འཕགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཏྲེེ་ལོ་ཀྱ་བི་ཛ་ཡ་ནཱ་མ་བྲྀཏྟི
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๖ · หน้า 216a
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏྲེེ་ལོ་ཀྱ་བི་ཛ་ཡ་ནཱ་མ་བྲྀཏྟི། བོད་སྐད་དུ། འཕགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་
ལོ། །གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིའམ། ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྣམ་པ་གཉིས་སུ་གསུངས་ཏེ། སེམས་ཅན་རྟོག་པ་མང་བ་རྣམས་ཀྱི་དོན་དུ་བྱ་བའི་རྒྱུད་རྣམས་གསུངས་སོ། །གཅིག་ཁོ་ནར་རྣལ་འབྱོར་གྱིས་བསྒྲུབ་པར་
འདོད་པ་རྣམས་ལ་རྣལ་འབྱོར་གྱི་རྒྱུད་རྣམས་བཤད་དོ། །གཉིས་ཀའི་རྒྱུད་དང་གསུམ་མོ་ཞེས་ཀྱང་ཁ་ཅིག་འཆད་དེ། དེ་ཡང་ལྷའི་བྱེ་བྲག་ནི་གཉིས་སུ་ཟད་པས་གཉི་གའི་རྒྱུད་ལོགས་ཤིག་ན་མེད་དོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྒྱུད་འདི་ནི་རྣལ་འབྱོར་གྱི་རྒྱུད་དུ་གཏོགས་ཏེ་
เล่ม ๕๖ · หน้า 216b
ལྷའི་མཚན་ཉིད་དང་། དམ་ཚིག་ལ་སོགས་པ་ཡང་རྣལ་འབྱོར་གྱི་རྒྱུད་དང་མཐུན་པའི་ཕྱིར་རོ། །དེ་ལ་རྣལ་འབྱོར་ཞེས་བྱ་བ་ནི་སེམས་མཉམ་པར་བཞག་པའོ། །དེའི་མཐུས་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་དགོས་པ་བསྒྲུབ་པའི་ཕྱིར་སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་དང་དབང་
སྦྱིན་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་སྤེལ་ཞིང་རྒྱས་པས་རྣལ་འབྱོར་གྱི་རྒྱུད་ཅེས་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྒྱུད་འདི་བཤད་པ་ཡང་གླེང་གཞིའི་ཚུལ་བསྟན་པ་དང་། རྒྱུད་ཀྱི་དངོས་པོ་བསྟན་པའོ། །དེ་ལ་གླེང་གཞིའི་ཚུལ་བསྟན་པ་ཡང་རྣམ་པ་གསུམ་སྟེ།
སྟོན་པ་ཕུན་སུམ་ཚོགས་པ་དང་། གནས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པའོ། །དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྒྱུད་ཀྱི་བདག་པོ་སྟེ། ཕྱག་ན་རྡོ་རྗེ་ལ་སོགས་པ་ཡང་དེའི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་སེམས་དཔའི་
སྤྱོད་པ་ལ་འཇུག་པའི་ཕྱིར་རོ། །གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་གསུངས་པ། རི་རབ་རི་ཞེས་བྱ་བ་ལ་སོགས་པའོ། །རི་རབ་རིའི་སྟེང་དུ་ལྷའི་ཁང་པ་བརྩེགས་མ་དེའི་རྩེ་མོའི་ཕྱོགས་རྡོ་རྗེ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའོ། །འཁོར་ཕུན་སུམ་ཚོགས་པ་བསྟན་
པའི་ཕྱིར་གསུངས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཞེས་བྱ་བ་ལ་སོགས་པའོ། །བྱེ་བ་ཕྲག་དུ་མ་ཞེས་བྱ་བ་ནི་རྒྱུད་གཞན་འཆད་པའི་ཚེ་ན་རྟག་ཏུ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་ཅིག་ཏུ་བཞུགས་པས་ན་འདིར་ཡང་དེ་དག་ཐབས་ཅིག་ཏུ་བཞུགས་པར་ཤེས་པར་བྱའོ། །ལྷ་ནི་ལྷ་ཆེན་པོ་དང་
ཚངས་པ་དང་གཏོགས་འདོད་ལ་སོགས་པའོ། །ཀླུ་ནི་འཇོག་པོ་ལ་སོགས་པའོ། །གནོད་སྦྱིན་དང་དྲི་ཟ་ལ་སོགས་པ་ནི་ཡི་དགས་ཀྱི་ཁམས་སུ་གཏོགས་པའོ། །བལྟར་རུང་བ་ཞེས་བྱ་བ་ནི་མི་མ་ཡིན་པ་དེ་དག་མིག་གི་རྣམ་པར་ཤེས་པའི་སྤྱོད་ཡུལ་དུ་གྱུར་པའོ། །དེ་ལས་བཟློག་པ་ནི་བལྟར་མི་
རུང་བ་སྟེ་གཟུགས་མངོན་དུ་མི་སྟོན་ཅེས་བྱ་བའི་དོན་ཏོ། །དེ་དག་ཀྱང་སངས་རྒྱས་ཀྱིས་བཀའ་སྩལ་པའི་ཆོས་ལ་དད་པ་སྟེ་དེ་དག་དང་ཐབས་ཅིག་ཏུ་བཅོམ་ལྡན་འདས་སྤྱོད་ལམ་བཞིར་འགྲོ་བའི་དོན་མཛད་ཅིང་བཞུགས་ཏེ་དེ་ཡན་ཆད་ནི་གླེང་གཞིའོ། །རྒྱུད་ཀྱི་དངོས་པོ་བསྟན་པའི་ཕྱིར་
เล่ม ๕๖ · หน้า 217a
གསུངས་པ་དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ནི་ཡེ་ཤེས་ཀྱི་མཚན་མ་སྟེ་རྩེ་ལྔ་ནི་ཡེ་ཤེས་བཞི་དང་དེ་དག་གི་ཡུལ་ཆོས་ཀྱི་དབྱིངས་དང་ལྔར་བརྟག་གོ། །ཁ་གཉིས་སུ་གྱེས་པ་ནི་ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པའི་དོན་ཏོ། །
དེ་ལྟ་བུའི་ཡེ་ཤེས་བྱང་ཆུབ་སེམས་དཔའི་འདིས་ལག་ཏུ་ཐོབ་པ་དང་འདྲ་བར་མངོན་དུ་བྱས་པས་ན་ཕྱག་ན་རྡོ་རྗེ་སྟེ་ཡེ་ཤེས་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །རྒྱུད་འདིར་དངོས་པོ་དེ་ཁོ་ན་ཉིད་བཅུ་དྲུག་གིས་བསྟན་ཏེ་དེ་ཡང་གང་ཞེ་ན། སྙིང་པོའི་དེ་ཁོ་ན་དང་། ཕྱག་རྒྱའི་དེ་ཁོ་ན་དང་། སྔགས་ཀྱི་
དེ་ཁོ་ན་དང་། རང་རིག་པའི་དེ་ཁོ་ན་དང་། དེ་བཞིན་དུ་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པའི་དེ་ཁོ་ན་དང་། བདག་གི་དེ་ཁོ་ན་དང་། ལྷའི་དེ་ཁོ་ན་དང་། དམ་ཚིག་དང་དཀྱིལ་འཁོར་དང་ཤེས་རབ་དང་། ཐབས་དང་རྒྱུ་དང་འབྲས་བུའི་དེ་ཁོ་
ན་རྣམས་སོ། །དེ་ཁོ་ན་ཞེས་བྱ་བ་ནི་དོན་དམ་པ་དང་། ཀུན་རྫོབ་རྣམ་པ་གཉིས་དེ་ཆོས་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པ་བརྗོད་དུ་མེད་པའི་ངོ་བོ་ནི་དོན་དམ་པའི་དེ་ཁོ་ནའོ། །དེ་ལྟ་མོད་ཀྱི་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་དང་སྦྱར་ན། མི་སླུ་བར་དགོས་པ་བསྒྲུབ་པས་ན་དེ་ཁོ་ན་ཞེས་བྱ་སྟེ།
བཅུ་དྲུག་པོ་དེ་རྣམས་ཀྱིས་ཇི་ལྟར་རིགས་པར་དོན་གྲུབ་པར་བྱེད་པའི་ཕྱིར་རོ། །འདི་རྣམས་ཀྱང་ཇི་ལྟར་རིགས་པར་སྦྱར་གྱི་རིམ་བཞིན་དུ་སྦྱར་བ་ནི་མ་ཡིན་ནོ། །དེ་ལ་སྙིང་པོ་ནི་རིགས་ལྔ་སོ་སོའི་སྙིང་པོ་ཡི་གེ་འབྲུ་གཅིག་ལ་སོགས་པ་གསུངས་པའོ། །ཕྱག་རྒྱ་ནི་རྣམ་པ་བཞི་སྟེ།
ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་ལ་སོགས་པའོ། །དེ་ལ་ཕྱག་རྒྱ་ཆེན་པོ་ནི་ལྷ་རྣམས་ཀྱི་ལུས་ཀྱི་ཚུལ་བསྟན་པ་སྟེ། ལུས་ཀྱི་སྒོ་ནས་ལྷའི་ཚུལ་གསལ་བར་བསྒོམ་པའི་རྒྱུར་ཆེ་བས་ན་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དམ་ཚིག་གི་ཕྱག་
རྒྱ་ནི་ལྷ་རྣམས་ཀྱི་སེམས་ཀྱི་ཚུལ་བསྟན་པ་སྟེ། སེམས་ཀྱི་རྣམ་པར་ཐར་པའི་མཚན་མ་ཕྱག་རྒྱར་བསྟན་པས་ལྷ་རྣམས་ཀྱང་དེ་ལས་མི་འདའ་བས་ན་དམ་ཚིག་གི་ཕྱག་རྒྱར་བསྟན་པས་དམ་ཚིག་གི་ཕྱག་རྒྱ་ཞེས་པའོ། །ཆོས་ཀྱི་ཕྱག་རྒྱ་ནི་ལྷ་རྣམས་ཀྱི་ཚིག་གི་ཚུལ་བསྟན་པ་སྟེ། ལྷ་རྣམས་
เล่ม ๕๖ · หน้า 217b
ཀྱི་ཚིག་དོན་དམ་པའི་ཆོས་ཐམས་ཅད་སྟོན་པའོ། །ལས་ཀྱི་ཕྱག་རྒྱ་ནི་སྤྱོད་པའི་ཚུལ་བསྟན་པ་སྟེ། ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་གཉིས་སུ་དྲལ་བ་ལ་སོགས་པའོ། །སྔགས་ནི་ཤེས་པ་དང་སྐྱོབ་པར་ལྡན་པས་ན་སྔགས་ཏེ། དོན་མ་ནོར་བར་ཤེས་པས་ངན་སོང་གསུམ་ལས་སྐྱོབ་པའི་ཕྱིར་རོ། །དེ་
ཡང་ལྷའི་སྐུ་གཟུགས་སྐྱེས་པའི་ཆ་ལུགས་འཛིན་པ་རྣམས་ཀྱིས་གསུངས་པའི་ཚིག་རྣམས་སོ། །རིག་པ་ནི་མ་རིག་པའི་མུན་པ་ཐམས་ཅད་སེལ་བའི་ཕྱིར་ལྷ་བུད་མེད་ཀྱི་ཚུལ་དུ་བཞུགས་པའི་ཚེ་གསུངས་པའི་ཚིག་རྣམས་སོ། །བྱིན་གྱིས་བརླབ་པ་ནི་རྣམ་པ་གཉིས་ཏེ་རང་བཞིན་གྱིས་
བྱིན་གྱིས་བརླབ་པ་དང་། མཐུས་བྱིན་གྱིས་བརླབ་པའོ། །བྱིན་གྱིས་བརླབ་པའི་ཆོ་ག་ཡང་བདག་རང་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ་གནས་ཤིང་། དམ་ཚིག་དང་དབབ་པ་ལ་སོགས་པའི་ཕྱག་རྒྱས་ལྷ་གནས་པར་བྱའོ། །དབང་བསྐུར་བ་ནི་རྣམ་པ་གཉིས་ཏེ་སངས་རྒྱས་བཅོམ་
ལྡན་འདས་རྣམས་ལ་ནི་མཆོད་པའི་དོན་དུ་མེ་ཏོག་གི་ཕྲེང་བ་ལ་སོགས་པས་དབང་བསྐུར་བའོ། །བྱང་ཆུབ་སེམས་དཔའ་ལ་སོགས་པ་ནི་སངས་རྒྱས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བ་དང་། མིང་གིས་དབང་བསྐུར་བ་ལ་སོགས་པའོ། །ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་ཡིད་
ལ་བྱེད་པའོ། །མཆོད་པ་ནི་བདག་དང་གཞན་ལ་མཆོད་པ་སྟེ་ཕྱི་ནང་གི་མཆོད་པ་རྣམ་པ་བརྒྱད་ལ་སོགས་པའོ། །བདག་གི་དེ་ཁོ་ན་ནི་བདག་གི་རང་བཞིན་ཕྱིན་ཅི་མ་ལོག་པ་སྟེ། ཆོས་ལ་བདག་མེད་པའི་རང་བཞིན་མི་སྐྱེ་མི་འགོག་པ་སྟོང་པ་ཉིད་དོ། །ལྷའི་དེ་ཁོ་ན་ནི་དོན་དམ་
པ་དང་ཀུན་རྫོབ་རྣམ་པ་གཉིས་ཏེ། དོན་དམ་པར་ན་ལྷའི་རང་བཞིན་སྟོང་པ་ཉིད་མི་གཉིས་པའོ། །ཀུན་རྫོབ་ཏུ་ནི་ཡན་ལག་ཐམས་ཅད་ལྡན་པར་སྐྱེས་པ་དང་བུད་མེད་དང་། ཁྲོ་བོ་དང་ཞི་བ་ལ་སོགས་པའི་གཟུགས་སུ་སྣང་བའོ། །དམ་ཚིག་ནི་སྤྱིར་སྔགས་པ་ཐམས་ཅད་
ཀྱིས་བསྲུང་བ་དང་། རིགས་ཐ་དད་པའི་དམ་ཚིག་ཐ་དད་པར་བསྲུང་བ་རྣམས་སོ། །དཀྱིལ་འཁོར་ནི་རིགས་རེ་རེ་ཞིང་ཡང་དཀྱིལ་འཁོར་བཞི་ལ་སོགས་པ་རེ་རེ་ཡང་བཞི་བཞིར་བཤད་པའོ། །ཤེས་རབ་ནི་ཆོས་རབ་ཏུ་ཤེས་པ་སྟེ་དེ་ཁོ་ན་བཅུ་དྲུག་ལ་སོགས་པའི་མཚན་ཉིད་ལ་
เล่ม ๕๖ · หน้า 218a
མཁས་པའོ། །ཐབས་ཀྱིས་སེམས་ཅན་ཇི་ལྟ་བུས་འདུལ་བ་དེ་ལྟ་བུའི་གཟུགས་སྟོན་པ་དང་། དགོས་པ་ཅི་ལྟ་བུས་འགྲུབ་པ་དེ་ལྟ་བུའི་རྒྱུས་སྒྲུབ་པའོ། །རྒྱུ་ཞེས་བྱ་བ་ནི་གཅིག་ཏུ་ན་བྱང་ཆུབ་སེམས་དཔའི་ས་བཅུ་ནི་སངས་རྒྱས་ཀྱི་རྒྱུ་ཡིན་པས་ན་དེའི་མཚན་
ཉིད་བཤད་པ་ནི་རྒྱུ་བསྟན་པའོ། །འབྲས་བུ་ནི་སངས་རྒྱས་ཀྱིས་ཏེ་ས་བཅུ་རྣམས་ཀྱི་འབྲས་བུར་གྱུར་པའི་ཕྱིར་རོ། །གཞན་དུ་ན་རྒྱུ་ཞེས་བྱ་བ་ནི་སྔགས་ཀྱི་འབྲས་བུ་འཐོབ་པར་བྱེད་པའི་རྒྱུ་སྟེ། བཟླས་པ་དང་སྒོམ་པ་ལ་སོགས་པ་སྔགས་ཀྱི་འབྲས་བུ་གྲུབ་པ་རབ་འབྲིང་ལ་
སོགས་པ་སྒྲུབ་པའོ། །འབྲས་བུ་ནི་བཟླས་པ་དང་བསྒོམས་པ་ལ་སོགས་པའི་འབྲས་བུ་སྟེ་རིག་འཛིན་ལ་སོགས་པ་གྲུབ་པ་རྣམས་དང་། ཞི་བ་དང་རྒྱས་པ་ལ་སོགས་པ་ལས་ཀྱི་རྣམས་སོ། །དེ་ནས་ལྷ་ཆེན་པོ་ལ་སོགས་པ་གདུལ་ཞིང་དམ་ཚིག་སྩལ་བར་སྐབས་ལ་བབ་
པར་མཁྱེན་ནས་ཕྱག་ན་རྡོ་རྗེ་ནམ་མཁའ་ལས་བབས་ཏེ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པོ། །ནམ་མཁའ་ལས་བབས་པ་ནི་དོན་དམ་པར་ཆོས་ཐམས་ཅད་ནམ་མཁའ་ལྟ་བུ་སྟེ་སྟོང་པ་ཉིད་ཀྱི་རང་བཞིན་ལས་ཀུན་རྫོབ་ཀྱི་བདེན་པ་ལ་གནས་ཏེ། སེམས་ཅན་གྱི་དོན་གྱི་ཕྱིར་
བྱང་ཆུབ་སེམས་དཔའི་གཟུགས་སུ་འབྱུང་བར་སྟོན་ཏེ། འདིས་ནི་དངོས་པོ་མེད་པའི་ཆོས་ལས་དངོས་པོ་མེད་པའི་ཆོས་འབྱུང་བར་ཤེས་པར་བྱའོ། །གཞན་ཡང་འཁོར་འདུས་པ་ཐམས་ཅད་ཀྱི་ནང་ན་ཕྱག་ན་རྡོ་རྗེ་རྫུ་འཕྲུལ་ཆེན་པོ་དང་ལྡན་པར་ཡང་བསྟན་ཏོ། །བཅོམ་ལྡན་འདས་
ལ་ཕྱག་བྱ་ཞིང་ལན་གསུམ་བསྐོར་བ་ནི་སྐྱེས་བུ་དམ་པ་ཡ་རབས་ཀྱི་ཚུལ་བསྟན་པ་སྟེ། འཇིག་རྟེན་ན་ཡང་བླ་འོག་གི་རིམ་པ་ནི་ཡ་རབས་རྣམས་ལ་ཡོད་པས་ན་ཡ་རབས་ཀྱི་ཆོས་ཡིན་ཏེ། མ་རབས་མཉམ་པ་བརྒྱ་བོང་བུ་དེད་པ་རྣམས་དང་དུད་འགྲོ་རྣམས་ལ་བླ་འོག་དང་བཙུན་མི་
བཙུན་གྱི་རིམ་པ་མེད་དོ། །བཅོམ་ལྡན་འདས་ལྷ་ཆེན་པོ་ལ་སོགས་པ་སེམས་ཅན་མ་རུངས་པ་དེ་དག་དམ་ཚིག་འཛིན་དུ་སྩལ་བར་འཚལ་ཞེས་གསུངས་པ་ལ། དེ་ཁོ་ན་བསྡུས་པའི་རྒྱུད་ཀྱི་ནང་ནས་ལྷ་ཆེན་པོ་ཐབས་སྣ་ཚོགས་ཀྱིས་བཏུལ་བ་ལགས་ན་ཡང་འདིར་ལྷ་ཆེན་པོ་བདུད་
เล่ม ๕๖ · หน้า 218b
བཏུལ་བའི་ཐབས་བཤམ་པ་ཅི་འཚལ་ཞེས་སྐབས་ཚོལ་བ་བསལ་བའི་ཕྱིར་ཡང་ཞེས་གསུངས་ཏེ། སྔར་ལྷ་ཆེན་པོ་བཏུལ་ཟིན་ནས་ཡང་ལྷ་ཆེན་པོ་ལ་སོགས་པ་འདུལ་ལོ། །དེའི་དོན་ནི་འདི་སྟེ། ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལྷ་ཆེན་པོ་སྔ་མ་ནི་དེ་ཁོ་ན་བསྡུས་པའི་རྒྱུད་
ལས་འབྱུང་བ་བཞིན་དུ་སྔར་བཏུལ་ལོ། །འདིར་ནི་ཡང་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལྷ་ཆེན་པོ་གཞན་འདུལ་བར་བཞེད་དོ། །དེ་ལྟར་མུ་སྟེགས་ཅན་ལྷ་ཆེན་པོ་རྟག་པར་འདོད་པ་དང་ནི་འགལ་མོད་ཀྱི། འདུས་བྱས་ཐམས་ཅད་མི་རྟག་པར་གྲུབ་པས་ན་ལྷ་ཆེན་པོ་མི་རྟག་པར་གྲུབ་པ་ལ་
ཉེས་པ་མེད་དོ། །སེམས་ཅན་མ་རུངས་པ་ཞེས་བྱ་བ་ནི་སྐྱོན་རྣམ་པ་གསུམ་དང་ལྡན་པ་སྟེ། ཁེངས་པའི་ང་རྒྱལ་སྲེལ་བས་གཞན་ཁྱད་དུ་གསོད་པ་དང་ལྟ་བ་ལོགས་པས་འཕགས་པའི་བདེན་པ་ལ་སོགས་པ་དོན་དུ་མི་གཉེར་བ་དང་། རང་བཞིན་གྱིས་གཏུམ་སྟེ་གཞན་ལ་སྙོགས་ཤིང་འདུད་པ་
ཅན་ནོ། །འོག་ནས་འབྱུང་བའི་མ་རུངས་པའང་དོན་དེ་ལྟར་སྦྱར་རོ། །དམ་ཚིག་འཛིན་ཏུ་སྩལ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་བཅུག་ལ་སྔགས་ཀྱི་དམ་ཚིག་ཁས་ལེན་དུ་གཞུག་པའོ། །ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་མངའ་མཛད་པ་སྟེ། ཆོས་བདག་མེད་པའི་དོན་
སྟོང་པ་ཉིད་ལས་ཀྱང་རྣམ་པ་སྣ་ཚོགས་སུ་སྟོན་པའི་ཕྱིར་རོ། །གནོད་སྦྱིན་ཁྱོད་ཤིན་ཏུ་ཁེངས་པ་ཞེས་བྱ་བ་ལ་སོགས་པ་ལ། གནོད་སྦྱིན་ནི་ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པས་ན་གནོད་སྦྱིན་ཞེས་བྱ་བ་སྟེ། ཡི་དྭགས་ཀྱི་ཁམས་གནོད་སྦྱིན་མཐུ་བོ་ཆེ་ཐམས་ཅད་ཀྱི་བདག་པོ་མཛད་པས་
ན་ཕྱག་ན་རྡོ་རྗེ་ལ་ཡང་གནོད་སྦྱིན་ཞེས་གདགས་སོ། །ཁེངས་པ་ནི་སྲུན་པའོ། །ཤིན་ཏུ་མཐུར་བ་ནི་བསར་བའོ། །དེ་ལྟར་རྩུབ་ཅིང་མི་སྲུན་པས་སེམས་ཅན་ལ་ཇི་ལྟར་ཕན་གདགས་ཞེས་གསུངས་པའོ། །དེའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་ཤིན་ཏུ་ཁེངས་པའི་ཕྱིར་ཞེས་བྱ་བ་ལ་
སོགས་པའི་དོན་ཏོ། །འདོད་པའི་བདེ་བ་ཅན་ཞེས་བྱ་བ་ནི་འདོད་པ་རྣམ་པ་ལྔ་དང་ལྡན་པའི་སེམས་ཅན་རྣམས་ཏེ། དབང་དང་ཞི་བ་དང་རྒྱས་པའི་ལས་ཀྱིས་བཏུལ་ཞེས་བྱ་བའི་དོན་ཏོ། །གསང་བ་ལ་སོགས་པས་སྦྱངས་ཏེ་ཞེས་བྱ་བ་བསད་པ་ནི་རང་བཞིན་བསྒྱུར་བ་ལ་བྱའོ། །སྲོག་
เล่ม ๕๖ · หน้า 219a
གཅོད་པ་ལ་མི་བྱ་སྟེ་སྔ་མའི་རང་བཞིན་མ་རུངས་པ་བསལ་ཏེ་ཕྱི་མའི་རང་བཞིན་ཞི་བར་བསྒྱུར་ཞེས་བྱ་བའི་དོན་ཏོ། །དོན་གྱི་ཕྱིར་དང་ཕན་པའི་ཕྱིར་དང་བདེ་བའི་ཕྱིར་ཞེས་པ་ཚེ་འདི་ལ་དོན་བདེ་བ་དང་ཕྱི་མ་ལ་ཕན་པ་དང་མྱ་ངན་ལས་འདས་པའི་ཕྱིར་ཞེས་རིམ་བཞིན་དུ་སྦྱར་རོ། །
ཕྱག་ན་རྡོ་རྗེའི་སྙིང་པོའི་སྔགས་ལ་སྤྱིར་ན་དོན་བཞི་སྟེ་བྱིན་གྱིས་བརླབ་པ་དང་། རང་བཞིན་བསྟན་པ་དང་། བསྐུལ་བ་དང་བོད་པའོ། །དེ་ལ་ཨོཾ་ནི་རྒྱུད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་པར་བསྟན་པ་སྟེ། ཨ་དང་ཨུར་ཕྲད་པས་ན་ཨོཾ། དེ་ལ་ཨ་ནི་ཨ་ནུད་པད་
སྟེ་ཆོས་ཐམས་ཅད་མ་སྐྱེས་པའི་དོན་ཏོ། །ཨུ་ནི་ཨུ་པ་དྲ་བ་སྟེ་གནོད་པ་མེད་དེ་འཚེ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །ཀླད་ཀོར་ནི་སྟོང་པ་ཉིད་ཀྱི་དོན་དུ་སྟོན་ཏོ། །སུམྦྷ་བ་ནི་ཁྲོ་བའོ། །ནི་སུམྦྷ་ནི་ཁྲོ་བ་མེད་པའོ། །ཧཱུཾ་ནི་གསོད་པའོ། །དེས་ནི་རང་བཞིན་བསྟན་ཏེ། ཕྱག་ན་རྡོ་རྗེ་འདོད་པ་
དང་ཁྲོ་བོའི་རང་བཞིན་གདུག་པ་ཐམས་ཅད་སེལ་བའོ། །གྷྲྀ་ཧྞ་གྲྀ་ཧྞ་ནི་མ་རུངས་པ་རྣམས་ཟུང་ཤིག་ཅེས་པའོ། །གྷྲྀ་ཧྞཱ་པ་ཡ་ནི་འཛིན་དུ་ཆུག་ཅིག་པའོ། །ཨཱ་ན་ཡ་ནི་ཁུག་ཅིག་པ་སྟེ་དེ་དག་ནི་བསྐུལ་བའོ། །ཧོ་བྷ་ག་བཱན་བཛྲ་ཞེས་བྱ་བ་ནི་ཀྱེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་བོད་
པའི་ཚིག་གོ། །ཧཱུཾ་ཕཊ་ཅེས་བྱ་བས་ཀྱང་རང་བཞིན་བསྟན་ཏེ་ཕཊ་ནི་གཏན་འཕོ་བའི་དོན་དུ་བསྙེགས་པའོ། །བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ་ཞེས་བྱ་བ་ལྷ་ཆེན་པོ་ལ་སོགས་པ་རི་རབ་རྩེ་མོར་འདོང་ནུས་པ་རྣམས་ནི་བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་སོ། །དེར་འདོང་མི་ཕོད་
པ་རྣམས་ཀྱང་གླིང་བཞི་པ་ལ་སོ་སོའི་ཡུལ་ན་འདར་ཡེད་ཡེད་དེ་འཁོད་དོ། །གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་ཚོགས་པའི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་སྐབས་འདི་དག་ཏུ་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི་རང་གི་འཁོར་རམ་ཞབས་འབྲིང་ཕལ་པོ་ཆེ་ལ་བྱའོ། །སེམས་ཅན་
ཀུན་ལ་ཕན་པའི་ཕྱིར། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེའི་རང་བཞིན་བསྟན་པ་སྟེ་སེམས་ཅན་ལ་ཕན་པའི་ཕྱིར་སངས་རྒྱས་ལྔ་རྣམས་ཀྱིས་ཀྱང་བྱིན་གྱིས་བརླབས་ཤིང་བཏང་པ་ནི་ཀུན་དུ་བཟང་པོ་ཕྱག་ན་
เล่ม ๕๖ · หน้า 219b
རྡོ་རྗེའོ། །དེའང་འདོད་པ་དང་ཁྲོ་བའི་རང་བཞིན་ཏེ། ཁྲོ་བས་མ་རུངས་པ་རྣམས་འདུལ་ཞིང་འདོད་པས་བདེ་བར་སྦྱོར་བས་རྣམ་པ་ཐམས་ཅད་དུ་མཛེས་པའི་ཕྱིར་ཀུན་དུ་བཟང་པོའོ། །དེ་ཉིད་ཀུན་གྱི་བདག་པོ་སྟེ་ཁམས་གསུམ་གྱི་གཙོ་བོ་ཞེས་པའི་དོན་ཏོ། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་རང་
བཞིན་ལས་སྐྱེས་པ་སྟེ་སྲས་ཞེས་བྱའི་དོན་ཏོ། །སྲས་དེ་ཡང་སུ་ཞེ་ན་ཕྱག་ན་རྡོ་རྗེ་གནོད་སྦྱིན་ཆེན་པོའོ། །གནོད་སྦྱིན་ཆེན་པོ་པས་ནི་ལྷ་ཆེན་པོ་ལ་སོགས་པ་མ་རུངས་པ་རྣམས་འཆོས་ཤིང་འདུལ་བ་ལ་དབང་སྟེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པས་ན་ཕྱག་ན་རྡོ་རྗེའི་མཚན་བརྗོད་པ་ཙམ་གྱིས་ཀྱང་
མཐར་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་རོ་ཞེས་བཤད་དེ། དགོངས་པ་རྣམ་པ་བཞིའི་ནང་ནས་དུས་ལ་དགོངས་པའི་དོན་དང་སྦྱར་རོ། །ཀྱེ་གནོད་སྦྱིན་ང་ནི་ཐམས་ཅད་ཀྱི་བདག་པོ་བྱེད་པའོ། །འཇོམས་པ་པོ་ཞེས་པ་ཕྱག་ན་རྡོ་རྗེ་ལ་ཀྱེ་གནོད་སྦྱིན་ཞེས་བོས་ནས་ཁམས་གསུམ་ཐམས་ཅད་
ཀྱི་བདག་པོ་ཆེན་པོ་ཡང་ང་ཡིན། དངོས་པོ་ཐམས་ཅད་ཀྱི་དང་པོའི་བྱེད་པ་པོ་དང་འཇོམས་ཤིང་མེད་པར་བྱེད་པ་དང་། སྐྱེ་བོ་ཐམས་ཅད་ཀྱི་བདག་པོ་ཡང་ང་ཡིན། དེ་བཞིན་དུ་ཚངས་པ་དང་གཏོགས་འདོད་ལ་སོགས་པ་ཡང་ང་ཡིན་པས་ན་ཁྱོད་ཀྱི་ངག་ང་མི་ཉན་ཞེས་སོ། །ཁྱོད་ནི་ལུས་སྲུལ་པོ་
མིའི་ཤ་ཟ་བ་ཞེས་པ་ལུས་སྲུལ་པོ་ནི་ཡི་དགས་ཀྱི་ཁམས་ཏེ། ལྷ་ཆེན་པོ་ཡང་ཡི་དགས་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །མིའི་ཤ་ཟ་བ་ནི་མི་ཐོད་ཀྱི་ནང་དུ་ཁ་ཟས་ཟ་བ་ལ་སོགས་པའི་ཕྱིར་རོ། །ཤ་ཟའི་ལུས་སྲེལ་བ་ནི་མི་ཐོད་དང་མི་རུས་ཀྱིས་བརྒྱན་པ་ལ་སོགས་པ་ཡི་དགས་ཀྱི་ཆ་ལུགས་འཛིན་
པའི་ཕྱིར་རོ། །ཚངས་པ་ཞེས་བྱ་བ་ནི་ཐར་པའོ། །གཏོགས་འདོད་ཅེས་བྱ་བ་ནི་མི་འགྱུར་བའོ། །ཚངས་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་མ་གོས་པ་སྟེ་མྱ་ངན་ལས་འདས་པའོ། །གཏོགས་འདོད་ནི་དངོས་པོ་ཐམས་ཅད་ཀྱི་ནང་དུ་འཇུག་པ་སྟེ་དངོས་པོ་ཐམས་ཅད་དུ་གཏོགས་པའི་ཚིག་དེ་
མི་འགྱུར་བ་སྟེ་ཐམས་ཅད་ཀྱི་བདག་ཉིད་དུ་བཤད་པའི་ཚིག་དེ་ངེས་པ་སྟེ་གཞན་དུ་མི་འགྱུར་བའོ། །དེ་དག་གི་རང་བཞིན་ནི་ང་ཉིད་ཡིན་པས་ན་ཁྱེད་ཐམས་ཅད་གདུལ་བའི་མཐུ་ང་ལ་ཡོད་དོ་ཞེས་པའི་དོན་ཏོ། །དེ་ནས་ལྷ་ཆེན་པོ་ཁྲོས་ནས་རང་གི་གཟུགས་ཁྲོ་བོའི་མདངས་ཆེན་པོར་བསྟན་ཏོ་ཞེས་
เล่ม ๕๖ · หน้า 220a
གསུངས་པ། འཇིགས་སུ་རུང་བ་ཆེན་པོའི་གཟུགས། །ཞེས་པ་ལ་སོགས་པ་ཐབས་ཆ་སྣ་ཚོགས་ཀྱིས་སྡིགས་རུ་བྱེད་པར་སྟོན་ཏོ་ཞེས་གསུངས་པ། རྡོ་རྗེ་དང་མདུང་རྩེ་གསུམ་པ། །ཞེས་བྱ་བ་ལ་སོགས་པ་འཁོར་འཇིགས་སུ་རུང་བ་མང་པོ་བསགས་ནས་སྡིགས་རུའི་ཚུལ་
བསྟན་ཏེ་ཞེས་གསུངས་པ། མ་རྣམས་ཀྱི་ཚོགས་དང་ཞེས་བྱ་བ་དེ་དག་གིས་རང་གི་རྫུ་འཕྲུལ་དང་མཐུ་སྣ་ཚོགས་པ་བསྟན་པ་རབ་ཏུ་འཐབ་ཅིང་ཤིན་ཏུ་འགྱེད་པ་གླིང་བཞིའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་དག་གོ། །དེ་ནས་ཕྱག་ན་རྡོ་རྗེ་ཁྲོས་པའི་ཚུལ་བསྟན་པ་ཅུང་ཟད་མཆེ་བའི་ཐོག་མ་
གཙིགས་པའི་ཞེས་བྱ་བ་དག་གོ། །མཆེ་བ་ཅུང་ཟད་ཕྱུངས་ཏེ་གཙིགས་པའི་ཆུའི་རླབས་དང་འདྲ་བའི་ཁྲོ་གཉེར་བྱས་པ་མིག་ཕྱིར་མི་གློན་པའི་རྡོ་རྗེའི་བལྟ་བ་མིག་གཉིས་པ་ཟབ་མོའི་དོན་སྙིང་པོ་ལ་སོགས་རྣམ་པར་གྲོལ་བའི་ཚིག་གིས་ཤིགས་པ་བྱེ་བྲག་ཕྱེད་པ་ལ་སོགས་པའོ། །སྙིང་པོའི་མཆོག་
ནི་ཧཱུཾ་ཞེས་བྱ་བ་ཉིད་དེ་ཕྱག་ན་རྡོ་རྗེ་དང་པོའི་སེམས་དཔའི་སྙིང་པོ་ཡིན་པའི་ཕྱིར་རོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཁམས་གསུམ་གྱི་བགེགས་དང་གནོད་པར་བྱེད་པ་ཐམས་ཅད་ལས་རྣམ་པ་སྣ་ཚོགས་སུ་རྒྱལ་བས་ན་དེ་སྐད་ཅེས་བྱའོ། །ཧཱུཾ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའི་རང་
བཞིན་བསྟན་པ་སྟེ་མ་རུངས་པ་དང་ཉོན་མོངས་པ་ཐམས་ཅད་གཏན་འཕོ་བར་བྱེད་པའི་དོན་ཏོ། །ཧཱུཾ་ཞེས་བརྗོད་པས་དབང་ཕྱུག་ཆེན་པོ་ལ་སོགས་པ་བྱེད་དེ་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ངོ་། །བཅོམ་ལྡན་འདས་ཀྱིས་ཀྱང་ལྷ་རྣམས་སྐྱབས་སུ་གསོལ་བ་ལ་ཅང་མ་གསུང་ན་ནི་སེམས་ཅན་གྱི་
དོན་ལ་བཏང་སྙོམས་སུ་མཛད་པས་ཐུགས་རྗེ་དང་མི་ལྡན་པར་འགྱུར། དེ་ལྟར་མ་བྱེད་ཅིག་ཅེས་ཕྱག་ན་རྡོ་རྗེ་ལ་ཟློག་ཏུ་ནི་གདུལ་བར་བྱ་བ་ཐམས་ཅད་མཐར་མི་ཕྱིན་པས་བར་མ་དོའི་ཚིག་ཏུ་ཁྱོད་རབ་ཏུ་མི་བསྒྲུངས་སོ་ཞེས་གསུངས་སོ། །ཧཱུཾ་ཞེས་བྱ་བས་སྡིགས་པ་མགོ་གླེངས་ནས་སྙིང་པོ་འདིས་
ལྷ་ཆེན་པོ་ལ་སོགས་པ་སྨ་ཕབ་སྟེ་བཏུལ་ལོ། །སྙིང་པོའི་དོན་ནི་གོང་དུ་བཤད་པར་འདུས་སོ། །དེ་བས་ན་ཐུལ་ལ་དབུགས་ཕྱུང་ཤིག་ཅེས་ལྷ་ཆེན་པོ་ལ་སོགས་པ་དེ་ལྟར་བཏུལ་བ་ནི་ལེགས་ཀྱིས་དེ་ལྟར་ཐུལ་ལ་ཐལ་བྱུང་དུ་མ་གསད་པར་སླར་གསོས་ཤིག་ཅེས་པའི་དོན་ཏོ། །དེ་དག་གི་དོན་
เล่ม ๕๖ · หน้า 220b
གྱི་ཕྱིར་རྡོ་རྗེའི་གཟུངས་བཅིང་བ་འདི་གསུངས་སོ། །ལྷ་ཆེན་པོ་ལ་སོགས་པ་དེ་དག་གསོ་བའི་དོན་གྱི་ཕྱིར་ཕྱག་ན་རྡོ་རྗེའི་གཟུངས་སྔགས་ཐམས་ཅད་དུ་ལུས་སྲོག་དང་བྲལ་བ་མི་འགྱུར་བར་འཆིང་བའི་དོན་ཏོ། །ཨོཾ་ནི་རྒྱལ་པོའི་སྙིང་པོའོ། །བཛྲ་དྲྀ་ཌྷོ་མེ་བྷ་བ་ཞེས་བྱ་བ་ནི་བདག་གི་རྡོ་རྗེ་བསྟན་པར་གྱུར་པ་
སྟེ། ཡེ་ཤེས་བསྟན་པས་ཐམས་ཅད་སྲུང་། །ཞེས་པའི་དོན་ཏོ། །རཀྵ་སརྦན་ཞེས་བྱ་བ་ནི་བསྐུལ་བ་སྟེ་ཐམས་ཅད་སྲུང་བའི་དོན་ཏོ། །སྭཱ་ཧཱ་ནི་ལེགས་པར་གསུངས་པ་སྟེ་ཞི་བའི་དོན་དུ་སྦྱར་བའོ། །དེ་ལྟར་གསོས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ལྷ་ཆེན་པོ་ལ་སོགས་པ་ལ་
ཕྱག་ན་རྡོ་རྗེའི་བཀའ་ཉོན་ཅིག་པར་བསྐུལ་ནས་དེ་དག་གིས་ཀྱང་དེ་ལྟར་ཁས་བླངས་ཏེ་ཡང་ཕྱག་ན་རྡོ་རྗེས་རང་གི་སྙིང་པོ་བསྟན་ཏེ་དེ་དག་དབང་དུ་བྱ་བའི་ཕྱིར། ཧཱུཾ་ཊ་ཀི་ཧོ་འདི་ནི་འདོད་པའི་ཁྲོ་བོའི་རང་བཞིན་དུ་སྟོན་ཏེ། ཧཱུཾ་ནི་གཏན་འཕོ་བར་བྱེད་པའོ། །ཊ་ཀི་ནི་འདོད་པའི་རང་བཞིན་ནོ། །
ཧ་ནི་བོད་པའོ། །གྲོགས་པོ་དག་བྱང་ཆུབ་ཀྱི་སམས་ཀྱི་སྡོམ་པ་གཟུང་བར་ཁས་ལོང་ཤིག་ཅེས་པ་བྱང་ཆུབ་ནི་ཉོན་མོངས་པ་ཟད་པའི་ཡེ་ཤེས་དང་མི་སྐྱེ་བའི་ཡེ་ཤེས་སོ། །དེ་ལ་སེམས་ཤིང་འདོད་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་རྣམ་པ་ལྔ་སྟེ། རྩོམ་པ་དང་། རྩོལ་བ་དང་།
འཇུག་པ་དང་། གནས་པ་དང་། ལྡང་བའོ། །དེ་ལ་རྩོམ་པ་ནི་དང་པོ་ཐོས་པའི་ཤེས་རབ་ལ་གནས་ཏེ་བྱང་ཆུབ་འདོད་པའི་ཕྱིར་བདག་བླ་ན་མེད་པའི་བྱང་ཆུབ་ཏུ་གྱུར་ཅིག །སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞེས་སྨོན་པའོ། །རྩོལ་བ་ནི་མོས་པས་སྤྱོད་པའི་ས་ལ་གནས་
པས་ལུང་དང་རིགས་པ་ལ་བརྟེན་ཞིང་བསམ་པའི་ཤེས་རབ་ཀྱིས་ཆོས་དང་གང་ཟག་ལ་བདག་མེད་པར་མོས་པ་སྟེ། སྟོང་པ་ཉིད་དུ་སྩོལ་བ་ཞེས་བྱ་བའི་དོན་ཏོ། །འཇུག་པ་ནི་ཆོས་བདག་མེད་པ་ལ་རང་གིས་མྱོང་བར་འཇུག་པ་སྟེ་བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་ཅེས་པའི་དོན་ཏོ། །
གནས་པ་ནི་ཆོས་ལ་བདག་མེད་པའི་དོན་ཅི་ལྟར་རྟོགས་པ་དེ་ལ་མི་གཡོ་བར་རྩེ་གཅིག་ཏུ་གནས་པའོ། །ལྡང་བ་ནི་སེམས་རྩེ་གཅིག་ཏུ་གནས་པ་ལས་བསོད་ནམས་ཀྱི་ཚོགས་ཆེན་པོ་བསྒྲུབ་པ་དང་། སེམས་ཅན་གྱི་དོན་མང་པོ་བྱ་བའི་ཕྱིར་དེ་ལས་ལངས་ཏེ་སྤྱོད་པ་རྒྱ་ཆེན་པོ་ལ་འཇུག་པའོ། །དེ་ལྟ་
เล่ม ๕๖ · หน้า 221a
བུའི་བྱང་ཆུབ་ཀྱི་སེམས་གང་ཡང་རུང་བ་མི་གཏོང་བར་དམ་འཆའ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྡོམ་པའོ། །ཡང་ན་བྱང་ཆུབ་ཀྱི་སེམས་དང་སྡོམ་པ་སོ་སོར་སྦྱར་ཏེ་བྱང་ཆུབ་ཀྱི་སེམས་ནི་གོང་དུ་སྨོས་པ་ལྟ་བུ་སྟེ་དེ་གཟུང་བར་བྱའོ། །སྡོམ་པ་ནི་སྔགས་ཀྱི་སྡོམ་པ་སྟེ་རིགས་བཞིའི་
དམ་ཚིག་འོག་ནས་འཆང་བ་རྣམས་སོ། །བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་ཞེས་བྱ་བ་ལ་སོགས་པ་ནི་ལྷ་ལ་སོགས་པ་དམ་འཆའ་བར་བཞུག་པའི་དོན་བརྟན་པ་སྟེ། གོང་དུ་སྨོས་པ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བརྟན་པ་སྲ་བར་བྱས་པ་ནི་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་
འདས་པའི་བདེ་བ་ཆེན་པོ་སྩོལ་ཏོ། །དེ་བས་ན་བྱང་ཆུབ་ཀྱི་སེམས་འདོད་པའི་རང་བཞིན་དང་། ཕྱག་ན་རྡོ་རྗེ་བདག་ཉིད་ཆེན་པོ་མཐུ་ཆེན་པོ་ལ་སྨད་པར་མི་བྱ་སྟེ་འདི་སྡོམ་པའི་དོན་གསང་བ་སྟེ། དམ་ཚིག་ཅན་མ་ཡིན་པ་རྣམས་ལ་མི་བསྟན་པའི་ཕྱིར་རོ། །དེ་ནས་དམ་ཚིག་འཛིན་དུ་གཞུག་པའི་སྔགས་
གསུངས་སོ། །དེ་ལ་ཨོཾ་ནི་དོན་སྔ་མ་བཞིན་ནོ། །བཛྲ་ས་མ་ཡ་ཨ་བྷི་ཥིཉྩ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའི་དམ་ཚིག་གི་དབང་བསྐུར་བ་ཞེས་བྱ་བའི་དོན་ཏོ། །མ་བྷི་ར་ག་ཡ་སརྦ་ཀརྨ་ན་ཞེས་བྱ་བ་ནི་དམ་ཚིག་གི་རང་བཞིན་བསྟན་པ་སྟེ་འདོད་པ་ཐམས་ཅད་ལ་མ་སྐྱོ་ཞིག་ཅེས་བྱ་བའི་དོན་ཏོ། །ཧཱུཾ་ཕཊ་ཅེས་
བྱ་བ་ནི་གཏན་འཕོ་བ་སྟེ་སྒྲིབ་པ་ཐམས་ཅད་སེལ་བའོ། །འདི་ནི་བདུད་ཀྱིས་སྨྲས་པས་ན་བདག་ཅག་མི་ཉན་ཏོ་ཞེས་གོང་དུ་དམ་ཚིག་སྨོས་པ་ལ་འདོད་པ་ཐམས་ཅད་ལ་མི་སྐྱོ་བར་བྱ་ཞེས་འབྱུང་བ་སྟེ་མི་རིགས་སོ་ཞེས་ལྷ་ཆེན་པོ་ལ་སོགས་པས་སྨྲས་པ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ནི་འདོད་
ཆགས་དང་བྲལ་བ་ཉིད་ཀྱིས་འཐོབ་བོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པས་ན་འདོད་ཆགས་དང་བྲལ་བ་ནི་རིགས་ཀྱི་དེ་ལས་བཟློག་དེ་མི་རིགས་ཞེས་སྨྲས་སོ། །ཁྱེད་ཅག་གིས་ནི་འདི་ལ་མ་བརྙས་ཤིག་ཅེས་བྱ་བ་ལྷ་ཆེན་པོ་ལ་སོགས་པ་ཁྱེད་ཀྱིས་འདོད་པ་ལ་སྐྱོ་བར་མ་བྱེད་ཅིག་
ཅེས་བསྟན་པའི་དོན་འདི་ལ་བརྙས་ཤིང་ལོག་པ་ཡིན་ནོ་ཞེས་དེ་སྙམ་དུ་མ་སེམས་ཤིག །ད་ནི་ཇི་ལྟ་བུར་འདུལ་བ་བཞིན་དུ་བྱེད་པ་སྟེ་ཞེས་པ་སངས་རྒྱས་བཅོམ་ལྡན་འདས་ནི་སེམས་ཅན་ཇི་ལྟ་བུས་འདུལ་བ་དེ་ལྟ་བུའི་ཚུལ་དུ་མཛད་ཅིང་སྟོན་པ་སྟེ། འདོད་ཆགས་ཀྱི་སྤྱོད་པས་འདུལ་བ་ལ་ཡང་
เล่ม ๕๖ · หน้า 221b
འདོད་ཆགས་ཀྱི་སྤྱོད་པ་སྟོན་ཏེ། ཁྲོ་བས་འདུལ་བའི་སྤྱོད་པ་ལ་ཡང་ཁྲོ་བའི་སྤྱོད་པ་སྟོན་ཏོ། །ཇི་ལྟར་འདུལ་བ་བཞིན་དུ་བསྟན་པ་འདི་ཉིད་ཀྱི་ཐ་མར་ན་འཇིག་རྟེན་གྱི་ཁམས་འདི་སུན་འབྱིན་ཏེ་ཆགས་པའི་དངོས་པོ་མི་རུང་བར་ཡང་རྟོགས་པར་འགྱུར་རོ། །ལྷ་ལ་སོགས་པ་སོ་སོའི་སྐྱེ་བོ་རྣམས་མྱ་
ངན་ལས་འདས་པའི་བདེ་བ་ལ་ནི་མི་ཆགས་པར་བྱེད་ཀྱི། ཁམས་གསུམ་ན་འཁོར་བའི་སྡུག་བསྔལ་བ་ལ་ཆགས་པ་འདི་དག་ལ་མྱ་ངན་ལས་འདས་པའི་བདེ་བ་ལ་མི་ཆགས་པར་མ་བྱེད་ཅིག་ཅེས་བཤད་དོ། །དེ་དག་སྦྱང་བའི་ཕྱིར་ཞེས་བྱ་བ་འདོད་ཆགས་ལ་སོགས་པ་སྒྲིབ་པ་དེ་དག་སྦྱང་
བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀུན་དུ་བཟང་པོ་སྟེ། ཕྱག་ན་རྡོ་རྗེ་དེ་སངས་རྒྱས་ལྔ་རྣམས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་ལྟར་རིགས་པའི་གཞུང་བཤད་ནས། དེ་ནས་ཕྱག་ན་རྡོ་རྗེས་ཡང་དམ་ཚིག་འཛིན་
དུ་གཞུག་པའི་སྔགས་གོང་མ་བཟླས་ཏེ་གསུངས་སོ། །དེ་ནས་སློབ་མ་དཀྱིལ་འཁོར་དུ་ཞུགས་ནས་ལག་ཏུ་རྡོ་རྗེ་བྱིན་ཏེ། དེའི་སྔགས་བྱིན་ནས་རྡོ་རྗེ་དབང་བསྐུར་བར་བསྟན་པ་དེ་ནས་ཡང་ཕྱག་ན་རྡོ་རྗེ་ལག་ཏུ་རྡོ་རྗེ་བྱིན་ཏེ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་དབང་བསྐུར་བ་ནི་རྡོ་རྗེའི་
རིགས་སུ་ངེས་པར་བཞག་པའི་ཕྱིར་རས་ཡང་ན་རྡོ་རྗེ་ནི་ཡེ་ཤེས་ཀྱི་མཚན་མ་སྟེ། ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ཞེས་བྱ་བའི་དོན་ཏོ། །དེ་ལ་སྔགས་ཀྱི་དོན་ནི་འདི་ལྟ་སྟེ། ཨོཾ་ནི་རྒྱས་པའི་སྙིང་པོ་སྔ་མ་བཞིན་ནོ། །པ་ནས་ཏྭེའི་བར་དུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་པའོ་
ཞེས་ཡེ་ཤེས་ཀྱི་མཚན་མ་རྡོ་རྗེ་དབང་བསྐུར་བ་སྟེ་རྡོ་རྗེ་འཛིན་པ་ནི་རྡོ་རྗེའི་རིགས་ཀྱི་སྔགས་པ་ཞེས་བྱ་བའི་དོན་ཏོ། །བཛྲ་པཱ་ཎི་ནི་བོད་པའི་དོན། །ཧྲཱི་ནི་བསྔགས་པ་སྟེ་གཟུགས་སྣ་ཚོགས་ཞེས་པའི་དོན་ཏོ། །ཧ་ནི་བལྟ་བའི་དོན་ཏོ། །གྲངས་བཞི་སྨོས་པ་ནི་རིངས་པའམ་བསྟན་པ་སྟེ་
གཟུགས་སྣ་ཚོགས་སུ་བལྟ་ཞེས་པའི་དོན་ཏོ། །དེ་ལྟར་རྡོ་རྗེས་དབང་བསྐུར་ནས་སྔོན་གྱི་བསྙེམས་པ་དང་བལྟ་བ་བཏང་སྟེ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས་ནས་རང་བཞིན་ཐམས་ཅད་བརྗེ་བའི་ཕྱིར་མིང་ཡང་བརྗེ་དགོས་ཏེ། དེ་བས་ན་ལྷ་ཆེན་པོ་ལ་སོགས་པ་རྡོ་རྗེ་ལས་དྲངས་པའི་མིང་
เล่ม ๕๖ · หน้า 222a
བཏགས་སོ་ཞེས་གསུངས་པ། དེ་ནས་རྡོ་རྗེ་མིང་གི་དབང་བསྐུར་བ་བྱིན་པ་ནི་ཞེས་བྱ་བ་ལ་སོགས་པའོ། །མིང་གི་དབང་བསྐུར་བ་ཞེས་བྱ་བ་ནི་མིང་ངེས་པར་བཏགས་ཞེས་བྱ་བའི་དོན་ཏོ། །མིང་ཀུན་གྱི་གླད་ལ་རྡོ་རྗེ་སྨོས་པ་ནི་ཕྱག་ན་རྡོ་རྗེས་བཏུལ་ལ་རྡོ་རྗེའི་རིགས་
ཀྱི་དཀྱིལ་འཁོར་དུ་ཞུགས་པའི་ཕྱིར་དང་། ཡེ་ཤེས་ཀྱི་མཚན་མ་རྡོ་རྗེས་བྱིན་གྱིས་བརླབས་པའི་ཕྱིར་ཀུན་ཀྱང་རྡོ་རྗེ་ལས་དྲངས་སོ། །དབང་ཕྱུག་ཆེན་པོ་ནི་ལྷ་ཆེན་པོ་སྟེ་དེ་ནི་རྡོ་རྗེའི་རིགས་པ་དམ་པར་མིང་བཏགས་ཏེ་འཇིག་རྟེན་གྱི་རིག་པ་རྣམས་ཀྱི་ནང་ན་གཙོ་བོ་ཡིན་པའི་ཕྱིར་རོ། །
གཞན་ཡང་མིང་ཁ་ཅིག་ནི་དགའ་མགུར་བཏགས་པར་ཟད་པས་དོན་བཤད་དུ་ཡང་མེད་དོ། །ཁ་ཅིག་ནི་རང་བཞིན་དང་ལས་ཀྱི་སྒོ་ནས་མིང་དུ་བཏགས་པས་བཤད་དུ་ཡོད་པ་རྣམས་ནི་ཅུང་ཟད་བཤད་པར་བྱའོ། །མཐུ་བོ་ཆེ་ནི་གཏོགས་འདོད་ལ་བྱ་སྟེ་སྒྱུ་མ་སྣ་ཚོགས་པ་སྟོན་པས་ན་སྒྱུ་
མའོ། །ཚངས་པ་ནི་ཐུབ་པའི་རྡོ་རྗེ་སྟེ་མི་སྨྲ་བའོ། །མི་སྨྲ་བ་ནི་སྙོམས་པར་འཇུག་པའི་ཕྱིར་རོ། །ས་ནང་གཞོན་ནུ་ནི་ལྷ་ཆེན་པོའི་བུའོ། །དབང་པོ་ནི་ལྷ་སྟེ་སུམ་ཅུ་རྩ་གསུམ་གྱི་བདག་པོའོ། །འཐབ་ཆ་ནི་མཚོན་ཆ་ལ་སོགས་པའོ། །འཇིག་རྟེན་གསུམ་གྱི་དབང་པོ་ཞེས་བྱ་བ་ནི་འཇིག་
རྟེན་པའི་ལྷའི་ནང་ན་གཙོ་བོ་ཡིན་པའི་ཕྱིར་རོ། །རིག་པའི་རྒྱལ་པོར་དབང་བསྐུར་བ་ནི་ཕྱི་རོལ་གྱི་རིག་པ་རྣམས་ཀྱི་གཙོ་བོར་བསྐོས་པ་སྟེ་རིག་པ་ནི་ཉེ་བར་བསྟན་གྱི། ཕ་རོལ་གྱི་སྔགས་རྣམས་ཀྱི་གཙོ་བོ་ཡིན་ནོ། །ཡང་ན་སྔགས་ཀྱང་མ་རིག་པའི་མུན་པ་སེལ་བའི་མཐུ་ཡོད་པས་རིག་པར་བཤད་དེ་
དེའི་གཙོ་བོ་ཞེས་བྱ་བའི་དོན་ཏོ། །བར་སྣང་ནི་ཉི་ཟླ་རྒྱུ་བའི་ཕྱོགས་ཀྱི་ནམ་མཁའོ། །རྡོ་རྗེ་འཁྱིལ་པ་ནི་ཉི་མའོ། །ཟླ་བ་ནི་རྡོ་རྗེ་འོད་དོ། །རྡོ་རྗེ་བེ་ཅོན་ནི་གཟའ་སྤེན་པ་ལ་བྱའོ། །སྐྱེ་བླིང་ནི་མིག་དམར་ལ་བྱའོ། །དེ་རྣམས་ནི་ཕྱི་རོལ་གྱི་ཁྲོ་བོའོ། །མ་རུངས་པ་ཐམས་ཅད་ཐག་འཛུད་
པར་དབང་བསྐུར་རོ། །ནམ་མཁའ་ལ་རྒྱུ་བ་ནི་ས་ལ་འཕགས་པའི་ནམ་མཁའ་ལ་རྒྱུ་བ་སྟེ་ཆང་གིས་མྱོས་པ་ལ་སོགས་པ་བཞི་ནི་བགེགས་ཀྱི་གཙོ་བོ་སྟེ། དེ་དག་ནི་ཕྱག་ན་རྡོ་རྗེའི་ཞམ་རིང་བའི་ཚོགས་མང་པོའི་གཙོ་བོར་དབང་བསྐུར་རོ། །ས་པ་ནི་སའི་སྟེང་ན་སྤྱོད་པ་སྟེ་ཕོ་ཉར་བསྐོས་པའོ། །
เล่ม ๕๖ · หน้า 222b
འོག་ན་གནས་པ་ནི་ས་འོག་ན་གནས་པའི་ལྷ་རྣམས་ཏེ་དེ་དག་ནི་བྲན་དུ་བསྐོས་པའོ། །དེ་དག་ཐམས་ཅད་ཀྱང་སངས་རྒྱས་བཅོམ་ལྡན་འདས་དང་ཕྱག་ན་རྡོ་རྗེའི་འཁོར་ཏེ། དཔེར་ན་འཇིག་རྟེན་གྱི་རྒྱལ་པོ་ལ་ལས་ཀྱི་སྒོ་འདིར་སྨྲས་པ་ཐམས་ཅད་དགོས་པ་དེ་བཞིན་དུ་ཆོས་ཀྱི་རྒྱལ་པོ་ཆེན་
པོ་རྣམ་པར་སྣང་མཛད་དང་། ཕྱག་ན་རྡོ་རྗེའི་འཁོར་ཐམས་ཅད་ཀྱང་ཚུལ་དེ་ལྟ་བུར་བལྟའོ། །དེ་ནས་ལྷ་ཆེན་པོ་ལ་སོགས་པ་བཙུན་མོ་རྣམས་ཀྱང་མིང་གི་དབང་བསྐུར་ཏེ། ལས་སོ་སོར་བསྐོས་པ་དེ་ནས་འཇིག་རྟེན་གསུམ་གྱི་བདག་པོ་ལྷ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །ཉོན་མོངས་
མ་ནི་ལྷ་ཆེན་པོའི་བཙུན་མོ་སྟེ་དེ་བཞིན་དུ་ལྷ་སོ་སོའི་བཙུན་མོར་རིམ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་ས་འོག་མ་རྣམས་ཀྱི་བར་དུ་བཙུན་མོའི་རིམ་བཞིན་དུ་བཙུན་མོ་རྣམས་ཀྱང་དེ་དག་གི་བཙུན་མོ་ཡིན་པར་རིག་པར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཆེན་
པོ་དེ་དག་ཐམས་ཅད་བཙུད་དེ་སངས་རྒྱས་ཀྱི་ཡེ་ཤེས་བསྐྱེད་ནས་རྡོ་རྗེ་དམ་ཚིག་སྦྱིན་པ་ཞེས་བྱ་བ་སློབ་མ་དེ་དག་ཐམས་ཅད་དཀྱིལ་འཁོར་དུ་བཙུད་ནས་སངས་རྒྱས་ཀྱི་ཡེ་ཤེས་མི་གཉིས་པའི་དོན་བསྟན་ཏེ། རྟོག་པ་དང་མོས་པ་ཅི་ལྟར་བསྐྱེད་ནས་སོ་སོ་རང་གི་དམ་ཚིག་གི་སྔགས་
བརྗོད་དོ། །དམ་ཚིག་གི་སྔགས་ས་འོག་མའི་ས་ཡན་ཆད་ཀུན་ཀྱང་སྤྱིའི་དོན་དུ་འདྲ་སྟེ། དགུག་པ་དང་མཆོད་པ་དང་བྱིན་གྱིས་བརླབ་པ་ལ་སོགས་པའི་ལས་བྱེད་པའི་ཚེ་དམ་ཚིག་གི་སྔགས་འདི་དག་བརྗོད་པར་བྱའོ། །དེ་ལ་རིག་པའི་རྒྱལ་པོ་ལ་སོགས་པའི་དམ་ཚིག་གི་སྔགས་འདི། ཨོཾ་
བ་ལི་ཏོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཨོཾ་གྱི་དོན་ནི་རྒྱས་པའི་སྙིང་པོ་སྟེ་སྔ་མ་བཞིན་ནོ། །བ་ལི་ཏོ་བ་ལེ་ཏ་ཞེས་བྱ་བ་ནི་དེ་དག་གི་རང་བཞིན་བསྟན་པ་སྟེ་གཅུ་ཞིང་བསྒྱུར་བའི་གར་བྱེད་པའོ། །བཛྲ་ཀ་རི་ཤ་དང་ཛྭ། །ཞེས་བྱ་བ་ནི་ལས་བསྟན་པ་ཏེ་དགུག་པའོ། །ལྷ་རྣམས་དགུག་པའོ་
ཞེས་བྱ་བ་ནི་རིག་པ་དམ་པ་ལ་སོགས་པ་ལྷ་རྣམས་དགུག་པ་ལ་སོགས་པའི་དོན་ཏོ། །བར་སྣང་བའི་སྔགས་ནི་ཧཱུཾ། །ཞེས་བྱ་བ་ལ་སོགས་པའོ། །ཧཱུཾ་ནི་གཏན་འཕོ་བ་སྟེ་གདུག་པ་ཐམས་ཅད་སེལ་བའི་དོན་ཏོ། །བ་ནས་ཡཾ་གི་བར་དུ་རྡོ་རྗེ་མཆོག་གི་དམ་ཚིག་གིས་གཟིར་བ་སྟེ། དམ་ཚིག་
เล่ม ๕๖ · หน้า 223a
ལས་མི་འདའ་ཞེས་བྱ་བའི་དོན་ཏོ། །ཧཱུཾ་ཞེས་བྱ་བ་ནི་བྱོས་ཤིག་པར་བསྒོམ་པའོ། །ནམ་མཁའ་ལ་རྒྱུ་བའི་སྔགས་ནི་ཨོཾ་ཞེས་བྱ་བ་ལ་སོགས་པའོ། །དེ་ནི་རྡོ་རྗེ་ཕྲེང་བའི་མཆོག་བཅིངས་པའོ་ཞེས་རང་བཞིན་གྱི་དོན་བསྟན་པའོ། །ས་ལ་རྒྱུ་བ་ནི་ལྷ་རྣམས་ཏེ། ཨོཾ་
བཛྲ་བྷནྡྷ་ཧཾ་ཞེས་བྱ་བ་ནི་རྒྱས་པའི་སྙིང་པོ་དང་བཅས་པ་རྡོ་རྗེ་བཅིངས་པ་ལྟོས་ཤིག་ཅེས་པའི་དོན་ཏོ། །ས་འོག་མ་པ་རྣམས་ཀྱི་སྔགས་ནི། ཨོཾ་བཛྲ་པ་ཏ་ལ་ཞེས་བྱ་བ་ལ་སོགས་པ་སྟེ་བཛྲ་པ་ཏ་ལ་ནི་ས་འོག་མ་པ་སྟེ་རང་བཞིན་བསྟན་པའོ། །བཉྫ་དང་ཧཱུཾ་ཕཊ་ཀྱིས་ནི་ལས་བསྟན་
པ་སྟེ་མ་རུངས་པའི་ཕྱོགས་གཞོམ་པ་དང་། གཏན་འཕོ་བར་གྱིས་ཤིག་པའི་ཐ་ཚིག་གོ། །རིག་པའི་རྒྱལ་མོ་མན་ཆད་ནས་ས་འོག་མ་ཡན་ཆད་བུད་མེད་ཀྱི་དམ་ཚིག་གི་སྔགས་ནི། ཨོཾ་ཧེ་རུ་ཀ་ལ་སོགས་པའོ། །ཧེ་རུ་ཀ་བཛྲ་ས་མ་ཡ་ཞེས་བྱ་བ་ནི་རང་བཞིན་བསྟན་པ་སྟེ་ཁྲོ་བོ་རྡོ་རྗེ་
དམ་ཚིག་ཅེས་བྱ་བའི་དོན་ཏོ། །དེ་ཡན་ཆད་ཀྱིས་ནི་ལས་བསྟན་པ་སྟེ་མ་རུངས་པ་ཐམས་ཅད་ཀྱི་དམ་ཚིག་དང་ཕྱག་རྒྱ་འཇོམས་པར་བྱེད་པ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་བདག་གིས་སེམས་ཅན་འདུལ་བའི་སུག་ལས་བགྱིས་པ་ནི་གོང་དུ་སྨོས་པ་ལྟ་བུ་
ནི་གཞན་ཡང་མ་རུངས་པ་མི་སྲུན་པའམ་བྱད་མ་དང་རིམས་དང་ངན་སོང་གི་རྣམས་ཇི་ལྟར་བགྱི་ཞེས་ཞུས་པ། བཅོམ་ལྡན་འདས་བདག་དང་སེམས་ཅན་འདུལ་བ་ནི་ཞེས་པ་ལ་སོགས་པའོ། །དམ་ཚིག་དེ་ཉིད་ལ་ནན་ཏན་བྱེད་དུ་ཆུག་ཅིག་ཅེས་བྱ་བ་ནི་གོང་དུ་འདོད་པ་མི་སྤོང་
ངོ་ཞེས་བསྟན་པའི་དམ་ཚིག་དེ་ལ་ནན་ཏན་དུ་བྱེད་དུ་ཆུག་ཅིག །སྤྱིར་ན་དཀྱིལ་འཁོར་ཡང་རྣམ་པ་གཉིས་ཏེ། རང་བཞིན་གྱི་དཀྱིལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཇི་ལྟར་བཞུགས་པ་མངོན་དུ་མཐོང་བའི་དཀྱིལ་འཁོར་ནི་གོང་དུ་བཤད་
པ་རྣམས་སོ། །ད་ནི་མི་ལ་སོགས་པ་རང་བཞིན་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་ནི་རི་མོར་བྲིས་ཏེ་བསྟན་པར་བྱ་བའི་ཕྱིར་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་མི་དེ་དག་ཇི་ལྟར་ནན་ཏན་བགྱི་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ལྷ་རྣམས་ཀྱི་ལུས་ཀྱི་གསང་བ་
เล่ม ๕๖ · หน้า 223b
བསྟན་པ་དཀྱིལ་འཁོར་ཆེན་པོའོ། །ངག་གི་གསང་བ་བསྟན་པའི་དཀྱིལ་འཁོར་ནི་རྡོ་རྗེའི་དཀྱིལ་འཁོར་རོ། །སེམས་ཀྱི་གསང་བ་བསྟན་པ་ནི་དམ་ཚིག་གི་དཀྱིལ་འཁོར་རོ། །སྤྱོད་པ་སྣ་ཚོགས་ཀྱི་གསང་བ་བསྟན་པ་ནི་ལས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་ན་ལྷ་རྣམས་ཀྱི་
ལུས་དང་ངག་དང་ཡིད་དང་སྤྱོད་པའི་གསང་བའི་དཀྱིལ་འཁོར་དུ་ཞུགས་པའི་སྔགས་པས་སྔགས་ཀྱི་དོན་རྣམས་བསྒྲུབ་པར་བྱའོ། །དཀྱིལ་འཁོར་གཅིག་གི་ནང་དུ་བཞི་ཆར་འདུས་པར་ཡང་བསྟན་ཏེ། གང་ན་གསོན་པོའི་ལུས་ཡོད་པ་དེ་ན་སེམས་དང་ཡི་གེའི་འབྲུའི་ཚིག་
རྣམས་ཀྱང་ཡོད་ལ། དེ་དག་གི་སྤྱོད་པ་ལས་ཀྱི་རང་བཞིན་ཡང་ཡོད་པར་འགྱུར་རོ། །དེ་ལྟ་མོད་ཀྱི་གང་གིས་ཤས་ཆེ་བ་གཙོ་བོར་བྱས་པའི་ཕྱིར་ན་དཀྱིལ་འཁོར་བཞིར་ཡང་བརྗོད་དོ། །དཀྱིལ་འཁོར་དུ་རིམ་པར་བཞུགས་པ་ནི་སེམས་ཅན་གྱིས་བལྟ་སླ་བའི་ཕྱིར་
སྦོམ་རིམས་སུ་གཟུད་དེ། དང་པོ་ལུས་ཀྱི་གསང་བ་ཁ་དོག་དང་དབྱིབས་སུ་སྣང་བ་ཆུད་སླ་བས་ན་ཐོག་མར་སྨོས་སོ། །དེའི་འོག་ཏུ་ངག་གི་གསང་བ་ཡི་གེའི་འབྲུ་དང་སྒྲར་བརྗོད་པར་དམིགས་པས་སླ་བས་ན་ངག་གི་གསང་བ་སྨོས་སོ། །སེམས་ཀྱི་གསང་བ་རྣམ་པར་
ཐར་པའི་སྒོ་མང་པོ་ཆུད་པར་དཀའ་བས་ན་དེའི་འོག་ཏུ་སྨོས་སོ། །དཀྱིལ་འཁོར་དེ་གསུམ་ཆར་དུ་ཞུགས་ནས་སེམས་ཅན་གྱི་དོན་ལ་སོགས་པ་སྤྱོད་པ་སྣ་ཚོགས་ནུས་པར་གྱུར་པས་ན་ལས་ནི་ཐ་མར་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་
པོར་བཙུད་ནས་ཞེས་བྱ་བ་དེ་བཞིན་གཤེགས་པ་ལྔ་རྣམས་ཀྱི་དཀྱིལ་འཁོར་ཏེ་ལུས་ཀྱི་གསང་བ་བསྟན་པ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་ཡིན་པའི་ཕྱིར་རོ། །རྡོ་རྗེའི་དཀྱིལ་འཁོར་དུ་ཚུད་ཅིག་ཅེས་བྱ་བ་འདིའི་སྐབས་སུ་རྡོ་རྗེ་འདི་དག་གིས་བསང་བ་བྱ་སྟེ།
འདིས་དངོས་པོ་ཡོད་པར་ལྟ་བ་ཐམས་ཅད་རིག་པའི་ཚིག་གིས་འཇིག་ཅིང་འཇོམས་པའི་ཕྱིར་ཏེ་པདྨོའི་རིགས་ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་ཐ་ཚིག་གོ། །དམ་ཚིག་གི་དཀྱིལ་འཁོར་དུ་ཚུད་ཅིག་ཅེས་པ་སོ་སོའི་རྣམ་པར་ཐར་པའི་མཚན་མ་ཕྱག་རྒྱར་བཞག་པ་སྟེ་
เล่ม ๕๖ · หน้า 224a
སེམས་ཀྱི་གསང་བའི་དཀྱིལ་འཁོར་རོ། །དེའང་དཀྱིལ་འཁོར་དེར་ཞུགས་པས་དམ་ཚིག་ཐོབ་པའི་ཕྱིར་རོ། །དམ་ཚིག་གི་དཀྱིལ་འཁོར་ཞེས་བྱ་སྟེ་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་རོ། །ལས་ཀྱི་དཀྱིལ་འཁོར་དུ་ཚུད་ཅིག་ཅེས་པ། དཀྱིལ་འཁོར་གོང་མ་
དག་ཏུ་ཞུགས་ནས་ལས་སྣ་ཚོགས་བསྒྲུབ་པའི་ཕྱིར་ཡང་ལས་ཀྱི་དཀྱིལ་འཁོར་དུ་འཇུག་གོ །དེ་ནས་དཀྱིལ་འཁོར་བཞིའི་མཚན་ཉིད་ཅི་འདྲ་བ་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱག་ན་རྡོ་རྗེས་འཆད་དེ། དང་པོ། དཀྱིལ་འཁོར་ཆེན་པོའི་ཚུལ་བཤད་པ། །སེམས་ཅན་
ཀུན་ལ་ཕན་པའི་ཕྱིར། །ཞེས་བྱ་བ་དག་གོ། །དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་གྲུབ་པ་རབ་འབྲིང་ཐ་མ་ཐམས་ཅད་སྟེར་བར་བྱེད་པའི་མཆོག་སྟེ། ཅིའི་ཕྱིར་ཞེ་ན། སྔགས་པ་དམ་ཚིག་ཅན་དུ་མ་གྱུར་གྱི་བར་དུ་སྔགས་སྒྲུབ་པའི་ཐབས་མེད་དོ་བཤད་པ་དེ་འང་ཕྱག་ན་རྡོ་རྗེ་རང་གི་
མཐུ་འབའ་ཞིག་མ་ཡིན་ཏེ། དཀྱིལ་འཁོར་པའི་སངས་རྒྱས་ལྔ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཏེ་བཤད་དོ། །ཅིའི་ཕྱིར་བཤད་ཅེ་ན། སེམས་ཅན་ཀུན་ལ་ཕན་པའི་ཕྱིར་རོ། །དེ་ནས་གཞན་ཡང་རབ་བཤད་པ། །ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་ཞིབ་ཏུ་བཤད་ཅེས་བྱ་
བའི་དོན་ཏོ། །རང་བཞིན་གྱི་དཀྱིལ་འཁོར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་རི་རབ་རིའི་རྩེ་མོ་ན་བཞུགས་ཏེ་སེམས་ཅན་གྱི་དོན་མཛད་པ་དེ་བཞིན་དུ་གཟུགས་བརྙན་གྱི་དཀྱིལ་འཁོར་ཡང་རི་རབ་རིའི་ཚུལ་དུ་འདྲ་བར་བསྟན་ཏེ། དབུས་སུ་ཆོས་ཀྱི་འཁོར་
ལོ་དང་འདྲ་བར་རྩིབ་མ་ཅན་ཟླུམ་པོར་བྲིས་ཏེ། དེའི་དབུས་ཀྱི་སྙིང་པོ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་གསེར་གྱི་མདོག་ཞལ་ཤར་ཕྱོགས་སུ་གཟིགས་པ་ལ་གདན་དུ་ནས་བཏིང་བ་ལ་བཞུགས་པར་བྱའོ། །རྣམ་པར་སྣང་མཛད་ཉིད་ལས་རྣམས་བཞིའི་ནང་ན་རྒྱས་
པའི་ཕྲིན་ལས་གཙོར་མཛད་པས་ན། དེ་དང་རྗེས་སུ་མཐུན་པར་རྒྱས་པའི་ཞལ་ཟས་ནས་གདན་དུ་བཏིང་ངོ་། །བཅོམ་ལྡན་འདས་དེའི་འཁོར་དུ་བྱང་ཆུབ་སེམས་དཔའ་བརྒྱད་བྲི་བ་ནི་འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་ནི་སྤྱན་རས་གཟིགས་ཀྱི་དབང་པོ་དང་།
เล่ม ๕๖ · หน้า 224b
འཇམ་དཔལ་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །གཡོན་ཕྱོགས་སུ་ནི་རྡོ་རྗེ་ཁུ་ཚུར་དང་བྱམས་པ་དང་ནམ་མཁའ་མཛོད་དོ། །བཅོམ་ལྡན་འདས་ཀྱི་རྒྱབ་ཕྱོགས་སུ་ནི་ནམ་མཁའི་སྙིང་པོའོ། །བཅོམ་ལྡན་འདས་ཀྱི་འོག་གི་སྤྱན་སྔར་ནི་ཕྱག་
ན་རྡོ་རྗེ་སྟེ་རྡོ་རྗེ་ཧཱུཾ་ཀ་རའི་གཟུགས་སུ་གཞག་གོ། །ད་རྣམས་ཀུན་གྱི་གནས་ཀྱང་འཁོར་ལོའི་རྩིབ་མ་རེ་རེས་བར་དུ་གཅད་དོ། །དེ་ཟླུམ་པོར་བྱ་བ་ཡང་རས་ཀྱི་སྐུད་པ་དཀར་པོ་སར་པ་རིང་ཆ་མཉམ་པ་ཧ་ཅང་ཕྲ་སྦོམ་དུ་མ་གྱུར་པའི་མཚན་མ་བཀལ་ལེགས་པ་བཟང་པོ་དཀྱིལ་
འཁོར་གྱི་དབུས་སུ་སེང་ལྡེང་གི་ཕུར་བུ་བཏབ་ལ་གཉིས་རིམ་དུ་བཏགས་པས་དཀྱིལ་འཁོར་ཟླུམ་པོ་མ་འཁྲུལ་བར་ས་གཅད་དོ། །དེ་ལྟར་དཀྱིལ་འཁོར་གྱི་ལས་བྱེད་པའི་ཚེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་སྟེ་རྡོ་རྗེ་ཧཱུཾ་ཀ་ར་ཉིད་ཀྱི་རྣལ་འབྱོར་དུ་བདག་རང་བྱས་ཏེ། དེའི་
སྙིང་པོའི་སྔགས་ཀྱང་ཡིད་ལ་བྱ་ཞིང་། དེར་སྲུང་བ་དང་བྱིན་གྱིས་བརླབ་པར་བྱའོ། །དབུས་ཀྱི་ཕུར་བུ་ལ་སྲད་བུས་བཏགས་ཏེ་ཆ་བཅུ་དྲུག་ཏུ་བགོ་བ་ནི་ཆ་མཉམ་བཅུ་དྲུག་ཏུ་བགོ་བར་ངེས་པ་མེད་དེ། །སྤྱིར་གྲངས་བཅུ་དྲུག་ཏུ་བགོ་བ་ནི་ནང་གི་འཁོར་ལོ་ལ་གཅིག་གསེར་
གྱི་རི་བདུན་དང་། ཆུ་རིམ་བདུན་ལ་ཆ་བཅུ་བཞི། །གླིང་བཞི་གནས་པའི་སྣམ་བུ་ལ་ཆ་གཅིག་སྟེ་ཆ་བཅུ་དྲུག་ཏུ་བྱའོ། །བཅུ་དྲུག་གི་ཕྱི་རོལ་དུ་རིའི་འཁོར་ཡུག་ཆེན་པོ་ཚོན་སྣ་གསུམ་དང་ལྡན་པས་བྲིས་ཏེ། དེ་ཡི་ཕྱོགས་བཞིར་སྒོ་གདོད་དོ། །ཆོས་ཀྱི་འཁོར་ལོའི་ཚུལ་འདྲ་བ། །
ཞེས་བྱ་བ་ནི་ཟླུམ་པོ་རྩིབ་མ་བརྒྱད་དུ་བྱ་སྟེ། རྩིབ་མའི་བར་དུ་བྱང་ཆུབ་སེམས་དཔའ་རེ་རེ་བཞུགས་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་སྲད་བུར་བྲེ། །ཞེས་པ་དཀྱིལ་འཁོར་གྱི་ཕྱོགས་ཐམས་ཅད་དུ་སྲད་བུས་མ་འགྲུབ་པར་བྲེ་བའི་དོན་ཏོ། །སེང་ལྡེང་གི་ཕུར་བུ་གཏན་པར་རོ། །ཞེས་
པ་ཕུར་བུ་གཞན་གྱིས་མི་བྱ་བར་སེང་ལྡེང་གིས་བྱ་བ་ནི་བགེགས་ཐམས་ཅད་སེང་ལྡེང་གི་ཕུར་བུས་གནན་པ་དང་ཕུར་བུ་དེས་ཐིག་གཏབ་པའི་གཟུངས་སུ་དགོས་ཏེ། གཏན་པ་དང་མི་འཁྲུལ་པར་གདབ་ཅེས་པའི་དོན་ཏོ། །ཐམས་ཅད་དུ་ནི་རིམ་གསུམ་མཆོག །ཅེས་པ་ནི་ཕྱི་རོལ་གྱི་ཁོ་ར་ཁོར་ཡུག་
เล่ม ๕๖ · หน้า 225a
གིས་ཕྱོགས་ཐམས་ཅད་དུ་བསྐོར་ཏེ། ཚོན་རྩི་མཛེས་པར་རིམ་གསུམ་གྱིས་བྱ་བ་ལ་ཕྱི་རོལ་གྱི་ཐ་མ་ནི་སྔོན་པོས་བསྐོར་ཏེ་ལྕགས་ཀྱི་རི་འདྲ་བར་བརྟག་གོ། །ཕུར་བུ་ཡིས་ནི་དེ་བཞིན་ནོ། །ཞེས་བྱ་བ་ཕྱི་རོལ་གྱི་འཁོར་ཡུག་དེ་ཡང་དབུས་ཀྱི་ཕུར་བུ་དེ་ལ་ཐག་བཏགས་ནས་
མཉམ་པར་བསྐོར་ཞེས་བྱ་བའི་དོན་ཏོ། །དེ་ཡི་ནང་དུ་བྱ་བ་ནི། །ཞེས་པ་རིའི་ཁོར་ཡུག་དེའི་ནང་གསེར་གྱི་རི་རིམ་བདུན་ཚོན་སེར་པོ་དྲི་ཞིམ་པོས་བྲིའོ། །ཚོན་སྣ་ལྔ་མཆོག་རྣམས་ཀྱིས་སོ། །ཞེས་པ་འཁོར་ལོའི་མུ་ཁྱུད་ལ་སོགས་པའི་རི་མོ་ཚོན་ཕྱེ་མ་སྣ་ལྔས་བྲི་བ་དང་། རིགས་ལྔའི་
ལྷ་རྣམས་ཅི་རིགས་པར་ཁ་དོག་ལྔར་བྱ་བའི་དོན་ཏོ། །རྡོ་རྗེ་ཧཱུཾ་ཞེས་འདུས་པའོ། །ཞེས་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཤར་ཕྱོགས་སུ་ཕྱག་ན་རྡོ་རྗེའི་གཟུགས་ལུགས་མའམ། འཇིམ་པའམ་ཤིང་ལས་བྱས་པའམ་རི་མོར་བྲིས་པ་བཞག་པའོ། །ཕྱག་ན་རྡོ་རྗེ་ཡང་སེམས་ཅན་གྱི་
དོན་དུ་གཟུགས་སྣ་ཚོགས་པར་འཕྲུལ་ན་འདིར་ཅི་འདྲ་བ་ཞིག་གཞག་ཅེ་ན་གསུངས་པ། རྡོ་རྗེ་ཧཱུཾ་ཞེས་འདུས་པའོ། །ཕྱག་ན་རྡོ་རྗེའི་རང་བཞིན་རྡོ་རྗེ་ཧཱུཾ་ཀ་རའི་རང་བཞིན་དུ་འདུས་པ་དེ་བཞུགས་པར་བྱས་ཏེ། དེའི་ཆ་ལུགས་ཀྱང་ཕྱག་བཞི་པ་ལ་གཉིས་ནི་ཧཱུཾ་ཀ་རའི་ཕྱག་རྒྱ་བཅིངས་པའོ། །
གཉིས་ནི་མདའ་གཞུ་བསྣམས་པའོ། །ཞབས་གཡས་གཡོན་གྱིས་ལྷ་ཆེན་པོ་སྤང་ཤུགས་མནན་པའོ། །འདོད་དྲུག་གཅོད་པའི་ལྷ་རྣམས་དག །འདོད་པའི་ཁམས་ཀྱི་ལྷ་ཆེན་པོ་བཞི་དང་སུམ་ཅུ་རྩ་གསུམ་དང་འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་
རྣམས་གསེར་གྱི་རི་བདུན་དང་། ནང་གི་རི་རབ་བར་འཁོར་ལོའི་ཕྱི་རོལ་རི་རབ་ཀྱི་ཞོལ་ལ་གཞག་པར་བྱ་སྟེ། ཕྱོགས་བཞིར་ནི་མགོན་པོ་འཕགས་སྐྱེས་པོ་དང་། ངལ་བསོ་བོ་ལ་སོགས་པ་ཅི་རིགས་པར་བཞག་དེའི་བར་དུ་ལྷ་ལྷག་མ་རྣམས་གཞག་གོ། །དེ་ནས་དཀྱིལ་འཁོར་བྱིན་
ཏེ་ཕྱིར་བྱུང་བ་དང་ནང་དུ་འཇུག་པའི་ཚེ། རི་མོ་དང་ཕྱག་རྒྱ་ལ་སོགས་པ་ལ་རྡོ་རྗེ་ཤུགས་ཀྱི་སྦྱོར་བ་མ་བྱས་པར་འགོངས་ན་དམ་ཚིག་ཉམས་པར་འགྱུར་གྱི་ཡིད་ཀྱིས་རི་མོ་ལ་སོགས་པ་བཏེག་ལ་འོག་ཏུ་འཛུལ་བར་བསམས་ཏེ་རྡོ་རྗེ་ཤུགས་ཀྱི་སྔགས་གྱིས་ཤིག །གྲྭའི་རི་མོ་
เล่ม ๕๖ · หน้า 225b
ལེགས་པར་འདོད། །ཅེས་པ་གླིང་སོ་སོའི་གྲྭ་ཡོད་པ་རྣམས་ཟུར་ཕྱིན་པར་བྱའོ། །གླིང་དེ་དག་གི་ནང་དུ་ཡང་བཅུད་ཀྱི་འཇིག་རྟེན་སོ་སོ་ན་ཇི་ལྟར་གནས་པའི་ཆ་ལུགས་བཞིན་དུ་བསོག་ཅིང་བྲི་བར་བྱའོ། །ཚངས་པ་ལ་སོགས་པ་བཞིའི་རྣམས་ཞེས་པ་གླིང་དེར་ཚངས་པ་
དང་ལྷ་ཆེན་པོ་དང་དབང་པོ་དང་རྟོགས་འདོད་རྣམས་བྲིས་ཏེ། ཤར་ཕྱོགས་ཀྱི་གླིང་གི་དབུས་སུ་དབང་པོ་བཙུན་མོ་དང་བཅས་པར་བྲིའོ། །དེ་བཞིན་དུ་འཛམ་བུའི་གླིང་དུ་ལྷ་ཆེན་པོའོ། །ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་དུ་ཚངས་པ། བྱང་གི་སྒྲ་མི་སྙན་དུ་རྟོགས་འདོད་བཙུན་མོ་
དང་བཅས་སུ་བྲིའོ། །ཕྱིའི་རྡོ་རྗེ་རིགས་རྣམས་ཀྱི། །དཀྱིལ་འཁོར་ཡང་དག་བྲི་བར་བྱ། །ཞེས་པ་རི་ཁོར་ཡུག་གི་ནང་ལོགས་གླིང་རྣམས་ཀྱི་བར་དག་ཏུ་སྨོས་པའི་བར་སྣང་ལ་རྒྱུ་བའི་ནམ་མཁའ་ལ་རྒྱུ་བ་དང་ས་པ་དང་། ས་འོག་པ་ཐམས་ཅད་སྤང་ཤུགས་ཉེ་བར་གཞག་ཅིང་
དཀྱིལ་འཁོར་དུ་དགོད་པར་བྱའོ། །སྒོ་སྲུང་བྲི་བར་བྱ་བ་ཡང་། །ཞེས་པ་རི་ཁོར་ཡུག་གི་ཕྱི་རོལ་སྒོ་བཞི་བཏོད་དེ་ཤར་ཕྱོགས་སུ་ཀྱོ་བ་དང་། ལྷོ་ཕྱོགས་སུ་ཞགས་པ་དང་། ནུབ་ཕྱོགས་སུ་ལྕགས་སྒྲོག་བྱང་ཕྱོགས་སུ་དྲིལ་བུའོ། །ཁོར་ཡུག་གི་ཕྱི་རོལ་དུ་སེམས་ཅན་
དམྱལ་བ་ལ་སོགས་པའི་གཟུགས་བཞག་གམ། རི་མོར་བྲིའམ་སོ་སོའི་སར་ཐིག་ལེ་བཞག་སྟེ་དེའི་མཚན་མར་བསྡོས་པ་གཞག་པར་བྱའོ། །ཆོས་མིན་ཅན་ནི་བཞག་ཕྱིར་རོ། །ཞེས་པ་ཡི་དགས་དང་ནད་ལ་སོགས་པ་དཀྱིལ་འཁོར་གྱི་ཕྱི་རོལ་འདབ་ཏུ་གཞག་པ་ནི་དཀོན་
མཆོག་གསུམ་ལ་གནོད་པ་བྱེད་པ་དང་། སེམས་ཅན་མང་པོ་ལ་གནོད་པ་བྱེད་པ་རྣམས་བསལ་བའི་ཕྱིར་དེ་རྣམས་མངོན་པར་སྤྱོད་པའི་ལས་བྱེད་པར་བསྒོས་ཏེ་གཞག་གོ། །དེ་ཡི་ཕྱི་རོལ་དུ་དགོད་པ། །ཞེས་པ་དཀྱིལ་འཁོར་གྱི་ལྷ་ལ་སོགས་པ་ལ་མཆོད་པའི་བཤོས་དང་མར་མེ་
ལ་སོགས་པའི་མཆོད་པའི་ཡོ་བྱད་ཅི་འབྱོར་པ་རྣམས་གཞག་གོ། །ཕྱིར་གྲུ་བཞི་པར་བྱ་བ་རྒྱུད་འདི་ལས་མི་འབྱུང་མོད་ཀྱི། དཀྱིལ་འཁོར་སྤྱིའི་ཆོ་ག་བཤད་པ་ལས་འོག་བཞིའི་སྟེགས་བུ་ལ་སོགས་པ་བྱའོ་ཞེས་འབྱུང་བ་དང་སྦྱར་ཏེ་གྲུ་བཞི་པོ་ནི་སྟེགས་བུར་བལྟའོ། །གཞན་ཡང་
เล่ม ๕๖ · หน้า 226a
ས་སྦྱང་བ་དང་མཚམས་བཅད་པ་དང་། བསྐྲད་པ་དང་། སྲུང་བ་དང་། ལྷ་སྤྱན་དྲང་ཞིང་བྱིན་གྱིས་བརླབ་པ་དང་མཆོད་པ་ལ་སོགས་པ་འདིར་མ་སྨོས་ལ་དཀྱིལ་འཁོར་ལ་སོགས་པའི་ཡོ་བྱད་དུ་དགོས་པ་རྣམས་ནི་དཔལ་དང་པོ་འབྱུང་བ་ལ་སོགས་པ་དཀྱིལ་འཁོར་
སྤྱིའི་ཆོ་ག་དང་ཡང་སྦྱར་རོ། །དེ་ལྟར་དཀྱིལ་འཁོར་ཆོ་ག་ཐམས་ཅད་རྫོགས་ནས་རྡོ་རྗེ་སློབ་དཔོན་ཉིད་ཞུགས་ཤིག་པར་བསྟན་པ་དེ་ལ་ཐོག་མ་ཉིད་དུ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་རྡོ་རྗེ་དབྱིངས་ཀྱི་བདག་མོའི་ཕྱག་རྒྱ་སྟེ། རྡོ་རྗེ་ཐལ་མོ་སྦྱར་
ལ་གུང་མོ་བསྒྲེང་སྟེ་སྤྱི་བོར་བྱས་མཛུབ་མོ་ལུས་སུ་བྱས། མཐེ་བོང་སྐྱིལ་མོ་ཀྲུང་དུ་བྱའོ། །དེའི་ཐོར་ཏོ་ལ་མེ་ཏོག་བཞག་སྟེ་སྔགས་འདི་བརྗོད་དེ་གཏོར་རོ། །སྔགས་ཀྱི་དོན་ནི་ཀྱེ་ཕྱག་ན་རྡོ་རྗེ་བདག་བཞེས་ཤིག། །གཟིགས་ཤིག་ཅེས་པ་སྟེ་ཧ་བཞི་སྨོས་པ་ནི་རིངས་པའམ་བཏུད་པར་བསྟན་
པའོ། །དཀྱིལ་འཁོར་དུ་ཞུགས་ནས་ཞེས་མི་ཤིགས་ཀྱི་མཚན་མ་བསྐུལ་བའི་ཕྱིར་གསུངས་པ། དེ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཞེས་བྱ་བ་དག་གོ། །དེའི་ཕྱག་རྒྱ་ནི་གཞན་གོང་མ་བཞིན་དུ་མཛུབ་མོ་གཉིས་ཀྱོ་བ་ཏང་གི་ཐབས་སུ་རྩེ་མོ་གུང་མོ་ལ་མི་གཞར་བར་
དགུག་སྔགས་ཀྱི་དོན་ནི་ཁྱད་པར་གྱི་རྫུ་འཕྲུལ་མང་པོ་ཟུང་ཤིག །ཁུག་ཅིག་ལྟས་ངན་པ་དང་བྲལ་བར་བྱ་བའི་ཕྱིར་རོ། །དེ་ནས་རྡོ་རྗེའི་དཀྱིལ་འཁོར་འབྱུང་སྟེ། རྡོ་རྗེའི་ཕྲེང་བ་མཉམ་ལྡན་པས། །ཞེས་བྱ་བ་དཀྱིལ་འཁོར་ཆེན་པོའི་སྐབས་སུ་ཆོས་ཀྱི་འཁོར་ལོ་ལྟ་བུར་ཚོན་སྣ་
ལྔས་བྱ་ཞེས་འབྱུང་བ་རྡོ་རྗེའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བ་ཆེ་ཆུང་མེད་པས་འཁོར་བར་བསྐོར་རོ། །བརྟག་པར་བྱ་ཞེས་བྱ་བ་ནི་དེ་ལྟར་བྱའོ་ཞེས་བྱ་བའི་དོན་ཏོ། །དེར་བདག་གམ་སློབ་མ་འཇུག་པར་བྱ་བ་ནི་དཀྱིལ་འཁོར་ཆེན་པོའི་ཆོ་ག་བཞིན་ནོ། །དཀྱིལ་འཁོར་གྱི་ལས་སྲད་བུ་
བྲེ་བ་དང་ཚོན་དགྱེ་བ་ལ་སོགས་པ་ལས་སུ་བྱའོ། །ཆོ་ག་ཡང་གོང་མ་དང་འདྲའོ། །དཀྱིལ་འཁོར་དེར་ཞུགས་ནས་རེ་ཞིག་ལག་པ་གཡས་པས་རྡོ་རྗེ་གསོར་ཞིང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྙིང་པོ་གོང་དུ་སྨོས་པ་བཟླས་སོ། །དེ་ནས་རྡོ་རྗེ་ཟངས་སམ་གསེར་
เล่ม ๕๖ · หน้า 226b
དངུལ་ལམ་ལྕགས་ལ་རྒྱས་པའམ་ཞི་བའམ་དབང་ངམ་མངོན་པར་སྤྱོད་པ་ཇི་ལྟར་རིགས་པར་བྱ་སྟེ་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་དུ་བྱས་ལ་གཤིབས་པས་རྡོ་རྗེ་དེ་བཟུང་ལ། ཨོཾ་སུམྦྷ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་སྙིང་པོ་གོང་དུ་སྨོས་པ་དེས་རྡོ་རྗེ་འགུལ་གྱི་བར་དུ་བཟླས་སོ། །སྒྲུབ་
པ་དེ་ཡང་སྔར་བསྙེན་པ་རྣམ་པ་གསུམ་སྟེ། མཚན་མས་བསྙེན་པ་ནི་བཀའ་ལུང་ཐོབ་པ་དང་འོད་འབྱུང་བ་ལ་སོགས་པའོ། །གྲངས་ཀྱི་བསྙེན་པ་ནི་ཡི་གེའི་འབྲུ་རེ་རེ་ཞིང་འབུམ་བཟླས་ཞེས་བྱ་བ་ལ་སོགས་པའོ། །དུས་ཀྱི་བསྙེན་པ་ནི་ལོ་འམ་ཟླ་བ་འམ་ཞག་དུས་ཀྱིས་བསྙེན་པར་བྱ་
སྟེ་དེ་གང་ཡང་རུང་བས་སྔར་བསྙེན་པ་བྱས་ནས་གཟོད་སྒྲུབ་པ་ལ་འཇུག་པའོ། །སྔར་མཉེས་པ་དང་སེམས་ལས་སུ་རུང་བར་མ་བྱས་པར་འགྲུབ་པར་མི་འགྱུར་རོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་འབྱུང་སྟེ་ཞེས་པ་དཀྱིལ་འཁོར་ཆེན་པོ་གོང་དུ་འབྱུང་བ་བཞིན་དུ་ཐམས་ཅད་ཚང་
བར་བྲིས་ནས། ལྷ་རྣམས་ཀྱི་སོ་སོའི་ཕྱག་རྒྱའི་མཚན་མ་གཞག་པར་བྱའོ། །དེ་ནས་དཀྱིལ་འཁོར་དུ་སློབ་དཔོན་དང་སློབ་མ་གཉིས་འཇུག་པ་འདྲ་སྟེ། དང་པོ་རྡོ་རྗེ་འཛིན་མའི་ཕྱག་རྒྱ་གོང་དུ་སྨོས་པ་བཅིངས་ལ་དེ་མེ་ཏོག་བོར་ནས་ཕྱག་རྒྱ་དེ་བཀྲོལ་ཏེ། ལག་པ་གཡས་པར་རྡོ་རྗེ་
བཟུང་ལ་གཡོན་པས་དྲིལ་བུ་གསིལ་ལོ། །དེ་ནས་སློབ་མ་ཡང་དེ་བཞིན་དུ་བཅུག་ནས་སློབ་དཔོན་གྱིས་སློབ་མ་ལ་བགོ་བ། དམ་ཚིག་ཐོབ་པ་རྟག་ཏུའོ། །ཞེས་བྱ་བ་ལ་སོགས་པའོ། །ཁྱོད་དཀྱིལ་འཁོར་འདིར་ཞུགས་པས་ན་རྟག་ཏུ་དམ་ཚིག་དང་ལྡན་པ་ཡིན་ནོ། །ཇི་ལྟར་དྲིལ་བུའི་
སྒྲ་མི་རྟག་པ་བཞིན་དུ་འདུས་བྱས་དེའི་རང་བཞིན་ཡང་མི་རྟག་པར་བསྟན་ཏོ། །དེ་སྟེ་དམ་ཚིག་ལས་འགལ་བར་བྱས་ན་རྡོ་རྗེ་འབར་བས་ལུས་སྲེག་པར་འགྱུར་རོ། །ཇི་ལྟར་འགལ་ན་དེ་ལྟར་འགྱུར་ཞེ་ན་དེ་སྟེ་རྡོ་རྗེ་འཛིན་དང་ཞེས་བྱ་བ་བདག་གོ། །ཕྱག་ན་རྡོ་རྗེ་ལ་དད་ཅིང་མོས་པའི་
སེམས་ཁྱོད་ཀྱིས་ཚེ་འདི་ལ་སྤངས་པར་གྱུར་ན་རྡོ་རྗེས་བསྲེག་གོ། །དེ་བཞིན་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་བ་སྤངས་པ་དང་། སྔགས་ཀྱི་བརྟུལ་ཞུགས་དང་དམ་ཚིག་སྤངས་པ་དང་བྱང་ཆུབ་ཀྱི་སེམས་འདོད་པའི་རང་བཞིན་རྣམས་སྤངས་ན་ཉེས་པ་གོང་མ་བཞིན་
เล่ม ๕๖ · หน้า 227a
དུ་འགྱུར་རོ། །དེ་ནས་དམ་ཚིག་གི་སྔགས་འདིས་བསྔགས་པའི་སྤོས་ཆུ་བླུད་དེ། སྔགས་ཀྱི་དོན་ནི་དམ་ཚིག་ལས་ཉམས་ན་གནོད་པར་གྱུར་ཅེས་པའི་དོན་ཏོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་འབྱུང་སྟེ་ཞེས་བྱ་བ་དཀྱིལ་འཁོར་ཆེན་པོ་བཞིན་དུ་བྲིས་ལ་ལྷའི་
སྐུ་རྣམས་ལུགས་སུ་བྱས་པའམ་རི་མོར་བྲིས་པ་གཞག་པར་བྱའོ། །དཀྱིལ་འཁོར་དུ་སློབ་དཔོན་དག་སྔར་ཞུགས་ལ་དེ་ནས་སློབ་མ་བཙུད་དོ། །སློབ་དཔོན་གྱིས་ཇི་ལྟར་རྒྱུད་ལས་འབྱུང་བ་དེ་བཞིན་དུ་ལས་བསླབ་པར་བྱའོ། །སྦྱིན་སྲེག་གི་ལས་སུ་བྱ་བ་འོག་ནས་འབྱུང་བ་རྣམས་
འདིར་ནི་ལས་ཀྱི་འབྲས་བུ་དང་། སྲེག་པའི་དངོས་པོ་མདོ་ཙམ་ཞིག་བསྟན་གྱི་ལྷ་སྤྱན་དྲང་བ་དང་། མེ་ལྷ་དགུག་པ་དང་། བགེགས་བསལ་བ་དང་། ཐབས་ཀྱི་ས་སྦྱང་བ་དང་། མཆོད་པ་ལ་སོགས་པའི་ཆོ་ག་སྦྱིན་སྲེག་གི་ཡན་ལག་ཏུ་དགོས་ལ་འདིར་མ་བྱུང་བ་རྣམས་ནི་སྤྱིའི་ཆོ་ག་
རྒྱུད་གཞན་ལས་འབྱུང་བ་དག་དང་སྦྱར་རོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐབ་གྲུ་བཞི་བྱས་ལ་ཞེས་བྱ་བ་ཐབ་དེར་ཞི་བ་དང་། རྒྱས་པ་ཀུན་ཀྱང་བྱར་རུང་བ་སྐད་དུ་བཤད་མོད་ཀྱི་གཙོ་བོར་ནི་ཞི་བའི་ལས་ལ་སྦྱར་བ་སྟེ། བཅོམ་ལྡན་འདས་ཤར་ཕྱོགས་སུ་གཟིགས་པའི་སྤྱན་སྔར་
ཐབ་དེ་བྱས་ལ་སྔགས་པ་བྱང་ཕྱོགས་སུ་བལྟས་ཏེ་སྒྲུབ་པོ་གཡོན་པས་བདག་གི་ཕྱག་རྒྱ་བཅིངས་ཏེ་ཞེས་བྱ་བ། ཕྱག་ན་རྡོ་རྗེ་རང་གི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་བཅིངས་པ་ལ་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་ཞེས་བྱ་བ་དཀྱིལ་འཁོར་གྱི་སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རང་གི་གནས་ནས་བསྐྱོད་ནས་འདིར་གཤེགས་སུ་གསོལ་བ་དང་། གཤེགས་ནས་གང་དུ་བྱིན་གྱིས་བརླབ་པར་འདོད་པ་དེར་གཞུག་པ་དང་བཅུག་ནས་དམ་ཚིག་གིས་མི་འགྱུར་བར་བཅིངས་པ་དང་། བདག་རང་གི་ལྷར་འདོད་པར་དབང་དུ་བྱ་བའི་
ཕྱིར་སྦྱིན་སྲེག་བྱ་བར་བསྟན་པའོ། །སྟོད་གཡོགས་སྦྱར་མ་ལྟར་བགོས་ཏེ། །ཞེས་བྱ་བ་སྟོད་གཡོགས་པའི་ཆོས་གོས་ཆེན་པོ་ཟླུམ་པོར་བགོ་བའི་ཐབས་སུ་ཞུ་ལུབ་ཏུ་གཡོགས་ཏེ་ལག་པ་གཉིས་འོག་ནས་ཕྱུང་བ་ལ་ལས་སུ་བྱའོ། །ཏིང་ངེ་འཛིན་གྱི་བཟླས་པ་ནི་ཡིད་ཀྱིས་བཟླས་
เล่ม ๕๖ · หน้า 227b
པའོ། །འཁོར་ལོ་ལྟ་བུའི་ཐབ་ནི་འཁོར་ལོ་ལྟ་བུར་ཟླུམ་པོར་བྱས་ལ་ནང་དུ་འཁོར་ལོ་ལྟ་བུའི་མཚན་མ་གཞག་གོ། །གཡས་གཡོན་གྱིས་སྲེག་ཅེས་བྱ་བ་ནི་ལག་པ་གཡས་གཡོན་གཉིས་ཀས་བསྣོལ་ཞིང་བསྲེག་གོ། །ཕྱག་ན་རྡོ་རྗེ་ཉིད་དགུག་པ་དང་གཞུག་པ་ལ་སོགས་པ་བསྒྲུབ་པའི་
ཕྱིར་གསུངས་པ་བཅོམ་ལྡན་འདས་ཀྱི་གཡོན་དུ་རྡོ་རྗེ་ལྟ་བུའི་ཐབ་བྱས་ལ་ཞེས་བྱ་བ་དག་གོ། །རྡོ་རྗེ་ལྟ་བུའི་ཐབ་ནི་ཆུ་རིངས་སུ་རྡོ་རྗེ་ལྟ་བུར་བྱས་ལ་ནང་དུ་རྡོ་རྗེའི་མཚན་མ་གཞག་པའོ། །སྟོད་གཡོགས་ཀྱི་ཡན་ལག་ཀུན་བཅིངས་པ་ནི། སྟོད་གཡོགས་ཀྱི་རས་ཀྱིས་ཕྲག་པ་གཡས་
གཡོན་གཉིས་ཀ་སེ་རལ་ཁར་བྱས་ཏེ། བྲང་དུ་རྒྱ་གྲམ་ཡོད་པར་བཅིང་ངོ་། །ཡམ་ཤིང་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ཞི་བ་དང་། རྒྱས་པ་དང་དབང་དུ་བྱ་བ་ལ་རིགས་པའི་ཡམ་ཤིང་ཐམས་ཅད་ཀྱིས་སོ། །འབར་བའི་ཕྲེང་བ་འཛིངས་པ་ཞེས་བྱ་བ་ནི་མེ་ལྕེ་འཛིངས་པར་འབར་
ཞིང་བོད་པ་ལ་བྱའོ། །རོ་ཐམས་ཅད་བསྲེགས་ནས་ཞེས་བྱ་བ་མངར་པོ་དང་སྐྱུར་པོ་དང་ཁ་བ་ལ་སོགས་པའོ། །དེ་ནས་ཡོ་བྱད་བཤད་པར་བྱའོ་ཞེས་བྱ་བ་དཀྱིལ་འཁོར་དེ་དག་ཏུ་ཞུགས་ནས་གྲུབ་པ་སྒྲུབ་པའི་རྒྱུ་རྣམས་བཤད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དཀྱིལ་འཁོར་
གྱི་ཆོ་ག་ཐམས་ཅད་མཐོང་བར་གྱུར་ནས་བསྒྲུབ་པོ་ཞེས་བྱ་བ་གྲུབ་པ་འོག་ནས་འབྱུང་བ་རྣམས་ཀྱི་རྒྱུའི་གཙོ་བོ་ནི་དཀྱིལ་འཁོར་མཐོང་བ་སྟེ། དེར་ཞུགས་ནས་དམ་ཚིག་ཅན་དུ་གྱུར་པས་སྔགས་བསྒྲུབ་པར་རིགས་ཀྱི། དམ་ཚིག་མེད་པ་ནི་སྔགས་བསྒྲུབ་པ་ལ་འཇུག་ཏུ་མི་
དབང་ངོ་། །དམ་ཚིག་སྤངས་པར་གྱུར་པ་ནི། །ཞེས་བྱ་བ་དཀྱིལ་འཁོར་དུ་ཞུགས་ནས་ཀྱང་དམ་ཚིག་མི་སྲུང་བ་སྟེ། སྔགས་ཐམས་ཅད་ཀྱི་སྤྱིའི་དམ་ཚིག་དཔལ་དམ་པ་དང་པོ་ལ་སོགས་པ་ལས་འབྱུང་བ་དང་། རིགས་བཞི་སོ་སོའི་དམ་ཚིག་ཐ་དད་པ་རྣམས་སྤངས་
ཏེ་མ་བསྲུངས་ན་ཕྱག་ན་རྡོ་རྗེ་མི་འགྲུབ་བོ། ཕྱག་ན་རྡོ་རྗེ་ལ་རྣམ་པ་སྣ་ཚོགས་ཀྱིས་མཉེས་པར་བྱ་སྟེ། གྲུབ་པ་རྣམ་པ་གསུམ་དང་ལས་རྣམ་བཞི་བསམས་བཞིན་དུ་འབྱོར་པར་གྱུར་པ་ནི་ཕྱག་ན་རྡོ་རྗེ་འགྲུབ་པའོ། །གསང་བ་ཡང་དག་མི་ཤེས་པས། །ཞེས་བྱ་བ་ཕྱག་ན་
เล่ม ๕๖ · หน้า 228a
རྡོ་རྗེ་མི་འགྲུབ་ཅེས་གོང་མ་དང་སྦྱར་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ལུས་དང་ངག་དང་ཡིད་ཀྱི་གསང་བའི་དེ་ཁོ་ན་མི་ཤེས་པས་ཕྱག་ན་རྡོ་རྗེ་མི་འགྲུབ་པོ། །གསང་བ་དེ་ཡང་གང་ཞེ་ན་འདོད་པ་མི་སྤང་ངོ་ཞེས་གོང་དུ་སྨོས་པ་སྟེ་འདོད་པ་དེ་ཡང་གང་ལ་བྱ་ཞེ་ན།
བཅོམ་ལྡན་འདས་སེམས་དཔའ་འདོད་པའོ་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་གསང་བ་ནི་ཀུན་གྱིས་ཤེས་པར་བྱ་བ་མ་ཡིན་ཏེ་སྤྱོད་ཡུལ་དུ་མི་འགྱུར་བའོ། །དེ་ཡང་གང་ཞེ་ན་གང་ཟག་དང་ཆོས་ལ་བདག་མེད་པའི་ཡང་དག་པ་མི་ཤེས་པའོ། །གཞན་ཡང་ཡང་དག་པ་ནི་
དེ་ཁོ་ན་ཉིད་དེ་རྒྱུད་འདིར་དེ་ཁོ་ན་བཅུ་དྲུག་གི་དོན་སྨོས་པ་དེ་ཉིད་གསང་བ་སྟེ་དེ་མ་ཤེས་པར་མི་འགྲུབ་ཅེས་བྱ་བའི་དོན་ཏོ། །བཅོམ་ལྡན་སེམས་དཔའ་འདོད་པའོ། །ཞེས་གོང་དུ་འདོད་པ་མི་སྤོང་ངོ་ཞེས་བཤད་པ་འདོད་པ་ཉིད་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རང་བཞིན་འདོད་
པའོ། །ཅིའི་ཕྱིར་གཟུགས་ལ་སོགས་པ་འདོད་པ་རྣམས་ལྔས་འདོད་པའི་ཁམས་ཀྱི་སེམས་ཅན་ཐམས་ཅད་བདེ་བའི་རྒྱུ་བྱེད་པ་བཞིན་དུ་རྡོ་རྗེ་སེམས་དཔའི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡང་སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་
ཆེན་པོའི་རྒྱུ་ཡིན་པར་འདོད་པ་ལྔ་དང་འདྲ་བའི་ཕྱིར་འདོད་པ་ཞེས་བྱའོ། །འདོད་པ་དེ་ཉིད་ཆགས་པ་ཡང་ཡིན་ཏེ་སེམས་ཅན་སྨིན་པར་བྱ་བ་དང་གྲོལ་བར་བྱ་བ་ལ་ཆགས་པའི་ཕྱིར་འདོད་པ་དེ་ཉིད་རྡོ་རྗེ་ཡང་ཡིན་ཏེ་སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་རྡོ་རྗེ་སྟེ། དེ་གཞན་གྱིས་
མི་ཤིགས་ཤིང་དངོས་པོ་གཞན་ལ་དེས་འཇིག་པའི་ཕྱིར་རོ། །དེ་ལྟ་བུ་རྟག་ཏུ་ཆགས་པ་ནི་དེ་ལ་སྒོམ་ཞིང་སེམས་དཔའི་དོན་ཏོ། །དེ་བས་ན་དེ་ཁོ་ན་བཅུ་དྲུག་མི་ཤེས་པས་དཀྱིལ་འཁོར་འདིར་བསྒྲུབ་པར་མི་བྱའོ། །དེ་ཁོ་ན་མ་མཐོང་བས་དངོས་པོ་ཅི་ལ་ཐེ་ཚོམ་དུ་འགྱུར་ཏེ་ཐེ་
ཚོམ་ཅན་གྱིས་ནི་གྲུབ་པ་མི་འཐོབ་པོ། དེ་ལ་རེ་ཞིག་རས་ལ་སྐུ་གཟུགས་བྲིས་པའི་མདུན་དུ་བསྒྲུབ་པར་བྱ་སྟེ། སྐུ་གཟུགས་བྲི་བའི་ཆོ་ག་གསུངས་པ། བཅོམ་ལྡན་འདས་གསེར་གྱི་ཁ་དོག་རས་ལ་བྲི་ཞེས་བྱ་བ་ལ་སོགས་པའོ། །རས་ཀྱི་ཆོ་ག་འདིར་ཞིབ་ཏུ་མ་
เล่ม ๕๖ · หน้า 228b
གསུངས་ཀྱང་སྤྱིའི་ཆོ་ག་འབྱུང་བ་དང་སྦྱར་ཏེ་རས་སར་པ་ཁ་ཚར་མ་བཅད་པ་མ་དྲལ་མ་བཙེམས་པ་སྐྲ་དང་སྤུ་ལ་སོགས་པ་སེམས་ཅན་གྱི་ཡན་ལག་ཏུ་གཏོགས་པ་མེད་པ་ལ་རི་མོ་མཁན་གསོ་སྦྱོང་གི་ཁྲིམས་བླངས་པས་བྲིའོ། །སྤྱན་རས་གཟིགས་གཡས་ཀྱི་ཐོག་མར་བྲི་སྟེ་སེམས་
ཅན་སྡུག་བསྔལ་ཞིང་ཕོངས་པ་ལ་ཉིན་རེ་ཞིང་དུས་གསུམ་དུ་ཉུལ་ཞིང་གཟིགས་པའི་ཕྱིར་སྤྱན་རས་གཟིགས་སོ། །འཇམ་ཞིང་མཉེན་པའི་ཆ་ལུགས་ཅན་འཇིག་རྟེན་ཐམས་ཅད་ན་དགོས་སུ་བྱ་བའི་དཔལ་དང་ལྡན་པས་ན་འཇམ་དཔལ་ལོ། །འཕགས་པའི་བདེན་པ་བཞིའམ་སྟོང་
པ་ཉིད་མ་སྐྱེས་མི་འགགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ་སྙམ་པའི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཐུ་དང་ལྡན་པའི་ཕྱིར་དེ་སྐད་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ཀྱི་གསང་བ་གཅིག་ཏུ་བསྡུས་པ་ནི་རྡོ་རྗེ་ཁུ་ཚུར་སྟེ་གསང་བ་གསུམ་གྱི་དོན་དང་
ལྡན་པའི་དོན་ཏོ། །སེམས་ཅན་ཐམས་ཅད་ལ་ཕན་པར་དགོངས་པ་ནི་བྱམས་པའོ། །ནམ་མཁའ་ལས་དགོས་པ་ཐམས་ཅད་འབྱིན་པའི་ཏིང་ངེ་འཛིན་ཐོབ་པས་ནམ་མཁའ་མཛོད་དོ། །ནམ་མཁའི་དབྱིངས་སུ་རྫུས་ཏེ་སྐྱེས་པས་ན་ནམ་མཁའི་སྙིང་པོ་སྟེ་སྙིང་པོ་ཞེས་བྱ་བའི་སྒྲ་ནི་
འདིར་སྐྱེ་གནས་སུ་བསྟན་ཏོ། །རྡོ་རྗེ་ཧཱུཾ་ཀ་རའི་ཕྱག་རྒྱ་ནི་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་དུ་བཅིངས་པ་ལས་ལག་པ་གཉིས་རྒྱབ་སྤྲད་དེ་མཐེའུ་ཆུང་སྦྲེལ་ལ་མཛུབ་མོ་གཉིས་སོ་སོར་བསྒྲེང་སྟེ་སྙིང་གར་གཞག་པའོ། །གཡོན་པས་ནི་མེ་ཏོག་གཞུ་དང་ཞེས་བྱ་བ་ཕྱག་གཡོན་པས་ན་མེ་
ཏོག་གིས་བརྒྱན་པའི་གཞུ་དང་མདའ་བསྣམས་པ་སྟེ། བཅོམ་ལྡན་འདས་འདོད་པའི་རང་བཞིན་བས་ན་མེ་ཏོག་དང་ལྡན་པར་བཤད་དེ་ཐབས་དང་ཤེས་རབ་ཏུ་ལྡན་པའི་རྟགས་ཏེ་གཞུ་ནི་ཐབས་སོ། །མདའ་ནི་ཤེས་རབ་བོ། །དེ་ཉིད་ཀྱིས་སེམས་ཅན་ལ་མི་གནོད་པས་ན་མེ་ཏོག་
དང་ལྡན་པའོ། །གཞན་དག་འཆད་པ་འདོད་པའི་ལྷའི་ལག་ཆ་མདའ་གཞུ་སྟེ་དེ་བཅངས་པ་ནི་འདོད་པའི་རང་བཞིན་དུ་བསྟན་ཏོ། །ཕྱག་ན་རྡོ་རྗེ་ནི་འདོད་པ་དང་ཁྲོ་བའི་རང་བཞིན་བསྟན་པའི་ཕྱིར་འཛུམ་པ་དང་བཞད་པའོ། །ཁྲོ་བའི་རང་བཞིན་བསྟན་པའི་ཕྱིར་མཆེ་བ་གཙིགས་
เล่ม ๕๖ · หน้า 229a
པ་དང་ཁྲོ་བར་བཅས་པའོ། །དེ་ནས་རི་མོ་དེའི་སྤྱན་སྔར་བཟླས་ཤིང་སྒྲུབ་པའི་ཆོ་ག་བསྟན་པ། དེ་ནས་ཆོས་ཞག་གཅིག་ནས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པའོ། །བཟླས་པའི་ཚེ་སྤྱན་དྲང་བ་དང་། བགེགས་བསྐྲད་པ་དང་། མཆོད་པ་བསང་བ་དང་།
བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་ལ་སོགས་པ་སྟེ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་བྱ་བ་ལ་སོགས་པ་བཟླས་པའི་ཆོ་ག་གཞུང་གཞན་ལས་འབྱུང་བ་རིམ་བཞིན་དུ་རྒྱས་པར་བྱས་ཏེ་སྒྲུབ་པ་པོ་ཉིན་རེ་ཞིང་བརྒྱ་སྟོང་བཟླས་པ་ནི་དུས་གཉིས་སམ་དུས་གསུམ་དུ་བཟླས་ཏེ། སྤྱིར་
བརྒྱད་སྟོང་གཉིས་འབུམ་བཟླས་པར་བགྱིའོ། །ཟས་གཙང་མ་ཡིད་བཞིན་དུ་ཟོས་ཏེ་ཞེས་བྱ་བ་གཙང་མ་ནི་ཤ་དང་ཆང་དང་སྒོག་བཙོང་ལ་སོགས་པས་སྦགས་པ་བཟའ་བར་མི་རིགས་པས་སྤང་བར་བྱའོ། །ཡིད་བཞིན་དུ་ཟོས་ཞེས་བྱ་བ་ནི་གཙང་མའི་ནང་ན་གང་འདོད་པ་
ཟོས་ཞེས་བྱ་བའི་དོན་ཏོ། །བཟླས་པའི་སྔགས་ནི་གོང་དུ་སྨོས་པའི་ཨོཾ་སུམྦྷ་ནི་ཞེས་བྱ་བ་ལ་སོགས་པའོ། །ཕྱི་རོལ་ལས་རྣམས་འགྲུབ་བྱ་བ། །ཞེས་བྱ་བ་ནོར་བཙལ་བ་དང་གདོན་བསྐྲད་པ་ལ་སོགས་པའོ། །ཧཱུཾ་ཞེས་བྱ་བ་གཉིས་ཀྱིས་ནི་ལས་ཐམས་ཅད་འགྲུབ་
པར་འགྱུར་རོ་ཞེས་པ་ཧཱུཾ་ཀ་རའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བྱས་ལ་ཆོ་ག་གོང་མ་བཞིན་དུ་ཟླ་བ་གཉིས་བཟླས་ན་རྒྱས་པ་དང་དབང་དུ་བྱ་བ་ལ་སོགས་པའི་ལས་འགྲུབ་པོ། །ཟླ་བ་ལྔས་ནི་ཡིད་བཞིན་དུ་སྣང་བ་དང་མི་སྣང་བར་འགྱུར་བའོ་ཞེས་སྣང་བར་འདོད་ན་ཡང་སྣང་ངོ་། །
ཟླ་བ་བརྒྱད་ཀྱིས་ཞེས་པ་ཆོ་ག་གོང་མ་བཞིན་དུ་ཟླ་བ་བརྒྱད་བཟླས་ན་ལྷ་དང་མི་ལ་སོགས་པར་རང་གི་གནས་ནས་གར་དགོས་པར་དགུག་པ་དང་། བཀུག་ནས་དཀྱིལ་འཁོར་ལ་སོགས་པ་གར་དགོས་པར་གནས་སུ་བཞུགས་པ་དང་གནས་སུ་བཅུག་ནས་དམ་ཚིག་ལ་སོགས་
པས་རང་དབང་དུ་མི་གཏོང་བར་བཅིང་བ་དང་བཅིངས་ནས་བདག་གི་དབང་དུ་འགྱུར་ཏེ་ལས་བྱའོ། །ཆོ་ག་ཀུན་བསྒོའོ། །ཟླ་བ་བཅུ་གཅིག་གིས་ནི་ས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་འཐོབ་པོ་ཞེས་པ་ཀུན་དུ་སངས་རྒྱས་པའི་ས་གཟུགས་ཀྱི་སྐུ་འཐོབ་པོ། །ཟླ་བ་བཅུ་གཉིས་ཀྱིས་
เล่ม ๕๖ · หน้า 229b
ནི་རྡོ་རྗེ་འཛིན་པར་འགྱུར་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྣམ་པར་སྣང་མཛད་ཆེན་པོའི་ངོ་བོ་ཉིད་ཡིན་པས་ན་ཀུན་དུ་སངས་རྒྱས་པའི་ས་པས་གོང་དུ་བཤད་དོ། །ཡང་གཅིག་ཏུ་སེམས་དཔའ་ཐམས་ཅད་ཀྱི་དང་པོ་ཉིད་རྡོ་རྗེ་སེམས་དཔའ་
ཡིན་པས་ཀུན་གྱི་མཆོག་ཏུ་ཡང་བཤད་དོ། །དེ་ནས་སྒྲུབ་པ་གཞན་ཏེ་ཞེས་པ་གོང་དུ་སྨོས་པ་ལྟ་བུའི་རས་ལ་དབུས་སུ་རྡོ་རྗེ་ཧཱུཾ་ཀ་ར་གོང་དུ་སྨོས་པ་ལྟ་བུ་བྲིས་ལ་དེའི་ཐད་ཀོར་དུ་ལྷ་ཆེན་པོ་ལ་སོགས་པ་རིག་པའི་རྒྱལ་པོ་རྣམས་དང་བར་སྣང་ལ་སྤྱོད་པའི་ཉི་མ་ལ་སོགས་པ་
དང་། ནམ་མཁའ་ལ་སྤྱོད་པ་དང་ས་འོག་མའི་ལྷ་རྣམས་ཀྱིས་བསྐོར་བ་བྲིས་ལ། དེ་ནས་དེའི་སྤྱན་སྔར་བཟླས་པའི་ཆོ་ག་རྫོགས་པར་བྱས་ལ་བདག་རང་ཧཱུཾ་ཀ་རའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་གནས་ནས་ཅི་ནུས་པ་གྲངས་མེད་པར་བཟླས་ཏེ་ཟླ་བ་གཅིག་ལོན་ནས་
ཚེས་ཉི་ཤུ་དགུའི་མཚན་མོ་མཆོད་པ་ཁྱད་པར་དུ་རྫོགས་པར་བྱས་ནས་བསྒྲུབ་པོ། །དེ་ནས་སྒྲུབ་པ་གཞན་འབྱུང་སྟེ། །ཞེས་པ་རས་ལ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་ཀ་ར་དེ་བཞིན་དུ་དབུས་སུ་བྲིས་ནས་མཐའ་མ་ཁོ་ར་ཁོར་ཡུག་ཏུ་ལྷ་ཆེན་པོ་ལ་སོགས་པའི་བཙུན་མོ་གསེར་མདངས་
ལ་སོགས་པ་ལྷ་མོ་རྣམས་ནས་ཀླུའི་ཆུང་མའི་བར་དུ་ཐམས་ཅད་ཀྱི་གཟུགས་བྲིས་ལ། རང་རང་གི་ཕྱག་རྒྱ་འཁོར་ལོ་དང་རྡོ་རྗེ་ལ་སོགས་པ་ལག་ན་ཐོགས་ཤིང་ཕྱག་རྒྱ་མངོན་དུ་ཕྱུངས་ཏེ་མི་སྡུག་པའི་གཟུགས་བྲིའོ། །འདི་ནི་རྟོག་པ་འདིར་བྲིས་པ་བཞིན་ནོ་ཞེས་པ་འདི་ལྟ་བུའི་
འཇིགས་སུ་རུང་བའི་གཟུགས་འདི་ནི་རྟོག་པ་ལས་ཀྱང་འདི་ལྟ་བུའི་འཇིགས་པ་ཡོད་དོ་ཞེས་འབྱུང་བར་སྔ་ནས་ཞེས་པ་ན་འདིས་ནི་མི་འཇིགས་སོ་སྙམ་དུ་བསམ་མོ། །དེ་ནས་ཆོ་ག་གཞན་ཏེ་རས་ལ་བཅོམ་ལྡན་འདས་དེ་བཞིན་དུ་བྲིས་ལ་ཞེས་པ་གོང་དུ་སྨོས་པ་ལྟ་བུ་ལ་བཅོམ་ལྡན་
འདས་རྡོ་རྗེ་ཧཱུཾ་ཀ་ར་ཕྱག་བཞི་པ་བྲིས་ཏེ་ཉིན་རེ་ཞིང་བརྒྱ་སྟོང་དུ་བཟླས་ན་ཟླ་བ་བཅུ་གཉིས་ལོན་པའི་ནུབ་མོ་ཐ་མ་ལ་རྡོ་རྗེ་འཛིན་ཉིད་དུ་འགྱུར་བ་འཐོབ་པོ། གཞན་ཡང་བསྒྲུབ་པར་བྱ་བ་ཕྱག་ན་རྡོ་རྗེའི་སྤྱན་སྔར་འབུམ་ཟློས་ཤིག་དེ་ལྟར་བསྙེན་པ་བྱས་ནས་ཞི་བ་དང་རྒྱས་པ་ལ་སོགས་
เล่ม ๕๖ · หน้า 230a
པ་ཀུན་ཕྱག་ན་རྡོ་རྗེས་མཛད་དོ། །ཅི་འདོད་པར་ཡམ་ཤིང་ཐམས་ཅད་ཀྱིས་ཞེས་བཞི་པ་དང་རྒྱས་པའི་ཡམ་ཤིང་གང་ཡང་རུང་བ་སྔགས་ལ་ཅི་འདོད་པ་ལས་བསྲེག་གོ། །དེ་ནས་རྡོ་རྗེ་ཧཱུཾ་ཞེས་བྲིས་ལ་ཞེས་པ་རྡོ་རྗེ་ཧཱུཾ་ཀ་ར་ལས་གོང་མ་བཞིན་དུ་བྲིས་ལ་དེའི་སྤྱན་སྔར་ལོ་
གཅིག་གི་བར་དུ་ཅི་ནུས་གྲངས་ངེས་པ་མེད་པར་མང་དུ་ཟློས་ཤིག །དེ་ནས་ནུབ་གཅིག་སྨྱུང་སྟེ་མཚན་ཐལ་བྱུང་བ་སྒྲུབས་ན་གྲུབ་པ་མཆོག་ལ་སོགས་པ་རྡོ་རྗེ་ཧཱུཾ་ཀ་ར་ཉིད་ཀྱིས་སྩོལ་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱན་སྔར་རྡོ་རྗེ་ཧཱུཾ་ཞེས་པའི་ཕྱག་རྒྱ་བཅིངས་
ལ་ཞེས་པ་རྣམ་པར་སྣང་མཛད་རི་མོར་བྲིས་པའི་སྤྱན་སྔར་རྡོ་རྗེ་ཧཱུཾ་ཀ་རའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་བདག་རང་བྱས་ལ། དེ་ཉིད་ཀྱི་ལག་པའི་ཕྱག་རྒྱ་ཡང་བཅིངས་ནས་བཟླས་སོ། །རིག་པས་དབང་བསྐུར་བར་བྱ་བར་འདོད་ན་ཞེས་པ་རིག་པ་ནི་སྔགས་ཀྱི་ལྷ་རྣམས་ལ་བྱའོ། །
ཨོཾ་སུམྦྷ་ཞེས་བྱ་བ་ལ་སོགས་པའི་སྙིང་པོ་གོང་དུ་སྨོས་པས་མར་ལ་བསྔགས་ཤིང་གཟུགས་ཀྱི་སྤྱི་བོ་ནས་བླུགས་ཤིང་དབང་བསྐུར་བ་བྱས་ན་དེའི་རྒྱུ་མཐུན་པའི་ལས་ཀྱི་འབྲས་བུ་ཕྱི་ནང་གི་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་བདག་པོར་འགྱུར་ཏེ་ཕྱག་ན་རྡོ་རྗེ་དང་འདྲ་བ་འཐོབ་བོ། །ཕྱག་གཉིས་
བརྐྱང་སྟེ་རྡོ་རྗེ་འཛིན། །ཞེས་པ་རྡོ་རྗེ་ཧཱུཾ་ཀ་རའི་སྐུ་གཟུགས་ཕྱག་བཞི་པ་གོང་མ་བཞིན་ལས་ཕྱག་གཉིས་ན་རྡོ་རྗེ་རེ་རེ་བསྣམས་ཏེ། ཕྱག་ཐད་ཀར་གྱེན་དུ་བསྒྲེང་བའོ། །དེ་བཞིན་དུ་ཕྱག་བརྐྱང་བ་ཞེས་པ་རྡོ་རྗེ་ཧཱུཾ་ཀ་རའི་ཕྱག་གྱེན་དུ་བརྐྱང་བ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་ཕྱག་ཀྱང་
གྱེན་དུ་བརྐྱང་ལ་རྡོ་རྗེ་འཛིན་པར་བྱའོ། །གཟུགས་དེ་ཞིགས་ཀྱི་བར་དུ་སྙིང་པོ་གོང་དུ་སྨོས་པ་བཟླས་ཤིང་བཀྲུའོ། །ཡིད་བཞིན་དུ་ཞེས་བྱ་བ་ནི་ནམ་འདོད་པ་ན་མི་སྣང་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །གཡས་པར་རྡོ་རྗེ་ཧཱུཾ་ཞེས་པ་རྡོ་རྗེ་ཧཱུཾ་ཀ་རའི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་བཅིངས་
ལ་མཛུབ་མོ་བསྒྲེང་པ་སྙིང་གར་གཞག་པའོ། །ཐམས་ཅད་དུ་འགྲོ་བར་འགྱུར་རོ་ཞེས་བྱ་བ་མཐོ་རིས་དང་ནམ་མཁའ་དང་རྩིག་པ་དང་རི་ལ་སོགས་པར་ཐོགས་པ་མེད་པར་འགྲོའོ། །ཐམས་ཅད་དུ་འགྲོ་བ་གྲུབ་པ་འོག་ནས་འབྱུང་བ་ཀུན་ཀྱང་དོན་དེ་ལྟར་བལྟའོ། །དཀྱིལ་
เล่ม ๕๖ · หน้า 230b
འཁོར་མཐོང་བར་དུས་གསུམ་དུ་ཁྲུས་བྱས་ཞེས་པ་དཀྱིལ་འཁོར་གོང་དུ་སྨོས་པ་རྣམས་སུ་ཆོ་ག་བཞིན་དུ་ཞུགས་ནས་དམ་ཚིག་ཅན་དུ་གྱུར་པའོ། །རྡོ་རྗེ་འཛིན་མའི་ཕྱག་རྒྱ་ནི་གོང་དུ་སྨོས་པ་ཉིད་དོ། །རྣོ་ལྕགས་ཀྱི་མཚོན་ཆས་དེར་རྡོ་རྗེ་བྲིས་ལ་ཞེས་པ་ལྕི་བའི་དཀྱིལ་འཁོར་དེ་ལ་
རྡོ་རྗེ་རྩེ་ལྔ་པ་བྲིའོ། །བཅོམ་ལྡན་འདས་མཐོང་ངོ་ཞེས་པ་ནི་ཕྱག་ན་རྡོ་རྗེ་ཉིད་མངོན་དུ་གཤེགས་ཏེ་མཐོང་བའོ། །རྡོ་རྗེ་རས་སམ་རྩིག་པའམ། །ཞེས་པ་རྡོ་རྗེ་རྩེ་ལྔ་པ་རི་མོར་བྲིས་ལ་དེ་ལ་མཆོད་པ་རྣམ་པ་ལྔ་པོས་ཅི་ནུས་སུ་མཆོད་དོ། །གཟུང་དུ་བདེ་བ་ན་རྡོ་རྗེ་ཁུ་ཚུར་གྱིས་གཟུང་ངོ་། །གཟུང་
དུ་མི་བདེ་ན་ཡང་རྡོ་རྗེ་ཁུ་ཚུར་གྱིས་གཟུང་བ་ལྟ་བུར་རིག་པར་བྱའོ། །བདེ་བ་ཡང་ཡིད་བདེ་བ་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་བྱ་བ་བདེ་བ་ནི་ལུས་ཀྱི་བདེ་བའོ། །ཡིད་བདེ་བ་ནི་སེམས་ཀྱི་བདེ་བའོ། །རྡོ་རྗེ་ཁུ་ཚུར་གྱིས་རལ་གྲི་བཟུང་ལ་ཞེས་པ་ལོ་གཅིག་གི་བར་དུ་དུས་
གསུམ་དུ་སྙིང་པོ་གོང་དུ་སྨོས་པ་ཅི་ནུས་པར་བཟླས་ལ་ལོ་གཅིག་ལོན་ནས་མཚན་ཐལ་བྱུང་བཟླས་ཏེ་བསྒྲུབས་ན་རིག་འཛིན་གྱི་རྒྱལ་པོར་འགྱུར་རོ། །རིག་འཛིན་ནི་འདོད་པའི་ཁམས་ཀྱི་ལྷ་ནམ་མཁའ་ལ་རྒྱུ་ཞིང་བདེ་བའི་ལོངས་སྤྱོད་དང་ལྡན་པ་སྟེ། རང་གི་ལས་ཀྱི་
རྣམ་པར་སྨིན་པས་དེར་སྐྱེས་པ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་གྲུབ་པས་སྐྱེས་པ་སྟེ། དེ་དག་གི་བདག་པོ་ནི་རིག་འཛིན་གྱི་རྒྱལ་པོ་ཡིན་ནོ། །འཁོར་ལོའི་དཀྱིལ་འཁོར་བྲིས་ལ་ཞེས་པ་དཀྱིལ་འཁོར་འཁོར་ལོ་ལྟ་བུར་ཟླུམ་པོར་བྲིས་ཏེ།
ཕྱག་ན་རྡོ་རྗེ་དབུས་སུ་བཞུགས་པའི་སྤྱན་སྔར་ལྕགས་ཀྱི་འཁོར་ལོ་ལག་ཏུ་ཐོགས་ནས་མཚན་ཐལ་བྱུང་བསྒྲུབ་པོ། །འདི་ཡང་སྔར་བསྙེན་པ་ནི་ཆོ་ག་བཞིན་དུ་བྱས་ནས་གདོང་བསྒྲུབ་པར་བྱའོ། །དེ་ནས་ཀྱོ་བ་ཏང་སྒྲུབ་པར་འདོད་པས་ཞེས་པ་སྔར་བསྙེན་པའི་མཚན་མའམ་
གྲངས་སམ་དུས་ཀྱིས་རྫོགས་པར་བྱས་ནས་ཕྱག་ན་རྡོ་རྗེ་རི་མོར་བྲིས་པའི་སྤྱན་སྔར་བསྒྲུབ་པོ། །དེ་ནས་ལྷ་ལ་སོགས་པ་དགུག་པ་འབྱུང་སྟེ་ཞེས་པ་ལྷ་ཆེན་པོ་ལ་སོགས་པ་རིག་པའི་རྒྱལ་པོ་དང་བར་སྣང་ལ་སོགས་པའི་ནམ་མཁའ་ལ་སྤྱོད་པ་གོང་དུ་སྨོས་པ་གང་ཡང་རུང་བའོ། །
เล่ม ๕๖ · หน้า 231a
དེ་ནས་མ་རྣམས་ཐམས་ཅད་དབང་དུ་བྱ་བར་འདོད་པས་ཞེས་པ་ལྷ་ཆེན་པོ་ལ་སོགས་པའི་ཆུང་མའི་གཟུགས་བྱས་ཏེ་སྙིང་གར་རྡོག་པས་མནན་ལ་བཟླས་སོ། །དེ་ཡང་སྔར་བསྙེན་པ་བྱ་བ་ནི་གོང་མ་བཞིན་ནོ། །ཚོགས་ཀྱི་བདག་པོར་བཅུག་ཅིང་དེ་དག་གིས་མཆོད་དེ་
ཞེས་བྱ་བ་ནི་ལྷ་ཆེན་པོའི་འཁོར་ཚོགས་མང་པོའི་བདག་པོར་བཅུག་སྟེ་འཁོར་དེ་དག་གིས་སྔགས་པ་དེ་ལ་མཆོད་པར་བྱེད་དོ། །སྔོན་མ་བྱུང་བའི་དོན་ནི་མི་ལ་མེད་པའི་མཐོ་རིས་ཀྱི་རྫས་ལ་སོགས་པའོ། །འདི་ལྟ་བུའི་རྣལ་འབྱོར་ཡང་གཏེར་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་བསྒོམས་
པས་ཁྲོ་བོ་ཞེས་བྱ་བ་ལྷ་ཆེན་པོའི་གནས་སུ་ཡང་དེས་ཁྲིད་ཅིང་སླར་ལྡོག་གོ། །དེ་ལ་སུས་ཅུང་ཟད་ཀྱང་བྱེད་དུ་མི་ནུས་སོ་ཞེས་པ་ལྷ་དང་མི་ལ་སོགས་པ་སུས་ཀྱང་གནོད་པ་བྱེད་མི་ནུས་སོ་ཞེས་པའི་དོན་ཏོ། །ཕྱག་ན་རྡོ་རྗེ་ལས་ལྷ་མོའི་ལུས་མཐོང་གི་བར་དུ་སྟེ་ཞེས་པ་ཕྱག་ན་རྡོ་རྗེའི་
སྐུ་ལ་ལྷ་མོ་ཤིན་ཏུ་མཛེས་པའི་ལུས་འབྱུང་བ་མཐོང་ངོ་། །དེ་འབྱུང་བ་མཐོང་ན་ལྷ་མོ་དེ་ལ་གུད་དུ་མ་འགྲོ་མ་འགུལ་ཅིག་ཅེས་བསྒོའོ། །དེ་ལྟར་གྲུབ་པས་ན་བྱ་བ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་མཚོ་དབྱངས་མ་དབང་དུ་བྱ་བར་འདོད་ན་ཞེས་པ་མཚོ་དབྱངས་མ་ནི་འཇིག་རྟེན་པའི་ངག་
ལ་དབང་ཐོབ་པར་འགྱུར་བའི་ལྷ་སྟེ་དེ་སྒྲུབ་པ་ཡང་རྡོ་རྗེ་ཧཱུཾ་ཀ་ར་རི་མོར་བྲིས་པའི་སྤྱན་སྔར། ཨོཾ་སུམྦྷ་ནི་སུམྦྷ་ཞེས་བྱ་བའི་སྙིང་པོ་གོང་དུ་སྨོས་པའི་ཡི་གེ་དེ་ཕྲེང་བར་བྱས་ལ་འབྲུམ་བུ་རེ་རེ་ཞིང་གཅིག་བཞག་གཅིག་བཀླགས་ཏེ་ཉིན་རེ་ཞིང་དུས་གསུམ་དུ་དུས་གཅིག་ཀྱང་བརྒྱ་སྟོང་བཟླས་སོ། །
ཡི་གེ་བསྣོར་ཅིང་བཀླག་པ་ནི་ཚིག་ལ་དབང་ཐོབ་པར་བྱ་བའི་དོན་དུ་སྟེ་མཚོ་དབྱངས་མ་ཚིག་ལ་དབང་དུ་གྱུར་པའི་ལྷ་ཡིན་པའི་ཕྱིར་དེ་དང་རྗེས་སུ་མཐུན་པར་བསྒྲུབ་པོ། །སྲོ་ཏ་ཨ་ཛ་ན་བླངས་ལ་འཇོམས་པའི་སྟེང་དུ་བཞག་ནས་ཞེས་པ་སྲོ་ཏ་ཨ་ཛ་ན་ནི་རྡོ་ཁ་དོག་ནག་པོ་མཆོག་ལྷོ་ནི་ཕྱོགས་ཀྱི་
ཆུ་ནར་མ་ནར་ཏེའི་ཕུ་ཁྲོན་པའི་ནང་ནས་བླངས་ཏེ། ནར་མ་ནར་ཏེའི་ཆུ་མ་རྒལ་བཟང་ངོ་ཞེས་སློབ་དཔོན་ཁ་ཅིག་གིས་བཤད་དེ་ཞིབ་ཏུ་རབ་ཏུ་གྲུབ་པར་བྱེད་པའི་གཞུང་ལས་འབྱུང་བའི་མཚན་ཉིད་དང་སྦྱར་རོ། །འཇོམས་པ་ནི་ཤེས་རབ་ཀྱིས་སྒྲིབ་པ་ཐམས་ཅད་རབ་ཏུ་འཇོམས་པ་སྟེ། དེའི་
เล่ม ๕๖ · หน้า 231b
མཚན་མ་ཕྱག་རྒྱ་པདྨོ་ལ་སོགས་པའི་སྟེང་དུ་སྒྲུབ་པའི་རྫས་བཞག་སྟེ་བསྒྲུབ་པོ། །བྷ་ག་ཞེས་བྱ་བའི་ཚིག་དེ་འཇིག་རྟེན་པ་ཁ་ཅིག་གིས་མོ་མཚན་ལ་བྱ་བ་སྐད་དུ་ཡང་འདྲེན་མོད་ཀྱི་དེ་ལྟ་མ་ཡིན་ཏེ་དཔལ་དམ་པ་དང་པོའི་རྒྱུད་ལས། བྷ་ག་ཞེས་བྱ་བ་ནི་ཉོན་མོངས་པ་བཅོམ་པ་སྟེ་ལྷའི་རང་གི་
རྣམ་པར་གྲོལ་བའི་མཚན་མ་ཕྱག་རྒྱ་ལ་ཞེས་བྱ་བ་འབྱུང་བས་ན་མོ་མཚན་ལ་མི་བྱའོ། །གྲུབ་པ་རྣམ་གསུམ་བྱུང་གི་བར་དུ་བཟླས་སོ་ཞེས་པ་དྲོ་བ་དང་དུད་པ་འབྱུང་བ་དང་འབར་བའོ། །གཅིག་གིས་ཞེས་པ་ནི་དྲོ་བས་སོ། །གཉིས་པས་ཞེས་པ་ནི་དུད་པ་འབྱུང་བས་སོ། །གསུམ་པ་
ཞེས་བྱ་བ་ནི་འབར་བ་སྟེ་སྒྲུབ་པོ་དེ་ཡང་སྔར་བསྙེན་པ་ཚུལ་བཞིན་དུ་བྱས་ལ་ནུབ་གཅིག་སྒྲུབ་པའི་མཚན་ཐལ་བྱུང་བཟླས་པའི་ཆོ་ག་དང་སྦྱར་རོ། །གུར་གུམ་ལ་སོགས་པ་འབྱུང་སྟེ། །ཞེས་བྱ་བ་གུར་གུམ་དང་ལྡོང་རོས་དང་བ་བླ་གང་ཡང་རུང་བ་འཇོམས་པ་ཞེས་བྱ་བ་ཤེས་རབ་ཀྱི་
མཚན་མ་པདྨོའི་ཕྱག་རྒྱའི་སྟེང་དུ་བཞག་ལ། རྡོ་རྗེ་འཛིན་མའི་ཕྱག་རྒྱ་གོང་དུ་སྨོས་པས་མནན་ཏེ་བསྒྲུབ། དེ་ནས་བཉྫི་ཀ་སྒྲུབ་པ་སྟེ། ཞེས་པ་ས་ལ་བཉྫི་ཀ་གནོད་སྦྱིན་མོའི་གཟུགས་གང་ན་ཡོད་པ་དེར་བསྒྲུབ་པོ། །ལག་པ་གཡོན་པས་རང་གི་མཚན་མ་དེ་བཟུང་ལ་ཞེས་པ་གྲོང་
བར་གྱི་ཕྱག་དར་ཕུང་པོ་དེ་མེས་བཏང་ལ་ལག་པ་གཡོན་པས་རང་གི་ཡེ་ཤེས་ཀྱི་མཚན་མ་རྡོ་རྗེ་བཟུང་ལ་ནས་སམ་འབྲས་ཀྱི་གཟེགས་མ་བསྲེག་གོ། །དེ་ནས་ཅི་བགྱི་བསྒྲུབ་པར་འདོད་པས་ཞེས་པ་གནོད་སྦྱིན་ལ་སོགས་པ་བཀའ་ཐམས་ཅད་ཉན་པའི་གཡོགས་པོར་སྒྲུབ་པའོ། །
དེ་ཡང་བསྒྱེལ་ཅིང་སླར་ཡང་འདུག་གོ་ཞེས་པ་ལྷ་མོ་དེ་རང་གི་གནས་སུ་གཡོན་པས་བསྒྱེལ་ཞིང་སླར་ཡང་སྔགས་པའི་བརྟུལ་ཞུགས་བྱ་བར་འདོད་པ་ཞེས་པ་སྔགས་པ་གང་རྩོལ་བ་མང་དུ་བྱ་སྟེ། བསྒྲིབས་ཀྱང་གྲུབ་པ་ཐོབ་པ་དེས་རིག་པའི་བརྟུལ་ཞུགས་བྱས་ན་མྱུར་དུ་
འགྲུབ་སྟེ། བརྟུལ་ཞུགས་བཅོ་བརྒྱད་འོག་ནས་འབྱུང་བ་རྣམས་ལས་ཞག་བཅུ་ཞིང་བརྗེས་ཏེ་སྤྱད་དོ། །དེ་ནས་ཉིན་རེ་ཞིང་བཅོ་བརྒྱད་ཀྱི་བར་དུ་ཞེས་པ་སྟེ་དེ་ཡང་གྲུབ་པར་དཀའ་ན་ཉི་མ་བཅོ་བརྒྱད་ཀྱི་བར་དུ་རིག་པའི་བརྟུལ་ཞུགས་བཅོ་བརྒྱད་རྣམས་ཉིན་རེ་ལན་རེ་བསྣོལ་བས་སྔར་
เล่ม ๕๖ · หน้า 232a
བསྙེན་པའི་སྤྱད་པ་བྱའོ། །ལས་ཐམས་ཅད་འགྲུབ་པར་འགྱུར་བ་ནི་ཞི་བ་དང་རྒྱས་པ་དང་དབང་དང་མངོན་པར་སྤྱད་པ་སྟེ་རྡོ་རྗེ་ཧཱུཾ་ཀ་རའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་བྱས་ལ་ཧཱུཾ་ཞེས་པའི་སྙིང་པོ་ཡི་གེ་འབྲུ་གཅིག་པ་ཐང་ཅིག་བརྗོད་པས་སོ། །དེ་ལ་རིག་པའི་བརྟུལ་
ཞུགས་བཅོ་བརྒྱད་ནི་སློང་མོ་ལ་ཟ་བ་དང་ལན་ཅིག་ལས་མི་ཟ་བ་དང་། འབྲས་བུ་གཅིག་ཟ་བ་དང་། ཐལ་བ་ཟ་བ་དང་། ཆུ་འབའ་ཞིག་འཐུང་བ་དང་། ལྕི་བ་ཟ་བ་དང་། བའི་གཅིན་འཐུང་བ་དང་། ཤུན་པ་ཟ་བ་དང་། འབྲས་བུ་ཟ་བ་དང་། མེ་ཏོག་ཟ་བ་དང་། ཐང་བུ་ལ་ཉལ་བ་
དང་། ཕྱུགས་ཀྱི་རྨིག་རྗེས་སུ་ཉལ་བ་དང་། རྩ་བ་དང་འོ་མ་འཐུང་བ་དང་། རླུང་ཟ་བའོ། །མ་སྨྲས་མ་ཉམས་པའི་མི་རོ་བླངས་ལ་ཞེས་པ་མི་རོ་མཚོན་གྱིས་མ་སྨས་པ་ནད་དྲག་པོས་ཡུན་རིང་པོས་ལུས་ཉམས་ཤིང་གཞུད་པར་མ་གྱུར་པ་འཕྲལ་ལ་ཤི་བའི་རོའོ། །དབུགས་
བྱུང་གི་བར་དུ་བཟླས་ན་ཞེས་པ་རོ་ཉིད་ལ་མང་དུ་བཟླས་ན་དབུགས་འབྱུང་ངོ་། །དེ་བཞིན་གཤེགས་པའི་སྐུར་འགྱུར་རོ། །ཞེས་པ་མི་རོ་དེ་ཉིད་དེ་བཞིན་གཤེགས་པའི་སྐུར་འགྱུར་ཏེ་སེམས་དང་ཡང་བཅས་པ་དེ་ཕྲག་པ་ལ་ཁྱེར་ན་འགྲུབ་པོ། །འཇིག་རྟེན་གྱི་ཁམས་རབ་འབྱུང་
ཞེས་པ་འཇིག་རྟེན་གྱི་ཁམས་དེར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་རབ་ཏུ་སྐྱེ་ཞིང་འབྱུང་བའི་ཕྱིར་དེ་ནས་མ་བསྒྲུབས་ཀྱང་དཀྱིལ་འཁོར་མཐོང་བས་ལས་སུ་འགྱུར་བ་ཞེས་བྱ་བ་གོང་དུ་སྨོས་པ་འདྲ་བ་བསྒྲུབ་པའི་ཆོ་ག་མ་བྱས་ཀྱང་དཀྱིལ་འཁོར་དུ་ཆོ་
ག་བཞིན་དུ་ཞུགས་ལ་སྔར་བསྙེན་པ་བཟླས་པ་མང་དུ་བྱས་ན་འོག་ནས་འབྱུང་བའི་ལས་རྣམས་འགྲུབ་པར་འགྱུར་རོ། །འདི་ལྟ་སྟེ་ཐང་ཅིག་བརྗོད་པ་ནི་ཞེས་པ་སྔར་བསྙེན་པ་མང་དུ་བྱས་ན་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྣལ་འབྱོར་དུ་བྱས་པས་སྙིང་
པོ་གོང་དུ་སྨོས་པ། །ཨོཾ་སུམྦྷ་ནི་ལ་སོགས་པ་ཅིག་བརྗོད་པས་བདག་ལ་སོགས་པ་སྲུང་བར་འགྱུར་རོ། །བསྟན་པར་ལྟ་བས་མཚམས་བཅད་ན། །ཞེས་པ་མཚམས་ཇི་ལྟར་བཅད་པ་བཞིན་དུ་ཁྲོ་བོའི་ལྟ་བ་ཁྲོ་གཉེར་གཙིགས་ལ་ངོམ་ཟུམ་ནག་པོར་བསྡུས་
เล่ม ๕๖ · หน้า 232b
ཏེ་བལྟ་བའོ། །དབབ་པ་ནི་རེག་པ་དང་མ་རེག་པ་ཞེས་བྱ་བ་རལ་གྲི་ལ་སོགས་པ་ལག་པ་ནས་བཟུང་སྟེ་འམ་ལག་པས་མ་རེག་པར་མིག་གིས་བལྟ་སྟེ་དེར་དབབ་པར་བྱ་བ་ནི་རང་གི་ལྷའམ་ལྷ་གཞན་ནམ་ཡི་དྭགས་ལ་སོགས་པ་གང་ཡང་རུང་བར་བསྐུལ་བའི་ཚིག་དང་
སྔགས་པས་གང་ལ་དམིགས་པ་དེ་འབབ་པར་འགྱུར་རོ། །འབབ་པ་ཡང་སྔགས་པ་མཐུ་ཆེན་རལ་གྲི་ལ་སོགས་པ་ནམ་མཁའ་ལ་འཕར་ཞིང་སྨྲར་གཞུག་པའི་ཆོ་ག་བྱས་ན་དེ་དག་ཉིད་ལས་ལེགས་ཉེས་ཅིར་འགྱུར་བའི་སྒྲ་ཡང་འབྱུང་ངོ་། །སྔགས་པ་མཐུ་ཆུང་ན་བབ་པའི་ཚེ་གཡོ་
ཞིང་འགུལ་བ་ཙམ་དུ་འགྱུར་རོ། །རལ་གྲི་དང་མེ་ལོང་དང་མཐེ་བོང་དག་ལ་བབས་ན་ཅིར་འགྱུར་བ་གཟུགས་བརྙན་དུ་ཡང་སྣང་བར་འགྱུར་རོ། །དབབ་པའི་ཕྱག་རྒྱ་ནི་འོག་ནས་བསྟན་ཏོ། །ཞི་བར་བྱ་བ་ནི་ཧཱུཾ་ཞེས་པས་སོ། །རྡོ་རྗེ་ཧཱུཾ་ཀ་རའི་རྣལ་འབྱོར་དུ་བྱས་ལ་ཧཱུཾ་ཞེས་པའི་སྙིང་པོ་བརྗོད་དོ། །རྡོ་རྗེ་ཧཱུཾ་ཞེས་པའི་ཕྱག་རྒྱས་
ནི་ཞེས་བྱ་བ་ཧཱུཾ་ཀ་རའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་བྱས་ལ་ཧཱུཾ་ཀ་རའི་ཕྱག་རྒྱ་གོང་དུ་སྨོས་པ་བཅིངས་པས་སེམས་ཅན་གནོད་པར་བྱེད་ཅིང་རྒོལ་བ་ཐམས་ཅད་མནན་ཏེ་འཕུང་བར་བྱེད་དོ། །དཔེར་ན་དགྲ་མདའ་འཕེན་པ་ལ་སྦྱོར་བ་འདི་བྱས་ན་མདའ་གཞུ་འགེངས་བཞིན་དུ་འཕུམས་ཏེ་
འདུག་གོ། །རྡོ་རྗེ་སྒྲོག་གི་ཕྱག་རྒྱས་ནི། །ཞེས་པ་སྒྲོག་གི་ཕྱག་རྒྱ་བཀྲོལ་བས་ཐར་པར་འགྱུར་ཏེ་ཕྱག་རྒྱ་ནི་འོག་ནས་འཆད། ཧེ་རུ་ཀ་རྡོ་རྗེའི་ཕྱག་རྒྱ་ཡང་འོག་ནས་འཆད། སྐྲ་ལས་བཟུང་སྟེ་བསླང་པས་ཞེས་པ་དུག་ལངས་པའི་མི་སྔགས་པས་རྡོ་རྗེ་བཅིངས་པའི་ཕྱག་རྒྱས་དུག་ལངས་པའི་སྐྲ་
ལས་བཟུང་སྟེ་བསླང་ལ་སྔགས་པ་རྡོ་རྗེ་ཧཱུཾ་ཀ་རའི་རྣལ་འབྱོར་ལ་གནས་ཤིང་རྡོ་རྗེ་ཧཱུཾ་ཞེས་པའི་སྙིང་པོ་གོང་དུ་སྨོས་པ་ཨོཾ་སུམྦྷ་ལ་སོགས་པ་ལན་ཅིག་བརྗོད་པས་དུག་རབ་ཏུ་མཆེད་པ་སླར་མནན་པ་དང་། དུག་བག་ལ་ཉལ་ཞིང་འཁྱིལ་པ་བསླང་བ་དང་དུག་ལངས་པ་ཞི་སྟེ་མིད་པར་བྱ་བ་དང་དུག་
གཅིག་ནས་གཅིག་ཏུ་སྤོ་བ་དང་། དུག་དེ་ཉིད་དུ་གཏན་ནས་ཞི་བར་བྱ་བ་དང་། དུག་གིས་ཟིན་པ་ལས་སླར་གསོ་བ་ལ་སོགས་པ་ཀུན་བྱེད་དོ། །གཏེར་དབྱུང་བ་ནི་ཞེས་པ་བསྙེན་པ་མང་དུ་བྱས་ནས་གང་ན་གཏེར་ཡོད་པར་གྲགས་པའི་ས་ཕྱོགས་སུ་བུམ་པ་ཆུས་བཀང་སྟེ་རྡོ་རྗེ་ཧཱུཾ་ཞེས་པའི་
เล่ม ๕๖ · หน้า 233a
མཛུབ་མོས་མནན་ལ་གུ་གུལ་གྱིས་བདུག་སྟེ་ཨོཾ་སུམྦྷ་ལ་སོགས་པའི་སྙིང་པོ་བཟླས་སོ། །རྡོ་རྗེ་ཧཱུཾ་ཞེས་པའི་མཛུབ་མོ་ནི་ལག་པ་གཡས་པ་རྡོ་རྗེ་ཁུ་ཚུར་བཅངས་ལ་མཛུབ་མོ་བསྒྲེང་བའོ། །དེ་སྟེ་གཏེར་ཡོད་ན་ཆུ་ལུད་དེ་ས་ལ་འབོའོ། །དེ་སྟེ་མེད་ན་མི་འབོ་བར་འཁྱིལ་ཞིང་འདུག་གོ། །
འོག་གི་གནས་སུ་ནི་ཞེས་པ་ལྷ་མ་ཡིན་གྱི་ཕུག་ལ་སོགས་པ་སའི་འོག་གི་གནས་སུ་འགྲོ་ན་རྡོ་རྗེ་ས་འོག་གི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་ཧཱུཾ་ཞེས་པའི་སྙིང་པོ་བཟླས་ཏེ་ཕུག་ཏུ་ཞུགས་ན་བར་དུ་བགེགས་བྱེད་པའི་འཁྲུལ་འཁོར་དང་རང་ཐག་ཐམས་ཅད་བཅོམ་ནས་བགེགས་མེད་པར་
འགྱུར་རོ། །ཕྱག་ན་རྡོ་རྗེའི་སྤྱན་སྔར་ཞེས་པས་ནོར་བུ་རིན་པོ་ཆེ་རྡོ་རྗེ་ལ་སོགས་པ་ལ་བྱའོ། །ལོངས་སྤྱོད་དགུག་པ་ནི་སྟོང་ཕྲག་བརྒྱ་བཟླས་པས་སོ་ཞེས་པ་རྣམ་ལྔའི་ལོངས་སྤྱོད་དང་ལྡན་པར་འདོད་ན། དེ་ཉིད་ཀྱི་དོན་དུ་དམིགས་ཏེ་ཨོཾ་སུམྦྷ་ལ་སོགས་པའི་སྙིང་པོ་འབུམ་བཟླས་
པས་ཁུགས་སོ། །དགུག་པའི་རྡོ་རྗེ་ཀྱོ་བ་ཏང་གི་ཕྱག་རྒྱས་ཞེས་པ་སེམས་ཅན་གང་ཡང་རུང་བའམ། རིང་པོ་ནས་དགུག་པར་བྱས་ན་རྡོ་རྗེ་ཀྱོ་བ་ཏང་གི་ཕྱག་རྒྱ་བཅིངས་ཏེ་གོང་དུ་སྨོས་པའི་སྙིང་པོ་དུས་གསུམ་དུ་ཟླ་བ་བཞིའི་བར་དུ་བཟླས་སོ། །ཕྱག་རྒྱ་ནི་འོག་ནས་འབྱུང་བ་མན་ཆད་
ཀྱང་ཕྱག་རྒྱའི་མིང་གིས་སྨོས་སུ་བདེ་བ་རྣམས་འཕྲལ་དུ་སྨོས་སོ། །འཕྲལ་དུ་སྨོས་སུ་མི་བདེ་བ་རྣམས་ནི་ཕྱག་རྒྱའི་མཚན་ཉིད་འོག་ནས་ཅིག་ཅར་དུ་བཤད་ཀྱིས་དེ་ནས་འབྱུང་བར་རིག་པར་གྱིས་ཤིག །ཆུ་མནན་པ་ནི་ཞེས་པ་རྡོ་རྗེ་བཅིང་བའི་ཕྱག་རྒྱ་བྱས་ལ། ཆུ་ལ་རྡོ་རྗེ་བསམ་
ཞིང་བཟླས་ན་མི་འབྱིང་བར་འགྲོ་བར་རུང་བར་རོ། །མེ་མནན་པ་ནི་ཚིག་པར་འགྱུར་བའི་མཐུ་མེད་པར་བྱ་བའོ། །ལོ་ཐོག་སྲུང་བ་ནི་རྡོ་རྗེ་ལྟ་བ་སྟེ་ཞེས་པ་རྡོ་རྗེ་ལྟ་བས་མཚམས་བཅད་ཅིང་བསྐྲད་པར་བསམས་ན། སྲིན་བུ་ལ་སོགས་པ་ལོ་ཐོག་ལ་གནོད་པར་བྱེད་པ་རྣམས་དེར་མི་འབྱུང་ཞིང་རྟ་ལ་
སོགས་པའི་ཕྱུགས་ཀྱང་དེའི་མཚམས་ལས་མི་འདའོ། །རྡོ་རྗེ་ལྟ་བ་ནི་འོག་ནས་འཆད་དོ། །རྡེག་པ་སྤོང་བ་ནི་ཞེས་པ་ཁུ་ཚུར་དང་དབྱུག་པ་ལ་སོགས་པས་གཞན་ལ་བརྡེག་པར་གཟས་པ་ཁྲོ་བོའི་ལྟ་བས་སྤྲོས་ན་གཞན་ལ་འཕོ་བར་བྱེད་དོ། །གཅན་སྲིན་ཐམས་ཅད་ཅེས་པ་གཅན་
เล่ม ๕๖ · หน้า 233b
གཟན་ཁྲོ་བོ་དང་སྡིག་སྦྲུལ་གདུག་པ་རྣམས་ཀྱི་སྤྱིའི་མིང་ཅན་སྲིན་ཞེས་བྱའོ། །རྐུན་པོ་ཐམས་ཅད་འཕུམས་པ་ནི། །ཞེས་པ་རྐུན་པོ་ཚོལ་མི་ཕོད་པར་བྱས་པའོ། །དམག་ལས་སྒྲོལ་བ་ནི་ཞེས་པ་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ་སྙིང་པོ་གོང་མ་བཟླས་ན་ཐབ་མོའི་ཉེས་པས་
ནོངས་ཡོར་མི་འགྱུར་བའོ། །གཞུ་དང་མདའ་དང་ཞེས་པ་ལ་སོགས་པ་རྡོ་རྗེ་ཧཱུཾ་ཀ་རའི་ཕྱག་རྒྱ་དང་ལྡན་པས་མནན་ཏེ་བཟླས་སོ། །དེ་ནས་ཕ་རོལ་གྱི་སེམས་ཤེས་པ་བསྒྲུབ་པར་འདོད་པ་ཞེས་གཞན་གྱི་སེམས་ཤེས་པར་འདོད་ན། རྡོ་རྗེ་ཧཱུཾ་ཀ་རའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བྱས་ཏེ་སྙིང་པོ་
གོང་མ་བརྒྱ་བཟླས་ན་ཕ་རོལ་གྱི་སེམས་ཆགས་སམ་སྡང་བ་ལ་སོགས་པ་གང་ཡིན་པ་ཤེས་པར་འགྱུར་རོ། །སྔོན་གྱི་གནས་ཤེས་པར་བྱ་བ་ནི་ཞེས་པ་ཚེ་སྔ་མ་ཤེས་པར་བྱ་བ་ན་སྙིང་པོ་གོང་དུ་སྨོས་པ་རྟག་ཏུ་བཟླས་ཤིང་སེམས་རྩེ་གཅིག་ཏུ་བྱས་ན་སྔོན་གང་ན་གནས་པ་ཏིང་ངེ་འཛིན་གྱིས་
རྟོགས་པར་གྱུར་ཏོ། །ཚིག་བསྒྲུབ་པར་འདོད་པས་ཞེས་པ་བདག་གིས་ཚིག་ཇི་སྐད་སྨྲས་པ་དེ་བཞིན་དུ་འགྱུར་རོ། །ཆོ་འཕྲུལ་སྟོན་པ་ནི་ཞེས་པ་རྡོ་རྗེ་ཧཱུཾ་ཀ་རའི་སྙིང་པོ་རྡོ་རྗེ་ཚིག་གིས་བཟླས་སོ། །སེམས་ཅན་ཐམས་ཅད་པའི་གཟུགས་བརྙན་གྱི་ཚུལ་དུ་སྟོན་ཏོ་ཞེས་པ་རང་གི་ལུས་
ཉིད་གཟུགས་གོང་དུ་སྨོས་པ་རྣམས་ཀྱི་གཟུགས་བརྙན་དུ་སྣང་ངོ་། །རང་གི་གཟུགས་ཅི་དགའ་བར་སྒྱུར་བར་བྱེད་ཅེས་པ་ཧཱུཾ་ཀ་རའི་སྙིང་པོ་གོང་དུ་སྨོས་ལ་རྡོ་རྗེའི་ཚིག་སྒྲ་མེད་ཅིང་སོ་དང་མཆུ་བསྡམས་ལ་ལྕེ་ཅུང་ཟད་འགུལ་བས་འབུམ་བཟླས་ན་དེ་ནས་ནུབ་གཅིག་མཚན་ཐལ་
བཟླས་པས་བསྒྲུབ་པོ། །མི་སྣང་བར་འདོད་པས་རྡོ་རྗེ་མི་སྣང་བ་ཕྲ་མོ་རྡོ་རྗེ་ཁུ་ཚུར་གྱི་ཆང་པར་བཅུག་སྟེ་བཟུང་ལ་དེ་ནས་མི་སྣང་བར་གྱུར་གྱི་བར་དུ་བཟླས་སོ། །དེ་ནས་ཆང་པ་ན་རྡོ་རྗེ་འདུག་པ་བཀྲོལ་ཏེ་བཏང་ན་སྣང་བར་འགྱུར་རོ། །ཁྲི་ལ་འདུག་ནས་བླངས་ཏེ་ཞེས་པ་སྔོན་
བསྙེན་པ་བྱས་ནས་ཤིང་ཁྲིའུ་ལ་འདུག་སྟེ་མཚན་གཅིག་སྒྲུབ་པའི་ཆོ་ག་བཞིན་དུ་བསྒྲུབ་པོ། །ཁྲིའུ་ནམ་མཁའ་ལ་འཕར་ན་གྲུབ་པ་ཡིན་ཏེ་དེ་ལ་ཞོན་ནས་མཐོ་རིས་མན་ཆད་ཐམས་ཅད་དུ་འགྲོའོ། །གདོན་གྱིས་འཛིན་དུ་གཞུག་ན་ཞེས་པ་འབྱུང་པོ་ལ་སོགས་པའི་
เล่ม ๕๖ · หน้า 234a
གདོན་གྱིས་དཀོན་མཆོག་གསུམ་ལ་ངན་དུ་བྱེད་པ་ལ་སོགས་པར་སྦྱར་རོ། །གདོན་གར་བྱེད་དུ་གཞུག་པ་ནི་ཞེས་པ་གདོན་མི་ལ་བབས་པ་གར་བྱེད་དུ་གཞུག་པ་སྟེ་སྙིང་པོ་གོང་དུ་སྨོས་པའི་འཇུག་ཏུ་ཧི་ཞེས་བྱ་བར་བསྐུལ་ལོ། །གདོན་བསྐྱོད་པ་ནི་ཞེས་པ་རྨྱ་ཞིང་ཉལ་བ་དང་འཐེན་པ་
ལྟ་བུ་ལས་བསྐུལ་ཞིང་བསྐྱོད་པའོ། །ནོར་དགུག་པ་ནི་རིན་པོ་ཆེ་གཙོ་བོའི་སེམས་ཞེས་པ་ནོར་མང་པོ་ལ་ཕལ་པོ་ཆེ་འདོད་ན་མར་ག་ཏ་དང་པདྨ་རཱ་གས་སྦྱིན་སྲེག་གྱིས་ཤིག །ཆར་དབབ་པ་ནི་ཞེས་པ་རྡོ་རྗེ་ཧཱུཾ་ཀ་རའི་རྣལ་འབྱོར་བྱས་ལ་སྙིང་པོ་གོང་དུ་སྨོས་པ་སྟོང་བཟླས་ཤིང་ཀླུ་ཐམས་ཅད་ཕྱོགས་བཞི་
ནས་འདུས་ཏེ་ཆར་འབེབས་བར་བསམ་མོ། ཆར་གཅད་པ་ནི་ཞེས་པ་གོང་མ་བཞིན་རྣལ་འབྱོར་དུ་བྱས་ལ་སྙིང་པོ་བཟླས་ཏེ་ཆར་དང་སྤྲིན་ཐམས་ཅད་རི་རྒྱུད་དམ་ཚིག་གྱི་ཕ་རོལ་ཏུ་ཕྱོགས་ཏེ་བོར་བར་བསམ་མོ། སེར་བ་གཅད་པ་ནི་ཞེས་པ་རྡོ་རྗེ་ཧཱུཾ་ཀ་རའི་རྣལ་འབྱོར་གོང་མ་བཞིན་དུ་བྱས་
ལ་སྙིང་པོ་ཡང་ཟློས་ཤིང་རྡོ་རྗེ་བཅིངས་པའི་ཕྱག་རྒྱས་འཛམ་བུའི་གླིང་གི་ཕ་རོལ་ཏུ་དོར་བར་དམིགས་ཏེ་ཕྱག་རྒྱ་དགྲོལ་ལོ། །གདོན་དགག་པའམ་ཞེས་པ་ཡང་གདོན་མི་བསྙེན་པའོ། །སྤྲིན་དགག་པ་ནི་ཞེས་པ་སྤྲིན་ཆར་མི་ལྟུང་བར་དགག་པའོ། །བསལ་བ་
ནི་ཞེས་པ་སྤྲིན་བསལ་ཏེ་སངས་པར་བྱའོ། །རྡོ་རྗེ་དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས་ཞེས་པ་གསེར་དངུལ་ལམ་ཟངས་ཀྱི་རྡོ་རྗེ་རྩེ་ལྔ་པ་ཙནྡན་ནམ་ལྕི་བའི་དཀྱིལ་འཁོར་བྱས་པའི་སྟེང་དུ་བཞག་ལ་བསྒྲུབ་པོ། །ནམ་མཁའ་ལ་མེ་ཏོག་གི་ཕྲེང་བ་ཆགས་པར་བྱས་པ་ནི་ཞེས་
པ་བདག་རང་དབུགས་ཤིན་ཏུ་བསྡམས་ལ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་མེ་ཏོག་ནམ་མཁའ་ལ་གཏོར་ཏེ་རླུང་གི་དཀྱིལ་འཁོར་གྱིས་བརྟན་པར་བསམ་མོ། །ཆ་ལུགས་བཞད་པར་བྱ་ན་ཞེས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཇིག་རྟེན་པའི་ལྷ་ལ་སོགས་པའི་
ཆ་ལུགས་གང་ཡང་རུང་བའོ། །རྡོ་རྗེའི་ཕྱག་རྒྱ་ནི་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་གོང་དུ་སྨོས་པ་སྙིང་གར་བཞག་སྟེ་སྔགས་བཟླས་སོ། །ཆ་ལུགས་དེ་ཉིད་གར་བྱེད་པ་དང་སྨྲར་གཞུག་པ་དང་བརྒྱུག་པ་དང་སྨིན་མ་འགུལ་བར་སྦྱར་རོ། །ས་གཡོ་བར་བྱས་ན་རྐང་པ་གཡོན་
เล่ม ๕๖ · หน้า 234b
པ་བརྡབ་པས་སོ་ཞེས་པ། རྡོ་རྗེ་ཧཱུཾ་ཀ་རའི་རྣལ་འབྱོར་དུ་བྱས་ཏེ་སྙིང་པོ་གོང་དུ་སྨོས་པ་ཟློས་ཤིང་རྐང་པ་གཡོན་པས་ས་ལ་དྲག་ཏུ་བརྡབ་པོ། ཁྱིམ་བསྒུལ་བ་ནི་ཞེས་པ་ཁྱིམ་གྱི་འཁོར་ཉི་ཚེ་བསྒུལ་བར་བྱ་ན་འཁོར་རླུང་གིས་རབ་ཏུ་བསྐྱོད་པར་བསམས་ཏེ་ཕྱག་རྒྱ་བཅིང་ངོ་། །རྐང་
པ་དགུག་ཅེས་པ་སེམས་ཅན་གང་ཡང་རུང་ཀྱོ་བ་ཏང་གིས་རྐང་པ་ནས་བཟུང་སྟེ་དགུག་པར་བྱའོ། །སྤྲིན་མེད་པར་ཆར་དབབ་པ་ནི་ཞེས་པ་ནི་ངོ་མཚར་བསྟན་པར་བྱ་བ་སྟེ། རྡོ་རྗེ་ཧཱུཾ་ཀ་རའི་རྣལ་འབྱོར་བྱས་ལ་ཕྱོགས་བཞི་ནས་སྤྲིན་ཆེན་པོ་རླུང་གིས་བསྐྱོད་ཅིང་ཀླུ་ཆར་འབབ་
པར་བསམས་ཏེ་བཟླས་སོ། །ཟླ་བ་དང་ཉི་མ་དབབ་ཅིང་བསྟན་པ་ནི་ཞེས་པ་ཟླ་བ་དང་ཉི་མ་ས་ལ་ལྟུང་བར་ཀུན་ལ་བསྟན་པ་ནི་དེ་བཞིན་དུ་བསམས་ལ་རྡོ་རྗེ་ས་ལ་བརྡབ་པོ། །ཉི་མ་དང་ཟླ་བ་མང་པོ་བསྟན་ན་ཞེས་བ་ནམ་མཁའ་ལ་ཉི་ཟླ་མང་པོས་གང་བར་བསྟན་པ་རྡོ་རྗེ་བཞི་ནམ་མཁའ་
ལ་གཏོར་རོ། །དམག་རྣམ་བཞི་བསྟན་ན་ཞེས་པ་གླུ་དང་གླང་པོ་དང་རྟ་དང་རྐང་ཐང་པའི་དམག་བཞི་དགྲ་རྣམས་ཀྱིས་མཐོང་བར་བསྟན་པའོ། །མཚན་མོ་ཉིན་པར་བྱ་ན་རྡོ་རྗེ་རྩེ་ལྔ་པ་རབ་ཏུ་འབར་བར་བསམས་ཏེ་གླད་པ་ལ་བསྐོར་རོ། །ཉིན་མོ་མཚན་མོར་བྱ་ན་
སྔགས་པ་ཉིད་མིག་བཙུམས་ལ་ཐམས་ཅད་མུན་པར་བསམས་ཏེ་རྡོ་རྗེ་བསྐོར་རོ། །ཐམས་ཅད་ལ་རྡོ་རྗེ་བསྟན་ན་ཞེས་པ་འཁོར་ཐམས་ཅད་ཀྱི་ནམ་མཁའ་ལ་རྡོ་རྗེ་མཐོང་བར་བྱའོ། །རྡོ་རྗེ་ཧཱུཾ་ཀ་རའི་རྟོག་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཀྱང་སེམས་ཅན་གྱི་དོན་གྱི་ཕྱིར་སྙིང་པོ་གསུངས་སོ། །དབང་བསྐུར་བར་འགྱུར་བ་ཞེས་བྱ་བ་རྟོག་པ་ཆེན་པོ་བཤད་པའི་སྐབས་འདིར་སེམས་
ཅན་ཐམས་ཅད་རྡོ་རྗེ་སློབ་དཔོན་ལ་སོགས་པར་དབང་བསྐུར་བར་འགྱུར་བ་དཀྱིལ་འཁོར་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གསུངས་སོ། །ཨོཾ་ཞེས་བྱ་བའི་དོན་ནི་སྔར་སྨོས་པ་བཞིན་ནོ། །བཛྲ་ནི་སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་སོ། །
เล่ม ๕๖ · หน้า 235a
དེ་རྟོགས་པ་ནི་བཛྲ་བྲིད་ཅེས་བྱ་བ་སྟེ་དེས་ནི་རང་བཞིན་བསྟན་ཏོ། །སྭཱ་ཧཱ་ནི་ཞི་བའི་དོན་དུ་སྙེགས་ཏེ་བཅོམ་ལྡན་འདས་ཞི་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ཕྱག་འཚལ་ཞིང་དབང་བསྐུར་བར་གྱུར་ཏོ་ཞེས་བྱ་བ་ས་གཡོས་པའི་ཚེ་གང་གི་མཐུས་ས་གཡོ་
བར་ནུས་པ་དེ་ལ་ཕྱག་འཚལ་ཞིང་དེའི་བཀའ་ཉན་ཏེ་དབང་དུ་གྱུར་ཏོ། །རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་འདི་བཤད་དོ། །ཞེས་པ་བཛྲ་བྲིད་ཅེས་བྱ་བའི་སྙིང་པོ་འདིའི་དཀྱིལ་འཁོར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཕྱག་ན་རྡོ་རྗེ་ལ་བྱིན་གྱིས་བརླབས་ཏེ་ཕྱག་ན་
རྡོ་རྗེས་བཤད་དོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་པ་གོང་དུ་དཀྱིལ་འཁོར་ཆེན་པོ་བཤད་པ་འདིར་ཡང་སྦྱར་རོ། །དབུས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཞལ་ཤར་ཕྱོགས་སུ་གཟིགས་ཏེ་བཞུགས་སོ། །དེའི་སྤྱན་སྔར་ཕྱག་ན་རྡོ་རྗེ་ཞི་བའི་ཆ་ལུགས་རྡོ་རྗེ་
སེམས་དཔའ་ཙོག་ཙོག་པོར་ཐལ་མོ་སྦྱར་ཏེ་བཞུགས་པར་བྱའོ། །དེ་ནས་དེ་བཞིན་དུ་གཞུག་གོ་ཞེས་པ་དཀྱིལ་འཁོར་གོང་མར་སློབ་དཔོན་ཞུགས་ལ་ཕྱིས་སློབ་མ་གཞུག་པ་དེ་བཞིན་དུ་འདིར་ཡང་གཉི་ག་འཇུག་པར་བྱའོ། །དེ་ལྟར་དཀྱིལ་འཁོར་དུ་ཞུགས་ནས་
སློབ་དཔོན་གྱིས་སློབ་མ་ལ་ཁྱོད་ནི་དེང་དེ་བཞིན་གཤེགས་པ་ཉིད་ཡིན་ཏེ་དེའི་གཏན་ཚིགས་ཁྱོད་ཉན་པར་འདོད་ན་ངས་བཤད་དོ་ཞེས་བསྒོ་ཤིག །དེ་ནས་དེ་ཕན་ཆད་དེ་བཞིན་གཤེགས་པར་གྱུར་ཏོ་ཞེས་པ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་མཐོང་
བས་ན་དགེ་བའི་རྩ་བ་བསྐྱེད་དེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱས་ནས་བསོད་ནམས་ཆེན་པོས་ཚེ་འདི་ཉིད་ལ་བྱང་ཆུབ་ཐོབ་པར་འགྱུར་རོ། །བསོད་ནམས་ཆུང་བ་ཡང་ཚེ་རབས་གཞན་ལ་འཐོབ་པར་འགྱུར་བ་སྟེ། དེ་བས་ན་དུས་གཞན་
ལ་དགོངས་ཏེ་ཁྱོད་དེ་བཞིན་གཤེགས་པ་ཉིད་དོ་ཞེས་གསུངས་སོ། །ཕྱག་རྒྱ་སློབས་ཤིག་ཅེས་བྱ་བ་དེ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་རིམ་བཞིན་དུ་བསླབ་བོ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་རོ། །ཞེས་པ་དེ་བཞིན་གཤེགས་པས་གསུངས་པའི་དཀྱིལ་
เล่ม ๕๖ · หน้า 235b
འཁོར་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་དེ་བཞིན་དུ་བྲིས་ནས་བཅུག་ལ་ཞེས་པ་རྡོ་རྗེའི་དཀྱིལ་འཁོར་ཡང་ཇི་ལྟར་གོང་དུ་བྲིས་པ་བཞིན་དུ་བཅུག་ལ་དཀྱིལ་འཁོར་དེ་རྡོ་རྗེར་བསྒྲུབ་པར་བསླབ་པོ། དེར་སྒྲུབ་པ་ཡང་ལག་པ་གཉིས་ཀྱིས་གསེར་དངུལ་ལམ་ཟངས་ཀྱི་རྡོ་རྗེ་རྩེ་
ལྔ་པ་དེ་བཟུང་ལ་སྒྲུབ་པ་ནི་གོང་མ་བཞིན་ནོ། །རང་གི་ཕྱག་རྒྱ་བསྒོམ་མོ་ཞེས་པ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་རང་གི་རྣམ་པར་གྲོལ་བའི་མཚན་མའི་ཕྱག་རྒྱའི་དོན་གསལ་བར་བསྒོམ་མོ། །ཡང་འདྲི་བ་ན་རྡོ་རྗེ་ཞེས་བྱ་བ་འདི་ཅི་ཡིན། ལན་གླན་པ་སྙིང་པོ་སྒོམ་པ་སྟེ་
ཞེས་སོ། །སྙིང་པོ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །རྡོ་རྗེ་སྒོམ་པ་ནི་རྡོ་རྗེ་ཞེས་བྱ་བའི་དོན་ཏེ། བཟླས་པས་ཚེ་འདི་ཉིད་དམ་ཚེ་རབས་གཞན་དུ་སངས་རྒྱས་སུ་འགྲུབ་པར་འགྱུར་རོ། །དམ་ཚིག་གི་དཀྱིལ་འཁོར་བསྟན་པའི་ཕྱིར་སྨྲས་པ་ཐམས་ཅད་དམ་ཚིག་ཆེན་པོའི་
ཚུལ་དུ་བྱས་ལ་ཞེས་པ་དམ་ཚིག་གི་དཀྱིལ་འཁོར་ཆོ་ག་ཐམས་ཅད་དམ་ཚིག་གི་དཀྱིལ་འཁོར་ཆེན་པོ་གོང་དུ་སྨོས་པའི་ཚུལ་བཞིན་དུ་བྱས་ལ་སློབ་མ་ལ་དམ་ཚིག་འདི་སྟོན་ཅིག །དད་བརྟན་རྡོ་རྗེ་ཕྱག་རྒྱ་ལ། །ཞེས་པ་དག་གོ། །ཕྱག་ན་རྡོ་རྗེ་དང་དེ་བཞིན་གཤེགས་པ་རྣམས་
ལ་དད་པ་བརྟན་ཞིང་མི་འགྱུར་བར་བྱའོ། །སེམས་ཅན་ཐམས་ཅད་སྨིན་པ་དང་གྲོལ་བ་ལ་མགུ་ཞིང་ཆགས་པར་བྱའོ། །ལས་ཀྱི་དཀྱིལ་འཁོར་བསྟན་པ་ཡང་། །དཀྱིལ་འཁོར་དེ་བཞིན་དུ་བྲིས་ལ། །ཞེས་པ་ལས་ཀྱི་དཀྱིལ་འཁོར་ཆོ་ག་གོང་མ་བཞིན་དུ་བྱས་
ནས་སློབ་དཔོན་དང་སློབ་མ་ཞུགས་ལ་ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་རྣམ་བཞི་བསླབ་པོ། །དེ་ནས་དཀྱིལ་འཁོར་དེ་ཉིད་དུ་ཕྱག་འཚལ་བ་དང་སྡིག་པ་བཤགས་པ་དང་བསོད་ནམས་ཀྱི་རྗེས་སུ་ཡི་རང་བའོ་ཞེས་གསུངས་པ་ལུས་ཐམས་ཅད་ཀྱིས་གཏུགས་ཏེ་ཞེས་
བྱ་བ་ལ་སོགས་པའོ། །ལུས་ཐམས་ཅད་ཀྱིས་ཕྱག་བྱ་བ་ནི་ཡན་ལག་ཐམས་ཅད་བརྐྱང་སྟེ་གཏུགས་པའོ། །དེ་བཞིན་གཤེགས་པ་དང་ཕྱག་ན་རྡོ་རྗེ་ལ་བཀུར་སྟེ་དང་མཆོད་པས་མཉེས་པར་བྱ་བའི་ཆོ་ག་ཡང་གསུངས་པ་དེ་ནས་ལངས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་
เล่ม ๕๖ · หน้า 236a
བཙུགས་ཏེ་ཞེས་བྱ་བ་ལ་སོགས་པའོ། །བཛྲ་བྲིད་ཅེས་བྱ་བའི་སྙིང་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྟོགས་པའི་རྣམ་པར་གྲོལ་བའི་ཚིག་དེ་གླེངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་མཉེས་ཤིང་བཀུར་སྟི་བྱས་པར་འགྱུར་རོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པའི་སྙིང་པོའི་ཚིག་དེ་ཉིད་བཟླས་པས་མཉེས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ནས་རྡོ་རྗེའི་རིག་པ་སྒྲུབ་པ་འབྱུང་སྟེ་ཞེས་པའི་སྙིང་པོ་གོང་དུ་སྨོས་པ་བཛྲ་བྲིད་ཅེས་བྱ་བ་དེ་སྒྲུབ་པའི་ཆོ་ག་
བཤད་དོ། །དེ་ནས་གསོ་སྦྱིན་ཅན་ཞེས་བྱ་བ་ཁྱིམ་པ་ཞིག་བསྒྲུབས་ན་ཡང་ཞག་གཅིག་ཁྲིམས་བརྒྱད་ནོད་པའི་ཆོ་ག་བྱས་ནས་བཟླས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་འོག་ནས་འབྱུང་བ་ལ་བྱའོ། །དེ་ནས་ཆོ་ག་གཞན་ཏེ་ཞེས་
པ་རས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་པདྨའི་སྟེང་ན་བཞུགས་པ་བྲིའོ། །དེ་ནས་ཡང་དེའི་སྤྱན་སྔར་ཕྱག་ན་རྡོ་རྗེ་ཞི་བའི་གཟུགས་སུ་བཞུགས་པ་བྲིའོ། །གཡས་སུ་ནི་ཕྱག་ན་རྡོ་རྗེ་ཕྱག་གཡས་པ་ན་རྡོ་རྗེ་གསོར་བ་གཡོན་པ་ན་པདྨོ་ཅན་བྲིའོ། །ཡང་ཆོ་ག་
གཞན་ནི་ཞེས་པ་རས་ལ་རྣམ་པར་སྣང་མཛད་ཀྱི་སྐུ་གཟུགས་གཅིག་པུ་བྲིས་ལ་དེའི་སྤྱན་སྔར་ཟླ་བ་དྲུག་གི་བར་དུ་དུས་གསུམ་དུ་བཟླས་ནས། དེ་ནས་ཉིན་མཚན་གསུམ་སྨྱུང་བའི་ཐ་མ་ལ་མཚན་གཅིག་མི་ཉལ་བར་བསྒྲུབས་ན་ཕྱག་ན་རྡོ་རྗེ་ཉིད་ཐོབ་པར་འགྱུར་གྱི་བར་དུ་བཟླས་སོ། །
དེ་བཞིན་གཤེགས་པའི་རྟོག་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་འདི་སྐད་ཅེས་གསོལ་ཏོ་ཞེས་པ་གོང་དུ་ལྷ་ཆེན་པོ་ལ་སོགས་པ་གདུལ་བའི་ཕྱིར་སྙིང་པོ་གསུངས་ནས་ཡང་འདིར་སེམས་ཅན་ལ་
ཕན་པའི་ཕྱིར་གསུངས་པས་ན་ཡང་གི་སྒྲ་སྨོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་རི་ལྟར་མི་གཡོ་བ་ཡང་ཞེས་པ་རྡོ་རྗེ་ནི་སྲ་བའི་ཕྱིར་དེ་ལས་རིར་གྱུར་པ་སུས་ཀྱང་བསྐྱོད་པར་མི་ནུས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་སྟོང་པ་ཉིད་ལ་དམིགས་
เล่ม ๕๖ · หน้า 236b
པའི་རྡོ་རྗེ་དེ་ཉིད་གཞན་གྱིས་བསྐྱོད་མི་ནུས་པའི་ཕྱིར་རི་ལྟ་བུར་གྱུར་པ་ཡང་སྙིང་པོ་འདི་བརྗོད་པས་བསྐྱད་པར་འགྱུར་ཏེ། ཏིང་ངེ་འཛིན་ལས་ལྡང་ཞེས་པའི་དོན་ཏོ། །འཇིགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་ཞེས་པ་རྒྱལ་པོ་དང་རྐུན་པོ་དང་མེ་དང་ཆུ་དང་གཅན་
གཟན་གྱི་འཇིགས་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །གང་གིས་བརྗོད་པ་ཙམ་གྱིས་ཀྱང་། །ཞེས་པ་སྙིང་པོའི་ཐབས་དང་དོན་དང་ཤེས་རབ་ཏུ་ལྡན་པའི་ཕྱིན་ཅི་མ་ལོག་པར་དམིགས་ནས་སེམས་སྙོམས་པར་ཐུགས་ཀྱིས་བཟླས་ན་མཚམས་མེད་པ་ལྔ་ཐམས་ཅད་
འབྱང་བར་འགྱུར་རོ། །དོན་ཐམས་ཅད་འགྲུབ་ཅེས་འདོད་པ་ལྔའི་དོན་ཐམས་ཅད་ཅི་འདོད་པ་འགྲུབ་པོ། །དགོས་པ་ཐམས་ཅད་བྱེད་དེ་ཞེས་པ་ཞི་བ་དང་རྒྱས་པ་ལ་སོགས་པའི་དགོས་པ་ཐམས་ཅད་ཕྱག་ན་རྡོ་རྗེས་མཛད་དོ། །ཕྱག་ན་རྡོ་རྗེ་སྔགས་པའི་ཕྱི་བཞིན་དུ་འབྲང་
ཞིང་སྤྱན་སྔར་གྱིས་ཀྱང་འཚོའོ། །ངས་ཀྱང་གཟུང་ངོ་ཞེས་ཕྱག་ན་རྡོ་རྗེས་སྙིང་པོའི་ཡོན་ཏན་བརྗོད་པ་དེ་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་ཐུགས་སུ་ཆུད་ཀྱིས་སྙིང་པོ་ལེགས་པར་སྨྲོས་ཤིག་པའི་དོན་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཀྱིས་མ་རུང་བར་འགྱུར་རོ་
ཞེས་པའི་སྙིང་པོ་དེའི་མཐུས་ཐེག་པ་ཆུང་ངུར་སེམས་བསྐྱེད་པ་རྣམས་སླར་ལྡོག་ཅེས་པའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པ་དང་རྡོ་རྗེ་སེམས་དཔའ་གྲུབ་པ་ཡང་མཁྲང་བར་གྱུར་ཏོ་ཞེས་པ་དེ་བཞིན་གཤེགས་པ་དང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་
གྲུབ་པ་ཡང་བརྟན་ཞིང་མི་ཉམས་པར་འགྱུར་ཏེ་ཕྱག་ན་རྡོ་རྗེའི་སྙིང་ག་ནས་ཀུན་དུ་འབར་བས་བསྐོར་བ་ཞེས་པ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འཇིག་རྟེན་ཁམས་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་སྦྱང་བའི་ཕྱིར་རང་གི་སྙིང་ག་ནས་འདོད་པའི་ཁྲོ་བོ་འོད་འབར་བས་བསྐོར་
བདེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་གྱི་ཕྲེང་བ་དང་། དོ་ཤལ་དང་རྣ་རྒྱན་ལ་སོགས་པས་བརྒྱན་པ་འདོད་པའི་རང་བཞིན་བསྟན་པའི་ཕྱིར་ཁྲོ་བོ་ཕྱག་བཞི་ལ་གཉིས་མེ་ཏོག་གིས་བརྒྱན་པའི་གཞུ་འགེངས་པ་ཕྱག་གཉིས་ནི་རྡོ་རྗེ་ཧཱུཾ་ཀ་རའི་ཕྱག་རྒྱ་སྙིང་
เล่ม ๕๖ · หน้า 237a
གར་བཅིངས་ལ་རྡོ་རྗེ་འདོད་པ་ཁྲོ་བོ་ཞེས་བྱ་བ་བྱུང་ངོ་། །འདོད་པའི་ཁྲོ་བོ་ལ་སྦྱངས་པ། །ཞེས་འདོད་པ་ནི་བྱང་ཆུབ་ཀྱི་སེམས་ཏེ་ཤེས་རབ་བོ། །ཁྲོ་བོ་ནི་མ་རུངས་པ་འདུལ་བ་སྟེ་ཐབས་སོ། །དེ་གཉིས་ཀྱིས་སེམས་ཅན་གྱི་བསམ་པ་ཅི་རིགས་པར་ཡོངས་སུ་སྦྱངས་སོ། །
ད་ཇི་ལྟ་བ་བཞིན་དུ་ཁྱོད་ཀྱིས་ཀྱང་ཞེས་པ་ཕྱག་ན་རྡོ་རྗེས་རང་གི་སྙིང་ག་ནས་བྱུང་བ་འདོད་པ་ཁྲོ་བོ་ལ་ངས་སེམས་ཅན་གྱི་དོན་བྱས་པ་བཞིན་དུ་ཁྱོད་ཀྱིས་ཀྱང་བྱོས་ཤིག་པར་བཀའ་སྩལ་པའོ། །སྙིང་པོ་འདིས་གང་འདི་སེམས་ཅན་དེ་དག་ཐམས་ཅད་བརྒྱལ་བ་དང་། བཅོམ་པ་ཀུན་
གསོས་ཤིག་ཅེས་པ་གོང་དུ་ཊ་ཀི་ཧཱུཾ་ཛ་ཞེས་སྨོས་པའི་ཚེ། སེམས་ཅན་མང་པོ་བྱེད་པར་གྱུར་པའི་རྣམས་ཨོཾ་ཊུཾ་ཞེས་བྱ་བའི་སྙིང་པོ་འདིས་སླར་གསོས་ཤིག་པར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་ཏོ། །སྙིང་པོ་འདིས་གསོ་བ་འབའ་ཞིག་ཀྱང་མ་ཡིན་གྱི་གོ་ཆ་བགོས་
པར་ཡང་འགྱུར་ཏེ། འདི་བགོས་ན་རྡོ་རྗེའི་ལུས་ཐོབ་བོ་ཞེས་པར་འགྱུར་རོ་ཞེས་གསུངས་པ། གཞན་ཡང་རྡོ་རྗེའི་ལུས་ཐོབ་པར་གྱིས་ཤིག་ཅེས་སོ། །ཨོཾ་གྱི་དོན་ནི་གོང་དུ་སྨོས་པ་བཞིན་ནོ། །ཊུཾ་ནི་སླར་གསོས་པའི་དོན་ཏོ། །རྡོ་རྗེ་འཁོར་ལོ་དཀྱིལ་འཁོར་ཞེས་རྡོ་རྗེ་འཁོར་ལོ་ནི་
དཀྱིལ་འཁོར་གྱི་མིང་སྟེ་རྡོ་རྗེས་བརྒྱན་པའི་དཀྱིལ་འཁོར་ཡིན་པས་ན་རྡོ་རྗེའི་འཁོར་ལོའོ། །རྡོ་རྗེ་འཁོར་ལོ་བརྩེགས་ཆེན་ཏེ། །ཞེས་བྱ་བ་རྡོ་རྗེ་འཁོར་ལོ་ཞེས་བྱ་བའི་དཀྱིལ་འཁོར་རིམ་པ་དུ་མར་བརྩེགས་པ་ཆེན་པོ་དེ་བཤད་པར་བྱའོ། །ཡང་ན་དཀྱིལ་འཁོར་གྱི་ཚུལ་ལྷའི་
ལྡིང་ཁང་བརྩེགས་པ་ལྟར་བྲེས་པས་ན་བརྩེགས་ཆེན་ནོ། །བཅུ་དྲུག་ཆ་དང་ལྡན་པར་རོ། །ཞེས་པ་དཀྱིལ་འཁོར་གྱི་བདག་པོ་ཆེན་པོ་དབུས་ན་བཞུགས་པ་ནི་ཆ་བཅུ་དྲུག་དང་ལྡན་པ་སྟེ་དབུས་ཀྱི་དཀྱིལ་འཁོར་གྱི་ལྷ་བརྒྱད་དང་། ཕྱིའི་དཀྱིལ་འཁོར་གྱི་མཆོད་པ་བཞི་དང་སྒོ་བ་བཞི་སྟེ་
ལྷ་བཅུ་དྲུག་རྣམས་རང་རང་གིས་ཐ་དད་པ་ལ་གནས་པས་ན་ཆ་བཅུ་དྲུག་ཏུ་འགྱུར་རོ། །གཞན་དག་འཆད་པ་དབུས་ཀྱི་གཙོ་བོ་དེ་ཆ་བཅུ་དྲུག་དང་ལྡན་པ་ནི་ནང་གི་དཀྱིལ་འཁོར་རེའུ་བརྒྱད་ནི་ནང་གི་རིགས་སུ་གཏོགས་སོ། །དེ་འདྲ་བའི་ཆ་བརྒྱད་ཀྱིས་ནི་ཕྱི་རིམ་གྱི་དཀྱིལ་འཁོར་
เล่ม ๕๖ · หน้า 237b
བསྐོར་ཏེ། ནང་རིམ་གྱི་རེའུ་ཅི་བྱུང་བའི་ཕྱེད་ཀྱི་ཚད་ཀྱིས་ཕྱི་བསྐོར་ན་ཕྱོགས་བཞི་འཁོར་ཏོ། །གྲྭ་བཞི་ཁ་རྡོར་འདུག་པ་ནང་གི་རེའུ་གཉིས་ལྷག་མ་ཕྱེད་ཕྱེད་དུ་བགོས་ཏེ་གྲར་གླན་ཏོ། །རྡོ་རྗེའི་རབ་མཛེས་པར་ཏེ། །ཞེས་པ་དཀྱིལ་འཁོར་ཕྱི་ནང་གཉི་གའི་ར་བ་ནི་རྡོ་རྗེ་རྩེ་གསུམ་པ་
ཚོན་སྔོན་པོས་བྲིས་པས་བསྐོར། དེའི་མཐའ་ཚོན་སྣ་གཉིས་གཉིས་བསྣན་ཀ་བ་བརྒྱད་འོག་ནས་འབྱུང་བ་ནི་ཚོན་སྔོན་པོས་ཐ་མལ་པར་བྲིས་ཏེ། རྡོ་རྗེའི་ཕྲེང་བར་མི་བགྱིའོ། །གྲྭ་སྒོའི་ཐོར་ཏོ་དེ་བཞིན་དུ། །ཞེས་པ་གྲྭ་སྒོ་ཕྱིར་བལྟ་བ་དང་། སྒོའི་གྲྭའི་རྩེ་མོ་དང་རྟ་བབས་
ཀྱི་མཚམས་སུ་རིན་པོ་ཆེ་རྡོ་རྗེས་བརྒྱན་པར་སྤྲོའོ། །ཕྱི་རིམ་གྱི་ངོས་ཕྱིར་བལྟ་བ་ལ་བ་དན་དང་། མེ་ཏོག་དང་མུ་ཏིག་གི་ཕྲེང་བ་དང་དྲིལ་བུ་ལ་སོགས་པ་རྒྱན་སྣ་ཚོགས་ཀྱིས་ཅི་སྡུག་ཏུ་བརྒྱན་པའོ། །སྙིང་པོ་བཟླས་ཤིང་བྲི་བར་བྱའོ། །ཞེས་པ་དཀྱིལ་འཁོར་གྱི་
ཕྱི་ནང་གཉིས་ཀའི་ལས་བྱེད་དོ་ཅོག་ནི་ཊཀྐི་ཧཱུཾ་ཛ་ཞེས་བྱ་བའི་སྙིང་པོ་བཟླས་ཤིང་བྲི་བར་བྱའོ། །དེ་ཡི་ནང་གི་འཁོར་ལོ་ཡང་། །ཞེས་པ་ནང་རིམ་གྱི་དཀྱིལ་འཁོར་གྲུ་བཞི་ཀ་བ་བརྒྱད་དང་ལྡན་པ་སྲད་བུས་མཉམ་པར་བྲེའོ། །དཀྱིལ་འཁོར་བརྒྱད་ཀྱི་ཚུལ་དུ་སྟེ། །
ཞེས་པ་ནང་གི་དཀྱིལ་འཁོར་ཕྱོགས་བཞི་དང་གྲྭ་བཞིར་ལྷའི་གནས་རེ་རེ་གནས་པའོ། །རྡོ་རྗེ་ཀ་བའི་རྩེ་མོ་རུ། །ཞེས་པ་ཀ་བའི་རྩེ་མོ་དབུས་སུ་འདུས་པའི་མདོར་འོད་འབར་བ་གཞག་གོ། །དེ་ཡི་དབུས་སུ་སེམས་དཔའ་ཆེ། །ཞེས་པ་དཀྱིལ་འཁོར་ནང་རིམ་གྱི་
དབུས་སུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་བཞུགས་པར་བྱ་སྟེ། སངས་རྒྱས་ལྔའི་དབུ་རྒྱན་ཅན་ཡིད་ཀྱིས་འཛུམ་པ་ཕྱག་གཉིས་ལ་གཡས་པ་ན་རྡོ་རྗེ་བསྙེམས་པ་འཛིན་པ། གཡོན་པ་ན་དྲིལ་བུ་བསྣམས་པ་ཡང་ཕྱག་གཉིས་ན་མདའ་གཞུ་འགེངས་པ་སྐུ་
མདོག་སྔོན་པོ་དེ་ལས་གཞན་པ་ཕྱག་བཞི་པ་ཞེས་པ་ཕྱག་ན་རྡོ་རྗེའི་སྤྱན་སྔར་འདོད་པ་ཁྲོ་བོ་རྡོ་རྗེ་སེམས་དཔའི་སྙིང་པོ་བཞག་སྟེ་སྐུ་མདོག་དམར་པོའོ། །གཉིས་ཀྱིས་རྡོ་རྗེ་ཧཱུཾ་མཛད་པ། །ཞེས་པ་ཕྱག་གཉིས་ཀྱིས་ཧཱུཾ་ཀ་རའི་སྙིང་པོ་ཕྱག་རྒྱ་མཛུབ་མོ་གཉིས་བསྒྲེང་བ་སྙིང་
เล่ม ๕๖ · หน้า 238a
གར་བཞག་པའོ། །རྡོ་རྗེ་ཡི་ནི་གཡས་ཕྱོགས་སུ། །ཞེས་པ་ཁ་དོག་སྔོན་པོ་ཆུ་སྲིན་གྱི་རྒྱལ་མཚན་མགོ་ཆུ་སྲིན་ཅན་འཛིན་པ་རྒྱལ་མཚན་དེ་ལས་ནོར་བུ་རིན་པོ་ཆེ་འབར་བ་སེམས་དཔའ་ཆེན་པོ་རྡོ་རྗེ་དཔལ་གཞག་གོ། །དབུ་ལ་ནི་རྒྱལ་
མཚན་ནམ་མཚན་མར་འདྲེན་ཏོ། །རྡོ་རྗེ་གཡོན་དུ་བྲི་བ་ནི། །ཞེས་པ་ཕྱག་ན་རྡོ་རྗེའི་གཡོན་ལོགས་སུ་གཡོན་པ་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་འགྱིང་བ་ཞེས་ཀྱང་བྱ་བ་དེ་བྲི་བ་སྟེ་ཁ་དོག་དམར་པོའམ་སེར་པོར་བྱའོ། །གཡོན་པ་རྡོ་རྗེ་ཞེས་བྱ་བ་ནི་དེའི་མིང་སྟེ་རྡོ་རྗེ་ཁུ་ཚུར་
བཅིངས་ལ་ལྟ་ཟུར་གཉིས་སུ་བསྟེན་ཏེ་སྒེག་པའི་ཚུལ་གྱིས་གཡོན་ཕྱོགས་སུ་འདུད་པས་ན་གཡོན་པ་རྡོ་རྗེ་ཞེས་བྱའོ། །དམར་པོ་ཞེས་བྱ་བ་ནི་ཆགས་པའི་རང་བཞིན་དུ་བསྟན་པའམ་ལྷ་ཉིད་ཀྱི་ཁ་དོག་དམར་པོར་བསྟན་པའོ། །གྲྭ་ཡི་དཀྱིལ་འཁོར་གནས་སུ་ནི། །ཞེས་
པ་ཕྱག་ན་རྡོ་རྗེ་བདེ་བ་ཆེན་པོའི་དཀྱིལ་འཁོར་ན་བཞུགས་པའི་ཚེ། འདོད་པའི་ལྷ་ལོངས་སྤྱོད་ཀྱིས་བསྙེམས་པ་རྣམས་ཟིལ་གྱིས་མནན་པའི་ཕྱིར་འཁོར་མཆོད་པའི་ལྷ་མོས་ཀྱང་བསྐོར་ཏེ་ནང་གི་དཀྱིལ་འཁོར་གྱི་གྲྭ་བཞིར་དུས་བཞིའི་ལྷ་མོའི་གཟུགས་སུ་གྱུར་ཏེ་ཤར་དང་
བྱང་གི་མཚམས་ན་དཔྱིད་ཀྱི་རྡོ་རྗེ་མོ་ཁ་དོག་དམར་པོ་བདུག་པ་འབུལ་བའི་ཚུལ་དུ་བྱའོ། །ཤར་དང་ལྷོའི་མཚམས་ན་རྡོ་རྗེ་སྤྲིན་གྱི་ལྷ་མོ་སྟེ་ཁ་དོག་སྔོན་མོ་མེ་ཏོག་འབུལ་བའི་ཚུལ་དུ་བྱེད་པའོ། །སྟོན་གྱི་རྡོ་རྗེ་ནི་ཁ་དོག་དམར་པོ་མར་མེ་འབུལ་བའི་ཚུལ་དུ་ལྷོ་ནུབ་ཀྱི་གྲྭར་གཞག་གོ། །
བྱང་དང་ནུབ་ཀྱི་གྲྭར་ནི་རྡོ་རྗེ་ཁབ་མོ་དགུན་གྱི་ལྷ་མོ་དྲི་འབུལ་བའི་ཁ་དོག་སྔོ་བསངས་སུ་བྱ་སྟེ་གཞག་གོ། །འདོད་པའི་གཟུགས་ལ་སོགས་པ་བྲི། །ཞེས་པ་ཕྱིའི་དཀྱིལ་འཁོར་གྱི་གྲྭ་བཞིར་གཟུགས་དང་སྒྲ་དང་དྲི་དང་རོའི་རྣམས་མཆོད་པའི་ལྷ་མོར་གྱུར་ཏེ། ཤར་དང་བྱང་གི་
མཚམས་ནས་རིམ་བཞིན་དུ་ཁ་དོག་དཀར་མོ་དང་དམར་མོ་དང་སྔོན་མོ་དང་སྔོ་བསངས་རིམ་བཞིན་དུ་མེ་ལོང་སྟོན་པ་དང་པི་ཝང་ལེན་པ་དང་དྲི་འབུལ་བ་དང་ཟས་ཀྱི་སྣོད་ཐོགས་པའི་ཚུལ་དུ་གཞག་གོ། །སྒོ་བཞིར་ཀྱོ་བཏང་དང་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་རྣམས་
เล่ม ๕๖ · หน้า 238b
བཞག་སྟེ་ཤར་དང་ལྷོ་དང་ནུབ་དང་བྱང་དུ་རིམ་བཞིན་དུ་བྱའོ། །དེ་ལ་ཀྱོ་བ་ཏང་གིས་ནི་སེམས་ཅན་ཐམས་ཅད་དགུག་གོ། །ཞགས་པས་ནི་གར་གཞག་པའི་ས་དེར་འཇུག་པར་བྱེད་དོ། །སྒྲོག་གིས་ནི་དེ་ལས་མི་འགྱུར་བར་འཆིང་ངོ་། །དྲིལ་བུས་མཉེས་པར་བྱེད་དོ། །ཀྱོ་བ་
ཏང་གིས་འདོད་པ་དགུག་པས་ན་ཀྱོ་བ་འདོད་པ་ཞེས་བྱའོ། །རྡོ་རྗེ་སྙིང་པོ་ཕྱག་རྒྱ་བཅིངས་ལ་ཞེས་པ་སློབ་དཔོན་ཉིད་རྡོ་རྗེ་ཧཱུཾ་ཀ་རའི་སྙིང་པོའི་ཕྱག་རྒྱ་མཛུབ་མོ་གཉིས་བསྒྲེང་བ་བཅིངས་པའོ། །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་། །ཞེས་པ་སློབ་དཔོན་གྱིས་ཕྱག་ན་རྡོ་རྗེ་ལ་བསྟོད་ཅིང་
བདག་རང་གྲུབ་པར་གསོལ་བ་སྟེ། ཕྱག་ན་རྡོ་རྗེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་ཐམས་ཅད་ཀྱི་སེམས་ལ་ཁྱབ་པོ། །ཐུགས་རྗེ་དང་ལྡན་ལ་མཐུ་མངའ་བས་སེམས་ཅན་ཀུན་ལ་མྱ་ངན་ལས་འདས་པའི་བདེ་བ་སྩོལ་ཏོ། །
སེམས་ཅན་ཐམས་ཅད་ལ་བྱམས་ཤིང་ཕན་འདོགས་པ་ཕ་དང་འདྲ་བའི་ཕྱིར་ཕར་གྱུར་པའོ། །རྡོ་རྗེ་སེམས་དཔར་བདག་ངེས་པར་གྱུར་ཅིག་ཅེས་རྡོ་རྗེ་སེམས་དཔའི་རང་བཞིན་དུ་དེང་གྲུབ་པར་གྱུར་ཅིག་ཅེས་སྨོན་ནས་བྱིན་གྱིས་བརླབ་ཅིང་བསྐུལ་བའི་ཕྱིར་སྙིང་པོ་སྨྲས་སོ། །དེ་ནས་
དེ་སྐད་སྨྲས་པ་དང་འབབ་པར་འགྱུར་ཏེ་ཞེས་པ་དེ་སྐད་སྨྲས་ནས། ཨ་ལ་སོགས་པའི་སྔགས་ཀྱི་སྦྱོར་བ་བྱས་ན་ལྷ་ཉིད་སྔགས་པ་ལ་འབབ་པར་འགྱུར་ཏེ་བབས་ནས་ཀྱང་སྔགས་པ་ལ་ལ་ནི་ཕྱག་ན་རྡོ་རྗེ་ཉིད་དུ་འགྱུར། ལ་ལ་ནི་འཚང་རྒྱ་བ་ཉིད་འཐོབ་པར་འགྱུར་རོ། །དེ་ནས་སློབ་
མ་གཞུག་སྟེ་སྙིང་པོ་ཕྱག་རྒྱ་བཅིངས་ལ་ཞེས་པ་རྡོ་རྗེ་ཧཱུཾ་ཀ་རའི་ཕྱག་རྒྱ་མཛུབ་མོ་གཉིས་བསྒྲེང་སྟེ་དེས་མེ་ཏོག་གི་ཕྲེང་བ་བཟུང་ལ་འཇུག་གོ། །དེ་ནས་འདི་ཞེས་སྨྲོས་ཤིག་ཅེས་པ་སློབ་དཔོན་གྱིས་སློབ་མ་ལ་བསྒོའོ། །འདི་ནི་དང་པོའི་སེམས་དཔའ་ཞེས་ཕྱག་ན་རྡོ་རྗེ་འདི་སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དང་པོ་སྟེ། ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཏེ་དང་པོ་དེ་ལས་འབྱུང་ཞེས་པའི་དོན་ཏོ། །འདོད་པའི་བདག་པོ་ཞེས་པ་ནི་འདོད་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་དབང་བྱེད་པའི་ཕྱིར་བདག་པོའོ། །གང་
เล่ม ๕๖ · หน้า 239a
དུ་དབང་བྱེད་ཀྱང་བདག་རང་ཅི་ལའང་མ་རེག་པར་མི་སྤྱོད་པའང་སྲིད་པ་དེ་དེ་བས་ན་འདོད་པའི་དབང་པོ་ཞེས་སྨྲས་ཏེ། འདོད་པ་ལའང་མ་རེག་པར་སྤྱོད་ཅེས་པའི་དོན་ཏོ། །འདིའི་སྙིང་པོ་སྟེ་ཞེས་པ་འདོད་པ་ཁྲོ་བ་ནི་ཕྱག་ན་རྡོ་རྗེའི་སྙིང་པོ་སྟེ་ཐབས་དང་ཤེས་
རབ་ཏུ་ལྡན་པའི་གཟུགས་སོ། །རེག་པས་བདེ་བ་སྟེ་ཞེས་བྱ་བ་རྡོ་རྗེ་དགའ་བ་ཞེས་བྱ་བ་དེ་སེམས་ཅན་ཐམས་ཅད་ཀྱི་ལུས་རེག་ནས་དགའ་བར་བྱེད་པའོ། །བདག་ཆེ་བ་ནི་དེའི་རྒྱལ་མཚན་ཏེ་ཞེས་བྱ་བ་ཕྱག་ན་རྡོ་རྗེའི་རྒྱལ་མཚན་ཏེ། བྱང་ཆུབ་སེམས་དཔའ་ལ་སོགས་པ་
ཐམས་ཅད་ཀྱི་བྱམས་པ་སྐྱེ་ཞིང་སློང་བར་བྱེད་པ་དང་ཕོངས་པ་ལ་ནོར་སྦྱིན་པའོ། །བདག་ཆེ་བའི་བདུད་དེ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཉིད་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རབ་ཏུ་གསོད་པའི་ཕྱིར་བདུད་དོ། །གང་གྲྭ་བཞི་པ་འདི་རྣམས་ནི་དུས་ཀྱི་མཆོད་པ་ཞེས་པ་ཕྱི་ནང་གི་ལྷ་མོ་
བརྒྱད་ཀྱིས་མཆོད་པས་ནི་མཆོད་པ་ཐམས་ཅད་འདུས་པར་བསྟན་ཏེ། དུས་བཞིན་སྐྱེ་ཞིང་འབྱུང་བའི་གཟུགས་ལ་སོགས་པ་ཐམས་ཅད་འདུས་པར་བསྟན་ཏོ། །མིག་དང་ཆགས་པ་དང་མཛའ་བ་དང་མི་མཛའ་བ་སྟེ་ཞེས་པ་ཀྱོ་བ་ཏང་ལ་སོགས་པའི་རྒྱུད་བསྟན་པ་སྟེ་
མིག་གིས་མཐོང་ནས་དགུག་པས་ན་མིག་ནི་ཀྱོ་བ་ཏང་གི་རྒྱུའོ། །ཆགས་པ་ནི་འཇུག་པའི་རྒྱུ་སྟེ་ཆགས་ཤིང་འདོད་པས་ན་འཇུག་གོ། །མཛའ་བ་ནི་འཆིང་བའི་རྒྱུ་སྟེ་གང་ལ་ཞེན་པ་དེ་ཉིད་ཀྱིས་འཆིང་བའི་ཕྱིར་རོ། །མི་མཛའ་བ་ནི་ཆགས་པ་མེད་པའི་དོན་ཏོ། །མ་ཆགས་པས་ན་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བརྗོད་ཅིང་སེམས་དཔའ་ཐམས་ཅད་ཀྱང་མཉེས་པར་བྱེད་དོ། །རྒོལ་བར་མི་འགྱུར་རོ་ཞེས་པ་ཀྱོ་བ་ཏང་ལ་སོགས་པ་སྒོ་བས་བསྒོས་པའི་ཕྱིར་དེའི་མཚམས་ལས་སུ་ཡང་མི་རྒོལ་ལོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་ཚིག་བསྟན་པ་
འདི་སྐད་སྨྲོས་ཤིག །ཁྱོད་ཀྱིས་ཀྱང་བཅོམ་ལྡན་འདས་འདོད་པ་ཐམས་ཅད་ཀྱི་བདག་པོ་ལ་སྨད་པར་མ་བྱེད་ཅིག་ཅེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་མི་སྨད་པར་བསྟན་པ་སྟེ། དེ་ནི་ཉེ་བར་བསྟན་པ་ཙམ་དུ་ཟད་ཀྱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་
เล่ม ๕๖ · หน้า 239b
མི་སྨད་ཅེས་བྱ་བའི་དོན་ཏོ། །འདོད་ཆགས་དང་བྲལ་བར་ཡང་མི་ཞེས་བྱ་བ་གོང་དུ་བཤད་པ་དེ་ལ་འགའ་ཞིག་ན་རེ་སངས་རྒྱས་ཀྱི་བསྟན་པ་ལ་འདོད་ཆགས་དང་བྲལ་བ་དམ་པའོ་ཞེས་ཟེར་བ་དེ་ལྟ་བུ་ཞེས་པའི་ལན་དུ་གང་སངས་རྒྱས་ཀྱི་བསྟན་པ་ལ་ཞེས་བྱ་བ་ལ་སོགས་
པའོ། །སེམས་ཅན་ཐམས་ཅད་ཉོན་མོངས་པ་ལས་རྣམ་པར་དག་པའི་ཕྱིར། ཉོན་མོངས་པའི་ཆོས་འདོད་པ་རྣམ་པ་ལྔ་ལ་ཆགས་པའི་འདོད་ཆགས་དང་བྲལ་བར་འཆད་ཀྱི་བྱང་ཆུབ་སེམས་དཔའ་ལ་འདོད་ཆགས་དང་བྲལ་བར་མི་འཆད་དོ། །ཅིའི་ཕྱིར་
ཞེ་ན། ཕྱི་རོལ་གྱི་མུ་སྟེགས་ཅན་རྣམས་ནི་བྱང་ཆུབ་ཀྱི་སེམས་སེམས་ཅན་སྨིན་པར་བྱ་བ་དང་། གྲོལ་བར་བྱས་ལ་ཆགས་པ་མེད་པར་ཡང་ཐར་པར་འདོད་དོ། །བདག་གི་ཆུང་མས་ཀྱང་སེམས་ཅན་སྡུད་པར་བྱེད་དེ་ཞེས་པ་ཆུང་མ་ནི་རང་གི་རྣམ་པར་གྲོལ་བའི་
མཚན་མ་ཕྱག་རྒྱ་ལ་བྱ་སྟེ། རྣམ་པར་གྲོལ་བའི་མཚན་མ་དེས་སེམས་ཅན་མགུ་བར་བྱེད་དོ། །འདོད་ཆགས་ནི་བྱང་ཆུབ་ཏུ་བསྟན་པའོ་ཞེས་པ་སེམས་ཅན་སྨིན་པ་དང་གྲོལ་བ་ལ་ཆགས་པ་ནི་བྱང་ཆུབ་ཏུ་འགྱུར་བས་བྱང་ཆུབ་ཅེས་བྱའོ། །བཅོམ་ལྡན་འདས་
གྲུབ་པས་ན་འདོད་པའི་ཁྲོ་བོ་གྲུབ་པར་འགྱུར་རོ་ཞེས་པའི་སྙིང་པོ་གོང་མ་བསྒྲུབས་པས་ཕྱག་ན་རྡོ་རྗེ་འགྲུབ་པོ། །ཕྱག་ན་རྡོ་རྗེ་གྲུབ་པས་འདོད་པ་ཁྲོ་བོ་ཡང་གྲུབ་སྟེ། ཅིའི་ཕྱིར་ཞེ་ན། འདོད་པ་ཁྲོ་བ་ཞེས་བྱ་བ་སྙིང་པོ་འདི་དག་ཆེ་བ་ཕྱག་ན་རྡོ་རྗེའི་སྙིང་པོ་ཡིན་པའི་
ཕྱིར་རོ། །ཕྱག་རྒྱ་ཆེན་པོ་ཤེས་པར་སློབས་ཤིག་ཅེས་པ་དཀྱིལ་འཁོར་དེར་ཞུགས་ནས་ལྷའི་ལུས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོའི་རང་བཞིན་ཤེས་པར་སློབས་ཤིག །དེའི་རང་བཞིན་ཡང་ཆོས་ཐམས་ཅད་སེམས་ཙམ་དུ་ལུང་དང་རིགས་པས་བསྒྲུབས་ཏེ་སྟོང་པ་ཉིད་དུ་
མོས་པར་བྱའོ། །དེ་ནས་སེམས་ཅན་གྱི་ཐ་སྙད་ལ་ལུས་མེད་པར་མི་འགྲུབ་པས་ན་ལྷའི་ལུས་བསྐྱེད་པའི་ཕྱིར། བྱིན་གྱིས་བརླབ་དང་དབང་དང་ཏིང་ངེ་འཛིན་དང་མཆོད་པ་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་ཡན་ལག་ཏུ་གཏོགས་སོ། །ཆོ་ག་ཤེས་པར་སློབས་ཤིག་པའི་
เล่ม ๕๖ · หน้า 240a
ཐ་ཚིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་ཞེས་པ་ཕྱག་ན་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པ་བཅིངས་ལ་བཅོམ་ལྡན་འདས་ཀྱི་རྡོ་རྗེ་སྙིང་པོ་ཊཀྐི་ཧཱུཾ་ཛ་ཞེས་བྱ་བ་བཟླས་ནས་སློབ་མའི་ལག་པ་གཉིས་སུ་རྡོ་རྗེ་སྦྱིན་ནོ། །དེ་ལ་རྡོ་རྗེ་རྩེ་ལྔ་
པའི་ཕྱག་རྒྱ་ནི་རྡོ་རྗེ་བཅིངས་པ་ལས་གུང་མོ་གཉིས་ལྟོ་སྦྱར་ལ་རྩེ་མོར་བྱས་ཏེ་མཐེའུ་ཆུང་དང་མཐེ་བོང་བཞི་སོ་སོར་བསྒྲེངས་ཏེ་རྩེ་མོ་བཞིར་བྱས་པའོ། །དེ་ནས་ལག་ཏུ་རྡོ་རྗེ་སྦྱིན་པའི་སྔགས་འདི་བཟླས་སོ། །ཨོཾ་ནི་སྔ་མ་བཞིན་ནོ། །བཛྲ་དྷ་ར་ནི་བོད་པ་སྟེ། རྡོ་རྗེ་འཛིན་པ་སྔགས་པ་ཉིད་ལ་
བྱའོ། །བཛྲ་བྷྲ་ཏཾ་དྷ་ར་ཡ་སིདྷ་ཞེས་བྱ་བ་ནི་རྡོ་རྗེའི་བརྟུལ་ཞུགས་འཛིན་པར་གྲུབ་ཅིག་པའི་དོན་ཏོ། །ཊཀྐི་ཧཱུཾ་ཛ་ནི་སྙིང་པོ་འདིས་བྱིན་གྱིས་རློབས་ཤིག་པའི་དོན་ཏོ། །ལག་ཏུ་རྡོ་རྗེ་སྦྱིན་པ་ཡང་ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའི་དོན་ཏོ། །དེ་ནས་སློབ་མའི་ལག་ཏུ་མེ་ཏོག་ཕྲེང་བ་
ཡོད་པ་ཕྱག་ན་རྡོ་རྗེ་ལ་ཕུལ་ནས་མེ་ཏོག་དེ་སློབ་མའི་མགོ་ལ་བཅིང་ངོ་། །དེ་ནས། རྡོ་རྗེ་མིང་གི་དབང་སྦྱིན་ནོ། །ཞེས་པ་དཀྱིལ་འཁོར་དུ་ཞུགས་ནས་དཀོན་མཆོག་གསུམ་ལ་ཕྱོགས་ཤིང་བསྒྱུར་བའི་ཕྱིར་མིང་ཡང་བརྗོད་དགོས་ཏེ་དེ་བས་ན་སྔགས་འདི་སྨྲས་ཏེ་མིང་གདགས་སོ། །
སྔགས་ཀྱི་དོན་ནི་འདོད་པ་ཐམས་ཅད་ཀྱི་དབང་པོར་རྡོ་རྗེའི་དབང་བསྐུར་ཏེ། རྡོ་རྗེའི་མིང་འདི་ཅེས་བྱ་བ་བསྟན་པར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ནས་དེར་འདུག་སྟེ་ཕྱག་རྒྱ་ཆེན་པོ་བཅིངས་ནས་ཞེས་པ་དཀྱིལ་འཁོར་གྱི་སྒོ་དེར་འདུག་ལ་ཕྱག་ན་རྡོ་རྗེའི་རྣལ་འབྱོར་བྱས་ནས་ཊཀྐི་ཧཱུཾ་ཛ་
ཞེས་བྱ་བའི་སྙིང་པོ་བརྒྱ་སྟོང་བཟླས་སོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཞེས་པ་ཕྱག་ན་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་གོང་དུ་སྨྲས་པའོ། །རྡོ་རྗེའི་སྙིང་པོ་དབང་དུ་འགྱུར། །ཞེས་བྱ་བ་ཕྱག་ན་རྡོ་རྗེའི་སྙིང་པོ་ཊཀྐི་ཧཱུཾ་ཛ་ཞེས་བྱ་བ་ཉིད་དུ་འགྱུར་ཏེ་ཇི་ལྟར་འདོད་པ་ཉིད་དུ་སྙིང་པོ་དེ་སྒྲུབ་ཅེས་པའི་དོན་ཏོ། །
ཡང་ཕྱག་ན་རྡོ་རྗེའི་སྙིང་པོ་དབང་དུ་འགྱུར་ཏེ་ཇི་ལྟར་འདོད་པ་བཞིན་དུ་དེས་སྦྱོར་བའོ། །སྙིང་ཤེས་པ་དང་ཞེས་པ་གཞན་གྱི་སེམས་ཤེས་པའོ། །སྙིང་ལ་དབང་བྱེད་པ་ནི་སེམས་དབང་དུ་གྱུར་པའོ། །ཐམས་ཅད་ཀྱི་སྙིང་བརྟན་པར་ཆགས་སོ་ཞེས་པ་ཐམས་ཅད་ཀྱི་སེམས་བདག་ལ་དུས་ཐམས་ཅད་དུ་
เล่ม ๕๖ · หน้า 240b
ཆགས་ཤིང་བྱམས་པར་འགྱུར་རོ། །སྙིང་ཐམས་ཅད་ལས་ཚིག་ཐོས་པར་འགྱུར་རོ་ཞེས་པ་གཞན་གྱི་ཡིད་ལ་ཅི་བསམས་པ་སྒྲར་གྱུར་ནས་ཐོས་པར་འགྱུར་རོ། །གྱུར་པ་དང་འགྱུར་བ་དང་ཞེས་པ་ལ་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཆོས་རྣམས་བདག་གིས་ལུང་བསྟན་ཞིང་སྨྲས་པ་ཐམས་
ཅད་བདེན་པར་འགྱུར་རོ། །བདག་གི་སྙིང་ལས་ཀྱང་ཆོ་འཕྲུལ་རྣམ་བཞི་ཞེས་པ་ཡིད་ཀྱིས་བསམས་པ་ཙམ་གྱིས་ཆོ་འཕྲུལ་རྣམ་བཞི་བདག་རང་གིས་ཀྱང་མཐོང་ཞིང་གཞན་ལ་ཡང་བསྟན་ཏོ། །ཆོ་འཕྲུལ་བཞི་ནི་འབར་བ་དང་། གདུང་བ་དང་། སྣང་བ་དང་ཆར་འབེབས་པའོ། །དེ་ལ་འབར་བ་ནི་
བདག་གི་ལུས་ལ་མེ་འབར་བའོ། །གདུང་བ་ནི་ཀུན་ལ་ཚ་བས་གདུང་བར་བྱེད་པའོ། །སྣང་བ་ནི་ཕྱོགས་ཀུན་འོད་ཀྱིས་གསལ་བར་བྱེད་པའོ། །ཆར་འབབ་པ་ནི་བསམས་པ་ཙམ་གྱིས་འབབ་པར་འགྱུར་རོ། །དེའི་སྙིང་ལས་རྡོ་རྗེ་འབྱུང་བར་འགྱུར་རོ་ཞེས་པ་བསྒོམས་པའི་མཐུས་སྙིང་གར་རྡོ་རྗེ་རྩེ་ལྔ་པ་
གཟུགས་བརྙན་དུ་སྣང་སྟེ་དེ་ཕྱིན་ཆད་གཞན་གྱིས་མི་གསོད་གནོད་པར་བྱར་མི་ཚུགས་མཚོན་གྱིས་མི་ཆོད་སོ་སོར་དབྱེར་མི་ཕྱེད་པའི་ལུས་སུ་འགྱུར་རོ། །དེ་ནས་གསང་བའི་མཆོད་པ་བྱས་ཏེ་ཞེས་པ་དཀྱིལ་འཁོར་གྱི་མཇུག་བསྡུ་བའི་ཚེ་མཆོད་ཅིང་བསྟོད་ནས་སླར་གཤེགས་སུ་གསོལ་
བའི་ཆོ་གའོ། །གསང་བ་ནི་དམ་ཚིག་མི་ཤེས་པ་དང་མ་དད་པ་རྣམས་ལ་མི་བསྟན་པ་སྟེ་ཕྱག་ན་རྡོ་རྗེ་ལ་བུད་མེད་ཀྱི་དཀྱིལ་འཁོར་གྱིས་མཆོད་པ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་བྲལ་བ་མ་ཡིན་ནོ་ཞེས་སྐྱོན་འདོགས་པའི་ཕྱིར་ཀུན་ལ་མི་བསྟན་ཏོ། །ཡང་ན་འདོད་པའི་
ཁམས་ཀྱི་ལྷ་བསྙེམས་པ་ཅན་རྣམས་ཟིལ་གྱིས་མནན་པའི་ཕྱིར་རང་གི་ཡོན་ཏན་སྣ་ཚོགས་པ་ལྷ་མོའི་གཟུགས་སུ་སྤྲུལ་ནས་མཆོད་པར་བྱེད་པའི་དོན་ཟབ་མོ་འདི་ལྟ་བུ་གཞན་གྱིས་མི་ཤེས་པའི་ཕྱིར་ཡང་གསང་བ་ཞེས་བྱའོ། །རྡོ་རྗེའི་སྙིང་པོས་བསྟོད་པའི་གླུས་བསྟོད་དོ་
ཞེས་པ་རྡོ་རྗེ་སྙིང་པོ་ནི་ཕྱག་ན་རྡོ་རྗེ་ཉིད་ལ་བྱ་སྟེ། དེ་ལ་བསྟོད་པའི་ཚིགས་གཟུགས་ལ་སོགས་པ་འོག་ནས་འབྱུང་བའི་ཚིག་ལ་སོགས་པའི་བསྟོད་པ་རྣམས། ཤརྫ་དང་དེ་བ་ཏ་དང་། གྷནྡྷ་ར་ལ་སོགས་པའི་གླུ་དང་སྦྱར་ཏེ་བསྟོད་དོ། །གསང་བའི་མཆོད་པ་ཐམས་ཅད་མྱུར་དུ་འགྲུབ་པར་འགྱུར་
เล่ม ๕๖ · หน้า 241a
རོ་ཞེས་པ་གསང་བའི་མཆོད་པ་གོང་དུ་སྨོས་པ་རྣམས་ཀྱིས་ཕྱག་ན་རྡོ་རྗེའམ་བདག་ལ་མཆོད་པར་འགྲུབ་པོ། །དེ་ནས་མཆོད་པ་ཐམས་ཅད་ཀྱིས། །ཞེས་པ་ཕྱི་ནང་གི་ལྷ་མོ་ཐམས་ཅད་ཀྱིས་སོ་སོའི་ཕྱོགས་ཕྱོགས་ནས་དཀྱིལ་འཁོར་དུ་བཞུགས་པའི་ལྷ་ཐམས་ཅད་ལ་མཚུངས་པར་
མཆོད་ནས་དེར་འདུས་པའི་སློབ་མ་དང་འཁོར་རྣམས་ལ་ཟས་འདོད་པ་རྣམས་ཀྱང་ཅི་བདོག་པའི་ཁ་ཟས་ཀྱི་རོ་ཐམས་ཅད་ཀྱིས་མགུ་བར་བྱའོ། །ཁ་ཟས་དོན་དུ་མི་གཉེར་བ་རྣམས་ཀྱང་སྤྱད་པ་རྣམ་པ་བཞི་སྟེ། འགྲོ་སྡོད་འདུག་ཉལ་གྱི་ཚུལ་བསྟན་པས་ཡི་རངས་པར་བྱས་ཏེ་སོ་སོར་དགྱེས་
པར་བྱའོ། །ཁ་ཅིག་འཆད་པ་ནི་དཀྱིལ་འཁོར་གྱི་རྗེས་ལ་སློབ་དཔོན་དང་སློབ་མ་ཐམས་ཅད་འདུས་ཏེ་ལྷ་བཤོས་རྣམས་ལ་ཅི་འདོད་པར་ཟོས་ཏེ་སྙིང་ཚིམ་པར་བྱ་དགོས་ཞེས་ཀྱང་ཟེར་ཏེ། སྔགས་པ་ལྷ་བཤོས་མི་བཟའ་བར་གཞུང་གཞན་དག་ལས་ཀྱང་འབྱུང་ལ་ལྷའི་ཕ་འབབ་བཟའ་བ་
ཉིད་ལྷ་མཉེས་པར་བྱའི་རྒྱུར་ཞེས་སྙམ་ཡང་མི་བྱེད་ཀྱིས་བཤད་པ་ནི་སྔ་མ་ལེགས་པ་འདྲ། དེ་ནས་རྡོ་རྗེ་དཀྱིལ་འཁོར་དུ། །ཞེས་པ་རྡོ་རྗེའི་དཀྱིལ་འཁོར་རྡོ་རྗེའི་ཕྲེང་བས་སྦྲེལ་བ་ལ་སོགས་པ་ཆོ་ག་གཞན་ཐམས་ཅད་ནི་གོང་མ་བཞིན་ནོ། །རྡོ་རྗེ་འདོད་པ་ནི་ཁྲོ་བོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའོ། །སོགས་
པའི་སྒྲས་ནི་ནང་གི་མཆོད་པ་དང་འཁོར་གྱི་རྣམས་བྲིའོ། །ཕྱིའི་མཆོད་པ་དང་སྒོ་བ་རྣམས་ཀྱང་དེ་བཞིན་ནོ། །ཕྱག་རྒྱ་ཅི་བཞིན་ཤེས་པ་ནི། །ཕྱག་རྒྱ་ཆེན་པོ་རྣམས་བྲི་སྟེ། །སྐུ་གཟུགས་སུ་གཞག་ཅེས་པའི་དོན་ཏོ། །བཅུག་ལ་མཆོད་པའི་ལྷའི་རྡོ་རྗེ་གར་དང་མཆོད་པས་ཞེས་པ་དཀྱིལ་འཁོར་དུ་སློབ་
དཔོན་དང་སློབ་མ་གཉིས་ཞུགས་ནས་མཆོད་པའི་ལྷ་མོ་གར་དང་ཕྲེང་བ་གླུ་ལ་སོགས་པའི་སྦྱོར་བས་མཆོད་ལ་སྙིམ་པ་ཡང་མེ་ཏོག་གིས་བཀང་སྟེ་གསོལ་ལོ། །དེ་ནས་སློབ་དཔོན་གྱིས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བྱས་ལ་ལག་ཏུ་གསེར་དངུལ་
ལམ་ཟངས་ལས་བྱས་པའི་རྡོ་རྗེ་རྩེ་ལྔ་པ་བླངས་ནས་ཊཀྐི་ཧཱུཾ་ཛ་ཞེས་བྱ་བའི་སྙིང་པོ་འབུམ་བཟླས་སོ། །རྡོ་རྗེ་གླུ་དང་རྡོ་རྗེ་བཟླས་པས་ཞེས་པ་སྔར་དེའི་གླུ་དང་སྦྱར་ཏེ་བརྩམས་ལ། རྡོ་རྗེ་བཟླས་པས་འབུམ་ཚད་བར་བྱའོ། །ནང་པར་རྡོ་རྗེ་འཛིན་ཏམ་ཁྲོ་བོ་ཞེས་པ་རྡོ་རྗེ་
เล่ม ๕๖ · หน้า 241b
འཛིན་པ་ནི་རྡོ་རྗེ་སེམས་དཔའ་ཞི་བའི་སྐུའོ། །ཁྲོ་བོ་ནི་རྡོ་རྗེ་ཧཱུཾ་ཀ་རའི་སྐུའོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་ཏེ་ཞེས་པ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་གང་དུ་སྨོས་པ་གྲུ་བཞི་པ་ལ་སོགས་པའི་ཚུལ་བཞིན་དུ་ཐིག་བཏབ་སྟེ། དེ་ནས་ནང་རིམ་གྱི་སྟེགས་བུ་གྲུ་བཞི་རི་
མོར་བྲིས་ལ། དེའི་དབུས་སུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཇི་ལྟར་གོང་དུ་བཤད་པའི་ཚུལ་བཞིན་དུ་བཞུགས་པར་བྱ་སྟེ། དེའི་སྙིང་པོ་འདིས་བྱིན་གྱིས་བརླབ་པོ། །དེ་ལ་ཏེ་ཛོ་བཛྲ་སཏཱ་ནི་བོད་པའི་ཚིག་གོ། །སུ་ར་ཏ་སྟཾ་ནི་ཁྱོད་ནི་རབ་ཏུ་དགའ་བའོ་ཞེས་
རང་བཞིན་པའོ། །དེའི་སྤྱན་སྔར་རྡོ་རྗེ་གཞུ་འགེངས་པའམ་ཞེས་པ་ཕྱག་ན་རྡོ་རྗེ་ཞལ་ཤར་ཕྱོགས་སུ་གཟིགས་པའི་མདུན་དུ་རྡོ་རྗེ་གཞུ་འགེངས་པ་གཟུགས་ཉིད་དུ་བྲི་བའམ་ཡང་ན་དེའི་ཕྱག་རྒྱ་གཞུ་བྲིའོ། །དེའི་ངག་གི་ཕྱག་རྒྱ་ནི་བཛྲ་ཤྲཱི་ཧཱུཾ་ཞེས་པ་སྟེ། ཡེ་ཤེས་
ཀྱི་མདའ་གཞུས་ཉོན་མོངས་པ་གསོད་པའི་དོན་ཏོ། །དཀྱིལ་འཁོར་འདི་ནི་རྡོ་རྗེ་གཞུ་འགེངས་པ་དང་། རྡོ་རྗེ་དགའ་བས་འཁྱུད་པ་ལ་སོགས་པ་བཞི་ཆར་བུད་མེད་ཀྱི་ཚུལ་དུ་བྲིའོ། །གཡས་སུ་རྡོ་རྗེ་དགའ་བས་འཁྱུད་པར་བྱའོ་ཞེས་པ་ཕྱག་ན་རྡོ་རྗེའི་གཡས་ལོགས་
སུ་རྡོ་རྗེ་དགའ་བ་ཞེས་བྱ་བའི་ལྷ་མོ་རྡོ་རྗེ་ཁུ་ཚུར་བཅིངས་པས་ཕྱག་ན་རྡོ་རྗེ་ལ་འཁྱུད་པ་ལྟ་བུར་སྟོན་པའོ། །དེའི་ངག་གི་ཕྱག་རྒྱ་བཛྲ་ཀཱི་ལི་ཧཱུཾ་ཞེས་པ་སྟེ། ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་དུ་རོལ་ཅིང་གདུག་པ་ཐག་འཛུད་པའི་དོན་ཏོ། །མཛད་པའི་རྡོ་རྗེ་བྲི་ཞེས་པ་
སེམས་ཅན་ཐམས་ཅད་ལ་བྱམས་ཤིང་ཆགས་པའི་དོན་སྟོན་པའོ། །དེའི་ངག་གི་ཕྱག་རྒྱ་ནི་བཛྲ་གྲྀ་ཧོ་སྟེ་ཀྱེ་རྡོ་རྗེ་གཙོ་བོ་ཞེས་རང་བཞིན་བརྗོད་པའོ། །རྡོ་རྗེ་གཡོན་དུ་སྦྱོར་བར་བྱ། །ཞེས་པ་ནི། རྡོ་རྗེ་ཁུ་ཚུར་གཉིས་སྟ་ཟུར་གཉིས་སུ་བསྟེན་ལ་གཡོན་དུ་
འདུད་པར་བྱའོ། །དེའི་ངག་གི་ཕྱག་རྒྱའི་དོན་ནི་རྡོ་རྗེ་བསྙེམས་པར་གྱིས་ཤིག་པར་བསྟན་པའོ། །དེ་ནས་གྲྭ་དང་སྒོར་ཡང་རང་གི་ལྷ་མོ་བྲི་ཞེས་པ་དཀྱིལ་འཁོར་གྱི་ནང་གི་གྲྭར་དུས་བཞིའི་ལྷ་མོ་དང་། གཟུགས་ལ་སོགས་པའི་ལྷ་མོ་རྣམས་བྲི་སྒོ་བཞིར་
เล่ม ๕๖ · หน้า 242a
ཡང་ཀྱོ་བ་ཏང་ལ་སོགས་པ་བྲིའོ། །དེ་ནས་རྡོ་རྗེ་སློབ་དཔོན་ཉིད་ཤིན་ཏུ་ཆས་ལ་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གྱིས་ཤིན་ཏུ་ཆས་པའོ། །བུད་མེད་ཀྱང་བརྒྱན་ཏེ་ཞེས་པ་བུད་མེད་ནི་སློབ་དཔོན་རང་གི་རྣམ་པར་གྲོལ་བའི་ཕྱག་རྒྱ་ལ་བྱ་སྟེ། དེ་
བརྒྱན་པ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རྡོ་རྗེ་ཁུ་ཚུར་ཡང་བཅིངས་ལ་དཔུང་པ་གཉིས་ཀྱིས་འཁྱུད་པའི་ཚུལ་དུ་བསྟན་ཞིང་དཀྱིལ་འཁོར་དུ་ཞུགས་ལ་སྔགས་བརྗོད་དོ། །ས་མ་ཡ་སྟྭཾ་ནི་ཁྱེད་ཡེ་ཤེས་ཀྱི་རང་བཞིན་ནོ་ཞེས་སྨྲས་སོ། །ཨ་ཧཾ་སུ་ར་ཏ་ཞེས་བྱ་བ་ནི་བདག་ཀྱང་ཤིན་ཏུ་དགའོ་
ཞེས་བསྟན་པའོ། །དེ་བས་ན་འདོད་པའི་ཁྲོ་བོའི་རང་བཞིན་ནོ། །དེ་ནས་བརྗོད་པ་ཙམ་གྱིས་ཞེས་པ་སྔགས་དེ་བཀླགས་པ་ཙམ་གྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱི་སྐུ་སྟོན་པར་མཛད་དེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡང་འགྲུབ་པར་འགྱུར་རོ། །དམ་ཚིག་ཐམས་ཅད་གྲུབ་པ་ཡང་སྩོལ་ཏོ་
ཞེས་པ་འདིའི་སྐབས་སུ་དམ་ཚིག་ནི་ཤེས་པ་ལ་བྱ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་སོགས་པ་འཐོབ་བོ། །དེ་ནས་སློབ་མ་ཡང་དེ་བཞིན་དུ་སྙིང་པོའི་རྗེས་སུ་བཅུག་ནས་ཞེས་པ་སྙིང་བོ་རྡོ་རྗེ་ནི་རྡོ་རྗེ་ཧཱུཾ་ཀ་རའི་སྙིང་པོའི་ཕྱག་རྒྱ་མཛུབ་མོ་གཉིས་བསྒྲེང་བའོ། །བདག་ཆེ་ཀུན་གྱི་ཕྱག་རྒྱ་ནི། །ཞེས་པ་སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་ཆེ་བ་སྟེ་ཡོན་ཏན་ཀུན་གྱིས་འཕགས་པའི་ཕྱིར་རོ། །དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་རྣམས་ཏེ། བྱང་ཆུབ་ཀྱི་སེམས་འདོད་པའི་རང་བཞིན་དང་མ་རུངས་པ་འདུལ་བ་ཁྲོ་བོའི་རང་བཞིན་ཅན་དུ་འབྱུང་སྟེ་བྱང་ཆུབ་ཀྱི་སེམས་མེད་ན་ཕྱག་རྒྱ་མི་
འགྲུབ་པའི་ཕྱིར་རོ། །བསམ་པ་ཞེས་བྱ་བ་ནི་སྐབས་འདིར་ཁྲོ་བོའི་བསམ་པ་ལ་བྱའོ། །སྡིག་མེད་ཅེས་བྱ་བ་ནི་སློབ་མ་ལ་རིམ་གྲོའི་ཚུལ་དུ་བོད་པའོ། །འདོད་དང་བསམ་པ་མ་གཏང་ཞིག །ཅེས་པ་བྱང་ཆུབ་ཀྱི་སེམས་འདོད་པའི་རང་བཞིན་དང་མ་རུངས་པ་འདུལ་བའི་ཐབས་ཁྲོ་བ་མ་བཏང་ཞིག་དེ་སྐད་བསྒོ་ནས་
དྲི་ཆུ་ལ་སྔགས་འདི་བཏབ་སྟེ་བླུད་དོ། །སྔགས་ཀྱི་དོན་ནི་སྔགས་བཤད་པའོ། །དངོས་པོ་གཞན་ཐམས་ཅད་ཀྱི་ཕྱིར་ཡང་ཞེས་པ་དམ་ཚིག་མི་བསྙད་པ་འབའ་ཞིག་གི་ཕྱིར་འདིས་བསྔགས་ཏེ་བླུད་པ་ཡིན་གྱི་གཞན་ཡང་མནས་བསྒག་གོ། །ཆོ་ག་འདིས་བསྔགས་ཏེ་བླུད་དོ་ཞེས་པ་མནས་
เล่ม ๕๖ · หน้า 242b
བསྒགས་པ་དེ་དག་ལ་ཡང་ཕྱག་ན་རྡོ་རྗེའི་རྣལ་འབྱོར་དུ་བྱས་པའི་ལག་ནས་བླུད་དོ། །དེ་ནས་ཕྱག་རྒྱ་བཅིང་བ་བསླབ་པོ་ཞེས་པ་ཕྱག་རྒྱ་རྣམ་པ་བཞི་བསླབ་པོ། །དེ་ནས་དེ་བཞིན་དུ་འབྱུང་ངོ་ཞེས་པ་ཅི་ལྟར་གོང་དུ་ཟས་དང་སྤྱོད་པས་ཚིམ་པར་བྱས་ཏེ་གྱེས་སོ་ཞེས་བྱ་བ་བཞིན་དུ་འདིར་ཡང་
བྱའོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་དེ་བཞིན་དུ་བྲིས་ནས་ཞེས་པ་དཀྱིལ་འཁོར་ཆེན་པོ་བཞིན་དུ་སྲད་བུ་བྲེས་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཆ་ལུགས་སམ་ཕྱག་རྒྱའི་མཚན་མ་གཞག་པར་བྱའོ། །དེར་བཙུད་ནས་ལས་བཞི་བསླབ་པར་བྱའོ་ཞེས་པ་ཞི་བ་དང་རྒྱས་པ་
ལ་སོགས་པའི་ལས་རྣམ་བཞི་སློབ་མས་བསླབ་པའམ་བདག་རང་གིས་བྱའོ། །ཡང་ན་ལས་རྣམ་བཞི་ནི་མོད་བཞིན་དུ་འབྱུང་བ་བཞིན་རྣམས་ལ་བྱའོ། །དེ་ལ་དང་པོ་ནི་འདོད་པ་ཐམས་ཅད་སྩོལ་བར་འགྱུར་ཏེ་ཞེས་པ་ལས་དང་པོ་ནི་ཡིད་ལ་བསམས་པའི་འདོད་པ་ཐམས་
ཅད་འགྲུབ་པར་འགྱུར་ཏེ། ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་ཊཀྐི་ཧཱུཾ་ཛ་ཞེས་བྱ་བའི་སྙིང་པོ་བཟླས་སོ། །དེ་ནས་ཁྲོ་བོའི་ལས་བརླབ་སྟེ། །ཞེས་པ་ལས་གཉིས་པ་ཧཱུཾ་ཀ་རའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བྱས་ལ་ཊཀྐི་ཧཱུཾ་ཛ་ཞེས་བྱ་བའི་སྙིང་པོ་བཟླས་ཤིང་སྔར་
བསྙེན་པ་བྱས་ལ་སྙིང་པོ་ཐང་ཅིག་བཟླས་པ་དང་། ཧཱུཾ་ཞེས་བྱ་བའི་སྙིང་པོ་མཛུབ་མོ་བསྒྲེང་སྟེ་ཐང་ཅིག་བསྡིགས་པས་དེ་བཞིན་གཤེགས་པ་ཡང་རང་གི་གནས་ནས་བསྐྱོད་དེ་སྔགས་པའི་དྲུང་དུ་བྱོན་གྱི་བར་དུ་བཟླས་སོ། །དེ་ཕྱིན་ཆད་འགྲོ་བ་སྟེ། སེམས་ཅན་ལ་
སོགས་པ་འགུལ་བ་རྣམས་དང་། གནས་ཏེ་རི་ལ་སོགས་པ་ཐམས་ཅད་ཀྱང་འགྱེལ་བར་ནུས་སོ། །དེ་ནས་ཕྱག་ན་རྡོ་རྗེ་ལས་འབྱུང་སྟེ་ཞེས་པ་ལས་གསུམ་པ་སྟེ། སེམས་ཅན་ཐམས་ཅད་གོང་དུ་སྨོས་པ་ལྟ་བུའི་འདོད་པ་དང་ཁྲོ་བར་འདུལ་བར་འདོད་ན་རྡོ་རྗེ་འཛིན་མའི་ཕྱག་རྒྱ་
གོང་དུ་སྨོས་པ་བཅིངས་ལ་ཊཀྐི་ཧཱུཾ་ཛ་ཞེས་བྱ་བའི་སྙིང་པོ་ཟློས་ཤིང་མེ་ཏོག་ལ་སོགས་པ་མཆོད་པ་ལྔས་མཆོད་པར་བྱ་སྟེ་དེ་ནས་ཕྱག་ན་རྡོ་རྗེའི་སྙིང་པོའི་ཕྱག་རྒྱ་མཛུབ་མོ་གཉིས་བསྒྲེང་བ་སྙིང་གར་བཅིངས་ཏེ་ཊཀྐི་ཧཱུཾ་ཛ་བཟླས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་བྱ་བར་འདོད་ན་
เล่ม ๕๖ · หน้า 243a
ཞེས་པ་ལས་བཞི་པ་སྟེ་དེ་བཞིན་གཤེགས་པ་ལྔ་ཉིད་གྲུབ་པར་འདོད་ན་ཕྱག་ན་རྡོ་རྗེའི་སྤྱན་སྔར་བྱང་ཆུབ་ཀྱི་སེམས་རྣམ་པ་ལྔ་གོང་དུ་སྨོས་པ་གང་ཡང་རུང་བ་བསྐྱེད་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅི་ནུས་པར་སྒོམ་ཞིང་ཊཀྐི་ཧཱུཾ་ཛ་རྟག་ཏུ་བཟླས་ནས་ས་བཅུ་ལ་གནས་
ཏེ་སེམས་ཅན་གྱི་དོན་དུ་བྱ་བ་དེ་བཞིན་གཤེགས་པའི་ཕྲིན་ལས་ཐམས་ཅད་མཛད་པའི་བྱང་ཆུབ་སེམས་དཔར་འགྱུར་རོ་དེ་ནས་བསྒྲུབ་པ་འབྱུང་སྟེ་ཞེས་པ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་བཞི་གོང་དུ་སྨོས་པ་དེ་རྣམས་ཀྱི་སྒྲུབ་པ་བཤད་པར་བྱའོ། །སྒྲུབ་པ་ལ་ཡན་ལག་གི་གཙོ་བོ་སློབ་མ་སྣོད་དུ་རུང་བ་
སྟེ་དེ་ལ་བསྟེན་ཅིང་སྒྲུབ་ཏུ་བཅུག་ན་དོན་དུ་འགྱུར་བའི་ཕྱིར་རོ། །དེ་བས་ན་སྣོད་མ་ཡིན་པ་ལ་སྔགས་མི་སྦྱིན་ཞེས་སྨྲས་པ། དཀྱིལ་འཁོར་དུ་ནི་མ་ཞུགས་པ་ལ་ཞེས་བྱ་བ་ལ་སོགས་པའོ། །ཆོ་ག་བཞིན་དུ་དཀྱིལ་འཁོར་དུ་མ་ཞུགས་པ་དང་། དཀྱིལ་འཁོར་དུ་ཞུགས་ཀྱང་རིགས་བཞིའི་
སྤྱིའི་དམ་ཚིག་དང་རིགས་སོ་སོའི་དམ་ཚིག་མི་ཤེས་པ་དང་། སློབ་དཔོན་རང་གིས་དཀྱིལ་འཁོར་དུ་གཞུག་པ་མ་ཡིན་པ་གཞན་རྣམས་ལ་སྔགས་ཀྱི་སྙིང་པོ་མི་སྦྱིན་ནོ། །མི་ཟད་ཅེས་བྱ་བ་ནི་སྔགས་ཀྱི་སྙིང་པོ་མི་ཟད་པ་སྟེ་བསོད་ནམས་དང་ཡེ་ཤེས་ཟད་མི་ཤེས་པར་འབྱུང་བའི་ཕྱིར་རོ། །
འདི་ནི་དཀྱིལ་འཁོར་སྒྲུབ་སྟེ་ཞེས་གོང་བཞིན་འོག་ནས་དཀྱིལ་འཁོར་མཐོང་བར་སྒྲུབ་པ་ཞེས་འབྱུང་བ་ཉིད་ལ་བྱ་སྟེ་གོང་དུ་སྨོས་པའི་དཀྱིལ་འཁོར་གང་ཡང་རུང་བ་མཐོང་ནས་དཀྱིལ་འཁོར་དེ་ཉིད་དུ་ཕྱག་ན་རྡོ་རྗེའི་སྤྱན་སྔར་ཊཀྐི་ཧཱུཾ་ཛ་ཞེས་པ་འབུམ་བཟླས་ནས་ལས་གང་བྱེད་ཀྱང་
རུང་སྟེ་ཕྱག་ན་རྡོ་རྗེ་ལ་སྤྱིའི་བསྙེན་པ་བྱས་པར་འགྱུར་ཏེ། འོག་ནས་འབྱུང་བའི་ལས་ཐམས་ཅད་ཀྱང་དང་པོར་བསྙེན་པ་འདི་མི་སྦྱར་མི་རུང་ངོ་། །འོག་ནས་ཕྱག་ན་རྡོ་རྗེའི་རྟོག་པའི་ལེའུ་ལ་བཟླས་སོ་ཞེས་འབྱུང་བ་ཐམས་ཅད་ནི་ཊཀྐི་ཧཱུཾ་ཛ་ཞེས་བྱ་བའི་སྙིང་པོ་འདི་བཟླས་པ་རིག་པར་བྱའོ། །དེ་ནས་
རས་ལ་བྲིས་ཏེ་རས་ཀྱི་དབུས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་ཞེས་པ་རས་གཙང་མ་སྐྲ་དང་བལ་བུ་མེད་པ་ཁ་ཚར་མ་བཅད་པ་སར་པ། མ་མཐུད་པ་ལ་རི་མོ་མཁན་གསོ་སྦྱིན་གྱི་ཡན་ལག་སྡོམ་པ་ཅན་ཚོན་རྩི་སྤྱིན་མེད་པ་གཙང་མས་བྲིས་ཏེ། མན་ཆད་ཀྱང་བསྒྲུབ་པའི་རི་མོ་ཐམས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด