད་སྟོན་པར་མཛད། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་
เล่ม ๕๕ · หน้า 80b
བ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀུན་ནས་འགུགས་པ་ནི་སྤྱན་དྲང་བ་སྟེ། དེ་སེམས་དཔའི་ཕྱག་རྒྱའི་ཁྱད་པར་གང་གིས་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བའི་ཞེས་བཤད་དོ། །དེ་ཡང་ཐུགས་རྗེའི་ངོ་བོ་ཉིད་དོ། །ཐུགས་རྗེས་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་ཐམས་ཅད་སྤྱན་དྲངས་པར་འགྱུར་གྱི། གཞན་ནི་གང་གིས་ཀྱང་མ་ཡིན་ནོ། །དེ་ཡང་། རིག་པ་ཡི་ནི་མཚོ་ནང་ནས། །ཀླུ་བཞིན་ཁྱོད་ལ་ཐུགས་རྗེ་ཡིས། །དགོན་པ་ཞིག་ནས་གྲོང་གི་བར། །གདུལ་བྱའི་དོན་གྱི་སླད་དུ་དྲངས། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །སྤྱན་དྲངས་
པར་གྱུར་ནས་ཕྱག་རྒྱའི་ཁྱད་པར་གང་བཅུག་པ་དེ་ནི་གཞུག་པ་སྟེ། འཇུག་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཡང་སེམས་ཅན་ལ་བྱམས་པ་སྟེ། སེམས་ཅན་ལ་བྱམས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དཀྱིལ་འཁོར་དུ་འཇུག་སྟེ། དེ་རྣམས་ལ་རྗེས་སུ་ཕན་གདགས་པའི་ཕྱིར་
བྱམས་པའི་ཞགས་པས་དྲངས་པའོ། །དེ་ཡང་གཏིང་དཔག་དཀའ་བའི་བསྟོད་པ་ལས། ཁྱོད་ནི་འཁོར་བར་སྡུག་བསྔལ་བའི། །འགྲོ་ལ་བྱམས་པའི་ཐུགས་གཞོལ་བས། །ཡུན་རིང་དུས་ནི་ཟད་མཛད་ཀྱང་། །ཞལ་གྱིས་བཞེས་པའི་ལས་མཐུན་མིན། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །བཅིང་བ་
ནི་དམ་ཚིག་གི་བཅིང་བ་སྟེ། སྟོན་པའི་བཀའ་དང་། བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་བཞིན་དུ་ཐམས་ཅད་བགྱིའོ་ཞེས་ཁས་བླངས་པའོ། །རྣམ་པ་འདི་གཉིས་ལྟ་བུའི་ལྕགས་སྒྲོག་གིས་རྐང་པ་གཉིས་བཅིང་བ་སྟེ། སྟོན་པའི་བཀའ་ནི་ལྕགས་སྒྲོག་གི་ལག་པ་གཅིག་ཡིན་ལ། རང་
གི་ཁས་བླངས་པ་ནི་གཉིས་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། ཁྱོད་ཀྱིས་འདི་ཡི་རྐང་པ་གཉིས། །སྙིང་གི་ཞགས་པ་ཆེན་པོས་བཟུང་། །བདག་ཀྱང་འདི་ཡི་ཡོན་ཏན་གྱིས། །སྙིང་ནི་དེ་བས་དམ་དུ་ཟིན། །ཞེས་བཤད་པ་ལྟ་བུའོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱི་ཡོན་ཏན་བསྔགས་པར་འོས་པའི་བཀའ་
གང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཅིང་བ་སྟེ། བསླབས་པས་བསྡམས་པ་ལྟ་བུའོ། །དབང་དུ་བྱ་བ་ནི་མཉེས་པར་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀློག་པའོ། །དེ་ཡང་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསན་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด