དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) སརྦ་ཏ་ཐཱ་ག་ཏ་ཏཏྟྭ་སྃ་གྲ་ཧ་མ་ཧཱ་ཡཱ་ན་ཨ་བྷི་ས་མ་ཡ་ནཱ་མ་ཏནྟྲ་ཏཏྟྭ་ཨཱ་ལོ་ཀ་ཀཱ་རི་ནཱ་མ་བྱཱ་ཁྱཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๗ · หน้า 221b
མཚན་ཉིད་ཅན་ནམ། སེམས་ཀྱི་སྤྱོད་པ་སྙིང་རྗེ་ཆེན་པོ་ལ་སོགས་པ་ལ་གནས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། ལས་ཀྱི་ཕྱག་རྒྱའི་སྒྲུབ་པ་པོས། རྡོ་རྗེ་གླུ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱས་ལ། འཚང་རྒྱ་བ་ཉིད་ལ་སོགས་པའི་སྦྱིན་པས་སེམས་ཅན་གྱི་
ཁམས་ཐམས་ཅད་ཚིམ་པར་བྱས་ལ་བཟླས་བརྗོད་བྱའོ། །དེ་ཡང་། འགྲོ་ཀུན་སངས་རྒྱས་ཉིད་དང་ནི། །བྱང་ཆུབ་སེམས་དཔའ་ཉིད་ཁོ་ནར། །ཇི་བཞིན་དུ་ནི་བཏུལ་བ་ཉིད། །ལས་ཀྱི་དོན་ཀུན་གྲུབ་བྱེད་པའོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་བཞི་ལས་གསུངས་པའི་ཕྱག་རྒྱ་
ཐམས་ཅད་ཀྱི་དམ་ཚིག་དང་། གསང་བ་དང་། ཆོས་ཉིད་དང་། ལས་གསུངས་ནས། དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་བཞི་བསྒྲུབ་པར་བྱ་བའི་ཕྱིར་གསང་བའི་ཕྱག་རྒྱ་གསུངས་པ་ཡིན་ཏེ། དཀྱིལ་འཁོར་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་
དཀྱིལ་འཁོར་ཐམས་ཅད་དེ། དེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང་། གཟུངས་དང་། ཆོས་དང་། ལས་ཀྱི་དཀྱིལ་འཁོར་རོ། །དེ་རྣམས་བསྒྲུབ་པ་ནི་རྫོགས་པར་བྱེད་པའོ། །གསང་བའི་ཕྱག་རྒྱ་གང་ཡིན་པ་དེ་ནི། དཀྱིལ་འཁོར་ཐམས་ཅད་བསྒྲུབ་པའི་གསང་བའི་ཕྱག་རྒྱའི་
ཡེ་ཤེས་བསླབ་ཅིང་བསྟན་པར་བྱའོ། །མཚན་མ་བརྟན་པར་རང་གྱུར་ནས། །ཞེས་བྱ་བ་ལ། མཚན་མ་སྟེ། བྱང་ཆུབ་ཀྱི་སེམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པའི་ཚུལ་བརྟན་ཞིང་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ནི་མཚན་མ་བརྟན་པ་སྟེ། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་
དཔའོ། །དེའི་གཟུགས་སུ་རང་སྟེ་བདག་ཉིད་དུ་གྱུར་ནས། དཀར་པོར་འགྱུར་བའི་རས་ལ་གནས། །ཞེས་བྱ་བ། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། ཞེས་ཟློས་ཤིང་། ཆོས་ཐམས་ཅད་བདག་མེད་པར་བསྒོམས་པས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལ་མི་བསྐྱོད་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་
ཀྱི་སེམས་ཆེན་པོ་བག་ཆགས་དང་བཅས་པའི་དྲི་མ་ནག་ནོག་དང་བྲལ་བའི་རས་དཀར་པོ་དེའི་རང་བཞིན་རྟོགས་པས་གནས་ཤིང་རྣལ་འབྱོར་གྱི་བདག་ཉིད་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རས་དཀར་པོར་གྱུར་པའི་རས་ལ་གནས་པའི་རྗེས་ལ། མཚན་མ་མཆོད་རྟེན་བྱིན་བརླབས་ཏེ། །
เล่ม ๕๗ · หน้า 222a
ཞེས་བྱ་བ་མཚན་མ་བརྟན་པ་དེ་མཆོད་རྟེན་ཏུ་བྱིན་གྱིས་བརླབ་པ་ནི་བདག་ཉིད་ནི་རྡོ་རྗེ་དབྱིངས་སོ་ཞེས་ང་རྒྱལ་བསྐྱེད་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་ལ་སོགས་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ་སྟེ་རྟགས་
ཡིན་པར་བཤད་ལ་མཚན་མ་དེར་བདག་ཉིད་ཀྱི་ཡོངས་སུ་རྫོགས་པའི་ལྷག་པར་མོས་པའི་རྗེས་སུ་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་དུ་རྣམ་པར་བསྒོམ་པ་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་ཚུལ་དུ་བསྒོམས་པས་དེ་བཞིན་གཤེགས་པའི་སྐུའམ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་
སྐུར་བདག་ཉིད་བརྟན་པའི་མཆོད་རྟེན་དུ་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་སེམས་དཔའ་གཞུག་པས་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་མཚན་མ་དེ་མཆོད་རྟེན་དུ་བྱིན་གྱིས་བརླབས་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ནི་བདག་གོ་ཞེས་ང་རྒྱལ་བསྐྱེད་པ་
ནི་བདག་ཉིད་རྡོ་རྗེ་དབྱིངས་སུ་བསྒོམ་པའོ། །དེ་ཡང་། མཚན་མ་མཆོད་རྟེན་ཞེས་བཤད་དོ། །བརྟན་པ་ཏིང་འཛིན་ཅན་འགྱུར་ཡིན། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ནི། །མཚན་མ་འདི་ནི་ཡིན་པར་བཤད། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །རྡོ་རྗེ་མཚན་མར་འདི་བཤད་དོ། །བྱང་ཆུབ་
སེམས་ཀྱི་སྦྱོར་བ་ཡིས། །མཚན་མ་བརྟན་པར་ཤེས་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་པདྨ། །དཀར་པོར་གྱུར་པའི་རས་ལ་གནས། །ཤེས་རབ་ཕར་ཕྱིན་རྣལ་འབྱོར་པས། །ཡང་དང་ཡང་དུ་མཉམ་གཞག་བྱ། །བྱང་ཆུབ་སེམས་དང་ཤེས་རབ་ནི། །ཡང་དང་ཡང་དུ་བརྟེན་
གྱུར་ན། །བྱང་ཆུབ་ངེས་པར་འབྱུང་བར་འགྱུར། །ཤེས་རབ་ཕ་རོལ་ཕྱིན་ཚུལ་ལས། །མཆོད་རྟེན་གྱུར་པའི་ཆོས་འདི་ནི། །ལུས་ཅན་ཀུན་གྱིས་རྙེད་པར་དཀའ། །བྱང་ཆུབ་སེམས་དང་ཤེས་རབ་ཆེའི། །མཚན་མ་མཆོད་རྟེན་བྱིན་བརླབ་པོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་
ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རང་གི་ལྷའི་རྣལ་འབྱོར་མཆོད་རྟེན་དུ་གྱུར་པར་བྱིན་གྱིས་བརླབས་ལ། དེའི་འོག་ཏུ། བཛྲ་དྷཱ་ཏུ་ར་ཧཾ་ས་ཡཾ། ཞེས་བྱ་བས་རང་གི་སྙིང་གའི་ཟླ་བ་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བསྒྲུབས་ཏེ། ང་རྒྱལ་བསྐྱེད་ལ་བསྒོམ་པར་བྱ་སྟེ། བསྒོམ་པ་
เล่ม ๕๗ · หน้า 222b
གཉིས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་རྩེ་མོ་ལས་གསུངས་པས་ཐེ་ཚོམ་མི་བྱའོ། །འདི་ནི་རེ་ཞིག་དོན་མདོར་བསྡུས་པ་ཡིན་ནོ། །ཡང་དོན་རྒྱས་པ་ནི་གང་རྒྱ་ཆེ་བས་འཇིགས་ཤིང་སྐྲག་པ་ཏིང་ངེ་འཛིན་གསུམ་བསྒོམས་པས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་བརྟུལ་ཞུགས་སྤྱོད་
པར་སྤྲོ་བ་མེད་པ་དེ་ནི་རེ་ཞིག་ཉིན་རེ་ཞིང་བདག་བསྲུང་བ་ལ་སོགས་པ་སྔོན་དུ་འགྲོ་བའི་བསྡུ་བ་བྱས་ལ། ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཀྲོལ་ནས་སྡིག་པ་དྲལ་བ་ཡང་བྱའོ། །དེ་ནས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་པས་མངོན་པར་སངས་རྒྱས་ནས། རང་གི་སྙིང་གར་རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་
རྒྱས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་སྤྲུལ་ལ། བདག་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ནས། རང་གི་སྙིང་གར་རྟོགས་པའི་དཀྱིལ་འཁོར་དེར་ཡིད་ཀྱིས་ཞུགས་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་དུ་སློབ་དཔོན་གྱི་
ལས་ཀྱི་ཆོ་ག་རྣམས་ཇི་ལྟ་བ་བཞིན་དུ་རྗེས་སུ་སྤྱད་ནས། རྣལ་འབྱོར་ཆེན་པོ་བྱས་ལ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་གི་ཚད་ཙམ་བསམས་ཏེ། དེའི་སྟེང་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་མུཥྚི་བཾ། ཨོཾ་བཛྲ་ས་ཏྭ་མུཥྚི་ཏྲུཾ། ཨོཾ་བཛྲ་རཏྣ་མུཥྚི་ཏྲཱཾ། ཨོཾ་བཛྲ་
དྷརྨྨ་མུཥྚི་ཁཾ། ཨོཾ་བཛྲ་ཀརྨྨ་མུཥྚི་ཧཾ། ཞེས་བྱ་བའི་དེ་བཞིན་གཤེགས་པའི་རིགས་ཀྱི་སྙིང་པོ་འདིས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་ཆེན་པོ་དང་བཅས་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་གོ་རིམས་ཇི་ལྟ་བ་བཞིན་དུ་སྤྲུལ་ལ། ཨོཾ་བཛྲ་དྷཱ་ཏུ། ཨོཾ་
སཏྭ་བཛྲི། ཨོཾ་རཏྣ་བཛྲི། ཨོཾ་དྷརྨྨ་བཛྲི། ཨོཾ་ཀརྨྨ་བཛྲི། ཨོཾ་བཛྲ་སཏྭ། ཨོཾ་བཛྲ་རཱ་ག །ཨོཾ་བཛྲ་སཱ་དྷུ། ཞེས་བྱ་བ་ནས། ཨོཾ་བཛྲ་ཨ་བེ་ཤ་ཞེས་བྱ་བའི་སྙིང་པོ་ཟློས་ཤིང་། རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱིས་རང་རང་གི་
གནས་སུ་བཀོད་ནས། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་ལན་གསུམ་ཟློས་ཤིང་། རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་རང་བཞིན་དུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས། སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་ལན་གསུམ་ཟློས་ཤིང་བདག་ཉིད་རང་བཞིན་གྱིས་
เล่ม ๕๗ · หน้า 223a
རྣམ་པར་དག་པ་བསྒོམ་པར་བྱའོ། །དེ་ནས་སརྦྦ་ས་མོ྅་ཧཾ། ཞེས་བྱ་བ་འདི་ལན་གསུམ་ཟློས་ཤིང་བདག་མེད་པའི་མཉམ་པ་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་དང་། སེམས་དཔའ་ཐམས་ཅད་དང་བདག་ཉིད་མཉམ་པར་བསྒོམ་པར་བྱའོ། །དེ་ནས་
རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་རང་བཞིན་ནི་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ལ། རྡོ་རྗེའི་ཚིག་གིས་བཛྲ་སཏྭ་ཞེས་ཟློས་ཤིང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་རང་བཞིན་བདག་ཡིན་ནོ་ཞེས་ཐུན་བཞིའི་སྦྱོར་བས་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གམ། དུས་ཇི་
སྲིད་ཀྱི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་གཟུགས་སུ་བདག་ཉིད་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། རྣལ་འབྱོར་ཆེན་པོ་ཉིན་རེ་ཞིང་ལན་ཅིག་བྱས་པ་དེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་ཀྱི་བཟླས་པ་བྱས་ལ་དཀྱིལ་
འཁོར་ཆེན་པོ་དང་། གཟུངས་དང་། ཆོས་དང་། ལས་དང་། ཕྱག་རྒྱ་བཞི་དང་། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་རྣམས་བྲི་བར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། རྣལ་འབྱོར་ཆེན་པོ་སྙིང་པོ་ཆེ། །མེད་ན་དངོས་གྲུབ་མེད་པས་ན། །དེ་བས་འབད་པ་ཐམས་ཅད་ཀྱིས། །
རྣལ་འབྱོར་ཆེན་པོ་བརྩམ་པར་བྱ། །ཞེས་བྱ་བ་འདི་ཡང་གསུངས་པ་ཡིན་ནོ། །ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྣལ་འབྱོར་བྱས་ལ་རྣལ་འབྱོར་ཆེན་པོ་བསྒྲུབ་པར་བྱའོ། །དེ་ནས་རང་གི་སྙིང་གར་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །
དཀྱིལ་འཁོར་བྲི་བའི་དུས་སུ་ཡང་ཞག་བདུན་གྱི་བར་དུ་རྡོ་རྗེ་སེམས་དཔའི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ། ཏིང་ངེ་འཛིན་གསུམ་བསྒོམས་ནས་དེ་ནས་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྒྲུབ་པར་བྱེད་པའི་གསང་བའི་ཕྱག་རྒྱ་བསྟན་ནས། ད་ནི།
རྡོ་རྗེ་བཅིང་བ་དམ་བྱས་ཏེ། །ཞེས་བྱ་བ་ལ་སོགས་པས་གཟུངས་ཀྱི་དཀྱིལ་འཁོར་སྒྲུབ་པར་བྱེད་པ་གསུངས་པ་ཡིན་ཏེ། རྡོ་རྗེ་བཅིང་བ་དམ་བྱས་ཏེ། །ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །མཐེ་ཆུང་དང་ནི་མཛུབ་རྩེ་བསྒྲེང་། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་
เล่ม ๕๗ · หน้า 223b
རྡོ་རྗེ་བསྡམས་པ་བཅིངས་ལ། མཐེ་ཆུང་གཉིས་གཤིབས་ལ་སྦྱར། མཛུབ་མོ་གཉིས་ཀྱང་གཤིབས་ལ་སྦྱར་བར་བྱའོ། །འདི་ནི་གཟུངས་ཀྱི་དཀྱིལ་འཁོར་སྒྲུབ་པར་བྱེད་པའི་གསང་བའི་ཕྱག་རྒྱའོ། །དམ་ཚིག་ཅེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །དམ་ཚིག་མཆོག་ཅེས་བྱ་བ་ནི་
དེ་བཞིན་གཤེགས་པ་ལྔའི་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ་དམ་ཚིག་གི་ཕྱག་རྒྱ་འདི་ཉིད་བཅིངས་ཏེ་སྔར་བཤད་པའི་རིགས་ཀྱི་སྙིང་པོ་རྣམས་ཀྱི་སྙིང་གར་གཟུངས་ཀྱི་དཀྱིལ་འཁོར་སྤྲུལ་ལ། གཟུངས་ཀྱི་རིག་པ་རྣམས་
ཀྱིས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནས་བརྩམས་ཏེ་རྡོ་རྗེ་འབེབས་པའི་བར་གྱི་གཟུངས་རྣམས་གནས་ཇི་ལྟ་བ་བཞིན་དུ་བཀོད་དེ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་སརྦྦ་ས་མོ྅ཧཾ། ཞེས་བྱ་བས་གཟུངས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་བདག་ཉིད་བསམས་ནས།
བདག་ཉིད་གཟུངས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ལ། ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་གཟུངས་ཀྱི་རིག་པ་རེ་རེ་ཞིང་ཁྲི་ཁྲི་བཟླས་པར་བྱའོ། །དེ་ལྟ་བུས་ནི་གཟུངས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར་རོ། །དེ་ལྟར་གཟུངས་ཀྱི་དཀྱིལ་འཁོར་སྒྲུབ་པར་བྱེད་པའི་
གསང་བའི་ཕྱག་རྒྱ་བཤད་ནས། ད་ནི་ཆོས་ཀྱི་དཀྱིལ་འཁོར་སྒྲུབ་པར་བྱེད་པའི་གསང་བའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཕྲ་མོའི་ཚུལ་དུ་ནི། །རབ་ཏུ་མཉམ་པར་བཞག་པས་བསྒོམ། །རྡོ་རྗེ་ཕྲ་མོའི་དཀྱིལ་འཁོར་ནི། །ཏིང་འཛིན་དབང་དུ་འགྱུར་བའི་ཚུལ། །ཞེས་བྱ་བ་
གསུངས་ཏེ། དེ་ལ་རྡོ་རྗེ་ཕྲ་མོའི་ཚུལ་ནི། །ལྕེ་ནི་རྐན་ལ་གཞར་བྱ་ཞིང་། །ཞེས་བྱ་བ་ལ་སོགས་པ་སྤྲོ་བ་དང་བསྡུ་བ་བསྒོམ་པ་དང་། བརྟན་པར་བྱས་པ་ནི་རྡོ་རྗེ་ཕྲ་མོའི་ཞེས་བཤད་དེ། རྡོ་རྗེ་ཕྲ་མོའི་ཚུལ་དེས་རབ་ཏུ་མཉམ་པར་བཞག་པས་སེམས་རྩེ་གཅིག་ཏུ་བསྡུས་ཏེ་བསྒོམ་
པར་བྱའོ། །ཅི་ཞིག་བསྒོམ་པར་བྱ་ཞེ་ན། རྡོ་རྗེ་ཕྲ་མོའི་དཀྱིལ་འཁོར་ནི། །ཞེས་བྱ་བ་སྟེ། རྡོ་རྗེ་ཕྲ་མོས་ཉེ་བར་མཚོན་པ་སྟེ། རྡོ་རྗེ་ཕྲ་མོ་ནི་ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་ཐ་ཚིག་གོ། །གང་ཞིག་བྱེད་ཅིང་བསྒོམ་ཞེ་ན། རྡོ་རྗེ་ཕྲ་མོའི་དཀྱིལ་འཁོར་ནི། །ཞེས་བྱ་བ་གསུངས་
เล่ม ๕๗ · หน้า 224a
ཏེ། ཏིང་ངེ་འཛིན་དབང་དུ་བྱེད་ཅིང་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་དོན་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ་སྔར་བཤད་པའི་རིགས་ཀྱི་སྙིང་པོ་རྣམས་ཀྱིས་རང་གི་སྙིང་གར་ཆོས་ཀྱི་དཀྱིལ་འཁོར་བསྐྱེད་ལ་རྡོ་རྗེ་ཕྲ་མོའི་ཚུལ་གྱིས་
རང་གི་སྙིང་ག་ནས་བཏོན་ཏེ། སྣའི་རྩེ་མོར་བསམ་པར་བྱའོ། །དེ་ནས་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སྔགས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་བཀོད་ལ། སྔ་མ་བཞིན་དུ་བདག་ཉིད་ཆོས་ཀྱི་དཀྱིལ་འཁོར་ཡིན་ནོ་ཞེས་ཆོས་ཀྱི་དཀྱིལ་འཁོར་གྱི་ང་རྒྱལ་ཇི་ལྟ་བ་
བཞིན་དུ་བསྐྱེད་ལ་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་སེམས་དཔའི་སྔགས་ཟློས་ཤིང་ཟླ་བ་གཉིས་ཀྱི་བར་དུ་ཉིན་རེ་ཞིང་ཆོས་ཀྱི་འཁོར་ལོ་སྣ་རྩེར་བསྒོམ་པར་བྱའོ། །བསྒོམས་པས་དུབ་ན་སྣ་བུག་ནས་རང་གི་སྙིང་གར་བཅུག་ལ། བཛྲི་དྲྀ་ཌྷ་ཏིཥྚ་ཞེས་བྱ་བས་བརྟན་པར་
བྱའོ། །དེ་ཡང་ཟླ་བ་གཅིག་ཙམ་སྤྲོ་བ་དང་བསྡུ་བའི་ཚུལ་གྱིས་བསྒོམ་པར་བྱའོ། །དེ་ལྟ་བུས་ནི་ཆོས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར་རོ། །དེ་ལྟར་ཆོས་ཀྱི་དཀྱིལ་འཁོར་གྲུབ་པར་བྱེད་པའི་གསང་བའི་ཕྱག་རྒྱ་གསུངས་ནས། ད་ནི་ལས་ཀྱི་དཀྱིལ་འཁོར་སྒྲུབ་པར་བྱེད་པ་ཡང་བརྟན་
པར་བྱ་བའི་ཕྱིར་རོ། །རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ལ། །དེ་གཉིས་རྡོ་རྗེ་དམ་དུ་བཟུང་། །མཛུབ་མོ་མཐེ་ཆུང་བསྣོལ་བ་ནི། །རྡོ་རྗེ་དགོས་མཆོག་དཀྱིལ་འཁོར་རོ། །ཞེས་བྱ་བ་གསུངས་ཏེ། དེ་ལ་རྡོ་རྗེའི་ཕྱག་གཉིས་ནི་རྡོ་རྗེ་ཁུ་ཚུར་གཉིས་ཏེ་དེ་བཅིངས་ལ་གཟུང་བར་བྱའོ། །
ཅི་ཞིག་གཟུང་བར་བྱ་ཞེ་ན། རྡོ་རྗེ་སྟེ་སྣ་ཚོགས་རྡོ་རྗེའོ། །དེ་ཡང་དེ་གཉིས་དང་འབྲེལ་པའི་མཛུབ་མོ་དང་མཐེའུ་ཆུང་བསྣོལ་བ་སྟེ། མཛུབ་མོ་གཉིས་བཅིངས་པ་དང་། མཐེའུ་ཆུང་གཉིས་བཅིངས་པས་དམ་དུ་གཟུང་བར་བྱའོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་ཁུ་
ཚུར་གཉིས་བཅིངས་ལ་མདུན་དུ་ཕྱོགས་པར་སྦྱར་ཏེ། རང་རང་གི་མཛུབ་མོ་དང་མཐེའུ་ཆུང་མདུད་པས་སྣ་ཚོགས་རྡོ་རྗེ་གཟུང་བར་བྱ་ཞིང་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྡོ་རྗེའི་དབང་བསྐུར་བའི་སྔགས་ཀྱིས་སྣ་ཚོགས་རྡོ་རྗེ་གཟུང་བར་བྱའོ། །དེ་ལྟར་སྣ་ཚོགས་རྡོ་རྗེ་ཐོགས་
เล่ม ๕๗ · หน้า 224b
པ་ནི་རྡོ་རྗེ་དགོས་མཆོག་གི་དཀྱིལ་དུ་ལས་ཀྱི་དཀྱིལ་འཁོར་བསྒྲུབ་པའི་མཚན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཡང་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བསྐྱེད་ལ། སྔར་བཤད་པའི་རིགས་ཀྱི་སྙིང་པོ་ལྔས་རང་གི་སྙིང་གར་ལས་ཀྱི་དཀྱིལ་འཁོར་སྤྲུལ་ལ། ལས་ཀྱི་དཀྱིལ་འཁོར་
ལས་གསུངས་པའི་རིག་པ་རྣམས་ཀྱིས་ལྷ་རྣམས་ཇི་ལྟ་བ་བཞིན་དུ་དགོད་པ་བྱས་ན་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ་བདག་ཉིད་ལ་ནི་ལས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ལ་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་རིག་པ་ཐམས་ཅད་ཁྲི་ཁྲི་བཟླ་བར་བྱ་བ་སྟེ། དེ་
ལྟ་བུས་ནི་ལས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར་རོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་དབྱིངས་ཀྱི་དུམ་བུ་ལས་གསུངས་པའི་དངོས་གྲུབ་རྣམས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་
ལས་གསུངས་པ་ཉིད་ཀྱིས་བྱས་ལ་བསྒྲུབ་པར་བྱའོ་ཞེས་གསུངས་ཏེ། ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡིན་པ་སྟེ། རྡོ་རྗེ་རྒྱལ་པོ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་
དེ་རྣམས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་སྟེ། དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན་པས། ཕྱག་རྒྱ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པའི་ཕྱིར་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །
དེ་རྣམས་ཀྱི་བཅིང་བ་བཞི་པོ་བསླབ་པ་ནི་བསྟན་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་བཅིང་བའི་མཚན་ཉིད། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཉིད་བརྟན་པར་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་
པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི། དེ་ནས་གསང་བའི་མཆོད་པ་བརྗོད་ཅིང་རྡོ་རྗེ་བསྟོད་པའི་གླུ་བླངས་ནས། གསང་བའི་མཆོད་པ་བཞི་བྱའོ། །ཞེས་བྱ་བ་ནས་བརྩམས་ཏེ། བཛྲ་སཏྭ་མུཿཞེས་བྱ་བའི་བར་གྱི་ཆོ་ག་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེའི་དངོས་གྲུབ་ནི་བཅོམ་ལྡན་འདས་
เล่ม ๕๗ · หน้า 225a
རྣམ་པར་སྣང་མཛད་ཀྱིའོ། །ཕྱག་རྒྱ་བཞིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་མ་ལ་སོགས་པ་རང་གི་ཕྱག་རྒྱ་བཞི་དང་བཅས་པར་བྲི་བ་ཇི་ལྟ་བ་བཞིན་དུ་སྟེ། དེ་བཞིན་དུ་མི་གཡོ་བའི་དཀྱིལ་འཁོར་ལ་སོགས་པ་ཞེས་བྱ་བ་དེ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་
ཚུལ་དུ་དཀྱིལ་འཁོར་བྲིས་ལ། དབུས་སུ་རྣམ་པར་སྣང་མཛད་ཀྱི་གནས་སུ་གླང་པོ་ཆེའི་གདན་ལ་བཛྲ་དྷཱ་ཏུ་ཞེས་བྱ་བས་མི་བསྐྱོད་པ་དགོད་པར་བྱའོ། །མི་བསྐྱོད་པའི་གནས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྡོ་རྗེ་རྩེ་ལྔ་པ། རིན་ཆེན་འབྱུང་ལྡན་
གྱི་གནས་སུ་རྡོ་རྗེ་རྒྱལ་པོའི་ལྕགས་ཀྱུ། དོན་ཡོད་པར་གྲུབ་པའི་གནས་སུ་རྡོ་རྗེ་ཆགས་པའི་མདའ་དང་གཞུ། འོད་དཔག་ཏུ་མེད་པའི་གནས་སུ་བཅོམ་ལྡན་འདས་རྡོ་རྗེ་ལེགས་པའི་མགུ་བའི་ཕྱག་རྒྱ་བཛྲ་སཏྭ་ཞེས་བྱ་བའི་སྙིང་པོའམ། ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལས་གསུངས་པའི་
རིགས་ཀྱི་སྙིང་པོ་ཟློས་ཤིང་བྲི་བར་བྱའོ། །མི་བསྐྱོད་པའི་དཀྱིལ་འཁོར་བཞིན་དུ་དཀྱིལ་འཁོར་བྲིས་ལ། དབུས་སུ་རྟའི་ཁྲི་ལ་རིན་ཆེན་འབྱུང་ལྡན། མི་བསྐྱོད་པའི་གནས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་རིན་པོ་ཆེ། རིན་ཆེན་འབྱུང་ལྡན་གྱི་གནས་སུ་རྡོ་རྗེ་གཟི་
བརྗིད་ཀྱི་ཉི་མའི་ཕྱག་རྒྱ། དོན་ཡོད་པར་གྲུབ་པའི་གནས་སུ་དཔལ་གྱི་རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱ། འོད་དཔག་ཏུ་མེད་པའི་གནས་སུ་བཞད་པའི་སོའི་ཕྲེང་བ་རྡོ་རྗེ་གཉིས་ཀྱི་བར་དུ་ཆུད་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རང་གི་སྙིང་པོའམ། རིགས་ཀྱི་སྙིང་པོས་བྲི་བར་
བྱའོ། །རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་དང་འདྲ་བར་དཀྱིལ་འཁོར་བྲིས་ལ། དབུས་སུ་རྨ་བྱའི་གདན་ལ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ། མི་བསྐྱོད་པའི་གནས་སུ་རྡོ་རྗེ་ཆོས་ཀྱི་པདྨའི་ཕྱག་རྒྱ། རིན་ཆེན་འབྱུང་ལྡན་གྱི་གནས་སུ་རྣོན་པོའི་ཕྱག་རྒྱ། དོན་ཡོད་པར་གྲུབ་
པའི་གནས་སུ་རྒྱུའི་འཁོར་ལོའི་ཕྱག་རྒྱ། འོད་དཔག་ཏུ་མེད་པའི་གནས་སུ་སྨྲ་བ་ལྕེའི་ཕྱག་རྒྱ་རང་གི་སྙིང་པོའམ་རིགས་ཀྱི་སྙིང་པོས་བྲི་བར་བྱའོ། །འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་དང་འདྲ་བར་དཀྱིལ་འཁོར་བྲིས་ལ། དབུས་སུ་ནམ་མཁའ་ལྡིང་གི་གདན་གྱི་སྟེང་དུ་བཅོམ་ལྡན་
เล่ม ๕๗ · หน้า 225b
འདས་དོན་ཡོད་པར་གྲུབ་པའོ། །མི་བསྐྱོད་པའི་གནས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེ། རིན་ཆེན་འབྱུང་ལྡན་གྱི་གནས་སུ་གོ་ཆ། དོན་ཡོད་པར་གྲུབ་པའི་གནས་སུ་མཆེ་བ་གཉིས། འོད་དཔག་ཏུ་མེད་པའི་གནས་སུ་ཁུ་ཚུར་གྱི་ཕྱག་རྒྱ་སྔར་བཤད་པའི་རང་གི་སྙིང་
པོའམ། རིགས་ཀྱི་སྙིང་པོས་བྲི་བར་བྱ་སྟེ། འདི་ནི་དོན་ཡོད་པར་གྲུབ་པའི་དཀྱིལ་འཁོར་རོ། །འདི་དག་ཀྱང་རང་རང་གི་ཕྱག་རྒྱ་རྣམས་སུ་བྲིས་ན་ཞེས་གསུངས་པ་ཡིན་ནོ། །དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་བོ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དུ་དངོས་
གྲུབ་གང་གསུངས་པ། དེ་ཐམས་ཅད་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དུ་ཡང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་ཕྱིའི་ཡོ་བྱད་མེད་པར་
ཤིན་ཏུ་སྦྱངས་པ་གསུངས་པ་ཡིན་ཏེ། དེ་ལྟར་ཞེས་བྱ་བ་ནི་ས་ལ་ཇི་ལྟ་བ་བཞིན་དུ་རས་དང་། རྩིག་པ་དང་། ནམ་མཁའ་དང་གནས་ཐམས་ཅད་དུ་མངོན་པར་བྲིས་པ་རྣམས་སོ། །དངོས་གྲུབ་ཐམས་ཅད་འགྲུབ་པོ་ཞེས་བྱ་བ་ནི། སྒྲུབ་པ་པོ་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་རོ། །
དུས་ངེས་པའི་འབྲས་བུ་གསུངས་པ་ནི། དཀྱིལ་འཁོར་རྟག་པ་ནས་བརྩམས་ཏེ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ལ་དཀྱིལ་འཁོར་རྟག་པ་ནི་ཀུན་དུ་བྲིས་པ་སྟེ། དཀྱིལ་འཁོར་བྲིས་པ་དེ་ནས་བརྩམས་ཤིང་དེ་ནས་མགོ་བཟུང་ནས་སོ། །ལ་ལ་ནི་དཀྱིལ་འཁོར་དུ་ཞུགས་
པ་དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ལ་འཇུག་པའི་རྗེས་ཐོགས་ཉིད་ཀྱི་མཚན་མའོ། །ལ་ལ་ནི་ཉིན་ཞག་གཅིག་གིས་ཞེས་བྱ་བ་ནི་ཉིན་མཚན་གཅིག་གིས་སོ། །མཚམས་མེད་པ་ལྔ་བྱས་པ་ཡང་ཞེས་བྱ་བ། ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་
གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་བྱས་པ་སྤང་ངོ་། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། སྡིག་པ་ཆེན་པོ་བྱེད་པ་རྣམས་ཀྱང་འགྲུབ་པར་འགྱུར་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། །དེ་བས་ན་ཐམས་ཅད་བསྒྲུབ་པ་ལ་འབད་པར་བྱའི། བདག་ནི་སྡིག་པ་བྱེད་པའོ། །བདག་ནི་བསོད་
เล่ม ๕๗ · หน้า 226a
ནམས་ཆུང་བའོ། །ཞེས་བྱ་བ་ལ་སོགས་པས་བདག་ཉིད་ལ་བརྙས་པར་མི་བྱའོ། །ཇི་ལྟར་འདོད་པར་ཞེས་བྱ་བ་ནི་དུས་ཇི་ཙམ་བསྒོམ་པར་ནུས་པར་གྱུར་པའི་དུས་དེ་སྲིད་དུ་བྱེད་པའོ། །བདེ་བླག་ཏུ་ཞེས་བྱ་བ་ནི་བྱ་བའི་རྒྱུད་ལས་གསུངས་པའི་བསྡམས་པའི་སྡུག་བསྔལ་
ཡོངས་སུ་སྤངས་ལ། རྣལ་འབྱོར་དང་རྗེས་སུ་མཐུན་པའི་བཟའ་བ་དང་བཏུང་བ་ལ་སོགས་པ་བསྟེན་པས་སོ། །དེ་ཡང་། དཀའ་ཐུབ་དཀའ་སྤྱད་མི་བཟད་པས། །ལུས་སྐམས་འགྱུར་ཞིང་སྡུག་བསྔལ་ལ། །སྡུག་བསྔལ་གྱིས་ནི་སེམས་གཡེང་བ། །རྣལ་འབྱོར་ལ་ནི་སྦྱོར་མི་འགྱུར། །
ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དོན་ཐམས་ཅད་བྱེད་ཅིང་ཞེས་བྱ་བ་ནི་སྒྲུབ་པའི་ཡན་ལག་ཐམས་ཅད་ནི་དོན་དམ་ཐམས་ཅད་དེ། དེ་རྣམས་རྒྱུན་མི་འཆད་པར་ཉམས་སུ་ལེན་པའོ། །དེ་ཡང་གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་གང་ཞིག་ཇི་སྐད་དུ་གསུངས་པའི་ཆོ་ག་མི་བྱེད་
པ་དེ་ནི་དངོས་གྲུབ་ཐོབ་པར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཐམས་ཅད་རྗེས་སུ་དགའ་བ་དང་། །ཞེས་བྱ་བ་ནི་ཐམས་ཅད་ཀྱང་ཡིན་ལ་རྗེས་སུ་དགའ་བ་ཡང་ཡིན་པས་ན་ཐམས་ཅད་རྗེས་སུ་དགའ་བ་སྟེ། དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད་པའི་གསུངས་པའི་ཕྱག་རྒྱ་
བསྒོམ་པའམ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་བསྒོམ་པ་ནི། ཐམས་ཅད་དུ་དགའ་བའོ། །རེ་བ་ཐམས་ཅད་དེ་སྒེག་པ་ལ་སོགས་པའོ། །ཐམས་ཅད་རྗེས་སུ་དགའ་བའི་རོ་དང་། ཟས་དང་། སྤྱོད་ལམ་ཐམས་ཅད་ལས་བདེ་བ་གང་ཞིག་སྐྱེས་པ་དེ་ནི་ཐམས་ཅད་རྗེས་
སུ་དགའ་བ་དང་། རོ་དང་། ཟས་དང་། སྤྱོད་ལམ་ཐམས་ཅད་ཀྱི་བདེ་བའོ། །དེ་རྣམས་ཉམས་སུ་མྱོང་བ་ནི་ཉམས་སུ་ཚོར་བའོ། །ལོ་གཅིག་གིས་ནི་མཆོག་གྲུབ་པོ། །ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གནས་རྫོགས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་
གསུངས་སོ། །ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་འགྲེལ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི། སེམས་ཅན་མདོར་བསྡུས་པ་ལ་དགའ་བ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར། རྡོ་རྗེ་དབྱིངས་ཀྱི་དུམ་བུ་ལས་གསུངས་པའི་དངོས་གྲུབ་
เล่ม ๕๗ · หน้า 226b
ཐམས་ཅད་བསྡུས་པར་གྱུར་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོ་སྦྱོར་བའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཡང་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་
པ་ཉིད་ཡིན་པར་གཟུང་ངོ་། །ཡང་ཞེས་བྱ་བའི་སྒྲ་ནི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལ་ལྟོས་ནས་ཡང་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་
མཉམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་དངོས་གྲུབ་དམ་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དེའི་དམ་ཚིག་ནི་དཀྱིལ་འཁོར་ཏེ། དེ་ལ་དམིགས་པ་དེ་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མི་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་
པར་ཞུགས་པ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་སྤྲུལ་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ། ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་དེའི་མངོན་པར་རྟོགས་པ་ནི་ཐུགས་
སུ་ཆུད་པ་སྟེ། མིང་དེ་སྐད་ཅེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་སྟོན་པར་བྱེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གང་ཡིན་པ་དེར་རང་གི་ཐུགས་ཀ་ནས་ཕྱུང་བ་ནི་བཛྲ་སཏྭ་ཞེས་བྱ་བ་སྟོན་པའོ། །གཞུང་འདི་ཙམ་གྱིས་ནི་
རྡོ་རྗེ་སེམས་དཔའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་པ་ཡིན་ནོ། །དེ་ནས་བསྡུ་བ་བྱས་ནས་ལས་ཀྱི་མཆོག་དེ་བཞིན་དུ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་ནོ། །རྡོ་རྗེ་
དབྱིངས་ཀྱི་དུམ་བུ་ལས་གསུངས་པའི་དངོས་གྲུབ་རྣམས་ནི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པའི་ཚིག་སྟེ། རྡོ་རྗེ་
เล่ม ๕๗ · หน้า 227a
སེམས་དཔའི་རྣལ་འབྱོར་ཆེན་པོ་བྱས་ནས་བཛྲ་སཏྭ་ཞེས་བྱ་བ་བཟླས་བརྗོད་བྱེ་བ་བྱས་པའམ། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་བསྒོམས་པས་མཚན་མ་ཐོབ་པའི་རྗེས་ཐོགས་ལ་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་དངོས་གྲུབ་དམ་པ་འགྲུབ་པར་བྱ་བའི་བར་དུ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ནི་རྡོ་རྗེ་སེམས་དཔའི་དངོས་གྲུབ་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་རྫོགས་པར་བྱ་བ་གྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །
བར་དུ་ཞེས་བྱ་བའི་སྒྲས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་རྣམས་བསྡུའོ། །དེ་ནས་ཞེས་བྱ་བ་ནི་གང་གི་ཕྱིར་མདོར་བསྡུས་པ་ལ་དགའ་བའི་གདུལ་བྱ་རྣམས་ཀྱང་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་ཞུགས་པས་རྡོ་རྗེ་དབྱིངས་ཀྱི་དུམ་བུ་ལས་གསུངས་པའི་དངོས་གྲུབ་
འགྲུབ་པར་འགྱུར་བས། དེ་བས་ན་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་འཇུག་པ་དེས་དེའི་དངོས་གྲུབ་འགྲུབ་པའི་སྐལ་བ་ཅན་དུ་བྱ་བའི་ཕྱིར། ཡང་དག་ཅིང་ཕྱིན་ཅི་མ་ལོག་པར་རབ་ཏུ་ཕྱེ་སྟེ་བཤད་པར་བྱའོ། །སེམས་དཔའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་
དཔའི་དཀྱིལ་འཁོར་རོ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཡིན་པ་ཉིད་ཀྱིས་ནི་མཆོག་ཡིན་པས་དཀྱིལ་འཁོར་དམ་པ་སྟེ། གང་གི་ཕྱིར་འདིར་ཞུགས་པ་དང་། དབང་བསྐུར་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་སློབ་དཔོན་དུ་འགྱུར་ཞིང་རང་
ཉིད་ཀྱིས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་བྲིས་ནས་བདག་ཉིད་འཇུག་པ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །དེ་བཞིན་གཤེགས་པ་ལ་སོགས་པའི་སློབ་དཔོན་གཞན་དག་ནི། རང་གི་རིགས་འབའ་ཞིག་གི་སློབ་དཔོན་
ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྤྲུལ་པའི་དཀྱིལ་འཁོར་དང་འདྲའོ། །མིང་ཇི་སྐད་ཅེས་བྱ་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་ཀྱང་བཤད། །ཅེས་བྱ་བ་གསུངས་སོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་
เล่ม ๕๗ · หน้า 227b
འཁོར་ཕྱི་རིམ་ཐིག་གདབ་པོ། །ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་དབྱིབས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང་འདྲའོ། །དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་འདྲ་བར་དཀྱིལ་འཁོར་འདི་བྲིས་ལ་དཀྱིལ་འཁོར་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བྲི་བར་བྱ་སྟེ། གང་གི་ཕྱིར། ཟླ་
བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་སེམས་དཔའ་གཞག་པར་བྱ། །ཞེས་གསུངས་པས། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རྡོ་རྗེ་སེམས་དཔའ་ལུགས་མའམ། འབུར་དུ་བརྐོས་པའམ། གཟུགས་སུ་བྱས་པའམ། རིས་སུ་བྲིས་པ་ལ་བཛྲ་སཏྭ་ཞེས་ཟློས་ཤིང་གཞག་པར་བྱའོ། །
དེ་ནས་དགུག་པ་དང་གཞུག་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཉིད་ཀྱིས་རྣལ་འབྱོར་ཆེན་པོ་བྱས་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་འཇུག་པའི་ཆོ་ག་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་ཀྱི་བར་དུ་ཇི་ལྟ་བ་
བཞིན་དུ་བྱ་བས་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ལ། དེ་ནས་རང་གི་མིང་ནས་བརྗོད་ལ་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་བསྒྲུབས་ནས། རྡོ་རྗེ་སློབ་དཔོན་སེམས་དཔའ་ཡི། །རྡོ་རྗེ་ལྕགས་ཀྱུ་བཅིངས་ནས་ནི། །སེ་གོལ་མང་པོ་བརྡབས་བགྱིས་པ། །སངས་
རྒྱས་ཐམས་ཅད་བསྡུ་བར་བྱ། །ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་ཆོ་ག་རྗེས་སུ་སྤྱད་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་བྱས་ཏེ། ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །དེ་ལ་དགུག་པ་ནི་རྡོ་རྗེ་ལྕགས་ཀྱུས་ལས་ཀྱི་ཕྱག་རྒྱའོ། །གཞུག་པ་ནི་རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་
རྒྱས་སོ། །དགུག་པ་དང་གཞུག་པ་ལ་སོགས་པ་གང་ཡིན་པ་དེ་ནི་དགུག་པ་དང་གཞུག་པ་ལ་སོགས་པ་སྟེ། རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་པ་དང་། འབེབས་པ་དང་། དབང་དུ་བྱ་བ་ནས་བརྩམས་ཏེ། དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་
བར་གྱིས་བསྟན་པའི་ཆོ་ག་རྒྱས་པར་གསུངས་པ་གང་ཡིན་པ་དེ་ཐམས་ཅད་དོ། །དེ་ལྟར་བྱས་ནས་ཇི་ལྟར་ཞུགས་པ་དེ་རྣམས་ལ་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་མན་ངག་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཞེས་བྱ་བ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་
เล่ม ๕๗ · หน้า 228a
པ་ཐམས་ཅད་ཀྱི་དངོས་གྲུབ་ནི་རྡོ་རྗེ་སེམས་དཔའ་གྲུབ་པ་སྟེ། དེའི་ཡེ་ཤེས་ནི་ཕྱག་རྒྱ་ཆེན་པོར་ངེས་པའི་ཚུལ་ཏེ། དེ་བསྐྱེད་པར་བྱ་བ་ནི་བསླབ་པ་བྱ་ཞིང་ཉེ་བར་བསྟན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་དང་པོ་ཁོ་ནར་མནའི་སྙིང་པོ་སྦྱིན་པར་བྱ་སྟེ། འདི་ནི་ཁྱོད་ཀྱི་ཞེས་
གསུངས་པ་ཡིན་ནོ། །དམ་ཚིག་མ་མཐོང་བ་ཞེས་བྱ་བ་ནི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་མ་མཐོང་བའོ། །ཁོང་དུ་མ་ཆུད་པ་ཞེས་བྱ་བ་ནི་མངོན་པར་མི་མཁས་པ་སྟེ། གསང་བ་དེ་རྣམས་ཀྱི་སྐལ་བ་དང་མི་ལྡན་ཞིང་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་མ་
ཐོབ་པའི་བར་དུའོ། །གསང་བ་འདི་ཞེས་བྱ་བ་ནི། ཟླ་རྒྱས་དཀྱིལ་འཁོར་ལ་འདུག་སྟེ། །ཞེས་འོག་ནས་བཤད་པ་གང་ཡིན་པ་དེ་ལྟ་བུ་དེ་ནི། སྐྱེ་བོ་ཐམས་ཅད་ལ་བསྟན་དུ་མི་རུང་བས་གསང་བ་ཡིན་ནོ། །དེ་ལ་གསང་བ་འདི་སྨྲས་ན་ཉེས་པ་ཅིར་འགྱུར་ཞེ་ན། ཁྱོད་ངན་སོང་ཐམས་ཅད་
དུ་ལྟུང་བའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱོད་ཤི་ནས་ངན་སོང་དུ་འགྲོ་བར་འགྱུར་བ་དང་། ཚེའི་ལྷག་མ་ཡོད་དུ་ཟིན་ཀྱང་དེ་བཞིན་གཤེགས་པའི་བཀའ་ལས་འདས་པར་གྱུར་པས་དུས་མ་ཡིན་པར་འཆི་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ནི་མནའ་བསྒགས་པའི་རྗེས་ཐོགས་
ལའོ། །རྡོ་རྗེ་སེམས་དཔའི་དངོས་གྲུབ་དམ་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའི་དངོས་གྲུབ་དམ་པ་ནི་རྡོ་རྗེ་སེམས་དཔའི་དངོས་གྲུབ་དམ་པ་སྟེ། དངོས་གྲུབ་ཀྱི་དམ་པ་དེའི་སྒྲུབ་པ་ནི་འདིས་བསྒྲུབས་པས་ན་སྒྲུབ་པ་སྟེ། ཟླ་རྒྱས་དཀྱིལ་འཁོར་ལ་འདུག་སྟེ། །ཞེས་བྱ་
བ་ལ་སོགས་པ་བསྒོམ་པ་དེའི་ཡེ་ཤེས་བསླབ་པོ། །ཟླ་བ་ཡང་ཡིན་ལ་རྒྱས་པ་ཡང་ཡིན་པས་ན་ཟླ་རྒྱས་སོ། །དེའི་དཀྱིལ་འཁོར་ནི་ཟླ་རྒྱས་དཀྱིལ་འཁོར་རོ། །དེ་ལ་གནས་པས་ནི། ཟླ་རྒྱས་དཀྱིལ་འཁོར་ལ་འདུག་སྟེ། །ཞེས་བྱའོ། །ཇི་ལྟར་འདུག་ཅེ་ན། ཕྱག་རྒྱ་ཆེན་པོ་
ཡོངས་བཟུང་ནས། །ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཕྱག་རྒྱ་ཆེན་པོ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དམ་ཚིག་དང་། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་ཡིན་གྱི་ཕྱག་རྒྱ་ཆེན་པོ་འབའ་
เล่ม ๕๗ · หน้า 228b
ཞིག་ཙམ་ནི་མ་ཡིན་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་རྣམས་བསྐྱེད་པར་བྱའོ་ཞེས་ཚིག་མང་པོ་ལྟར་བསྟན་པར་བྱ་བའི་ཕྱིར་རོ། །དེ་རྣམས་གང་གིས་ཡོངས་སུ་བཟུང་ཞིང་བཅིངས་པ་དེ་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་བཟུང་བས་ཞེས་བྱ་སྟེ། དེ་རྣམས་
ཀྱི་ནང་ནས་ཕྱག་རྒྱ་གང་ཡང་རུང་བ་ཅིག་ལ། བདག་ཉིད་དེ་རང་ཉིད་རྡོ་རྗེ་སེམས་དཔའ་བསྒོམས་ནས། མྱུར་ཞིང་རིང་པོར་མི་ཐོགས་པར་འགྲུབ་པར་འགྱུར་རོ། །འདིའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཚུལ་གྱིས། རྡོ་རྗེ་
སེམས་དཔའི་རྣལ་འབྱོར་བྱས་ལ། དེའི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའི་སྙིང་པོ་རྡོ་རྗེའི་ཚིག་གིས་ཟློས་ཤིང་བཟླས་པའི་དོན་གྱིས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་སེམས་དཔའ་བདག་ཉིད་བསྒོམས་ན། ཤིན་ཏུ་མྱུར་
བ་ཉིད་དུ་རྡོ་རྗེ་སེམས་དཔར་འགྱུར་རོ། །དམ་ཚིག་ཡོངས་སུ་བསྲུངས་པས་མངོན་པར་འདོད་པའི་དོན་འགྲུབ་པར་འགྱུར་རོ་ཞེས་རབ་ཏུ་བསྟན་པའི་ཕྱིར། དེ་ནས་དཀྱིལ་འཁོར་ཐམས་ཅད་ཀྱི་གསང་བའི་དམ་ཚིག་གི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་
གཤེགས་པ་ལ་སོགས་པ་རིགས་ཀྱི་དཀྱིལ་འཁོར་རྣམས་ནི་དཀྱིལ་འཁོར་ཐམས་ཅད་དེ། དེ་རྣམས་ཀྱི་དམ་ཚིག་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་གསང་བའི་དམ་ཚིག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རྗེས་སུ་ཆགས་ཤིང་ཤིན་ཏུ་ཞེན་པ་དེའི་ཡེ་ཤེས་ལ་
བསླབ་པར་བྱའོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཅེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པའི་སེམས་ནི་འདོད་ཆགས་དང་བྲལ་བ་སྟེ། དེ་དང་འདྲ་བའི་སྡིག་པ་གཞན་ནི་མེད་དོ། །གང་ན་མེད་ཅེ་ན། ཁམས་གསུམ་ན་མེད་ཅེས་བྱ་བ་
སྟེ། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་མཚན་ཉིད་ཅན་གྱི་ཁམས་གསུམ་པ་ནའོ། །གང་གི་ཕྱིར་དེ་ལྟར་བཤད་པ་ཡིན་པས། དེ་བས་ན་འདོད་ཆགས་དང་བྲལ་བ་ཁྱོད་ཀྱིས་ཀྱང་ནི་མ་བྱེད་ཅིག་ཅེས་བྱ་བ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
เล่ม ๕๗ · หน้า 229a
ཀྱི་མཚན་ཉིད་ཅན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི། གདུལ་བྱ་རྣམས་ཀྱིས་འདོད་ཅིང་མངོན་པར་དགའ་བར་བྱ་བ་ཡིན་པས་ན་འདོད་པ་ཞེས་བྱ་སྟེ། དེ་ལ་ཁྱོད་ཀྱིས་ཀྱང་ཆགས་པ་དང་བྲལ་བར་མ་བྱེད་ཅིག་ཅེས་པ་སྟེ་དེ་སྤངས་པ་ནི་ཉན་ཐོས་དང་རང་སངས་
རྒྱས་ཀྱི་སར་ལྟུང་བ་མ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །མ་ཧཱ་ས་མ་ཡ་ཧ་ན་ཕཊ། ཅེས་བྱ་བ་ནི་དེ་ལྟར་དཀྱིལ་འཁོར་ཐམས་ཅད་ཀྱི་དམ་ཚིག་བྱིན་ནས། སློབ་དཔོན་གྱིས་སློབ་མ་རྣམས་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་པར་འདོད་པའི་སེམས་དང་བྲལ་བའི་བསམ་པས་
སྔགས་འདི་གདོན་པར་བྱའོ། །དེ་ནས་མནའི་སྙིང་པོ་སྦྱིན་ནོ་ཞེས་བྱ་བ་ནི་ཁྱེད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་ལ་སྨྲ་བར་མ་བྱེད་ཅིག །དམ་ཚིག་ཉམས་པར་གྱུར་ཏ་རེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །
དེ་མ་ཐག་ཏུ་དྲལ་ནས་གཤེགས། །ཞེས་བྱ་བའོ། །དེ་ལྟར་རྡོ་རྗེའི་རིགས་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་སྤང་བའི་མཚན་ཉིད་ཀྱིས་དམ་ཚིག་དང་སྡོམ་པ་སྦྱིན་པར་བྱ་སྟེ། གང་གི་ཕྱིར་དངོས་གྲུབ་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་
དང་འབྲེལ་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་དུ་བཤད་པའི་དངོས་གྲུབ་རྣམས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རང་གི་ལྷའི་རྣལ་འབྱོར་དུ་བྱིན་གྱིས་བརླབས་ནས་བསྒྲུབ་པར་བྱའོ་ཞེས་སྟོན་པ་ཡིན་ཏེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ལ་
སོགས་པ་བཞི་བཅིངས་ཏེ་བསླབ་པར་བྱའོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་བསྟན་པར་བྱ་བའོ། །དངོས་གྲུབ་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ཕྱག་རྒྱ་བཞིས་འགྲུབ་པར་འགྱུར་
བ་འདིར་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རི་མོ་ལ་སོགས་པ་དང་ཞེས་བྱ་བ་ནི་ཇི་ལྟར་ས་ལ་བྲིས་པའི་དཀྱིལ་འཁོར་དུ་ཇི་སྐད་བཤད་པའི་དངོས་གྲུབ་འདི་རྣམས་འགྲུབ་པར་འགྱུར་བ་དེ་བཞིན་དུ་རས་རིས་ལ་སོགས་པ་བརྟགས་པ་རྣམས་ལ་ཡང་འགྲུབ་པར་འགྱུར་རོ་ཞེས་བརྟན་པར་བྱ་
เล่ม ๕๗ · หน้า 229b
བའི་ཕྱིར་གསུངས་སོ། །ཇི་ལྟར་འདོད་པའི་ཆོ་ག་བཞིན་བྱས་ན། །ཞེས་བྱ་བ་ནི། ཇི་སྐད་དུ་བསྟན་པའི་ཆོ་ག་འདི་རྣམས་ཀྱི་ནང་ནས། གང་ཞིག་གང་ལ་སྲེད་པ་དེ་ལ་ཆོ་ག་དེ་ཉིད་ཀྱིས་བྱས་ན་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་
པ་ཇི་ལྟ་བ་བཞིན་བྱའོ་ཞེས་བྱ་བ་ནི། དེ་ནས་ཅི་ཁྱོད་དོན་འབྱུང་བའི་དངོས་གྲུབ་ཀྱི་ཡེ་ཤེས་དང་། རྫུ་འཕྲུལ་གྱི་དོན་དངོས་གྲུབ་ཀྱི་ཡེ་ཤེས་དང་ཞེས་བྱ་བ་ནས་བརྩམས་ཏེ། གཤེགས་སུ་གསོལ་བའི་བར་གྱི་ཆོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བ་བཞིན་འདིར་ཡང་དེ་བཞིན་དུ་
བྱའོ། །རྡོ་རྗེ་སེམས་དཔས་གསུངས་པའི་རྟོགས་པ་སངས་རྒྱས་ཀྱི་གསུང་ཉིད་ཡིན་པར་བསྟན་པའི་ཕྱིར་དང་། དཀྱིལ་འཁོར་གཤེགས་སུ་གསོལ་ཞིང་ཉེ་བར་བསྡུ་བར་བྱས་ནས། སློབ་དཔོན་གྱིས་རང་གི་སྙིང་གར་གནས་པའི་རྡོ་རྗེ་སེམས་དཔའ་ལ་ལེགས་སོ་ཞེས་བྱ་བས་
མཉེས་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་ཞེས་བྱ་བ་ལ་ཡང་ཞེས་བྱ་བའི་སྒྲ་ནི་སླར་ཡང་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་བཏབ་ཅིང་འདུས་པར་
མཛད་ནས། ད་ནི་དེ་སྐད་དུ་བཤད་པའི་དོན་གཉིས་པོ་རྫོགས་པར་བྱ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་བོ་ནི་རྣམ་པར་སྣང་མཛད་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་བྱང་ཆུབ་ཀྱི་སེམས་ཆེན་པོ་ནི་རྡོ་རྗེ་སེམས་དཔའོ། །སྟོང་པ་ཉིད་
སྟོན་པར་བྱེད་པའི་རྡོ་རྗེ་རྩེ་ལྔ་དེའི་ཕྱག་ན་མངའ་བས་ན་ཕྱག་ན་རྡོ་རྗེ་ཆེན་པོའོ། །དེ་ལ་རྡོ་རྗེ་དགྱེས་པའི་ལེགས་སོ་ཞེས་བྱ་བའི་ཕྱག་རྒྱ་སྙིང་པོ་འདི་ཞེས་བྱ་བ་ཐུགས་ལ་གནས་པས་སོ། །ད་ནི་སྙིང་པོ་སྟོན་ཏེ། ལེགས་སོ་རྡོ་རྗེ་སེམས་དཔའ་ཁྱོད། །ཅེས་བྱ་བ་ནི་གང་རྡོ་རྗེ་སེམས་དཔའི་
ཚུལ་གྱིས་བསྟན་པ་དེ་ནི་ཁྱེད་ལེགས་སོ། །དེ་བཞིན་དུ་གང་རྡོ་རྗེ་རིན་ཆེན་དང་། ཆོས་དང་ལས་ཀྱི་ཚུལ་གྱིས་བཤད་པ་དེ་ཁྱེད་ལེགས་སོ། །གང་གི་ཕྱིར་ཐམས་ཅད་ལེགས་ཤིང་མཛེས་པ་ཉིད་ཡིན་པས་ན་མདོ་སྡེ་འདི་ནི་ལེགས་པར་བཤད་པ་ཡིན་ཏེ། སྒྲོ་བཏགས་པ་དང་། སྐུར་
เล่ม ๕๗ · หน้า 230a
པ་འདེབས་པའི་ཉེས་པ་དང་བྲལ་བ་ཡིན་ནོ། །རྡོ་རྗེ་ཐེག་པ་ཞེས་བྱ་བ་ནི། རྡོ་རྗེ་ཐེག་པ་ཡིན་པས་ན། རྡོ་རྗེ་ཐེག་པ་སྟེ། དེ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སེམས་དཔའི་རྡོ་རྗེ་ལས་བྱུང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པའི་
སེམས་དཔའི་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོའི་རང་བཞིན་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་བྱུང་བས། དེའི་ཕྱིར་རྡོ་རྗེ་ཐེག་པ་ཞེས་བྱའོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིན་པས་དེ་བཞིན་གཤེགས་པ་ཀུན་གྱི་གསང་བ་ཞེས་བྱ་བ་སྟེ། ཐེག་པ་ཆེན་
པོ་ནི་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པར་སྟོན་ཏོ། །དེ་གཙོ་བོར་གྱུར་པ་འདིར་མདོར་བསྡུས་པས་ན་མདོར་བསྡུས་པ་སྟེ། དེ་བས་ན་ཐེག་པ་ཆེན་པོ་མངོན་པས་བསྡུས་པ་ཞེས་བྱའོ། །རྡོ་རྗེ་སེམས་དཔའི་མཚན་གྱིས་ཀྱང་། །དངོས་གྲུབ་ཀུན་གྱི་མཆོག་ཏུ་འགྱུར། །ཞེས་བྱ་
བ་ནི་གང་གི་རྡོ་རྗེ་ཐེག་པ་སྟོན་པར་མཛད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནམ་མཁའ་དང་མཉམ་པ་དང་མི་མཉམ་པ་ཐམས་ཅད་དུ་རྟོགས་པའི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ཐམས་ཅད་དུ་སྤྲོས་པས་
སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ་ཡིན་ཏེ། དེ་ལྟ་བུའི་རྡོ་རྗེ་སེམས་དཔའི་མཚན་ཉིད་ཀྱིས་ཀྱང་ཞེས་པ། མཚན་ཙམ་ཞིག་བརྗོད་པ་དངོས་གྲུབ་ཐམས་ཅད་བྱེད་པའི་མཆོག་ཡིན་ཏེ། འཇིག་རྟེན་དང་འཇིག་
རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྐྱེད་པར་མཛད་པའི་མཆོག་སྟེ། དམ་པ་ཡིན་པས་མཚན་ཙམ་འཛིན་པ་ཡང་འབྲས་བུ་དོན་ཡོད་པར་སྩལ་བ་ཡིན་ནོ་ཞེས་སྟོན་ཏོ། །ཀྱང་ཞེས་བྱ་བའི་སྒྲས་ནི་སྒོམ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་ངེས་པ་ཁོ་ནར་ཐམས་ཅད་འགྲུབ་
པར་འགྱུར་རོ། །ཀྱང་ཞེས་བྱ་བའི་སྒྲ་འདི་ཉིད་ཀྱི་དོན་བསྟན་པ་ནི། དག་པར་བྱས་ནས་བསྒྲུབས་ན་ནི། །སངས་རྒྱས་ཉིད་ཀྱང་བདེ་བ་ཐོབ། །ཅེས་བྱ་བ་ཡིན་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ་བ་འདིས་སྒྲིབ་པ་རྣམ་པར་དག་པས་ན་དག་པར་བྱས་པའོ། །
เล่ม ๕๗ · หน้า 230b
རྡོ་རྗེ་སེམས་དཔའ་འབའ་ཞིག་བསྒྲུབས་ཤིང་བསྒོམས་ན། སངས་རྒྱས་ཉིད་བདེ་ཞིང་དཀའ་བ་སྤྱོད་པ་མེད་པར་ཚེ་འདི་ཉིད་ཀྱིས་བདེ་བ་མི་ཟད་ཅིང་མེད་པར་མི་འགྱུར་རོ། །དེ་ཡང་སྒྲུབ་པ་པོས་རྡོ་རྗེ་སེམས་དཔའ་བདེ་བས་བསྒྲུབས་པས་ན་སྒྲུབ་པ་པོའི་ཚེ་འདི་ཉིད་ལ་བྲི་བ་མེད་པས་མི་ཟད་པ་
དང་། རྒྱུན་ཆད་པའི་འཇིགས་པ་མེད་པས་མེད་ཅིང་གོད་པར་མི་འགྱུར་བའི་ཟག་པ་མེད་པའི་བདེ་བ་འགྲུབ་པར་འགྱུར་རོ། །ཡང་ཅིའི་ཕྱིར་སྒྲུབ་པ་པོས་དགའ་བ་དང་བདེ་བ་བསྒྲུབས་པས་ན། ཇི་སྐད་དུ་བཤད་པའི་རྡོ་རྗེ་སེམས་དཔའི་བདེ་བ་སྒྲུབ་པ་པོ་ལ་འགྲུབ་པར་འགྱུར་ཞེ་ན།
རྡོ་རྗེ་ཆོས་ཀྱི་སྦྱོར་བ་ནི། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཇི་སྐད་དུ་བཤད་པའི་རང་བཞིན་གྱིས་རྣམ་པར་དག་པའི་བསྒོམ་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་ཆོས་ཀྱི་སྦྱོར་བ་འདིས། འདོད་པ་ཀུན་གྱི་བདེ་བའི་བདེ་བས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་
ལ་འདོད་པ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་འདོད་པ་ཀུན་ཏེ། མཆོད་པ་ཆེན་པོ་དང་། དབང་བསྐུར་བའི་མཆོད་པ་དང་། ཆོས་ཀྱི་མཆོད་པ་དང་། ལས་ཀྱི་མཆོད་པ་དང་། རྣལ་འབྱོར་དང་རྗེས་སུ་མཐུན་པའི་རོ་ལ་སོགས་པ་སྟེ། དེ་རྣམས་ལས་སྐྱེས་པའི་བདེ་བ་རྣམས་ནི་
འདོད་པ་ཀུན་གྱི་བདེ་བའོ། །འདོད་པ་ཀུན་གྱི་བདེ་བ་དེ་དང་། རྡོ་རྗེ་ཆོས་ཀྱི་སྦྱོར་བ་དང་བཅས་པས་འགྲུབ་པར་འགྱུར་གྱི། དངོས་པོ་ལ་མངོན་པར་ཞེན་པའི་བདེ་བས་སྒྲུབ་པ་པོས་སངས་རྒྱས་ཐོབ་ཅིང་བཅོམ་ལྡན་འདས་ཀྱིས་རྗེས་སུ་གཟུང་བ་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་སྟོན་པར་བྱེད་པའི་སྒྲའི་ཚོགས་དང་པོ་སྦྱོར་བ་ལ་སོགས་པ་སྟོན་པར་བྱེད་པ་ནི་བརྟགས་པ་ལས་བྱུང་བ་ཡིན་པའི་ཕྱིར་རྟོགས་པ་ཞེས་
བྱའོ། །དེ་ཡང་རྟོག་པ་གཞན་ལས་ཤིན་ཏུ་མཆོག་ཏུ་གྱུར་པ་ཡིན་པས་རྒྱལ་པོའོ། །རྫོགས་པ་ནི་རྩ་བའི་རྒྱུད་ཀྱི་རང་བཞིན་གྱིས་མཐར་ཐུག་པའོ། །རྡོ་རྗེ་དབྱིངས་ཀྱི་དུམ་བུ་འདི་ཐམས་ཅད་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་
เล่ม ๕๗ · หน้า 231a
རྗེའི་དབྱིངས་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་བར་རེ་རེ་ཞིང་འདིར་སྐྱེས་པས་ན། དེ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་དབྱིངས་ཀྱི་རང་བཞིན་དུ་བསྐྱེད་པས་འགྲུབ་པའི་ཕྱིར་རྡོ་རྗེའི་དབྱིངས་
སོ། །དེ་བས་ན་རྡོ་རྗེ་དབྱིངས་ཀྱི་དུམ་བུ་ནི་རྡོ་རྗེ་དབྱིངས་ཀྱི་དུམ་བུ་མ་ལུས་པ་དེ་ལས་ཕྱོགས་གཅིག་ཅེས་བྱ་བའི་ཐ་ཚིག་གོ། །འདི་ནི་རྒྱུད་ཕྱི་མ་ལས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བར་ཡང་སྟོན་ཏེ། དེ་ལ་ཕྱག་རྒྱ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཕྱག་རྒྱ་ཆེན་པོ་སྟེ། མི་བསྐྱོད་པའི་རང་བཞིན་བྱང་
ཆུབ་ཀྱི་སེམས་ཆེན་པོའི་ཕྱག་རྒྱ་ནི། ཆོས་བདག་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་འདི་ནི་ཐམས་ཅད་དུ་ཁྱབ་པའི་ཕྱིར་ཆེ་བ་ཉིད་དོ། །དེ་ལས་བྱུང་བ་རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་ལ་ཉེ་བར་གདགས་པས་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །རྣམ་པར་སྣང་
མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ལས་བྱུང་བས་ན། འདི་ནི་དེ་བཞིན་གཤེགས་པའི་རིགས་ཏེ། སྐྱེས་པས་རིགས་ཞེས་བཤད་པ་ཡིན། །ཞེས་གསུངས་པ་དང་། སྒེག་པ་རྡོ་རྗེ་སེམས་དཔའ་ཞེས་བཤད་པས། འདི་ནི་འདོད་ཆགས་ཀྱིས་འདོད་ཆགས་སྤང་པའི་ཕྱིར་
གསུངས་སོ། །དེ་ཡང་འདིར། ཤེས་རབ་ཐབས་ཀྱི་དེ་ཉིད་ཆེ། །བྱང་ཆུབ་ཆེན་པོ་རབ་གྲུབ་ཕྱིར། །བློ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །རྟོག་པའི་རྒྱལ་པོ་འདི་གསུངས་སོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ལས།
དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པར་འཇུག་པ་ཉིད་ཀྱི་སྦྱོར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་དབྱིངས་ཐམས་ཅད་དུ་ཐུགས་སུ་ཆུད་པའི་ཡེ་ཤེས་སེམས་དཔའི་ཚུལ་དེ་བཞིན་གཤེགས་པའི་རིགས་ཀྱི་ངོ་བོ། དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བ། རྣམ་པར་སྣང་མཛད་ཆེན་པོའི་རང་བཞིན་གྱི་རྟོག་པའི་རྒྱལ་པོ་ཆེན་པོ་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའི་རྗེས་སུ་འཇུག་པའི་རང་བཞིན་གྱི་དམ་ཚིག་གི་ཕྱག་རྒྱའི་ངོ་བོ། རྡོ་རྗེའི་
เล่ม ๕๗ · หน้า 231b
རིགས་ཆེན་པོ་ཁྲོ་བས་ཁྲོ་བ་སྤངས་པའི་ཕྱིར་སྟོན་པར་བཞེད་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པར་བྱེད་པ་སྟེ། དང་པོ་སྦྱོར་བའི་རྗེས་ཐོགས་ལ། །ཞེས་བྱ་བའི་ཐ་ཚིག་གོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི།
རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་གསུངས་པ་ཉིད་ཡིན་ལ། ཁྱད་པར་ནི་འདི་ཡོད་དེ་འདི་ལྟར་རྡོ་རྗེ་སེམས་དཔའ་སྤྲུལ་པ་དང་ལྷན་ཅིག་ཅེས་བྱའོ། །ཡང་གཅིག་ཏུ་འདུས་པར་གྱུར་ཏེ་ཞེས་བྱ་བ་ཡང་ཞེས་བྱ་བའི་སྒྲ་ནི་ལེགས་སོ་ཞེས་བྱ་བའི་སྦྱིན་པ་འདུས་པར་མཛད་པ་ལ་ལྟོས་
ནས་ཡང་ཚོགས་པར་མཛད་པས་ན། ཡང་གཅིག་ཏུ་འདུས་པར་གྱུར་ཏེ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་ལ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ཆེན་པོ་ནི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཏེ། དེ་རྣམས་
དཔག་ཏུ་མེད་པ་སྤྲུལ་པ་དང་། བྲི་བ་དག་གིས་བསྐོར་ཞིང་རབ་ཏུ་འཇུག་པའི་ངང་ཚུལ་འདི་ལ་མངའ་བས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་སྟེ། རྣམ་པར་སྣང་མཛད་ཆེན་པོའི་རང་བཞིན་རྡོ་རྗེ་སེམས་དཔའོ། །ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དང་
ལྡན་པ་དེ་ལ་འོག་ནས་བཤད་པའི་མཚན་བརྒྱ་ལས་རྩ་བརྒྱད་ལྷག་པ་འདིས་གསོལ་བ་བཏབ་པའོ། །ད་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་མཚན་བརྒྱ་རྩ་བརྒྱད་པ་དེ་གསུངས་པ་ཡིན་ཏེ། དེ་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བཛྲ་སཏྭ་ཞེས་སྙིང་པོའི་སྒོ་ནས་གང་
གསུངས་པ་དེ་ལ་ཁྱོད་ཅེས་སྙིང་པོའི་སྒོ་ནས་བོད་པའོ། །རྡོ་རྗེ་ཆེ་ཞེས་བྱ་བ་ནི་རྡོ་རྗེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་ཆེ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ལྕགས་ཀྱུའི་ཚུལ་གྱིས་ཐམས་ཅད་དུ་ཁྱབ་པ་རྡོ་རྗེ་རྒྱལ་པོའོ། །འདིས་ནི་དོན་གྱིས་བསྟན་པའི་སྒོ་ནས་བཛྲ་རཱ་ཛ་ཞེས་སྙིང་པོ་
གསུངས་པ་ཡིན་ནོ། །རྡོ་རྗེ་མགོན་པོ་ཞེས་བྱ་བ་ལ་རྡོ་རྗེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་མགོན་པོ་ནི་ཆོས་བདག་མེད་པའི་འདོད་ཆགས་ཀྱི་རང་བཞིན་རྡོ་རྗེ་ཆགས་པ་སྟེ། གང་གི་ཕྱིར་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་བཞིན་
เล่ม ๕๗ · หน้า 232a
གྱི་གདུལ་བྱ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་མྱ་ངན་ལས་འདས་པའི་སེམས་ཀྱི་འཇིགས་པ་ལས་གྲོལ་བར་མཛད་པས། དེའི་ཕྱིར་རྡོ་རྗེ་མགོན་པོའོ། །འདིས་ཀྱང་བཛྲ་རཱ་ག་ཞེས་བྱ་བའི་སྙིང་པོའི་དོན་གྱི་སྒོ་ནས་སྟོན་པ་ཡིན་ལ། གང་ལ་
ཁྱད་པར་དུ་བསྟན་པ་མེད་པ་གཞན་དག་ཏུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རབ་ཏུ་ལེགས་སོ་ཞེས་བྱ་བས་ཤིན་ཏུ་སྒྲུབ་པར་མཛད་པས་ན། རབ་བསྒྲུབ་མཛད་ཅེས་བྱ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པའི་ངོ་བོ་རྡོ་རྗེ་ལེགས་པའོ། །རྡོ་རྗེ་དབང་བསྐུར་ཞེས་བྱ་བ་ནི། །རྡོ་རྗེ་མིང་གི་
དབང་བསྐུར་བ་ནི་རྡོ་རྗེ་དབང་བསྐུར་ཏེ། རྡོ་རྗེ་རིན་ཆེན་ནོ། །དེས་ན་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་ཆུའི་རང་བཞིན་ཅན་གྱིས་གདུལ་བྱ་རྣམས་ཀྱི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་དྲི་མ་འཁྲུད་པར་མཛད་པས་ན་དབང་བསྐུར་བའོ། །རྡོ་རྗེ་འོད་ཅེས་བྱ་བ་ནི་རྡོ་རྗེ་
ལྟར་མི་ཕྱེད་པའི་འོད་དེ། འོད་ཟེར་འདི་ལ་མངའ་བས་ན་རྡོ་རྗེ་འོད་དང་། རྡོ་རྗེ་ཉི་མའོ། །རྡོ་རྗེ་དབལ་ཞེས་བྱ་བ་ནི་བཛྲ་ཧེ་རུ་ཀ་ཞེས་བྱ་བའི་སྙིང་པོའོ། །རྡོ་རྗེ་བཞད་པ་ཞེས་བྱ་བ་ལ་བཞད་པ་ནི་འཛུམ་པ་སྟེ། རྡོ་རྗེ་ལྟར་དབྱེར་མི་ཕྱེད་པའི་བཞད་པ་འདི་ལ་མངའ་བས་ན་རྡོ་རྗེ་བཞད་པའོ། །
ཆོས་ཆེན་པོ་ཞེས་བྱ་བ་ནི་ཆོས་ཆེན་པོ་འདི་ལ་མངའ་བས་ན་ཆོས་ཆེན་པོ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་རྡོ་རྗེ་ཆོས་དེའི་ངོ་བོ་ཐམས་ཅད་སེམས་ཅན་གྱི་དོན་དུ་ཡེ་ཤེས་ཀྱིས་གཟིགས་པས་ན་ཆོས་སོ། །རྡོ་རྗེ་རལ་གྲི་ཞེས་བྱ་བ་ནི། རྡོ་རྗེ་ཤེས་རབ་ཀྱི་ཡེ་ཤེས་འདི་ལ་མངའ་བས་ན་
རྡོ་རྗེ་རལ་གྲི་ནི་རྡོ་རྗེ་རྣོན་པོ་སྟེ། མཚན་བཅུའོ། །དེ་བཞིན་དུ་མཆོག་ཆེན་པོ་ཞེས་བྱ་བ་ནི་མཆོག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་མཆོག་ཆེན་པོ་སྟེ་རྡོ་རྗེ་རལ་གྲིའོ། །དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི། དཀྱིལ་འཁོར་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། དཀྱིལ་འཁོར་ཆེན་པོ་སྟེ།
རྡོ་རྗེ་དབྱིངས་ལ་སོགས་པའི་གང་ཡིན་པའི་དཀྱིལ་འཁོར་ཐམས་ཅད་འདི་ལ་མངའ་བས་ན་རྡོ་རྗེ་རྒྱུའོ། །རྒྱལ་པོ་མཆོག་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་རང་བཞིན་དེ་ཉིད་ཀྱིས་གསལ་ཞིང་། རྒྱལ་པོ་ལྟར་བྱེད་པས་ན་རྒྱལ་པོའོ། །མཆོག་ནི་དེ་བཞིན་གཤེགས་པ་ལས་སྐྱེས་
เล่ม ๕๗ · หน้า 232b
པས་ན་མཆོག་སྟེ། རྒྱལ་པོ་ཡང་ཡིན་པས་ན་རྒྱལ་པོ་མཆོག་གོ། །སྤྲོས་མེད་ཅེས་བྱ་བ་ནི་ངག་གི་རྣམ་པར་རྟོག་པའི་སྤྲོས་པ་མེད་པའི་ཕྱིར་རྡོ་རྗེ་བསྲུང་བའོ། །རྡོ་རྗེ་ལས་ཞེས་བྱ་བ་ནི་རྡོ་རྗེ་ལས་ཀྱི་སྙིང་པོའོ། །བསྲུང་བ་ཆེ་ཞེས་བྱ་བ་ནི་བསྲུང་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་
བསྲུང་བ་ཆེན་པོ་སྟེ། ཕྱིར་མི་ལྡོག་པའི་བརྩོན་འགྲུས་ཀྱི་བསྲུང་བའི་ངོ་བོ་ནི་རྡོ་རྗེ་བསྲུང་བའོ། །གནོད་སྦྱིན་གཏུམ་པ་ཞེས་བྱ་བ་ནི་གནོད་སྦྱིན་ཡང་ཡིན་ལ་གཏུམ་པ་ཡང་ཡིན་པས་ན་རྡོ་རྗེ་གནོད་སྦྱིན་ནོ། །གདོན་ཆེན་པོ་ཞེས་བྱ་བ་ནི་ཆེན་པོ་ཉིད་ནི་དེ་བཞིན་ཉིད་ཀྱིས་ཐམས་ཅད་དུ་
སོང་བའི་ཕྱིར། དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་དེ་ཡིས་འཛིན་པས་ན་གདོན་ནོ། །གདོན་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་གདོན་ཆེན་པོ་སྟེ། རྡོ་རྗེ་གནོད་སྦྱིན་ནོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པ་ཐམས་ཅད་དེ་བཞིན་
ཉིད་ཀྱི་ངོ་བོར་དོན་གཅིག་ཏུ་མི་ཕྱེད་པར་བྱེད་པས་ན་རྡོ་རྗེ་ཁུ་ཚུར་རོ། །ཕྱག་རྒྱ་ཆེ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱའོ། །ཆེན་པོ་ནི་དེ་བཞིན་ཉིད་ཐམས་ཅད་དུ་སོང་བ་ལས་སྐྱེས་པ་ནི་ངོ་བོ་གང་ཡིན་པ་འདི་ལ་མངའ་བས་ན་ཕྱག་རྒྱ་ཆེན་པོ་
སྟེ་རྡོ་རྗེ་ཁུ་ཚུར་དེ་མཚན་བཅུ་དང་ཕྱག་རྒྱ་ཀུན་ལ་ཞེས་བྱ་བ་ལ། དེ་བཞིན་ཉིད་ཀྱི་རྡོ་རྗེ་ཁུ་ཚུར་གྱི་ངོ་བོ་ཡིན་པ་དང་། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་དེ་ཡིས་བསྡུས་པས་ན། ཕྱག་རྒྱ་ཀུན་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་ཉིད་དོ། །དེ་ལྟར་བཤད་པའི་དོན་གྱིས་སེམས་དཔའ་བཅུ་
དྲུག་གི་སྙིང་པོའི་རང་བཞིན་གྱི་སྒོ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་ལ་བསྟོད་ནས། སྐུའི་གསང་བའི་དོན་གྱི་ངོ་བོའི་སྒོ་ནས་བསྟོད་པ་ནི། བྱང་ཆུབ་སེམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བྱང་ཆུབ་ཀྱི་ངོ་བོའི་སེམས་ནི་བྱང་ཆུབ་སེམས་དཔའ་སྟེ་རྡོ་རྗེ་སེམས་
དཔའོ། །བྱང་ཆུབ་ཆེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དེ་ཉིད་བྱང་ཆུབ་ཆེན་པོ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་སྤྱན་འདྲེན་པའི་མཚན་ཉིད་དང་ལྡན་པས་ན་རྡོ་རྗེ་རྒྱལ་པོའོ། །དེ་བཞིན་གཤེགས་པ་ཐམས་
เล่ม ๕๗ · หน้า 233a
ཅད་ཅེས་བྱ་བ་ནི། རྡོ་རྗེ་རྒྱལ་པོ་དེ་ཉིད་དང་དེ་བཞིན་གཤེགས་པ་ཐམས་ཅད་འགུགས་པའི་སངས་རྒྱས་ཐམས་ཅད་ལས་ལྷག་པའི་མཚན་ཉིད་ཅན་ཡིན་པ་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་དོ། །རྡོ་རྗེ་རིགས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་
རྟོག་པས་གཡོ་བ་མེད་པའི་མི་དམིགས་པའི་ཐུགས་རྗེ་ཆེན་པོའི་མཚན་ཉིད་ཀྱི་ཡེ་ཤེས་ནི་རྡོ་རྗེ་ཡེ་ཤེས་ཏེ། རྡོ་རྗེ་ཆགས་པའོ། །དེ་སྐད་དུ་ཡང་། ཆོས་བདག་མེད་པའི་ཆགས་པ་འདི། །དགྱེས་པ་བསྲུང་བ་འདི་ཡིན་ནོ། །ཞེས་གསུངས་པ་དང་། ཡང་དག་པའི་ལམ་གྱི་ངོ་བོ་
ཡིན་པ་དེ་བས་ན་རྡོ་རྗེ་ཆགས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྒྱུན་ཐམས་ཅད་དུ་སོང་བ་དེའི་ཕྱིར། ཡེ་ཤེས་ཆེ་ཞེས་བྱ་བ་སྨོས་སོ། །ཐེག་པ་ཆེ་ཞེས་བྱ་བ་ནི་ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐེག་པ་ཆེན་པོ་སྟེ། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པའི་རང་བཞིན་ནི་
རྡོ་རྗེ་ལེགས་པའོ། །དོན་ཀུན་ཞེས་བྱ་བ་ནི་དོན་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་དོན་ཀུན་ཏེ། དོན་ཀུན་ནི་ནམ་མཁའི་སྙིང་པོ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དབང་བསྐུར་བ་ཞེས་བྱ་བའི་དོན་ཏོ། །ཀུན་གྱི་དེ་བཞིན་ཉིད་ཀྱི་དོན། །ཞེས་བྱ་བ་ནི་བག་ཆགས་དང་
བཅས་པའི་ཉོན་མོངས་པའི་མུན་པ་སེལ་བར་བྱེད་པའི་ཉི་མར་གྱུར་པའི་ཡེ་ཤེས་ཏེ་དོན་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་དམིགས་པ་ནི་ཀུན་གྱི་དེ་ཁོ་ན་ཉིད་རྡོ་རྗེ་གཟི་བརྗིད་དེ་མཚན་བཅུའོ། །སེམས་ཅན་དོན་ཞེས་བྱ་བ་ནི་བྱམས་པའི་སྦྱིན་པ་ཆེན་པོས་སེམས་ཅན་གྱི་ཁམས་ཀྱི་དོན་བྱེད་པས་ན་སེམས་
ཅན་དོན་ཏེ་རྡོ་རྗེ་དཔལ་ལོ། །ཀུན་རིག་པ་ཞེས་བྱ་བ་ནི། ཀུན་རིག་པས་ན་ཀུན་མཁྱེན་ཏེ། འཛུམ་པའི་དུས་གསུམ་པའི་དོན་ཐམས་ཅད་སྟོན་པར་མཛད་པའི་ཕྱིར་ན་རྡོ་རྗེ་བཞད་པའོ། །ཀུན་མཁྱེན་ཞེས་བྱ་བ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་བརྙེས་པའི་
ཕྱིར་རྡོ་རྗེ་ཆོས་ནི་ཀུན་མཁྱེན་པའོ། །ཀུན་མཛད་ཅེས་བྱ་བ་ནི། ཤེས་རབ་ཀྱི་ཡེ་ཤེས་ཀྱིས་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཡོངས་སུ་རྫོགས་པར་མཛད་པའི་ཕྱིར། ཀུན་མཛད་ནི་རྡོ་རྗེ་རྣོན་པོའོ། །ཐམས་ཅད་དེ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་ཐམས་ཅད་ཀྱི་རྒྱུའོ། །
เล่ม ๕๗ · หน้า 233b
ཀུན་གཟིགས་ཞེས་བྱ་བ་ནི། ཆོས་དང་། དོན་དང་། ངེས་པའི་ཚིག་དང་སྤོབས་པ་སོ་སོར་ཡང་དག་པར་རིག་པའི་ཡེ་ཤེས་སྟོན་པས། ཆོས་དང་དེའི་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོར་གཟིགས་པ་ནི་ཀུན་གཟིགས་ཏེ་རྡོ་རྗེ་བསྲུང་བའོ། །རྡོ་རྗེ་བདག་ཅེས་བྱ་བ་ནི་འཁོར་བ་ཡོངས་
སུ་དག་པའི་བརྩོན་འགྲུས་ཀྱི་ངོ་བོའི་རྡོ་རྗེའོ། །དེ་ཉིད་ཀྱི་རང་བཞིན་གྱི་བདག་ཉིད་གང་ཡིན་པ་འདི་ནི་རྡོ་རྗེ་བདག་སྟེ། རྡོ་རྗེ་ལས་སོ། རབ་རྡོ་རྗེ་མཆོག་ཅེས་བྱ་བ་ནི། རབ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་རྣམས་ཀྱི་མཆོག་ཡིན་ཏེ། རྩོམ་པའི་བརྩོན་འགྲུས་ཀྱི་རང་བཞིན་མཚུངས་
པ་མེད་པའི་ཕྱིར་ན་རྡོ་རྗེ་ལས་སོ། །རྡོ་རྗེ་བརྩོན་འགྲུས་ཞེས་བྱ་བ་ནི། ཡོངས་སུ་སྦྱོར་བའི་བརྩོན་འགྲུས་ནི་རྡོ་རྗེ་ལྟ་བུར་མི་ཕྱེད་པས་ན་རྡོ་རྗེ་བརྩོན་འགྲུས་ཏེ་རྡོ་རྗེ་བསྲུང་བའོ། །རབ་རྡོ་རྗེ་འཆང་ཞེས་བྱ་བ་ནི་སོ་སོར་རྟོག་པའི་བརྩོན་འགྲུས་ཀྱི་རབ་རྡོ་རྗེ་འཛིན་པར་བྱེད་པས་ན་རྡོ་རྗེ་འཆང་བ་སྟེ།
རྡོ་རྗེ་གནོད་སྦྱིན་ཏེ་མཚན་བཅུའོ། །དམ་ཚིག་ཆེན་པོ་དེ་ཉིད་དོན། །ཞེས་བྱ་བ་ནི་འཁོར་གསུམ་རྣམ་པར་དག་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཁྱེན་པ་ནི་དམ་ཚིག་ཆེན་པོ་སྟེ། སོ་སོར་རྟོག་པའི་བརྩོན་འགྲུས་ཀྱི་རང་བཞིན་ནོ། །དེའི་དེ་ཁོ་ན་ཉིད་ནི་དེ་ལས་བྱུང་བའི་ཟག་པ་མེད་
པའི་བདེ་བ་དང་། ཡིད་བདེ་བའམ། ལྷ་ཆེན་པོ་ལ་སོགས་པའི་གཟུགས་ཀྱིས་ཆགས་པ་དང་། སྡང་བ་དང་། རྨོངས་པ་ལ་སོགས་སེམས་ཅན་གྱི་དོན་མཛད་པ་སྟེ། དེ་སྐད་དུ་ཡང་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་གང་ཡིན་ཞེ་ན། འདི་ལྟ་སྟེ། ཀུན་དུ་བཟང་པོ་རབ་དགྱེས་པ། །ཞེས་
གསུངས་ཏེ། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་དོན་འདི་ནི། བཅོམ་ལྡན་འདས་ཀྱི་རྡོ་རྗེ་ཁུ་ཚུར་ཏེ་ཕྱག་རྒྱ་ཆེན་པོའོ། །བདེ་ཆེན་ཁྱོད་ཅེས་བྱ་བ་ནི་དེ་མ་ཐག་པའི་རྡོ་རྗེ་ཁུ་ཚུར་དེ་ཉིད་དེ་ནི་དམ་ཚིག་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་བདེ་ཆེན་ཉིད་དོ། །དེ་ལྟར་རྡོ་རྗེ་སེམས་དཔའ་ལ་སོགས་
པ་སེམས་དཔའ་བཅུ་དྲུག་གི་སྐུའི་གསང་བའི་དོན་གྱི་སྒོ་ནས་རྡོ་རྗེ་འཆང་བ་ཆེན་པོ་ལ་བསྟོད་ནས། གཞན་ཡང་མཚན་མའི་ཕྱག་རྒྱའི་སྒོ་ནས་བསྟོད་པ་ནི། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྡོ་རྗེ་རྩེ་ལྔ་པའི་མཚན་མའི་ངོ་བོ་གང་ཡིན་པ་དེ་
เล่ม ๕๗ · หน้า 234a
ཉིད་ནི་དམ་པར་གྱུར་པའི་ཡོན་ཏན་འབྱུང་བ་ཡིན་ནོ། །རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བ་ནི། རྡོ་རྗེ་རྒྱལ་པོའོ། །འདོད་པ་ཆེ་ཞེས་བྱ་བ་ནི། རྡོ་རྗེ་ཆགས་པའི་མདའ་གཞུའི་ཕྱག་རྒྱ་སྟེ། ཆེན་པོ་ཡང་ཡིན་ལ་ཆགས་པ་ཡང་ཡིན་པས་ན།
ཆགས་པ་ཆེན་པོ་ནི་བྱང་ཆུབ་ཆེན་པོ་མངོན་སུམ་དུ་བྱེད་པའི་ངོ་བོ་ཡིན་ཏེ། དེ་སྐད་དུ་ཡང་། ཕྲ་བར་འབིགས་པས་མདའ་ཡིན་ནོ། །ཞེས་གསུངས་པས་ན། དེ་ཁོ་ན་ཉིད་མངོན་སུམ་དུ་མཛད་ཅེས་བྱ་བའི་དོན་ཏེ་མཚན་ལྔའོ། །རབ་ཏུ་དགའ་བ་ཞེས་བྱ་བ་ནི། རྡོ་རྗེ་ལེགས་པའི་
མགུ་བའི་ཕྱག་རྒྱ་དེ་ནི་བཟང་པོ་ལ་དགའ་བས་ན་རབ་ཏུ་དགའ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ལས་བྱུང་བའི་ཟག་པ་མེད་པའི་མགུ་བ་ནི་དགའ་བ་ཞེས་བྱ་བའི་དོན་ཏོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི། རྡོ་རྗེ་རིན་ཆེན་གྱི་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཕྱག་རྒྱ་ནི་
རབ་ཏུ་ཆེ་བའི་འོད་འདི་ལ་མངའ་བས་ན་རབ་ཏུ་འོད་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པའི་འོད་ཅེས་བྱ་བའི་དོན་ཏོ། །རྡོ་རྗེ་འོད་ཅེས་བྱ་བ་ནི། རྡོ་རྗེ་གཟི་བརྗིད་ཀྱི་རྡོ་རྗེ་ཉི་མའི་ཕྱག་རྒྱ་སྟེ། རྡོ་རྗེ་ལྟ་བུའི་མི་ཕྱེད་པའི་འོད་འདི་ལ་མངའ་བས་ན་རྡོ་རྗེ་འོད་དོ། །
འོད་སྣང་བ་ཞེས་བྱ་བ་ནི། རྡོ་རྗེ་དཔལ་གྱི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱི་ཕྱག་རྒྱ་སྟེ། བྱམས་པ་སྦྱིན་པའི་མཚན་ཉིད་ཀྱི་འོད་ཀྱི་སྣང་བའི་ནུས་པ་འདི་ལ་མངའ་བས་ན་འདི་སྣང་བའོ། །སངས་རྒྱས་འོད་ཅེས་བྱ་བ་ནི། བཞད་པའི་འཛུམ་པའི་ཕྱག་རྒྱ་སྟེ། སངས་རྒྱས་རྣམས་
ཀྱི་འཛུམ་པས་སེམས་ཅན་གྱི་དོན་མཛད་པའི་འོད་འདི་ལ་མངའ་བས་ན་སངས་རྒྱས་འོད་དེ། མཚན་ལྔ་བཅུའོ། །རྡོ་རྗེ་རྒྱལ་མཆོག་ཅེས་བྱ་བ་ནི། ཆོས་ཀྱི་པདྨའི་ཕྱག་རྒྱ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་རྡོ་རྗེ་དེ་ཉིད་ནི། དག་པས་ན་རྒྱལ་པོ་ཡིན་པ་དེ་
ཉིད་ཀྱི་ཕྱིར་རྒྱལ་མཆོག་གོ། །རྡོ་རྗེ་མཆོག་ཅེས་བྱ་བ་ནི། རྡོ་རྗེ་རྣོན་པོའི་རལ་གྲིའི་ཕྱག་རྒྱ་སྟེ། ཤེས་རབ་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་དེ་ཉིད་ཀྱི་མཆོག་ནི། རྡོ་རྗེ་མཆོག་གོ། །རིག་པ་མཆོག་ཅེས་བྱ་བ་ནི། རྒྱུའི་འཁོར་ལོའི་ཕྱག་རྒྱ་སྟེ། སྤྲུལ་པའི་སེམས་དེ་རིག་པའི་མཆོག་ནི།
เล่ม ๕๗ · หน้า 234b
རིག་པའི་མཆོག་ཡིན་ལ། དཀྱིལ་འཁོར་སྤྲུལ་པ་ལ་དེ་དང་མཚུངས་པ་མེད་ཅེས་བྱ་བའི་དོན་ཏོ། །མཆོག་ཅེས་བྱ་བ་ནི། རྡོ་རྗེ་བསྲུང་བའི་ལྕེའི་ཕྱག་རྒྱ་སྟེ། སྒྲ་བརྙན་དང་མཚུངས་པའི་སྒྲ་ཡིན་པས་བརྗོད་པ་འདི་དང་མཚུངས་པ་གཞན་མེད་པས་ན་མཆོག་གོ། །མིའི་
མཆོག་ཅེས་བྱ་བ་ནི། ལས་ཀྱི་སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་སྟེ། མིའི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་ཀྱིས་མི་ཐམས་ཅད་ཀྱི་གཟུགས་ལས་མཆོག་ཏུ་གྱུར་པས་ན་མིའི་མཆོག་གོ། །རྡོ་རྗེ་དམ་པ་ཞེས་བྱ་བ་ནི། རྡོ་རྗེ་བསྲུང་བའི་གོ་
ཆའི་ཕྱག་རྒྱ་སྟེ། རྡོ་རྗེ་རྣམས་ཀྱི་དམ་པ་དེས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཀུན་དུ་བསྲུང་བའི་ཕྱིར་རོ། །མཆོག་ཆེན་མཆོག་ཅེས་བྱ་བ་ནི། ཆེན་པོ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ན་མཆོག་ཆེན་པོ་ནི། རྡོ་རྗེ་གནོད་སྦྱིན་ཡིན་པ་
དེའི་ཕྱིར་ཡང་མཆོག་ཆེན་མཆོག་ནི་རྡོ་རྗེ་གནོད་སྦྱིན་ཏེ། རྡོ་རྗེ་མཆེ་བའི་མཚོན་ཆའི་ངོ་བོ་དེས་སྲུང་ཞིང་ཡོངས་སུ་སྐྱོང་བའི་ཕྱིར་རོ། །རིག་མཆོག་ཅེས་བྱ་བ་ནི། རིག་པའི་མཆོག་ནི་རིག་པའི་མཆོག་སྟེ། རྡོ་རྗེ་ཁུ་ཚུར་ཡིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
རིགས་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་རྡོ་རྗེའི་ཕྱག་རྒྱ་དེ་ཉིད་ཀྱི་ཁུ་ཚུར་འཆིང་བའི་སྦྱོར་བ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱ་སྒྲུབ་པར་མཛད་པ་དེའི་ཕྱིར་རིག་པ་མཆོག་གོ། །འདིས་ནི་རྡོ་རྗེ་ཁུ་ཚུར་གྱི་མཚན་མའི་ཕྱག་རྒྱ་གསུངས་པ་ཡིན་ནོ། །
རྡོ་རྗེ་དབྱིངས་ཞེས་བྱ་བ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསང་བ་ཆེ་ཞེས་བྱ་བ་ནི། ཆེན་པོ་ཡང་ཡིན་ལ་གསང་བ་ཡང་ཡིན་པས་གསང་བ་ཆེ་སྟེ། གཟུངས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོའི་ངོ་བོ་དེ་འདི་ཡིན་པས་ན་གསང་བ་
ཆེན་པོའོ། །དེ་སྐད་དུ་ཡང་། རྡོ་རྗེ་ཐལ་མོ་ལས་བྱུང་བ། །ཕྱག་རྒྱ་ཆེན་པོ་ཞེས་སུ་གྲགས། །ཞེས་གསུངས་པའི་ཕྱིར་ཏེ། མཚན་དྲུག་ཅུའོ། །རྡོ་རྗེ་གསང་བ་ཞེས་བྱ་བ་ནི། རྡོ་རྗེའི་ཕྱག་རྒྱ་རྣམས་ཀྱི་དཀྱིལ་འཁོར་གྱི་གསང་བའི་རྡོ་རྗེ་ཡིན་ཏེ། དེ་སྐད་དུ་ཡང་། རྡོ་རྗེ་
เล่ม ๕๗ · หน้า 235a
གསང་བ་ཞེས་བྱ་བ་ནི། རྡོ་རྗེའི་དཀྱིལ་འཁོར་རོ་ཞེས་གསུངས་སོ། །རབ་ནི་ཤིན་ཏུ་གསང་བ་འཛིན་པས་ན་རབ་གསང་འཆང་ཞེས་བྱ་སྟེ། རང་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རབ་ཏུ་གསང་བའི་ངོ་བོ་འཆང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཕྲ་བ་ཞེས་བྱ་བ་ནི་ཆོས་
ཀྱི་དཀྱིལ་འཁོར་གསུངས་པ་ཡིན་ཏེ། དེ་སྐད་དུ་ཡང་། རྡོ་རྗེ་དབྱིངས་དང་འདྲ་བས་ན། །རྡོ་རྗེ་ཕྲ་མོ་ཞེས་སུ་གྲགས། །ཞེས་གསུངས་སོ། །བསམ་གཏན་ཆེ་ཞེས་བྱ་བ་ནི། ཆེན་པོ་ཡང་ཡིན་ལ་བསམ་གཏན་ཡང་དེ་ཡིན་པས་ན་བསམ་གཏན་ཆེ་སྟེ། ཕྲ་མོའི་རྡོ་རྗེའི་བསམ་གཏན་གྱིས་
དངོས་གྲུབ་ཐམས་ཅད་རབ་ཏུ་སྒྲུབ་པ་ལ། ཀུན་དུ་ཁྱབ་པའི་ཕྱིར་རོ། །དེ་སྐད་དུ་ཡང་། བཅོམ་ལྡན་འདས་ཀྱིས། དེ་ནས་ཤིན་ཏུ་མཉམ་པར་གཞག །གང་ཡང་རུང་སྟེ་བསྒོམ་བྱ་བ། །དེ་དག་ཐམས་ཅད་བརྟན་པར་འགྱུར། །ཏིང་ངེ་འཛིན་ཞེས་བརྟག་པའོ། །ཞེས་གསུངས་སོ། །
རྡོ་རྗེ་དགོངས་པ་ཞེས་བྱ་བ་ནི། རྡོ་རྗེ་རྣམས་ཀྱི་དགོངས་པ་ནི་རྡོ་རྗེའི་དགོངས་པ་སྟེ། སེམས་ཅན་གྱི་དོན་ཚད་མེད་པ་བཞི་བསྒོམས་པས་ན། བྱམས་པ་ཆེན་པོ་ལ་སོགས་པ་ཚད་མེད་པ་བཞིའི་ངོ་བོ་བསྒོམས་པས་འདི་ཉིད་ཁྱོད་ཡིན་ནོ་ཞེས་སྟོན་ཏོ། །སངས་རྒྱས་མཆོག་ཅེས་བྱ་བ་ནི་
སངས་རྒྱས་རྗེས་སུ་དྲན་པ་སྒོམ་པའི་སེམས་ནི་སངས་རྒྱས་ཀྱི་གཟུགས་བརྙན་ཡིན་པའི་ཕྱིར། དེ་སངས་རྒྱས་ཀྱི་མཆོག་ཏུ་བསྒོམ་པ་ལས་མཚུངས་པ་གཞན་མེད་པའོ། །དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པའི་ཡེ་ཤེས་གསུངས་པ་ཡིན་ཏེ། དེ་སྐད་དུ་ཡང་
དེ་ཡི་རང་བཞིན་ཁྱོད་ཡིན་ནོ། །ཞེས་འདི་གསུངས་པས་བསྟན་པ་ཡིན་ནོ། །སངས་རྒྱས་རྡོ་རྗེ་མཆོག་ཅེས་བྱ་བ་ནི། སངས་རྒྱས་རྡོ་རྗེ་ནི་དེ་བཞིན་གཤེགས་པའི་རྗེས་སུ་དྲན་པའི་ཡེ་ཤེས་རྣམ་པ་བཞིའི་ངོ་བོ་དེ་དག་གི་མཆོག་ནི་སངས་རྒྱས་ཀྱི་མཆོག་གོ། །ཟླ་བའི་གཟུགས་བརྙན་
བསྒོམས་ནས་ནི། །བདག་གི་སྙིང་གར་རྡོ་རྗེ་ཡི། །སེམས་དཔའི་རྡོ་རྗེ་གཟུགས་བརྙན་བསྒོམ། །ཞེས་གང་གསུངས་པ། གཅིག་ནས་གཅིག་ཏུ་བརྟན་པར་བྱེད་པའི་བསྒོམ་པའི་ངོ་བོ་མཚུངས་པ་གཞན་མེད་པའི་ཕྱིར་རོ། །སངས་རྒྱས་བྱང་ཆུབ་ནི་སངས་རྒྱས་ཀྱི་བྱང་ཆུབ་སྟེ། དེ་ཡི་
เล่ม ๕๗ · หน้า 235b
རང་བཞིན་ཁྱོད་ཡིན་ནོ། །ཞེས་བྱ་བ་འདི་ནི། རྣམ་པ་ཀུན་གྱི་མཆོག་ལྡན་པ། །སངས་རྒྱས་གཟུགས་སུ་བདག་ཉིད་ནི། །བདག་ཉིད་ཀྱིས་ནི་བསྒོམ་བྱ་བ། །སངས་རྒྱས་བྱང་ཆུབ་བསྒོམ་པའོ། །ཞེས་གསུངས་པ་དེས་བཤད་པ་ཡིན་ནོ། །མཁས་པ་ཆེ་ཞེས་བྱ་བ་ནི་ལྷ་དང་གཅིག་ཏུ་
གྱུར་པའི་ཤེས་པའི་ངོ་བོ་དེས་ནི། མཁས་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འདི་མཁས་པ་ཆེ་སྟེ། བདག་ནི་དེ་བཞིན་གཤེགས་དང་མཉམ། །རྡོ་རྗེའི་ཚིག་ཏུ་ལན་ཅིག་བརྗོད། །དབང་པོ་གཉིས་ནི་མཉམ་སྦྱར་བས། །སངས་རྒྱས་ཐམས་ཅད་ཆགས་པར་བྱེད། །ཅེས་
བྱ་བ་ལ་སོགས་པ་འདིས་གསང་བའི་ཕྱག་རྒྱའི་ཡེ་ཤེས་རྣམ་པ་བཞི་གསུངས་པ་ཡིན་ནོ། །སངས་རྒྱས་ཡེ་ཤེས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམ་པ་ལྔ་ནི་སངས་རྒྱས་ཏེ། དེ་དག་གི་ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་ཕྱག་རྒྱ་ཆེན་པོ་ངེས་པའི་སངས་རྒྱས་ཀྱི་ཡེ་ཤེས་འདི་
ཡང་། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །རྡོ་རྗེ་དབུས་སུ་བསྒོམ་བྱ་བ། །བདག་ཉིད་སངས་རྒྱས་སྐུ་ཉིད་དུ། །དེས་ནི་སངས་རྒྱས་ཉིད་དུ་བསྒྲུབ། །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཡིན་པ་དེས་བཤད་པ་ཡིན་ཏེ། མཚན་བདུན་ཅུའོ། །སངས་རྒྱས་ཆེ་ཞེས་བྱ་བ་ནི་སངས་
རྒྱས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སངས་རྒྱས་ཆེ་སྟེ། སེམས་དཔའ་བཅུ་དྲུག་གི་ཏིང་ངེ་འཛིན་ཏོ། །དེ་སྐད་དུ་ཡང་། རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །སྙིང་གར་རྡོ་རྗེ་ལ་སོགས་འཁོར། །བསྒོམས་ན་རྡོ་རྗེ་སེམས་དཔའ་སོགས། །གང་གི་དངོས་གྲུབ་སྦྱིན་པར་བྱེད། །ཅེས་གསུངས་
པ་འདིས་ཀྱང་སེམས་དཔའ་བཅུ་དྲུག་གི་ཏིང་ངེ་འཛིན་གྱི་ངོ་བོ་ཁྱོད་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སངས་རྒྱས་སངས་རྒྱས་ཞེས་བྱ་བ་ནི། ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་མཐར་ཐུག་པ་དེ་དག་ནི་སངས་རྒྱས་རྣམས་ཀྱི་
སངས་རྒྱས་ཏེ། ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ནི་སངས་རྒྱས་ཀྱི་སངས་རྒྱས་སོ། །སངས་རྒྱས་མཆོད་པ་ཞེས་བྱ་བ་ནི། མཆོད་པ་ཆེན་པོ་ལ་སོགས་པའི་མཆོད་པ་སྟེ། སངས་རྒྱས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་
เล่ม ๕๗ · หน้า 236a
མཆོད་པ་ཡིན་པའི་ཕྱིར། ལས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོ་ཡིན་ཏེ། དེ་སྐད་དུ་ཡང་། ལས་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཕྲིན་ལས་ཀྱི་ཆོས་ཀྱི་དམ་ཚིག་གོ་ཞེས་གསུངས་སོ། །
མཆོད་པ་ཆེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ལ་རྗེས་སུ་ཆགས་པ་ལ་སོགས་པ་སྤྲོས་པའི་ཕྲིན་ལས་ཀྱི་མཆོད་པས་ནམ་མཁའ་ཐམས་ཅད་ཁྱབ་པ་ནི་མཆོད་པ་ཆེན་པོའོ། །སེམས་དཔའི་མཆོད་པ་ཞེས་བྱ་བ་ནི་རྣམ་པ་
བཅུ་དྲུག་གི་མཆོད་པའི་ངོ་བོས་རྣམ་པར་སྣང་མཛད་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་མཐར་ཐུག་པ་ལ་སེམས་དཔའི་མཆོད་པ་འདི་ལ་མངའ་བས་ན་སེམས་དཔའི་མཆོད་པའོ། །རབ་མཆོད་པ་ཞེས་བྱ་བ་ནི། རྣམ་པ་བཅུ་དྲུག་གི་མཆོད་པ་དེ་རྣམས་ཀྱི་ཇི་སྐད་དུ་གསུངས་པའི་
སེམས་དཔའི་མཆོད་པ་རབ་ཏུ་མཛད་པ་ན་རབ་མཆོད་བྱེད་པའོ། །ཐབས་ཆེན་ཞེས་བྱ་བ་ནི་ཐབས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐབས་ཆེན་ཏེ། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་རང་བཞིན་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་
གྱི་དམ་ཚིག་ཏུ་གྱུར་པས་ན། དངོས་གྲུབ་ཐམས་ཅད་སྡུད་པའི་ཕྱིར་རོ། །དངོས་གྲུབ་ཆེན་པོ་ཞེས་བྱ་བ་ནི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་རང་བཞིན་གྱི་དངོས་གྲུབ་ཆེན་པོ་ཡིན་པས་རྡོ་རྗེ་དབྱིངས་ཀྱི་དུམ་བུར་གསུངས་པ་དེ་ཐམས་ཅད་ནི་འདིར་དངོས་གྲུབ་ཆེའོ། །དེ་སྐད་
དུ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ཐམས་ཅད་ཀྱི་རྒྱུར་བྱིན་གྱིས་བརླབས་སོ་ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་དངོས་གྲུབ་ཅེས་བྱ་བ་ནི། རྡོ་རྗེ་ནི་འདིར་རྣམ་པར་སྣང་མཛད་ཡིན་ལ། དེའི་ངོ་བོའི་དངོས་གྲུབ་འདི་ལ་མངའ་བས་ན་རྡོ་རྗེ་དངོས་གྲུབ་སྟེ།
ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་རང་བཞིན་ཡིན་ནོ། །དེ་བཞིན་གཤེགས་པའི་སྐུ་ཆེན་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་གཅིག་ཏུ་བསྡུས་པར་གྱུར་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ནི། རྡོ་རྗེ་སེམས་དཔའི་སྐུ་སྒྲུབ་པ་ཡིན་པ་དེའི་ཕྱིར། དེ་ནི་དེ་
เล่ม ๕๗ · หน้า 236b
བཞིན་གཤེགས་པའི་སྐུ་ཆེན་པོའོ་ཞེས་གསུངས་ཏེ་མཚན་བརྒྱད་ཅུའོ། །དེ་བཞིན་གཤེགས་པའི་གསུང་དབྱངས་ཞེས་བྱ་བ་ནི་ལྗགས་ཀྱི་ངོ་བོའོ། །དེ་བཞིན་གཤེགས་པའི་ཐུགས་ཆེན་པོ་ནི་ཟླ་བ་རྡོ་རྗེའི་ངོ་བོའོ། །རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་ན་གནས་པའི་རྡོ་རྗེ་རྩེ་ལྔ་པའི་
ངོ་བོ་གསུངས་པ་ཡིན་ནོ། །སངས་རྒྱས་གཙོ་བོ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུའི་གསང་བ་གསུངས་པ་ཡིན་ཏེ། དེ་སྐད་དུ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བྱེད་པ་ཞེས་གསུངས་པ་ཡིན་ནོ། །རྒྱལ་བའི་བཀའ་ཉན་ཞེས་བྱ་བ་ནི་དེ་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་
འཁོར་རྒྱལ་པོ་མཆོག་སྒྲུབ་པའི་དུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འཇུག་པས་རྒྱལ་བའི་བཀའ་ཉན་ནོ། །འདིས་ནི་རིན་ཆེན་ཧཱུཾ་མཛད་ཀྱི་རང་བཞིན་གྱིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པའི་རང་བཞིན་
གསུངས་པ་ཡིན་ནོ། །སངས་རྒྱས་བཤེས་གཉེན་ཞེས་བྱ་བ་ནི་ཆོས་ཀྱི་ཧཱུཾ་མཛད་ཀྱི་སྒོ་ནས་ཏེ། ཆོས་ཀྱི་ཧཱུཾ་མཛད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་ཤེས་རབ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱི་རང་བཞིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པའོ། །རྒྱལ་
མཆོག་སྐྱེས་ཞེས་བྱ་བ་ནི་ལས་ཀྱི་ཧཱུཾ་མཛད་ཀྱི་དོན་གྱི་སྒོ་ནས་ཏེ། འཁོར་གསུམ་རྣམ་པར་དག་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྲིན་ལས་དོན་ཡོད་པར་གྲུབ་པའི་རང་བཞིན་མཆོག་དེ་ལས་འདི་སྐྱེས་པས་ན་རྒྱལ་མཆོག་སྐྱེས་སོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ནི་དབུས་ཀྱི་རྣམ་པར་སྣང་མཛད་
མགོན་པོ་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་སྣང་མཛད་བཤད་པ་ཡིན་ནོ། །ཁྱབ་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཁྲོ་བོ་དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱིས། དངོས་པོ་ཐམས་ཅད་ནས་ཐམས་ཅད་དུ་སོང་བར་
བཞེད་པ་དེའི་ཕྱིར་ན་ཁྱབ་བདག་གོ། །སྟོན་པ་ཞེས་བྱ་བ་ནི་འཆད་པས་ན་སྟོན་པ་སྟེ་ཁྲོ་བོ་རྡོ་རྗེ་རྒྱལ་པོའོ། །གང་གིས་འདིར་དེ་བཞིན་གཤེགས་པ་ཐམས་ཅད་འགུགས་པའི་ཏིང་ངེ་འཛིན་ལ་སྦྱོར་བ་ཡིན་ཏེ་མཚན་དགུ་བཅུའོ། །ཞི་བ་ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་ཆགས་པ་སྟེ།
เล่ม ๕๗ · หน้า 237a
ཆོས་བདག་མེད་པའི་ཆགས་པས་ཡང་དག་པའི་ལམ་གྱི་ངོ་བོ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཞི་བས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ཞི་བར་བྱེད་པས་ན་ཞི་བའོ། །ཁྲོ་བོ་ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་ལེགས་པར་བྱེད་པས་མ་རུངས་པ་དྲག་པོའི་སེམས་ཅན་གསོད་པ་དང་སྲེག་པ་དང་
འཚེད་པ་ལ་སོགས་པ་མཛད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་དེ་ཉིད་ཆེ། །ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་ཁྲོ་གཉེར་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱང་ནམ་མཁའ་དང་མཉམ་པའི་ཡེ་ཤེས་ལས་བྱུང་བ་ཁྲོ་གཉེར་གྱི་ཁྲོ་བོ་འབར་བའི་ལྟ་བས་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ལ་སོགས་པའི་སེམས་
དྲངས་ནས་ཆོས་ཐམས་ཅད་རྟོགས་པ་ནི་དེ་ཉིད་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དེ་ཉིད་ཆེའོ། །ཡང་དག་མཐའ་ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་ཉི་མ་སྟེ། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དེ་སྟོན་པར་བྱེད་པས་ན་ཡང་དག་པའི་མཐའ་ནི་ཁྲོ་བོ་རྡོ་རྗེ་ཉི་མའི་ཡེ་ཤེས་ཀྱིས་བག་ཆགས་དང་བཅས་པའི་ཉོན་མོངས་པའི་མུན་པ་
སེལ་བར་བྱེད་པའི་ཕྱིར་རོ། །ཆེ་བའི་ཚུལ་ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་རྒྱལ་མཚན་ཏེ་བྱམས་པའི་སྦྱིན་པའི་ཁྲོ་བོ་དེས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་དོན་སྟེར་བས་ན་ཆེ་བའི་ཚུལ་ལོ། །ཕ་རོལ་ཕྱིན་པ་ཀུན་མཁྱེན་པ། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་དྲུག་གོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
བྱང་ཆུབ་ཀྱི་སེམས་བསྡུས་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་སེམས་མ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་རིན་ཆེན་མ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཡེ་ཤེས་བསྡུས་པ་རྡོ་རྗེ་ཆོས་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ཆོས་
མ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཀྱི་བདག་ཉིད་ཀྱི་ཕྲིན་ལས་བསྡུས་པ་མཆོད་པའི་ཕྲིན་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ལས་མ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། ཤེས་རབ་དང་། བསམ་གཏན་དང་། སྨོན་ལམ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒེག་མོ་ལ་སོགས་
པའི་མཆོད་པའི་ལྷ་མོ་བརྒྱད་དང་། བདུད་ལས་རྒྱལ་བའི་ཡེ་ཤེས་བྱ་བ་མི་ཐུབ་པའི་ཕ་རོལ་ཏུ་ཕྱིན་པ་དང་། ལྷག་པ་ལས་ཆེས་ལྷག་པའི་བར་ཆད་མེད་པའི་ལམ་གྱི་ངོ་བོ་ཤེས་རབ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་དུ་མངོན་པར་བྱང་ཆུབ་པ་མངོན་སུམ་དུ་མཛད་
เล่ม ๕๗ · หน้า 237b
པ་ཐོབ་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡེ་ཤེས་ཞེས་བྱ་བ་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ཕ་རོལ་ཏུ་ཕྱིན་པ་དེ་རྣམས་སུ་ངེས་པ་ཞེས་བྱ་བའི་ཡེ་ཤེས་ནི་རྡོ་རྗེ་ཁྲོ་བོ་རྡོ་རྗེ་བཞད་པའོ། །དོན་དམ་པ་ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་ཆོས་
ནི་དོན་དམ་པ་སྟེ། དམ་པ་ཡང་ཡིན་ལ་དོན་ཡང་ཡིན་པས་དོན་དམ་པའི་ཆོས་བདག་མེད་པའི་ཏིང་ངེ་འཛིན་ཞེས་བྱ་བའི་དོན་ཏོ། །ཀུན་དུ་བཟང་ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་རྣོན་པོ་སྟེ། ཆོས་ཐམས་ཅད་མ་སྐྱེས་པར་ཤེས་རབ་ཀྱི་ཡེ་ཤེས་ཀྱིས་སྒོམ་པའི་ཀུན་དུ་བཟང་པོ་
འདི་ལ་མངའ་བ་དེ་བས་ན་ཀུན་དུ་བཟང་པོའོ། །སྤྱོད་པ་མཆོག་ཅེས་བྱ་བ་ནི། ཁྲོ་བོ་རྡོ་རྗེ་རྒྱུ་སྟེ་དཀྱིལ་འཁོར་སྤྲུལ་པའི་སྤྱོད་པ་ལ་གཞན་དང་མཚུངས་པ་མེད་པའི་ཕྱིར་སྤྱོད་མཆོག་གོ། །བདུད་ཅེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་སྨྲ་བ་སྟེ། ངག་གི་རྣམ་པར་རྟོག་པའི་བདུད་བྱེད་པས་
ན་བདུད་ཅེས་གསུངས་སོ། །བདུད་ནི་རབ་ཏུ་འདུལ་བ་ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་ལས་ཏེ་རྩོམ་པའི་བརྩོན་འགྲུས་ཀྱི་ངོ་བོས་ལེ་ལོའི་བདུད་རབ་ཏུ་འདུལ་བར་བྱེད་པའི་ཕྱིར་བདུད་རབ་ཏུ་འདུལ་བའོ། །ཀུན་གྱི་མཆོག་ཅེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་བསྲུང་བ་སྟེ། ཡོངས་སུ་སྦྱོང་བའི་བརྩོན་འགྲུས་ཀྱིས་
བྱང་ཆུབ་སེམས་དཔའ་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ལ་འཇོག་པར་བྱེད་པས་གཞན་ལས་མཆོག་ཏུ་གྱུར་པ་དེའི་ཕྱིར་ཀུན་གྱི་མཆོག་གོ། །མཉམ་ཉིད་མཁྱེན་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་ཆོས་རྣམས་སོ་སོར་རྟོགས་པའི་བརྩོན་འགྲུས་ཀྱིས་དེ་བཞིན་གཤེགས་པ་ལ་
སོགས་པ་ཐམས་ཅད་ཀྱི་དངོས་པོའི་རྣམ་པར་རྟོག་པ་ཐམས་ཅད་འདིས་གསོལ་བར་ངེས་པས་ན། མཉམ་པ་ཉིད་མཁྱེན་པ་ནི་རྡོ་རྗེ་གནོད་སྦྱིན་ཏེ། མཚན་བརྒྱའོ། །ཀུན་དུ་འགྲོ་ཞེས་བྱ་བ་ནི། ཐམས་ཅད་དུ་སོང་བས་ན་ཐམས་ཅད་དུ་འགྲོ་བ་ནི་ཁྲོ་བོ་རྡོ་རྗེ་ཁུ་ཚུར་ཏེ། སོ་སོར་
རྟོག་པའི་བརྩོན་འགྲུས་ཀྱི་ངོ་བོས་དངོས་གྲུབ་ཐམས་ཅད་གྲུབ་པའི་ཕྱིར་རོ། །སངས་རྒྱས་ཧཱུཾ་མཛད་ཅེས་བྱ་བ་ནི། རྡོ་རྗེའི་རིགས་སྤྲུལ་ནས་ཐོག་མར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཧཱུཾ་ཊཀྐི་ཛ་ཞེས་བྱ་བ་གང་ཡིན་པ་དེ་གསུངས་པ་དང་། དེ་ལས་གཞན་ཡང་། ཨོཾ་
เล่ม ๕๗ · หน้า 238a
སུམྦྷ་ནི་སུམྦྷ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ་གང་ཡིན་པ་དེས་ཀྱང་སངས་རྒྱས་ཐམས་ཅད་ཀྱི་ཧཱུཾ་མཛད་ཀྱི་སྒྲ་གསུངས་པ་ཡིན་ནོ། །ཧཱུཾ་ཞེས་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་ཧཱུཾ་ཞེས་
བྱ་བ་གང་གསུངས་པས་ན། རྡོ་རྗེ་ཧཱུཾ་ཞེས་པ་སྟེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་བཱན་བཛྲ་ཧཱུཾ་ཕཊ། ཅེས་བྱ་བ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་པའོ། །འདུལ་བ་པོ་ཞེས་པ་ནི། ཨོཾ་བུདྡྷ་མཻ་ཏྲི་བཛྲ་རཀྵ་ཧཱུཾ་ཞེས་བྱ་
བས་མ་ཧཱ་དེ་བ་འདུལ་བར་བྱེད་པའི་སྔགས་བཅོམ་ལྡན་འདས་ཀྱིས་གང་གསུངས་པའོ། །རྡོ་རྗེ་ཀུན་ཡན་ལག་ཅེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་གསུངས་པའི་སྔགས་གང་ཡིན་པ་དེ་རྡོ་རྗེ་ཀུན་ཏེ། དེ་ཉིད་ཡན་ལག་ལ་འགོད་པས་ན། རྡོ་རྗེ་ཀུན་ཡན་ལག་གོ། །རྡོ་རྗེ་དྲག་
ཅེས་བྱ་བ་ནི། ཨོཾ་བཛྲ་ཨ་བི་ཥ་ཧ་ན་པ་ཏྲཾ་ཏ་ཊ་ཞེས་བྱ་བ་ལྷ་ཆེན་པོ་ཚར་གཅོད་པ་གང་གསུངས་པ་ནི་རྡོ་རྗེ་ཡང་ཡིན་ལ་དྲག་པོ་ཡང་ཡིན་པས་ན་རྡོ་རྗེ་དྲག་པོ་སྟེ། མཚན་བརྒྱ་རྩ་བརྒྱད་དོ། །ཕྱག་ན་རྡོ་རྗེ་ཁྱོད་ཕྱག་འཚལ། །ཞེས་བྱ་བ་ནི་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྡོ་རྗེ་འདི་ལ་མངའ་བས་ན་རྡོ་རྗེའོ། །དད་པའི་
ཁྱད་པར་ཕུལ་དུ་བྱུང་བས་ཕྱག་འཚལ་བས་ན། ཕྱག་འཚལ་འདུད་ཅེས་བྱའོ། །ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཕྱག་འཚལ་བ་ཉིད་དོ། །ཕྱི་དང་ནང་གི་མཆོད་པ་འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ནི་རྗེད་པའོ། །ཁམས་གསུམ་
པ་འདུལ་བར་བྱེད་པའི་ཡེ་ཤེས་ལ་དེ་བཞིན་གཤེགས་པས་རིམ་གྲོ་བྱ་བའོ། །ཇི་ལྟར་བདག་ཉིད་ལ་དེ་བཞིན་གཤེགས་པས་ཕྱག་བྱ་བ་དང་། རིམ་གྲོ་བྱ་བ་ཡིན་ཞེ་ན། གང་ཕྱིར་རྡོ་རྗེ་སེམས་བསྟན་པས། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་བྱ། །ཞེས་གསུངས་ཏེ། གང་གི་ཕྱིར་དེ་བཞིན་
དུ་རོ་གཅིག་པའི་སེམས་ནི་དེ་བཞིན་གཤེགས་པ་རྣམས་དང་བཅོམ་ལྡན་འདས་ཀྱི་རྡོ་རྗེ་སེམས་དཔའ་ཞེས་བརྗོད་ཅེས་བྱ་བ་དེའི་ཕྱིར་ཕྱག་བྱ་བ་དང་ཅི་སྙེད་པའི་རིམ་གྲོ་བྱ་བ་ཡིན་ནོ། །དེ་བཞིན་དུ་རོ་གཅིག་པའི་སེམས་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་གང་ཡིན་པ་དེ་ནི། རྫོགས་པའི་བྱང་ཆུབ་
เล่ม ๕๗ · หน้า 238b
ནི་ཁྱོད་ལ་རག་ལུས་ཏེ་བྱ་བ་ནི། ངེས་པར་གཟུང་བའམ། ཐ་དད་པའི་རིམ་པ་སྟེ་ཁྱོད་ལ་རག་ལུས་པའོ། །ཀུན་གཟིགས་ཡབ་ནི་སངས་རྒྱས་རྣམས་སྐྱེད་པར་མཛད་པའོ། །བྱང་ཆུབ་ཀྱི་སེམས་གོམས་པའི་སྟོབས་ཀྱིས་བྱུང་བ་དང་ནི་འབྱུང་འགྱུར་བའོ། །ཐོག་མ་དང་ཐ་མ་མེད་པར་
དེ་བཞིན་གཤེགས་པ་ཁྱོད་ཀྱིས་བསྒྲུབས་ཤིང་བསྟེན་པའོ། །འདི་ཡིས་ཞེས་བྱ་བ་བཤད་མ་ཐག་པའི་བསྟོད་པ་བསྟན་པའོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའམ་ཐ་དད་པའི་རིམ་པ་ཉིད་དུའོ། །རབ་ཏུ་མོས་པས་ཞེས་བྱ་བ་ནི། རབ་ཏུ་མོས་པ་འབའ་ཞིག་གིས་མ་ཡིན་གྱི་ཀླུ་བདུན་དང་
ལྷན་ཅིག་པའི་བསྟོད་པ་བྱས་ཤིང་བསྟོད་པའོ། །གླུར་བླང་གང་ཞིག་སྟོད་བྱེད་པ། །གང་ཞིག་གླུར་བླངས་པའི་བསྟོད་པ་བྱེད་པ་དེ་ནི་རྡོ་རྗེ་འཛིན་འདྲར་འགྱུར་རོ། །དེ་ལྟར་ཡང་དག་པར་འགྱུར་བའི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པ་བྱས་པས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་
དུ། རང་གི་རིགས་ནི་བསྐྱེད་པར་མཛོད། །ཅེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་དུ་གཉེར་བ་ཡིན་ནོ། །མགོན་པོ་ཁྱོད་ལ་གསོལ་བ་ནི། །ཞེས་བྱ་བ་ནི། བསྙེན་བཀུར་སྔོན་དུ་འགྲོ་བའི་དོན་དུ་གཉེར་བ་ནི་དེ་ཉིད་འདིར་གནང་བ་སྟེར་བའི་མཚན་ཉིད་ཀྱི་བརྡར་ཤེས་པར་བྱ་བ་ཡིན་ནོ། །
ཐམས་ཅད་སྐྱོབ་པ་དང་སེམས་ཅན་སྒྲོལ་བས་ན་མགོན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་རང་རང་གི་ངོ་བོས་བཞུགས་པ་ལ། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ནས། རང་གི་ཕྲིན་ལས་ལ་སྦྱོར་བས་ན་མངའ་མཛད་པའོ། །དོན་ནི་དོན་ཏེ་དགོས་པ་
ཞེས་བྱ་བའི་ཐ་ཚིག་གོ། །དོན་ཀུན་ནི་སེམས་ཅན་གྱི་དོན་ཏེ། སེམས་ཅན་ཀུན་དོན་ནོ། །སེམས་ཅན་གྱི་དོན་ཐམས་ཅད་ནི་སེམས་ཅན་གྱི་དོན་གྱི་འབྲས་བུའི་ཕྱིར། རང་གི་རིགས་ནི་བསྐྱེད་པར་མཛོད། །ཅེས་གསོལ་བ་འདེབས་པའོ། །དེ་ལྟར་མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པ་སྔོན་དུ་འགྲོ་བའི་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་བསྟན་པའི་མཚན་ཉིད་ཀྱི་ཕྱིར་གསོལ་བ་བཏབ་ནས། ད་ནི་དད་པའི་མཚན་ཉིད་ཀྱི་རྗེས་སུ་འབྲངས་ནས་དམ་ཚིག་གི་ཕྱག་རྒྱའི་དབྱེ་བའི་མཚན་ཉིད་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའི་དོན་ཏེ། གསོལ་བ་བཏབ་
เล่ม ๕๗ · หน้า 239a
པའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་དང་འབྲེལ་པའི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཡིན་པ་དེའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་བོའོ། །རྡོ་རྗེ་དེ་བདག་ཉིད་ཀྱི་ཐུགས་ཀར་བཞག་སྟེ་ཞེས་
བྱ་བ་ནི་རྡོ་རྗེ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པའི་དུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སྩལ་བ་གང་ཡིན་པ་དེ་རང་གི་སྙིང་གར་འདེགས་པའི་ཚུལ་གྱིས་སྦྱོར་བ་རབ་ཏུ་བཞག་སྟེ། དེ་བཞིན་གཤེགས་པ་དེ་ཐམས་ཅད་བོས་ཤིང་སྤྱན་དྲངས་ནས་འདི་སྐད་གསུངས་
སོ་ཞེས་བྱ་བ་ནི་གསོལ་བའོ། །གང་ལ་བོས་པ་ཡིན་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལའོ། །གང་ཞེ་ན་མ་འཚལ་ཏོ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཞེས་བྱ་བ་ནི། རྒྱུ་མཚན་ནམ་རྣམ་པ་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ་མི་བྱེད་པའོ། །དེ་བཞིན་གཤེགས་
པ་ཐམས་ཅད་ཀྱིས་དྲིས་པ་ན་དྲིས་པའི་རྒྱུ་ཡོད་པ་ནི་མཆིས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲག་པོ་ལ་སོགས་པའི་མ་རུངས་པ་ལ་སྒེག་པའི་གཟུགས་ཀྱིས་དོན་མཛད་པར་མི་སྤྱོད་པ་དེའི་ཕྱིར། དེ་བཞིན་གཤེགས་པས་གསུངས་པས། སྒྲུབ་པ་མི་འགྱུར་བའི་ཤུགས་ཀྱིས་དྲག་པོའི་གཟུགས་ཀྱིས་
སྒྲུབ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའོ། །དེ་དག་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི་ཞེས་བྱ་བའི་རྗེས་ཐོགས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དང་། དཀྱིལ་འཁོར་
པ་རྣམས་འདུལ་བའི་བྱིན་གྱི་རླབས་ཀྱིས་ནུས་པ་རྟོགས་པས་ཏིང་ངེ་འཛིན་གྱི་ནུས་པ་མངོན་དུ་མཛད་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐབས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐབས་ཆེན་པོ་སྟེ། འཇིག་
རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་སོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་དེ་ནི་ཐབས་ཆེན་པོའི་ཡེ་ཤེས་ཡིན་པས་ན་དེས་བྱིན་གྱིས་བརླབས་
เล่ม ๕๗ · หน้า 239b
པའི་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་གང་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་ཀར་ཞུགས་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ །ནམ་མཁའི་དབྱིངས་ཐམས་ཅད་ཀྱི་ཞེས་བྱ་བ་ནི། ནམ་མཁའི་
ཁམས་ཇི་སྙེད་པའི་རྡུལ་ཕྲ་རབ་དེ་སྙེད་པ་ཐམས་ཅད་དུ་ཀུན་ནས་སྤྲོས་པས་ན། མཉམ་པར་སྤྲོས་པ་སྟེ། རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱིས་ཀུན་དུ་ཁྱབ་པ་དེ་ཉིད་སྤྲོས་པ་དེའི་ངོ་བོ་ནི་སྤྲོས་པའོ། །དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པས་སྤྲོས་པ་ཉིད་ཀྱི་རྒྱུ་སྔོན་དུ་སོང་
བ་དེས་སོ། །རི་རབ་ཀྱི་རྩེ་མོ་ན་རྩེ་མོ་རྡོ་རྗེ་དང་། ནོར་བུ་རིན་པོ་ཆེ་ལས་བྱས་པའི་ཁང་བུ་བརྩེགས་པར་ཡང་གཅིག་ཏུ་འདུས་ཏེ། དེ་བཞིན་གཤེགས་པ་རྣམས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞུགས་སོ། །ཅི་ཞིག་མཛད་ནས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཉམ་པ་ཉིད་དུ་དམིགས་
ནས་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་ཅན་གྱི་དོན་གྱི་ཕྱིར་མཉམ་པ་ཉིད་དུ་ཐུགས་རྩེ་གཅིག་པ་ཉིད་དུ་མངོན་དུ་མཛད་ནས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་དཔལ་གྱི་བེའུར་བཞུགས་པ་ནི་དེ་དག་དགོངས་པ་
གཅིག་པར་བསྟན་པ་ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་བདག་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དཔའི་རྡོ་རྗེའི་ངོ་བོར་བདག་ཉིད་སེམས་བརྟན་པར་
མཛད་པའོ། །ཐམས་ཅད་རྡོ་རྗེ་ནི་ཁྲོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་དག་གིའོ། །མཉམ་པ་ཉིད་དུ་མཚུངས་པ་སྟེ། །ཁྲོ་བོ་ཞེ་སྡང་ལས་བྱུང་བ། །རྟག་ཏུ་རྡོ་རྗེའི་རིགས་ཞེས་གྲགས། །ཞེས་འབྱུང་བས་ཐམས་ཅད་ཀྱི་རྡོ་རྗེའི་མཉམ་པ་ཉིད་གང་ཡིན་པ་དེའི་རྒྱུར་གྱུར་པའོ། །མ་ལུས་ཤིང་ལུས་
པ་མེད་པའི་སེམས་ཅན་གྱི་ཁམས་ཡོངས་སུ་བསྐྱབ་པའི་དོན་དེས་ཀྱང་ཕན་པ་དང་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་དེ་འགྲུབ་པའི་རྒྱུར་འགྱུར་རོ། །མ་རུངས་པ་རྣམས་འདུལ་བའི་ཕྱིར། །ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ལྷ་ཆེན་པོ་ལ་སོགས་པའི་གདུག་པ་དེ་དག་ཐམས་ཅད་འདུལ་བའི་
เล่ม ๕๗ · หน้า 240a
ཕྱིར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་རྫོགས་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཅི་ཞིག་མཛད་ནས་ཏིང་ངེ་འཛིན་རྫོགས་པར་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོ་ནི་ཇི་སྐད་བཤད་པའོ། །དམིགས་པ་དེའི་ཐབས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་ཐབས་ནི་རྡོ་རྗེའི་རིགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་ཐབས་ཀྱི་ཏིང་ངེ་འཛིན་
ཏེ། དེར་ངེས་པའི་ཡེ་ཤེས་སོ། །དེ་ལ་དམིགས་པ་ནི་མངོན་དུ་མཛད་པའོ། །རྡོ་རྗེའི་རིགས་སུ་སྤྲུལ་པར་མཛད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཇི་སྐད་དུ་བཤད་པའི་སྙིང་རྗེ་ཆེན་པོའི་ཐབས་དེའི་ཁྲོ་བོ་སྟེ་
རྡོ་རྗེའི་རིགས་སོ། །དེའི་དམ་ཚིག་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཁྲོ་བོ་སྐྱེད་པར་མཛད་པའི་སངས་རྒྱས་ཧཱུཾ་མཛད་དོ། །སྐྱེད་པར་བྱེད་པ་དེ་ལ་དམིགས་ནས་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་འདི་ལ་སྙོམས་པར་ཞུགས་སོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ།
རྡོ་རྗེའི་རིགས་སྤྲུལ་པའི་ཕྱིར། ཧཱུཾ་ཞེས་བྱ་བས་རྡོ་རྗེ་སེམས་དཔའ་ལ་བསྐུལ་བར་ཐུགས་རྩེ་གཅིག་ཏུ་མཛད་དོ་ཞེས་བྱ་བ་ཡིན་ནོ། །རྡོ་རྗེ་དམ་ཚིག་ཅེས་བྱ་བ་ནི། རྡོ་རྗེའི་རིགས་སྐྱེད་པའི་རྒྱུར་གྱུར་པའོ། །ཕྱག་ན་རྡོ་རྗེའི་ཐུགས་ཀའི་རྡོ་རྗེ་ལས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རང་གི་ཐུགས་
ཀར་བསྟོད་པའི་སྦྱོར་བས་བསྣམས་པ་གང་ཡིན་པ་དེ་ལས་སོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་ཅེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པའི་སེམས་དཔའི་
རྡོ་རྗེའི་གཟུགས་ཀྱིས་སོ། །གང་གི་གཟུགས་ཀྱིས་ཤེ་ན། ཀུན་དུ་འབར་བའི་སྙིང་པོ་ཞེས་བྱ་བ་སྨོས་ཏེ། ཀུན་ནས་འབར་བ་ནི་ཀུན་དུ་འབར་ཞིང་གསལ་བའོ། །དེའི་སྙིང་པོའི་ནང་དུ་བཞུགས་པ་དེ་ཉིད་ཀྱིས། ཀུན་དུ་འབར་བའི་སྙིང་པོའོ། །ཕྱོགས་ཀུན་ནས་རང་ཉིད་འབར་བའི་ནང་དུ་ཆུད་ཅེས་
เล่ม ๕๗ · หน้า 240b
བྱ་བའི་དོན་ཏོ། །སྨིན་མ་བཅུམ་ཞིང་དཔྲལ་བ་བསྙེར་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྲོ་བོར་མཚོན་པར་བྱེད་པའི་དཔྲལ་བའི་མཚན་མ་ནི་ཁྲོ་གཉེར་རོ། །སྨིན་མ་བཅུམ་ཞིང་དཔྲལ་བ་བསྙེར་བ་ནི་གང་དག་གིས་དཔྲལ་བར་བཅུམ་པ་དེ་བཞིན་དུ་དེ་ཡང་ཡིན་ནོ། །ཞལ་འགྱུར་པ་སོ་གཙིགས་པ་མཆེ་
བ་ལྷག་གེར་བྱུང་བའི་མཆེ་བ་དག་གིས་མ་མཆུ་མནན་ནས་ལྷག་གེ་གང་ཡིན་པ་དེ་ནི་མཆེ་བ་ལྷག་གེར་བྱུང་བའོ། །སྨིན་མ་བཅུམ་ཞིང་དཔྲལ་བ་བསྙེར་བ་ཡང་ཡིན་ཞིང་དེ་མཆེ་བ་ལྷག་གེར་བྱུང་ཞིང་ཚེམས་གཙིགས་པ་ཡང་ཡིན་ལ། དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་གཞན་ཡང་དེ་དག་གི་གཟུགས་ནི། རྡོ་རྗེ་
ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་དང་ལྕགས་ཀྱུ་དང་རལ་གྲི་དང་ཞགས་པ་ནི། རྡོ་རྗེ་དང་ལྕགས་ཀྱུ་དང་རལ་གྲི་དང་ཞགས་པ་དག་གོ། །སོགས་པ་སྨོས་པས་ནི་མདའ་དང་གཞུ་ལ་སོགས་པ་སྟེ། རྡོ་རྗེ་དང་ལྕགས་ཀྱུ་དང་ཞགས་པ་ལ་སོགས་པ་དེ་དག་གང་ཡིན་པ་དེ་དག་གོ། །རྡོ་རྗེའི་
རྣམ་པའི་མེ་ལྕེ་འབར་བ་དེ་བཞིན་དུ་འབར་བའི་མཚོན་ཆ་གང་ཡིན་པ་དེས་དེ་བཞིན་དུ་བྱེད་པའོ། །རྡོ་རྗེ་ལ་སོགས་པ་ཉིད་རྡོ་རྗེ་མེ་ལྕེ་འབར་བའི་མཚོན་ཆ་རྡོ་རྗེ་དང་ལྕགས་ཀྱུ་དང་ཞགས་པ་ལ་སོགས་པ་གང་ཡིན་པ་དེ་དག་ཕྱག་ན་བསྣམས་པ་ནི་རྡོ་རྗེ་མེ་ལྕེ་འབར་བའི་མཚོན་ཆ་ལག་ན་ཐོགས་པའོ། །གཞན་
ཡང་དེ་དག་གི་ཁྱད་པར་ནི་རྣམ་པ་དུ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟ་བའི་རྣམ་གྲངས་ཀྱི་ཁ་དོག་དང་རྒྱན་སྣ་ཚོགས་ཀྱི་ཆ་ལུགས་ཅན་ནོ། །དེའི་དོན་ནི་འདི་ཡིན་ཏེ། རྣམ་པ་དུ་མའི་ཁ་དོག་དང་། རྒྱན་རྣམ་པ་སྣ་ཚོགས་ཤིང་རྣམ་པ་དུ་མའི་ཆ་ལུགས་འཛིན་པས་ན། རྣམ་པ་དུ་མའི་ཁ་དོག་
དང་རྒྱན་སྣ་ཚོགས་ཀྱི་ཆ་ལུགས་འཛིན་པའོ། །ཕྱག་ན་རྡོ་རྗེའི་སྐུ་ནི་ཕྱག་ན་རྡོ་རྗེའི་ལུས་སོ། །བྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཤིན་ཏུ་མ་རུངས་པ་ཐམས་ཅད་འདུལ་བར་བྱས་ནས་ཞེས་བྱ་བ་ནི། གདུལ་བར་དཀའ་བ་ཐམས་ཅད་འདུལ་བར་བྱས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །
ཨེ་མའོ་ཞེས་བྱ་བའི་སྒྲ་ནི་ངོ་མཚར་བའོ། །ཐམས་ཅད་འདུལ་བ་བདག་ཡིན་ནོ། །ཞེས་བྱ་བར་སྦྱར་རོ། །ཐབས་ནི་གདུག་པ་ཐམས་ཅད་འདུལ་བའི་ཁྲོ་བོའི་སྐུ་དེ་ཉིད་ཀྱིས་གདུག་པ་ཅན་གྱི་གདུལ་བྱ་འདུལ་བར་བྱེད་པས་ན། འདུལ་བ་སྟེ་གདུག་པ་ཉིད་ཡོངས་སུ་སྤངས་སོ་ཞེས་བྱ་བའི་དོན་ཏོ། །ཁྱེད་
เล่ม ๕๗ · หน้า 241a
ཀྱིས་གདུག་པ་འདུལ་བའི་ཐབས་གང་དག་ཡིན་ཞེ་ན། ཐབས་ཆེན་ལྡན་པ་བདག་ཡིན་ཏེ། །ཞེས་བྱ་བ་སྨོས་ཏེ། ཐབས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འདིའི་ཐབས་ཆེན་པོ་སྟེ། ཐུགས་རྗེ་ཆེན་པོ་གང་ལ་མངའ་བ་དེ་ནི་དེ་བཞིན་གཤེགས་པའི་ཐབས་ཆེན་པོ་དང་ལྡན་པའོ། །
གལ་ཏེ་ཁྱོད་ཐབས་ཆེན་པོ་དང་ལྡན་པའི་ཐབས་ཀྱིས་འདུལ་བ་འདི་ངོ་མཚར་བ་ཅི་ཞིག་ཡོད་ཅེ་ན། གང་ཕྱིར་སེམས་ཅན་འདུལ་ཐབས་ཕྱིར། །ཞེས་བྱ་བ་སྨོས་ཏེ། གང་ཕྱིར་སེམས་ཅན་རྣམས་ལ་ཁྲོ་བོའི་གཟུགས་ཀྱིས་འདུལ་བ་ནི། དྲི་མ་མེད་པའི་ཁྲོ་བོར་གྱུར་པ་སྟེ། བག་ཆགས་དང་བཅས་པའི་
ཉོན་མོངས་པ་སྤངས་པའི་དེ་བཞིན་གཤེགས་པ་ལ་ངོ་མཚར་བའོ། །གཞུང་འདི་ཙམ་གྱིས་ནི་རིགས་སྤྲུལ་པར་བཀའ་སྩལ་པ་དེའི་རྗེས་སུ་འཇུག་པ་གསུངས་ནས། ད་ནི་རྡོ་རྗེའི་རིགས་ཀྱི་བདག་པོར་སྤྲུལ་པར་དབང་བསྐུར་ཞིང་། དེ་བཞིན་གཤེགས་པའི་འདུ་བྱེད་ལ་སོགས་པ་བཀའ་སྩལ་པ་དེའི་
རྗེས་སུ་འདུག་པ་བསྟན་པར་བཞེད་ནས། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་རང་ཉིད་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་བདག་མེད་པ་ངོ་བོ་སྤྲོས་པ་མེད་པའི་ཆོས་ཉིད་ལ་དམིགས་ནས། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོ་ཆེན་པོ་རྡོ་རྗེ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདི་ཡིན་ལ་ཁྲོ་བོ་ཆེན་པོའི་རྡོ་རྗེ་ཡང་འདི་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོ་ཆེན་པོའི་རྡོ་རྗེའོ། །རྡོ་རྗེ་ཧཱུཾ་མཛད་དུ་སྒྲུབ་པར་མཛད་པ་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་
གནས་པའི་སེམས་དཔའི་རྡོ་རྗེའི་རྣམ་པ་རྡོ་རྗེ་འཆང་བའོ། །དེའི་དམ་ཚིག་ནི་ཕྱག་ན་རྡོ་རྗེའི་གཟུགས་ལས་ལྷག་པར་བྱིན་གྱིས་བརླབས་ཤིང་རྫོགས་པར་བྱེད་པ་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་ཤིང་མངོན་དུ་མཛད་ནས། རྡོ་རྗེ་ཧཱུཾ་མཛད་
སྤྲུལ་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་པའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཧཱུཾ་ཞེས་བྱ་བ་ནི་ཇི་སྐད་དུ་རབ་ཏུ་བཤད་པ་དེའི་མིང་གང་ཡིན་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་སྐུལ་བར་བྱེད་པའི་སྙིང་པོ་སྒྲའི་བདག་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་
เล่ม ๕๗ · หน้า 241b
པ་ཐམས་ཅད་ཀྱི་རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའོ། །དེ་ཉིད་དང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་ཉིད་ཀྱི་རིག་པ་མཆོག་འདི་སྨྲས་པ་ནི་གསུངས་པའོ། །དེ་ནས་བྱུང་ནས་ཞེས་བྱ་བ་ནི་སྙིང་པོ་གསུངས་པའི་རྗེས་ཐོགས་ཉིད་ལའོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་ནས་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རི་རབ་ཀྱི་རྩེ་མོ་ན་རྡོ་རྗེ་དང་། ནོར་བུ་དང་། རིན་པོ་ཆེ་ལས་བྱས་པའི་ཁང་བུ་བརྩེགས་པའི་ནང་དུ་ཆུད་པ་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་ཞུགས་པ་ལས་ཡང་དེ་ལས་
ཞེས་བྱ་བར་ཤེས་པར་བྱའོ། །དེ་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེར་གྱུར་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གཟུགས་ཀྱི་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་བ་གང་ཡིན་པ་དེ་ཉིད་གཞལ་དུ་མེད་པའི་རྡོ་རྗེ་ཧཱུཾ་མཛད་དུ་བྱུང་ནས་སོ། །འཇིག་རྟེན་གྱི་ཁམས་རབ་
འབྱམ་རྒྱ་མཚོའི་སྤྲིན་ཐམས་ཅད་ན་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་བྱིན་གྱིས་བརླབས་ཏེ། རང་རང་གི་ངོ་བོར་མཛད་ནས་དེ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་རབ་འབྱམ་རྒྱ་མཚོའི་སྤྲིན་ཐམས་ཅད་ནས་སྤྱན་དྲངས་ཏེ། རྡོ་རྗེ་དམ་ཚིག་
གི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི་རིའི་རྒྱལ་པོ་རི་རབ་ཀྱི་སྟེང་དུ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་རྣམ་པར་སྣང་མཛད་ལ་སོགས་པར་སྤྲུལ་ཅིང་གནས་པ་རྣམས་ལ་བསྐལ་པ་བཟང་པོའི་མཐར་ཐུག་གི་བར་དུ་རབ་ཏུ་བཅུག་སྟེ་དམ་ཚིག་གིས་བཅིངས་ནས་ཁྲོ་བོ་མ་ཡིན་པ་ཡང་
སེམས་ཅན་གྱི་དོན་དུ་ཁྲོ་བོ་ཆེན་པོར་བསྟན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་བྱེད་པའི་ཕྱིར་ཁྱེད་ཀྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ལུས་སུ་གྱུར་ནས་ཁྲོ་བོ་རྡོ་རྗེ་སེམས་དཔའི་ལུས་ཀྱིས་བྱང་ཆུབ་སེམས་ལ་རབ་ཏུ་འཇོག་པ་དང་། ཁྲོ་བོ་རྡོ་རྗེ་རྒྱལ་པོའི་ལུས་ཀྱིས་སྤྱན་འདྲེན་པར་བྱེད་པ་དང་། ཁྲོ་བོ་རྡོ་རྗེ་
ཆགས་པའི་ལུས་ཀྱིས་རྗེས་སུ་ཆགས་པར་བྱེད་པ་དང་། ཁྲོ་བོ་རྡོ་རྗེ་ལེགས་པའི་ལུས་ཀྱིས་ལེགས་པར་བྱེད་ཅིང་མཉེས་པར་བྱེད་པ་དང་། དེ་བཞིན་དུ་ཁྲོ་བོ་རྡོ་རྗེ་འབེབས་པའི་ལུས་ཀྱིས་མཉེས་པར་བྱེད་པའི་བར་དུ་བྱས་པ་དང་། དེ་ལྟར་དམ་ཚིག་གིས་བཅིངས་ཏེ། ད་བཞིན་དུ་ཐམས་ཅད་བྱས་
เล่ม ๕๗ · หน้า 242a
ནས་ཡང་གཅིག་ཏུ་འདྲེས་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་ཚོགས་གཅིག་ཏུ་གྱུར་པའོ། །དབྱེར་མི་ཕྱེད་པའི་རྡོ་རྗེའི་བདག་ཉིད་ཁྲོ་བོ་ཆེན་པོའི་ལུས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུར་གྱུར་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཞུགས་ནས་འདུག་སྟེ། ཆེད་
དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་གསུངས་སོ། །ཀུན་དུ་བཟང་ཞིང་སྡིག་མེད་དེ། །ཞེས་བྱ་བ་ནི་ཁྲོ་བོ་ལ་སོགས་པའི་གཟུགས་ཀྱིས་སེམས་ཅན་གྱི་དོན་མཛད་པའོ། །ཀུན་དུ་ཉོན་མོངས་པས་མ་གོས་པས་བཟང་ཞིང་ངོ་། །འདི་ཉིད་ལ་རབ་ཏུ་གཅོད་པ་མེད་པས་ན་སྡིག་མེད་པའོ། །ངོ་མཚར་བ་
ཅི་ཞིག་ཡིན་ཞེ་ན། གང་ཞིག་སེམས་ཅན་འདུལ་དོན་དུ། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་མ་རུངས་ཤིང་གདུག་པའི་སེམས་ཅན་འདུལ་བར་བྱེད་པའི་ཕྱིར་རོ། །གང་གིས་ཤེ་ན། མི་མཛེས་པའི་ཁྲོ་བོའི་གཟུགས་ཀྱིས་སོ། །ཅི་འདྲ་བ་ཞེ་ན། ཡིད་འོང་གྱུར་པས་ཏེ། ཡིད་དུ་འོང་བ་དང་འདོད་
པར་གྱུར་པས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་ཞེས་བྱ་བ་ནི། མི་བསྐྱོད་པའི་གནས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་མངོན་དུ་ཕྱོགས་པས་གནས་པའོ། །ཡང་སྨོས་པ་ནི་སྔར་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་
ལོས་སྒྱུར་བས་བཀའ་ནོད་ཅིང་བཞུགས་པ་ཡིན་ལ། ད་ལྟར་ནི་གདུག་ཅིང་མ་རུངས་པའི་སེམས་ཅན་འདུལ་བའི་དོན་དུའོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་བའི་བཅོམ་ལྡན་འདས་རྡོ་རྗེ་
སེམས་དཔའ་དེ་ཉིད་ཏིང་ངེ་འཛིན་དང་། སྔགས་ཀྱི་རྡོ་རྗེ་རིགས་ཀྱི་བདག་པོ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུར་མཛད་ནས། དེ་ཉིད་ཀྱིས་དེ་ལ་རྡོ་རྗེ་རིགས་ཀྱི་འཁོར་ལོས་སྒྱུར་བའི་ཕྱིར་གསང་བའི་དབང་བསྐུར་རོ། །དེས་ན་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་ནས་དེ་བཞིན་གཤེགས་
པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་ཞི་བའི་ཉམས་འཕོས་ནས་ཁྲོ་བོའི་ཉམས་བསྐྱེད་པས་སྤྲོ་བསྡུ་བྱས་ཏེ། དེ་ནས་རང་གི་ངོ་བོར་བྱས་ནས་སྤྱན་དྲངས་ཏེ། རྣམ་པར་སྣང་མཛད་ནས་བསྐལ་པ་བཟང་པོའི་མཐར་ཐུག་གི་བར་དུ་གནས་པ་རྣམས་ལ་རྣམ་པར་སྣང་མཛད་
เล่ม ๕๗ · หน้า 242b
ལ་སོགས་པ་ནས། བསྐལ་པ་བཟང་པོའི་མཐར་ཐུག་པའི་གཟུགས་ཀྱིས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པ་རབ་ཏུ་བཅུག་སྟེ། ཨོཾ་བཛྲ་ཛྭཱ་ལ་ཨགྣེ་པྲ་ཏི་པ་ཏ་ལ་ཨཱ་ཀཪྵ་ཡ་སརྦྦ་ཏ་ཐཱ་ག་ཏ་ཏ་ན། མ་ཧཱ་བཛྲ་ས་མ་ཡ་ཧཱུཾ་ཛཿཞེས་
བྱ་བ་ནས། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ས་མ་ཡ་ཧཱུཾ་ཞེས་བྱ་བའི་བར་གྱི་སྔགས་དང་། སྐལ་བ་བཟང་པོ་རྣམས་ནི་རང་གི་རིག་པས་གཞག་པར་བྱའོ། །དེ་ནས་ས་མ་ཡ་སྟྭཾ་ཞེས་ཇི་སྐད་དུ་བཤད་པའི་ཕྱག་རྒྱ་བཅིངས་ལ་ཇི་སྐད་དུ་བཤད་པའི་ཚུལ་གྱིས་དཔག་ཏུ་མེད་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུ་གཅིག་ཏུ་གྱུར་
ནས། རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུ་རྫོགས་པར་མཛད་དེ། རྣམ་པར་སྣང་མཛད་ཀྱི་ཐུགས་ལ་ཕྱོགས་བཅུ་ན་གནས་པ་རྣམས་བཞུགས་པ་ཇི་ལྟ་བ་བཞིན་དུ་བྱུང་ནས། རང་རང་གི་གནས་ལ་གནས་ཏེ། འཇིག་རྟེན་གསུམ་བཀུག་ནས་བཀའ་བསྒོ་བ་མཛད་པ་ཡིན་ནོ། །ད་ནི་བཅོམ་ལྡན་འདས་རྣམ་
པར་སྣང་མཛད་དེ། བཀའ་བསྒོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་མཛད་པ་དེ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཁམས་གསུམ་པ་ལ་བཀའ་སྩལ་ནས། ཁྲོ་བོ་ཊཀྐིས་འགུགས་པ་ཡིན་ནོ། །དེ་ནས་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁམས་གསུམ་པ་བཀུག་ནས། བཀའ་བསྒོ་བའི་རང་བཞིན་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་ལ་དམིགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དམ་ཚིག་གིས་འགུགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་
མཛད་དེ། ཁྲོ་བོ་ཊཀྐི་བསྐྱེད་པར་བྱ་བ་དང་། དེའི་ཕྲིན་ལས་རྫོགས་པར་བྱ་བའི་ཕྱིར། ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །སྙོམས་པར་ཞུགས་ནས་ཅི་ཞིག་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་ཅེས་བྱ་བའི་ཐུགས་
ལ་གནས་པའོ། །བཅོམ་ལྡན་འདས་ཀྱིས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ལྕགས་ཀྱུ་ནི་ཁྲོ་བོ་ཊཀྐིའོ། །དེ་ཞེས་བྱ་བ་ནི་ཡང་གི་སྒྲ་གསལ་བར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ལྕགས་ཀྱུ་ཞེས་བྱ་བ་དེ་བཞིན་
เล่ม ๕๗ · หน้า 243a
གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་། རང་གི་ཐུགས་ཀྱི་སེམས་དཔའི་རྡོ་རྗེ་ཡེ་ཤེས་ལས་ཁྲོ་བོ་འདོད་པའི་རྒྱལ་པོ་ངེས་པར་སྐྱེད་པར་མཛད་ཅེས་བྱ་བའི་དོན་ཏོ། །ཕྱུང་བ་ནི་འབྱིན་པར་མཛད་པའོ། །དེ་ནས་ཕྱུང་མ་ཐག་ཏུ་འཇིག་རྟེན་གསུམ་གྱི་བདག་པོའི་ཚོགས་ཀྱིས་བསྐོར་
ཞིང་གནས་པ་རྡོ་རྗེ་ལྕགས་ཀྱུས་བཀུག་ནས་འཁོད་པར་གྱུར་ཏོ་ཞེས་བྱ་བར་སྦྱར་རོ། །འཇིག་རྟེན་གསུམ་གྱི་དབང་པོ་ཇི་སྙེད་པ་ཞེས་བྱ་བ་ནི། ས་འོག་དང་། ས་བླ་དང་། ས་སྟེང་གི་འཇིག་རྟེན་གསུམ་ཡིན་པས་འཇིག་རྟེན་གསུམ་མོ། །འཇིག་རྟེན་གསུམ་པོ་ཉིད་འཇིག་རྟེན་གསུམ་སྟེ། འཇིག་
རྟེན་གསུམ་གྱི་དབང་ཕྱུག་ཆེན་པོ་ལ་སོགས་པ་ནས། ཆུ་ལྷའི་མཐར་ཐུག་པ་དེ་ཐམས་ཅད་འཇིག་རྟེན་པ་ཐམས་ཅད་ཀྱི་ཆ་བྱད་ཅན་གྱི་ཚོགས་ཀྱིས་བསྐོར་བས་ཞེས་བྱ་བ་ནི་གྲོང་དང་། ཡུལ་དང་། ཡུལ་འཁོར་དང་། ཕོ་བྲང་ན་གནས་པའི་འཇིག་རྟེན་པའི་སྐྱེ་བོ་དེ་དག་ཐམས་ཅད་ཀྱི་ཆ་བྱད་
འཛིན་པ་ནི་འཇིག་རྟེན་པ་ཐམས་ཅད་དོ། །ཚོགས་ནི་དེ་དག་གི་བདག་པོ་དང་། འཁོར་རྣམས་འཇིག་རྟེན་པའི་ཆ་བྱད་ཀྱི་ཚོགས་སོ། །བསྐོར་བ་ནི་གནས་དང་བཅས་པ་ཡོངས་སུ་བསྐོར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བ་ནི། བཤད་
མ་ཐག་པ་བཀའ་བསྒོ་བ་དེ་ཉིད་ཀྱི་གཟུགས་ནི་ཞལ་བཞི་པ་དང་། ཕྱག་བརྒྱད་པ་སངས་རྒྱས་ཀྱི་ཕྲེང་བས་བརྒྱན་པ། ཁྲོ་བོ་འདོད་པའི་རྒྱལ་པོ་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཅན། རང་གི་ཐུགས་ཀར་བསྣམས་པའི་རྡོ་རྗེ་གསོར་བ་གང་ཡིན་པ་དེ་རང་གི་སྙིང་གར་འདེགས་པའི་ཚུལ་གྱིས་བསྣམས་པ་དེ་སྙིང་
གར་ཡང་ཡང་འཕེན་ཞིང་འཛིན་པའོ། །ཁམས་གསུམ་པ་ཇི་སྙེད་པ་ཐམས་ཅད་ཅེས་བྱ་བ་ནི། ཕྱོགས་བཅུ་ན་གནས་པའི་འཇིག་རྟེན་པའི་འཁོར་ལོ་རི་རབ་རིའི་རྩེ་མོ་གང་ན་བ་དེར་བཀུག་པ་དེར་གཟིགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་བཀའ་ཡང་ཉོན་ཅིག་ཅེས་བྱ་བ་དེ་ཉིད་གསུངས་པ་བཀའ་ཉོན་ཅིག་ཅེས་བྱ་བ་ནི་ནན་ཏན་དུ་བྱ་བའོ། །ཀུན་མཁྱེན་ཡེ་ཤེས་ཐོབ་པའི་ཕྱིར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་དོན་དུའོ། །བྱེད་པ་པོ་ཞེས་བྱ་བ་ནི་སྤྲུལ་པའོ། །འཇིགས་པ་པོ་ཞེས་བྱ་བ་ནི་འཇིགས་པར་བྱེད་པའོ། །
เล่ม ๕๗ · หน้า 243b
འབྱུང་པོ་ཐམས་ཅད་ཀྱི་དབང་པོ་ཞེས་བྱ་བ་ནི་འབྱུང་བས་ན་འབྱུང་པོ་སྟེ། དེ་དག་ཐམས་ཅད་ཀྱི་དབང་ཕྱུག་ནི་མངའ་བདག་གོ། །ལྷ་རྣམས་ཤིན་ཏུ་གནོན་པར་བྱེད་པའི་ལྷ་ནི་ལྷའོ། །དེ་ཉིད་ལྷ་ཆེན་པོ་ཡིན་ནོ། །གནོད་སྦྱིན་ཁྱོད་ཀྱི་ངག་དེ་ང་ཅིའི་ཕྱིར་ཉན་ཞེས་བྱ་བ་ནི་ཁྲོ་བོ་ལྷ་ཆེན་པོ་ཡིན་པའི་ཕྱིར།
ཁྱོད་པས་རྫུ་འཕྲུལ་ཆེ་ན་ཁྱོད་ཀྱི་ངག་ཁྲོ་བོས་ཅིའི་ཕྱིར་ཉན་ཏེ། མི་ཉན་ནོ་ཞེས་བྱ་བའི་དོན་ཏོ། །ཆེན་པོ་ཡང་ཡིན་ལ་གཏུམ་ཞིང་ཁྲོ་བ་ཡང་ཡིན་པས་ན་ཁྲོ་ཞིང་གཏུམ་པ་ཆེན་པོ་སྟེ། དེའི་དངོས་པོ་ནི་ཁྲོ་ཞིང་གཏུམ་པ་ཆེན་པོའོ། །དེ་ཉིད་འཇིགས་པ་ཆེན་པོའི་གཟུགས་དང་ལྡན་པས་རབ་ཏུ་འཇིགས་
པའི་གཟུགས་སུ་གྱུར་པ་ནི། རབ་ཏུ་འཇིགས་པའི་གཟུགས་སོ། །འབར་བ་ཡིན་ལ་ཆེན་པོ་ཡིན་པས་ན་འབར་བ་ཆེན་པོ་སྟེ་ནམ་མཁའ་ཁྱབ་པའོ། །དེ་གྱེན་དུ་གཏོང་བས་ན་གཏོང་ཞིང་ངོ་། །དགོད་པས་ན་དགོད་པ་སྟེ། ཆེན་པོ་ཡང་ཡིན་ལ་མ་རུངས་པ་རྟག་ཏུ་དགོད་པ་ཡང་ཡིན་པས་ན། མ་
རུངས་པ་ཆེན་པོས་རྟག་ཏུ་དགོད་པའོ། །ཀྱེ་ལུས་སྲུལ་པོའོ་ཞེས་བྱ་བ་ནི་མིའི་ཤ་ཟ་བ་ལ་སོགས་པའི་རོ་ལངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་ཐུགས་རྗེ་ཆེན་པོའོ། །དེ་ལས་བྱུང་བས་ན་སྐྱེད་པའོ། །རྡོ་རྗེ་ཆེན་པོའི་དམ་ཚིག་ནི་རྡོ་རྗེ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཡིན་
པས་ན། རྡོ་རྗེ་ཆེན་པོ་དེའི་དམ་ཚིག་སྟེ། རྡོ་རྗེ་ཆེན་པོའི་དམ་ཚིག་གོ། །དེ་གང་ཡིན་ཞེ་ན། ཁྲོ་བོ་གནོད་མཛེས་ཀྱི་ལུས་སོ། །ལྷ་ཆེན་པོ་ལ་སོགས་པའི་འཇིག་རྟེན་གསུམ་གྱི་འཁོར་ལོ་ཐམས་ཅད་ཁ་དོག་ཏུ་བསྟན་ནས། ཞབས་ཀྱིས་གནོན་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུ་དེ་ནི་རྡོ་རྗེ་ཆེན་པོའི་དམ་
ཚིག་ཅེས་བཤད་དོ། །མཁྱེན་བཞིན་དུ་ཞེས་བྱ་བ་ནི་ཉིད་ཀྱི་གསུང་གིས་མི་འཇིགས་པ་སྩོལ་བར་མཛད་པའོ། །མ་བསད་ཅིག་ཅེས་བྱ་བ་ནི། གསོད་པའི་ལྟུང་བ་སྟེ། གསོད་པར་མ་བྱེད་ཅིག་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་ཕྱག་རྒྱའི་ཚོགས་དང་བཅས་
པ་ཞེས་བྱ་བ་ནི། གཞལ་དུ་མེད་པའི་དེ་བཞིན་གཤེགས་པ་རྣམས་དང་། དེའི་ཆོས་དང་དགེ་འདུན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་བྱང་ཆུབ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་ངོ་བོས་བདག་པོ་ཡིན་པས་ན། དེ་དག་
เล่ม ๕๗ · หน้า 244a
དེའི་བདག་པོར་གྱུར་པའི་ཕྱིར་རོ། །འདི་ཉིད་རྒྱུ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀས་རང་གི་རིགས་ཐམས་ཅད་བསྐྱེད་པ་དང་། གདུག་པ་ཐམས་ཅད་འདུལ་བར་བྱེད་པས་ན་བཀའ་བཞིན་བྱེད་པའོ། །རྡོ་རྗེ་
རྒྱལ་པོ་ལ་སོགས་པ་རྣམས་ལ་སྔར་བསྐྱེད་པས་ན། དེ་བཞིན་གཤེགས་པའི་ཐུ་བོའོ། །སེམས་ཅན་ཐམས་ཅད་འདུལ་བ་ཞེས་བྱ་བ་ནི། གདུག་ཅིང་གཏུམ་པའི་སེམས་ཅན་ཐམས་ཅད་འདུལ་བས་ན་འདུལ་བྱེད་དོ། །ལམ་ངན་པ་ལས་བཟློག་ནས་ལམ་བཟང་པོ་ལ་རབ་ཏུ་འཇོག་པའི་འབྲས་
བུ་དེ་ཉིད་ཀྱི་རྒྱུ་དེ་ལས་བཟློག་པའི་དངོས་པོ་ནི་སེམས་ཅན་ཐམས་ཅད་གདུལ་བར་བྱ་བའི་དོན་གྱི་ཕྱིར་རོ། །དེ་ནས་ཁྲོ་བོའི་རྒྱལ་པོར་དབང་བསྐུར་རོ། །སྡིག་པ་ཅན་གྱི་སེམས་ཅན་རྣམས་སྦྱང་བའི་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མེད་པར་སྔ་ནས་མཁྱེན་པའི་སྟོབས་ཀྱིས་
སྡིག་པ་རྣམས་ཡོངས་སུ་སྤངས་ཤིང་ཟད་པ་ཡིན་ནོ། །དེ་ལྟར་ཁྱབ་འཇུག་ལ་སོགས་པའི་འཇིག་རྟེན་པ་རྣམས་གདུལ་བའི་ཕྱིར་འཁོར་ལ་བཀའ་སྩལ་པ་དེའི་རྗེས་སུ་འཇུག་པ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །དབང་ཕྱུག་ཆེན་པོ་དེ་གསོ་བར་བཀའ་སྩལ་པ་
དེའི་རྗེས་སུ་འཇུག་པ་དང་། ཡོངས་སུ་སྦྱོང་བའི་ཕྱིར་ཞབས་འོག་ཏུ་དགུག་པ་གསུངས་པ་ནི་རྐང་པས་དགུག་པའི་ཁྲོ་བོའི་ཕྱག་ན་ལྕགས་ཀྱུ་ཡིན་པར་ཤེས་པར་བྱའོ། །ད་ནི་དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་དང་། དབང་ཕྱུག་ཆེན་པོ་ཡོངས་སུ་སྦྱོང་བའི་ཕྱིར་དང་། ཚར་གཅོད་པར་
བཀའ་སྩལ་པ་དང་། དེའི་རྗེས་སུ་འཇུག་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་ཆེན་པོ་ལ་ཐུགས་རྗེ་ཆེན་པོ་བསྐྱེད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དབང་ཕྱུག་ཆེན་པོ་ལ་དབབ་པ་དང་། སྡུག་བསྔལ་ཀུན་ཞི་བ་དང་། བླ་ན་མེད་པའི་བདེ་བ་དང་། ཡིད་བདེ་བ་མྱོང་བར་བྱས་ནས།
བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ནི། བླ་ན་མེད་པ་གྲུབ་པའི་དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བླ་ན་མེད་པའི་དངོས་གྲུབ་ནི་སངས་རྒྱས་ཡིན་པའི་ཕྱིར། དེའི་དོན་དུ་དབང་བསྐུར་བ་ནི་བླ་ན་མེད་པ་གྲུབ་པའི་དབང་བསྐུར་བའོ། །ཏིང་ངེ་འཛིན་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་
เล่ม ๕๗ · หน้า 244b
སྨོན་པ་མེད་པ་ལ་སོགས་པའོ། །རྣམ་པར་ཐར་པ་ནི་བརྒྱད་དོ། །གཟུངས་ནི་ཚིག་དང་དོན་རྟོག་པ་དང་སྔགས་སོ། །ཡེ་ཤེས་ནི་རྣམ་པར་སྣང་མཛད་ལ་སོགས་པའིའོ། །མངོན་པར་ཤེས་པ་དྲུག་གོ། །བླ་ན་མེད་པའི་གྲུབ་པའི་དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་དང་།
གཟུངས་དང་། ཡེ་ཤེས་དང་། རྣམ་པར་ཤེས་པ་ནི་བླ་ན་མེད་པ་བསྒྲུབ་པའི་དབང་བསྐུར་བའི་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པའི་གཟུངས་ཀྱི་ཡེ་ཤེས་ཀྱི་མངོན་པར་ཤེས་པ་དེ་ཐོབ་ནས། དེ་བཞིན་གཤེགས་པ་ཉིད་དུ་འགྲུབ་པའི་བར་དུ་གྱུར་ཏོ། །དེ་ནས་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོ་ལ་ཕྱག་ན་
རྡོ་རྗེའི་ཞབས་ཀྱིས་རེག་པར་གྱུར་པའི་དེ་མ་ཐག་པའོ། །ལྷ་ཆེན་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་གྱིས་རེག་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་ཏིང་ངེ་འཛིན་དང་། གཟུངས་དང་། རྣམ་པར་ཐར་པའི་བདེ་བ་མྱོང་སྟེ། ཏིང་ངེ་འཛིན་ནི་རྡོ་རྗེ་སེམས་དཔའ་
ལ་སོགས་པའོ། །གཟུངས་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའོ། །རྣམ་པར་ཐར་པའི་སྒོ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་ལ་སོགས་པའོ། །མྱོང་སྟེ་ཞེས་བྱ་བ་ནི་མངོན་སུམ་གྱིས་རིག་པར་གྱུར་པའོ། །སྐྱེ་བ་གཅིག་གིས་ཐོགས་ནས་བྱང་ཆུབ་སེམས་དཔར་གྱུར་པ་དེས་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏོ། །ངོ་མཚར་བ་གང་ཡིན་ཞེ་ན། སངས་རྒྱས་ཡེ་ཤེས་ནི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་སོ། །བླ་མ་ནི་མཛེས་པའོ། །བླ་ན་མེད་
པས་ན་བླ་ན་མེད་པའོ། །དེའི་ངོ་མཚར་བ་གང་ཡིན་ཞེ་ན། གང་གི་ཕྱིར། ཡི་གེའི་ཚིག་གིས་མནན་ནས་སུ། །ཞེས་བྱ་བ་སྨོས་ཏེ་མི་ཟད་པ་དང་འཇིག་པས་ན་ཡི་གེའོ། །དེའི་ཚིག་གིས་དེ་ལ་མནན་པ་ནི་ཕྱག་ན་རྡོ་རྗེའི་གོ་འཕང་གིས་མྱ་ངན་ལས་འདས་པའི་སངས་རྒྱས་སུ་གཞག་པ་དེ་ནི་
འདིར་ངོ་མཚར་བར་གྱུར་པ་ཡིན་ནོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། དོན་དམ་པར་ན་བདག་ནི་འདིར་གཟུགས་ཀྱི་སྐུའི་ངོ་བོར་ཕྱག་ན་རྡོ་རྗེའི་ཞབས་ཀྱིས་མནན་དུ་ཡོད་པ་མ་ཡིན་གྱི། འོན་ཀྱང་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཀྱི་ཡི་གེའི་ཚིག་དེ་རྟོགས་པས་གཟུང་བ་དང་འཛིན་པའི་རྣམ་པར་
เล่ม ๕๗ · หน้า 245a
རྟོག་པ་ཐམས་ཅད་བཅོམ་ནས་གདུལ་བར་བྱ་བ་སྤངས་སུ་ཟིན་ཀྱང་གཟུགས་ཀྱི་སྐུའི་རང་བཞིན་གྱི་ཞབས་ཀྱི་འོག་ཏུ་མནན་པ་འདི་ནི་ངོ་མཚར་བའོ་སྙམ་དུ་སེམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས། འཇིག་རྟེན་
གསུམ་གྱི་འཁོར་ལོ་ཐམས་ཅད་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ཞིང་བཀའ་སྩལ་པ་ལ་སྦྱོར་བ་ནི། བྱང་ཆུབ་སེམས་ནི་རིམ་བཞིན་དུ། །ཞེས་བྱ་བ་སྨོས་ཏེ། དུས་འདི་ནས་བཟུང་ནས། སྙིང་པོ་བྱང་ཆུབ་ལ་མཐར་ཐུག་གི་བར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་སྟེ། ཇི་ལྟར་དུས་
གསུམ་མགོན་པོ་རྣམས། །རྫོགས་པའི་བྱང་ཆུབ་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །རིམ་པ་ཇི་ལྟ་བ་བཞིན་དུ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ། ཇི་ལྟར་ནུས་པར་བྱང་ཆུབ་ཆེན་
པོ་ཐོབ་པའི་རྒྱུར་གྱུར་པ། ཡོངས་སུ་སྦྱོང་བ་དང་། འབད་པ་དང་། སེམས་རྩེ་གཅིག་པས་དེ་ལྟར་བྱང་ཆུབ་ཀྱི་སེམས་ཡང་དག་པར་བསྐྱེད་པར་བགྱིའོ། །དེ་ནས་གཞན་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་སོགས་པ་དེ་རྣམས་བཞུགས་པའི་ཕྱིར། དམ་ཚིག་ཆེན་པོའི་ཕྱག་རྒྱ་ཐམས་ཅད་ཀྱི་
ཐུན་མོང་བར་ཁྲོ་བོ་སྟེ། ཏི་རཱིནྟི་རིའི་ཕྱག་རྒྱ་ལ་དམ་ཚིག་ཆེན་པོ་ཞེས་བརྗོད་དོ། །བཅིང་བ་བྱས་ཞེས་བྱ་བ་ནི་བརྗོད་ཅིང་བཅིང་བའོ། །དམ་ཚིག་ཆེན་པོའི་ཕྱག་རྒྱའི་སྙིང་པོ་འཆད་པར་འགྱུར་བ་འདི་བརྗོད་ཅིང་བཅིང་བར་བྱའོ། །ལག་ཏུ་བབ་ཅེས་བྱ་བ་ནི་ལག་པ་གཉིས་ལ་བབ་པ་སྟེ། དབབ་
པ་ནི་སྔ་མ་བཞིན་ནོ། །དེས་འཆད་པར་འགྱུར་བའི་སློབ་མ་གཞུག་པའི་ཆོ་གས་ཐམས་ཅད་བཅོམ་ལྡན་འདས་ཀྱིས་རབ་ཏུ་བཅུག་པ་ཡིན་ནོ། །དེ་ལྟར་ཚུལ་བཞིན་དུ་བཙུད་ནས་དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཀྱི་གོ་རིམས་བཞིན་དུ་བསྟན་ཏེ། རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ནས་རྣམ་པར་སྣང་མཛད་
ལ་མཐར་ཐུག་གི་བར་དུ་བསྟན་ཏོ། །རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་ནས་ཞེས་བྱ་བ་ནི། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་ཅོད་པན་གྱི་དབང་བསྐུར་ནས། སེམས་ཅན་གྱི་དོན་ཇི་སྙེད་པ་ལ་བཀོད་དོ། །འདི་སྐད་སྟོན་པ་ཡིན་ཏེ། ཕྱག་བཞི་སྔོན་དུ་འགྲོ་བ་འཇུག་པའི་ཆོ་གས་དབབ་པ་བྱས་ལ་མེ་ཏོག་
เล่ม ๕๗ · หน้า 245b
དོར་ནས། ཕྲེང་བའི་དབང་བསྐུར་བ་བྱིན་ལ་གདོང་གཡོགས་བཀྲོལ་ཏེ། རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ནས་དཀྱིལ་འཁོར་བསྟན་ཞིང་དབབ་པ་ཉེ་བར་བསྡུ་བ་བྱས་ནས། ཆུའི་དབང་བསྐུར་བ་དང་། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་རིན་པོ་ཆེའི་ཅོད་པན་གྱི་དབང་བསྐུར་བ་དེ་དག་ཐམས་ཅད་ཀྱང་དེ་རྣམས་
ལ་རྡོ་རྗེས་མཚན་པའི་མདུང་རྩེ་གསུམ་པ་ལ་སོགས་པ་དང་། རྡོ་རྗེ་རྩེ་གསུམ་པ་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷཱ་ཏྭཱི་བཛྲ་པཱ་ཎི་ཧི་ཧ་ཧ་ཧ་ཧ་ཞེས་པའི་སྔགས་འདིས་སྦྱིན་པར་བྱའོ། །དེ་ནས་དེ་རྣམས་ལ་མིང་གི་དབང་བསྐུར་བར་བྱའོ། །དེ་ནས་འཇིག་རྟེན་གསུམ་གྱི་བདག་པོ་ཐམས་
ཅད་ཀྱི་མིང་རྣམས་ཡིན་ནོ་ཞེས་བྱ་བ་ནི། གསལ་བར་བཤད་པར་བྱ་ཞེས་བྱ་བའི་དོན་ཏོ། །དབང་ཕྱུག་ཆེན་པོ་དང་། ཁྱབ་འཇུག་དང་། ཚངས་པ་དང་། དབང་པོ་ནི་ཇི་ལྟར་གྲགས་པ་ཁོ་ནའོ། །སྒྲ་གཞོན་ནུ་ནི་གདོང་དྲུག་གོ། །བདུད་རྩི་འཁྱིལ་པ་ནི་ཉི་མའོ། །དབྱིག་པ་ཆེན་པོ་ནི་སྤེན་པའོ། །
སེར་སྨུག་ནི་མིག་དམར་རོ། །སོགས་པ་སྨོས་པ་ནི་གཟའ་ལག་ལ་སོགས་པ་གཟའ་དང་། ཉེ་བའི་གཟའ་རྣམས་ཤེས་པར་བྱའོ། །སྦྲང་རྩིས་མྱོས་པ་ནི་སྟོབས་བཟངས་སོ། །སྦྲང་རྩིར་བྱེད་པ་ནི་དཔྱིད་དོ། །རྒྱལ་བ་ནི་འདོད་པའི་ལྷའོ། །རྒྱལ་བར་བྱེད་པ་ནི་རལ་གྲི་འཆང་བའོ། །ཚོགས་ཀྱི་
བདག་པོ་ནི་པ་བ་སངས་སོ། །སོགས་པའི་སྒྲ་ནི་མེ་ཏོག་གི་སོ་ལ་སོགས་པའོ། །མཛོད་སྐྱོང་ནི་ནོར་སྦྱིན་ནོ། །གཞན་དག་ནི་སའི་ལྷ་སྟེ། ཙུ་ལི་ཀ་ཞེས་བྱ་བའི་ཚོགས་ཀྱི་བདག་པོ་ཞེས་ཟེར་རོ། །དེ་ནི་རྒྱལ་པོའི་བཙུན་མོ་ལ་སོགས་པ་ལྷ་མོ་རྣམས་ཀྱི་མིང་ལ་ཨུ་མ་ནི་ཁྲོ་བོ་རྡོ་རྗེ་མེ་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། དེ་ལ་ཨུ་མ་ནི་ལྷ་ཆེན་པོའི་ཆུང་མའོ། །རུག་མ་ནི་ཁྱབ་འཇུག་གི་ཆུང་མའོ། །གདོང་དྲུག་མ་ནི་གདོང་དྲུག་གིའོ། །ཚངས་མ་ནི་ཚངས་པའིའོ། །དབང་མོ་ནི་བརྒྱ་བྱིན་གྱིའོ། །མི་འཆིང་བ་ནི་ཉི་མའིའོ། །རོ་ཧི་ནི་ཟླ་བའིའོ། །དབྱུག་པ་འཛིན་མ་ནི་སྤེན་པའིའོ། །སྐྱེ་བ་འཕྲོགས་མ་ནི་
མིག་དམར་གྱིའོ། །གསོད་མ་ནི་སྟོབས་བཟངས་ཀྱིའོ། །ཟ་བ་མ་ནི་དཔྱིད་ཀྱིའོ། །འགྲོ་བ་མ་ནི་རྒྱལ་བའིའོ། །དགའ་བ་མ་ནི་འདོད་པའི་ལྷའོ། །ཞི་བ་མ་ནི་ནོར་སྦྱིན་གྱིའོ། །རླུང་མོ་ནི་རླུང་གིའོ། །མེ་མོ་ནི་མེའིའོ། །ཀུ་བེ་ར་མ་ནི་ཀུ་བེ་རའིའོ། །ཕག་མོ་ནི་ཕག་གིའོ། །ཙ་མུཎྜཱི་ནི་གཤིན་རྗེའིའོ། །
เล่ม ๕๗ · หน้า 246a
སྣ་ཆེན་མ་ནི་ལོག་འདྲེན་གྱིའོ། །བ་རུ་ཎ་མ་ནི་ཆུ་ལྷའིའོ། །དེ་ནས་ཞེས་བྱ་བ་ནི་དབང་བསྐུར་བའི་དེ་མ་ཐག་པ་ཉིད་དོ། ཕྱག་རྒྱ་ཐམས་ཅད་བཅིང་བ་བསླབས་ཏེ་ཞེས་བྱ་བ་ནི་ལྷ་རང་གི་ཕྱག་རྒྱ་བཞིའི་ཡེ་ཤེས་སོ། །རྡོ་རྗེ་དམ་ཚིག་མའི་སྙིང་པོ་འདི་སྦྱིན་ནོ་ཞེས་བྱ་བ་ནི་ལས་མི་
ཕྱེད་ཅིང་མི་འདའ་བའི་མནའི་སྙིང་པོ་འདི་བྱིན་ནོ། །རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །ཞེས་བྱ་བ་ནི་དེ་མ་ཐག་ཏུ་བསྟན་པའོ། །རང་གི་ལག་ན་གནས་པའི་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་ཀྱི་རྡོ་རྗེ་ནི། སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །ཞེས་བྱ་བ་སྨོས་ཏེ། ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་གྲུབ་
པའོ། །དེས་ཅི་ཞིག་བྱེད་ཅེ་ན། དམ་ཚིག་འདི་ལས་འདས་ན་ནི། །ཞེས་བྱ་བ་སྨོས་ཏེ། སྔགས་པའི་བཀའ་ལས་འདས་ན་མྱུར་བ་ཉིད་དུ་ཁྱེད་ཀྱི་རིགས་རྣམས་ཐལ་བར་བྱེད་ཅེས་བྱའོ། །ཨོཾ་ཧ་ན་ས་མ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་ནི་སྔགས་དང་ལྷན་ཅིག་ཏུ་སྔགས་པས་རབ་ཏུ་སྦྱར་བར་བྱའོ། །
སྔགས་པ་དམ་པའི་བཀའ་ལས་འདས་ན་ཁྱེད་ཅག་གི་རིགས་རྣམས་རྡོ་རྗེ་འདིས་མཛད་པར་བྱེད་པ་དེའི་ཕྱིར། ཁྱེད་ཅག་གིས་དེའི་བཀའ་བཞིན་དུ་བྱའོ། །ལྷ་ལ་སོགས་པ་དང་མ་མོའི་ཚོགས་ཀྱི་ཐུན་མོང་གི་མནའི་སྙིང་པོ་གསུངས་པ་ནི། དེ་ནས་ཐུན་མོང་གི་མནའི་སྙིང་པོ་ལྷ་རྣམས་ཀྱིས་བྱིན་
པ། སྙིང་པོ་གཟུང་བར་བྱ་བའི་དམ་ཚིག་གི་ཕྱག་རྒྱ་འདི་བྱིན་ནོ། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་པའོ། །མཛུབ་མོའི་ལྕགས་ཀྱུ་བཅིངས་ནས་ནི། །ཞེས་བྱ་བ་ནི། མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་ལྕགས་སྒྲོག་ཏུ་བཅིངས་ནས་གཡས་པ་དང་གཡོན་
པས་འདྲེན་པར་བྱེད་པ་ནི། ལྷ་རྣམས་འདྲེན་པའི་ཕྲིན་ལས་ལ་སྦྱོར་བ་འདིས་ལྷ་ཆེན་པོ་ནས་བརྒྱ་བྱིན་གྱི་བར་དུ་རིག་པའི་རྒྱལ་པོ་རྣམས་རང་གི་ལས་ལ་ངེས་པར་སྦྱར་བར་བྱའོ། །ངེས་པ་དེས་ཀྱང་ལྷ་རྣམས་བཀུག་ནས་བཀའ་བཞིན་བྱེད་པའི་ཕྱག་རྒྱའི་སྙིང་པོ་ཞེས་བྱ་བར་གྱུར་ཏེ།
ལྷ་རྣམས་འགུགས་པ་དང་ལྷ་རྣམས་ཀྱི་སེམས་དབང་དུ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་བཅིངས་པ་དམ་བྱས་ཏེ། །མཛུབ་མོ་བཀུག་ནས་རབ་ཏུ་མནན། །མཐེ་བོང་གཉིས་ཀ་མཚམས་སྦྱར་བས། །དབུས་སུ་གཉིས་ཀ་རབ་ཏུ་མནན། །ཞེས་བྱ་བ་ནི། རྡོ་རྗེ་བཅིང་བ་བཅིངས་
เล่ม ๕๗ · หน้า 246b
ལ་མཛུབ་མོ་གཉིས་ཀ་བསྒྲེངས་ཏེ་བཀུག་ནས་གཞག་པ་མཐེ་བོ་གཉིས་ཀ་དབུས་སུ་གནས་པ་རབ་ཏུ་མནན་པ་གང་ཡིན་པ་དེ་ནི་བཀུག་པའི་རྩེ་མོ་མནན་པའོ། །རྡོ་རྗེ་བཅིང་བ་དེ་བཅིངས་ནས་དབུས་སུ་གཉིས་ཀ་རབ་ཏུ་མནན་པ་དེ་ཉིད་ཀྱི་མཛུབ་མོ་གཉིས་ཀའོ། །ཇི་ལྟར་དེ་མནན་པར་བྱ་ཞེ་ན།
མཚམས་སྦྱར་བ་ཞེས་བྱ་བ་སྨོས་ཏེ། དེ་ཉིད་དབུས་སུ་སྦྱར་བ་ཞེས་བྱ་བའི་མིང་གིས་མཛུབ་མོ་གཉིས་ཉེ་བར་བྱས་པ་དང་སྦྱར་བར་བྱས་ནས། མཐེ་བོང་གཉིས་པོ་དེས་དེ་བཅིང་བར་བྱའོ། །ཕྱག་རྒྱ་དེས་ཉི་མ་ལ་སོགས་པའི་ཁྲོ་བོ་རང་གི་ལས་ལ་ངེས་པར་སྦྱོར་བའོ། །རྡོ་རྗེ་ཕྱག་རྒྱ་གཉིས་ཀ་ཡི། །མཐེའུ་
ཆུང་སོ་སོར་བཅིངས་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཁ་སྟེང་དུ་བསྟན་ཏེ། མཛུབ་མོ་དང་མཐེའུ་ཆུང་གཉིས་ལྕགས་སྒྲོག་ཏུ་སྦྲེལ་བ་བཅིངས་ནས་བཟློག་སྟེ་བཏེག་ནས་མགོ་བོར་གཞག་པ་འདིས་སྟོབས་བཟངས་ལ་སོགས་པ་ཚོགས་ཀྱི་བདག་པོའི་ལས་ལ་སྦྱོར་བའི་དམ་
ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བསྲུང་བ་དམ་བཅིངས་ལ། །ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པའི་རྡོ་རྗེ་ལས་ཀྱི་མཐེའུ་ཆུང་དང་མཐེ་བོང་གི་རྩེ་མོ་སྦྱར་ལ། དེ་ཉིད་ཀྱི་མཛུབ་མོ་སྦྱར་བ་བརྐྱང་ནས། སྙིང་གར་གཞག་པ་དེ་ནི་རྡོ་རྗེ་བསྲུང་བ་དམ་དུ་བཅིངས་པའོ། །རྡོ་རྗེ་བསྡམས་པ་དེས་མནན་པས། །ཞེས་
བྱ་བ་ནི་དེ་ཉིད་རྡོ་རྗེ་བསྲུང་བའི་ཕྱག་རྒྱའི་གཟུགས་ཀྱི་རྡོ་རྗེ་བཅིང་བར་འདོད་པ་ཡིན་ནོ། །དེ་ཉིད་སྙིང་གའི་ཕྱོགས་སུ་མནན་པ་ནི། ནོར་སྦྱིན་ལ་སོགས་པའི་ཕོ་ཉ་དེ་དག་ལས་ལ་ངེས་པར་སྦྱོར་བའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་
བཅིངས་ཏེ། །གཡོན་པའི་རྡོ་རྗེ་མཛུབ་མོ་ལས། །ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་མཛུབ་མོ་ནི་གཡོན་པའི་རྡོ་རྗེ་མཛུབ་མོའི་རྩེ་མོའོ། །མཐེའུ་ཆུང་གིས་སོར་མོ་དེ་བསྡམས་ནས། སོར་མོ་གཅུ་ཞིང་སླར་གཅུས་ཏེ་དྲག་ཏུ་བཀྲོལ་ནས་སྙིང་གའི་ཕྱོགས་ལས་གཡས་ཕྱོགས་སུ་གཅུ་བ་དང་། གཡས་
ཕྱོགས་ནས་གཡོན་ཕྱོགས་སུ་གཅུ་བར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡོན་པའི་ཁུ་ཚུར་གྱི་མཛུབ་མོ་བརྐྱང་བ་ལ་གཡས་པའི་མཐེའུ་ཆུང་དེས་བསྡམས་པ་གཅུ་ཞིང་སླར་གཅུས་ནས། དྲག་ཏུ་བཀྲོལ་བ་ཞེས་བྱ་བ་འདི་ནི་ས་ལ་གནས་པའི་བྲན་རྣམས་ཀྱི་ལས་
เล่ม ๕๗ · หน้า 247a
ལ་ངེས་པར་སྦྱོར་བའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་སྦྲེལ་བ་ནི། །མཛུབ་མོ་གཉིས་ནི་དམ་པར་བྱ། །ཞེས་བྱ་བ་ནི་ལག་པ་གཉིས་ཀ་ཁ་ཐུར་དུ་བསྟན་ནས། མཛུབ་མོ་ལུ་གུ་རྒྱུད་དུ་སྦྲེལ་ནས། གུང་མོ་དང་མཐེ་བོ་གཉིས་ཀྱི་རྩེ་མོ་སྦྱར་ལ་བསྐོར་ནས་མཐེ་བོ་གཉིས་
དཔྲལ་བའི་ཕྱོགས་སུ་སྦྱར་ནས་འཛིན་པ་འདི་ནི་ལྷ་མོ་ཨུ་མ་ལ་སོགས་པ་ནས། རྡོ་རྗེ་ཆུ་ལྷའི་ཆུང་མའི་བར་དུ་མ་མོའི་ཚོགས་རྣམས་སྒྲུབ་པར་བྱེད་པ། རྡོ་རྗེ་ཧེ་རུ་ཀའི་ཕྱག་རྒྱ་འདིས་དེའི་ལས་ལ་ངེས་པར་སྦྱར་བར་བྱའོ། །དེ་ལྟར་འཇིག་རྟེན་གསུམ་གྱི་འཁོར་ལོ་ཐམས་ཅད་དཀྱིལ་འཁོར་དུ་བཅུག་པ་
དང་། དབང་བསྐུར་བ་དང་། བཀའ་བསྒོ་བ་ལ་ངེས་པར་སྦྱར་བ་བསྟན་ནས། ད་ནི་འབྱུང་པོའི་གདོན་ཐམས་ཅད་དགུག་པར་བཀའ་སྩལ་ནས། དེ་དགུག་པ་དང་། སྦྱང་བ་དང་། དེ་དག་དེ་བཞིན་དུ་བསད་པ་ལ་སོགས་པ་བསྲུང་བ་ནི། རྡོ་རྗེ་ལྕགས་ཀྱུ་གཉིས་བཅིངས་ཏེ། །སྙིང་གར་ཡོངས་སུ་
བསྐོར་བར་བྱ། །མཛུབ་གཉིས་ལྕགས་ཀྱུ་ཕྱི་རོལ་གྱི། །དཀྱིལ་འཁོར་དགུག་པའི་མཆོག་ཡིན་ནོ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། དེའི་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་ནས། སྙིང་གའི་ཕྱོགས་སུ་ཡོངས་སུ་བསྐོར་ལ། ལྕགས་ཀྱུའི་རྩེ་མོ་གཉིས་རང་གི་སྙིང་གར་བཞག་
སྟེ། མ་རུངས་པའི་དཀྱིལ་འཁོར་འགུགས་པར་བསམས་པས་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུའི་རྡོ་རྗེ་ཧཱུཾ་ཞེས་བྱ་བ་སྙིང་ག་ནས་ཕྱུང་ལ་ཕྱོགས་བཅུ་ནས་གདོན་གྱི་དཀྱིལ་འཁོར་དགུག་པར་བྱའོ། །རྡོ་རྗེ་ཁྲོ་མཛུབ་ལེགས་པར་ནི། །སེན་མོ་སྤྲད་དེ་དཀྲིས་ནས་ཀྱང་། །རྩེ་མོ་གཉིས་ནི་དམ་སྦྱར་བ། །ཕྱག་
རྒྱ་འདི་ནི་མ་རུངས་འཇོམས། །ཞེས་བྱ་བ་ནི་ཁུ་ཚུར་གཉིས་རྒྱབ་ལེགས་པར་སྦྱར་ལ། མཛུབ་མོ་གཉིས་བརྐྱང་སྟེ། སེན་མོ་གཉིས་སྤྲད་ནས་དཀྲིས་ཏེ། རྩེ་མོ་གཉིས་དམ་པོར་སྦྱར་བ་དང་། བཅོམ་ལྡན་འདས་ཁྲོ་བོ་སྟོབས་པོ་ཆེ་ལས་མ་རུངས་པའི་དཀྱིལ་འཁོར་ཐམས་ཅད་ཕྱེ་མར་མཛད་
པར་དགོས་པ་ཡིན་ནོ། །རྡོ་རྗེ་ཆེན་པོ་མ་རུངས་པའི། །ཁྲོ་བོ་ཆེན་པོ་འདི་གསུངས་སོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཁྲོ་བོ་སྟོབས་པོ་ཆེ། ཕྱག་སྟོང་མངའ་བ་དབུ་སྟོང་མངའ་བ་ནི་རྡོ་རྗེ་མ་རུངས་པའི་ཁྲོ་བོ་ཆེན་པོའོ། །དེ་ལྟར་འབྱུང་པོ་ཐམས་ཅད་འགུགས་པ་བསྟན་ནས། ད་ནི་མཁའ་
เล่ม ๕๗ · หน้า 247b
འགྲོ་མ་ལ་སོགས་པའི་གདོན་དགུག་པར་བཀའ་སྩལ་ནས། དེ་དགུག་པ་དང་རང་གི་བཀའ་ལ་ངེས་པར་སྦྱར་བ་ནི། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་རུངས་པ་ཐམས་ཅད་དགུག་པའི་སྙིང་པོ་འདི་གསུངས་སོ་ཞེས་བྱ་བ་ལ། ཁྲོ་བོ་ཆེན་པོ་རྡོ་རྗེ་
ལྕགས་ཀྱུས་གདུག་པ་དགུག་པའི་སྙིང་པོ་ནི། མ་རུངས་པ་དགུག་པའི་སྙིང་པོའོ། །སེམས་ཅན་ཐམས་ཅད་འཆི་བའི་མཚན་མ་ཤེས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་སྙིང་པོ་ཞེས་བྱ་བ་ནི་འཆི་བའི་ཕྱག་རྒྱའི་མཚན་མ་ནི་འཆི་བའི་ལྟས་སོ། །དེ་ཤེས་པ་དེའི་ཕྱག་རྒྱ་སྟོན་ཏེ་དེའི་སྙིང་པོ་གསུངས་པ་ཡིན་
ཏེ། ཟླ་བ་ཕྱེད་ན་འཆི་བ་གང་ཡིན་པ་དེ་ཡོངས་སུ་ཤེས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྙིང་གར་རྡོ་རྗེ་ལག་ངར་གཉིས། །ཤིན་ཏུ་དམ་པོར་བཅིངས་ནས་ནི། །རྡོ་རྗེ་མཛུབ་མོའི་རྩེ་མོ་ཡིས། །རང་གི་མཆན་ཁུང་བྲུད་པར་བྱ། །ཞེས་བྱ་བ་ནི་རང་གི་སྙིང་གའི་ཕྱོགས་སུ་ལག་ངར་གཉིས་རྡོ་རྗེ་
བཅིངས་ནས་ཤིན་ཏུ་དམ་པོར་བསྡམས་པའི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོའི་ལྕགས་ཀྱུ་གཉིས་ཀྱིས་མཚན་ཁུང་བྲུད་པ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་སྙིང་འབྱིན་པའི་འཆི་བ་ཤེས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དགའ་བའི་སྒྲ་བཏོན་མཆོངས་རྒལ་ཏེ། །ཞེས་བྱ་བ་ནི་རབ་ཏུ་དགའ་བའི་སྒྲ་དང་
བཅས་པས་གར་བྱེད་པ་ནི་རབ་ཏུ་དགའ་བའི་སྒྲ་བཏོན་ནས་མཆོངས་རྒལ་བ་སྟེ་གར་བྱེད་ཅིང་མཆོངས་རྒལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རྣལ་འབྱོར་མ་དང་། མཁའ་འགྲོ་མའི་གདོན་རྣམས་འགུགས་པ་ལ་སོགས་པ་གསུངས་ནས། ད་ནི་རིམས་ལ་སོགས་པའི་ནད་ཐམས་ཅད་དགུག་པར་བཀའ་
སྩལ་ནས། དེ་དག་དགུག་པ་དང་། གཞོམ་པ་ནི་དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རིམས་ལ་སོགས་པའི་ནད་ཐམས་ཅད་དགུག་པའི་སྙིང་པོ་འདི་གསུངས་སོ་ཞེས་བྱ་བ་ནི་རིམས་ལ་སོགས་པ་ཐམས་ཅད་འགུགས་པ་ནི། བཅོམ་ལྡན་འདས་སྤྱི་
བོའི་གཙུག་ཏོར་གཞོན་ནུ་མ་སྤྱན་གསུམ་མ་རྩེ་གསུམ་པ་དང་། ལྕགས་ཀྱུ་ཕྱག་ན་བསྣམས་པ་དེའི་སྙིང་པོ་གསུངས་པ་ནི་བརྗོད་པའོ། །སྙིང་པོ་གསུངས་པའི་རྗེས་ཐོགས་ལ། བཅོམ་ལྡན་འདས་སྤྱི་གཙུག་ནས་ཕྱུང་ནས། རིམས་ལ་སོགས་པའི་ནད་ཐམས་ཅད་ཀྱི་གནས་སུ་སོང་སྟེ། དེ་རྣམས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด