དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་པ་ར་མཱ་ཏྱ་ཊཱི་ཀ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๐ · หน้า 84a

ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་འབར་བའི་རྡོ་རྗེ་དྲིལ་བུ་བླངས་ལ། གཡས་པས་རྡོ་རྗེ་འབར་བ་རྩེ་བཞི་པ་གཟུང་སྟེ། དེ་བསྙེམས་པ་དང་བཅས་པ་ལ་རྡོ་རྗེ་གསོར་ནས།

རང་གི་སྔགས་ཟློས་ཤིང་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་འཛིན་པའི་སྐུ་དང་གསུང་དང་། ཐུགས་རྡོ་རྗེས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོར་བདག་ཉིད་བསམ་པ་འདི་ནི། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ཀྱི་

སྔགས་ཟློས་ཤིང་། ཨ་ཞེས་བྱ་བ་བརྗོད་དེ། མདུན་དུ་སྣ་ཚོགས་པདྨའི་སྟེང་དུ། རྡོ་རྗེ་འབར་བ་རྩེ་བཞི་པ་བསམ་པར་བྱའོ། །དེའི་དབུས་སུ་བཅོམ་ལྡན་འདས་ཀྱི་སྔགས་བསམས་ལ། དེ་ཉིད་ཟློས་ཤིང་རྡོ་རྗེ་འབར་བ་ནི། བདག་གོ་ཞེས་བསྒོམ་པར་བྱའོ། །དེ་ནས་དེ་

ཉིད་ཟློས་ཤིང་རྡོ་རྗེ་འབར་བ་དེ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོར་བདག་ཉིད་བསམས་ལ། སུ་ར་ཏ་བཛྲ་ཀྲོ་དྷི་ཧཾ་ཞེས་བཟླ་བར་བྱའོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་ལྕགས་ཀྱུའི་ཁྲོ་བོ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་དགུག་པ་དང་།

གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཧཱུཾ་རཀྟ་ཛཱ་ལ་མཱ་ལ་པྲ་ལ་ཡ་ཨགྣི་པྲ་དཱིཔྟ་ཏེ་ཛ་མ་ཧཱ་སུ་ཁ་སུ་ར་ཏ་བཛྲ་ཀྲོ་དྷ་ཛཿཧཱུཾ་བཾ་ཧོཿ ཕཊ་དྲྀ་ཤྱ་ཞེས་བྱ་བས་བལྟ་བར་བྱ་བའོ། །ཡེ་ཤེས་སེམས་དཔའ་དེ་མཐོང་

ནས། །རང་གི་ལུས་ལ་རབ་ཏུ་བསྒོམ། །དགུག་ཅིང་བཅུག་ལ་བཅིང་བ་དང་། །དབང་དུ་བྱས་ཏེ་བསྒྲུབ་པར་བྱ། །ཕྱག་རྒྱ་ཆེན་པོ་བཅིངས་ཏེ་གཡས་པའི་མཛུབ་མོ་ལྕགས་ཀྱུས་ཧཾ་སུ་ར་ཏ་བཛྲ་ཀྲོ་དྷ་ཨ་ཡཱ་ཧི་མ་ཧཱ་སུ་ཁ་བཛྲ་སཏྭ་ཛ། སརྦ་ཀུ་ལ་ནི་པྲ་བེ་ཤ་ཡ་ཧཱུཾ་སརྦ་མུ་དྲ་བནྡྷ་ན་བཾ།

སརྦ་ས་མ་ཡཾ་བ་ཤིཾ་ཀུ་རུ་ཧོ་སརྦ་ཀརྨ་ཎི་ས་དྷྱ་ཨཱཿ སརྦ་སིདྡྷྱ་སིདྡྷྱ་ཨ་ཞེས་བརྗོད་པར་བྱའོ། །དེ་ནས་རང་གི་སྙིང་གར་ཧཱུཾ་ལས་རྡོ་རྗེ་འབར་བ་བསམས་ལ། བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་ས་མ་ཡ་སྟྭཾ་ཞེས་བརྗོད་དོ། །རྒྱབ་ཏུ་ཟླ་བའི་དཀྱིལ་འཁོར་བསམས་ཏེ་དེ་

เล่ม ๖๐ · หน้า 84b

ནས་རང་གི་ལུས་ལ་གནས་པའི་བཅོམ་ལྡན་འདས་དང་བདག་ཉིད་ཆུ་དང་འོ་མ་ལྟར་གཅིག་ཏུ་གྱུར་པར་བསམས་ལ་ས་མ་ཡ་སྟྭཾ་ཧཱུཾ། རཀྟ་ཛཱ་ལ་མཱ་ལ་པྲ་ལ་ཡ། ཨགྣི་པྲ་དཱིཔྟ་ཏེ་ཛ་མ་ཧཱ་སུ་ཁ་སུ་ར་ཏ་བཛྲ་ཀྲོ་དྷ་ཛཿཧཱུཾ་བཾ་ཧོཿཕཊ་ཅེས་ལན་གསུམ་བཟླས་ལ། སྣ་ཚོགས་པདྨ་ལ་བཞུགས་

པ། །ཨུཏྤལ་སྔོན་པོའི་མདངས་འབར་ཞིང་། །རྡོ་རྗེ་བསྙེམས་པ་འབར་བའི་མཆོག །མཆེ་བ་ཅུང་ཟད་གཙིགས་པའི་ཞལ། །ཁྲོ་དང་བཅས་པར་བཞད་པའི་ཞལ། །རྡོ་རྗེ་སྐྱིལ་ཀྲུང་ལེགས་བཞུགས་ཉིད། །འོད་ཟེར་འབར་བ་འཁྲུག་པའི་འོད། །ཅེས་བྱ་བ་བསམ་མོ། །དེ་

ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་བདག་ཉིད་རྒྱས་བཏབ་ནས་དེ་བཞིན་དུ་ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་ལུས་ལ་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་ལ་དམ་ཚིག་གི་ཕྱག་རྒྱས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་དེ་བཞིན་གཤེགས་པ་རྣམས་ལ་

རྒྱས་བཏབ་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། རྡོ་རྗེ་སེམས་དཔའ་དང་། རིན་ཆེན་དང་། ཆོས་དང་ལས་ཀྱི་སྙིང་པོས་བདག་ཉིད་དེ་བཞིན་ཉིད་དུ་བྱིན་གྱིས་བརླབས་ལ་སངས་རྒྱས་ལྔ་དང་། རྡོ་རྗེ་ཕྲེང་བའི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་བར་བྱའོ། །དེ་ནས་རྡོ་རྗེ་དང་བདག་པོ་དང་མིང་

གི་དབང་བསྐུར་བ་བླངས་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་གཟུང་བར་བྱའོ། །དེ་ནས་ཁྲོ་བོའི་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་གསང་བའི་ཕྱག་རྒྱའི་མཆོད་པ་བཞིས་བདག་ཉིད་ཡང་དག་པར་མཆོད་ལ་རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་དང་ཕྱག་རྒྱ་བཞིས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ།

ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གཟུང་བར་བྱའོ། །དེ་ནས་ཆོས་ཀྱི་དྲིལ་བུ་དཀྲོལ་ལོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་འབར་བའི་དབུས་སུ་རྡོ་རྗེ་བཟླས་པའི་དོན་དུ་སྔགས་ཡིད་ཀྱིས་བྲིས་ལ།

ཉིན་རེ་ཞིང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་ལན་ཅིག་བྱས་ནས་ཇི་སྲིད་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གིས་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་ཁྲོ་བོའི་ཚིག་གིས་བཟླས་བརྗོད་བྱའོ། །དེ་ནས་ཟླ་བ་ཉ་བ་ལ་བཟླས་བརྗོད་མཚན་ཐོག་ཐག་བཟླས་ནས། ནང་པར་རྡོ་

เล่ม ๖๐ · หน้า 85a

རྗེ་ཧཱུཾ་མཛད་དུ་གྱུར་པ་ནི་དངོས་གྲུབ་དང་པོའོ། །གལ་ཏེ་དེ་བཞིན་གཤེགས་པ་བསྒྲུབ་པར་འདོད་ན་དེས་རྡོ་རྗེ་སེམས་དཔའི་རྟོག་པ་ལས་བཤད་པའི་ཆོ་གས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་བརྒྱད་ཀྱིས་བསྐོར་བ། ཕྱག་གཉིས་ཀྱིས་བྱང་

ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ལ་རས་ལ་འདྲིར་གཞུག་པར་བྱའོ། །དེའི་མདུན་དུ་སྔ་མ་བཞིན་དུ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྦྱོར་བ་བྱས་ལ། རས་རིས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ལྕགས་ཀྱུ་ཆེན་པོས་སྤྱན་དྲངས་ལ། རབ་ཏུ་དགའ་

བའི་རྡོ་རྗེ་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱས་བསྒྲུབ་བོ། །དེ་ནས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཆོས་ཀྱི་ཕྱག་རྒྱས་བཏབ་ནས་དེ་བཞིན་གཤེགས་པའི་ལས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྔགས་ཟློས་ཤིང་རྒྱས་གདབ་པར་བྱའོ། །དེ་ནས་རྡོ་རྗེ་རིན་

ཆེན་གྱི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ལ་བཅོམ་ལྡན་འདས་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། ཕྱག་བྱས་ལ་འདུག་ནས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེ་བཞིན་གཤེགས་པར་བདག་ཉིད་བསམས་ལ་ཇི་སྲིད་འབུམ་ཕྲག་བརྒྱ་ཚང་བར་

གྱུར་པ་དེ་སྲིད་ཀྱི་བར་དུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྔགས་བཟླས་པར་བྱའོ། །དེ་ནས་འབུམ་ཚང་བ་དང་མཚན་ཕྱེད་ན་བདུད་ཀྱི་དཔུང་ཐམས་ཅད་འོང་བར་འགྱུར་རོ། །དེ་ནས་རྣལ་འབྱོར་པས་བདུད་ཐམས་ཅད་འཇོམས་པར་བྱེད་པས་བདུད་ཀྱི་སྟོབས་གཞོམ་པར་བྱའོ། །དེ་ནས་ནང་

པར་གྱི་དུས་སུ་དེ་བཞིན་གཤེགས་པ་ཉིད་དམ་བྱང་ཆུབ་སེམས་དཔའ་ཆེན་པོ་ཉིད་ཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་བས་གསུངས་སོ། །གལ་ཏེ་དེ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཉིད་བསྒྲུབ་པར་འདོད་ན་དེས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྐུ་གཟུགས་བྱེད་དུ་བཅུག་ལ།

དེའི་མདུན་དུ་དེ་བཞིན་དུ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་རྣལ་འབྱོར་བྱས་ལ་སྐུ་གཟུགས་ལ། བཅོམ་ལྡན་འདས་སྔར་བཤད་པའི་སྤྱན་དྲང་བའི་ཆོ་གས་སྤྱན་དྲངས་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཆོད་ནས་ཕྱག་བྱས་ལ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཉིན་རེ་

เล่ม ๖๐ · หน้า 85b

བཞིན་དུ་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་ལན་ཅིག་བྱས་ལ་བསྒྲུབ་པར་བྱས་ཤིང་བཟླས་བརྗོད་དཔག་ཏུ་མེད་པ་བྱས་ནས། ཟླ་བ་དྲུག་གིས་རྡོ་རྗེ་ཧཱུཾ་མཛད་ཉིད་དེས་ཐོབ་པར་འགྱུར་རོ། །ཡང་ན་རབ་ཏུ་དགའ་བའི་རྡོ་རྗེ་ཆེན་པོའི་ཕྱག་རྒྱས་བདག་ཉིད་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོས་བསྒྲུབ་

པར་འདོད་ན། དེ་བཞིན་དུ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྦྱོར་བ་བྱས་ལ། ཉིན་རེའི་སྦྱོར་བས་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཇི་སྲིད་ཉིན་རེ་ཞིང་། བདག་ཉིད་དེའི་སྐུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཟླ་བ་ཕྱེད་ཙམ་བསྒོམས་ལ་བསྒྲུབས་ན་རབ་ཏུ་

དགའ་བའི་རྡོ་རྗེ་ཁྲོ་བོར་འགྱུར་རོ། །དེ་བཞིན་དུ་དངོས་གྲུབ་གཞན་དག་ཀྱང་སྔ་མའི་རྗེས་སུ་འབྲངས་ནས་བསྒྲུབ་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་མ་གྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་བཤད་མ་ཐག་པའི་སྒྲུབ་པ་གང་གི་ཚེ། ཇི་སྐད་སྔོན་དུ་བཤད་པའི་དངོས་གྲུབ་གྲུབ་

པར་མ་གྱུར་པའི་སྔགས་ནི་མ་གྲུབ་པ་ཞེས་བྱ་བ་ལ། མ་གྲུབ་པ་དེ་མ་གྲུབ་ཏུ་ཟིན་ཀྱང་། ལན་ཅིག་བཟླས་པ་ཙམ་གྱིས་ཇི་སྐད་དུ་བཤད་པའི་ལས་རྣམས་བྱེད་པར་འགྱུར་རོ། །ཁམས་གསུམ་མ་ལུས་པ་ལས་རྒྱལ་བར་བྱ་བ་ནི། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་

འཇིག་རྟེན་གྱི་ཁམས་མི་མཇེད་ལ་སོགས་པ། སངས་རྒྱས་ཀྱི་ཞིང་མ་དག་པ་ནི་ཁམས་གསུམ་པ་མ་ལུས་པའོ། །དེ་ལས་རྒྱལ་བ་ནི་དེར་གནས་པའི་དབང་ཕྱུག་ཆེན་པོ་ལ་སོགས་པ་འདུལ་བའོ། །དེ་ཡང་རྡོ་རྗེ་ཧཱུཾ་མཛད་དུ་མཉམ་པར་བཞག་ལ། ཁྲོ་བོའི་ཁུ་ཚུར་གཉིས་

བཅིངས་ཏེ། མཐེའུ་ཆུང་གཉིས་ཕན་ཚུན་ལྕགས་སྒྲོག་ཏུ་སྦྲེལ་ལ། མཛུབ་མོ་གཉིས་བསྒྲེང་སྟེ། སྡིགས་མཛུབ་བྱེད་པ་ལ་སོགས་པས་སྙིང་གའི་ཕྱོགས་སུ་བཞག་པ་འདི་ནི། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་སྟེ་འདིས་ཁམས་གསུམ་མ་ལུས་པ་ལས་རྒྱལ་བར་འགྱུར་རོ། །ཐམས་

ཅད་དུ་ཡང་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྔགས་བཟླས་པས་ལས་རྣམས་གྲུབ་པར་གྱུར་པར་ཤེས་པར་འགྱུར་རོ། །འདིས་ནི་འདི་སྐད་སྟོན་ཏེ་དེ་བཞིན་དུ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྦྱོར་བ་བྱས་ལ་དབང་ཕྱུག་ཆེན་པོ་ལ་སོགས་པ་འདུལ་བའི་བསམ་པས་རྡོ་རྗེ་ཧཱུཾ་མཛད་

เล่ม ๖๐ · หน้า 86a

ཀྱི་ཕྱག་རྒྱ་བཅིངས་ལ་བཟླས་བརྗོད་བྱས་ནས་རང་གི་ལུས་ལས་བྱུང་བའི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུས་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་རྗེས་སུ་བཏུལ་བར་བསམ་པར་བྱའོ། །དེ་ལྟ་བུས་ནི་ཁམས་གསུམ་མ་ལུས་པ་ལས་རྣམ་པར་རྒྱལ་བར་འགྱུར་རོ། །

སེམས་ཅན་གྱི་ཁམས་ཐམས་ཅད་འདུལ་བ་ནི་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་སྐལ་བ་ཇི་ལྟ་བ་བཞིན་དུ་ལུང་དང་རྟོགས་པའི་བདག་ཉིད་ཅན་ལ་རབ་ཏུ་གཞག་པ་ནི་བཏུལ་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཁྲོ་བོའི་གསང་བས་སོ་ཞེས་བྱ་བ་གསུངས་

ཏེ། རྡོ་རྗེ་ཁྲོ་བོ་ནི་རྡོ་རྗེ་ཁྲོ་བོ་སྟེ། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་གསང་བ་ནི་རྡོ་རྗེ་ཁྲོ་བོའི་གསང་བའི་ཕྱག་རྒྱ་སྟེ། དེས་རབ་ཏུ་འཇིགས་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ་དེ་བཞིན་དུ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྦྱོར་བ་བྱས་ལ། རྡོ་རྗེ་ཧཱུཾ་

མཛད་ཀྱི་ཕྱག་རྒྱ་དེ་བཞིན་དུ་བཅིངས་ལ། གཡོན་པའི་མཛུབ་མོས་བསྒྲུབ་པར་བྱ་བ་ལ་སྡིགས་མཛུབ་བྱའོ། །དེ་ནས་ཕྱག་རྒྱ་འདི་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་རྗེས་སུ་བསྟན་ཅིང་དུལ་བ་ལ་རབ་ཏུ་འཇོག་པར་འགྱུར་རོ། །འཇིག་རྟེན་གསུམ་མ་

ལུས་པ་ལས་རྣམ་པར་རྒྱལ་བ་ནི་ཞེས་བྱ་བ་ལ། དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་ལས་རྒྱལ་བ་ནི་འཇིག་རྟེན་གསུམ་མ་ལུས་པ་ལས་རྒྱལ་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། འཇིག་རྟེན་གསུམ་རྣམ་པར་རྒྱལ་བའི་རྡོ་རྗེས་སོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་བཅོམ་ལྡན་འདས་

ཀྱིས་སྦྱོར་བ་བྱས་ལ། རྡོ་རྗེ་ཧཱུཾ་མཛད་གཡོན་བརྐྱང་བའི་གནས་པའི་བཞུགས་པས་སྡིགས་མཛུབ་བྱས་ཤིང་རང་གི་ལུས་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཞབས་གཡོན་པས་བསྒྲུབ་པར་བྱ་བ་མནན་པར་བྱས་ཏེ། དེ་ལྟ་བུས་ནི་འཇིག་རྟེན་གསུམ་མ་ལུས་པ་ལས་རྣམ་

པར་རྒྱལ་བར་འགྱུར་རོ། །ཐམས་ཅད་དགུག་པ་དང་ཞེས་བྱ་བ་ལ་སོགས་པ་ལ་དབང་ཕྱུག་ཆེན་པོ་ལ་སོགས་པ་དགུག་པ་ནི་ཐམས་ཅད་དགུག་པའོ། །དེ་རྣམས་ཉིད་དཀྱིལ་འཁོར་རམ་སྣོད་ལ་འཇུག་པ་དང་། སྣོད་ལ་ཞུགས་པ་དེ་རྣམས་ཉིད་དབབ་པ་ནི་གཡོ་བ་ལ་སོགས་པས་

เล่ม ๖๐ · หน้า 86b

དབབ་པའོ། །གདོན་དེ་རྣམས་རྡོ་རྗེ་ལྕགས་སྒྲོག་གིས་བསྡམས་ཏེ་རང་དབང་མེད་པར་བྱས་ནས་བཅིངས་པའོ། །དེ་རྣམས་ཉིད་རང་དབང་དུ་བྱ་བ་ནི་དབང་དུ་བྱ་བའོ། །དེ་རྣམས་གཡུལ་འགྱེད་པར་ཞུགས་པའི་དྲེགས་པ་བསལ་བར་བྱ་བའམ། ས་འོག་གི་འཁྲུལ་འཁོར་ལ་

སོགས་པ་གཞོམ་པ་ནི་གཞིག་པའོ། །དེ་རྣམས་ཉིད་མི་འགྱུར་བར་བྱས་པ་ནི་རེངས་པར་བྱས་པའོ། །དེ་རྣམས་གཉིད་ལོག་པར་བྱ་བ་དང་། རྒྱས་གདབ་པ་དང་། བསྒྱེལ་བ་དང་། གསད་པར་བྱ་བ་ནི་གོ་བར་ཟད་དོ། །འདི་དག་ཐམས་ཅད་ཇི་ལྟར་བྱ་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་

གསང་བའི་དམ་ཚིག་གི་ཁྲོ་བོས་སོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་བྱས་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། མཛུབ་མོ་གཉིས་གཤིབས་ལ་རྩེ་མོ་སྦྱར་ནས་བསྒྲུབ་པར་བྱ་བ་ལ་སྡིགས་མཛུབ་བྱས་ཏེ། འདི་ནི་བདེ་བ་ཆེན་པོ་གསང་བའི་

དམ་ཚིག་གི་ཁྲོ་བོའི་ཕྱག་རྒྱ་ཡིན་ཏེ། དེས་བསྒྲུབ་པར་བྱ་བ་དགུག་པའི་བསམ་པས་བསྒྲུབ་པར་བྱ་བ་ལ་སྡིགས་མཛུབ་བྱ་ཞིང་། སྡིགས་མཛུབ་ཀྱི་རྡོ་རྗེ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་ལྕགས་ཀྱུའི་ཁྲོ་བོས་བསྒྲུབ་པར་བྱ་བ་འགུགས་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་

ཐམས་ཅད་དགུག་པར་འགྱུར་རོ། །གཞུག་པའི་བསམ་པས་དེ་བཞིན་དུ་སྡིགས་མཛུབ་བྱས་ལ་སྡིགས་མཛུབ་ཀྱི་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཞགས་པས་བཏབ་པར་བསམས་ན་དེ་ལྟ་བུས་ནི་བཅིངས་པར་འགྱུར་རོ། །དེ་བཞིན་དུ་དབབ་པའི་བསམ་པས་སྡིགས་མཛུབ་བྱས་ལ། བཅོམ་

ལྡན་འདས་རྡོ་རྗེ་འབེབས་པའི་ཕྱག་རྒྱ་ཁྲོ་བོ་སྐུ་མདོག་དམར་པོ་རླུང་དང་མེའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པས་བསྒྲུབ་པར་བྱ་བའི་རྐང་པ་ནས་བརྩམས་ཏེ། སྤྱི་བོའི་བར་དུ་ཤིང་སྐམ་པོ་བཞིན་དུ་རབ་ཏུ་འབར་བར་བསམས་ན་དེ་ལྟ་བུས་ནི་འབབ་པར་འགྱུར་རོ། །དེ་བཞིན་

དུ་བཅིང་བའི་བསམ་པས་སྲིན་པོ་ལ་སོགས་པ་སྡིགས་མཛུབ་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་ལྕགས་སྒྲོག་གི་ཁྲོ་བོས་ལྕགས་སྒྲོག་གིས་བསྡམས་པར་བསམས་ན་དེ་ལྟ་བུས་ནི་བཅིངས་པར་འགྱུར་རོ། །དེ་བཞིན་དུ་དབང་དུ་བྱ་བའི་བསམ་པས་སྡིགས་མཛུབ་བྱ་ཞིང་བཅོམ་ལྡན་

เล่ม ๖๐ · หน้า 87a

འདས་རྡོ་རྗེ་ཡིད་ལས་བྱུང་བའི་ཁྲོ་བོ་མེ་ཏོག་གི་མདངས་ཀྱང་བསྒྲུབ་པར་བྱ་བའི་སྙིང་གར་ཕོག་ཅིང་དམར་པོར་གྱུར་པས་དབང་དུ་གྱུར་ནས་རང་ཉིད་དམ་ནོར་གྱིས་ཀྱང་རྐང་པ་ལ་འདུད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་དབང་དུ་འགྱུར་རོ། །དེ་བཞིན་དུ་གཞོམ་པར་བྱ་

བའི་བསམ་པས་སྡིགས་མཛུབ་བྱ་ཞིང་ཕྱག་རྒྱ་བཅིངས་པ་ལས་རྡོ་རྗེ་འབར་བ་རྩེ་མོ་བཞི་པ་སྤྲོས་ལ། འཁྲུལ་འཁོར་ལ་སོགས་པ་ལ་དབབ་པར་བྱ་སྟེ་དེ་ལྟ་བུས་ནི་རྣམ་པར་གཞིག་པར་འགྱུར་རོ། །དེ་བཞིན་དུ་དབབ་པ་ལ་སོགས་པ་ལ་རེངས་པར་བྱ་བའི་བསམ་པས་སྡིགས་མཛུབ་

བྱ་ཞིང་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་སྐུ་མདོག་སེར་པོ་སྣ་ཚོགས་རྡོ་རྗེ་གསེར་གྱི་མདོག་ཅན་ནམ་མཁའ་དང་མཉམ་པའི་སྟེང་ན་གཡོན་བརྐྱང་བས་བཞུགས་པས་བསྒྲུབ་པར་བྱ་བ་མནན་པར་བསམ་པར་བྱ་སྟེ་དེ་ལྟ་བུས་ནི་རེངས་པར་འགྱུར་རོ། །དེ་བཞིན་དུ་གཉིད་ལོག་ཏུ་གཞུག་

པའི་བསམ་པས་བསྒྲུབ་པར་བྱ་བ་སྡིགས་མཛུབ་བྱ་ཞིང་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་གྱུར་ནས། མིག་བཙུམས་ཏེ་གཉིད་ལོག་པར་བསམས་ན་དེ་ལྟ་བུས་ནི་གཉིད་ལོག་པར་འགྱུར་རོ། །དེ་བཞིན་དུ་རྒྱས་བཏབ་པའི་བསམ་པས་སྡིགས་མཛུབ་

བྱ་ཞིང་བསྒྲུབ་པར་བྱ་བའི་སྙིང་གར་ཡང་ཧཱུཾ་ལས་རྡོ་རྗེ་འབར་བ་བྱུང་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་རྒྱས་བཏབ་པར་འགྱུར་རོ། །དེ་བཞིན་དུ་བསྒྱེལ་བའི་བསམ་པས་སྡིགས་མཛུབ་བྱས་ལ་སྡིགས་མཛུབ་ཀྱི་རྡོ་རྗེ་ལས་རྡོ་རྗེ་འབར་བ་སྤྲོས་ལ་བསྒྲུབ་པར་བྱ་བའི་སྟེང་དུ་

འབབ་པར་ཡང་དང་ཡང་དུ་བསམས་ན་འགྱེལ་བར་འགྱུར་རོ། །དེ་བཞིན་དུ་བསད་པའི་བསམ་པས་སྡིགས་མཛུབ་བྱས་ལ་རང་གི་ལུས་ལས་རྡོ་རྗེ་གནོད་སྦྱིན་དང་། སྲིན་པོ་དང་། མཁའ་འགྲོ་དང་། བྱ་རྒོད་དང་། སྟག་དང་། སེང་གེ་དང་། བྱ་རོག་དང་། ཝ་དང་སྤྱང་ཀི་ལ་

སོགས་པ་བྱུང་ལ་བསྒྲུབ་པར་བྱ་བ་ཟོས་པར་བསམས་ན་དེ་ལྟ་བུས་ནི་གསོད་པར་འགྱུར་རོ། །ཐམས་ཅད་ལྟུང་བར་བྱ་བ་ལ་ནི་རྡོ་རྗེ་ཕྲ་མོ་ཁྲོ་བོས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྦྱོར་བ་བྱས་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་སྣའི་དབུགས་ཀྱི་རླུང་གིས་སྣའི་རྩེ་མོ་ལས་རྡོ་རྗེ་

เล่ม ๖๐ · หน้า 87b

ཕྲ་མོ་བྱུང་ལ། དེ་བསྒྲུབ་པར་བྱ་བའི་སྟེང་དུ་དབབ་པར་བྱ་སྟེ་དེ་ལྟ་བུས་ནི་ཐམས་ཅད་ལྟུང་བར་འགྱུར་རོ། །ཐམས་ཅད་དུ་དབབ་པ་ལ་ནི་རྡོ་རྗེ་འབེབས་པའི་ཁྲོ་བོས་ཞེས་བྱ་བ་ནི་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྦྱོར་བ་བྱས་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། ཡི་གེ་ཨའི་མཐའ་ཅན་གྱི་སྔགས་

བཟླས་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་ཀུན་དུ་གང་བར་གྱུར་པར་བསམ་པར་བྱ་སྟེ་དེ་ལྟ་བུས་ནི་ཐམས་ཅད་འབབ་པར་འགྱུར་རོ། །ཐམས་ཅད་ངེས་པར་གནོན་པ་ལ་ནི་རྡོ་རྗེ་གད་རྒྱངས་ཀྱིས་སོ་ཞེས་བྱ་བ་ལ་ནི་བཅོམ་ལྡན་འདས་ཀྱི་སྦྱོར་བ་བྱས་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་ཡི་གེ་

ཧའི་མཐའ་ཅན་གྱི་སྔགས་ཟློས་ཤིང་ཧ་ཧ་ཞེས་བྱ་བའི་གད་མོ་རྟ་གད་བྱས་ཤིང་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཞབས་ཀྱིས་བསྒྲུབ་པར་བྱ་བ་ལ་བསྣུན་པས་ཁ་ཐུར་དུ་བུབ་ཅིང་འགྱེལ་བར་བསམ་པར་བྱ་སྟེ་དེ་ལྟ་བུས་ནི་ངེས་པར་གནོན་པར་འགྱུར་རོ། །ལས་ཐམས་ཅད་ལ་ཉེ་བར་དགོད་

པ་ཞེས་བྱ་བ་ལ་ནི་ལས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ལས་ཐམས་ཅད་དེ། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་ཁྲོ་བོའི་བར་གྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ལས་རྣམས་སོ། །དེ་རྣམས་ལ་ཉེ་བར་དགོད་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ལས་

ཀྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་འབྲས་བུ་ཐོབ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་ཁྲོ་བོས་སོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྦྱོར་བ་བྱས་ལ་རྡོ་རྗེ་འབར་བ་རྩེ་མོ་བཞི་པ་བསྒོམ་ཞིང་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་

བཅིངས་ལ་ལས་གང་དགོས་པ་དེ་ཐོབ་ཅིང་རྙེད་པའི་བསམ་པས་སྔགས་བཟླ་བར་བྱའོ། །དེ་ལྟ་བུས་ནི། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ལས་ཐམས་ཅད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ། །བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ལས་ཞེས་བྱ་བ་ལ་བདེ་བ་ཆེན་པོ་རྡོ་རྗེ་ནི་བཤད་ཟིན་ཏོ།། །།

དེའི་གསང་བ་ནི་རྡོ་རྗེ་རིགས་ཀྱི་རྟོག་པའོ། །དེ་ལས་རབ་ཏུ་དགའ་བ་ལས་བྱུང་བ་རྡོ་རྗེ་གསང་བའི་དམ་ཚིག་གི་རྡོ་རྗེ་སེམས་དཔའ་ལས་བྱུང་བའི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་སྟེ། དེའི་ཆོ་ག་རྒྱས་པ་ནི་དེའི་དཀྱིལ་འཁོར་ལ་སོགས་པ་སྒྲུབ་པ་དང་། བསྒྲུབ་པར་བྱ་བའི་རྟོག་པའི་རྒྱུན་ཡིན་ནོ། །

เล่ม ๖๐ · หน้า 88a

ཡང་འདིའི་དོན་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་བརྗོད་པར་བྱ་སྟེ། དམ་ཚིག་སེམས་དཔར་བྱིན་གྱིས་བརླབས་པ་སྔ་མ་བཞིན་དུ་བྱས་ལ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་ནམ་མཁའ་དང་མཉམ་པའི་སྦྱོར་བས་རང་གི་སྙིང་གར་ཡིད་ཀྱིས་

ཞུགས་ལ། དེར་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པར་སྤྲུལ་ལ་འོག་ནས་བཤད་པའི་འཇུག་པའི་ཆོ་གས་མེ་ཏོག་གི་ཕྲེང་བ་བླངས་ཏེ་འཇུག་པར་བྱའོ། །དེ་ནས་རང་གི་མགོར་མེ་ཏོག་གི་ཕྲེང་བ་གཏོར་ལ་ཇི་ལྟ་བ་བཞིན་དུ་

བཅིངས་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱི་ཆོ་ག་རྣམས་རྗེས་སུ་སྤྱད་ལ་དཀྱིལ་འཁོར་དེའི་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་ནང་དུ་འདུས་ཤིང་གཅིག་ཏུ་གྱུར་པར་བསམ་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཆེན་པོ་ལྟར་རང་གི་རྣལ་འབྱོར་ཆེན་པོ་བྱས་ལ་ཆོ་

ག་ཐམས་ཅད་རྗེས་སུ་སྤྱད་དེ། དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ་དམ་ཚིག་གིས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས་རང་གི་སྔགས་ལན་གསུམ་བཟླ་བར་བྱའོ། །དེ་ནས་རྡོ་རྗེ་འཁོར་ལོས་ནམ་མཁའི་ཕྱོགས་སུ་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་སྤྲུལ་ལ་ལྷ་

ཐམས་ཅད་ཀྱི་གནས་སུ་ཨ་ཧྲཱི་ཞེས་བྱ་བས་སྣ་ཚོགས་པདྨ་བསྐྱེད་པར་བྱའོ། །དེ་ནས་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ་སྔོན་དུ་བསྙེན་པ་བྱ་བ་དང་། དེ་བཞིན་དུ་བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་སངས་རྒྱས་སྤྱན་དྲང་བར་བྱས་ནས་དེའི་འོག་ཏུ་

ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་སྔགས་དེ་བཟླ་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ཉིད་ལ་གསོལ་བ་བཏབ་པར་བསམ་པར་བྱའོ། །བཅོམ་ལྡན་

ཁྱོད་ལ་གསོལ་བ་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །སྙིང་པོ་འདི་ཡིས་བརྟན་པ་ཉིད། །བདེ་ཆེན་མྱུར་དུ་སྒྲུབ་པར་མཛོད། །ཅེས་གསོལ་བ་བཏབ་པར་བསམ་མོ། །དེ་ནས་ལངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ་དེ་བཞིན་གཤེགས་པ་ཐམས་ཅད་

เล่ม ๖๐ · หน้า 88b

ཀྱིས་ནམ་མཁའི་ཁམས་གང་བར་བསམས་ལ། བདག་ནི་རང་ཉིད་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པ་བརྗོད་དེ་དེའི་འོག་ཏུ་རང་གི་སྔགས་བཟླའོ། །དེ་ནས་བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱ་དང་། ཧཱུཾ་རཀྟ་ཛཱ་ལ་མཱ་ལ་པྲ་ལ་ཡ་ཨགྣི་པྲ་དཱིཔྟ་ཏེ་ཛ་

ས་མ་ཧཱ་སུ་ཁ་སུ་ར་ཏ་མ་ཧཱ་ཀྲོ་དྷ། ཛཿཧཱུཾ་བཾ་ཧོཿཕཊ། བཛྲོ་ཏྟིཥྛ་མཎྜལ་ཨུཏ་ཐ་པ་ཡ་ཞེས་བརྗོད་དེ་དཀྱིལ་འཁོར་བཏེག་ལ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་དེ་ཉིད་ཀྱིས་བདག་ཉིད་ལ་ལན་ཅིག་བྱིན་གྱིས་བརླབས་ལ་ཡང་ཕྱག་རྒྱ་ཆེན་པོར་བསམས་ཏེ། ཕྱག་རྒྱ་ལ་གནས་དེ་

བཞིན་ལངས། །ཀུན་དུ་རྣམ་པར་བལྟས་ནས་ནི། །རང་གི་སྔགས་ནི་རབ་བཟླས་ཤིང་། །བསྙེན་པས་ཡོངས་སུ་བསྐོར་བར་བྱ། །དེ་ནས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་བཤད་པའི་ཆོ་ག་རྣམས་རྗེས་སུ་སྤྱད་ལ། དཀྱིལ་འཁོར་འདི་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །དེ་

ནས་དཀྱིལ་འཁོར་དབུས་མའི་དབུས་སུ་སྣ་ཚོགས་པདྨའི་སྟེང་དུ་བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྙིང་པོ་འདིས་སྔར་བཤད་པའི་མཚན་ཉིད་ཅན་བྲི་བར་བྱའོ། །སུ་ར་ཏོད་བྷ་བ་ཧཱུཾ། བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཐམས་ཅད་དུ་རྡོ་རྗེ་ཡིད་ལས་བྱུང་བ་

ནས་རྡོ་རྗེ་འབེབས་པའི་བར་དུ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་སྦྱོར་བས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པ། སྐུ་མདོག་སྔོ་བ་དང་རྡོ་རྗེ་གཞུ་དང་མདའ་ལ་སོགས་པ་བསྣམས་པ་འོད་ཟེར་དམར་པོ་ཀུན་ནས་འབར་བས་ཁྱབ་པ། ཁྲོ་གཉེར་བསྡུས་ཞིང་བསྡུས་པ་སྨ་ར་དམར་སེར་

ཅན། སྤྱན་འབར་བ་རྡོ་རྗེའི་མཆེ་བ་གཙིགས་པས་མ་མཆུའི་སྒྲོས་མནན་པ། ཞལ་རྣམ་པར་འགྱུར་བ། དབུ་སྐྲ་གྱེན་དུ་བརྫེས་ཤིང་འབར་བ་བྲི་བར་བྱའོ། །དེ་ནས་འདི་རྣམས་ཀྱི་སྙིང་པོ་བཤད་པར་བྱའོ། ཧོ་དྲྀཥྚ་སཱ་ཡ་ཀ་མ་ཊ་ཧཱུཾ་བཛྲ་ཀཱི་ལི་ཀི་ལ་ཧཱུཾ་ཧཾ་སྨ་ར་བཛྲ་བནྡྷ་ཧཱུཾ་བཛྲ་ཏོ་ཥ་

ཧཱུཾ། ཨོཾ་མ་དྷུ་བཛྲ། ཨོཾ་མ་གྷཱ་བཛྲི་ཧཱུཾ་ཤ་རད་བཛྲི། ཧཱུཾ་ཤེ་ཤེ་རི། ཧཱུཾ་བཛྲ་ལཱ་སྱི། ཧཱ་སྱ་བཛྲ་ནི། ཨོཾ་བཛྲ་གཱི་ཏེ། ཨོཾ་ནྲྀརྟེ་བཛྲི། ཛཿབཛྲ་ཨཾ་ཀུ་ཤ །ཧཱུཾ་བཛྲ་པཱ་ཤ།།བཾ་བཛྲ་སྥོ་ཊ། ཨ་བཛྲ་གྷཎྚ། འདི་དག་ཐམས་ཅད་ཀྱང་སངས་རྒྱས་ལྔའི་ཅོད་པན་དང་། རྡོ་རྗེ་ཕྲེང་བས་དབང་

เล่ม ๖๐ · หน้า 89a

བསྐུར་བའི་ཅོད་པན་ཅན་ཡིན་ནོ། །དེ་ནས་ཇི་ལྟ་བ་བཞིན་དུ་སྒོ་ཕྱེ་ལ། ཁྲོ་བོའི་ཁུ་ཚུར་གྱིས་ཡོངས་སུ་གཟུང་བའི་རྡོ་རྗེ་འབར་བ་དང་། མེ་ཏོག་གི་ལྕུག་མ་ལ་ཡོངས་སུ་བཟླས་པའི་བུམ་པ་དང་། བུམ་པ་གང་བ་རྣམས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་སྔ་མ་

བཞིན་དུ་མཆོད་ལ། མཆོད་པ་ཐམས་ཅད་ཀྱིས་ཀྱང་ཡང་དག་པར་མཆོད་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ཡོངས་སུ་བཟླས་པའི་གོས་སྔོན་པོས་སྨད་གཡོགས་དང་། སྟོད་གཡོགས་དང་། གདོང་གཡོགས་པ་ཇི་ལྟ་བ་བཞིན་དུ་བྱས་ལ་སྡོམ་པ་ཡང་ཇི་ལྟ་བ་བཞིན་དུ་བླངས་ནས། བྱང་

ཆུབ་ཀྱི་སེམས་བསྐྱེད་དེ། ཁྲོ་བོའི་ཁུ་ཚུར་གྱིས་རང་གི་རྡོ་རྗེ་བླངས་ལ། རང་གི་སྙིང་གར་བཞག་ནས། ཧཱུཾ་ལས་རང་གི་སྙིང་གར་རྡོ་རྗེ་བསྐྱེད་ལ། འདི་སྐད་ཅེས་བརྗོད་དོ། །སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ། དེ་ནས་ཕྱི་རོལ་གྱི་སྒོར་བལྟས་པའི་བུམ་པའི་ཆུས་བདག་ཉིད་ལ་

དབང་བསྐུར་ལ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་འཇུག་པའི་གླུ་དེ་བཞིན་དུ་ལེན་ཅིང་འཇུག་པར་བྱའོ། །དེ་ནས་དེ་བཞིན་དུ་བདག་ལ་བྱིན་གྱིས་བརླབ་པ་བྱས་ནས་རྣམ་པར་རྒྱལ་བའི་བུམ་པ་ལས་ཁྲོ་བོའི་ཁུ་ཚུར་གྱིས་ཆུ་བླངས་ནས་བདག་ཉིད་དབང་

བསྐུར་བར་བྱའོ། །དེ་ནས་སངས་རྒྱས་ལྔའི་ཅོད་པན་དང་དབང་བསྐུར་བའི་ཕྱག་རྒྱས་བདག་ཉིད་ལ་དབང་བསྐུར་ནས། ཕྱི་རོལ་གྱི་སངས་རྒྱས་ལྔའི་ཅོད་པན་འབར་བའི་རྡོ་རྗེ་ཕྲེང་བ་དང་བཅས་པས་ཀྱང་དབང་བསྐུར་བར་བྱའོ། །དེ་ནས་འབར་བའི་རྡོ་རྗེ་དང་། བདག་པོ་དང་མིང་

གི་དབང་བསྐུར་བས་དབང་བསྐུར་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱའོ། །དེ་ལ་འབར་བའི་རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཐལ་མོ་བཅིངས་ལ་མཛུབ་མོ་གཉིས་ཕན་ཚུན་དུ་ལྕགས་སྒྲོག་ཏུ་སྦྲེལ་ཏེ། མཐེ་བོང་གཉིས་གཞིབས། སྲིན་ལག་གཉིས་

གཞིབས་ཏེ། རྩེ་མོར་བྱས་ལ་བཟློག་སྟེ། འདིས་སྤྱི་བོ་ནས་བརྩམས་ཏེ་ཕྱོགས་བཞིར་གཏུགས་ནས་དཔྲལ་བར་གཞག་པར་བྱ་སྟེ། དེ་ལྟ་བུས་ནི་འབར་བའི་རྡོ་རྗེའི་ཕྲེང་བས་དབང་བསྐུར་བར་འགྱུར་རོ། །འདིའི་སྙིང་པོ་ནི་ཨ་བྷི་ཥེ་ཀ་ཞེས་བྱའོ། །དེ་ནས་དེ་ཁོ་ན་ཉིད་ཀྱིས་

เล่ม ๖๐ · หน้า 89b

རྡོ་རྗེ་གཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ། དམ་ཚིག་གི་ཕྱག་རྒྱ་ཆེན་པོས་བྱིན་གྱིས་བརླབས་ནས་རང་གི་སྔགས་བཟླ་བར་བྱའོ། །དེ་ནས་མཆོད་པ་ལྔ་དང་། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། ཚིགས་

སུ་བཅད་པ་ལྔས་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུང་བསྟན་པ་དང་། སྔགས་གཟུང་བ་དང་། ཕྱག་རྒྱ་བཞི་བསླབ་པ་བཅོམ་ལྡན་འདས་ལ་ཕྱག་བྱས་ནས། བཅོམ་ལྡན་འདས་ལ་མནོས་ལ་སྔ་མ་བཞིན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། རང་

གི་མིང་ནས་བརྗོད་དོ། དེ་ནས་རྡོ་རྗེ་བསྒྲུབ་པར་བྱའོ། །རྡོ་རྗེ་སློབ་དཔོན་སེམས་དཔའ་ཡི། །རྡོ་རྗེ་ལྕགས་ཀྱུ་བཅིངས་ནས་ནི། །སེ་གོལ་མང་པོ་བརྡབ་བགྱིས་ལ། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །དེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་ཇི་ལྟ་བ་བཞིན་དུ་བྱས་ལ། སྔར་

བཤད་པའི་ལྕགས་ཀྱུས་བཅོམ་ལྡན་འདས་འཁོར་དང་བཅས་པ། དཀྱིལ་འཁོར་ཆེན་པོར་བཅུག་ལ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་དེ། རྭ་བ་དང་དྲ་བ་ཡང་བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་རྣམས་བཅད་དེ། རྡོ་རྗེ་བསྲུང་བས་བསྲུང་བ་ཐམས་ཅད་ཡང་དག་པར་

བསྲུངས་ལ། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་རང་གི་སྔགས་ཀྱིས་མཆོད་ཡོན་ཕུལ་ལ། བཅོམ་ལྡན་འདས་འཁོར་དང་བཅས་པ་རང་གི་དམ་ཚིག་གི་ཕྱག་རྒྱས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་དབང་བསྐུར་བའི་

ཕྱག་རྒྱ་གཉིས་ཀྱིས་དབང་བསྐུར་ལ། ཡང་མཆོད་ཡོན་ཕུལ་ལ་མཆོད་པ་དང་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ནས་རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་དང་ཕྱག་བྱས་ལ་ཕྱི་རོལ་དུ་གཏོར་མ་བྱིན་ཏེ་སྦྱིན་སྲེག་བྱའོ། །དེ་ནས་

བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཡང་དག་པར་མཆོད་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཇི་སྲིད་མཚན་མ་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །སྲིད་པའི་བདེ་བ་དག་བྱའི་ཕྱིར། །ཁྱེད་སྲིན་

เล่ม ๖๐ · หน้า 90a

སྲིད་པ་ལ་དགར་འགྱུར། །འདོད་པ་ཀུན་གྱི་དངོས་གྲུབ་ཆེ། །འགྲོ་བ་ཀུན་ལའང་གྲུབ་པ་ཡིན། །དེ་ལྟར་གནང་བ་ཐོབ་ནས་སློབ་མ་གཞུག་པར་བྱའོ། སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ནས་བསླབ་པའི་གཞི་ལྔ་ལ་སོགས་པ་ཡོངས་སུ་

གཟུང་བའི་སློབ་མ་སྡོམ་པ་དོན་དུ་གཉེར་བ་ལ་སྡོམ་པ་འཛིན་དུ་གཞུག་གོ། །དེ་ནས་དེའི་སྙིང་གར་རྡོ་རྗེ་དེ་བཞིན་དུ་བསམ་པར་བྱའོ། །དེ་ནས་དེ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་བྱིན་གྱིས་བརླབས་ལ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ་ཡོན་གྱི་མཆོག་བླངས་ལ་ཕྱི་རོལ་ན་གནས་པའི་བུམ་

པའི་ཆུས་དབང་བསྐུར་ལ་རང་གི་འཇུག་པའི་ཚུལ་གྱིས་བཅུག་ལ་རྣ་བར་འདི་སྐད་ཅེས་བརྗོད་པར་བྱའོ། །འདོད་ཆགས་བྲལ་བ་ཞེས་བྱ་བ་ནས་མ་བྱེད་ཅིག་ཅེས་བྱ་བའི་བར་དུ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལས་བཤད་པའི་ཆོ་ག་ལྟར་དེའི་ཆོ་ག་ཐམས་ཅད་བྱའོ། སློབ་མ་

འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།ཆོ་ག་གཞན་དག་ནི་གསལ་བས་མ་བཤད་དོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་རྟོག་པ་

བཤད་པ་རྫོགས་སོ།། །།དེ་ལྟར་ཁྲོ་བས་ཁྲོ་བ་སྤང་བའི་ཕྱིར་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་རྟོག་པ་གསུངས་ནས་ད་ནི་ལོག་པར་ལྟ་བའི་གཉེན་པོར་གྱུར་པ་ཡང་དག་པར་ལྟ་བའི་རང་བཞིན་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་པདྨའི་རིགས་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་

བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་བར་མ་ཆད་པ་སྟེ་དང་པོ་སྦྱོར་བའི་རྗེས་ཐོགས་ཉིད་ལའོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་

དོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ་རང་བཞིན་གྱིས་དག་ཅིང་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་དེ་ཉིད་ནི་དོན་ཡོད་ཅིང་ཐོགས་པ་མེད་པ་ཡིན་ནོ། །ཐམས་ཅད་དག་པ་ནི་སྒྲིབ་པ་མེད་པའོ། །པདྨའི་

เล่ม ๖๐ · หน้า 90b

རིགས་ཀྱི་ཚུལ་གྱི་ཆོས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དེ་ལྟར་གྱུར་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རང་བཞིན་གྱི་བྱིན་གྱིས་བརླབ་པའོ། །ཅི་ཞིག་མཛད་ནས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི། རྡོ་རྗེ་ཡེ་ཤེས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་ངེས་པར་བྱས་པའོ། །དེའི་ཕྱག་རྒྱ་ནི་པདྨའི་རིགས་ཏེ་དེ་གཟུགས་བརྙན་གྱི་ཚུལ་དུ་སེམས་ཅན་གྱི་ཁམས་རྒྱས་བཏབ་ནས་ཕྱག་རྒྱའོ། །དངོས་པོར་འཛིན་པའི་མངོན་པར་ཞེན་པ་ནི་སྒྲིབ་པའོ། །དེ་འདི་ལ་

མི་མངའ་བས་ན་སྒྲིབ་པ་མེད་པའོ། །དེའི་ཕྱག་རྒྱ་ནི་པདྨའི་རིགས་ཏེ་དེས་གཟུགས་དེ་ལྟ་བུ་གང་ཡིན་པ་དེ་ལ་དམིགས་པས་མིང་དེ་སྐད་བྱ་བའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་མེད་པའི་རྡོ་རྗེ་ཡེ་ཤེས་ཀྱི་ཚུལ་གྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་

སྙོམས་པར་ཞུགས་པའོ། །སྙོམས་པར་ཞུགས་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པར་གྱུར་པའོ། །འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་པདྨའི་རིགས་ཀྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་དེ་པདྨའི་རིགས་སྤྲུལ་ནས་

སེམས་ཅན་གྱི་དོན་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པ་ཡིན་ནོ། །བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །པདྨ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་པདྨའི་རིགས་ཆེན་ནོ། །དེ་ཉིད་གཟུང་བ་དང་འཛིན་པའི་དྲི་མ་དང་བྲལ་བས་ན་དག་པའོ། །སྐྱེད་

པར་མཛོད་ཅེས་བྱ་བ་ནི་འབྱུང་བར་མཛོད་ཅིག་པའོ། །མཆོག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་མཆོག་ཡིན་ཏེ། རང་བཞིན་གྱིས་ཡང་དག་པའི་ཡེ་ཤེས་ཀྱི་ཚུལ་གྱིས་ཐམས་ཅད་དུ་སོང་བས་ན་ཆེན་པོའོ། །ཚུལ་དེ་ཉིད་ཀྱི་དམ་པར་གྱུར་པས་ན་མཆོག་གོ། །དེ་ནས་

ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ་གསོལ་བ་བཏབ་པའི་རྗེས་ཐོགས་ལ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྟེ་སྔགས་གསུངས་སོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ནས་ཤེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་ཆོས་ཀྱང་ཡིན་ལ་

เล่ม ๖๐ · หน้า 91a

ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ་པདྨའི་རིགས་ཀྱི་ཚུལ་ལོ། །དེ་རྣམས་ལ་གཟིགས་པ་ནི་ཏིང་ངེ་འཛིན་གྱི་ཚུལ་གྱིས་སོ་སོར་རྟོག་པར་མཛད་པའོ། །དེ་ནས་རྡོ་རྗེ་ལྟར་མི་ཕྱེད་པ་གང་ཡིན་པ་དེ་ལ་མིང་དེ་སྐད་ཅེས་བྱའོ། །རྣམ་པར་གནོན་

པ་ནི་མཐུ་རྩལ་ལོ། །པདྨའི་རིགས་ཀྱི་སྤྲུལ་པས་འགྲོ་བའི་དོན་མཛད་ནས་སྔགས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་ཞལ་ནས་ཞེས་བྱ་བ་ནི་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ཞལ་ནས་སོ། །པདྨའི་མདོག་གི་མདངས་ཅན་ཞེས་བྱ་བ་ནི་དཀར་དམར་རོ། །ཟླ་བའི་དཀྱིལ་

འཁོར་གྱི་འོད་ཅན་ནོ་ཞེས་བྱ་བ་ནི་གོ་སླའོ། །དེ་རྣམས་ཀྱི་ཕྱག་ན་ཅི་ཞིག་བསྣམས་ཞེས་པདྨའི་མདའ་ལ་སོགས་པ་ཡོངས་སུ་འཛིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་དེ་དག་ཉིད་པདྨས་མཚན་པའི་རྡོ་རྗེ་མདའ་ལ་སོགས་པ་བསྣམས་པ་པདྨའི་

རིགས་ཀྱི་ཚུལ་གྱིས་བྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པའི་དབང་བསྐུར་བ་འཆང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་འཛིན་པའོ། །རལ་པ་དང་། ཅོད་པན་དང་། ན་བཟའ་དམར་པོ་འཆང་བ་ཞེས་བྱ་བ་ནི་གོ་བར་ཟད་དོ། །པདྨ་ཆེན་པོའི་སེམས་

དཔའ་རྣམས་ཕྱུང་ནས་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་སོ་ཞེས་བྱ་བ་ནི་པདྨ་ཆེན་པོའི་རིགས་ཀྱི་སེམས་དཔའི་ངོ་བོར་སེམས་དཔའ་དེ་རྣམས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ཞལ་ནས་བྱུང་ནས། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་དབྱིབས་ཀྱིས་བཅོམ་

ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ཡོངས་སུ་བསྐོར་ནས། ཕྱོགས་དང་མཚམས་རྣམས་སུ་ཞུགས་པའོ། །བཅོམ་ལྡན་འདས་ནི་འཇིག་རྟེན་དབང་ཕྱུག་གོ། །ཞལ་རབ་ཏུ་བཞད་པ་ཞེས་བྱ་བ་ནི་འགྲོ་བའི་དོན་གཟིགས་པས་སོ། །གཡས་པས་དེ་བཞིན་གཤེགས་

པའི་རྡོ་རྗེ་རང་གི་ཐུགས་ཀར་བསྟོད་པའི་ཚུལ་གྱིས་བསྣམས་ཞིང་གཡོན་པས་ཞེས་བྱ་བ་གཡོན་གྱི་པདྨའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་འཛིན་ཞིང་བསྙེམས་པའི་ཚུལ་གྱིས་པདྨའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །དེ་ལྟར་ན་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ་རྡོ་རྗེ་སྐྱིལ་མོ་

เล่ม ๖๐ · หน้า 91b

ཀྲུང་གིས་བཞུགས་སོ་ཞེས་བྱ་བའི་བར་གྱིས་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་སྔོན་དུ་འགྲོ་བས་རང་གི་ཆོ་ག་རྣམས་རྗེས་སུ་སྤྱད་ནས། རྡོ་རྗེ་པདྨའི་ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་བཅོམ་ལྡན་འདས་འཁོར་དང་བཅས་པ་དགུག་པ་དང་

གཞུག་པ་དང་། བཅིང་བ་དང་དབང་དུ་བྱ་བ་ལ་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ་མངོན་པར་འདོད་པའི་དབང་བསྐུར་བའམ་པདྨའི་ཕྲེང་བས་དབང་བསྐུར་ལ་ལས་རྣམས་ལ་སྦྱོར་བར་བྱའོ། །

དེ་ལ་ལས་ནི་འདི་དག་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེའི་སྔགས་བཟླས་ནས་འདི་སྐད་དུ་བཅོམ་ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་གྱིས་སེམས་ཅན་གྱི་

ཁམས་ཐམས་ཅད་རྣམ་པར་དག་པར་མཛོད་ཅིག་ཅེས་བརྗོད་དོ། །དེ་ནས་པདྨའི་རྡོ་རྗེ་ཡིད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་པདྨོའི་རྡོ་རྗེ་ཡིད་ལས་བྱུང་བ་པདྨའི་འདོད་ཆགས་ཀྱི་མདའ་རྣམ་པར་དག་པའི་གནས་ལ་སེམས་ཅན་གྱི་ཁམས་

རབ་ཏུ་འཇོག་པར་མཛོད་ཅིག་ཅེས་བརྗོད་པར་བྱའོ། །པདྨ་ཀཱི་ལི་ཀཱི་ལའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བཅོམ་ལྡན་འདས་པདྨ་ཀཱི་ལི་ཀཱི་ལ་ལ་སེམས་ཅན་གྱི་ཁམས་མ་ལུས་པ་པདྨའི་རིགས་པའི་གནས་རྣམ་པར་དག་པའི་གནས་ལ་འཇོག་པར་མཛོད་ཅེས་བརྗོད་དོ། །དེ་

བཞིན་དུ་པདྨའི་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་པདྨའི་འབེབས་པས་སེམས་ཅན་གྱི་ཁམས་མ་ལུས་པ་རང་བཞིན་གྱིས་འོད་གསལ་བའི་པདྨ་འབེབས་པའི་ཡེ་ཤེས་ཉིད་ཀྱིས་དབང་དུ་མཛོད་ཅིག་ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །

འདི་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་ནོ། །དེ་ལྟར་ཏིང་ངེ་འཛིན་གསུམ་བཤད་ནས་ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར་དཀྱིལ་འཁོར་ཞེས་བྱ་བ་

เล่ม ๖๐ · หน้า 92a

ལ་སོགས་པ་ལ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་གསུངས་པ་ཡིན་ནོ། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །དཀྱིལ་འཁོར་ཐམས་ཅད་ཐིག་གདབ་བོ། །ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་

འཁོར་ཆེན་པོའི་དབྱིབས་ལྟར་འདིའི་ཕྱིའི་དཀྱིལ་འཁོར་ཐིག་གདབ་པར་བྱའོ། །དེའི་ནང་དུ་སྔ་མ་བཞིན་དུ་ཀ་བ་བརྒྱད་ཀྱི་ཚུལ་གྱི་པདྨ་འདབ་མ་བརྒྱད་པ་ལ་པདྨའི་ཕྲེང་བས་ཡོངས་སུ་བསྐོར་བ་བྲི་བ་ནི་རྡོ་རྗེ་འཇིག་རྟེན་དབང་ཕྱུག་དང་པདྨ་རྡོ་རྗེ་ཡིད་ལས་བྱུང་བ་དང་། པདྨ་ཀཱི་ལི་ཀཱི་ལ་

དང་། པདྨ་དྲན་པ་དང་། པདྨ་བསྙེམས་པའི་སྔགས་ཐིག་སྐུད་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཤིང་། ཨོཾ་བཛྲ་སཱུ་ཏྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བ་རྡོ་རྗེ་བསྡམས་པ་བཟུང་ལ་ཐིག་སྐུད་ལ་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །དེ་ནས་དེས་དཀྱིལ་འཁོར་ཐིག་གདབ་བོ། །དེ་བཞིན་དུ་

ཐམས་ཅད་དུ་ཡང་བདག་པོ་ལྔའི་སྔགས་བཟླས་པ་དེའི་རྗེས་ལ་ཐིག་གདབ་པའི་སྔགས་ཐིག་སྐུད་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་འཇིག་རྟེན་དབང་ཕྱུག་གཞག །པདྨས་མཚན་པའི་ཚོགས་རྣམས་བྲི། །ཞེས་བྱ་བ་ནི་དེ་ལྟར་དཀྱིལ་འཁོར་

ཐིག་བཏབ་ནས་དེ་བཞིན་དུ་ཡང་བདག་པོ་ལྔའི་སྔགས་བཟླས་ལ། ཚོན་རྩི་དགྱེ་བ་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་དཀྱིལ་འཁོར་དབུས་མའི་དབུས་སུ་ཇི་ལྟ་བ་བཞིན་དུ་གཞག་ཅིང་བཞུགས་སུ་གསོལ་ལ་པདྨའི་རྡོ་རྗེ་ཡིད་ལས་བྱུང་བ་ནས་པདྨ་འབེབས་

པའི་བར་དུ་རང་རང་གི་གནས་སུ་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །ཨོཾ་ཧྲཱིཿབཾ་ཧོཿཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའོ། །གཞན་དག་གི་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པའི་སྙིང་པོ་རྣམས་ཡིན་པར་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་བྲིས་ནས་

སློབ་དཔོན་རྡོ་རྗེ་པདྨའི་ཕྱག་རྒྱ་དང་། བཛྲ་བཛྲ་ཞེས་བྱ་བ་རྡོ་རྗེ་ཤུགས་ཟློས་ཤིང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་གླུ་ཡང་ལེན་ཅིང་འཇུག་པར་བྱའོ། །རྡོ་རྗེ་བསྡམས་པ་ལས་བྱུང་བའི་དང་པོའི་རྡོ་རྗེ་བཅིངས་ལ་མཛུབ་མོ་གཉིས་བསྒྲེང་ལ་བཀུག་སྟེ་པདྨའི་

เล่ม ๖๐ · หน้า 92b

འདབ་མ་གཉིས་ཀྱི་ཚུལ་གྱིས་བཀན་ཏེ་བཞག་ལ་སྙིང་གའི་ཕྱོགས་སུ་གཞག་པ་ནི་རྡོ་རྗེ་པདྨ་སྟེ་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱའོ། །འདིས་ཞུགས་པ་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ནས་བསྡུ་བ་བྱས་ལ་

མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་ནས། བཅོམ་ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་སྤྱན་དྲང་བར་བྱའོ། །མཛུབ་མོའི་ལྕགས་ཀྱུ་གཉིས་ཀྱིས་ཞེས་བྱ་བ་འཇུག་པའི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱས་ལ་སྤྱན་དྲང་བའི་སྔགས་

ཟློས་ཤིང་དེས་དགུག་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །ཆོ་ག་རྒྱས་པ་ཐམས་ཅད་དེ་བཞིན་ནོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་ཆོ་ག་ཐམས་ཅད་ཇི་ལྟར་གསུངས་པ་འདིར་ཡང་དེ་བཞིན་དུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་

ལྟར་གཞུང་འདིས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །ཡང་འདིའི་དོན་བརྗོད་པར་བྱ་སྟེ་བདག་བསྲུང་བ་དང་གནས་བསྲུང་བ་བྱས་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་བཅོམ་ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་

གསུང་གི་དཀྱིལ་འཁོར་སྤྲུལ་ཏེ། ཕྱག་འཚལ་བ་ལ་སོགས་པ་བྱས་ནས་སྡོམ་པ་གཟུང་བར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བསྡམས་པ་བཅིངས་ལ་རྡོ་རྗེ་བསྡམས་པ་སྙིང་གར་དྲལ་བར་བྱའོ། །དེ་ནས་རྡོ་རྗེ་འབེབས་པས་བདག་ཉིད་ལ་དབབ་པར་བྱས་ལ་རང་གི་སྙིང་གར་

ཕྱག་རྒྱ་དགྲོལ་བར་བྱས་ནས་རྡོ་རྗེ་ཁུ་ཚུར་གྱིས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་སྔ་མ་བཞིན་དུ་དང་པོའི་རྡོ་རྗེ་བཅིང་བར་བྱའོ། །དེ་ནས་རང་གི་སྙིང་གར་ཕྱག་རྒྱ་ཐམས་ཅད་དགྲོལ་བར་བྱས་ལ་སྡིག་པ་རྣམས་དྲལ་བར་བྱའོ། །དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་འཇིག་རྟེན་དབང་

ཕྱུག་གི་སྙིང་པོ་ཨོཾ་དྷི་བཾ་ཧོ་ཞེས་བྱ་བ་ཡིད་ཀྱིས་བྲིས་ལ་དེ་ཉིད་ཡིད་ལ་ཟློས་ཤིང་སྭ་བྷཱ་བ་ཤུདྡྷ་སྶརྦ་དྷརྨཱ་ཞེས་བྱ་བས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་རང་གི་སེམས་དབྱངས་ཀྱི་ཡི་གེ་བཅུ་དྲུག་སྙིང་པོ་དང་བཅས་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སུ་

เล่ม ๖๐ · หน้า 93a

བསམ་པར་བྱའོ། །དེའི་སྟེང་དུ་ཡི་གེ་ཀ་ལ་སོགས་པ་གསལ་བའི་སྙིང་པོ་དང་བཅས་པ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་བསམ་པར་བྱའོ། །ཡང་དེ་ཉིད་དུ་སྙིང་པོ་དང་བཅས་པ་ལས་དང་པོའི་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེ་པདྨར་བསམས་ལ་དེའི་དབུས་སུ་སྙིང་པོ་བསམས་

ཏེ། རྡོ་རྗེ་པདྨ་ནི་བདག་གོ་ཞེས་བསྒོམ་ཞིང་། པདྨ་ལས་པདྨའི་རིགས་སྤྲུལ་ལ་དེས་འགྲོ་བ་ཐམས་ཅད་འདུལ་བར་བྱས་ནས། དེ་ཡང་པདྨ་དེར་ཡིད་ཀྱིས་བཅུག་ལ་པདྨ་དེ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བས་དཔལ་རྡོ་རྗེ་སེམས་དཔའི་ཆོ་ག་རྣམ་པར་བསམས་ལ་སྙིང་པོ་

རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་བདག་ཉིད་རྡོ་རྗེ་སེམས་དཔར་བསམས་ནས་འདི་སྐད་ཅེས་བརྗོད་དོ། །མ་ཧཱ་ས་མ་ཡ་སཏྭ་ཧཾ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་བརྗོད་དོ། །ས་མ་ཡོ྅ཧཾ་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་སྙིང་

ག་དང་དཔྲལ་བ་དང་ལྐོག་མ་དང་སྤྱི་བོར་བྱིན་གྱིས་བརླབས་ལ་ས་མ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བརྗོད་དོ། །དེ་ནས་སྙིང་པོ་ཟློས་ཤིང་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་ནམ་མཁའ་དང་མཉམ་པའི་སྦྱོར་བས་རང་གི་སྙིང་གའི་ཟླ་བར་ཡིད་ཀྱིས་

ཞུགས་ལ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་དེ་བཞིན་དུ་བསྐྱེད་ལ། འཇུག་པའི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་བླངས་ལ་འཇུག་པའི་ཆོ་གས་འཇུག་པར་བྱའོ། །དེ་ནས་རང་གི་མགོར་མེ་ཏོག་གི་ཕྲེང་བ་དོར་ལ་ལངས་ཏེ་ཇི་ལྟ་བ་བཞིན་དུ་བཅིངས་ནས།

དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱི་ཆོ་ག་རྣམས་རྗེས་སུ་སྤྱད་ལ་དཀྱིལ་འཁོར་དེ་རང་གི་སྙིང་གར་ཟླ་བར་བཅུག་སྟེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བསྒྲུབ་པའི་ཚུལ་གྱིས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་ཆེན་པོ་བསྒྲུབ་པར་

བྱའོ། །དེ་ནས་དང་པོའི་རྡོ་རྗེས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱིན་གྱིས་བརླབས་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱི་ཆོ་ག་རྗེས་སུ་སྤྱད་པར་བྱའོ། །དེ་ནས་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་པདྨ་གཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ཏེ་

เล่ม ๖๐ · หน้า 93b

སྙིང་པོ་ལན་གསུམ་བཟླ་བར་བྱའོ། །དེ་ནས་པདྨའི་མཚོན་ཆ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་བདག་ཉིད་ལ་ཡང་དག་པར་མཆོད་ནས་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་ཡིད་ཀྱིས་ནམ་མཁའི་ཕྱོགས་སུ་གནས་ནས་རང་གི་སྙིང་པོ་བརྗོད་པར་བྱའོ། །དེ་ནས་དེ་

ཉིད་དུ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་ནམ་མཁའ་ལྟར་མཐའ་ཡས་པའི་རང་གི་དཀྱིལ་འཁོར་བསྐྱེད་ལ་ལྷ་ཐམས་ཅད་ཀྱི་གནས་སུ་ཧྲི་ལས་སྣ་ཚོགས་པདྨའི་གདན་བསྐྱེད་དེ། ཏིང་ངེ་འཛིན་གསུམ་ནས་བརྩམས་ཏེ་ཇི་སྲིད་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་

བར་དུ་ཉིན་རེ་ཞིང་བསྒོམ་པར་བྱའོ། །དེ་ནས་སྔར་བཤད་པ་བཞིན་དུ་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་ལ་ཆོ་ག་རྣམས་དེ་བཞིན་དུ་རྗེས་སུ་སྤྱད་ཅིང་རྡོ་རྗེ་འཁོར་ལོས་རང་གི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པ་དེ་བཞིན་དུ་བསྐྱེད་ནས་སྣ་ཚོགས་པདྨའི་གདན་ནམ་མཁའ་ལྟར་

མཐའ་ཡས་པ་བསྐྱེད་པར་འདུག་སྟེ་སྔ་མ་བཞིན་བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་དེ་བཞིན་དུ་སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱས་ནས་ཏིང་ངེ་འཛིན་གསུམ་པོ་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེའི་སྙིང་

པོ་བརྗོད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་བཞིན་དུ་བདག་ཉིད་ལ་གསོལ་བ་བཏབ་པར་བསམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཨོཾ་དྷི་བཾ་ཧོ་བཛྲོད་ཏིཥྛ་མཎྜ་ལཾ་ཨུད་ཐ་པ་ཡ་

ཞེས་ཟློས་ཤིང་། །དཀྱིལ་འཁོར་བཏེག་ལ་ནམ་མཁའི་ཕྱོགས་སུ་བཞག་སྟེ། བདག་ཉིད་དེ་ཉིད་གྱི་རང་གི་དམ་ཚིག་གི་ཕྱག་རྒྱས་བྱིན་གྱིས་བརླབས་ལ་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཀུན་དུ་རྣམ་པར་བལྟས་ནས་ནི། །སྙིང་པོ་ཡང་

དག་ཟློས་བྱེད་ཅིང་། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །དེ་ནས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་སྔར་བཤད་བའི་རང་གི་ཆོ་ག་རྣམས་རྗེས་སུ་སྤྱད་ལ། དཀྱིལ་འཁོར་ཐིག་གདབ་སྟེ་བྲིས་ནས། འཇིག་རྟེན་དབང་ཕྱུག་འཁོར་དང་བཅས་པ་སྔར་བཤད་པའི་སྙིང་

เล่ม ๖๐ · หน้า 94a

པོས་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །དེ་ནས་སྒོ་ཕྱེ་ལ་པདྨའི་ཁུ་ཚུར་གྱིས་པདྨའི་ལྕུག་མ་ལ་བུམ་པ་དང་བུམ་པ་གང་བ་ལ་དེ་བཞིན་དུ་བཟླས་ཏེ་ལྷ་རྣམས་ལ་དབུལ་བར་བྱའོ། །དེ་ནས་མཆོད་པ་རྣམ་པ་ལྔ་དང་མཆོད་པ་ཐམས་ཅད་ཀྱིས་

ཀྱང་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཡང་དག་པར་མཆོད་ལ། རྡོ་རྗེ་གནོད་སྦྱིན་ལ་སོགས་པ་བཟླས་པའི་གོས་དམར་པོས་སྨད་གཡོགས་དང་སྟོད་གཡོགས་དང་གདོང་གཡོགས་བྱས་ལ། ཕྱག་བྱ་བ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ནས་སྡོམ་པ་བླངས་ལ།

བྱང་ཆུབ་ཀྱི་སེམས་བསྐྱེད་ནས་གཡས་པའི་པདྨའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བཟུང་ལ་རང་གི་སྙིང་གའི་ཕྱོགས་སུ་འཛིན་ཅིང་རང་གི་སྙིང་གའི་ཟླ་བར་རྡོ་རྗེ་པདྨའི་སྙིང་པོ་འདིས་བསམ་པར་བྱའོ། །སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷ་ཡ་ཐཱ་སུ་ཁཾ། དེ་ནས་ཤར་ཕྱོགས་ཀྱི་སྒོ་ནས་བལྟས་ཏེ་

ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ་འཇུག་པའི་ཕྱག་རྒྱས་བཅིངས་ཏེ་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ལ་བཛྲ་བཛྲ་ཞེས་ཟློས་ཤིང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པའི་གླུ་ཟློས་ཤིང་རང་གི་ཆོ་གས་སྔ་མ་བཞིན་དུ་འཇུག་པར་བྱའོ། །

དེ་ནས་རང་གི་ཆོ་ག་རྗེས་སུ་སྤྱད་ལ་པདྨའི་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ་དེ་ནས་དེས་བདག་ཉིད་ཇི་ལྟ་བ་བཞིན་དུ་དབང་བསྐུར་ལ། འོད་དཔག་ཏུ་མེད་པའི་དབང་བསྐུར་བ་དང་། པདྨའི་དབང་བསྐུར་བ་ཡང་བླངས་ལ་འོད་དཔག་ཏུ་མེད་པ་དང་། པདྨའི་

ཕྲེང་བ་དག་དང་ལྡན་པའི་ཅོད་པན་གྱིས་དབང་བསྐུར་ནས་རྡོ་རྗེ་པདྨ་དང་། བདག་པོ་དང་མིང་གི་དབང་བསྐུར་བས་དབང་བསྐུར་ཏེ་དེ་བཞིན་དུ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱའོ། །དེ་ནས་དེ་བཞིན་དུ་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་པདྨ་བཟུང་ལ་ཆོས་ཀྱི་དྲིལ་བུ་དཀྲོལ་

ལ་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས་སྙིང་པོ་བཟླ་བར་བྱའོ། །དེ་ནས་མཆོད་པ་རྣམ་པ་ལྔ་དང་། པདྨའི་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་གང་བདག་ཉིད་ལ་མཆོད་ནས་བཅོམ་ལྡན་འདས་ལས་ཚིགས་སུ་བཅད་པ་ལྔས་

เล่ม ๖๐ · หน้า 94b

རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུང་བསྟན་པ་དང་། རང་གི་སྔགས་གཟུང་བ་དང་། ཕྱག་རྒྱ་བཞིའི་ཡེ་ཤེས་ཉེ་བར་བསྟན་པ་དག་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་བླངས་ནས་ཡང་དེ་བཞིན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ་རང་གི་མིང་ནས་

བརྗོད་ལ་རྡོ་རྗེས་བསྒྲུབ་པར་བྱའོ། །དེ་ནས་པདྨའི་སློབ་དཔོན་གྱིས། སེམས་དཔའི་རྡོ་རྗེ་ལྕགས་ཀྱུ་བཅིངས། །སེལ་གོལ་མང་པོ་གདབ་བྱས་ནས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །དེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པར་བྱས་ལ་ལྔར་བཤད་པའི་ལྕགས་ཀྱུས་

བཅོམ་ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ། རྡོ་རྗེ་གནོད་སྦྱིན་དང་། ཁུ་ཚུར་དང་བསྲུང་བས་ལས་རྣམས་དེ་བཞིན་དུ་བྱས་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་རང་གི་སྔགས་ཀྱིས་མཆོད་ཡོན་ཕུལ་ལ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བཅོམ་ལྡན་

འདས་འཁོར་དང་བཅས་པ་ལ་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་། ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་དབང་བསྐུར་ནས་ཡང་མཆོད་ཡོན་ཕུལ་ལ་མཆོད་པ་རྣམ་པ་ལྔ་དང་པདྨའི་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་ཕྱི་རོལ་ཏུ་

གཏོར་མ་བྱིན་ལ་སྦྱིན་སྲེག་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་མཆོད་ནས་རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་དང་། ཕྱག་བཞིས་ཀྱང་ཕྱག་བྱས། ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་ཕྱག་བྱས་ལ་འདི་སྐད་

དུ། སྲིད་པའི་སྦྱོར་བ་རྣམ་དག་ཕྱིར། །ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །དེ་ལྟར་བཀའ་ནོས་ནས་སློབ་མ་གཞུག་པར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྫོགས་སོ།། །།དེ་ནས་བསླབ་པའི་གཞི་ལྔ་ཡོངས་སུ་གཟུང་བའམ་དགེ་སྦྱོང་ངམ་དགེ་སློང་གི་བསླབ་པ་ཡོངས་སུ་

མ་གཟུང་བ་སྡོམ་པ་དོན་དུ་གཉེར་བ་དག་སྡོམ་པ་འཛིན་དུ་གཞུག་གོ། །དེ་ནས་དེའི་སྙིང་གར་པདྨའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བཞག་ལ་དེ་བཞིན་དུ་རྡོ་རྗེ་པདྨ་བསྐྱེད་པར་བྱའོ། །དེ་ནས་སློབ་མ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ཏུ་བྱིན་གྱིས་བརླབས་ལ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ་ཡོན་གྱི་

เล่ม ๖๐ · หน้า 95a

མཆོག་བླངས་ནས། ཤར་གྱི་ཕྱོགས་ཀྱི་སྒོར་ཁ་བལྟས་ཏེ་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ་རང་གི་འཇུག་པའི་ཆོ་གས་གཞུག་པར་བྱའོ། །དེ་ནས་དེའི་རྣ་བར་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནས་མ་བྱེད་ཅིག་ཅེས་བྱ་བའི་བར་དུ་བརྗོད་

པར་བྱའོ། །དེ་ནས་ཆོ་ག་ལྷག་མ་རྣམས་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་བཤད་པ་ལས་ཤེས་པར་བྱའོ། །སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྫོགས་སོ།། །།དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་བཤད་ནས་ད་ནི་དམ་

ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་ད་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་ཐོབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར་བསྒྲུབ་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་སྒྲུབ་པ་ནི་སྒྲུབ་པའི་ཐབས་སོ། །དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་

ལས་བཤད་པའི་དངོས་གྲུབ་ཇི་སྐད་བཤད་པ་དེ་ཐམས་ཅད་བསྟན་པའོ། །འདི་སྐད་སྟོན་ཏེ་བདག་བསྲུང་བ་དང་གནས་བསྲུང་བ་བྱས་ལ། བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ལུགས་མའམ་བརྐོས་མ་ལ་སོགས་པ་མདུན་དུ་གཞག་སྟེ། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་

ཆུབ་ཀྱི་སེམས་བླངས་ལ་རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བསྡམས་པ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་བསྡམས་པ་སྙིང་གར་དགྲོལ་ལོ། །དེ་ནས་རྡོ་རྗེ་དབབ་པ་བསྐྱེད་ལ་རྡོ་རྗེ་འབེབས་པའི་ཕྱག་རྒྱ་དེ་བཞིན་དུ་བཀྲོལ་ཏེ། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་དང་

པོའི་རྡོ་རྗེ་བཅིངས་ལ་རང་གི་སྙིང་གར་གནས་པའི་རྡོ་རྗེ་པདྨ་ལ་བཟླས་པར་བྱ་བའི་སྔགས་བསམས་ཏེ། ཆོས་ཐམས་ཅད་བདག་མེད་པ་ལ་སོགས་པ་བསྒོམས་ལ་དམ་ཚིག་སེམས་དཔར་བྱིན་གྱིས་བརླབས་པའི་བར་གྱི་ཆོ་ག་རྫོགས་པར་བྱས་ནས་ཕྱག་རྒྱ་ཆེན་པོ་བཅིངས་ནས་ཡེ་ཤེས་

སེམས་དཔའ་རང་གི་ལུས་ལ་བཅུག་ལ་དམ་ཚིག་གི་ཕྱག་རྒྱ་སྒྲུབ་སྟེ། ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་པ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ལུས་ལ་བཅུག་སྟེ། དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་བྱའོ། །དེ་ནས་དེ་རྣམས་ཆོས་དང་ལས་དང་ཕྱག་

เล่ม ๖๐ · หน้า 95b

རྒྱ་ཆེན་པོས་རྒྱས་བཏབ་ནས་དང་པོའི་རྡོ་རྗེས་དེ་བཞིན་དུ་བདག་ཉིད་བྱིན་གྱིས་བརླབས་ལ། དེ་བཞིན་གཤེགས་པའི་སྐུའི་མཆོག་བཅིངས་ཏེ་འོད་དཔག་ཏུ་མེད་པས་དབང་བསྐུར་ལ། པདྨའི་ཕྲེང་བའི་རིམ་པས་པདྨའི་ཕྲེང་བའི་དབང་བསྐུར་བ་ཡང་བླངས་ལ། རྡོ་རྗེ་པདྨའི་བདག་

པོ་དང་། མིང་གི་དབང་བསྐུར་བ་ཡང་བླངས་ཏེ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བཟུང་ནས་པདྨའི་མཚོན་ཆ་མ་ལ་སོགས་པའི་གསང་བའི་མཆོད་པ་བཞིས་བདག་ཉིད་མཆོད་ལ། རྣམ་པར་སྒེག་པའི་དགའ་བ་རྡོ་རྗེ་དང་ཕྱག་རྒྱ་བཞིས་ཕྱག་བྱས་ནས་རྡོ་རྗེ་པདྨ་དེ་ཁོ་ན་ཉིད་ཀྱིས་བཟུང་ལ།

ཆོས་ཀྱི་པདྨའི་དྲིལ་བུ་དཀྲོལ་ཏེ་དེ་ནས་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས། རང་གི་སྙིང་པོ་ལན་གསུམ་བཟླས་ནས། རང་གི་སྙིང་གར་གནས་པའི་རྡོ་རྗེ་པདྨ་ལ་བཟླས་པར་བྱ་བའི་སྔགས་ཡིད་ཀྱིས་བྲིས་ཏེ། རྡོ་རྗེ་ཏིང་ངེ་འཛིན་གྱི་ཚིག་གིས་ཟློས་ཤིང་བཟླས་

པའི་དོན་གྱིས་བདག་ཉིད་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ཏུ་བསྒོམ་པར་བྱ་སྟེ་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གམ་དུས་ཇི་སྲིད་ཀྱི་བདག་ཉིད་རང་གི་ལྷའི་སྐུར་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཉིན་རེ་ཞིང་བསྒོམ་པར་བྱའོ། །དེ་ནས་ཟླ་བ་ཕྱེད་ཙམ་

བསྒོམས་ནས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ཏུ་འགྱུར་རོ། །དེ་བཞིན་དུ་དངོས་གྲུབ་གཞན་དག་བསྒྲུབ་པ་ལ་ཡང་སྔ་མའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །དེ་ནས་མ་བསྒྲུབས་པ་ནི་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་བ་ལ་ནི་པདྨ་ཆེན་པོས་སོ་ཞེས་

བྱ་བ་ལ་ནི། དེ་བཞིན་དུ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་ལ། ཐལ་མོ་ཁོང་སྟོང་བཅིངས་ཏེ་མཐེ་བོ་གཉིས་དང་མཐེ་ཆུང་གཉིས་ཕྱེ་ལ་པདྨ་འདབ་མ་བཞི་པའི་ཚུལ་དུ་སྙིང་གར་གཞག་པ་འདིས་ནི་པདྨ་ཆེན་པོའོ། །འདི་བཅིངས་ནས་སྭ་བྷཱ་བ་ཤུདྡྷ་སྶརྦ་དྷརྨ་ཞེས་བྱ་བའི་སྙིང་པོ་

འདི་ཟློས་ཤིང་བསྒོམས་ན་དེ་ལྟ་བུས་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བར་འགྱུར་རོ། །ཐམས་ཅད་བསྲུང་བ་ལ་ནི་པདྨའི་གཙུག་ཏོར་གྱིས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་ལ་པདྨ་ཆེན་པོའི་ཕྱག་རྒྱས་བཅིངས་ཏེ་སྤྱི་བོར་བཞག་ལ་ཡིད་ཀྱིས་གྲུབ་

เล่ม ๖๐ · หน้า 96a

པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ལ། བསྒྲུབ་པར་བྱ་བ་སྐྱེས་བུ་ཆེན་པོའི་མཚན་སྤྱི་གཙུག་ལྟར་མི་མངོན་པ་དང་ལྡན་པའི་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ཏུ་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་བསྲུང་བར་འགྱུར་རོ། །ཐམས་ཅད་རྗེས་སུ་ཆགས་པར་བྱས་

པ་ལ་ནི་པདྨ་ལ་བལྟས་པས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་ལ་རང་གི་སྙིང་གའི་ཕྱོགས་སུ་པདྨ་ཆེན་པོ་བཅིངས་ཏེ། དེ་ཉིད་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང་པདྨའི་འདབ་མ་ཁ་བྱེ་བ་ལ་སོགས་པས་རང་ཉིད་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་

པོ། །པདྨ་དམར་པོའི་འོད་ཟེར་གྱི་ཚོགས་ཀྱིས་བསྒྲུབ་པར་བྱ་བ་ཀུན་དུ་བསྐང་ཞིང་ཁ་དོག་དམར་པོར་བྱས་ལ་རྗེས་སུ་ཆགས་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་རྗེས་སུ་ཆགས་པར་འགྱུར་རོ། །ཐམས་ཅད་དག་པའི་ཏིང་ངེ་འཛིན་ཐོབ་པ་ལ་ནི་པདྨ་ཁ་འབྱེད་པས་སོ་ཞེས་བྱ་བ་ནི་

དེ་བཞིན་དུ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་ལ་པདྨ་ཆེན་པོ་བཅིངས་ཏེ། དེའི་སོར་མོ་ཐམས་ཅད་ཀྱིས་པདྨ་ཁ་ཕྱེ་བ་བྱས་ལ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་སྒོམ་ཞིང་། བདག་ཉིད་པདྨ་ཁ་འབྱེད་པའི་ཚུལ་གྱིས་གནས་ཤིང་འཇིག་རྟེན་དབང་ཕྱུག་ཏུ་

བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་དག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །བུད་མེད་ཐམས་ཅད་དབང་དུ་བྱ་བ་ལ་ནི་པདྨ་ཆེན་པོའི་འདོད་ཆགས་ཀྱིས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་ལ། རང་གི་སྙིང་གའི་ཕྱོགས་སུ་པདྨ་ཆེན་པོ་

བཅིངས་ཏེ་མཛུབ་མོ་གཉིས་གུང་མོ་གཉིས་ཀྱི་རྒྱབ་ཏུ་སྦྱར་ལ་གུང་མོ་དང་མཐེ་བོང་གཉིས་གཞིབས་ལ་མིག་འབྲས་ཀྱི་ཚུལ་དུ་བྱས་པ་འདི་ནི་རྡོ་རྗེ་སྤྱན་པདྨའི་འདོད་ཆགས་ཞེས་བྱ་བ་ཡིན་ཏེ་འདི་བཅིངས་ལ་པདྨ་རྡོ་རྗེ་ཡིད་ལས་བྱུང་བ་ཁ་དོག་དམར་པོར་བདག་ཉིད་བསྒོམ་ཞིང་པདྨ་དམར་པོའི་འོད་

ཀྱི་ཚོགས་ཀྱིས་བསྒྲུབ་པར་བྱ་བའི་གནོད་སྦྱིན་མ་ལ་སོགས་པའི་གཟུགས་ཀུན་དུ་གང་བར་བྱ་ཞིང་ཁ་དོག་དམར་པོར་བྱས་ནས་འོད་ཀྱི་ཚོགས་དེ་ཡང་དྲངས་ལ་རང་གི་རྐང་པའི་དྲུང་དུ་བཞག་ནས། ལུང་ནོད་པ་ལ་འབད་པས་རབ་ཏུ་གདུག་ཅིང་བདག་ཉིད་དང་ནོར་གྱིས་ཕྱོགས་པར་བྱེད་ཅིང་

เล่ม ๖๐ · หน้า 96b

དབང་དུ་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་བུད་མེད་ཐམས་ཅད་དབང་དུ་འགྱུར་རོ། །སྐྱེས་པ་ཐམས་ཅད་དབང་དུ་བྱ་བ་ལ་ནི་པདྨའི་དབང་གིས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་ལ་པདྨ་ཆེན་པོ་བཅིངས་ཏེ་མཐེ་བོ་དང་མཛུབ་མོས་ལེགས་སོ་ཞེས་བྱ་བ་

སྦྱིན་པར་བྱའོ། །བདག་ཉིད་ཀྱང་པདྨ་ལེགས་པའི་སྐུ་ཁ་དོག་དམར་པོ་བསམས་ལ་བསྒྲུབ་པར་བྱ་བ་པདྨ་དམར་པོའི་འོད་ཀྱིས་བཀང་སྟེ་བཀུག་ནས་རང་གི་རྐང་མཐིལ་ལ་འདུད་པར་བྱས་ཏེ། དེ་ལྟ་བུས་ནི་སྐྱེས་པ་ཐམས་ཅད་དབང་དུ་འགྱུར་རོ། །རྨི་ལམ་གདབ་པ་ལ་ནི་པདྨ་ཆེན་པོ་དམར་

པོས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་ལ་བཅོམ་ལྡན་འདས་སྤྱན་དྲངས་ཏེ། མཆོད་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ལ་མཚན་ཕྱེད་ཀྱི་དུས་སུ་པདྨ་ཆེན་པོ་བཅིངས་ལ། དཔྲལ་བའི་ཕྱོགས་སུ་བཞག་ལ་འདི་སྐད་དུ་བཅོམ་

ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་བདེན་པ་གང་གིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན་པའི་བདེན་པ་དེས་མངོན་པར་འདོད་པའི་དོན་དེ་རྨི་ལམ་དུ་མཐོང་ཞིང་སྟོན་པར་མཛོད་ཅིག་ཅེས་བརྗོད་ལ། དེ་ནས་ཇི་སྲིད་ཡིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་སྙིང་པོ་བཟླ་བར་བྱའོ། །དེ་ནས་རྡོ་རྗེ་འཇིག་

རྟེན་དབང་ཕྱུག་དེ་ཉིད་ལ་གསོལ་བ་འདེབས་ཤིང་གཡས་ལགས་ཕབ་སྟེ་ཉལ་བ་ན་ཐམས་ཅད་སྟོན་པར་མཛད་དོ། །བཅོམ་ལྡན་འདས་ལས་མཆོག་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་པདྨ་རྨོངས་པ་མེད་པས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་

ལ་བཅོམ་ལྡན་འདས་མདུན་དུ་སྤྱན་དྲངས་ཏེ། ཆོ་ག་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྗེས་སུ་སྤྱད་ལ་པདྨ་ཆེན་པོ་བཅིངས་ཏེ། གཡོན་པའི་མཐེ་བོང་དང་མཛུབ་མོ་སྐྱེ་གནས་སུ་བྱས་པར་གཡས་པའི་མཐེ་བོའི་མཚན་མ་བཅུག་ལ་མཆོག་གསོལ་བ་འདེབས་པའི་བསམས་པས་

སྙིང་པོ་བཟླ་བར་བྱ་སྟེ། དེ་ལྟ་བུས་ནི་མཆོག་ཐམས་ཅད་ཐོབ་པར་འགྱུར་རོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས། བཅོམ་ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་རྟོག་

เล่ม ๖๐ · หน้า 97a

པའི་རྒྱལ་པོ་རྫོགས་སོ།། །།དེ་ལྟར་ལོག་པར་ལྟ་བ་སྤངས་པའི་ཕྱིར་པདྨའི་རིགས་བསྟན་ནས། ད་ནི་སེར་སྣ་སྤང་བའི་ཕྱིར་རིན་པོ་ཆེའི་རིགས་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ་

དང་པོ་སྦྱོར་བའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་དང་པོའི་སྦྱོར་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །འཇིག་རྟེན་གསུམ་པོ་མ་ལུས་པའི་བདག་པོ་ཞེས་བྱ་བ་ནི་ཕྱོགས་

བཅུ་ན་གནས་པའི་ཁམས་གསུམ་པ་ཐམས་ཅད་ཁམས་གསུམ་པ་མ་ལུས་པའོ། །དེའི་བདག་པོར་གྱུར་པ་ནི་ཁམས་གསུམ་པ་ཐམས་ཅད་ན་སྤྱོད་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པས་ཆོས་ཀྱི་རྒྱལ་སྲིད་ཐོབ་པའི་ཕྱིར་རོ། །ཁམས་གསུམ་མ་ལུས་པ་དེར་རང་

དབང་ཐོབ་པས་ན་དབང་ཕྱུག་གོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་བཤད་ཟིན་ཏེ། བསམ་པ་ཐམས་ཅད་རྫོགས་པའི་རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་རིན་པོ་ཆེའི་རིགས་རྣམས་ཐོབ་པར་སྲེད་པ་ནི་བསམ་པ་ཐམས་ཅད་དོ། །དེས་འདུལ་བའི་སེམས་ཅན་གྱི་ཁམས་ལ་རིན་པོ་ཆེའི་

རིགས་དྲུག་པ་དེ་ལ་ཀུན་ནས་ཡོངས་སུ་བསྐྱེད་ཅིང་རྫོགས་པར་མཛད་པ་ནི་ཡོངས་སུ་རྫོགས་པའོ། །དེའི་དོན་གྱི་རྡོ་རྗེ་རིན་པོ་ཆེའི་རྩེ་མོ་རྡོ་རྗེ་རྩེ་ལྔ་པས་མཚན་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའོ། །དེ་ལས་བྱུང་བ་ནི་རིན་པོ་ཆེའི་རིགས་ཀྱི་ཚུལ་གྱིས་དབང་བསྐུར་བའི་ཕྱག་རྒྱ་ནི། རྡོ་རྗེ་རིན་

ཆེན་གྱི་དབང་བསྐུར་བའི་ཕྱག་རྒྱའོ། །གང་ཡང་མིང་དེ་སྐད་ཅེས་བཏགས་ཤིང་དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའོ། །རྡོ་རྗེ་རིན་པོ་ཆེ་དབང་བསྐུར་བའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་སྙོམས་པར་ཞུགས་ཤིང་མངོན་དུ་མཛད་དོ། །ནོར་

བུའི་རིགས་ཀྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །རང་གི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་བཤད་ཟིན་ཏོ། །འགྲོ་བ་ཞེས་བྱ་བ་ལ་སོགས་པ་ལ་འགྲོ་བ་ནི་སེམས་ཅན་གྱི་ཁམས་རྣམས་སོ། །དེའི་འབྱོར་པ་ནི་རྣམ་པར་འབྱོར་ཞིང་ཕུན་སུམ་ཚོགས་པ་

เล่ม ๖๐ · หน้า 97b

སྟེ་ནོར་བུའི་རིགས་གྲུབ་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་དོན་དུ་ནོར་བུ་རིན་པོ་ཆེའི་རིགས་ཀྱི་མཆོག་བསྐྱེད་པར་མཛོད་ཅིག་པ་ནི་ཉིད་ཀྱི་ཕྱག་ན་གནས་པའི་རྡོ་རྗེ་རིན་པོ་ཆེ་ལས་དབྱུང་བར་གསོལ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསོལ་བའི་

རྗེས་ཐོགས་ཉིད་ལ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་རིག་པ་གསུངས་སོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ནས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་ནི་ནོར་བུའི་རིགས་

ཏེ་དེ་ཉིད་ནི་དམ་ཚིག་གོ། །དེ་རབ་ཏུ་གཞག་པ་ནི་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཕྱི་མའི་མཐར་ཐུག་པ་མེད་པར་བཞག་པའོ། །དེའི་དོན་དུ་རྡོ་རྗེ་ལྟར་མི་ཕྱེད་པ་གང་ཡིན་པ་དེ་ལ་མིང་དེ་སྐད་ཅེས་བྱ་བའི་རྣམ་པར་

གནོན་པས་ནོར་བུའི་རིགས་ཡང་དག་པར་སྟོན་པས་དོན་ཐམས་ཅད་དེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ལ་རབ་ཏུ་གཞག་པ་རྡོ་རྗེ་ཞེས་བྱ་བའི་རྣམ་པར་གནོན་པ་མཛད་ནས་རྡོ་རྗེ་རིན་པོ་ཆེའི་ནོར་བུའི་རིགས་ཀྱི་རྒྱལ་མཚན་ཏེ། མཚན་མ་གང་ཡིན་པའི་

རིག་པ་ལ་མིང་དེ་སྐད་ཅེས་བྱ་སྟེ་རྡོ་རྗེ་རིན་པོ་ཆེའི་རྒྱལ་མཚན་ཞེས་བྱ་བའི་རིག་པ་དེ་གསུངས་པ་ནི་བཀའ་སྩལ་པ་སྟེ། ཨོཾ་ལི་ཊི་བ་བེ་ཊཊ་ཏྲཾ་ཞེས་བྱ་བའོ། །བཅོམ་ལྡན་འདས་རྡོ་རྗེའི་དབང་བསྐུར་བའི་བདེ་བ་ཆེན་པོ་རྡོ་རྗེ་ལས་བྱུང་བ་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་

མཛོད་སྤུའི་ཕྱོགས་ནས་ཇི་སྐད་དུ་བཤད་པའི་མཚན་ཉིད་དང་ལྡན་པའི་ནོར་བུ་རིན་པོ་ཆེ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བྱུང་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་ཕྱག་གཡོན་པར་རབ་ཏུ་གནས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱི་ཕྱག་གཡོན་པར་

གནས་པའི་རྡོ་རྗེ་རིན་པོ་ཆེ་དེ་ལས་སོ། །ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བས་ན་དག་པའོ། །ཁ་དོག་ཇི་ལྟ་བུ་ཞེ་ན་མརྒད་རྙོག་པ་མེད་པའི་མདོག་ཅན་ནོ་ཞེས་བྱ་བ་གསུངས་ཏེ། རྙོག་པ་ནི་དྲི་མ་དང་བཅས་པའོ། །རྙོག་པ་དང་བྲལ་བ་ནི་རྙོག་པ་མེད་པའོ། །མརྒད་ནི་

เล่ม ๖๐ · หน้า 98a

རིན་པོ་ཆེའོ། །དེ་དང་མདོག་འདྲ་བ་གང་ཡིན་པ་དེ་ནི་མརྒད་རྙོག་པ་མེད་པའི་མདོག་ཅན་ཏེ། པྲི་ཡང་ཀུ་ལྟར་མདོག་ལྗང་སེར་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་རིན་པོ་ཆེའི་རང་གི་འོད་ཟེར་གྱིས་དབང་བསྐུར་བ་ཞེས་བྱ་བ་ནི་རིན་པོ་ཆེའི་རང་གི་འོད་གང་ཡིན་པ་དེས་

དབང་བསྐུར་བའི་ཅོད་པན་གང་ལ་མངའ་བ་དེ་ནི་རྡོ་རྗེ་རིན་པོ་ཆེའི་རང་གི་འོད་ཟེར་གྱིས་དབང་བསྐུར་བ་སྟེ་རྡོ་རྗེ་རིན་པོ་ཆེའི་འོད་ཟེར་ལས་གྲུབ་པའི་རྡོ་རྗེ་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ་ཡིན་ནོ་ཞེས་སྟོན་ཏོ། །དེས་མཚོན་ཆ་ཅི་ཞིག་བསྣམས་ཤེ་ན། ནོར་བུ་རིན་པོ་ཆེའི་མདའ་ལ་སོགས་

པའི་མཚན་མ་ཡོངས་སུ་བསྣམས་པ་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ཡིད་ལས་བྱུང་བ་དེ་དག་ཉིད་རང་གི་མཚན་མ་ནོར་བུས་མཚན་པ་ཐོགས་ཏེ་བྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །བྱུང་ནས་གང་དུ་བཞུགས་ཤེ་ན། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་སོ་ཞེས་བྱ་བ་

སྨོས་ཏེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་དབྱིབས་ཀྱིས་བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོ་ལ་ཡོངས་སུ་བསྐོར་ཏེ་བཞུགས་སོ། །དེ་ལྟར་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་དཀྱིལ་འཁོར་ཆེན་པོར་བཞུགས་སོ་ཞེས་བྱ་བའི་བར་གྱིས་བཤད་པས་

ཏིང་ངེ་འཛིན་གཉིས་པ་བཤད་པ་ཡིན་ནོ། །དེ་ནས་བསྡུ་བར་བྱའོ། །དེ་ནས་དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རིན་པོ་ཆེ་ལྕགས་ཀྱུ་ལ་སོགས་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་དགུག་པ་དང་། གཞུག་པ་དང་བཅིང་བ་དང་། དབང་དུ་བྱས་ལ་དམ་ཚིག་

གི་ཕྱག་རྒྱས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ནས་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་བ་ནས་ལས་ལ་སྦྱོར་བ་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བ་ལ་ཏིང་ངེ་འཛིན་གསུམ་པ་ཡིན་ནོ། །དེ་ནས་ལས་རྣམ་བཤད་པར་བྱ་

སྟེ་བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་སེམས་ཅན་གྱི་ཁམས་ཐམས་ཅད་རང་གི་དབང་བསྐུར་བས་དབང་བསྐུར་བར་མཛོད་ཅིག་ཅེས་བརྗོད་པར་བྱའོ། །དེ་བཞིན་དུ་ནོར་བུ་རིན་པོ་ཆེ་འབེབས་

เล่ม ๖๐ · หน้า 98b

པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་རིན་པོ་ཆེ་ཡིད་ལས་བྱུང་བས་སེམས་ཅན་གྱི་ཁམས་ཐམས་ཅད་རིན་པོ་ཆེ་འདོད་ཆགས་ཀྱི་མདའ་རྣམ་པར་དག་པའི་གནས་ལ་རབ་ཏུ་འཇོག་པར་མཛོད་ཅིག་ཅེས་བརྗོད་པར་བྱའོ། །དེ་བཞིན་དུ་ནོར་བུ་རིན་པོ་ཆེ་འབེབས་པའི་ཕྱག་རྒྱ་

ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་འབེབས་པས་སེམས་ཅན་གྱི་ཁམས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་ནོར་བུ་རིན་པོ་ཆེ་འབེབས་པའི་ཡེ་ཤེས་གྱི་དབང་དུ་མཛོད་ཅིག་ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་གསུམ་བཤད་

ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱི་བཟླས་པ་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདི་ནི་བྱ་བ་བསྟན་པའི་ཕྱིར། དེ་ནས་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་སློབ་དཔོན་གྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་

པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི་འབྱུང་སྟེ་ཞེས་བྱ་བར་དོན་གྱིས་སྦྱར་རོ། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་དབྱིབས་ཀྱིས་སོ། །དཀྱིལ་

འཁོར་ཐམས་ཅད་ཐིག་གདབ་བོ། །ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་ཐིག་གདབ་བོ་ཞེས་བྱ་བའི་ཐ་ཚིག་གོ། །ནང་གི་དཀྱིལ་འཁོར་ནི་དུམ་བུ་དང་པོ་ལས་བཤད་པའི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ལྟར་ཤེས་པར་བྱ་སྟེ། གང་གི་ཕྱིར་འོག་ནས་རིགས་ཐམས་ཅད་འཁོར་ལོའི་

ཁྱད་པར་དེ་ལྟར་བཤད་པའི་ཕྱིར་རོ། །རྡོ་རྗེ་འཁོར་ལོར་གང་བསྟན་པ་དེ་ནི་འཁོར་ལོ་དམ་པའོ། །དེ་བཞིན་དུ་འབར་བའི་འཁོར་ལོ་དམ་པ་ནི་པདྨ་འདབ་མ་བརྒྱད་པའི་ནོར་བུ་ཆེན་པོར་བྱའོ། །རྡོ་རྗེ་རིན་ཆེན་བདག་པོ་གཞག །ནོར་བུའི་རིག་ནི་ཆེན་པོ་བྲི། །ཞེས་བྱ་བ་ནི་

དཀྱིལ་འཁོར་དབུས་མའི་དབུས་སུ་བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོ་བྲིས་ལ་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་རིན་པོ་ཆེ་ཡིད་ལས་བྱུང་བ་ལ་སོགས་པ་བྲིའོ། །རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་བཞུགས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་བརྐྱང་ལ་མཛུབ་མོ་དང་མཐེ་

เล่ม ๖๐ · หน้า 99a

བོའི་རྩེ་མོ་སྦྱར་ཏེ། དཔྲལ་བའི་མཛོད་སྤུའི་གནས་སུ་གཞག་པ་འདི་ནི་ཐམས་ཅད་དབང་བསྐུར་བའི་ཕྱག་རྒྱ་སྟེ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའོ། །འདིས་མེ་ཏོག་གི་ཕྲེང་བ་བླངས་ལ། བཛྲ་བཛྲ་ཞེས་བྱ་བ་དང་། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་

གསུངས་པའི་འཇུག་པའི་གླུ་ཟློས་ཤིང་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་འཇུག་པར་བྱའོ། །མཛུབ་མོ་གཉིས་པོ་དེ་ཉིད་ལྕགས་ཀྱུར་བྱས་ལ་དགུག་པ་བྱ་ཞིང་ཞུགས་ནས་ཆོ་ག་ཐམས་ཅད་རྫོགས་པར་བྱས་ལ་འཇུག་པའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ལྕགས་ཀྱུ་གཉིས་

སུ་བྱས་ཏེ་དེ་དང་སྤྱན་འདྲེན་པའི་སྔགས་ཀྱིས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བཀུག་ནས་དཀྱིལ་འཁོར་དུ་གཞུག་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་གོ་སླའོ། །ཆོ་ག་རྒྱས་པ་ཐམས་ཅད་དེ་བཞིན་ནོ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གསུངས་པའི་བསྒྲུབ་

པར་བྱ་བ་དང་སྒྲུབ་པའི་རྒྱུན་རྣམས་གཟུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་སྟོན་ཏེ་བདག་བསྲུང་བ་དང་། གནས་བསྲུང་བ་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ཆོ་ག་བཤད་པའི་ཚུལ་གྱིས་སྡིག་པ་དྲལ་བའི་མཐར་ཐུག་པའི་ཆོ་ག་རྣམས་རྗེས་སུ་སྤྱད་

ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་རིན་པོ་ཆེ་ལ་ཨོཾ་ལི་ཊི་བ་བེེ་ཏྲཊ་ཏྲཾ་ཞེས་བྱ་བ་ཡིད་ཀྱིས་བྲིས་ལ་རིག་པ་འདི་ཉིད་ཡིད་ལ་ཟློས་ཤིང་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་བསྒོམ་པར་བྱའོ། །དེ་ནས་རིག་པ་དེ་ཉིད་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་བཅས་པས་རང་གི་

སེམས་ཟླ་བའི་དཀྱིལ་འཁོར་དུ་བསམས་ལ། དེའི་སྟེང་དུ་རིག་པ་དེ་ཉིད་དང་། ཀ་ལ་སོགས་པ་ནས་ཀྵའི་མཐར་ཐུག་གི་བར་དུ་སྐར་མ་ལྟ་བུའི་གཟུགས་ཅན་འདྲ་བ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པའོ། །ཡང་ཟླ་བའི་དཀྱིལ་འཁོར་གཉིས་པ་རིག་པ་དེ་དང་བཅས་པ་ལས་

དང་པོའི་རྡོ་རྗེ་བསམ་པར་བྱའོ། །དེ་ནས་རིག་པ་ཟློས་ཤིང་རྡོ་རྗེ་དེ་རྡོ་རྗེ་རིན་པོ་ཆེར་བསམས་ལ་རིན་པོ་ཆེའི་དབུས་སུ་རིག་པའི་ཡི་གེ་རྣམ་པར་བསམས་ནས་དེ་ཉིད་ཡིད་ལ་ཟློས་ཤིང་སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བ་དང་། བཅོམ་ལྡན་འདས་རྡོ་རྗེ་ལས་ཀྱི་མཆོད་པའི་

เล่ม ๖๐ · หน้า 99b

དམ་ཚིག་གི་དངོས་གྲུབ་བསྒྲུབ་པར་བསྒོམ་ཞིང་དེ་ཐམས་ཅད་ལས་ནོར་བུའི་རིགས་ཡིད་ཀྱིས་སྤྲོས་ཏེ། དེས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་དེ་རྣམས་དེར་བཅུག་ལ། རིན་པོ་ཆེའི་ང་རྒྱལ་བསྒོམ་པར་བྱའོ། །དེ་ནས་རིན་

པོ་ཆེ་དེ་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བས་བདག་ཉིད་རྡོ་རྗེ་སེམས་དཔར་བསྐྱེད་ལ། ཡང་རིག་པ་ཟློས་ཤིང་རྡོ་རྗེ་སེམས་དཔའ་དེ་འཕགས་པ་ནམ་མཁའི་སྙིང་པོར་བདག་ཉིད་བསམ་པར་བྱའོ། །དེ་ནས་མ་ཧཱ་ས་མ་ཡ་ས་ཏྭ་ཧཾ་ཞེས་ང་རྒྱལ་བསྐྱེད་ལ། རང་གི་དམ་ཚིག་གི་

ཕྱག་རྒྱས་བཅིངས་ཏེ། ས་མ་ཡོ་྅་ཧཾ་ཞེས་བྱ་བས་དམ་ཚིག་ནི་བདག་ཡིན་ནོ་ཞེས་བསྒོམ་པར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་རང་གི་སྙིང་ག་དང་དཔྲལ་བ་དང་ལྐོག་མ་དང་སྤྱི་བོར་བྱིན་གྱིས་བརླབ་པར་བྱ་ཞིང་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས་དམ་ཚིག་

སེམས་དཔར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་ལ་གཡོན་པའི་རིན་པོ་ཆེའི་ཁུ་ཚུར་གྱིས་རྡོ་རྗེ་རིན་པོ་ཆེ་བཟུང་ལ་སྙེམས་ཚུལ་དུ་བྱས་ཏེ་ལག་པ་གཡས་ལ་ནོར་བུས་མཚན་པའི་དང་པོའི་རྡོ་རྗེ་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་འཇོག་ཅིང་རིག་

པ་བཟླ་བར་བྱ་སྟེ་འདི་ནི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོའོ། །དེ་ནས་ནམ་མཁའ་དང་མཉམ་པའི་སྦྱོར་བས་རང་གི་སྙིང་གའི་ཟླ་བར་ཡིད་ཀྱིས་ཞུགས་ལ་རྡོ་རྗེ་འཁོར་ལོས་འཕགས་པ་ནམ་མཁའི་སྙིང་པོའི་དཀྱིལ་འཁོར་བསྐྱེད་ལ་འཇུག་པའི་ཕྱག་རྒྱ་བཅིངས་ཏེ། དེས་མེ་

ཏོག་གི་ཕྲེང་བ་བླངས་ལ་དཀྱིལ་འཁོར་དུ་འཇུག་པར་བྱའོ། །ཞུགས་ནས་མེ་ཏོག་གི་ཕྲེང་བ་དེ་རང་གི་མགོ་ལ་དོར་བར་བྱའོ། །དེ་ནས་དེ་རང་གི་མགོ་ལ་ཇི་ལྟ་བ་བཞིན་དུ་བཅིངས་ཏེ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱི་ཆོ་ག་རྫོགས་པར་བྱས་ནས། དཀྱིལ་འཁོར་དེ་

རང་གི་སྙིང་གའི་ཟླ་བར་ཞུགས་པར་བསམས་ལ་སྔར་བཤད་པའི་ཚུལ་གྱིས་རྣལ་འབྱོར་ཆེན་པོ་བྱས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཡིད་ཀྱིས་ནམ་མཁའི་ཕྱོགས་སུ་འདུག་སྟེ་ཡང་རྡོ་རྗེ་འཁོར་ལོས་ནམ་མཁའི་ཕྱོགས་སུ་རང་གི་

เล่ม ๖๐ · หน้า 100a

ལྷའི་དཀྱིལ་འཁོར་བསྐྱེད་ལ། ལྷ་ཐམས་ཅད་ཀྱི་གནས་སུ་ཧྲི་ལས་སྣ་ཚོགས་པདྨའི་གདན་སྐྱེད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་དེ་བཞིན་དུ་འདུག་ལ་བདག་ཉིད་ལ་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་དེ་བཞིན་དུ་སངས་རྒྱས་ཐམས་ཅད་

སྤྱན་དྲངས་པར་བྱས་ནས་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་རང་གི་རིག་པ་བརྗོད་པར་བྱའོ། །དེ་ནས་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ཉིད་ལ་གསོལ་བ་བཏབ་པར་བསམ་

པར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྤྱད་ལ་བཅོམ་ལྡན་འདས་ཀྱིས་རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་རང་གི་རིག་པ་ཟློས་ཤིང་བཛྲོད་ཏིཥྛ་མཎྜ་ལཾ་ཨུད་ཐ་པ་ཡཱ་ཞེས་བྱ་བས་དཀྱིལ་འཁོར་དེ་ནམ་མཁར་གཞག་སྟེ་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་བདག་ཉིད་

ལ་ལན་ཅིག་བྱིན་གྱིས་བརླབས་ལ་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཀུན་དུ་རྣམ་པར་བལྟས་ནས་ནི། །རང་གི་རིག་པ་ཡོངས་ཟློས་ཤིང་། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །དེ་ནས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་

པོ་ལས་བཤད་པའི་ཆོ་གས་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་དཀྱིལ་འཁོར་ཐིག་གདབ་བོ། །ཡང་དག་པར་བྲིས་ལ་སྔར་བཤད་པའི་མཚན་ཉིད་དང་ལྡན་པའི་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་འཁོར་དང་བཅས་པ་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །

བཅོམ་ལྡན་འདས་ཀྱི་དགོད་པའི་རིག་པ་ནི་རང་གི་རིག་པ་ཉིད་ཡིན་ནོ། །རིན་པོ་ཆེ་ཡིད་ལས་བྱུང་བ་ལ་སོགས་པ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྙིང་པོ་རྣམས་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་ཡང་དག་པར་བྲིས་ལ། སྒོ་ཕྱེ་ལ་གཡས་པའི་

རིན་པོ་ཆེའི་ཁུ་ཚུར་གྱིས་གཟུང་བའི་རིན་པོ་ཆེའི་མེ་ཏོག་གི་ལྕུག་མ་ལ་བུམ་པ་དང་། བུམ་པ་གང་བ་ལས་ཡོངས་སུ་བཟླས་ལ་ལྷ་ཐམས་ཅད་ལ་དབུལ་བར་བྱའོ། །དེ་ནས་མཆོད་པ་རྣམ་པ་ལྔ་དང་མཆོད་པ་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་འཁོར་དང་བཅས་པ་

เล่ม ๖๐ · หน้า 100b

ལ་ཡང་དག་པར་མཆོད་ལ་རྡོ་རྗེ་གནོད་སྦྱིན་ལ་སོགས་པ་ཡོངས་སུ་བཟླས་པའི་རས་སེར་པོས་སྟོད་གཡོགས་དང་སྨད་གཡོགས་དང་གདོང་གཡོགས་བྱས་ལ། ཕྱག་བྱ་བ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་དེ་སྡོམ་པ་གཟུང་བ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་གཡས་

པའི་རིན་པོ་ཆེ་ཁུ་ཚུར་གྱིས་རྡོ་རྗེ་རིན་པོ་ཆེ་བཟུང་ལ་རང་གི་སྙིང་གར་འཇོག་ཅིང་སྙིང་པོ་འདིས་རང་གི་སྙིང་གར་རྡོ་རྗེ་རིན་པོ་ཆེ་བསམ་པར་བྱའོ། །སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ། དེ་ནས་ཤར་སྒོར་བལྟས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་གཡས་

པའི་རིན་པོ་ཆེའི་ཁུ་ཚུར་གྱིས་བླངས་ལ་བདག་ཉིད་ལ་དབང་བསྐུར་བར་བྱའོ། །དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་པ་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ལ་བཛྲ་བཛྲ་ཞེས་ཟློས་ཤིང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པའི་འཇུག་པའི་གླུ་ཡང་འདོན་ཞིང་དཀྱིལ་

འཁོར་དུ་ཇི་ལྟ་བ་བཞིན་དུ་འཇུག་པར་བྱའོ། །དེ་ནས་རང་གི་ཆོ་ག་རྗེས་སུ་སྤྱད་དེ་གཡས་པའི་རིན་པོ་ཆེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ནས་དེ་བཞིན་དུ་ཇི་ལྟ་བ་བཞིན་དུ་དབང་བསྐུར་ཞིང་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་དང་རིན་པོ་ཆེའི་ཅོད་པན་གྱིས་ཀྱང་བདག་ཉིད་

དབང་བསྐུར་ལ། རྡོ་རྗེ་རིན་པོ་ཆེ་དང་བདག་པོ་དང་མིང་གི་དབང་བསྐུར་བས་ཀྱང་དབང་བསྐུར་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངས་ཏེ་དུམ་བུ་དང་པོ་ལས་བཤད་པའི་ཚུལ་གྱིས་ཇི་ལྟ་བ་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་རིན་པོ་ཆེ་བཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ། དེ་བཞིན་དུ་དམ་ཚིག་གི་

ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ་སྙིང་པོ་བཟླ་བར་བྱའོ། །དེ་ནས་མཆོད་པ་རྣམ་པ་ལྔ་དང་རིན་པོ་ཆེའི་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། བཅོམ་ལྡན་འདས་ལས་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་དང་། གཟེངས་

བསྟོད་པ་དང་། ལུང་བསྟན་པ་དང་། རིག་པ་དང་། ཕྱག་རྒྱ་བཞི་ཉེ་བར་བསྟན་པ་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་བཅོམ་ལྡན་འདས་ལས་གནང་བ་མནོས་ལ། ཡང་དེ་བཞིན་དུ་བདག་ལ་བྱིན་གྱིས་བརླབ་པ་བྱས་ལ། རང་གི་མིང་ནས་ཀྱང་བརྗོད་ནས། དཀྱིལ་འཁོར་

เล่ม ๖๐ · หน้า 101a

དེ་བཞིན་དུ་རྡོ་རྗེས་བསྒྲུབ་པར་བྱའོ། །དེ་ནས་རིན་ཆེན་སློབ་དཔོན་གྱིས། །སེམས་དཔའི་ལྕགས་ཀྱུ་བཅིངས་ནས་ནི། །སོ་གོལ་མང་པོ་བརྡབ་བགྱིས་ལ། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །དེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱས་ནས། སྔར་

བཤད་པའི་ལྕགས་ཀྱུས་བཅོམ་ལྡན་འདས་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་བཅུག་སྟེ། རྡོ་རྗེ་གནོད་སྦྱིན་དང་ཁུ་ཚུར་དང་བསྲུང་བས་ལས་རྣམས་བྱས་ལ། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་རང་གི་རིག་པས་མཆོད་ཡོན་ཕུལ་ལ། དམ་ཚིག་ཕྱག་རྒྱས་བཅོམ་ལྡན་

འདས་འཁོར་དང་བཅས་པ་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་བ་དང་ཡང་མཆོད་ཡོན་ཕུལ། མཆོད་པ་རྣམ་པ་ལྔ་དང་། རིན་པོ་ཆེའི་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་

ཀྱིས་ཡང་དག་པར་མཆོད་ནས། ཕྱི་རོལ་དུ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཡང་དག་པར་མཆོད་དེ་རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་དང་ཕྱག་རྒྱ་བཞིས་ཀྱང་ཕྱག་བྱས་ལ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་ཇི་སྲིད་མཚན་མ་ཐོབ་པ་དེ་སྲིད་ཀྱི་བར་དུ་

དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་ཕྱག་བྱས་ནས། སྲིད་པའི་བདེ་བ་རྣམ་དག་ཕྱིར། །ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །དེ་ལྟར་བཀའ་མནོས་ནས་སློབ་མ་གཞུག་པར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྫོགས་སོ།། །།དེ་ནས་བསླབ་པའི་གཞི་ལྔ་ཡོངས་

སུ་འཛིན་པའམ་དགེ་སྦྱོང་དང་དགེ་སློང་གི་བསླབ་པ་གཟུང་བའི་སློབ་མ་ལ་རིག་པའི་སྡོམ་པ་ཇི་ལྟ་བ་བཞིན་དུ་འཛིན་དུ་གཞུག་གོ། །དེ་ནས་དེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བྱེད་དུ་གཞུག་གོ། །དེ་ནས་དེའི་སྙིང་གར་རིན་པོ་ཆེའི་ཁུ་ཚུར་གྱིས་རྡོ་རྗེ་རིན་པོ་ཆེ་བླངས་ལ་གཞག་སྟེ་སྔ་མ་

བཞིན་དུ་བསྐྱེད་དོ། །དེ་ནས་སློབ་མ་འཕགས་པ་ནམ་མཁའི་སྙིང་པོར་བྱིན་གྱིས་བརླབས་ལ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་ནས་ཡོན་གྱི་མཆོག་བླངས་ཏེ། ཤར་སྒོར་བལྟས་ཏེ་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། རང་གི་འཇུག་པའི་ཚུལ་གྱིས་དཀྱིལ་

เล่ม ๖๐ · หน้า 101b

འཁོར་དུ་འཇུག་པར་བྱའོ། །དེ་ནས་དེའི་རྣམ་པར་ཆགས་བྲལ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །ཆོ་ག་ལྷག་མ་རྣམས་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་བཤད་པ་ལས་ཤེས་པར་བྱའོ། །སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་

སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བཤད་ནས། ད་ནི་དམ་ཚིག་གི་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། དེ་ནས་མ་བསྒྲུབས་པའི་ལས་རྣམས་ལན་ཅིག་བཟླས་པར་འགྱུར་རོ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་བསྒྲུབ་པ་བྱས་པ་ན་གང་གི་ཚེ་རྣལ་འབྱོར་པས་ཇི་སྐད་དུ་བཤད་པའི་དངོས་གྲུབ་མ་ཐོབ་ན་དེའི་ཚེ་རང་གི་རིག་པ་དེ་ལན་ཅིག་བཟླས་པའི་རྗེས་ཐོགས་ཉིད་ལ་འཆད་པར་

འགྱུར་བའི་ལས་རྣམས་གྲུབ་པར་འགྱུར་བའོ། །འདི་སྐད་སྟོན་ཏེ་བདག་བསྲུང་བ་དང་གནས་བསྲུང་བ་བྱས་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་སྐུ་གཟུགས་ལུགས་མ་འམ་བརྐོས་པ་ལ་སོགས་པ་མདུན་དུ་བཞག་ལ་དེ་ལ་ཕྱག་བྱས་ནས་གསུམ་ལ་སྐྱབས་སུ་འགྲོ་བ་

དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དང་པོའི་རྡོ་རྗེ་བཅིང་བའི་བར་དུ་བྱས་ལ། རྡོ་རྗེ་ཐལ་མོ་ལ་སོགས་པའི་ཕྱག་རྒྱ་བཅིང་བའི་ཆོ་ག་རྣམས་རྗེས་སུ་སྤྱད་དེ། རང་གི་སྙིང་གར་གནས་པའི་རྡོ་རྗེ་རིན་པོ་ཆེ་ལ་རིག་པ་ཡིད་ཀྱིས་བྲིས་ལ། ཆོས་ཐམས་ཅད་བདག་མེད་པར་

བསྒོམས་ནས་དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་པའི་བར་གྱི་ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྤྱད་པར་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཇི་སྐད་དུ་བཤད་པའི་ཡེ་ཤེས་སེམས་དཔའ་རང་གི་ལུས་ལ་བཅུག་སྟེ། དམ་ཚིག་གི་ཕྱག་རྒྱས་བསྒྲུབས་ནས། ཆོས་

དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ལུས་ལ་བཅུག་སྟེ། དམ་ཚིག་གི་ཕྱག་རྒྱས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་དང་པོའི་རྡོ་རྗེ་བྱིན་གྱིས་བརླབ་པ་སྔ་མ་བཞིན་དུ་བྱས་ལ།

เล่ม ๖๐ · หน้า 102a

རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་བདག་ཉིད་དབང་བསྐུར་ཏེ། རྡོ་རྗེ་རིན་པོ་ཆེ་དང་། བདག་པོ་དང་མིང་གི་དབང་གིས་དབང་བསྐུར་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བཟུང་ནས། རིན་པོ་ཆེ་མཚོན་ཆ་མ་ལ་སོགས་པ་གསང་བའི་མཆོད་པ་བཞིས་བདག་ཉིད་ཡང་དག་

པར་མཆོད་དེ། རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་དང་ཕྱག་རྒྱས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་གཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་བོ། །དེ་ནས་རང་གི་རིག་པ་ལན་གསུམ་བཟླས་ལ་རང་

གི་སྙིང་གར་གནས་པའི་རྡོ་རྗེ་རིན་པོ་ཆེ་ལ་རིག་པ་ཡིད་ཀྱིས་བྲིས་ལ། རང་གི་ཚིག་གིས་ཟློས་ཤིང་བཟླས་པའི་དོན་གྱིས་བདག་ཉིད་རྡོ་རྗེ་རིན་པོ་ཆེའི་རིགས་ཀྱི་བདག་པོ་ཞེས་བྱ་བ་འཕགས་པ་ནམ་མཁའི་སྙིང་པོ་ཟླ་བ་གཅིག་ལ་སོགས་པ་ཇི་སྲིད་མངོན་དུ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་

བྱའོ། །དེ་ནས་ཟླ་བ་ཕྱེད་ཙམ་གྱི་བར་དུ་བསྒོམས་ནས་བསྒྲུབས་ན། འཕགས་པ་ནམ་མཁའི་སྙིང་པོར་འགྱུར་རོ། །དེ་བཞིན་དུ་དངོས་གྲུབ་གཞན་དག་ཀྱང་སྔར་བཤད་པའི་རྗེས་སུ་འབྲངས་ནས་བསྒྲུབ་པར་ཤེས་པར་བྱའོ། །དེ་ལྟར་བསྒྲུབ་པ་འདིས་གང་གི་ཚེ་སྙིང་པོར་གྲུབ་པར་མ་

གྱུར་པ་དེའི་ཚེ་དེ་མ་གྲུབ་པ་མ་ཡིན་ཏེ། མ་གྲུབ་པ་དེ་ཡང་ལས་འདི་བྱེད་པར་འགྱུར་རོ། །དབང་བསྐུར་བ་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་རིན་པོ་ཆེ་མྱུ་གུས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་འཕགས་པ་ནམ་མཁའི་སྙིང་པོའི་སྦྱོར་བ་བྱས་ལ། འཕགས་པ་ནམ་མཁའི་སྙིང་པོའི་རྡོ་རྗེ་

རིན་ཆེན་གྱི་ཕྱག་རྒྱ་རྡོ་རྗེ་ཐལ་མོ་ལས་བྱུང་བ་བཅིངས་ལ། གུང་མོ་གཞིབས་ཏེ་རྩེ་མོར་བྱས་ནས་རིག་པ་ཟློས་ཤིང་དཔྲལ་བའི་ཕྱོགས་སུ་བཞག་ལ། འཕགས་པ་ནམ་མཁའི་སྙིང་པོའི་བདག་ཉིད་དབང་བསྐུར་བར་བསམ་པར་བྱ་སྟེ། དེ་ལྟ་བུས་དབང་བསྐུར་

བ་ཐམས་ཅད་ཐོབ་པར་འགྱུར་རོ། །ནོར་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་རྒྱལ་མཚན་གྱི་རྩེ་མོས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་འཕགས་པ་ནམ་མཁའི་སྙིང་པོའི་སྦྱོར་བ་བྱས་ལ་བཤད་མ་ཐག་པའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་རིན་ཆེན་བཀྲོལ་ཏེ། རྡོ་རྗེ་ཐལ་

เล่ม ๖๐ · หน้า 102b

མོ་ཁོང་སྟོང་བྱས་ནས་སྲིན་ལག་གཉིས་གཤིབས་ཏེ་རྩེ་མོར་བྱས་ལ་མཐེའུ་ཆུང་གཉིས་ཕྱེ་སྟེ་བརྐྱང་བ་འདི་ནི་རྡོ་རྗེ་རིན་ཆེན་གྱི་རྒྱལ་མཚན་གྱི་རྩེ་མོ་སྟེ་འདི་བཅིངས་ལ་རིག་པ་ཟློས་ཤིང་གཏེར་ལ་སོགས་པ་ཐོབ་པར་བསམ་པར་བྱ་སྟེ་དེ་ལྟ་བུས་ནི་ནོར་ཐམས་ཅད་ཐོབ་པར་འགྱུར་རོ། །བསམ་

པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་ནི་རྡོ་རྗེ་ནོར་བུ་ཆེན་པོའི་མཚན་མའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་བཅིངས་ལ་གུང་མོ་གཉིས་ནོར་བུར་བྱ་བ་འདི་ནི་རྡོ་རྗེ་ནོར་བུ་ཆེན་པོའི་མཚན་མའི་ཕྱག་རྒྱ་སྟེ་འདི་བཅིངས་ལ་སྔ་མ་བཞིན་དུ་འཕགས་པ་ནམ་མཁའི་སྙིང་པོའི་སྦྱོར་བ་

བྱས་ལ། རིག་པ་ཟློས་ཤིང་མངོན་པར་འདོད་པའི་ནོར་འཐོབ་པར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །གཏེར་ཆེན་པོ་ཐོབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་ས་འོག་གི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་འཕགས་པ་ནམ་མཁའི་སྙིང་པོའི་

སྦྱོར་བ་བྱས་ལ། རྡོ་རྗེ་རིན་ཆེན་བཅིངས་ཏེ་མཐེ་ཆུང་གཉིས་གཞིབས་ནས་རྩེ་མོར་བྱས་ལ་རིག་པ་བཟླ་བར་བྱའོ། །འདི་ནི་རྡོ་རྗེ་རིན་ཆེན་གྱི་ས་འོག་གི་ཕྱག་རྒྱ་སྟེ་འདི་བཅིངས་ནས་ཡིད་ཀྱིས་གཏེར་བླངས་ལ་གདེག་པར་བྱ་སྟེ། དེ་ལྟ་བུས་ནི་གཏེར་ཆེན་པོ་ཐོབ་པར་འགྱུར་རོ། །རྡོ་རྗེ་དབང་

བསྐུར་བ་ཐོབ་པ་ལ་ནི་ཞེས་བྱ་བ་ནི་ནོར་བུའི་མཚན་མ་ཐོབ་པ་ལ་སོགས་པ་ནི་རྡོ་རྗེ་དབང་བསྐུར་བ་ཐོབ་པ་སྟེ། བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོ་ལས་དང་པོའི་རྡོ་རྗེ་ཐོབ་པ་ཞེས་བྱ་བའི་དོན་ཏེ། དེ་ཇི་ལྟར་ཐོབ་པར་འགྱུར་ཞེ་ན། རྡོ་རྗེ་རིན་ཆེན་ཆེན་པོའི་ས་འོག་གི་ཕྱག་

རྒྱས་སོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་འཕགས་པ་ནམ་མཁའི་སྙིང་པོས་སྦྱོར་བ་བྱས་ལ་རྡོ་རྗེ་རིན་ཆེན་བཅིངས་ལ། འདི་ཐུར་དུ་བླུགས་པ་ལྟར་བྱས་པ་འདི་ནི་རྡོ་རྗེ་རིན་ཆེན་ས་འོག་གི་ཕྱག་རྒྱ་སྟེ། འདི་བཅིངས་ལ་སྟོང་པ་ཉིད་བསྒོམ་ཞིང་འཕགས་པ་ནམ་མཁའི་སྙིང་པོས་

གཟུགས་བརྙན་ལྟ་བུ་ནོར་བུས་མཚན་པའི་དང་པོའི་རྡོ་རྗེ་སྩོལ་བ་ལ་སོགས་པ་མདུན་དུ་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་རྡོ་རྗེ་དབང་བསྐུར་བ་ཐོབ་པར་འགྱུར་རོ། །རྡོ་རྗེ་དབང་བསྐུར་བ་ཐོབ་པ་ལ་ནི་ཞེས་བྱ་བ་ལ། །རྡོ་རྗེ་རིན་ཆེན་གྱི་ཅོད་པན་གྱིས་དབང་བསྐུར་

เล่ม ๖๐ · หน้า 103a

བ་ཐོབ་པ་ལ་ནི་རྡོ་རྗེ་དབང་བསྐུར་བ་ཐོབ་པ་སྟེ། དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཆེན་པོའི་ཕྲེང་བས་སོ་ཞེས་བྱ་བ་གསུངས་ཏེ།། །རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་ཀྱིས་ནོར་བུར་བྱས་ལ་འདི་ནི་རྡོ་རྗེ་ཕྲེང་བ་ཆེན་པོ་འདི་བཅིངས་ཏེ།

འཕགས་པ་ནམ་མཁའི་སྙིང་པོའི་སྦྱོར་བས་དབང་བསྐུར་བར་གསོལ་བའི་བསམ་པས་བཅོམ་ལྡན་འདས་མདུན་ན། དབང་བསྐུར་སྩོལ་བ་ལ་བརྩོན་པར་མཛད་པར་བསམ་པར་བྱ་སྟེ་དེ་ལྟ་བུས་ནི་རྡོ་རྗེ་ཕྲེང་བ་ཆེན་པོའི་དབང་བསྐུར་བ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་

ཆེན་པོར་དབང་བསྐུར་བ་ཐོབ་པ་ལ་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོའི་དབང་བསྐུར་བ་ཐོབ་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོའི་དབང་བསྐུར་བ་ཐོབ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རིན་པོ་ཆེ་ཆེན་པོའི་ཕྲེང་བས་སོ་ཞེས་བྱ་བ་གསུངས་ཏེ་

རྡོ་རྗེ་བསྡམས་པ་བཅིངས་ཏེ་མཐེ་བོང་དང་མཛུབ་མོ་དང་། གུང་མོའི་སོར་མོས་ནོར་བུ་རིན་པོ་ཆེ་གསུམ་བྱས་ཏེ་མདུན་དང་མགོ་བོ་དང་རྣ་བ་གཉིས་ཀྱི་སྟེང་དུ་བདག་ཉིད་དབང་བསྐུར་བ་བྱས་ཏེ། འདི་ནི་རྡོ་རྗེ་རིན་ཆེན་གྱི་ཕྲེང་བའོ། །འདི་བཅིངས་ལ་དེ་བཞིན་གཤེགས་པ་ནམ་མཁའི་

སྙིང་པོའི་སྦྱོར་བས་མདུན་དུ་ཡང་བཅོམ་ལྡན་འདས་བསམས་ནས་དེ་ནས་དབང་བསྐུར་བ་བླང་བར་བྱའོ། །དེ་བཞིན་གཤེགས་པའི་དབང་བསྐུར་བ་ཐོབ་པ་ལ་ནི་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་དབང་བསྐུར་བ་ཐོབ་པ་ནི་དེ་བཞིན་གཤེགས་པའི་དབང་

བསྐུར་བ་ཐོབ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བ་དམ་པའི་ཕྲེང་བས་སོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་ནམ་མཁའི་སྙིང་པོའི་སྦྱོར་བ་བྱས་ལ་བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་སྐུར་བསམས་ཏེ། རྡོ་རྗེ་བསྡམས་

པ་ལས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་བཅིངས་ལ་མཛོད་སྤུའི་གནས་སུ་བཞག་ནས། །མཛུབ་མོ་གཉིས་ཀྱིས་རྒྱབ་ཏུ་མདུད་དེ་དར་དཔྱངས་ཀྱི་ཚུལ་དུ་བྱའོ། །འདི་བཅིངས་ལ་རིག་པ་བཟླས་ན་དེ་ལྟ་བུས་ནི་དེ་བཞིན་གཤེགས་པའི་དབང་བསྐུར་བ་ཐོབ་པར་འགྱུར་རོ། །རྡོ་རྗེ་

เล่ม ๖๐ · หน้า 103b

འཛིན་པ་ཆེན་པོའི་དབང་བསྐུར་བ་ཐོབ་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གི་རྡོ་རྗེ་རིན་ཆེན་གྱི་ཅོད་པན་གྱི་ཕྲེང་བས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་འཕགས་པ་ནམ་མཁའི་སྙིང་པོའི་སྦྱོར་བ་བྱས་ལ། རྡོ་རྗེ་སེམས་དཔར་བདག་ཉིད་བསམས་ཏེ། རྡོ་རྗེ་བསྡམས་པ་

བཅིངས་ལ་མཐེ་བོ་གཉིས་དཔའ་བོའི་སྐྱིལ་མོ་ཀྲུང་དུ་བྱས་ལ་མཛུབ་མོ་གཉིས་བཀུག་སྟེ་ཟླུམ་པོར་བྱས་པ་ནི་སྐུའོ། །གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ནི་མཆོག་སྟེ་དེ་བཞིན་གཤེགས་པའི་སྐུའི་མཆོག་འདིར་དང་རིག་པ་ཟློས་ཤིང་ཤར་ནས་བརྩམས་ནས་མདུན་དང་། གཡས་

དང་། རྒྱབ་དང་། གཡོན་དུ་ཅོད་པན་གྱི་ཚུལ་དུ་བྱས་ལ་མདུན་དུ་དེ་བཞིན་དུ་མདུད་ལ་ཕྲེང་བ་འཆིང་བའི་ཚུལ་གྱིས་རྒྱབ་ཏུ་མདུད་ལ་སྒེག་པ་དང་བཅས་པས་མཐའ་ནས་དགྲོལ་བས་ངོས་གཉིས་ཀ་ནས་དར་དཔྱངས་འཕྱར་བའི་ཚུལ་དུ་བྱའོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་

ཀྱི་སྐུའི་མཆོག་རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བའི་ཕྲེང་བ་ཡིན་ཏེ། དེ་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བསྐུར་བའི་རྡོ་རྗེ་འཛིན་པ་ཆེན་པོར་འགྱུར་རོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས་

གསུངས་པའི། འཕགས་པ་ནམ་མཁའི་སྙིང་པོའི་རྟོག་པ་བཤད་པ་རྫོགས་སོ།། །།དེ་ལྟར་དུམ་བུ་གཉིས་པ་རྩ་བའི་རྒྱུད་དུ་རིགས་ལྔའི་དཀྱིལ་འཁོར་བསྟན་ནས། ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དུ་འཇུག་པ་དང་། དབང་བསྐུར་བ་དང་། བསྒྲུབ་

པ་དང་། དངོས་གྲུབ་རྣམས་དཀྱིལ་འཁོར་གཅིག་ཉིད་དུ་བསྡུ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་བསྡུས་པའི་དཀྱིལ་འཁོར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། དང་པོའི་སྦྱོར་བའི་རྗེས་ཐོགས་ལ། །ཞེས་བྱ་བའི་ཐ་ཚིག་གོ། །འདི་

དང་པོའི་སྦྱོར་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་ཡིན་པར་ཤེས་པར་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན།

เล่ม ๖๐ · หน้า 104a

རིགས་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རིགས་ཐམས་ཅད་དོ། །དེ་རྣམས་ཀྱི་བསྡུས་པ་ནི་ཉེ་བར་བསྡུས་པའོ། །རྡོ་རྗེ་ལྟར་མི་ཕྱེད་པར་བྱིན་གྱིས་བརླབས་ཤིང་ཕྱི་མའི་མཐར་ཐུག་པ་མེད་པར་

བརྟན་པར་བྱས་པ་གང་ཡིན་པ་དེ་བརྙེས་ཤིང་ཐུགས་སུ་ཆུད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཅི་ཞིག་མཛད་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་ཅེ་ན། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཡང་ཡིན་ལ་

ཐམས་ཅད་ཀྱང་ཡིན་པས་ན་སེམས་ཅན་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པས་འདུལ་བ་རྣམས་སོ། །དེ་རྣམས་གཞུག་པར་བྱ་བའི་ཕྱིར་འཁོར་ལོ་ནི་བསྡུས་པའི་དཀྱིལ་འཁོར་ཏེ་དེ་ཉིད་རྡོ་རྗེ་ལྟར་མི་ཕྱེད་པའི་ཕྱག་རྒྱ་གང་ཡིན་པ་དེ་ལ་མིང་དེ་སྐད་ཅེས་བཏགས་པ་དེ་ལ་

མི་དམིགས་པས་ན་སེམས་ཅན་ཐམས་ཅད་འཇུག་པའི་འཁོར་ལོ་རྡོ་རྗེའི་ཕྱག་རྒྱས་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་

དཔའ་ལ་གསོལ་བ་བཏབ་པར་མཛད་པ་ནི་གསོལ་བ་བཏབ་པར་གྱུར་པ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྡུས་པའི་དཀྱིལ་འཁོར་གྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སེམས་ཅན་ཐམས་ཅད་དེར་འཇུག་ཅིང་དེར་

བསྐྱེད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པ་ཡིན་ནོ། །བདེ་བ་ཆེན་པོ་རབ་གྲུབ་ཕྱིར། །འདོད་ཆགས་ཆེན་པོ་ཡང་དག་བརྗོད། ཅེས་བྱ་བ་ནི་བཤད་ཟིན་ཏོ། །བདེ་བ་ཆེན་པོའི་དོན་གྱི་ཕྱིར། །ཞེས་བྱ་བ་ནི་བདེ་བ་ཡང་ཡིན་ལ་ཆེན་པོ་ཡང་

ཡིན་པས་ན་བདེ་བ་ཆེན་པོ་སྟེ། རྣལ་འབྱོར་པ་སྔགས་པ་ཐམས་ཅད་ཀྱི་སྟོབས་ཀྱིས་འཇིག་རྟེན་པའི་བདེ་བ་གང་ཡིན་པ་ཡང་ཐར་པ་ཆེན་པོ་མངོན་སུམ་དུ་བྱེད་པའི་རྒྱུར་གྱུར་པས་བདེ་བ་ཆེན་པོ་ཡིན་ཏེ། དེའི་དོན་བསྡུས་པའི་དཀྱིལ་འཁོར་དུ་འགྲོ་བ་རྣམས་འཇུག་པར་གྱིས་ཤིག་

เล่ม ๖๐ · หน้า 104b

པའོ། །ཅི་བདེ་བ་ཞེས་བྱ་བ་ནི་ཅི་འདོད་པར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྙིང་པོ་ཐམས་ཅད་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ་གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་དེ་ཁྱད་པར་དུ་བྱེད་དེ།

འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ནི་ཐམས་ཅད་ལས་རྣམ་པར་རྒྱལ་བ་སྟེ་རྡོ་རྗེ་ཧཱུཾ་མཛད་དོ། །དེ་ཡང་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྐུ་དང་ལྡན་པ་འདིས་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་གསུམ་པོ་ལས་རྣམ་པར་རྒྱལ་བས་ན་དེ་སྐད་ཅེས་བྱ་སྟེ།

དབང་ཕྱུག་ཆེན་པོ་ལ་སོགས་པ་དད་པའི་སེམས་ཅན་གྱི་ཁམས་ནི་འགྲོ་བ་སྟེ། དེས་དབང་ཕྱུག་ཆེན་པོ་ལ་སོགས་པའི་ཚུལ་གྱིས་རང་བཞིན་གྱིས་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་རབ་ཏུ་འཇོག་ཅིང་འདུལ་བར་མཛད་པས་ན་འགྲོ་བ་འདུལ་བ་སྟེ། འཇིག་རྟེན་

དབང་ཕྱུག་གོ། །དམ་ཚིག་ཐམས་ཅད་ཅེས་བྱ་བ་ལ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་དང་ཤེས་རབ་དང་རབ་ཏུ་ལྡན་པའི་ཤེས་རབ་སེམས་དང་སེམས་ལས་བྱུང་བ་དང་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་ཐམས་ཅད་དོ། །དངོས་གྲུབ་ཐམས་ཅད་རབ་ཏུ་གསོལ་བ་ཞེས་བྱ་བ་ནི་ནོར་བུའི་རིགས་ཆེན་པོའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་རབ་ཏུ་སྩོལ་བས་ན་དངོས་

གྲུབ་ཐམས་ཅད་སྩོལ་བའོ། །རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་ཐམས་ཅད་དུ་སོང་བའི་རྡོ་རྗེ་ཆེན་པོ་འཛིན་པར་མཛད་པ་འམ། དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ཆེན་པོ་འཛིན་པར་མཛད་པས་སམ་གཞན་དག་ཏུ་བྱང་ཆུབ་ཆེན་པོར་མཚན་ཉིད་ཅན་གྱི་ཐུགས་

ཀྱི་རྡོ་རྗེ་འཆང་ཆེན་པོའི་ཞེས་བྱ་སྟེ། སེམས་དཔར་བྱིན་གྱིས་བརླབས་པའི་སྦྱོར་བ་ལས་བྱུང་བའི་རྡོ་རྗེ་སེམས་དཔའོ། །དེ་ཡང་དེ་ལྟར་ན་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཉིད་གང་ཡིན་ཞེ་ན། སེམས་དཔར་བྱིན་རླབས་སྦྱོར་བས་ནི། །བདག་ལ་བྱིན་བརླབས་མཆོག་གྲུབ་

เล่ม ๖๐ · หน้า 105a

པ། །ཉིན་རེ་གྲུབ་པ་དེ་ཡིས་ནི། །རྡོ་རྗེ་སེམས་དཔའ་ཉིད་ཐོབ་བོ། །ཞེས་འོག་ནས་བཤད་པའི་ཕྱིར་རོ། །སྟོན་པ་པོ་ཞེས་བྱ་བ་ནི་བདེན་པ་རྟོགས་པར་བྱ་བའི་ཕྱིར་ཡང་དག་པའི་ལམ་རྟོགས་པར་འཆད་པའི་སེམས་ཅན་རྣམས་འདུལ་ཞིང་རང་གི་བཀའ་བསྒོ་བ་ལས་འཇོག་

པར་མཛད་པས་ན་སྟོན་པའོ། །སྲུང་མཛད་ཅེས་བྱ་བ་ནི་ངན་འགྲོར་འགྲོ་བ་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས། འཕགས་པ་གཙུག་ཏོར་རྣམ་པར་རྒྱལ་བ་ལ་སོགས་པའི་གཟུངས་དང་། འདི་ལས་བཤད་པ་ཇི་སྐད་དུ་གསུངས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་སེམས་

ཅན་རྣམས་ཀུན་དུ་སྲུང་བར་མཛད་པས་ན་བསྲུང་བའོ། །སྟོབས་དང་ཕ་རོལ་གནོན་པ་ཐོགས་མེད་པ། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་སྐུའི་སྟོབས་དེ་རྣམས་དང་ཐོགས་པ་མེད་པ་དང་། ཆོ་འཕྲུལ་བཞིས་སེམས་ཅན་གྱི་དོན་མཛད་པ་ནི་ཕ་རོལ་

གནོན་པ་སྟེ་དེ་དག་ཐོགས་པ་མེད་པས་སོ། །རྣམ་པར་གནོན་པ་དོན་ཡོད་པ་གྲུབ་པ་ཞེས་བྱ་བ་ནི་ཐོགས་པ་མེད་པར་སེམས་ཅན་གྱི་དོན་གྱི་བྱ་བ་མཛད་པ་ནི་དོན་ཡོད་པར་གྲུབ་པའོ། །དེ་ཉིད་འདིའི་རྣམ་པར་གནོན་པ་ཡིན་པས་ན་རྣམ་པར་གནོན་པ་དོན་

ཡོད་པར་གྲུབ་པ་ཞེས་བྱའོ། །དེ་ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་སྙིང་པོ་ཐམས་ཅད་གསུངས་སོ། །ཅི་ཞིག་མཛད་ནས་ཤེ་ན། ཐམས་ཅད་ལ་རྗེས་སུ་སྟོན་པ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་

དཔའ་ལ་སོགས་པས་འདུལ་བ་ནི་ཐམས་ཅད་དེ་དེ་རྣམས་རྗེས་སུ་འདུལ་བར་མཛད་པས་ན་ཐམས་ཅད་ལ་རྗེས་སུ་བསྟན་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་བསྒྲུབ་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་གྲུབ་ཅིང་དེའི་དོན་དུའོ། །དམ་ཚིག་གིས་བསྡུས་པའི་དཀྱིལ་

འཁོར་ནི་འཁོར་ལོ་ཞེས་བཤད་དེ། དེ་ཉིད་དམ་ཚིག་ཅེས་གྲགས་སོ་ཞེས་བཤད་པའོ། །དེ་རྡོ་རྗེ་ལྟར་མི་ཕྱེད་པའི་ཕ་རོལ་གནོན་པ་དེ་ཡིས་བསྡུས་པས་སེམས་ཅན་གྱི་དོན་མཛད་པས་ན་དེ་སྐད་བཀའ་སྩལ་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་མཛད་པ་ནི་བསྡུས་པའི་དཀྱིལ་འཁོར་སྤྲུལ་

เล่ม ๖๐ · หน้า 105b

པ་དེས་འདུལ་བའི་སེམས་ཅན་གྱི་ཁམས་འདུལ་བ་ནས་ཞེས་བྱ་བའི་ཐ་ཚིག་གོ། །བདེ་བའི་དངོས་གྲུབ་ཐམས་ཅད་ཀྱིས་དམ་ཚིག་ཅེས་བྱ་བ་ནི་དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དངོས་གྲུབ་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་འཇིག་རྟེན་དང་འཇིག་

རྟེན་ལས་འདས་པ་བདེ་བའི་དངོས་གྲུབ་ཐམས་ཅད་དོ། །དེ་རྣམས་ཀྱི་དམ་ཚིག་ནི་སྐྱེ་བའི་རྒྱུའོ། །མིང་དེ་སྐད་ཅེས་བྱ་ཞིང་དོན་ཡོད་པར་འབྲས་བུ་དང་བཅས་པ་ཡིན་ལ། མཚུངས་པ་མེད་པ་ནི་འདྲ་བ་མེད་པའོ། །རིགས་ཐམས་ཅད་ཀྱི་ངོ་བོ་ཉིད་བསྡུས་པའི་དཀྱིལ་འཁོར་

བསྐྱེད་པའི་རྒྱུའོ། །སྙིང་པོ་ཐམས་ཅད་གསུངས་པ་ནི་བཀའ་སྩལ་པ་སྟེ། ཧོ་ཨ་ཧཱུཾ་ཧྲི་ཏྲཾ་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་བསྡུས་པའི་དཀྱིལ་འཁོར་སྐྱེད་པར་བྱེད་པའི་སྙིང་པོ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་པ་ཙམ་གྱིས་སོ། །དེ་བཞིན་གཤེགས་

པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་ཀྱང་ཡིད་ལ། དེ་བཞིན་གཤེགས་པ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་རྣམ་པར་སྣང་

མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པའི་སྐུ་སྤྲུལ་པའི་སྐུ་དང་བཅས་པའོ། །དེ་རྣམས་གྱི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །དེ་དང་པོར་གྱུར་པ་

གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དཀྱིལ་འཁོར་རོ། །དེ་གང་ཡིན་ཞེ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཞེས་བྱ་བ་སྨོས་ཏེ། དེ་ལ་འཇིག་རྟེན་པའི་དཀྱིལ་འཁོར་ནི་མིང་པོ་གསུམ་དང་། སྲིང་མོ་བཞི་དང་། ལྷ་མ་ཡིན་དང་། ཀླུའི་

དཀྱིལ་འཁོར་རོ། །འཇིག་རྟེན་ལས་འདས་པའི་ནི། རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་དང་། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་དང་། འཇིག་རྟེན་དབང་ཕྱུག་དང་། འཕགས་པ་ནམ་མཁའི་སྙིང་པོའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་ཆེན་པོ་དེར་ཞེས་བྱ་བ་ནི་

เล่ม ๖๐ · หน้า 106a

བསྡུས་པའི་དཀྱིལ་འཁོར་དུའོ། །ཡང་དག་པར་གནས་པ་ཞེས་བྱ་བ་ནི་དེའི་ཁོངས་སུ་ཆུད་པའོ། །དཀྱིལ་འཁོར་གཅིག་ཏུ་གྱུར་ཏོ་ཞེས་བྱ་བ་ནི་བསྡུས་པའི་དཀྱིལ་འཁོར་དུ་གྱུར་པའོ། །དེ་ལྟར་ན་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ་

དཀྱིལ་འཁོར་གཅིག་ཏུ་གྱུར་ཏོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བའི་སྔོན་དུ་འགྲོ་བ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བ་འདིའི་ཆོ་

ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ་ཏིང་ངེ་འཛིན་གསུམ་གྱི་རྗེས་ཐོགས་ཉིད་ལ། བཅོམ་ལྡན་

འདས་རྡོ་རྗེ་འཆང་ཆེན་པོས་དཀྱིལ་འཁོར་ཐམས་ཅད་གསུངས་སོ་ཞེས་བྱ་བར་སྦྱར་རོ། །མིང་དེ་སྐད་ཅེས་བྱ་ཞེ་ན་སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་སེམས་ཅན་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་འདུལ་བ་རྣམས་སོ། །དེས་བསྡུས་པའི་དཀྱིལ་

འཁོར་དུ་ཞུགས་པ་ནི་སེམས་ཅན་ཐམས་ཅད་རྗེས་སུ་ཞུགས་པའོ། །དེའི་དོན་དུ་བདེ་བ་ཆེན་པོ་ལས་བྱུང་བའི་དང་པོའི་རྡོ་རྗེ་དམ་ཚིག་ནི་བདེ་བ་ཆེན་པོའི་རྡོ་རྗེ་དམ་ཚིག་སྟེ་བསྡུས་པའི་དཀྱིལ་འཁོར་རོ། །དེ་ཉིད་སྐྱེ་བོ་ཐམས་ཅད་དང་ཐུན་མོང་མ་ཡིན་པས་ན་གསང་བའོ། །མིང་

དེ་སྐད་ཅེས་བྱ་བའི་དཀྱིལ་འཁོར་ཐམས་ཅད་གསུངས་པ་ནི་བཀའ་སྩལ་པའོ། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །དཀྱིལ་འཁོར་ཐམས་ཅད་ཀུན་དུ་བྲི། །ཞེས་བྱ་བ་ནི་དུམ་བུ་གཉིས་པའི་རྩ་བའི་དཀྱིལ་འཁོར་ཀྱི་དབྱིབས་ལྟར་འདིའི་གཞིའི་དཀྱིལ་འཁོར་

ཀུན་དུ་བྲི་བར་བྱའོ། །དཀྱིལ་འཁོར་ཆེན་པོ་དང་པོར་ནི། །དེ་ཡི་དབུས་སུ་བརྟག་པར་བྱ། །ཞེས་བྱ་བ་ལ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ནི་དཀྱིལ་འཁོར་ཆེན་པོ་སྟེ་དཀྱིལ་འཁོར་ཆེན་པོ་དང་པོ་དེ་གཞིའི་དཀྱིལ་འཁོར་དེའི་དབུས་སུ་སྟེ་རེའུ་ཆ་དབུས་མ་ལ་བརྟག་པར་བྱ་

เล่ม ๖๐ · หน้า 106b

ཞིང་ཡང་དག་པར་བྲི་བར་བྱའོ། །དེའི་ཞེས་བྱ་བ་ལ་དཀྱིལ་འཁོར་དབུས་མའི་རེའུ་ཆ་དབུ་མར་བྲི་བས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དེའི་ཕྱོགས་བཞིར་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ཡང་དག་པར་

བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་ཀྱི་མཐའ་ནི་ཕྱིའི་མཚམས་ཀྱི་མཐའ་སྟེ། དེ་རྣམས་ཀྱི་དབྱིབས་ཀྱི་གནས་ལ་ཕྱིའི་དཀྱིལ་འཁོར་གྱི་ཚོགས་བྲི་བར་བྱའོ། །སྒོ་རྣམས་ཀུན་དུ་འཇུག་པར་ནི། །རང་གི་ཕྱག་རྒྱར་རབ་ཏུ་གནས། །ཞེས་བྱ་བ་ནི་རྡོ་རྗེ་

སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་དུ་འཇུག་པ་ཇི་ལྟར་བཤད་པ་བཞིན་དུ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ནས་ཀླུའི་དཀྱིལ་འཁོར་གྱི་བར་དུ་འཇུག་པར་བྱའོ། །དེ་བས་ན་འདིར་སྒོ་ཐམས་ཅད་དུ་འཇུག་པས་ན་རང་གི་ཕྱག་རྒྱ་དང་རྗེས་

སུ་འབྲེལ་པ་ཡིན་པས་རང་གི་ཕྱག་རྒྱ་ལ་རབ་ཏུ་སྟེ་ཤིན་ཏུ་གནས་པར་འགྱུར་བ་ཡིན་པས་ན་རང་གི་ཕྱག་རྒྱ་དང་རྗེས་སུ་འབྲེལ་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་ཤུགས་ཀྱིས་འཇུག་བྱ་ཞིང་། །དཀྱིལ་འཁོར་དམ་པ་ལྔས་སྡུད་དོ། །ཞེས་བྱ་བ་ནི་རང་གི་དཀྱིལ་འཁོར་

གྱི་བདག་པོའི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ་བཛྲ་བཛྲ་ཞེས་ཟློས་ཤིང་འཇུག་པའི་གླུ་ཡང་ལེན་ཅིང་འཇུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་དང་། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་དང་། རྡོ་རྗེ་འཇིག་རྟེན་དབང་ཕྱུག་

དང་། འཕགས་པ་ནམ་མཁའི་སྙིང་པོའི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་ལྔ་བདག་ཉིད་ལ་རབ་ཏུ་སྡུད་ཅིང་འཇུག་པས་དཀྱིལ་འཁོར་དམ་པ་ལྔ་སྡུད་དོ་ཞེས་བྱ་བ་བསྡུས་པའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་

ནི་བསྡུས་པའི་དཀྱིལ་འཁོར་དུ་གཏོགས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རྣམས་སོ། །རང་གི་ཕྱག་རྒྱས་འཇུག་པས་སོ་སོའི་ཁྱད་པར་གྱི་འཇུག་པ་གསུངས་པ་དེ་བཞིན་དུ་དེ་དག་ལས་བཤད་པའི་སོ་སོའི་སྒྲུབ་པ་དང་བསྒྲུབ་པར་བྱ་བའི་ཁྱད་པར་ཡང་དེ་ལྟར་བྱ་བ་

เล่ม ๖๐ · หน้า 107a

ཡིན་པར་ཤེས་པར་བྱའོ། །འདི་སྐད་སྟོན་ཏེ་རྡོ་རྗེ་སེམས་དཔའི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ། རང་གི་སྙིང་གར་ཇི་སྲིད་དཀྱིལ་འཁོར་འདི་མངོན་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་

པོ་ལས་བཤད་པའི་དང་པོའི་སྦྱོར་བ་བསྒོམས་ནས། བསྡུས་པའི་དཀྱིལ་འཁོར་སྤྲུལ་པ་ཇི་ལྟ་བ་བཞིན་དུ་བྱས་ལ་ལས་ཀྱི་རྒྱལ་པོ་མཆོག་བསྒོམ་པར་བྱའོ། །དེ་ནས་དང་པོའི་རྡོ་རྗེས་དཀྱིལ་འཁོར་འདི་ནམ་མཁའ་ལ་བཞག་ལ། དེ་ཉིད་ལ་བདག་ཉིད་ཀྱིས་བྱིན་གྱིས་

བརླབས་ལ་བསྡུས་པའི་དཀྱིལ་འཁོར་གྱི་སྙིང་པོ་ཟློས་བཞིན་དུ་བསྐོར་བར་བྱའོ། །དེ་ནས་དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལས་གསུངས་པའི་དང་པོའི་དཀྱིལ་འཁོར་ལྟར་དཀྱིལ་འཁོར་ཐིག་གདབ་པར་བྱའོ། །དཀྱིལ་འཁོར་དབུས་མའི་དབུས་ཀྱི་རེ་མིག་གི་ཆར་རྡོ་རྗེ་

སེམས་དཔའི་དཀྱིལ་འཁོར་ཆེན་པོར་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར། ཀཱི་ལི་ཀི་ལའི་གནས་སུ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར། རྡོ་རྗེ་དྲན་པའི་གནས་སུ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར། རྡོ་རྗེ་སྙིང་པོའི་

གནས་སུ་ནམ་མཁའི་སྙིང་པོའི་དཀྱིལ་འཁོར། ཕྱིའི་དཀྱིལ་འཁོར་གྱི་སྣམ་བུ་ལ་མེའི་མཚམས་ཀྱི་ཆར་མིང་པོ་གསུམ་གྱི་དཀྱིལ་འཁོར། བདེན་བྲལ་གྱི་མཚམས་སུ་སྲིང་མོ་བཞིའི་དཀྱིལ་འཁོར། རླུང་གི་མཚམས་སུ་ལྷ་མ་ཡིན་གྱི་དཀྱིལ་འཁོར། དབང་ལྡན་གྱི་

མཚམས་སུ་ཀླུའི་དཀྱིལ་འཁོར་ཐིག་གདབ་པར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་བྲིས་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་བཅས་པ་བྲི་བར་བྱའོ། །དེ་བཞིན་དུ་ཀླུའི་དཀྱིལ་འཁོར་དང་ཀླུའི་བདག་པོ་འཁོར་དང་བཅས་པའི་བར་དུ་བྲི་བར་

བྱའོ། །གཞིའི་དཀྱིལ་འཁོར་གྱི་ནང་དུ་དཀྱིལ་འཁོར་གྱི་མཚམས་བཞིར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པའི་རྡོ་རྗེ་སྦྲང་རྩི་མ་ལ་སོགས་པ་བཞི་བྲི་བར་བྱའོ། །དེ་ཉིད་ཀྱི་ཕྱི་དང་ནང་གི་སྒོ་རྣམས་སུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་

เล่ม ๖๐ · หน้า 107b

པའི་སྒོ་སྲུང་བཞི་བྲི་བར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རྡོ་རྗེ་སེམས་དཔའི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་བཤད་པའི་འཇུག་པའི་ཆོ་གས་གཞིའི་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ནས་སློབ་དཔོན་གྱི་ལས་

ཐམས་ཅད་བྱས་ལ་དཀྱིལ་འཁོར་དབུས་མའི་དབུས་ཀྱི་རེའུ་ཆར་གནས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་རང་གི་ཆོ་གས་འཇུག་པར་བྱའོ། །དེ་བཞིན་དུ་ཀླུའི་དཀྱིལ་འཁོར་གྱི་བར་ལ་རང་གི་ཆོ་གས་འཇུག་པར་བྱའོ། །དེ་ནས་སློབ་དཔོན་གྱི་ལས་གྱི་ཆོ་ག་ཐམས་ཅད་

བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ནས་རང་གི་འཇུག་པ་ལ་སོགས་པའི་ཆོ་ག་བཞིན་དུ། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱའོ། །སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་སློབ་དཔོན་

གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བཤད་ནས། ད་ནི་དམ་ཚིག་དང་དབང་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དཀྱིལ་འཁོར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ།

རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་གང་དང་གང་དུ་དངོས་གྲུབ་གང་དང་གང་ལས་གང་དང་གང་བཤད་པའི་དངོས་གྲུབ་དང་། ལས་དེ་དག་ཐམས་ཅད་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འབྱུང་བ་ཞེས་བྱ་བ། དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས་བསྡུས་པའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པར་བྱེད་པས་བསྡུས་པའི་དཀྱིལ་འཁོར་གསུངས་ནས་ད་ནི་མིང་པོ་གསུམ་གྱིས་འདུལ་བའི་འགྲོ་

བ་རྣམས་ཀྱི་དོན་དུ་མིང་པོ་གསུམ་གྱི་དཀྱིལ་འཁོར་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དང་པོ་སྦྱོར་བའི་རྗེས་ཐོགས་ཉིད་ལ་འདིར་དང་པོ་སྦྱོར་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པ་ཉིད་ཡིན་ནོ། །ལྷ་ལ་

เล่ม ๖๐ · หน้า 108a

སོགས་པ་གང་ཡིན་པ་དེ་ནི་ལྷ་ལ་སོགས་པ་སྟེ། ལྷག་མ་ཁྲོ་བོའི་ཚོགས་དང་ཕོ་ཉ་དང་བྲན་ཆུང་མ་དང་བཅས་པའོ། །དམ་ཚིག་སེམས་དཔའ་ཐམས་ཅད་ཅེས་བྱ་བ་ནི་བཤད་མ་ཐག་པའི་ལྷ་ལ་སོགས་པ་སྟེ། དམ་ཚིག་སེམས་དཔའ་ཡང་ཡིན་ལ་

ཐམས་ཅད་ཀྱང་ཡིན་པས་དམ་ཚིག་སེམས་དཔའ་ཐམས་ཅད་དེ། དེ་ལྟར་གྲགས་པའི་ལྷ་ལ་སོགས་པའི་གཟུགས་ནི་ཀུན་རྫོབ་ཀྱི་སེམས་དཔའ་ཡིན་གྱི། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་དོན་དམ་པའི་བདེ་བའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་

འཇིག་རྟེན་པའི་ཤེས་པའི་རྒྱུ་མཐུན་པ་ལས་བྱུང་བའི་དམ་ཚིག་གི་སེམས་དཔའ་བཤད་པ་ཡིན་ལ་འཇིག་རྟེན་ལས་འདས་པ་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ལས་བྱུང་བ་ནི་སེམས་དཔའ་ཆེན་པོ་ཞེས་བཤད་པ་ཡིན་ནོ། །བཅོམ་ལྡན་འདས་ལས་རང་རང་གི་རྗེས་སུ་གནང་བ་མནོས་ཏེ་

ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལས་སྙིང་པོ་སྨྲ་བའི་བཀའ་མནོས་ནས་རང་རང་གི་སྙིང་པོ་ཕུལ་ལོ། །འདི་ཞེས་བྱ་བ་ནི་བྲོ་ལ་གནས་པའོ། །སེམས་ཅན་ཀུན་ལ་བདེ་སླད་དུ། །ཞེས་བྱ་བ་ནི། འཇིག་རྟེན་པའི་ལྷ་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་ལ་

འཇིག་རྟེན་པའི་ལྷའི་དཀྱིལ་འཁོར་བསྐྱེད་པས་སངས་རྒྱས་ཉིད་ཐོབ་པའི་ཕྱིར་ཞེས་བྱ་བ། ཕྱིར་མི་ལྡོག་པའི་ས་བོན་བསྐྱེད་པ་ནི་འདིར་བདེ་བ་ཡིན་ཏེ་དེའི་དོན་དུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་ཞབས་ལ་ཕྱག་བྱའོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་

མཉེས་པར་བྱ་བའི་ཕྱིར་བདག་ཉིད་བཅོམ་ལྡན་འདས་ཀྱིས་ཅི་ཞིག་བགྱི་ཞེས་བྱ་བའི་ཕྱིར་རང་གི་གསང་བའི་སྙིང་པོ་སྟེ། རང་གི་ཤེས་པའི་ངེས་པ་སྟོན་པར་བྱེད་པའི་སྒྲའི་ཚུལ་ཕུལ་བ་ནི་བསྟབས་པའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་གནས་སྐབས་ཏེ་རང་གི་གསང་བའི་སྙིང་པོ་འདི་

ཕུལ་བའི་གནས་སྐབས་སུ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་གསུམ་པོས་གསོལ་བ་ནི་སྨྲས་པ་སྟེ་ཨོཾ་ཧཱུཾ་ཧྲི་ཞེས་བྱ་བས་སོ། །དེ་ལྟར་ན་ལྷ་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ཏེ་ཨོཾ་བྷུ་ཧྲི་ཞེས་བྱ་བའི་བར་གྱི་བཤད་པས་འཇིག་རྟེན་གསུམ་གྱི་ཏིང་ངེ་འཛིན་གཉིས་པ་གསུང་

เล่ม ๖๐ · หน้า 108b

བ་ཡིན་ནོ། །དེ་ནས་བསྡུ་བའི་སྔོན་དུ་འགྲོ་བ་ནི་གསུམ་པ་ཡིན་པར་བྱའོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་

མ་འཇུག་པ་ལ་སོགས་པ་ནི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟེ་དམ་ཚིག་གསུམ་གྱི་རྗེས་ཐོགས་ཉིད་ལའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་དཀྱིལ་འཁོར་བཤད་པའོ་ཞེས་བྱ་བར་ཤུགས་ཀྱིས་སྦྱོར་རོ། །ཟུར་བཞི་པ་ལ་སོགས་པ་

ནི་བཤད་ཟིན་ཏོ། །གཞུའི་སེ་རལ་ཁ་ཞེས་བྱ་བ་ནི་གཞུའི་མཆོད་ཕྱིར་ཐོགས་ཡོད་པའོ། །མདའ་དང་ཙ་ཤ་ཀ་ཞེས་བྱ་བ་ནི་ལག་པ་གཡས་ན་མདའ་ཐོགས་པ། གཡོན་ན་ཁམ་ཕོར་ཙ་ཤ་ཀ་ཞེས་བྱ་བ་ཐོགས་པའོ། །འཇུག་པ་ནི་མདུང་རྩེ་གསུམ་པའི་ཕྱག་རྒྱས་སོ་ཞེས་

བྱ་བ་ནི། མིང་པོ་གསུམ་གྱི་དཀྱིལ་འཁོར་འདིར་སློབ་དཔོན་གྱིས་འཇུག་པ་ནི་མདུང་རྩེ་གསུམ་པས་མཚན་པའི་ཕྱག་རྒྱ་འོག་ནས་བཤད་པའི་མཚན་ཉིད་ཅན་གྱིས་འཇུག་པར་བྱའོ། །དེའི་མཚན་ཉིད་ནི་འདི་ཡིན་ཏེ་མཛུབ་མོ་དང་གུང་མོ་དང་སྲིན་ལག་གཞིབས་ཏེ་རྩེ་གསུམ་པ་བྱས་ལ་

མཐེ་བོ་དང་མཐེའུ་ཆུང་གཉིས་གདུ་བུར་སྦྲེལ་ལ་ཤེས་པར་བྱའོ། །པུས་མོའི་ལྷ་ང་ཞེས་པ་ནི་མིང་པོ་གསུམ་གྱི་དཀྱིལ་འཁོར་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་འཇུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཞུགས་ནས་དམ་ཚིག་བཅིངས་ནས་ནི། །ཡང་དག་འགུགས་པ་ཉིད་

དུ་བྱ། །ཞེས་བྱ་བ་ནི། ཇི་སྐད་བཤད་པའི་འཇུག་པའི་ཕྱག་རྒྱས་ཞུགས་ལ། དུམ་བུ་དང་པོ་ལས་བཤད་པའི་རང་གི་ཆོ་གས་རང་གི་ཆོ་ག་ཐམས་ཅད་རྫོགས་པར་བྱས་ལ། བཤད་མ་ཐག་པའི་མདུང་རྩེ་གསུམ་པས་མཚན་པའི་ཕྱག་རྒྱ་ལས་གཡས་པའི་མཛུབ་མོ་ལྕགས་

ཀྱུར་བྱས་པ་དང་། འགུགས་པའི་སྙིང་པོ་ལན་ཉི་ཤུ་རྩ་གཅིག་བཟླས་ལ་མིང་པོ་གསུམ་འཁོར་དང་བཅས་པ་དགུག་པར་བྱའོ། །དེ་ལ་འགུགས་པའི་སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་བྷུར་བྷུ་ཝ་སྭཿ སློབ་དཔོན་གྱིས་འཇུག་པའི་སློབ་མ་ཐམས་ཅད་ལ་ཞུགས་པར་བྱའོ་ཞེས་བྱ་བ་ནི།

เล่ม ๖๐ · หน้า 109a

དེ་ལྟར་མིང་པོ་གསུམ་གྱི་དཀྱིལ་འཁོར་དང་བཅས་པ་དྲངས་ནས་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ལ་མཆོད་པ་རྣམ་པ་ལྔ་དང་། ཕྱག་རྒྱའི་མཆོད་

པ་ལ་སོགས་པས་ལེགས་པར་མཆོད་ལ་སློབ་མ་གཞུག་པའི་ཕྱིར། གནང་བ་ནོས་ནས་རང་གི་འཇུག་པའི་ཆོ་གས་སློབ་མ་ཐམས་ཅད་གཞུག་པར་བྱའོ། །དེ་ཁོ་ན་ཉིད་དང་གསང་བ་ཡང་བརྗོད་པར་བྱ་སྟེ། རྡུལ་དང་མུན་པ་སྙིང་སྟོབས་ཉིད། །ཚངས་པ་ཁྱབ་འཇུག་དབང་

ཕྱུག་ཆེ། །མིང་པོ་གསུམ་པོ་འདི་དག་ནི། །འདི་ཉིད་དེ་ཡི་གསང་བར་བརྗོད། །ཅི་ཞིག་བྱས་ནས་དེ་ཁོ་ན་ཉིད་གསང་བ་བརྗོད་པར་བྱ་ཞེ་ན། དམ་ཚིག་མཆོག་ནི་བྱིན་ནས་ནི། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་མ་བརྟགས་ལ་སྨྲས་སམ། །ཞེས་བྱ་བ་ལ་སོགས་པའི་

དམ་ཚིག་བྱིན་ལ་དེ་ཁོ་ན་ཉིད་དང་། གསང་བ་འདི་བརྗོད་པར་བྱའོ། །གལ་ཏེ་མ་བརྟགས་ལ་སྨྲས་ན། །ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་དུ་མ་ཞུགས་པ་ནི་མ་བརྟགས་པ་སྟེ་དཀྱིལ་འཁོར་དུ་མ་ཞུགས་ཤིང་མ་བརྟགས་པ་དེ་ལ། གལ་ཏེ་མིང་པོ་གསུམ་གྱི་དཀྱིལ་

འཁོར་འདི་སྨྲས་པར་གྱུར་ན། དེའི་ཚེ་ཁྱེད་ཀྱི་སྙིང་མདུང་རྩེ་གསུམ་གྱིས་བཅོམ་ཞིང་གསོད་པར་འགྱུར་རོ། །འོན་ཏེ་ཇི་སྐད་བཤད་པའི་ཆོས། །འདིར་ནི་ཀུན་དུ་མ་སྤྱད་ན། །རྩེ་གསུམ་གྱིས་ནི་ཁྱོད་སྙིང་འཇོམས། །ཞེས་བྱ་བ་ནི་དཀྱིལ་འཁོར་དུ་མ་ཞུགས་པ་ལ་སྨྲ་བས་

རྩེ་གསུམ་གྱིས་ཁྱོད་ཀྱི་སྙིང་འཇོམས་པར་མ་ཟད་ཀྱི། ཇི་སྐད་དུ་བཤད་པའི་ཆོས་མ་སྤྱད་ན་ཡང་ཁྱེད་ཀྱི་སྙིང་མདུང་རྩེ་གསུམ་གྱིས་འཇོམས་པར་འགྱུར་རོ་ཞེས་བྱ་བ་སྟེ་གལ་ཏེ་སྙིང་སྟོབས་དང་རྡུལ་དང་མུན་པ་ཁྱེད་སྒོམ་པར་མི་བྱེད་ན་དེའི་ཚེ་ཡང་ཁྱེད་ཀྱི་སྙིང་མདུང་རྩེ་གསུམ་གྱིས་

གསོད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་སྙིང་སྟོབས་ཞེས་བྱ་བ་ལ་སོགས་པས་ཆོས་དེ་རྣམ་པར་འགྲེལ་པ་ཡིན་ཏེ། དེ་ལ་སྙིང་སྟོབས་ནི་དབང་ཕྱུག་ཆེན་པོ་སྟེ། སེམས་ཀྱི་རང་བཞིན་དྲི་མ་ཐམས་ཅད་དང་བྲལ་བ་དང་ཞིང་འོད་གསལ་བའོ། །རྡུལ་ནི་ཚངས་

เล่ม ๖๐ · หน้า 109b

པ་སྟེ་འཇིག་རྟེན་གསུམ་བྱེད་པའོ། །མུན་པ་ནི་ཁྱབ་འཇུག་སྟེ། འཇིག་རྟེན་གསུམ་སྟོན་པར་བྱེད་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྗེས་སུ་ཞུགས་པའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ནི་དེ་དག་ཡིན་པས་སེམས་ཅན་ཐམས་ཅད་ཚངས་པ་དང་ཁྱབ་འཇུག་

དང་དབང་ཕྱུག་ཆེན་པོར་བརྟག་གོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་དག་ཀྱང་དངོས་པོ་ལ་མངོན་པར་ཞེན་པས་ནི་ངན་སོང་གསུམ་གྱི་རྒྱུར་འགྱུར་ལ་རང་བཞིན་གྱིས་ཡང་དག་པར་བསྒོམས་ཏེ་བསྟེན་པས་ནི་བདུད་རྩིའི་རྒྱུར་འགྱུར་བ་ཡིན་ནོ། །དེ་ཡང་། འདོད་ཆགས་ཞེ་སྡང་གཏི་མུག་

རྣམས། །ཐམས་ཅད་ལ་ནི་རྣམ་པར་གནས། །མི་བཟད་པར་ནི་བསྟེན་གྱུར་ན། །དུག་ཉིད་དུ་ནི་འགྱུར་བ་ཡིན། །བདུད་རྩིའི་ཚུལ་དུ་བསྟེན་གྱུར་ན། །བདུད་རྩི་ཉིད་དུ་འགྱུར་བ་ཡིན། །འདོད་ཆགས་ཚངས་པ་བྱིན་པའི་མཆོག །ཞེ་སྡང་དྲག་པོའི་ཏིང་འཛིན་ཉིད། །གཏི་

མུག་ཁྱབ་འཇུག་བསྟེན་བྱས་པ། །འཇིག་རྟེན་གསུམ་ལེགས་བྱིན་གྱིས་བརླབས། །ཞེས་བཤད་པ་ཡིན་ནོ། །མིང་པོ་གསུམ་པོ་འདི་དག་སྟེ། །ཞེས་བྱ་བ་ནི་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་གང་ཡིན་པ་དེ་ཉིད་ནི་མིང་པོ་གསུམ་པོ་འདི་ཡིན་ཏེ། རྒྱལ་

བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཐམས་ཅད་གྲུབ་པའི་ངོ་བོ་ཡང་གཞན་མ་ཡིན་ནོ། །དེ་ལ་རྒྱལ་བར་བྱེད་པ་ནི་སྟོབས་བཟངས་ཀྱི་གཟུགས་འཛིན་པ་ནི་དབང་ཕྱུག་ཆེན་པོའོ། །སྦྲང་རྩིར་བྱེད་པ་ནི་འདོད་པའི་ལྷའི་གཟུགས་འཛིན་པའི་ཚངས་པའོ། །དོན་ཐམས་ཅད་

གྲུབ་པ་ནི་དཔྱིད་ཀྱི་གཟུགས་འཛིན་པ་ནི་ཁྱབ་འཇུག་གོ། །ནམ་ཡང་བརྙས་པར་མི་བྱའོ་ཞེས་བྱ་བ་ནི། འཇིག་རྟེན་གསུམ་དུ་ལྷག་པར་མོས་པས་དེའི་གཟུགས་སུ་བསྒོམས་ནས་སྐྱེས་བུ་དོན་བཞི་པོ་བསྒྲུབ་པར་འདོད་པས་མིང་པོ་གསུམ་པོ་དེ་དག་གཟུགས་བརྙན་ལྟ་བུར་

བསྒོམ་པར་བྱའོ། །འདིས་ཅི་ཞིག་བྱ་ཞེ་ན། ནམ་ཡང་བརྙས་པར་མི་བྱ་ཞིང་འདི་ལ་དངོས་པོ་ལ་མངོན་པར་ཞེན་པ་ཡང་མི་བྱའོ། །གང་ཞིག་འདི་དག་ལ་ཞེས་བྱ་བ་ལ་སོགས་པ་ལས་འདི་ལ་དད་པ་གང་ལ་ལ་ཞིག་ཚུལ་འདི་གཉིས་ཀྱིས་བརྙས་པར་མི་བྱེད་པ་དག་

เล่ม ๖๐ · หน้า 110a

དཀྱིལ་འཁོར་བྲིས་ནས་ཞུགས་ལ་ཡང་དང་ཡང་དུ་མཆོད་པར་བྱེད་པ་དེ་ཐམས་ཅད་ཀྱི་ཆོས་དང་ནོར་བུ་འདོད་པ་དང་ཐར་པའི་རང་བཞིན་ལ་ཐམས་ཅད་གྲུབ་པ་ཐོབ་པར་འགྱུར་རོ། །ཕྱག་རྒྱ་དག་ཀྱང་བསྟན་པར་བྱ། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་དང་།

དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་སློབ་མ་རྣམས་ལ་བསྟན་ཞིང་བསླབས་ནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡིས་གར་གྱི་མཆོད་པར་བྱ། །ཞེས་བྱ་བ་ནི་མིང་པོ་གསུམ་འཁོར་དང་བཅས་པའི་ལས་ཀྱི་ཕྱག་རྒྱས་གར་གྱི་མཆོད་པ་བྱ་བའི་ཚུལ་གྱིས་གར་བྱ་བའི་མཆོད་པས་

སློབ་དཔོན་གྱིས་དཀྱིལ་འཁོར་འདིར་མཆོད་པར་བྱའོ། །རྟག་ཏུ་ཞེས་བྱ་བ་ནི་ཉིན་རེ་ཞིང་རྒྱུན་དུའོ། །འདོད་པའི་ཡོན་ཏན་ལྔས་ཞེས་བྱ་བ་ནི། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་དང་། ནོར་དང་། ཐར་པ་དང་རྗེས་སུ་མཐུན་པར་བྱ་བའི་ངན་སོང་

དུ་འགྲོ་བའི་རྒྱུར་གྱུར་པས་ནི་མ་ཡིན་ནོ། །འདིའི་ཆོ་ག་རྒྱས་པར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུར་བཤད་ཟིན་པས་དེ་ཉིད་ལས་ཤེས་པར་བྱའོ། །འདིར་ཁྱད་པར་ནི་འདི་ཡིན་པར་ཤེས་པར་བྱ་སྟེ། བཛྲ་བཛྲ་ཨོཾ་བྷུ་ཧྲི་ཞེས་བྱ་བའི་ཡི་གེ་གསུམ་གྱི་སྙིང་པོས་འཇུག་

པར་བྱའོ། །དེ་ལ་བཛྲ་སྭ་བྱ་བའི་ཡི་གེ་གཅིག་པའི་སྙིང་པོ་དང་བཅས་པར་བྱའོ། །དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས་མིང་པོ་གསུམ་གྱི་རྟོག་པ་བཤད་པ་རྫོགས་སོ།། །།དེ་ལྟར་མིང་པོ་གསུམ་གྱི་དཀྱིལ་འཁོར་བཤད་ནས། ད་ནི་སྲིང་མོ་བཞིས་འདུལ་བ་ལས་

བརྩམས་ཏེ། དེ་ནས་ཞེས་བྱ་བ་ནས་བརྩམས་ནས་སྲིང་མོ་བཞིའི་རྟོག་པ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟེ་དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད་ལའོ། །འདིར་དང་པོའི་སྦྱོར་བ་ནི་མིང་པོ་གསུམ་གྱི་སྐབས་སུ་བཤད་པ་ཉིད་ཡིན་ནོ། །གསང་

བའི་ལྷ་མོ་ཞེས་བྱ་བ་ནི་འདི་དག་ནི་མིང་པོ་གསུམ་གྱིས་སྤྲུལ་པ་ཡིན་གྱི། འདི་དག་རྒྱུད་གཞན་ལས་སྤྲུལ་པ་ནི་མ་ཡིན་ནོ། །དེ་བས་ན་འདིས་ནི་དེ་རྣམས་ཀྱིས་རང་བཞིན་གྱིས་འོད་གསལ་བ་ལ་བརྩོན་པའི་རང་བཞིན་ཅན་གྱི་ལས་ཀྱི་གསང་བའི་རང་བཞིན་གསལ་བར་བྱེད་པ་དང་།

เล่ม ๖๐ · หน้า 110b

དེ་ཐོབ་པར་བྱེད་པ་ཡིན་པས། དེའི་ཕྱིར་དེ་དག་ནི་གསང་བ་འང་ཡིན་ལ་ལྷ་མོ་ཡང་ཡིན་པས། གསང་བའི་ལྷ་མོ་སྟེ། དགའ་བ་མོ་ལ་སོགས་པ་བཞིའོ། །རང་གི་ཕྱག་རྒྱ་ཕུལ་ལོ་ཞེས་བྱ་བ་ནི་རང་གི་དཀྱིལ་འཁོར་སྒྲུབ་པར་བྱེད་པའི་རིག་པ་ནི་རང་གི་ཕྱག་རྒྱ་སྟེ་དེ་ཕུལ་ཞིང་

བསྟབས་པའོ། །དེ་ནི་ཧྲི་ཧཱུཾ་ཤྲི་བྷྱོ་ཞེས་བྱ་བ་ཡིན་ནོ། །འདི་ཡན་ཆད་ཀྱི་སྲིང་མོ་བཞིའི་ཏིང་ངེ་འཛིན་གཉིས་པ་བཤད་པ་ཡིན་ནོ། །དེ་ནས་དེ་བཞིན་དུ་བསྡུ་བ་སྔོན་དུ་འགྲོ་བ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་དམ་ཚིག་གསུམ་བཤད་ནས། དམ་ཚིག་དང་། དབང་

བསྐུར་བ་ཐོབ་པ་རྣམས་ཀྱིས་འདིར་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། །དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །

དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ནི་གོ་སླའོ། །དེ་ནས་དང་པོར་དཀྱིལ་འཁོར་དུ། །དེ་བཞིན་ཀུན་ནས་འཇུག་པར་བྱ། །ཞེས་བྱ་བ་ནི་དེ་ལྟར་དཀྱིལ་འཁོར་བྲིས་ནས་དེའི་རྗེས་ཐོགས་ཉིད་ལ་འཇུག་པར་བྱ་སྟེ། དང་པོ་ཁོ་ནར་སྤྱན་དྲང་བ་བྱས་ནས་དཀྱིལ་འཁོར་གྱི་སྒོ་བཞི་

ནས། ཇི་ལྟར་ཤར་ནས་བྱ་བ་དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ནས་ཀུན་དུ་འཇུག་པར་བྱའོ་ཞེས་བྱ་བ་ནི། དེ་བཞིན་ཞེས་བྱ་བའི་སྒྲས་སྟོན་ཏོ། །ཕྱག་རྒྱ་གང་གིས་འཇུག་པར་བྱ་ཞེ་ན། སྲིང་མོ་བཞིའི་ཕྱག་རྒྱ་བཞིས། །ཞེས་བྱ་བ་སྨོས་ཏེ་སྲིང་མོ་བཞིའི་རང་གི་ཕྱག་རྒྱ་གང་ཡིན་

པ་དེས་འཇུག་པར་བྱའོ། །དེ་ཡང་ཇི་ལྟར་ཞེ་ན་ཇི་ལྟ་བའི་གོ་རིམས་ཞེས་བྱ་བ་སྨོས་ཏེ་ཤར་གྱི་དཀྱིལ་འཁོར་ནས་ནི་དགའ་བ་མོའི་སྦྱོར་བས་སོ། །ལྷོ་ནས་ནི་སྲིང་མོའི་སྦྱོར་བས་སོ། །ནུབ་ནས་ནི་ཕག་མོའི་སྦྱོར་བས་སོ། །བྱང་གི་དཀྱིལ་འཁོར་ནས་ནི་གྲུབ་པ་མོའི་སྦྱོར་བས་

འཇུག་པར་བྱ་ཞིང་ཐམས་ཅད་དུ་བཛྲ་བཛྲ་ཧྲི་ཧཱུཾ་ཤྲི་ཧཱུཾ་བྷྱོ་ཞེས་ཟློས་ཤིང་འཇུག་པར་བྱ་སྟེ། འདི་ནི་གོ་རིམས་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །ཞུགས་ནས་བདུག་པ་ལ་སོགས་ཀྱིས། །ཆོ་ག་བཞིན་དུ་དེ་བཞིན་མཆོད། །ཅེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཞུགས་ནས་རང་གི་

เล่ม ๖๐ · หน้า 111a

ཆོ་ག་ཐམས་ཅད་སྔ་མའི་རྗེས་སུ་འབྲང་བར་བྱས་ལ། མཆོད་པ་རྣམ་པ་ལྔས་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ལེགས་པར་མཆོད་དེ་སྤྱན་དྲང་བ་དང་། དགུག་པ་དག་སློབ་དཔོན་དེས་བྱའོ། །གང་གིས་བྱ་ཞེ་ན། གསང་བའི་དེ་ཉིད་རབ་གྲུབ་པས། །ཨོཾ་

ཞེས་བྱ་བ་ལ་སོགས་པའི་སྙིང་པོ་ནི་དེ་ཁོ་ན་ཉིད་གསང་བས་གཙོ་བོ་སྟེ། དེ་ཁོ་ན་ཉིད་དང་། གསང་བ་ཉིད་དང་། གསང་བ་གྲུབ་པ་དེ་སྤྱན་དྲང་བའི་ཕྱག་རྒྱ་དང་ལྡན་པས་ལྷ་མོ་རྣམས་ཡང་དག་པར་དགུག་པར་བྱའོ། །གུང་མོ་དང་སྲིན་ལག་རྡོ་རྗེ་བསྡམས་པ་བྱས་ལ། མཐེ་

བོ་དེ་གུང་མོ་དང་མཐེའུ་ཆུང་དང་སྲིན་ལག་གི་སོར་མོ་བརྒྱད་རྩེ་སྤྲད་པ་ནི་སྲིང་མོ་བཞིའི་དམ་ཚིག་གི་ཕྱག་རྒྱ་སྟེ། འདི་ཉིད་ཀྱིས་སྤྱན་དྲང་བ་དང་འདི་ཉིད་ཀྱིས་དཀྱིལ་འཁོར་དུ་གཞུག་པར་བྱའོ། །དེ་ནས་ཐམས་ཅད་འབབ་པར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་སྤྱན་དྲང་བ་བྱས་ནས་

ལྷག་པར་གནས་པར་བྱ་བའི་སློབ་མ་ཐམས་ཅད་ལ་འབབ་པར་འགྱུར་རོ། །ལྷ་མོ་རྣམས་སྤྱན་དྲང་བའི་མཐུས་དེ་རྣམས་ལ་འབབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བབས་ནས་གཞུག་པར་བྱའོ་ཞེས་བྱ་བ་ནི་ལྷ་མོའི་ཚོགས་རྣམས་སྤྱན་དྲངས་ནས་དམ་ཚིག་གི་ཕྱག་

རྒྱས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ཏེ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་སློབ་མ་བཅུག་ན་རང་གི་འཇུག་པའི་སྦྱོར་བས་སློབ་དཔོན་འཇུག་པར་བྱ་སྟེ། གང་གི་ཕྱིར་དེ་

བཞིན་ཞེས་བཤད་པའི་ཕྱིར་རོ། །དེ་ནས་ཕྱག་རྒྱ་བཅིངས་པ་བསླབས་ལ་གསང་བ་བརྗོད་པར་བྱའོ་ཞེས་བྱ་བ་ནི་ལྷ་མོ་རྣམས་ཀྱི་སྙིང་པོ་བྱིན་ནས་ཕྱག་རྒྱ་ཆེན་པོ་བཅིངས་པ་དང་ཆོས་དང་ལས་དང་དམ་ཚིག་གི་ཕྱག་རྒྱ་བཅིངས་པར་བསླབ་པར་བྱའོ། །དེ་ལྟར་བསླབས་ནས་དེ་རྣམས་ལ། །

འདོད་ཆགས་ཞེ་སྡང་གཏི་མུག་དང་། །ཟས་དང་སྐོམ་དང་རོ་དེ་བཞིན། །ཆོས་ཀྱིས་བསྟེན་ན་བདེ་བ་སྟེ། །ཆོས་མིན་པས་ནི་སྡུག་བསྔལ་བསྐྱེད། །ཅེས་བྱ་བའི་གསང་བ་བརྗོད་པར་བྱའོ། །ཇི་ལྟར་ཞེ་ན། མནས་བསྒགས་ནས་ནི་ཞེས་བྱ་བ་སྨོས་ཏེ་མནའ་ནི་འདི་ཡིན་པ་སྟེ།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด