རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྡོ་རྗེ་ཐམས་ཅད་འབྱུང་བ་ཞེས་བྱ་བའི་དོན་བསྡུས་པ

ชื่อสันสกฤต (อักษรทิเบต ตามตัวบท) བཛྲ་དྷཱ་ཏུ་མཧཱ་མཎྜ་ལ་ལོ་པི་ཀ་སརྦ་བཛྲོད་ཡ་ནཱ་མ་པིཎྜཱརྠ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๒ · หน้า 188a

༄༅༅། །རྒྱ་གར་སྐད་དུ། བཛྲ་དྷཱ་ཏུ་མཧཱ་མཎྜ་ལ་ལོ་པི་ཀ་སརྦ་བཛྲོད་ཡ་ནཱ་མ་པིཎྜཱརྠ། བོད་སྐད་དུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྡོ་རྗེ་ཐམས་ཅད་འབྱུང་བ་ཞེས་བྱ་བའི་དོན་བསྡུས་པ། དཔལ་རྡོ་རྗེ་སེམས་

དཔའ་ལ་ཕྱག་འཚལ་ལོ། །རང་གི་ལུས་ངག་ཡིད་དག་རྣམ་དག་པས། །བདུད་ཀྱི་འཚེ་བ་གོ་སྐབས་མེད་མཛད་ཅིང་། །བསོད་ནམས་ཚོགས་དང་དེ་བཞིན་ཡེ་ཤེས་ཏེ། །དེ་གཉིས་རབ་རྫོགས་རྒྱུ་དངོས་འགྲོ་ཕན་མཛད། །སྐྱེ་བ་གཅིག་གིས་ཐོགས་དང་སྲིད་མཐའ་བ། །ལེགས་

འགྲོ་དེ་ནས་རང་གི་སེམས་རྟོགས་པ། །སྔོན་འགྲོ་མངོན་པར་བྱང་ཆུབ་རིམ་བཟང་པོས། །ཆོས་རྒྱལ་ཉིད་བརྙེས་བྱམས་པ་ལ་སོགས་ཕྱིར། །དཀྱིལ་འཁོར་སྤྲུལ་མཛད་ཕྱོགས་བཅུའི་དཀྱིལ་འཁོར་པ། །རང་གི་རྣམ་པར་ཐར་པས་ཡང་དག་པར། །འགྲོ་བ་

གདུལ་ཕྱིར་བསྡུས་ཤིང་ལས་ལ་བཞག །རྣམ་པར་ཁྱབ་པ་བསྡུས་པས་རྣམ་འཕྲུལ་བསྟན། །དེ་ནས་འཛམ་བུའི་རྒྱལ་མཚན་མི་རྣམས་ལ། །ཕན་ཕྱིར་ཇི་བཞིན་ཆོ་ག་བཟང་པོ་ཡིས། །ཚོན་གྱི་དཀྱིལ་འཁོར་སྐྱོན་མེད་སྟོན་མཛད་པ། །བདག་དང་གཞན་དོན་

เล่ม ๖๒ · หน้า 188b

ཕུན་སུམ་གནས་བརྙེས་པ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་རྣམ་འདྲེན་པ། །རྣལ་འབྱོར་རྒྱུད་ཀྱི་དབང་ཕྱུག་བདག་ཕྱག་འཚལ། །འདི་ནི་གོ་རིམས་ངེས་པ་ཙམ། །གཙོ་བོར་བྱ་ལ་གཞོལ་བ་ཡིས། །དཀྱིལ་འཁོར་ཆོ་ག་མཆོག་འདི་ཡི། །དོན་བསྡུས་བདག་ཉིད་དྲན་

ཕྱིར་བྲི། །གང་དུ་རྣམ་པར་རྨོངས་པའི་གནས། །དེར་ནི་ཚིག་དོན་འགའ་ཞིག་བརྗོད། །གཞན་དུ་བློ་གྲོས་ངན་པ་རྣམས། །སྒྲ་ཙམ་ལ་ཡང་ལོག་པར་རྟོགས། །དེང་སང་སྔགས་ཀྱི་ཐེག་པ་མཆོག །ཡི་གེའི་དོན་གྱིས་རྣམ་དཀྲུགས་ཤིང་། །བླ་མ་གཅིག་ནས་

གཅིག་འོངས་པའི། །མན་ངག་རིམ་ལ་གུས་དང་བྲལ། །དེ་ཕྱིར་བླ་མའི་མན་ངག་གིས། །འདི་ཡི་སྙིང་པོ་ཅུང་ཟད་བྲི། །འདིར་སློབ་དཔོན་གྱི་ཞལ་སྔ་ནས། །རྣལ་འབྱོར་གྱི་རྒྱུད་ཀྱི་ལུགས་ཀྱིས་སློབ་མ་དབང་བསྐུར་ཏེ། ཚེ་འདི་ཉིད་ལ་དགའ་བ་དང་བདེ་བའི་མཆོག་གི་

མཐར་ཐུག་པ་འཐོབ་པ་ལ་སོགས་པའི་དགོས་པ་གཟིགས་ནས། དཀྱིལ་འཁོར་ཆོ་ག་རྒྱས་པ་བསྡུ་བ་བཞེད་པས། །ཕྱག་འཚལ་དངོས་པོ་ཐམས་ཅད་ཀྱིས། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྨོས་པ་མཛད་དོ། །དེ་ལ་འདིར་ཅིའི་ཕྱིར་ཕྱག་བཙལ་ཞེ་ན། བདག་ཉིད་དམ་པའི་

སྤྱོད་པ་ཅན་དུ་བསྟན་པའི་ཕྱིར་དང་། འདིའི་བསྒྲུབ་པར་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་ལ་དང་བ་ནི་ལེགས་པ་ཐམས་ཅད་ཐོབ་པའི་རྒྱུ་ཡིན་པས་གཞན་དེ་ལ་དང་བ་བསྐྱེད་པའི་ཕྱིར་དང་། བགེགས་ཞི་བར་བྱ་བའི་ཡང་ཕྱིར་རོ། །དེ་ལ་ཕྱག་བཙལ་བ་ནི་འདུད་པ་སྟེ་སྐད་ཀྱི་

བྱིངས་ལས་དེ་སྐད་དུ་བསྟན་པས་སོ། །རབ་ཀྱི་སྒྲ་ནི་མཆོག་ཏུ་གྱུར་པ་སྟེ་དེ་ཡང་ལུས་དང་ངག་དང་ཡིད་ཐམས་ཅད་ཀྱིས་གུས་པ་ཉེ་བར་གནས་པས་སོ། །དེའི་ཕྱིར་དངོས་པོ་ཐམས་ཅད་ཀྱིས་ཞེས་པ་སྟེ། ལུས་ངག་ཡིད་ཐམས་ཅད་ཀྱིས་སོ། །གཞན་དག་འདིར་རིགས་སྤྱི་དང་ཁྱད་

པར་གྱི་ཕྱག་འཚལ་བ་ལྔ་ནི་དངོས་པོ་ཐམས་ཅད་ཀྱིས་ཞེས་ཟེར་ན། འདི་སློབ་དཔོན་གྱིས་དེ་ཁོ་ན་ལྟར་མཛད་ཅེས་གྲུབ་པར་མི་ནུས་པས་བཏགས་པ་ཙམ་དུ་ཟད་དོ། །སུ་ཞིག་ལ་ཕྱག་འཚལ་ཞེ་ན། རྡོར་སེམས་ཁྱབ་བདག་ཆེན་པོ་ལ། །ཞེས་པ་སྟེ། རྡོ་རྗེ་ཟབ་མོའི་ཆ་བརྗོད་པ་སྟེ། འདིར་

เล่ม ๖๒ · หน้า 189a

བསྐལ་པ་གྲངས་མེད་པ་དེ་སྙེད་དུ་སྤྲོས་པའི་ཚོགས་བོར་ཏེ་ཤིན་ཏུ་བརྟན་པ་དང་། འཕེལ་འགྲིབ་མེད་པར་བྱས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་རྡོ་རྗེ་སྟེ། དང་པོའི་བྱེ་བྲག་མ་ལུས་པ་འགེགས་པས་ནོར་བུ་རིན་པོ་ཆེ་རྡོ་རྗེ་དང་འདྲ་བའི་ཕྱིར་རོ། །དེ་ལྟར་ན།

བསྐལ་པ་དུ་མར་རབ་གོམས་བྱས་པ་ཡི། །རྒྱུ་དང་རིགས་པའི་ཚུལ་དང་ས་ལ་མཁས། །གང་གིས་འདུས་བྱས་གྲོང་ཁྱེར་རྣམ་འཇིག་པ། །ཡེ་ཤེས་རྡོ་རྗེ་བརྟན་དེ་འཕགས་བདག་སྩོལ། །ཞེས་གསུངས་སོ། །དེ་ཡང་གློ་བུར་བའི་དྲི་མ་རྣམས་བསལ་བ་ཁོ་ནར་ཟད་ཀྱི། རང་གི་ངོ་བོ་

ཉིད་ཐོག་མ་ནས་རྡོ་རྗེ་ལྟ་བུ་མི་ཕྱེད་པས་ན། རབ་ཏུ་བརྟན་ཞིང་དུས་གསུམ་མི་འགྱུར་བར་གནས་པས་སེམས་དཔའ་སྟེ། སེམས་དཔའ་སྔོན་དང་ཐ་མ་མེད། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འདི་ནི་རང་འབྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །ཞེས་

གསུངས་པ་ལྟ་བུའོ། །དེ་ལྟར་ཐོག་མ་དང་ཐ་མ་མེད་པའི་ཕྱིར། །འདི་ནི་སེམས་ཅན་གྱི་གནས་སྐབས་ན་ཡང་བརྟན་པ། སེམས་ཅན་ཀུན་གྱི་སེམས་གང་ཡིན། །རྡོ་རྗེ་ཞེས་ནི་བཤད་པ་སྟེ། །བརྟན་པའི་ཕྱིར་ན་དཔའ་ཞེས་བརྗོད། །ཅེས་གསུངས་ཤིང་། དེ་ཉིད་ཤིན་ཏུ་རྣམ་པར་

དག་པའི་ངོ་བོ་སངས་རྒྱས་ཀྱི་ས་ལ་ཡང་དེ་ལས་ལྷག་པར་མ་གྱུར་པས་ན། རྣམ་པ་ཀུན་མཁྱེན་ཡེ་ཤེས་ནི། །དེ་འདིར་རྡོ་རྗེ་སེམས་དཔའ་སྟེ། །བརྟན་པའི་ཕྱིར་ན་དཔའ་ཞེས་བྱ། །ཞེས་གསུངས་སོ། །དེ་ལྟར་ན་འདི་ནི་ཆོས་ཀྱི་སྐུའི་ངོ་བོ་ཅན་ཏེ། བསྒྲིབས་པ་དང་མ་

བསྒྲིབས་པའི་དུས་དག་ཏུ་ཡང་རང་གི་བདག་ཉིད་ལ་འབྲི་བ་དང་། འཕེལ་བ་སྤངས་པར་མི་འགྱུར་བ་ནི། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་བཞིན་དུ་གནས་པའོ་ཞེས་གསུངས་པ་བཞིན་ནོ། །དེ་ལྟར་ཆོས་ཀྱི་སྐུའི་

དབང་ལས་གཟུགས་ཀྱི་སྐུ་དཔེ་མེད་པ་འབྱུང་བ་ནི་རྒྱ་ཆེ་བ་སྟེ། ཇི་སྐད་དུ། རྒྱལ་བས་ཆོས་ཉིད་ལུས་མེད་རབ་ཞི་བ། །གཉིས་མེད་རང་བཞིན་མེད་པར་ཐུགས་ཆུད་ནས། །གཟུགས་སྐུ་བཟང་པོ་མཚན་གྱིས་བརྒྱན་པ་ཡིས། །འགྲོ་བ་མ་ལུས་བཀང་ཞིང་སྟོན་པར་མཛད། །ཅེས་

เล่ม ๖๒ · หน้า 189b

གསུངས་པས་སོ། །དེ་ལྟར་དེ་ལྟ་བུར་ཐམས་ཅད་དུ་ཁྱབ་པ་ནི་ཁྱབ་བདག་སྟེ། བརྟན་པ་དང་གཡོ་བ་ཐམས་ཅད་དུ་སྣང་བ་སྟོན་པས་ཤིན་ཏུ་རྒྱ་ཆེར་གྱུར་ཏོ། །དེ་ལྟར་ཟབ་པ་དང་རྒྱ་ཆེ་བ་འདི་ནི་ཇི་སྐད་དུ། མཚན་ཡང་དག་པར་བརྗོད་པ་ལས། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །

ཞེས་གསུངས་པས་གསལ་པོར་མཛད་དོ། །དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པའི་བཀོད་པས་ཀྱང་བསྒྲུན་དུ་མེད་པས་ན་ཆེན་པོའི་སྒྲ་ཡིས་བསྟན་པ་སྟེ། རང་བཞིན་དང་། ལས་དང་། རྒྱུ་དག་ཆེ་བས་ན་འདི་ཆེན་པོ་ཡང་ཡིན་ལ་ཁྱབ་བདག་ཀྱང་ཡིན་པས་ན་ཆེན་པོས་

ཁྱབ་བདག་གོ། །དེ་ལྟར་ཟབ་པ་དང་རྒྱ་ཆེ་བའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ནས་ང་འདིར་ཅི་ཞིག་བྱེད་ཅེ་ན། དཀྱིལ་འཁོར་ཆོ་ག་བཤད་བྱ་སྟེ། །རྡོ་རྗེ་ཐམས་ཅད་འབྱུང་དགེ་བ། །ཞེས་བྱ་བ་སྨོས་ཏེ། འདི་ནི་འདིར་རྟོགས་པ་དང་ལྡན་པ་དག་འཇུག་པའི་

ཡན་ལག་ཏུ་གྱུར་པ་དགོས་པ་དང་ཐབས་ཕུལ་དུ་བྱུང་བ་དག་བསྟན་ཏེ། རེ་ཞིག་དང་པོ་ཉིད་དུ་འདི་ལ་བརྗོད་པར་བྱ་བ་ཁྱད་པར་ཅན་མེད་དེ། སྨྱོན་པའི་ཚིག་ལས་དུར་ཁྲོད་དང་རི་རྩེ་ཉམས་མི་དགའ་བར་ཡུལ་གྱི་བཟང་མོ་དང་ཕྲད་པ་མེད་པ་ལྟ་བུའོ་སྙམ་དུ་སེམས་པ་དགག་པའི་ཕྱིར།

དཀྱིལ་འཁོར་ཆོ་ག་བཤད་བྱ་སྟེ། །ཞེས་བྱ་བ་སྨོས་ཏེ། འདི་ན་སྔགས་ཀྱི་ཐེག་པ་འདི་ལས་དཀྱིལ་འཁོར་ནི་རབ་ཏུ་གྲགས་པས་ཁྱབ་པའི་དངོས་པོའི་སྟོབས་གོམས་ཤིང་སྐྱེས་བུའི་འདོད་པ་ཙམ་གྱིས་མ་ཕྱེ་བ་ཡིན་ལ། དེ་དང་མཐུན་པའི་བརྗོད་པ་དཀྱིལ་འཁོར་གྱི་ཆོ་ག་བཤད་པར་བྱའོ།

ཞེས་དམ་བཅའ་བ་ནི་སྙིང་ལ་བབས་པས་ན་སྨྱོན་པའི་ཚིག་ལས་འཕགས་པས་ན་འདི་ལ་བརྗོད་པར་བྱ་བ་ཡོད་དམ་ཞེས་རྟོག་པར་འགྱུར་གྱི་འདི་ནི་མི་འཚམ་པའི་དག་གོ་ཞེས་ལྡོག་པའི་ཡན་ལག་མ་ཡིན་པའི་ཕྱིར་རོ། །འདིར་བརྗོད་པར་བྱ་བ་དེ་ཡང་གང་ཞིག་ཡིན། དཀྱིལ་

འཁོར་ནི་འདི་ན་རབ་ཏུ་མང་སྟེ་འདི་ལས་ཕྱི་རོལ་དུ་གྱུར་པའི་དཀྱིལ་འཁོར་ཡང་ཡོད་ལ། དེ་ནི་སྔགས་ཀྱི་རྒྱུད་ལས་བཀག་སྟེ། ཁ་ཅིག་གཞན་གྱི་རིགས་ཀྱི་དཀྱིལ་འཁོར་དུ་འཇུག་པས། ངན་སོང་གི་དཀྱིལ་འཁོར་དུ་འཇུག་པ་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་

เล่ม ๖๒ · หน้า 190a

པས་སོ། །ཡང་འདི་ན་བྱ་བའི་རྒྱུད་ལས་རབ་ཏུ་སྡུག་བསྔལ་བའི་དཀའ་ཐུབ་བརྟན་པར་བྱ་བའི་དཀྱིལ་འཁོར་ཡོད་ལ། དེ་ཡང་འདོད་པར་བྱ་བ་མ་ཡིན་ཏེ་རྣམ་པར་གཡེང་བས་ནང་གི་རྣལ་འབྱོར་དང་འགལ་ཞིང་གཅིག་ཏུ་སྡུག་བསྔལ་བས་ན་མི་འདོད་

ལ། དེ་ཡང་དཔལ་མཆོག་དང་པོ་ལས་བཀག་སྟེ། དཀའ་ཐུབ་སྤྱད་པ་མི་བཟོད་པས། །སེམས་གཡེངས་གྱུར་ནས་མ་གྲུབ་པོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བསྟན་པས་སོ། །དེ་བཞིན་དུ་འདི་ན་ཁ་ཅིག་དེ་བཞིན་གཤེགས་པའི་དགོངས་ཏེ་གསུངས་པ་ཁོང་དུ་མ་ཆུད་

པས་བུད་མེད་བསྟེན་པ་ལ་སོགས་པ་སྒྲ་ཇི་བཞིན་པར་འཛིན་ཅིང་བུད་མེད་བསྟེན་པའི་དཀྱིལ་འཁོར་དག་ཡོད་ལ། དེ་ཡང་འདོད་པ་མ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལ་སོགས་པའི་རྒྱུད་ལས་རིང་དུ་སྤང་བའི་ཕྱིར་རོ། །དེ་ནས་འདི་ལ་བརྗོད་པར་བྱ་བ་ཡོད་ཀྱང་བརྗོད་པར་བྱ་བ་ཁྱད་པར་

ཅན་མ་ཡིན་ནམ་ཞེས་བཟློག་པ་སྲིད་པས་ན་དེ་དགག་པའི་ཕྱིར། རྡོ་རྗེ་ཐམས་ཅད་འབྱུང་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་དབྱིངས་ནས་ཇི་སྲིད་རྡོ་རྗེ་འབེབས་པའི་བར་དུ་ལྷ་སུམ་ཅུ་རྩ་བདུན་སྙེད་ནི་ཐམས་ཅད་རྡོ་རྗེའི་མིང་གི་མཚན་པས་ན་རྡོ་རྗེ་སྟེ། དེ་རྣམས་མ་ལུས་པ་བརྗོད་པ་ནི་ཐམས་

ཅད་དེ། འདི་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ན་ཐམས་ཅད་རྡོ་རྗེའོ། །དེ་རྣམས་ཀྱི་འབྱུང་བ་ནི་ཇི་ལྟར་བསྐྱེད་པ་དང་བྱིན་གྱིས་བརླབ་པ་དང་། མཆོད་པ་དང་། བཟླས་བརྗོད་བྱ་བའི་ཐབས་ཀྱིས་རིམ་པ་ཕྱིན་ཅི་མ་ལོག་པར་འབྱུང་བར་བྱེད་སྟོན་པར་བྱེད་ལ་གསལ་བར་

བྱེད་ཅེས་པའི་བར་དུ་སྟེ། དེས་ནི་ཐེ་ཚོམ་ལས་བཟློག་པའི་རྒྱུར་གྱུར་པའི་དཀྱིལ་འཁོར་ཐམས་ཅད་གསལ་བས། ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་ངེས་པར་གཟུང་བས་འཇུག་ཏུ་རུང་བར་བྱས་སོ། །དེ་ལྟར་བསྟན་པས་བརྗོད་པར་བྱ་བ་ཡོད་དུ་ཟིན་ཀྱང་བརྗོད་པར་བྱ་བ་བསྟན་

པའི་གཞུང་འདི་ལ་དོན་བྱེད་པ་ཁྱད་པར་ཅན་ཅི་ཡང་མེད་པས་འདི་མི་རྩོམ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་རྩ་བའི་རྒྱུད་ལས་དཀྱིལ་འཁོར་གྱི་ཆོ་ག་བཤད་ཟིན་ལ། གདུལ་བྱ་ཆེན་པོ་དག་གིས་ནི་རི་རབ་ཀྱི་རྩེ་མོར་དཀྱིལ་འཁོར་སྤྲུལ་པ་མཐོང་ཟིན་པས་ན་དེའི་ཆོ་

เล่ม ๖๒ · หน้า 190b

ག་མི་དགོས་སོ་ཞེ་ན། དེའི་ཕྱིར་སྔར་བཤད་བྱ་སྟེ། ཞེས་བྱ་བ་སྨོས་ཏེ། གདུལ་བྱ་ཆེན་པོ་དག་ལ་མ་ཡིན་ཡང་། །ཕྱིས་འབྱུང་བའི་སྐྱེ་བོ་ཕལ་ལ་དཀྱིལ་འཁོར་གྱི་ཆོ་ག་དགོས་ཤིང་། དེ་ཡང་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་ནི་ཟུར་ཙམ་ཞིག་བསྟན་པས་ན་བློ་གྲོས་ཆུང་ངུའི་སྐྱེ་བོ་དག་གིས་ག་

ལ་རྟོགས། དེ་བས་ན་དེ་ནི་མ་བཤད་པ་དང་འདྲ་སྟེ། དོན་བྱ་བ་ལ་མཐུ་ཆེ་བ་མ་ཡིན་པས་སོ། །སློབ་དཔོན་གྱི་ཞལ་སྔ་ནས་འདིར་དེ་གསལ་ཞིང་རྫོགས་པར་རྣམ་པར་ཕྱེ་བས་ཐེ་ཚོམ་མེད་པར་བྱ་སྟེ། དེས་ན་དཀྱིལ་འཁོར་གྱི་ཆོ་ག་བདེ་བླག་ཏུ་རྟོགས་པར་བྱས་པ་ནི་འདི་རྩོམ་མི་དགོས་པ་སྟེ།

འདི་བྱ་རོག་གི་སོ་བརྟག་པའི་བསྟན་བཅོས་ལྟ་བུ་མ་ཡིན་ནོ། །ཁ་ཅིག་འདི་ལ་འབྲེལ་པ་མེད་པར་ཐེ་ཚོམ་ཟ་བས་བརྗོད་བྱ་དེ་འདིས་བརྗོད་པར་བྱེད་དམ་ཅི་མ་ཡིན་ཞེས་རྟོག་པ་སྲིད་ན་འདི་མ་འབྲེལ་བ་ཡོད་དོ། །གང་ཞིག་གང་མེད་ན་མི་འབྱུང་ལ་གང་ཡོད་ན་འབྱུང་བ་དེ་ནི་རྒྱུ་དང་འབྲས་བུར་

འཁྲུལ་པ་མེད་ཅིང་འདི་ལས་གཞན་གྱི་ཇི་ལྟར་ཡང་རྡོ་རྗེ་ཐམས་ཅད་བསྟན་པ་འབྱུང་བ་གསལ་པོར་རྟོག་པ་མི་འབྱུང་ལ། འདི་ལས་ནི་ངེས་པར་དེ་འབྱུང་བས་འདི་དག་ཐབས་དང་། དེ་ལས་བྱུང་བར་ངེས་པས་དེ་ཉིད་ལས་བྱུང་བའི་འབྲེལ་པའོ། །དེ་ན་འཇོག་པོའི་གཙུག་གི་ནོར་བུ་

བླང་བའི་ཡོན་ཏན་གྱི་སྙན་དངགས་ལྟར་འདི་ནུས་པ་མེད་པའི་ངོ་བོ་མ་ཡིན་ནོ། །དེའི་མཚན་ཉིད་ཁོང་དུ་ཆུད་པས་ཀྱང་ཅི་ཞིག་བྱ། མ་བག་མར་བླང་བའི་རིམ་པའི་མན་ངག་ལ་བརྗོད་པར་བྱ་བ་དང་དགོས་པ་དང་འབྲེལ་བ་ཡོད་ཀྱང་དེ་འདོད་པར་བྱ་བ་མ་ཡིན་ནོ་ཞེ་ན། དེ་བསལ་བའི་ཕྱིར་

དགེ་བའི་ཞེས་བྱ་བ་སྨོས་ཏེ། འདིར་དེ་དག་གི་མཚན་ཉིད་བདེ་བླག་ཏུ་རྟོགས་ནས་འཇུག་པར་བྱེད་པ་ནི་ཐུན་མོང་དང་ཁྱད་པར་གྱི་དངོས་གྲུབ་རྣམས་ཐོབ་པས་དགེ་ཞིང་དོན་ཡོད་པར་འགྱུར་ཏེ་དེ་མི་འཆད་པར་འགྱུར་བ་ལས། རྡོ་རྗེ་སེམས་སོགས་སེམས་དཔའ་མཆོག །དངོས་གྲུབ་ཐམས་ཅད་སྦྱིན་

མཛད་པ། ཞེས་གསུངས་སོ། །དེ་བས་ན་འདི་ན་འདི་མངོན་པར་མཐོ་བ་དང་ལེགས་པ་ཐམས་ཅད་འབྱུང་བས་ན་དགོས་པའི་དགོས་པ་གྲུབ་པོ། །དེ་ལྟར་དོན་མཐའ་དག་ལ་ཐེ་ཚོམ་བསྐྱེད་པ་ནི་འཇུག་པའི་ཡན་ལག་སྟེ། འདི་ལ་མཁས་པའི་རང་བཞིན་ཅན་དོན་མེད་པར་ཐེ་ཚོམ་

เล่ม ๖๒ · หน้า 191a

བསྐྱེད་པ་ནི་ཟློག་པར་བྱེད་དེ། དུག་ཏུ་ཐེ་ཚོམ་ཟ་བ་ལ་ནི་ལོངས་སྤྱོད་པ་ལས་ལྡོག་ལ། ཞིང་པ་ལ་སོགས་པ་དོན་ཡོད་པར་ཐེ་ཚོམ་ཟ་བ་ནི་འཇུག་པར་བྱེད་དེ། དངོས་པོའི་སྟོབས་ཀྱིས་ཞུགས་པ་འདི་དེ་ཁོ་ན་ལྟར་བྱ་བ་བྱས་པར་འགྱུར་གྱི་མི་བྱ་བ་བྱས་པར་ཡང་མི་

འགྱུར་རོ། །དེ་ལྟར་འདི་ལ་རྟོག་པ་དང་ལྡན་པ་དག་འཇུག་པའི་ཡན་ལག་ཏུ་གྱུར་པའི་བརྗོད་པར་བྱ་བ་དང་། དགོས་པ་དང་། ཐབས་དང་། དགོས་པའི་དགོས་པ་དག་བརྗོད་ཅིང་མཐར་ཐུག་པའི་གོ་འཕང་བསྒྲུབ་པར་བྱ་བ་དགོས་པའི་དགོས་པར་རྟོག་པ་ཡང་ཟུར་གྱིས་བསྟན་ནས།

ད་ནི་འདིར། དཀྱིལ་འཁོར་ཆོ་ག་བཤད་བྱ་སྟེ། ཞེས་བྱ་བ་ལས་གླེངས་ཏེ་དཀྱིལ་འཁོར་ནི་ཇི་ལྟ་བུ། དེ་ཇི་སྙེད་ཅིག་ཅིའི་ཕྱིར་དེ་སྐད་ཅེས་བྱ་ཞེས་བྱ་བ་བསམ་པ་དང་། ཆོ་ག་ནི་ཇི་ལྟ་བུ་ཆོ་གའི་སྒྲ་གང་དོན་གང་ཞེས་པ་འདིར་བརྗོད་དེ། གཞུང་འདིའི་བརྗོད་པར་བྱ་བ་ནི་འདི་ཙམ་དུ་

ཟད་དོ། །དེ་ལ་འདིའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་རང་བཞིན་ཆོས་ཀྱི་དབྱིངས་ཏེ་དེ་ནི་སྙིང་པོར་གྱུར་པས་སོ། །དེ་ལྟར་ནི། ཡན་ལག་ཀུན་ལས་རྣམ་གྲོལ་ཞིང་། །དབྱངས་དང་ཡི་གེ་རྣམ་བྲལ་བ། །འདྲེན་དང་ཚོགས་ལས་ཡང་དག་འདས། །འདི་ནི་དཀྱིལ་

འཁོར་སྙིང་པོ་མཆོག །ཅེས་གསུངས་སོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་དེ་ཇི་ལྟ་བར་རྟོག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་དཀྱིལ་འཁོར་ཏེ། འདི་ལྟ་བུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སངས་རྒྱས་ཀུན་གྱིས་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པ། །

རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །ཞེས་སོ། །དེ་བཞིན་དུ་སྔོན་གྱི་སྨོན་ལམ་དང་ཚོགས་ཀྱི་མཐུས་ཡུལ་དང་དུས་དང་དེར་དེ་བཞིན་གཤེགས་པ་རྣམས་ཀྱིས་གཟུགས་ཀྱི་སྐུའི་བཀོད་པ་དཔེ་མེད་པ་སྣང་བ་ཡང་དཀྱིལ་འཁོར་ཏེ། སངས་

རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་བྱ་བ་གསུངས་པས་སོ། །དེ་ཉིད་ནི་སྤྲུལ་པའི་དཀྱིལ་འཁོར་ཞེས་བྱ་སྟེ། གདུལ་བྱའི་ངོར་ངེས་པ་མེད་པར་སྣ་ཚོགས་པའི་སྤྲུལ་པའི་ཕྱིར་རོ། །འདི་ལ་རྣམ་པར་སྨིན་པའང་མེད་པ་མ་ཡིན་ཏེ། ཡུན་རིང་དུ་ཤིན་ཏུ་གོམས་

เล่ม ๖๒ · หน้า 191b

པར་བྱས་པ་ལས་བྱུང་བའི་ཕྱིར་ཏེ། རང་གི་མི་མཐུན་པའི་ཕྱོགས་དེ་དང་དེ་རྣམ་པར་སྤངས་པས་བརྙེས་པའོ། །འོན་ཀྱང་འདི་ནི་རྟོག་པའི་ལམ་དུ་གྱུར་པ་བཀོད་ལ། སྣ་ཚོགས་པར་སྣང་བ་ནི་མོས་པས་སྤྲུལ་པའི་དཀྱིལ་འཁོར་གཅིག་ཀྱང་སྣ་ཚོགས་པར་བརྗོད་དོ། །དེ་ལྟར་

དཀྱིལ་འཁོར་དེ་དག་ནི་འབྲས་བུའི་ངོ་བོར་གྲུབ་པས་འབྲས་བུའི་དཀྱིལ་འཁོར་ཞེས་རྣལ་འབྱོར་གྱི་རྒྱུད་ཀྱི་ལུགས་ཀྱིས་བསྣན་ཏོ། །དེ་བཞིན་དུ་རྣལ་འབྱོར་པའི་སེམས་དང་སེམས་ལས་བྱུང་བ་ཐ་མལ་པའི་རྣམ་པར་རྟོག་པ་ལས་གྲོལ་བ་ཏིང་ངེ་འཛིན་གྱི་ཁྱད་པར་ཅན་འདི་ལྟ་སྟེ། དེ་བཞིན་

གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་དང་རབ་ཏུ་འདྲ་བར་བསྒོམ་པའི་དཀྱིལ་འཁོར་འདི་ནི་ཇི་ལྟ་བར་སྤྲུལ་པའི་དཀྱིལ་འཁོར་ཞེས་བྱ་སྟེ། རྣམ་པ་འདྲ་བར་མོས་པའི་ཕྱིར་དང་། དེའི་འབྲས་བུ་ལ་རྒྱུ་དེ་ཇི་ལྟ་བར་སྦྱོར་བའི་ཕྱིར་རོ། །གང་དུ་སྤྲུལ་པའི་དཀྱིལ་འཁོར་དེ་རྗེས་སུ་

དྲན་པའི་རྟེན་གྱུར་པ་དང་རྣམ་པ་འདྲ་བའང་རུང་སྟེ། རྡུལ་ཚོན་དང་བྲིས་སྐུར་བྱས་པ་ལ་སོགས་པ་ཡང་ཇི་ལྟ་བར་སྤྲུལ་པའི་དཀྱིལ་འཁོར་ཞེས་བྱའོ། །དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་ཐ་མལ་པའི་གནས་སྐབས་ཀྱི་ཆོས་ཀྱི་དབྱིངས་དག་པ་མ་ཡིན་པ་དང་། བདག་མེད་

པ་གཉིས་ལ་གཞོལ་བའི་ཤེས་རབ་དང་ཏིང་ངེ་འཛིན་ཡང་དཀྱིལ་འཁོར་ཞེས་བྱ་སྟེ། འབྲས་བུ་ཉེ་བར་བརྟགས་པ་ལས་གནོད་པ་མེད་པས་སོ། །དེ་ལྟར་དེ་དག་ནི་རྣམ་པར་མི་རྟོག་པའི་འབྲས་བུའི་དཀྱིལ་འཁོར་ཐོབ་པའི་ཐབས་ཀྱི་དངོས་པོའི་ཕྱིར་ན་དཀྱིལ་འཁོར་ཏེ། ཇི་

སྐད་དུ་དཀྱིལ་ནི་སྙིང་པོའོ། །འཁོར་ནི་ལེན་པའོ་ཞེས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་གསུངས་པ་བཞིན་ནོ། །དེ་ལྟར་དེ་དག་ནི་རྒྱུད་བསྡུས་པའི་དཀྱིལ་འཁོར་དུ་བརྗོད་དོ། །དེ་ལྟར་བྱས་ན་དཀྱིལ་འཁོར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ས་དང་། དེའི་

རྒྱུ་རིགས་དང་ལམ་གྱི་བདག་ཉིད་འདི་ཙམ་ཞིག་ལ་བྱའོ། །དེའི་རྣམ་པར་དབྱེ་བ་ཡང་ཇི་ལྟར་བསྟན་པའི་ཕྱོགས་ལས་རྣམ་པ་བདུན་ཏེ། རྒྱས་པར་དབྱེ་བ་ལ་ནི་ཚད་མེད་དོ། །དེའི་མིང་གི་དོན་ཀྱང་སྙིང་པོ་འཛིན་པར་བྱེད་པ་ཞེས་བྱེ་བྲག་མེད་པར་བྱས་ཏེ། ཡང་བྱེ་བྲག་ཏུ་

เล่ม ๖๒ · หน้า 192a

ན་འབྲས་བུ་ནི་དེའི་རང་བཞིན་འཛིན་པས་སྙིང་པོ་ཉིད་འཛིན་པ་ཞེས་བྱ་བའམ། སྙིང་པོ་ཡང་ཡིན་ལ་འཛིན་པ་ཡང་ཡིན་པས་སྙིང་པོ་འཛིན་པ་ཞེས་བསྡུའོ། །རྒྱུ་ནི་སྙིང་པོའི་ཕྱིར་འཛིན་པའམ། སྙིང་པོ་ལ་ལེན་པ་ཞེས་བསྡུའོ། །དེ་ལྟར་ན་འདིར་འབྲས་བུའི་

དཀྱིལ་འཁོར་ནི་ཐབས་ལས་བྱུང་བ་ཡིན་ལ། རྒྱུའི་བདག་ཉིད་ཀྱི་དཀྱིལ་འཁོར་ནི་དེ་ཐོབ་པའི་ཐབས་ཕུལ་དུ་བྱུང་བ་ཡིན་པས་འདི་དག་ཐབས་དང་ཐབས་ལས་བྱུང་བའི་འབྲེལ་བ་ཁྱད་པར་ཅན་དང་བཅས་པ་སྟེ། འབྲས་བུས་ཀྱང་འགྲོ་བ་མཐའ་དག་ལ་ཇི་སྲིད་ནམ་མཁའ་ལ་གནས་པ་

དེ་སྲིད་དུ་ཕན་པ་དང་བདེ་བ་སྒྲུབ་པས་འདིའི་འབྲས་བུའི་འབྲས་བུ་སྟེ། རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྣམ་པར་རྒྱལ། །ཞེས་པ་དང་། གཞན་དོན་ཕུན་ཚོགས་སངས་རྒྱས་ཀྱི། །འབྲས་བུའི་གཙོ་བོར་འདོད་པ་སྟེ། །སངས་རྒྱས་ཉིད་

སོགས་དེ་ལས་གཞན། །དེ་ཡི་དོན་གྱི་འབྲས་བུར་འདོད། །ཅེས་གསུངས་པས་སོ། །དེ་ལྟ་བས་ན་གཞུང་འདིའི་བརྗོད་པར་བྱ་བ་དཀྱིལ་འཁོར་ཡིན་ལ། དཀྱིལ་འཁོར་དེ་ཡང་རྒྱུ་དང་འབྲས་བུས་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པའི་དོན་དུ་འགྱུར་བས་འདི་དོན་ཆེན་པོར་

ཉེ་བར་གནས་པའི་ཕྱིར་འབད་པས་བཤད་པར་རིགས་སོ་ཞེས་བྱ་བ་ནི་ལམ་དང་འབྲས་བུའི་གོ་རིམས་སོམོ། །དེ་ཁོང་དུ་ཆུད་པར་བྱེད་པའི་རིམ་པའི་གཞུང་ནི་འདིར་ཆོ་ག་ཞེས་བྱ་སྟེ། ཉེ་བར་ཁྲིད་པས་ན་ཐབས་ཡིན་ལ། ཐབས་འདི་ཡང་དེ་ལ་ཡོད་པས་ན་ཐབས་ཅན་ཏེ། དཀྱིལ་འཁོར་གྱི་དོན་

མཐའ་དག་ཁོང་དུ་ཆུད་པར་བྱེད་པ་ལ་བློ་འཁྲིད་པའི་ཐབས་ཟབ་མོ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་འདིར་དཀྱིལ་འཁོར་མཐའ་དག་མ་བསྟན་པས་ན་གཙོ་བོར་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཆོ་ག་གཟུང་ལ་གཞན་དག་གི་ཆོ་ག་ཡང་ཤུགས་ལས་གོ་བར་བྱའོ། །ད་ནི་སློབ་

དཔོན་གྱི་ཞལ་སྔ་ནས་དཀྱིལ་འཁོར་གྱི་ཆོ་ག་བསྡུ་བར་བྱ་བ་ལ་སུ་ཞིག་སྣོད་དུ་གྱུར་པ་ཡིན་པ་དེ་བསྟན་པའི་ཕྱིར། དེ་ལ་དམ་ཚིག་ལ་སོགས་པ་ཐོབ་པའི་རྣལ་འབྱོར་པའི་ཕྱིར། འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཆེན་པོའི་ཆོ་གས་དཀྱིལ་འཁོར་གྱི་ཆོ་ག་ཀུན་ལས་བཏུ་བར་བྱའོ་

เล่ม ๖๒ · หน้า 192b

ཞེས་སྨོས་ཏེ། གཞན་དུ་ན་ཆོ་ག་མི་འགྲུབ་ཅེས་དགོངས་ལ། ཁོ་བོ་ཆོ་ག་ཀུན་ལས་བཏུས་པ་ཙམ་པ་ཡང་དོན་མེད་ཅེས་དགོངས་པའོ། །འདིར་དམ་ཚིག་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་དབང་བསྐུར་བར་བསྡུའོ། །འདི་ན་དམ་ཚིག་ལ་སོགས་པ་ཐོབ་པ་དེ་དག་ཉིད་ཀྱིས་དངོས་གྲུབ་ཀྱི་

ཕྱིར་བསྙེན་པ་བྱེད་པ་ཡང་རུང་། སློབ་མ་མངོན་པར་དབང་བསྐུར་བའི་ཕྱིར་བསྙེན་པའང་རུང་སྟེ། བསྙེན་པའི་དཀྱིལ་འཁོར་བསྒོམ་པའི་ཆོ་ག་ནི་ཇི་ལྟ་བུ་སློབ་མ་དབང་བསྐུར་བའི་ཆོ་ག་ནི་ཇི་ལྟ་བུ་ཞེས་རྟོག་པ་ལ། དང་པོ་བསྙེན་པའི་ཆོ་ག་གསུངས་པས་དེའི་གོ་རིམས་བརྗོད་དེ། འདི་

ན་ཐོག་མ་མེད་པའི་དུས་ནས་བྱས་པའི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཕྱག་རྒྱ་དང་གསང་སྔགས་དང་ཏིང་ངེ་འཛིན་སྒྲུབ་པ་ལ་བར་དུ་གཅོད་པའི་སྒྲིབ་པ་བསལ་བའི་ཕྱིར། དང་པོར་རེ་ཞིག་བདག་མེད་པ་ལ་ལྷག་པར་མོས་པས་ནང་བདག་ཉིད་ཅན་གྱི་ཁྲུས་བྱས་ལ་ཞེས་བྱ་བ་ལ་སོགས་པས་

ལུས་ངག་ཡིད་གསུམ་རྣམ་པར་དག་པར་བྱའོ། །འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད། །ཅེས་བྱ་བ་ལ་སོགས་པའི་ཐེག་པ་ཆེན་པོ་འདིར་སེམས་གཙོ་བོར་གྱུར་པས་དེ་སྦྱང་བ་སྔར་བསྟན་ཅིང་། ངག་གི་ཉེས་པ་ནི་སྒྲུབ་སླ་བས་ལུས་ཅན་རྣམས་ལ་རབ་ཏུ་མང་བའི་ཕྱིར་དང་། འདིར་བཟླས་བརྗོད་

ལས་གཙོ་བོར་དངོས་གྲུབ་ཀྱི་མཚན་མ་འདོད་པའི་དབང་དུ་བྱས་པའི་ཕྱིར་དེའི་འོག་ཏུ་ངག་སྦྱང་བར་བསྟན་ཏོ། །མཚན་ཉིད་དེ་གཉིས་ལས་བཟློག་པ་ནི་ལུས་ཡིན་པས་ཐམས་ཅད་ཀྱི་མཇུག་ཏུའོ། །ལུས་དང་ངག་དང་ཡིད་རྣམ་པར་དག་པའི་སྒྲུབ་པ་པོ་ལ་བདུད་ཀྱིས་གླགས་སུ་གྱུར་པ་

སྤང་བའི་ཕྱིར་བསྲུང་བའི་བྱ་བ་ནི། དེ་ནས་ཡི་གེ་ཧཱུྃ་ལས་རྡོ་རྗེ་འབར་བ་ཉི་མའི་མེ་ལྟ་བུར་བདག་ཉིད་སྤྲུལ་ཏེ་ཞེས་བྱ་བ་ལ་སོགས་པ་ཇི་སྲིད་བཛྲ་བནྡྷ་བཾ་ཞེས་པའོ་ཞེས་བྱ་བའི་བར་དུ་སྨོས་པའོ། །སྐབས་འདི་ལ་བསམ་པར་བྱ་བ་འགའ་ཡོད་དེ། ཅིས་ན་བསྲུང་བའི་ཆོ་ག་གཞན་སྟོན་

པར་བྱེད། རྩ་བའི་རྒྱུད་ཉིད་ལས་ནི། རྡོ་རྗེ་སེམས་དཔའི་མཚན་ཙམ་ཞིག །དྲན་ནམ་ཉན་པར་བྱེད་ཀྱང་རུང་། །ཞེས་བྱ་བ་ལ་སོགས་པས་རིགས་སོ་སོའི་བསྲུང་བ་མ་ཡིན་ནམ། དེ་ལྟ་བུ་རང་གི་ཆོ་ག་ངེས་པ་བོར་ན་གཞན་སྟོན་འདི་ནི་མི་འཚམ་མོ་ཞེ་ན། བདེན་མོད་ཀྱིས་འོན་ཀྱང་

เล่ม ๖๒ · หน้า 193a

ཉེས་པ་མེད་དེ། འདི་ན་གང་ཟག་གཉིས་ཏེ་རང་གི་བྱ་བ་ཙམ་སེམས་ཤིང་མཆོག་ཏུ་མཉམ་པར་གཞག་པ་ནང་གི་བདག་ཉིད་ལ་ལྷག་པར་གཞོལ་བའི་རྣལ་འབྱོར་པ་དང་། དེ་ལས་གཞན་པ་དཀྱིལ་འཁོར་ཆེན་པོ་སྤྲོས་པ་ལ་ཞུགས་པས་སློབ་མའི་དོན་བྱེད་པའོ། །དེ་

ལ་དང་པོའི་དབང་དུ་བྱས་ནས་ནི་རྩ་བའི་རྒྱུད་ལས་ནང་གི་བྱེད་པའི་བསྲུང་བ་ཚེགས་མེད་པ་བསྟན་ཏེ། དེ་ནི་ཆེས་གདམས་པས་དེ་ཙམ་གྱིས་བསྲུང་བར་འགྱུར་ལ། འདི་ནི་གཙོ་ཆེར་དཀྱིལ་འཁོར་ཆེན་པོའི་སྤྲོས་པ་ལ་ཞུགས་པའི་རྡོ་རྗེ་སློབ་དཔོན་གྱི་ནང་དུ་བྱས་པས་ནང་དང་ཕྱི་རོལ་གྱི་

བགེགས་ལྡང་བ་རབ་ཏུ་མེད་པའི་ཕྱིར། སྔགས་དང་ཕྱག་རྒྱ་མཆོག་ཏུ་མི་ཟད་པ་དྲག་ཅིང་རྣོ་བ་དག་གིས་བསྲུང་བ་ཆེན་པོ་བྱ་དགོས་པས་ཉེས་པ་མེད་དོ། །ཡང་ན་བསྲུང་བ་འདི་ལྟ་བུ་ཡང་ཡོད་ཅེས་རྣམ་གྲངས་ལ་མཁས་པར་བྱ་བའི་ཕྱིར་ཏེ། རང་གི་རྒྱུད་ཀྱིས་བསྲུང་བ་ཡང་

སུན་མི་འབྱིན་པས་སོ། །གཞན་དག་ན་རེ་བདག་བསྲུང་བ་བསྒོམ་པ་འདིའི་ནང་དུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ་འགྲོ་བར་མི་བྱའོ་ཞེས་དམ་བཅས་པ་ལ་གནས་པའི་བསྲུང་བ་ནི་དང་པོ་སྟེ་འདིའོ། །ཕྱིས་ཐུན་མཚམས་དག་ལ་ནི་ནང་གི་བསྲུང་བ་ཙམ་ཞེས་ཟེར་ན་འདི་ནི་མ་

ཡིན་ཏེ། བསྲུང་བའི་དཀྱིལ་འཁོར་རབ་ཏུ་རྒྱ་ཆེ་བར་གྱུར་པས་འགྲོ་བ་བགེགས་མ་ཡིན་པའི་ཕྱིར་རོ། །འདིར་སུ་ཡི་བསྲུང་བ་ཇི་ལྟར་བསྲུང་དགོས་པ་གང་ཞིག་མཐོང་ཞེ་ན། རྡོ་རྗེ་འབར་བ་ཉི་མའི་མེ་ལྟ་བུར་བདག་ཉིད་སྤྲུལ་ཏེ་ཞེས་བྱ་བ་ནི་བསྲུང་བ་པོ་སྟེ། ཉི་མའི་མེ་ནི་མེས་འཇིག་

པའི་དུས་ཀྱི་ཉི་མ་བདུན་ཤར་བས་ཐམས་ཅད་མེའི་ཕུང་པོར་འབར་བར་གྱུར་པ་སྟེ་དེ་དང་འདྲ་བའོ། །ཚིག་ཕྱི་མ་འདི་ཁོ་ནས་རྡོ་རྗེ་འབར་བ་ཞེས་བྱ་བ་འདི་བསྟན་ཏེ། རྡོ་རྗེའི་རང་བཞིན་འོད་འབར་བ། །ཞེས་བྱ་བའི་དོན་ཏོ། །འདིའི་མཚན་ཉིད་ནི་འཕགས་པ་ངན་སོང་ཐམས་ཅད་སྦྱོང་

བའི་རྒྱུད་ལས་གསུངས་སོ། །ཁྱད་པར་དུ་ན་ཡི་གེ་ཧཱུྃ་ལས་བྱུང་བ་དང་དབང་བསྐུར་ཞིང་ཆོ་ག་བྱས་ལ། རང་གི་སྔགས་ཟློས་པས་བགེགས་གཞོམ་མོ། །དེ་ལ་དབང་བསྐུར་བ་ནི་ཁྲོ་བོ་ཏི་རཱིནྟི་རིའི་ཞེས་བྱ་བ་རྡོ་རྗེ་འབར་བ་ཉི་མའི་མེ་ལྟ་བུ་ཉིད་དེ་དེ་ཉིད་ཀྱི་ཕྱག་རྒྱས་འདི་ལ་དབང་

เล่ม ๖๒ · หน้า 193b

བསྐུར་བར་བྱའོ། །དེ་ནས་དེ་ལ་རྡོ་རྗེ་ཕྱེད་མའི་འདུག་སྟངས་ཀྱིས་འདུག་སྟེ། རྡོ་རྗེ་ཏི་རཱིནྟི་རིའི་བཅིངས་ལ་རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་བླང་ངོ་ཞེས་བྱ་བ་ནི་རྡོ་རྗེ་ཕྱེད་མའི་འདུག་སྟངས་ཏེ་རྡོ་རྗེ་སྐྱིལ་མོ་ཀྲུང་ཕྱེད་མར་འདུག་ལའོ། །རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་ནི་རྒྱུད་ཕྱི་མ་ལས་

རིགས་སོ་སོའི་དབང་བསྐུར་བ་བསྟན་པ་ལས། རྡོ་རྗེ་རིགས་ལ་རྡོ་རྗེ་ཕྲེང་བ་མགོ་ལ་བཅིངས་པས་དབང་བསྐུར་བར་གསུངས་པས་ན་འདིར་ཡང་དེ་བཞིན་ཏེ། ཁྲོ་བོ་འདི་ནི་རྡོ་རྗེའི་རིགས་སུ་བྱུང་བས་སོ། །གཞན་དག་ཁྲོ་བོ་ཏི་རཱིནྟི་རི་ཞེས་བྱ་བ་རྡོ་རྗེ་འབར་བ་ལས་གཞན་དུ་འདོད་

པ་དེ་མི་འཐད་དེ། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལཱརྐ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ་ཞེས་བྱ་བའི་སྔགས་འདིས་བྱིན་གྱིས་བརླབས་པའི་ཏི་རཱིནྟི་རིའི་ཕྱག་རྒྱས་དབང་བསྐུར་བ་ན་ཕྱག་རྒྱ་དང་སྔགས་ཐ་དད་པ་ཕན་ཚུན་གྱི་བྱིན་གྱིས་རློབ་པར་མི་འགྱུར་བའི་ཉེས་པ་ཡོད་པ་དང་། འཕགས་པ་ངན་སོང་

ཐམས་ཅད་ཡོངས་སུ་སྦྱོང་བར་ཡང་ཁྲོ་བོ་ཉི་མའི་མེའི་དཀྱིལ་འཁོར་དུ་འཇུག་པ་ན་ཁྲོ་བོ་ཏི་རཱིནྟི་རི་བཅིང་ཞེས་འདི་ཉིད་བསྟན་པ་དང་། དེ་བཞིན་དུ་དཀྱིལ་འཁོར་གང་དུ་གང་ཞིག་གཙོ་བོར་གྱུར་པ་དེའི་ཕྱག་རྒྱས་འཇུག་པར་བསྟན་པའོ། །དེ་ལ་གོ་ཆ་བྱ་བ་ནི་ཨོཾ་ཊུཾ་ཞེས་བྱ་བའི་

ཡི་གེ་གཉིས་ཀྱིས་གོ་ཆས་གོ་ཆ་བྱས་ལ་ཞེས་བྱ་བ་ནི་འཆད་པར་བྱས་ལ། དེའི་རྗེས་ལ་ཨོཾ་ཊུཾ་ཞེས་བྱ་བ་དང་། རྡོ་རྗེ་ཁུ་ཚུར་གཉིས་སྙིང་གར་མདུད་པ་བཅིང་བའི་ཚུལ་གྱིས་གོ་ཆ་བགོ་བར་བྱ་ཞིང་། དེ་བཞིན་དུ་མགྲིན་པ་དང་། ལྟག་པ་དང་། སྙིང་ག་དང་། ནུ་མའི་བར་

དང་། ཡང་སྙིང་ག་དང་། མགྲིན་པ་དང་། རྒྱབ་དང་། དཔྲལ་བའི་སྟེང་དུ་མདུད་པ་དར་དཔྱངས་བཅིང་བའི་ཚུལ་དུ་བྱའོ། །སྒེག་པ་དང་བཅས་པས་ཐ་མ་ནས་ཙམ་ལ་བཀྲོལ་ཏེ། མཐར་མཉམ་པའི་ཐལ་མོ་དང་། བཛྲ་ཏུ་ཥྱ་ཧོཿཞེས་བཤད་ལ་གོ་ཆ་བགོ་བ་འདི་ནི་

རྒྱས་པར་བྱ་བ་རྣལ་འབྱོར་གྱི་རྒྱུད་གཞན་ལས་ཀྱང་གསུངས་ཏེ། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བས། །ཇི་ལྟའི་ཚུལ་བཞིན་བྱེད་པ་ཡིས། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །གོ་ཆ་བགོ་བའི་ཚུལ་དུ་བྱ། །སྤྱི་བོ་དང་ནི་དཔྲལ་བར་གཉིས། །གློ་གཉིས་དང་ནི་རྒྱབ་ཏུ་

เล่ม ๖๒ · หน้า 194a

གཉིས། །རྡོ་རྗེ་ཕྲེང་བས་བཅིངས་པ་དང་། །སངས་རྒྱས་གཙུག་གི་ནོར་བུ་དང་། །དར་བཅིང་ཐབས་སུ་བཅིངས་ནས་ནི། །འགྱིང་དང་བཅས་པ་མཐའ་ནས་དགྲོལ། །དར་དཔྱངས་པ་ཡི་ཐབས་བྱས་ན། །ཐལ་མོ་བརྡབ་པས་བརྟན་པར་བྱ། །འདི་ཡིས་

བསྲུང་བ་བྱས་ནས་ནི། །རྡོ་རྗེ་སེམས་དཔའ་དཔལ་དང་འདྲ། །མི་ཆོད་པ་དང་མི་ཕྱེད་པའི། །རྡོ་རྗེའི་སྐུ་ནི་རབ་ཏུ་འགྲུབ། །རིམས་དང་དུག་དང་དབྱིག་དུག་ནད། །མཁའ་འགྲོས་གཙེས་དང་གདོན་རྣམས་དང་། །ཡན་ལག་མ་རུང་བྱེད་པ་ཀུན། །འདི་ཡིས་བསྲུང་ན་ཡོང་མི་ཚུགས། །

དཔལ་རྡོ་རྗེ་ཞེས་བྱ་བའི་ཕྱག་རྒྱའོ། །ཞེས་སོ། །ཡང་དེ་ཉིད་ལ། དབུ་རྒྱན་བཅིང་བས་བཅིངས་པ་ནི། །འགྱིང་ཞིང་མཐའ་ནས་དགྲོལ་བར་བྱ། །དར་གྱི་མཐའ་མ་འཕྱང་བ་ལྟར། །བྱས་ཏེ་ཐལ་མོ་བརྡབ་པར་བྱ། །ཞེས་སོ། །དེ་ལྟར་རྣལ་འབྱོར་ཁྱད་པར་ཅན་དབང་བསྐུར་ཞིང་ཆོ་ག་དགོས་

པ་དེས་བསྲུང་བ་བྱའོ། །ཇི་ལྟར་བསྲུང་བ་བྱ་ཞེ་ན། །བྱ་བའི་རྒྱུད་ལས་ཁྱད་པར་དུ་གྱུར་པས་བསྲུང་སྟེ། དེར་ནི་མཚན་མ་ལ་མངོན་པར་དགའ་བས་བསྲུང་བ་ཐམས་ཅད་རྫས་ལ་བརྟེན་པ་སྟེ། ལས་ཀུན་བྱེད་པའི་གསང་སྔགས་སམ། །ཡང་ན་བགེགས་ཀྱི་དགྲས་ཀྱང་རུང་། །ངེས་པར་ཡུངས་ཀར་

ལ་སོགས་པས། །དང་པོར་ཀུན་དུ་བསལ་བར་བྱ། །ཞེས་གསུངས་སོ། །འདིར་ནི་ནང་གི་རྣལ་འབྱོར་གྱི་མཐུའི་དབང་ལས་བྱུང་བའི་སྔགས་དང་ཕྱག་རྒྱ་ཙམ་གྱིས་འགྲུབ་པས་རྫས་དེ་ལྟ་བུ་ལ་མི་ལྟོས་ཏེ། དེས་ན་ཁྲོ་བོའི་སྔགས་དང་ཕྱག་རྒྱས་ཐོག་མར་བགེགས་རབ་ཏུ་དྲག་པོ་དག་ལ་

བསྣུན་ཏེ། དེ་ཡང་རང་གི་ལག་གི་རྡོ་རྗེས་བརྒྱབ་ཅིང་བསད་པའོ། །བགེགས་བར་མ་རྣམས་ནི་བསྲེག་པ་སྟེ། རྡོ་རྗེ་ལས་མེའི་འོད་འཕྲོས་པས་ཚིག་ཅིང་གདུངས་ཏེ་བྱེར་བར་འགྱུར་བའི་ཕྱིར་རོ། །བགེགས་རབ་ཏུ་ཕྲ་མོ་མཐུ་ཤིན་ཏུ་ཆུང་བ་རྣམས་ནི་དེ་ཙམ་དུ་ཚར་བཅད་པ་ལ་མ་ལྟོས་པས་ན་

བཅིང་བ་ཙམ་ཞིག་བྱ་བ་སྟེ། དེ་ཡང་རང་གི་ལག་གི་རྡོ་རྗེའི་འོད་འཕྲོས་པས་དེ་དག་བཅིང་བ་ལྔས་བཅིངས་པར་བསམ་མོ། །དེ་ལྟར་བགེགས་བསྐྲད་པར་བྱས་ནས། ད་ནི་ཕྱོགས་བཅིང་པ་ལ་སོགས་པ་བྱ་བའི་ཕྱིར། རྡོ་རྗེ་བཅིང་བ་ཞེས་པ་ལ་སོགས་པ་སྨོས་ཏེ། འདིར་མདོར་བསྡུ་ན་རྡོ་རྗེ་

เล่ม ๖๒ · หน้า 194b

མེ་ལ་སོགས་པ་ནས་རྡོ་རྗེ་ཧཱུྃ་མཛད་ཀྱི་བར་དུ་སྔགས་དང་ཕྱག་རྒྱ་ཐ་དད་པ་ཐམས་ཅད་ཀྱང་རྡོ་རྗེ་འབར་བ་ཉི་མའི་མེ་ལྟ་བུ་ཁོ་ནའི་རྣལ་འབྱོར་ལ་གནས་པས་བྱའི་གཞན་གྱིས་མ་ཡིན་ཏེ་དེ་ནི་བསྲུང་བའི་ཕྱིར་ལྷག་པར་གནས་པ་དང་དང་པོར་བསྐྱེད་པས་སོ། །དེ་ནས་ལྷ་འདི་དག་གི་རང་རང་གི་རྣམ་པར་

ཐར་པ་བསྡུས་པ་ནི་བཅོམ་ལྡན་འདས་འདི་ཁོ་ནའོ་ཞེས་དམིགས་པར་ཡང་བྱའོ། །གཞན་དུ་ན་འདི་དག་རེ་རེ་ལ་ཡང་བསྐྱེད་པ་དང་དབང་བསྐུར་བ་དང་གོ་ཆ་བགོ་བའི་བྱ་བས་མཐའ་མེད་པའི་སྤྲོས་པ་འབྱུང་བར་འགྱུར་རོ། །དེ་ལ་ཐོག་མར་ནི་འོག་བཅིངས་ཏེ། བསྲུང་བ་འདི་ནི་ཕལ་ཆེར་དཀྱིལ་

འཁོར་དུ་རྡུལ་ཚོན་གྱི་བྱ་བ་དང་ཡང་འབྲེལ་ལ། ས་ལས་བགེགས་འབྱུང་བ་མང་བས་ན་འདི་ལྟར་ལྷ་མ་ཡིན་མ་རུངས་པ་དང་། ཀླུ་མ་རུངས་པ་དང་། ས་བདག་མ་རུངས་པ་དང་། ཐ་ན་རྐང་གིས་འགྲོ་བའི་སྲིན་བུ་དག་ཀྱང་འོག་ནས་ལྡང་བས་གནོད་པ་སྐྱེད་པ་དེའི་ཕྱིར་དེ་བསྲུང་བ་

སྟེ། འོག་ནས་ས་འགས་གཡོ་བར་བྱེད། །ཅེས་གསུངས་པ་ལྟ་བུའོ། །སྟེང་གི་བསྲུང་བ་གཉིས་ནི་ལྷའི་གདོན་མཐུ་ཆེན་པོ་དག་སྟེང་ནས་འབྱུང་བའི་ཕྱིར་ཏེ། སྟེང་ནས་མཐུ་ཆེན་ལྷ་རྣམས་སོ། །ཞེས་གསུངས་པ་ལྟ་བུ་སྟེ། ཕྱོགས་དེ་ན་བདུད་སྡིག་ཅན་གྱི་དཔུང་གནས་པས་

སོ། །དེ་བཞིན་དུ་ཤར་ཕྱོགས་ཀྱང་ལན་གཉིས་སུ་བཅིང་སྟེ། དྲི་ཟ་རྣམས་དང་ལྷ་རྣམས་ཕྱོགས་དེ་ནས་ཀྱང་དབང་བྱེད་པས་སོ། །དེ་ནས་ནུབ་བཅིང་བ་ནི་སྤྲིན་དང་སེར་བ་དང་ཆར་དག་ཆེས་དཀྱིལ་འཁོར་དང་མི་འཕྲོད་ལ་དེ་དག་ཀླུ་རྣམས་ཀྱིས་བྱེད་པ་ཡིན་ལ། ཀླུ་རྣམས་ནི་

ཕལ་ཆེར་འཛམ་བུའི་གླིང་འདིའི་ནུབ་ཕྱོགས་ཀྱི་རྒྱ་མཚོ་ཀླུའི་གྲོང་ཁྱེར་ལོངས་སྤྱོད་ལྡན་ན་གནས་པས་སོ། །ད་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཕྱོགས་བཅིང་བའི་ཆོ་ག་དེ་དག་ཁོ་ནས་མཚམས་ཀྱང་བཅིང་ངོ་ཞེས་བསྟན་པའི་ཕྱིར། ཕྱོགས་དང་མཚམས་དང་འོག་དང་སྟེང་གི་བགེགས་

ཚར་བཅད་པ་བྱས་ལ་ཞེས་སྨོས་ཏེ། ཤར་ཕྱོགས་བཅིང་བས་ཤར་ལྷོ་བཅིངས་ལ། ནུབ་ཕྱོགས་བཅིང་བས་ནུབ་བྱང་བཅིངས་ཏེ། དེ་བཞིན་དུ་ལྷོ་བཅིང་བས་ལྷོ་ནུབ་བཅིང་ཞིང་། བྱང་བཅིང་བས་བྱང་ཤར་བཅིང་ཞེས་འོག་ཏུ་ཡང་སྦྱར་ཏེ། དང་པོ་དང་མེ་ལྷ་དག་ལྷའི་རིགས་སུ་

เล่ม ๖๒ · หน้า 195a

འདྲ་བ་དང་། གཤིན་རྗེ་དང་སྲིན་པོ་དག །ལས་དང་ལོངས་སྤྱོད་འདྲ་ཞིང་སྤྱི་དང་བྱེ་བྲག་ཏུ་གནས་པ་ཙམ་གྱི་ཕྱིར་དང་། ཀླུ་དང་རླུང་ལྷ་དག་ལས་མཐུན་པ་ལ་གནས་ཏེ་ཀླུ་རྣམས་ཀྱིས་སེར་བུ་དང་ཡུལ་ངན་པ་དང་བ་མོ་དག་བྱེད་པ་ལྟར་རླུང་ལྷ་ཡང་དེ་བཞིན་པའི་

ཕྱིར་དང་། གནོད་སྦྱིན་དང་འབྱུང་པོ་དག་རིགས་གཅིག་པ་དང་ལས་དང་ལོངས་སྤྱོད་དག་འདྲ་བའི་ཕྱིར་ཞེས་བྱ་བ་རྒྱུ་མཚན་ཏེ། དེ་དག་ཐམས་ཅད་བགེགས་སུ་གཅིག་པ་ཁོ་ནས་རྩ་བའི་རྒྱུད་ལས་བསྲུང་བ་རེ་རེ་ཞིག་རིགས་རེ་རེ་ལ་བསྟན་པར་ཟད་དོ། །དེ་བཞིན་དུ་གཏོར་མ་འདོད་པ་

ལ་སོགས་པའི་ཕྱིར་གནོད་སྦྱིན་དག་བར་དུ་གཅོད་པ་ལ་བརྩོན་པས་དེ་མ་ཐག་ཏུ་བྱང་བཅིང་བས་བཅིངས་པ་སྟེ། ཐམས་ཅད་ཀྱི་མཇུག་ཏུ་ལྷོ་བཅིངས་པ་ནི་གཤིན་རྗེ་རྣམས་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ལུང་གིས་འཇུག་ལ། རྡོ་རྗེ་སློབ་དཔོན་ལྷག་པའི་བསམ་པ་ཕུན་སུམ་ཚོགས་

པས་འགྲོ་བ་ཡོངས་སུ་སྐྱོབ་པ་ལ་བར་དུ་གཅོད་པ་ལ་མི་བརྩོན་པས། འདི་དག་གི་གནོད་པ་ཤིན་ཏུ་ཉེ་བ་མ་ཡིན་པས་ན་ཐ་མར་བསྲུང་བའོ། །རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་བསྲུང་བ་བྱས་ལ་རབ་སྦྱིན་ནོ་ཞེས་བྱ་བ་ལ། དེ་ལ་དཀྱིལ་འཁོར་བཅིང་བ་ནི་ཇི་ལྟར་བྱ་བའི་རྒྱུད་ལས།

ཙནྡན་དམར་པོས་བྱུག་པ་ཡི། །སེང་ལྡེང་ཕུར་བུ་མཛུབ་གང་ལ། །རྣོན་པོར་བྱས་པ་བཞི་དག་ལ། །སྐུད་པ་དམར་པོ་དག་གིས་དཀྲིས། །རྡོ་རྗེ་ཕུར་བུ་བརྒྱར་བསྔགས་ཏེ། །གནས་སམ་ཁྱིམ་དག་ཏུ་ཡང་རུང་། །ཁུ་ཚུར་གྱིས་ནི་ཕྱོགས་བཞིར་གདབ། །ལས་ཀུན་བྱེད་པའི་

རིག་སྔགས་ཀྱིས། །ཚོན་སྣ་ལྔ་ཡི་སྲད་བུ་ལ། །ལན་བརྒྱར་བསྔགས་ནས་དང་པོར་དེར། །ཕུར་བུ་རྣམས་ལ་བྲེ་བར་བྱ། །ཕུར་བུ་རྡོ་རྗེ་འདྲ་བའམ། །ཡང་ན་རྩེ་གཅིག་སྦོམ་པོ་ལ། །རྡོ་རྗེ་ཕུར་བུ་ལན་བརྒྱ་རུ། །མངོན་པར་བསྔགས་པ་བྱས་པ་དག །ལྷ་ཡི་གནས་ཀྱི་

ཕྱི་རོལ་གྱི། །གྲྭ་བཞིར་ཀུན་དུ་གདབ་པར་བྱ། །ཡང་ན་དཀྱིལ་འཁོར་ཕྱི་རོལ་དུ། །བཏབ་ནས་ལས་རྣམས་རབ་ཏུ་བྱ། །རྡོ་རྗེ་ཕུར་བུའི་ཆོ་ག་འདི། །ལས་ཀུན་བྱེད་པར་ཤེས་པར་བྱ། །སྒྲུབ་ཚེ་འདི་ལ་བགེགས་མེད་ཅིང་། །སྒྲུབ་པ་པོ་ཡིས་དངོས་གྲུབ་འཐོབ། །

เล่ม ๖๒ · หน้า 195b

ཅེས་གསུངས་ལ། དཀྱིལ་འཁོར་གྱི་ནི་འགྲམ་ལོགས་བཞིར། །སེང་ལྡེང་ཕུར་བུ་བཞི་བཙུགས་ཏེ། །ཚོན་སྐུད་ཁ་དོག་སྣ་ལྔ་ལས། །འཁོར་བར་དམ་དུ་བྲེ་བར་བྱ། །ཞེས་གསུངས་ཏེ། འདི་ཉིད་དཀྱིལ་འཁོར་བཅིང་བ་དང་། །འཁོར་ཡུག་བཅིང་བ་ཞེས་

བྱའོ། །རྣལ་འབྱོར་གྱི་རྒྱུད་འདིར་ནི་དེ་ལྟ་བུའི་ཕྱི་རོལ་གྱི་བྱ་བ་ལ་མི་ལྟོས་ཀྱིས། རྡོ་རྗེ་ལས་ཀྱི་སྔགས་དང་ཕྱག་རྒྱ་ཉིད་ཀྱིས་དེ་དང་འདྲ་བར་བགེགས་ཀྱིས་འཇུག་པར་དཀའ་བའི་དཀྱིལ་འཁོར་བཅིང་བ་བྱས་པར་འགྱུར་རོ། །རབ་སྦྱིན་པར་ཡང་བྱ་བའི་རྒྱུད་དུ་ནི། རྡོ་རྗེ་ར་

བས་སྔགས་པ་ཡིས། །ལྕགས་ཀྱི་ཕྱེ་མས་རབ་ཏུ་བྱ། །ཞེས་པ་དང་། དེ་ནས་ཆོ་ག་འདི་དག་བྱ། །སོ་སོའི་ཕྱོགས་ཀྱི་རི་མོའི་མཐའ། །རྡོ་རྗེ་རྩེ་གསུམ་བྱ་བར་གསུངས། །དབུས་ཀྱི་ངོས་རྣམས་དག་ཏུ་ཡང་། །རྡོ་རྗེ་བསྒྲེང་བའི་ཕྲེང་བ་བྱ། །རྡོ་རྗེ་ར་བའི་གསང་

སྔགས་ཀྱིས། །གོ་ཆ་དེ་ནི་བྱ་བར་བསྟན། །དེ་ཡི་དབུས་སུ་བཞུགས་ནས་སུ། །རྫས་རྣམས་རབ་ཏུ་བསྒྲུབ་པར་བྱ། །ཞེས་གསུངས་ཏེ། འདིར་ནི་དེ་ཡང་སྔ་མ་བཞིན་དུ་རྡོ་རྗེ་ལས་ཀྱི་སྔགས་དང་ཕྱག་རྒྱ་ཉིད་ཀྱིས་འགྲུབ་པོ། །འདིའི་ཕྱག་རྒྱ་ནི་འོག་ནས་འཆད་པས་

འདིར་མ་སྨོས་སོ། །སླར་ཡང་ནང་གི་ར་བ་སྟེ། །ཞེས་བྱ་བ་ཡང་ལྕགས་ཀྱི་ཕྱེ་མས་སྔ་མ་བཞིན་བྱ་བའི་རྒྱུད་དུའོ། །འདིར་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི། །སྔགས་དང་ཕྱག་རྒྱ་ཉིད་ཀྱིས་སོ། །འོ་ན་ར་བ་དང་ནང་གི་ར་བ་ལ་བྱེ་བྲག་ཅི་ཡོད་ཅེ་ན། ར་བ་ནི་ཀུན་ནས་གྲུ་བཞི་ལྷམ་པ་སྟོང་གསུམ་

གྱི་སྟོང་ཆེན་པོའི་ཚད་དང་མཉམ་པ་གྱུར་པ་ཡིན་ལ། ནང་གི་ར་བ་ནི་ཀུན་ནས་ཟླུམ་པོ་བཅོམ་པ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་འདིའི་ཚད་དུ་གྱུར་པའོ། །རི་མོ་ལ་ཡང་ར་བ་ནི་ཐིག་གྲུ་བཞིར་བཏབ་པ་ཇི་སྲིད་མ་ལུས་པར་བསྐོར་ལ། ནང་གི་ར་བ་ནི་ཟླུམ་པོར་དཀྱིལ་འཁོར་

ཁོ་ན་བསྐོར་བའོ། །འོ་ན་སློབ་དཔོན་རབ་འབྱོར་བསྐྱངས་ཀྱི་ཞལ་སྔ་ནས་རྡོ་རྗེའི་ར་བ་ཡང་གྲྭ་བཞིར་མཛད་པ་ཇི་ལྟ་བུ་ཞེ་ན། གང་དུ་དེ་གྲུ་བཞིར་བྱས་པ་དེར་ནི་བཅོམ་པ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་འདིའི་སྙིང་པོ་རི་རབ་ཀྱི་རྩེ་མོ་རྣལ་འབྱོར་གྱི་རྒྱུད་ཀྱི་གནས་ཆེན་པོ་

เล่ม ๖๒ · หน้า 196a

གཙོ་བོར་མཛད་པ་དགོངས་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཅོམ་པ་དང་འཇིག་རྟེན་གྱི་ཁམས་འདིར་མངོན་པར་བྱང་ཆུབ་པ་ཆེན་པོ་བརྙེས་ནས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་མཛད་པ་རྒྱས་པས་འདུལ་བའི་ཞིང་དུ་མཛད་པ་ལྟར་

སྔགས་པའི་དབང་ཕྱུག་གིས་ཀྱང་དེ་དེ་བཞིན་དུ་སྤྱད་པའི་ཕྱིར་ར་བ་དང་ནང་གི་ར་བ་གཉིས་ཀྱི་ཞིང་བྱིན་གྱིས་བརླབ་པའོ། །རྡོ་རྗེའི་དྲ་བ་སྦྱིན་ནོ་ཞེས་བྱ་བ་ལ། དེ་ཡང་བྱ་བའི་རྒྱུད་ལས་ནི། །རྡོ་རྗེའི་དྲ་བ་གསང་སྔགས་ཀྱིས། །ལན་བརྒྱར་བསྔགས་པའི་ཕྱེ་མ་ལས། །རྡོ་རྗེའི་ཕྲེང་

བས་འཁོར་ཡུག་ཏུ། །བྲིས་ན་རྡོ་རྗེའི་དྲ་བར་འགྱུར། །ཞེས་པ་དང་། ཆོ་ག་འདི་ཡི་ཕྱི་ནང་དུ། །རྡོ་རྗེ་ལྟ་བུའི་དྲ་བ་དང་། །རྡོ་རྗེ་དྲ་བའི་གསང་སྔགས་ཀྱིས། །ཤིན་ཏུ་ཐུབ་པར་དཀའ་བར་འགྱུར། །ཞེས་གསུངས་ཏེ། ཕྱི་ནང་ཞེས་བྱ་བ་ནི་ཕྱིའི་དྲ་བ་ཕྱིའི་རྡོ་རྗེ་ར་བའི་ཕྱི་

རོལ་ཁོ་ན་ཡིན། ནང་གི་དྲ་བ་ནི་ཐིག་ཟླུམ་པོས་བསྐོར་བའི་མེའི་འོད་ཀྱི་ཕྲེང་བའི་ནང་དུའོ་ཞེས་བྱ་བ་བླ་མའི་ལུང་ངོ་། །དེ་ལྟ་བུར་ཡང་རྣལ་འབྱོར་གྱི་རྒྱུད་འདིར་ནི་སྔགས་དང་ཕྱག་རྒྱས་འགྲུབ་པས་ཕྱི་རོལ་གྱི་བྱ་བ་ལ་མི་ལྟོས་སོ། །རྡོ་རྗེ་བཅིང་བ་ནི་རྡོ་རྗེ་ལྕགས་སྒྲོག་སྟེ། ཕྱག་རྒྱ་ཡང་དེའི་

ལས་ཀྱི་ཕྱག་རྒྱ་འོག་ནས་སྟོན་ཏོ། །གཞན་དག་ནི་ཡེ་ཤེས་དབབ་པའི་དུས་ཀྱི་རྡོ་རྗེ་བཅིང་བར་འདོད། དེ་ལ་དྲ་བ་ནི་ར་བ་དང་འཚམ་པར་སྟེང་གཡོགས་ཀྱི་རྡོ་རྗེ་གཟེབ་བྲིའོ། །དེ་ལྟར་ན། བསྐྲད་པ་དང་ནི་འོག་བཅིང་དང་། །སྟེང་ཡང་བཅིང་ཞིང་འཁོར་ཡུག་ཏུ། །མཚམས་

བཅད་ཕྱོགས་ཀྱང་བཅིང་བྱ་ཞིང་། །རྡོ་རྗེ་ར་བ་དྲ་བ་བྱ། །རྒྱུད་དང་སློབ་དཔོན་ལུང་དག་གིས། །བདག་དང་རྫས་དང་ལྷ་ཡང་བསྲུང་། །གསང་སྔགས་དག་གིས་ཕྱི་ནང་དུ། །བགེགས་རྣམས་ཐམས་ཅད་བཟློག་པར་བྱ། །ཞེས་བྱ་བའི་རྒྱུད་ལས་གསུངས་པ་འདིར་ནང་གི་བྱ་བ་

ཙམ་གྱིས་བསྒྲུབས་པའོ། །རྡོ་རྗེ་རྩེ་མོ་ལས། །སྲུང་བའི་ཆོ་ག་བྱས་པ་ལ། །བགེགས་ནི་མེད་ཀྱི་མ་འཇིགས་ཤིག །ཅེས་གསུངས་པས་བསྲུང་བ་ལས་མི་འཇིགས་པ་རྙེད་ཅིང་དེ་ལས་བགེགས་མེད་པར་གྱུར་པ་ལས་གྲུབ་པ་ནི་འདིའི་དགོས་པ་སྟེ། གཞན་དུ་ན་རྩ་བའི་རྒྱུད་ལས།

เล่ม ๖๒ · หน้า 196b

འཇིགས་ལས་ལྷག་པའི་བགེགས་གཞན་མེད། །ཅེས་གསུངས་པའི་བགེགས་ལྡང་བའི་ཕྱིར་རོ། །དེ་ལྟར་ལུས་དང་ངག་དང་ཡིད་རྣམ་པར་དག་པ་བསྲུང་བ་ཆེན་པོས་བསྲུང་བ་དེ་ཚེ་འདི་ཉིད་ལ་མངོན་པར་བྱང་ཆུབ་པར་བྱ་བའི་ཕྱིར་བསོད་ནམས་ཀྱི་ཚོགས་བསགས་པ་ལ་འཇུག་

དགོས་ཤིང་། དེ་ཡང་ཡུལ་ཁྱད་པར་ཅན་ལ་བརྟེན་པས་འགྲུབ་པའི་ཕྱིར། དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མདུན་ཉིད་དུ་འགྲུབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་སྔགས་དང་ཕྱག་རྒྱ་ལན་ཅིག་གཡས་ནས་བསྐོར་བས་ཁང་པ་

བརྩེགས་མ་དང་བཅས་པ་ལྷ་རྣམས་འགྲུབ་པས་ན་འདིས་ཕྱོགས་ཐམས་ཅད་དུ་གཡས་ནས་བསྐོར་བས་དཀྱིལ་འཁོར་ཐམས་ཅད་སྤྲུལ་བར་འགྱུར་རོ་ཞེས་གསུངས་སོ། །གཞན་དག་ནི་ལྷ་ཇི་སྙེད་པའི་གྲངས་ཀྱི་ཕྱིར་འགྱེད་པར་གཡས་ནས་བསྐོར་བས་ལྷ་རྣམས་འབའ་ཞིག་ནམ་

མཁའ་ལ་བསམ་གྱི། ཁང་པ་བརྩེགས་མ་མེད་ཅེས་ཟེར་རོ། །དེ་ལྟར་དཀྱིལ་འཁོར་སྤྲུལ་པར་ཞུགས་ནས། ད་ནི་ཚོགས་བསགས་པའི་བྱ་བ་ལ་འཇུག་པར་བསྟན་པ་དེ་ནས་དཀྱིལ་འཁོར་བློས་མངོན་སུམ་དང་འདྲ་བར་དམིགས་ལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ་

ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྨོས་སོ། །འདིར་བསམ་པར་བྱ་བ་འགའ་ཞིག་ཡོད་དེ་ཁ་ཅིག་ན་རེ་གང་དུ་ཡང་དང་པོར་ཕྱག་འཚལ་བ་དང་། དེ་ནས་མཆོད་པ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་གདབ་པའི་མཐར་

ཡོངས་སུ་བསྔོ་བ་བྱས་པ་ཡིན་ལ། འོག་ནས་སློབ་མ་འཇུག་པ་ལ་ཡང་རིམ་པ་དེ་ལྟར་བྱས་པས་འདིར་ཡང་གོ་རིམས་དེ་ཉིད་བླང་ངོ་ཞེས་ཟེར་རོ། །དེ་བཞིན་དུ་འཆད་པར་གྱུར་པ་ལས་དེ་ལྟར་མཆོད་པ་རྣམ་པ་ཉི་ཤུས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཆོད་ལ་ཞེས་

བྱ་བ་འདིར་མཆོད་པ་བཅོ་བརྒྱད་ལས་མ་སྨོས་པས་མཆོད་པ་གཉིས་གཞན་ནས་འདིར་དྲང་ངོ་ཞེས་ཟེར་རོ། །དེ་ལ་དང་པོ་ལ་བརྗོད་པ་བདེན་མོད་ཀྱི་འོན་ཀྱང་འདི་ལ་ཡང་གནོད་པ་མེད། འདིར་དང་པོ་མཆོད་པ་དང་ཕྱག་བཙལ་བ་བྱ་སྟེ། དེ་ནས་སྡིག་པ་བཤགས་པ་

เล่ม ๖๒ · หน้า 197a

ནས་གསོལ་བ་གདབ་པའི་བར་དུ་བྱས་ལ། ཡང་མཆོད་པ་བཅོ་བརྒྱད་བྱས་ནས་བདག་དབུལ་བ་དང་ཡོངས་སུ་བསྔོ་བ་དང་། སྡོམ་པ་གཟུང་བ་བསྟན་པ་འདི་ལ་ཉེས་པ་མེད་པ་ནི་རྒྱུད་དང་མདོ་སྡེ་དང་དེ་དང་དེར་བྱང་ཆུབ་སེམས་དཔའ་ལ་སོགས་པས་དང་པོ་

མཆོད་པ་བཀོད་པས་མཆོད་ལ། དེ་ནས་ཕྱག་བཙལ་བར་སྣང་ལ་ཁ་ཅིག་ཏུ་རིམ་པ་གཞན་དུ་ཡང་སྣང་བ་འདི་ལ་ངེས་པར་གཅིག་བསྒྲུབ་པའི་ངེས་པ་མེད་པས་གོང་དུ་གང་བསྟན་པ་ཉིད་ཚད་མར་བྱའོ། །གང་དུ་ཡང་ལུང་མཐོང་བ་དང་འགལ་བར་བྱ་བ་ནི་སྔགས་ཀྱི་ལམ་འདིར་

མེད་ཀྱི་ལུང་གི་ལུང་གཞན་རྣམ་པར་ཕྱེ་བ་ནི་མ་གཏོགས་སོ། །འདོད་པ་གཉིས་པ་ལ་ཡང་བརྗོད་པ་ནི་འདིར་མཆོད་པ་གཉིས་གང་དག་དྲང་ཞེ་ན། འོག་ནས་ལས་ཀྱི་རྒྱལ་པོ་མཆོག་གི་སྐབས་ནས་ཡོན་ཆབ་དང་བཤོས་དབུལ་བ་འབྱུང་བས་འདིར་དྲང་བར་རིགས་ཏེ། ཡོན་

ཆབ་ནི་མཆོད་པ་གཞན་གྱི་སྔོན་དུ་བྱེད་པའི་ཕྱིར་རིགས་ལ་འདོད་པའི་ཡོན་ཏན་ལྔ་ལས་རོ་ཡང་འདིར་སྨོས་ཏེ་དེས་ན་གཉིས་འདིར་དྲང་ངོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་ཡོན་ཆབ་ནི་གང་དུ་ལྷ་སྤྱན་དྲང་བ་དེར་དབུལ་བ་ཡིན་ཏེ། འདི་སྐད་དུ་དེ་ནས་སྤོབས་པའི་བློ་གྲོས་གཡོག་འཁོར་དང་

བཅས་པས་བཅོམ་ལྡན་འདས་བསུ་ནས། ཡོན་ཆབ་དང་ཞབས་བསིལ་དབུལ་བས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཞེས་གསུངས་པ་ལྟ་བུའོ། །འདིར་ནི་ལྷ་རྣམས་སྤྲུལ་པ་ཙམ་ལས་སྤྱན་དྲང་བ་མེད་པ་མི་འཐད་དེ། འདིར་སྤྲུལ་ཞེས་བྱ་བ་ཡང་

ཇི་ལྟར་ཐམས་ཅད་དུ་ཁྱབ་པ་ཆོས་ཀྱི་སྐུ་ལས་སྔགས་དང་ཕྱག་རྒྱའི་དབྱེ་བས་གཟུགས་ཀྱི་སྐུར་སྣང་བ་ཤར་བ་ཙམ་ལ་བྱ་ལ། དེ་ཡང་ཐ་སྙད་ཀྱི་བདེན་པར་བྱོན་པ་ལས་འདས་པའོ། །དེ་བཞིན་དུ་བྱ་བའི་རྒྱུད་ལས་ནི་ལྷ་བཤོས་དབུལ་བ་གསང་སྔགས་ཀྱི་ཁ་ཟས་ཡིན་པར་འདོད་

པས་ན་ཞེས་བྱ་བ་ལ་སོགས་པས་རྣམ་པར་རྟོག་པ་དྲག་པོས་ལྷ་བཤོས་དབུལ་བ་ལ་རྣམ་པ་སྟོང་དུ་ནན་ཏན་བྱེད་པ་ཡིན་ལ། རྣལ་འབྱོར་གྱི་རྒྱུད་འདིར་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཟས་ཀྱི་ལྟོས་པ་དང་བྲལ་བ་རྣམས་ལ་ངེས་པར་དབུལ་བའི་ཚེགས་ཀྱིས་ཅི་ཞིག་བྱའི།

เล่ม ๖๒ · หน้า 197b

གང་དུ་རང་གི་རྣལ་འབྱོར་འཕེལ་བ་དང་། སེམས་ཅན་རྣམས་རྗེས་སུ་བསྲུང་བ་དེ་ཙམ་གཙོ་བོར་གྱུར་པས་ན་ངེས་པར་འདིར་ལྷ་བཤོས་དབུལ་བའི་ལུང་མེད་དོ། །ལས་ཀྱི་རྒྱལ་པོ་མཆོག་ལ་སོགས་པར་ནི་ལྷ་རྣམས་སྤྱན་དྲངས་པས་འཇིག་རྟེན་གྱི་ལུགས་མི་བོར་བར་བྱ་བས་འཇུག་པའི་

ཕྱིར་དེ་དག་སྨོས་པས་ཉེས་པ་མེད་དོ། །གཞན་དག་འདིར་ཚད་མེད་པ་བཞི་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་མཆོད་པ་བསྣན་ཏེ་ཉི་ཤུའོ་ཞེས་ཟེར་ན་དེ་དག་ཡང་ལན་གཉིས་སྨོས་པ་ལ་དགོས་པ་མེད་དོ། །གཞན་ཡང་ཨེ་ཝཾ་གྱི་སྒྲ་བྱུང་བར་གྱུར་པ་ལ་སྦྱར་ནས་བདག་དབུལ་བ་

དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་མཆོད་པ་གཉིས་སུ་བརྗོད་དེ། དེ་ལྟ་ན་མཆོད་གནས་བདག་དབུལ་ཞེས་བར་དུ་གཅོད་པའི་ཚིག་མི་འཐད་པར་འགྱུར་རོ། །ཡང་གཞན་དག་ནི་གོས་དང་རྒྱན་དག་རེ་རེ་ལ་ཤེས་རབ་དང་ཡེ་ཤེས་དག་རེ་རེར་བགྲང་ན་དེ་དག་གི་སྔགས་མ་སྨོས་པ་

དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཙམ་དུ་མཛད་པ་དང་། དཔག་བསམ་གྱི་ཤིང་དང་གོས་ཀྱི་ཤིང་དག་སྨོས་པ་ན་དཔག་བསམ་གྱི་ཤིང་ལས་གོས་ཀྱང་འབྱུང་བས་དེ་རྒྱན་གྱི་རྒྱུར་སྨྲ་བ་དེ་དག་གི་དེ་མ་ངེས་པས་སོ། །འོ་ན་ཅི་ཞེ་ན། ཇི་ལྟར་སྦྱར་བའི་མཆོད་པ་བཅོ་བརྒྱད་པོ་ནི་

རྣལ་འབྱོར་གྱི་རྒྱུད་དུ་ཐུན་མོང་དུ་གྲགས་པ་རྫས་ལ་བརྟེན་པ་མ་ཡིན་གྱི། ནང་གི་བྱེད་པ་ལ་རག་ལས་པའི་མཆོད་པ་སྟེ། ཀུ་རུ་ཀུལླེ་ལས་བྱུང་བ་ལས་ཀྱང་མཆོད་པ་བཅོ་བརྒྱད་ཀྱིས་མཆོད་ལ་ཞེས་གསུངས་སོ། །ཡང་རྣལ་འབྱོར་གྱི་རྒྱུད་ཀྱི་ཆོ་ག་ཁ་ཅིག་དུ་དེ་དག་གི་སྟེང་དུ་མེ་ཏོག་

ལ་སོགས་པ་བཞི་དངོས་སུ་ཡོད་པ་དང་། ཕྱག་འཚལ་བ་བཞི་ལ་མཆོད་པ་གཅིག་ཏུ་བྱས་པ་ཁོ་ན་ལ་མཆོད་པ་ཉི་ཤུ་ཞེས་འདོད་དེ། དེས་ན་འདིར་ཡང་དང་པོ་ཉིད་དུ་དེ་ནས་བློས་དཀྱིལ་འཁོར་མངོན་སུམ་ལྟ་བུར་དམིགས་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ།

ཞེས་བྱ་བ་ནི་ཕྱི་རོལ་གྱི་མཆོད་པ་གཅིག་སྟེ་མེ་ཏོག་ལ་སོགས་པས་ནི་ཚེགས་མེད་པས་ལྷ་སྤྱན་དྲངས་པའམ། ཅིག་ཤོས་ལ་ཡང་འདོད་ལ་ཡོན་ཆབ་དང་ལྷ་བཤོས་དག་ནི་དེ་ལྟ་མ་ཡིན་པས་འདིར་ནན་གྱིས་མི་བརྗོད་དོ། །དེ་ནས་རིགས་བཞིའི་ཕྱག་འཚལ་བ་ནི་བསྙེན་བཀུར་གྱི་

เล่ม ๖๒ · หน้า 198a

མཆོད་པ་དང་དབང་བསྐུར་བའི་མཆོད་པ་དང་འཇུག་པའི་མཆོད་པ་དང་ལས་ཀྱི་མཆོད་པ་བཞིའི་ངོ་བོ་སྟེ། དེ་དག་ཕྱག་འཚལ་བས་བསྡུས་པས་གཅིག་གོ། །དེ་ལྟར་འདིར་མཆོད་པ་དེ་ཉིད་ཁོ་ན་ནས་བསྣན་པས་མཆོད་པ་ཉི་ཤུ་སྟེ། གཞན་དུ་ན་མཆོད་པ་

བཅོ་བརྒྱད་ལས་མེད་པར་དེ་ལྟར་མཆོད་པ་ཉི་ཤུ་ཞེས་སྟོན་ན་ནི་སློབ་དཔོན་གྱི་ཞལ་སྔ་ནས་སྨད་དུ་འཁྲུལ་བར་འགྱུར་ཏེ། བླ་མའི་ལུང་ལ་སློབ་མ་ལྟོས་པར་བྱ་བའི་ཕྱིར་རོ་ཞེ་ན་ཡང་དེ་ལྟ་ན་མཐའ་མེད་པའི་གཞུང་ཕྱིན་ཅི་ལོག་དགོས་ཤིང་། འདི་ལྟ་བུའི་བྱ་བ་ཕལ་པ་ཐམས་

ཅད་ལ་ཕན་པ་ལྟ་ཞོག་གི། དོན་ཟབ་མོའི་ཡུལ་ལ་མི་སྨྲ་བ་ལ་ཐུག་པར་འགྱུར་རོ། །སྡོམ་པ་གཟུང་བ་མེད་ན་མཆོད་པ་ལ་སོགས་པ་ཙམ་གྱིས་དངོས་གྲུབ་ཐོབ་པར་མི་ནུས་པས་ན་སྡོམ་པ་གཟུང་བར་བྱའོ་ཞེས་གསུངས་ཏེ། འདིར་བྱང་ཆུབ་ཀྱི་སེམས་ནི་རྣམ་པ་གཉིས་ཏེ།

སྨོན་པ་དང་འཇུག་པའོ། །དེ་དག་གཉིས་ཀ་བསྐྱེད་པར་བྱ་བ་ཡིན་པས་དང་པོ་སྨོན་པའི་ངོ་བོར་བསྐྱེད་པར་བགྱི་ཞེས་བྱ་བ་ལ་སོགས་པའོ། །འཇུག་པའི་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་པས། དེ་ཡང་འདི་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་

བྱང་ཆུབ་སེམས་དཔའི་སྡོམ་པ་ཁྱད་པར་ཅན་ཏེ། དེ་བླང་བ་ནི་དང་པོ་ཐུན་མོང་བ་ཕ་རོལ་ཏུ་ཕྱིན་པའི་སྡོམ་པ་དང་པོ་བྱ་བར་རིགས་པས་ན་དེ་གཟུང་བའི་ཕྱིར། ཚུལ་ཁྲིམས་བསླབ་པ་རྣམ་པ་གསུམ། །ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ཐུན་མོང་མ་ཡིན་པ་བྱང་ཆུབ་

སེམས་དཔའི་སྡོམ་པ་བླང་བ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཞེས་བྱ་བ་ལ་སོགས་པའོ། །དེས་འདི་སྐད་བསྟན་ཏེ། གལ་ཏེ་ལྷ་རྣམས་ཀྱིས་མྱུར་དུ་བྱིན་གྱིས་རློབ་པར་འདོད་ན་དང་པོ་སྨོན་པ་བྱང་ཆུབ་ཀྱི་སེམས་བརྟན་པོར་བྱ་ཞིང་། དེ་ནས་ཐུན་མོང་གི་བྱང་ཆུབ་

སེམས་དཔའི་སྡོམ་པ་གཟུང་ངོ་། །དེ་ནས་ཐུན་མོང་མ་ཡིན་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་རིག་འཛིན་གྱི་སྡོམ་པར་བརྗོད་པ་བླང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ནས་འོག་ཉིད་ནས། སེམས་ཅན་ཀུན་གྱི་དོན་གྱི་རྒྱུར། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བསྐྱེད་པ་

เล่ม ๖๒ · หน้า 198b

བྱས་ནས་ནི། །སྡོམ་པ་མ་ལུས་བཟུང་བ་ཡིས། །མ་རྒལ་བ་ནི་བསྒྲལ་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སླར་ཡང་སྨོན་པའི་སེམས་ནི་བརྟན་པོར་བྱས་ཏེ། བྱང་ཆུབ་སེམས་དཔའི་ལེགས་པ་ཐམས་ཅད་ཀྱི་རྟེན་གྱི་གཙོ་བོ་ནི་སྨོན་པའི་སེམས་དེ་ཁོ་ན་ཡིན་པས། དེ་ཡང་ནས་

ཡང་དུ་བརྟན་པར་བྱ་བ་ནི་ཆེས་རིགས་པར་འགྱུར་རོ། །དེ་ལ་ཐུན་མོང་གི་སྡོམ་པ་ནི་བྱང་ཆུབ་སེམས་དཔའི་སའི་ཚུལ་ཁྲིམས་ཀྱི་ལེའུ་ལས་གསལ་ལོ། །ཐུན་མོང་མ་ཡིན་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རིགས་ལ་དཀོན་མཆོག་གསུམ་བཟུང་བ་རྣམ་པ་གཅིག་

དང་། རྡོ་རྗེའི་རིགས་ལ་རྡོ་རྗེ་དང་། དྲིལ་བུའི་ཕྱག་རྒྱ་བཟུང་བ་དང་། སློབ་དཔོན་བཟུང་བ་སྟེ་གསུམ་དང་། རིན་པོ་ཆེའི་རིགས་ལ་ཟང་ཟིང་དང་། ཆོས་དང་། མི་འཇིགས་པ་དང་། བྱམས་པ་སྦྱིན་པ་སྟེ་བཞི་དང་། པདྨའི་རིགས་ལ་ཕྱི་རོལ་གྱི་ཆོས་ཞེས་བྱ་བ་

རིག་བྱེད་ལ་སོགས་པ་དང་། གསང་བའི་ཐེག་པ་སྟེ་ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོ་སྟེ་དེ་ལྟར་གསུམ་དང་ཕྱི་རོལ་གྱི་དང་བཞིའི་ལས་ཀྱི་རིགས་ལ་ནི་སྡོམ་པ་ཐམས་ཅད་དང་ལྡན་པར་བྱ་བ་དང་། མཆོད་པའི་ལས་བྱ་བ་སྟེ་གཉིས་སོ། །དེ་ལྟར་

གཅིག་དང་གསུམ་དང་བཞི་དང་བཞི་དང་གཉིས་ལ་བཅུ་བཞི་ཡིན་པས་ན། འོག་ནས་ཀྱང་འདི་དག་སློབ་མ་ལ་སྦྱིན་ལ་བདག་ཉིད་ཀྱང་འདི་དག་གཟུང་བའོ། །ད་ནི་སྐབས་འདིར་ཅུང་ཟད་བརྗོད་པ་ཡང་ཡོད་དེ། ཐེག་པ་ཆེན་པོ་མཐར་ཐུག་པའི་དོན་དུ་དཀོན་མཆོག་

གཅིག་ཁོ་ནར་འདོད་དེ། ལམ་དང་ལམ་སྒོམ་པ་པོ་གཅིག་པའི་རྒྱུད་ཡིན་པ་དང་། བསྟན་པ་དང་སྟོན་པ་པོ་ཡང་རྒྱུད་གཅིག་པ་དང་། དོན་དམ་པ་ཡང་དེ་བཞིན་གཤེགས་པ་ལས་ཐ་དད་པ་མ་ཡིན་ཏེ། དེ་བཞིན་ཉིད་དང་སངས་རྒྱས་དང་། །ཕན་ཚུན་བརྟན་པ་

རྟེན་མེད་ཅིང་། །རྣམ་གྲངས་ཁས་མི་ལེན་པ་དང་། །ཞེས་གསུངས་པའི་ཕྱིར་ཏེ། དེས་ན་སངས་རྒྱས་དཀོན་མཆོག་ཉིད་ཆོས་དཀོན་མཆོག་གོ། །སེམས་དཔའ་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་སྤྲུལ་པ་བཀོད་པ་ཡིན་པས་དགེ་

เล่ม ๖๒ · หน้า 199a

འདུན་དཀོན་མཆོག་ཀྱང་སངས་རྒྱས་དཀོན་མཆོག་ཉིད་དོ། །དེ་དག་ཀུན་རྫོབ་ལ་ཡང་དེ་དག་མཚན་ཉིད་གཅིག་པའི་ཕྱིར། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་སངས་རྒྱས་དཀོན་མཆོག་འབའ་ཞིག་ལ་སྐྱབས་སུ་འགྲོ་བར་བྱ་བ་རྒྱས་པར་

ངེས་པར་གསུངས་ཏེ། དེ་ལྟར་རྒྱུ་མཚན་གཅིག་པའི་རྟེན་གཟུང་བས་སྡོམ་པ་དེ་གཅིག་གོ། །པདྨའི་རིགས་ལ་ཁ་ཅིག་ཕྱི་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཡིན་ལ། གསང་བའི་ཐེག་པ་ནི་གསུམ་སྟེ། བྱ་བ་དང་སྤྱོད་པ་དང་

རྣལ་འབྱོར་གྱི་ཐེག་པའོ་ཞེས་ཟེར་ཏེ། དེ་ནི་མི་རིགས་ཏེ་དེ་དག་ཕྱི་རོལ་པར་བཞག་པ་ནམ་ཡང་མི་འཐད་དེ། ཆོས་འདི་པ་ཞེས་གསལ་པོར་གྲུབ་སྟེ། སྐྱབས་འདྲ་བ་དང་བདག་མེད་པར་འདྲ་བའི་ལྟ་བ་ཅན་དང་། མི་རྟག་པར་ལྟ་བ་དང་མྱ་ངན་ལས་འདས་པར་ཞི་བར་འདོད་པ་

དང་འདུས་བྱས་སྡུག་བསྔལ་བར་འདོད་པ་ཅི་ཙམ་གྱིས་ཕྱི་ནང་དུ་བརྗོད་པས་སོ། །དེས་ན་འོག་ནས་ཀྱང་ཚུལ་ཐམས་ཅད་བསྟན་པའི་ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་སྔགས་ཀྱི་སྤྱོད་པའི་སྒོ་ཡང་མངོན་དུ་བྱས་ལ་ཞེས་སྨོས་ཏེ། ཐེག་པ་གསུམ་གྱི་རབ་ཀྱི་མཐར་ཐུག་པ་སྔགས་ཀྱི་ཐེག་

པ་སྟེ། དེ་ནི་ཐེག་པ་ཆེན་པོ་ཉིད་དུ་འདུས་ཞེས་དགོངས་པའོ། །དེའི་ཕྱིར་དང་པོར་བསྟན་པར་གཟུང་ངོ་། །ལས་ཀྱི་རིགས་ལ་ཡང་སྡོམ་པ་ཐམས་ཅད་ལྡན་པ་ཞེས་བྱ་བ་ལ་ལར་འདུལ་བའི་དབང་གིས་མུ་སྟེགས་ཀྱི་སྡོམ་པ་དང་དཀའ་ཐུབ་དང་བརྟུལ་ཞུགས་དྲག་པོ་ཡང་བསྟེན་པར་བྱ་བ་སྟེ། ཇི་ལྟར་འཕགས་

པ་དཀོན་མཆོག་སྒྲོན་མའི་མདོ་ལས་རྒྱ་ཆེར་བསྟན་པ་ལྟ་བུའོ། །དེ་བཞིན་དུ་སེམས་ཅན་དག་གང་གིས་འདུལ་བ་དང་། སངས་རྒྱས་རྣམས་གང་གིས་མཉེས་པ་འདི་ཙམ་ལ་ལས་ཀྱི་རིགས་ཀྱི་སྡོམ་པ་བརྗོད་དོ། །རིགས་གཞན་གྱི་སྡོམ་པ་ནི་གོ་བར་སླ་བས་རྣམ་པར་མ་ཕྱེའོ། །ད་ནི་དེ་ལྟར་

མཆོད་པ་ལ་སོགས་སྔོན་དུ་འགྲོ་བས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པ་བྱས་པ་དེ་ལ་བྱ་བ་གཞན་བསྟན་པའི་ཕྱིར་ཡེ་ཤེས་དབབ་པ་བསྟན་ཏེ། ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་ནི་རྣམ་པ་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པའོ། །དེ་ལ་སྔར་བསྟན་པ་གཉིས་པ་ཀུན་རྫོབ་པ་སྟེ།

เล่ม ๖๒ · หน้า 199b

བསོད་ནམས་ཀྱི་ཚོགས་ཙམ་མོ། །དེ་ལས་གོང་དུ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་ཏེ། དེ་མ་བསྐྱེད་ན་ཆོས་ཀྱི་སྐུ་འགྲུབ་པར་མི་རུང་བས་དེ་བསྐྱེད་པར་རིགས་སོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཡང་སྔར་དཀྱིལ་འཁོར་ཆེན་པོར་འཇུག་པ་ན་བླ་

མའི་དྲིན་གྱིས་བཏང་སྟེ། རང་གི་ལས་ཀྱི་མཐུན་རྐྱེན་ལྷ་རྣམས་ཀྱིས་མཛད་པས་ལན་འགའ་ཉམས་སུ་མྱོང་བའོ། །ད་འདིར་བླ་མ་ལ་མི་ལྟོས་པས་རང་གིས་དབབ་པར་བྱའོ། །འདིར་ཡེ་ཤེས་དེ་ཇི་ལྟར་དབབ་དགོས་པ་ནི་གང་དབབ་པའི་རྣམ་པར་དབྱེ་བ་ཇི་ལྟ་བུ་འདིའི་སྒྲ་དོན་ཇི་

ལྟར་བསྟན་ཞེ་ན། དེ་དག་ཅུང་ཟད་བརྗོད་དེ། དེ་ནས་གཟུགས་བརྙན་ལ་སོགས་པའི་རབ་ཏུ་སྦྱོར་བས་ཕྱག་རྒྱ་བཅིང་བ་སྔོན་དུ་འགྲོ་བའི་ཆོ་ག་ཐམས་ཅད་རྗེས་སུ་བསྒྲུབ་བོ་ཞེས་བྱ་བ་ལ་སོགས་པ་ནི་འདི་ཇི་ལྟར་དབབ་པའི་ཐབས་ཏེ། ཇི་ལྟར་སོ་སོར་རྟོག་པའི་ཤེས་རབ་ལས་

རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བས་ན་འདིར་དང་པོ་གཅིག་དང་དུ་མ་ཉིད་བྲལ་བའི་ཕྱིར་རྒྱུ་བ་དང་། མི་རྒྱུ་བ་སྒྱུ་མ་དང་རྨི་ལམ་དང་ཆུའི་ཟླ་བ་ལྟར་མོས་པར་བྱས་ལ། རྡོ་རྗེ་ཐལ་མོ་དམ་པོར་བསྡམས་ནས་ལག་པ་གཡས་གཡོན་དག་འཁོར་བ་དང་མྱ་ངན་ལས་འདས་པར་

གྱུར་ཅིང་གང་དུ་དེ་གཉིས་ལ་མངོན་པར་ཞེན་པ་དམ་པོས་གནས་པ་དེ་ད་ལྟ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པས། དེ་དག་དྲལ་ཏེ་གཉི་གལ་ཆགས་པ་བཅད་ཅེས་ཤེས་པ་དང་། དེ་ནས་བཛྲ་ཨཱ་བེ་ཤ་ཨཿཞེས་པས་རྡོ་རྗེ་ལྟ་བུའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་སྟེ།

སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལས་མི་གནས་པ་དག་ཅིང་ཇི་ཙམ་སྲིད་པའི་གྲོང་ཁྱེར་འདི་རབ་ཏུ་གསལ་བར་ལན་ཅིག་སྒྱུ་མ་ལྟར་ཉམས་སུ་མྱོང་བ་དེ་སྲིད་དུ་བརྟན་པར་བྱ་བའི་ཕྱིར་བརྟན་པར་བྱ་བའི་ཆོ་ག་བཤད་དོ། །ཐབས་དེ་ལྟར་ཕབ་པའི་དགོས་པ་ནི་ཐམས་ཅད་སྒྱུ་མ་ལྟར་ཤེས་

པས་བྱ་བ་ཐམས་ཅད་ལ་དངོས་པོར་མངོན་པར་ཞེན་པ་བོར་བས་རབ་ཏུ་མཐུ་དང་ལྡན་པར་གྱུར་ཏོ། །དངོས་པོར་དམིགས་པ་མེད་པ་ལས་བྱུང་བ་འབྲས་བུ་ཆེན་པོ་སྟེ། རྒྱས་པའི་རྒྱུ་ལས་བྱུང་བའི་ཕྱིར། །ས་བོན་དྲུང་པོའི་མྱུག་སོགས་བཞིན། །ཞེས་དབུ་མའི་གཙུག་

เล่ม ๖๒ · หน้า 200a

ལག་ལས་བཤད་པ་བཞིན་ནོ། །དེ་ལ་དབབ་པའི་རྣམ་པར་དབྱེ་བ་གང་ཞེ་ན། དེ་ནི་སེམས་དཔའ་དབབ་པ་དང་། རྡོ་རྗེ་དབབ་པ་དང་། ཡེ་ཤེས་དབབ་པ་དང་། དབབ་པ་ཐ་མལ་པའོ། །ཇི་ལྟ་ཞེ་ན། དང་པོ་དཀྱིལ་འཁོར་དུ་སློབ་དཔོན་བདག་

ཉིད་འཇུག་པ་ན་སེམས་དཔའ་ཆེན་པོ་གང་རུང་ཞིག་བདག་ཉིད་ཁོ་ན་ལ་དབབ་པ་བྱས་ལ་དགེ་བ་དང་མི་དགེ་བ་ལ་ཤེས་པར་བྱའོ། །འདི་ཡང་རྩ་བའི་རྒྱུད་ཉིད་ལས་གསལ་པོར་གསུངས་སོ། །དེ་ལ་རྡོ་རྗེ་དབབ་པ་གང་ཞེ་ན། དཀྱིལ་འཁོར་ཆེན་པོར་སློབ་མ་འཇུག་པ་ན་

སློབ་མ་སྣོད་དུ་གྱུར་པ་དང་མ་གྱུར་པ་བརྟག་པ་དང་། བྱ་བ་དག་ངེས་པར་ཤེས་པར་བྱ་བའི་ཕྱིར་སློབ་དཔོན་གྱི་སྙིང་གའི་རྡོ་རྗེ་ལས་སློབ་མའི་སྙིང་གར་དབབ་པའི་ཆོ་ག་སྟེ་འོག་ནས་རྒྱས་པར་བསྟན་ཏོ། །ཡེ་ཤེས་དབབ་པ་ནི་གནས་སྐབས་འདི་ཉིད་དུ་ཇི་ལྟར་བསྟན་པའོ། །དེ་དག་ལས་

གཞན་པའི་དབབ་པ་ཐ་མལ་པ་ནི་རྣལ་འབྱོར་དང་བྱ་བའི་རྒྱུད་དེ་དང་དེ་དག་ཏུ་མེ་ལོང་དང་མཐེ་བོང་དང་རལ་གྲི་ལ་སོགས་པ་ལ་དབབ་པའི་ཆོ་ག་བསྟན་པ་སྟེ། དེ་དག་ཀྱང་ཕལ་ཆེར་འབྲས་བུ་མཚུངས་པ་ནི་འོག་ནས་རྒྱུད་ཀྱི་ཚིག་མདོར་སྨོས་པ་ལས། བབས་ན་དེའི་སྐད་ཅིག་ཁོ་ན་ལ་

མངོན་པར་ཤེས་པ་ལྔ་ལ་སོགས་པ་འགྲུབ་པར་འགྱུར་རོ་ཞེས་སྨོས་པ་སྟེ། སོགས་པ་ཞེས་བྱ་བ་ནི་དམན་པ་ཕལ་གྱི་བྱ་བ་ཐ་མལ་ཙམ་དང་། མཆོག་རྣམ་པར་མི་རྟོག་པའི་ཡེ་ཤེས་དག་བསྡུ་སྟེ། བབས་པའི་ཡོན་ཏན་རྒྱ་ཆེར་ནི་རྒྱུད་ལས་ཁོང་དུ་ཆུད་པར་བྱའོ། །གཞན་དག་ནི་འདིར་

རྟོག་གེ་དག་ལ་ཡེ་ཤེས་འཇུག །ཅེས་བྱ་བའི་ལུགས་ཀྱིས་ཀུན་རྫོབ་ཤེས་པ་སྐྱེའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་གསུངས་པ་མ་ངེས་པ་དང་འདི་ལས་རྣམ་པར་མི་རྟོག་པ་མི་སྐྱེ་བའི་མངོན་པར་ཤེས་པ་ལྔ་སྐྱེ་བའི་རྒྱུ་

མཚན་ཡང་མེད་དོ། །འོན་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་ནི་དཀའ་ལ་གཞན་རྙེད་སླ་བའོ། །དེ་ལ་ཡེ་ཤེས་དབབ་པ་ཞེས་བྱ་བའི་མིང་གི་དོན་ནི་རང་གི་སྙིང་གར་གནས་པའི་རྡོ་རྗེ་སེམས་དཔའ་ཡེ་ཤེས་སེམས་དཔའ་དེ་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་

เล่ม ๖๒ · หน้า 200b

ཡེ་ཤེས་ཀྱི་རྡོ་རྗེ་རྣམས་དབབ་པ་སྟེ། དྲིལ་བུའི་དུས་ཁོ་ནར་བདག་དང་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ཕྱེ་ནས་དེ་དག་ཞུགས་པར་གྱུར་པར་མོས་པས་འདི་འགྲུབ་བོ། །གང་ཡང་དང་པོ་དཀྱིལ་འཁོར་དུ་བླ་མས་ཡེ་ཤེས་དབབ་པའི་བྱ་བ་མ་བྱས་པ་དེས་ནི་དེ་ཉམས་སུ་མྱོང་བ་དེས་

ན་ནམ་ཡང་དབབ་པར་མི་ནུས་པར་ཤེས་པར་བྱའོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་ཤིང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་དེས། ད་ནི་གཞན་གྱི་དོན་བྱ་བར་འོས་པས་ངན་འགྲོའི་སེམས་ཅན་རྣམས་ཐར་བར་བྱ་བའི་སྦྱོར་བ་བརྟན་པ་བཛྲ་མུཥྚི་ཞེས་བྱ་བ་ལ་སོགས་པ་སྟེ།

འདིར་དོན་ནི་ཇི་ལྟར་བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བས་ངན་འགྲོའི་འགྲོ་བ་རྣམས་རང་དབང་མེད་པར་བཀུག་སྟེ་ཐར་བར་བྱས་པ་ལྟར། རྣལ་འབྱོར་པ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱར་བཏབ་པར་གྱུར་པ་དེས་ཀྱང་ངན་སོང་བ་རྣམས་

དང་པོར་བཀུག་ལ་དེ་ནས་སྡིག་པ་དྲལ་བ་ཐར་བར་བྱ་སྟེ། འདིར་སེམས་ཅན་སོ་སོའི་སྙིང་ལ་སྡིག་པའི་གཟུགས་ཤ་ཟ་ལྟར་མི་སྡུག་ཅིང་སྐྲ་གྲོལ་བ་གཅེར་བུ་མཆེ་བ་གཙིགས་པ་མིའུ་ཐུང་དག་གནས་པ་དྲལ་བའི་ཕྱག་རྒྱས་ཕྱིར་འཐོན་ཏེ། དེ་ལ་རྡོ་རྗེ་ཁུ་ཚུར་གྱིས་བསྣུན་པས་མེད་པར་

གྱུར་པར་བསམས་ཏེ། སེམས་ཅན་དེ་དག་ཀྱང་ངན་འགྲོའི་ལུས་ལས་འཕོས་ཏེ་ལྷའི་འཇིག་རྟེན་དུ་གྱུར་པར་བསམ་ཞིང་། དེ་དག་གི་ངན་འགྲོའི་ལུས་ཀྱང་བ་ཚའི་རྒྱ་མཚོར་བོར་བར་གྱུར་པར་བསམ་པ་ནི་རྣལ་འབྱོར་པའི་མཐུའི་བྱེད་པས་སོ། །འདིར་ནི་ཁམས་གསུམ་རྣམ་པར་

རྒྱལ་བའི་དུམ་བུ་ལས་གསལ་པོར་རྟོགས་པར་བྱ་སྟེ་ཆོ་གའི་ཁྱད་པར་འདི་དག་གིས་རྣལ་འབྱོར་པའི་གནས་དེ་རི་རབ་ཀྱི་རྩེ་མོར་གྱུར་པར་མོས་པར་བྱའོ། །གཞན་དག་ནི་དེ་ནི་མངོན་པར་བྱང་ཆུབ་པ་བརྙེས་ཀྱི་གནས་ཏེ། ད་ལྟ་ནི་མིའི་ཡུལ་དུ་གྱུར་པས་སོ་ཞེས་ཟེར་ཏེ། དེ་ནི་མ་ཡིན་ཏེ།

ཕྱག་རྒྱ་གཅིག་པ་ལ་སོགས་པ་ལ་མངོན་པར་བྱང་ཆུབ་པའི་ངེས་པ་མེད་ཀྱིས་རྣལ་འབྱོར་ཆེན་པོ་ཙམ་ལས་མི་བྱེད་ཀྱང་རི་རབ་ཀྱི་རྩེ་མོར་གྱུར་པ་ནི་མི་དོར་རོ། །དེ་ལྟར་བདག་དང་གཞན་ལ་ཕན་པ་སྤྱད་ནས་ད་ནི་རང་གི་ལྷ་དྲན་པ་དང་། སྔར་གྱི་དཀྱིལ་འཁོར་སྤྲུལ་པ་བྱས་པ་དེ་དགྲོལ་

เล่ม ๖๒ · หน้า 201a

བའི་ཕྱིར། དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དེའི་སྔགས་ལན་གསུམ་བརྗོད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་སྣང་མཛད་ནས་རྡོ་རྗེ་འབེབས་པའི་བར་དུ་རང་གི་ལྷག་པའི་ལྷ་གང་ཡིན་པ་དེ་ཁོ་ནའི་དམ་

ཚིག་གི་ཕྱག་རྒྱ་བཅིངས་པས་དེ་ཁོ་ནའི་སྔགས་ལན་གསུམ་བརྗོད་དེ། འདི་ཅིའི་ཕྱིར་ཞེ་ན། དང་པོ་ཁྲོ་བོ་རྡོ་རྗེ་འབར་བ་ཉི་མའི་མེ་ལྟ་བུར་བདག་བསྐྱེད་པ་ནས་ད་ལྟ་ངན་འགྲོ་བ་ཐར་བར་བྱ་བའི་བར་དུ་ཁྲོ་བོའི་རྣལ་འབྱོར་ལ་གནས་པས་བྱ་བ་མང་ཞིག་བྱས་པས། རང་གི་ལྷའི་

རྣལ་འབྱོར་རྗེས་སུ་དྲན་པ་ཡུན་རིང་དུ་བོར་བས་ལྷ་སྤང་བ་དང་འདྲ་བར་གྱུར་པས་དེ་དྲན་པར་བྱ་བའི་ཕྱིར་རོ། །གཞན་དག་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་མ་ལུས་པའི་སྔགས་དང་ཕྱག་རྒྱས་བྱའོ་ཞེས་ཟེར་བ་ནི་མི་འཐད་དེ། དེ་ལྟར་ན་དེ་རྣམས་ཀྱིས་ཞེས་མང་པོའི་

ཚིག་ཏུ་སྟོན་པའི་རིགས་ལ། དེ་ལྟར་བྱས་ན་ཡང་དགོས་པ་ཆེན་པོ་མ་དམིགས་པས་དེ་སྤང་ངོ་། །འདིས་རང་རང་གི་སྙིང་གར་དགྲོལ་ཏེ། ཨོཾ་བཛྲ་མུཿཞེས་བྱའོ་ཞེས་བྱ་བ་ནི་ཕྱག་རྒྱའི་ཚོགས་ཇི་ལྟར་བཅིངས་པ་རྣམས་རང་གི་སྙིང་གའི་ནམ་མཁའ་ལ་དགྲོལ་བ་སྟེ།

གཟུགས་ཀྱི་སྐུའི་ངོ་བོར་རྡོ་རྗེ་རྒྱུའི་སྔགས་དང་ཕྱག་རྒྱས་རང་དབང་མེད་པར་བཅིངས་པ་ལས་བཀྲོལ་ལ་སླར་ཆོས་ཀྱི་སྐུའི་ངང་དུ་བཞུད་པར་བྱ་བའོ། །ཇི་ལྟར་ནམ་མཁའ་ལ་གློག་སྣང་བ་དེ་ཉིད་དུ་ཐིམ་པར་གྱུར་པའི་དཔེས་འདིར་དེ་ལྟར་ནམ་མཁའ་ལས་ལྟའི་སྐུར་སྣང་བ་རྣམས་

སླར་དེ་ཉིད་དུ་བསྟིམ་པ་སྟེ་འདིས་ནི་འོག་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པའི་དོན་ཡང་བརྗོད་པར་ཤེས་པར་བྱའོ། །འདི་ལ་དགོས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་དེ་ལྟར་ཕྱག་རྒྱ་ཐམས་ཅད་མ་སྤངས་པར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། རང་གི་ལྷ་དྲན་པ་དང་ཕྱག་རྒྱ་དགྲོལ་བ་དེ་

ལྟར་ན་ཕྱག་རྒྱ་ཐམས་ཅད་དེ་ལྷག་པའི་ལྷ་དང་དཀྱིལ་འཁོར་ཐམས་ཅད་དོ། །མ་སྤངས་པར་གྱུར་པ་ནི་རྗེས་སུ་དྲན་པའི་སྒོ་ནས་དེ་མ་བཏང་བ་དང་། ལྷ་རྣམས་སླར་གཤེགས་སུ་གསོལ་བ་ཡང་གུས་པའི་ངོ་བོ་སྟེ། ལྷ་ལ་བརྙས་པ་སྤངས་པས་ན་ལྷ་རྣམས་ཀྱི་སྤྱི་དང་ཁྱད་པར་དུ་བཅས་

เล่ม ๖๒ · หน้า 201b

པ་བས་སྤང་ཞིང་བརྙས་པར་མ་བྱས་པར་འགྱུར་རོ། །དེ་ལྟར་ན་རང་གི་ལྷ་དྲན་པ་ནི་ཕྱག་རྒྱ་བཀྲོལ་ནས་བྱ་བའི་རིགས་ཤེ་ན། མ་ཡིན་ཏེ། དཀྱིལ་འཁོར་པའི་ཁོང་ན་རང་གི་ལྷ་མངོན་སུམ་དུ་བཞུགས་པ་ཁོ་ན་ལ་དྲན་པ་གསལ་པོས་དྲན་པར་བྱ་བར་རིགས་ཤིང་ཕྱག་རྒྱ་བཀྲོལ་བའི་

རྗེས་ལ་ནི་དྲན་པའི་ཡུལ་གསལ་པོ་མེད་པའི་ཕྱིར་དང་། རང་གི་ལྷའི་ཕྱག་རྒྱའི་རྣལ་འབྱོར་ཆེན་པོ་བྱིན་གྱིས་བརླབ་པ་ཡང་འཇུག་པས་དེ་དྲན་པ་ངང་གིས་ཀྱང་འབྱུང་བས་དེ་ཉིད་ཆེས་འཚམ་པའོ། །དེ་ནས་ད་ནི་ཆོ་ག་ཇི་སྙེད་སྔར་སྤྱད་པ་ཐམས་ཅད་ཀྱང་ཕན་ཡོན་བསྡུས་ཏེ་བསྟན་

པའི་ཕྱིར། འདིས་བྱས་པས་རྣལ་འབྱོར་པ་བསྐལ་པ་གྲངས་མེད་པ་གསུམ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་དང་འདྲ་བར་འགྱུར་རོ་ཞེས་བྱ་བ་སྟེ་ས་བཅུ་པའི་དབང་ཕྱུག་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། འདི་ན་སྐྱེས་བུ་ཆེན་པོ་སློབ་པ་ཐེག་པ་ཆེན་

པོ་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་འཆང་ངོ་། །མི་སློབ་པ་ཡང་གཉིས་ཏེ། རྡོ་རྗེ་འཆང་ཆེན་པོ་དང་དེ་བཞིན་གཤེགས་པའོ། །དེ་འདིར་བྱང་ཆུབ་སེམས་དཔའ་ཆེན་པོ་བསྐལ་པ་གྲངས་མེད་པ་དང་པོས་འཇིག་རྟེན་ཆོས་ཀྱི་མཆོག་ཐོབ་ཅིང་། བསྐལ་

པ་གྲངས་མེད་པ་གཉིས་པས་ས་བརྒྱད་པ་མི་གཡོ་བ་ཐོབ་པས་ན། དེར་ཤིན་ཏུ་མཚན་མ་མེད་པའི་དབྱིངས་ནས་སངས་རྒྱས་ཐམས་ཅད་ཀྱིས་བསླང་སྟེ། ཡིད་ཀྱི་ལུས་ཐོབ་པས་སེམས་ཅན་གྱི་དོན་མཐའ་ཡས་པ་ཅིག་ཅར་སྒྲུབ་པས་བསྐལ་པ་གྲངས་མེད་པ་གསུམ་པ་ལས་ངེས་

པར་བྱུང་ནས་ས་བཅུ་པའི་དབང་ཕྱུག་ཆེན་པོར་འོག་མིན་དུ་འདིའི་རྣམ་པར་སྨིན་པའི་ལུས་འགྲུབ་པ་སྟེ། འདི་བསྐལ་པ་གྲངས་མེད་པ་གསུམ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་སྟེ། གནས་སྐབས་དེ་སྙེད་སློབ་པ་བྱང་ཆུབ་སེམས་དཔའོ། །དེ་ལ་དེ་

དང་འདྲ་བ་ནི་རྡོ་རྗེ་འཆང་སྟེ། སྔགས་ཀྱི་ལམ་དག་གིས་བྱས་པ་སྟེ། ཚེ་འདི་ཉིད་ལ་དེ་དང་འདྲ་བ་ནི་ནང་གི་བདག་ཉིད་ཀྱི་ཁྲུས་བྱས་པས་བདག་མེད་པ་གཉིས་མཐོང་བས་མཐོང་བའི་ལམ་སྟེ། དེ་ནས་ངག་དག་པ་ནས་བཟུང་སྟེ་སྡོམ་པ་གཟུང་བའི་མཐར་ཐུག་པ་ནི་ལྷག་མ་དྲུག་གོ། །

เล่ม ๖๒ · หน้า 202a

དེ་ནས་ཡེ་ཤེས་དབབ་པ་ནི་ས་བརྒྱད་པ་ནི་ཡེ་ཤེས་ཙམ་གྱི་སའོ། །དེའི་འོག་ཏུ་ངན་འགྲོ་སྦྱང་ཞིང་ཕྱག་རྒྱ་དགྲོལ་བ་ནི་ས་བརྒྱད་པ་ལས་ལངས་ཏེས་དགུ་པ་དང་ས་བཅུ་པའི་ངོ་བོ་སྟེ། འདི་དག་གི་འཇིག་རྟེན་པའི་ས་བསྐལ་པ་གྲངས་མེད་པ་གཅིག་གིས་བགྲོད་པར་བྱ་བ་ནི་དང་པོ་

དབང་བསྐུར་ཞིང་བླ་མའི་ལྷའི་ལུས་སུ་བྱས་པ་ཁོ་ནའོ། །འདི་ཙམ་གྱིས་རྡོ་རྗེ་འཆང་སློབ་པ་ཞེས་བྱའོ། །དེ་ནས་ས་བཅུ་པའི་དབང་ཕྱུག་དེ་ཉིད་སྐྱེ་བ་གཅིག་གིས་ཐོགས་པའི་ངོ་བོ་དགའ་ལྡན་དུ་བྱོན་པ་ནི་རྣལ་འབྱོར་ཆེན་པོར་བྱིན་གྱིས་བརླབ་པའོ། །དེ་ཉིད་སྲིད་པ་ཐ་མར་གྱུར་པ་ནི་རྣལ་འབྱོར་

ཆེན་པོ་རྫོགས་པར་བྱ་བ་སྟེ། དེའི་འོག་ཏུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བར་ཆད་མེད་པའི་ལམ་དེ་ནི་མངོན་པར་བྱང་ཆུབ་པ་ལྔའི་བདག་ཉིད་དོ། །དེ་ནས་དེའི་འོག་ཏུ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། སྔགས་ཀྱི་ལམ་གྱི་མངོན་པར་བྱང་ཆུབ་པ་ནི་སློབ་པའོ། །གང་ཡང་འཛམ་བུའི་གླིང་འདིར་ཉན་

ཐོས་རྣམས་དང་ཐུན་མོང་པའི་སྤྲུལ་པའི་སྐུ་བྱང་ཆུབ་པ་ནི་དེ་བཞིན་གཤེགས་པ་སྟེ་མི་སློབ་པའོ། །དེ་ལྟར་ལམ་དང་འབྲས་བུ་མཐའ་དག་ཐ་དད་པར་བྱས་པ་འདི་ནི་སྐྱེ་བོ་ལམ་ཐ་དད་པ་ལ་དགའ་བའི་ངོར་བྱས་པ་ཁོ་ན་སྟེ། མཚན་ཉིད་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཁ་ཅིག་ཏུ་མངོན་པར་

བྱང་ཆུབ་པ་ལྔ་ཉིད་ལ་མཐོང་བའི་ལམ་ལ་སོགས་པ་སྦྱར་བ་བསྟན་པར་ཟད་དོ། །དེ་ལྟར་དོན་དག་བརྗོད་ནས་ད་ནི་བར་ཆད་མེད་པའི་ལམ་གྱི་སྟེགས་སུ་གྱུར་པ་རྣལ་འབྱོར་ཆེན་པོའི་ཆོ་ག་བརྗོད་དེ། དེ་ལ་རྣལ་འབྱོར་ཆེན་པོ་ཡང་ལྷག་པར་གནས་པ་དང་། དེ་རྫོགས་པར་བྱ་བས་

གཉིས་ཏེ། དང་པོ་བདག་ཉིད་ལྷག་པའི་ལྷའི་རྣལ་འབྱོར་དུ་ལྷག་པར་གནས་པར་བྱའོ། །གཉིས་པ་ནི་དེ་ཉིད་བསྟན་པར་བྱེད་པའི་ཡན་ལག་ཡོངས་སུ་རྫོགས་པར་བྱེད་པ་སྟེ། འདི་རྣལ་འབྱོར་ཡང་ཡིན་ལ། ཆེན་པོ་ཡང་ཡིན་པས་རྣལ་འབྱོར་ཆེན་པོའམ། འདི་རྣལ་འབྱོར་རྣམས་

ཀྱི་ནང་ན་ཆེ་བས་ན་རྣལ་འབྱོར་ཆེན་པོ་སྟེ་མཆོག་ཏུ་རྒྱས་པའི་རྒྱུ་ལས་བྱུང་བ་དང་། བདག་ཉིད་ཆེན་པོའི་གཟུགས་འཛིན་པ་དང་། ཤིན་ཏུ་བྱིན་གྱིས་བརླབ་པ་དང་། འབྲས་བུ་ཆེན་པོས་བསྐྱེད་པས་ན་འདི་ནི་ཆེན་པོའོ། །ཐབས་དང་ཤེས་རབ་ཟུང་དུ་འཇུག་པའམ། ཚུལ་བཞིན་ཡིད་ལ་

เล่ม ๖๒ · หน้า 202b

བྱེད་པར་སྦྱོར་བས་ན་རྣལ་འབྱོར་རོ། །དེ་ཙམ་ཞིག་སྦྱོར་བ་བརྗོད་ནས་ད་ནི་ལྷག་པར་གནས་པ་ལ་སོགས་པའི་གོ་རིམས་བརྗོད་དེ། དང་པོ་ཉིད་དུ་བདག་མེད་པ་བསྒོམ་ཞིང་ཟླ་བ་ཟུང་དེ་དང་དེ་ལས་རང་གི་མཚན་མ་དང་སྙིང་པོ་དང་། དེ་ལ་ང་རྒྱལ་བྱ་ཞིང་སྤྲུལ་པ་བསྡུ་བ་ལ་སོགས་པའི་སྦྱོར་

བས་ལྷའི་ལུས་སུ་གྱུར་པ་དང་། དེ་ལ་དམ་ཚིག་དང་ཕྱག་རྒྱ་ཆེན་པོས་བྱིན་གྱིས་བརླབ་ཅིང་། དཀྱིལ་འཁོར་སྤྲུལ་པ་ཞུགས་ལ་དབང་བསྐུར་བ་བླངས་ཏེ། རྡོ་རྗེའི་བརྟུལ་ཞུགས་བླངས་པ་འདི་ཙམ་ཞིག་ལ་རང་ལྷག་པར་གནས་པའི་རིམ་པ་ཡིས་རྣལ་འབྱོར་ཆེན་པོ་ལ་སྦྱོར་བའོ། །

དེ་ན་དེ་ལ་རང་གི་སྙིང་ལ་སོན་པའི་རྡོ་རྗེའི་དབུས་སུ་རང་གི་ལྷའི་སྙིང་པོ་ས་མཱ་ཡ་བྲིས་ལ་ཞེས་བྱ་བ་ལ། དེ་ནས་ནི་ཕྱག་རྒྱ་བཏང་ནས་སོ། །རང་གི་ཞེས་བྱ་བ་ནི་ཁྲོ་བོའི་ལུས་ཀྱི་སྟེ། གཞན་དག་ནི་ལུས་ཐ་མལ་པ་ཞེས་ཟེར་ལ། གཞན་དག་ནི་དང་པོ་བླ་མས་རྡོ་རྗེ་དབབ་པའི་དུས་སུ་བསྐྱེད་

པའི་རྣལ་འབྱོར་གྱིས་ཟེར་ཏེ། བསྲུང་བ་ལྡན་པས་ལྷའི་ལུས་བསྒོམ་པ་རིགས་ལ། ལྷའི་ལུས་གྲུབ་ནས་དེ་ཉིད་ཀྱིས་བསྲུང་བར་གསུངས་པས་ཕྱོགས་དང་པོ་བླང་ངོ་། །རང་གི་སྙིང་ལ་སོན་པའི་རྡོ་རྗེ་ནི་སྙིང་སྟེ། སྙིང་གི་ནང་དུ་སོན་པ་ཞེས་བྱ་བ་དང་པོར་བླ་མས་རྡོ་རྗེ་དབབ་པའི་དུས་སུ་

བྱིན་པས་བླ་མའི་ཐུགས་ལས་འཐོན་ཏེ་འདིར་སོན་པའོ། །རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་རྡོ་རྗེའོ། །དེའི་དབུས་ནི་ལྟེ་བའི་ནང་དུའོ། །རང་གི་ལྷའི་སྙིང་པོ་ནི་བཛྲ་སཏྭ་ཞེས་བྱ་བ་ལ་སོགས་པ་སྟེ། དོན་འདི་ནི་གཞན་ལས་སྙིང་ནི་སྔགས་ཀྱི་གནས་ཡིན་པར་ཤེས་ན་དངོས་གྲུབ་ཐོབ་པར་

འགྱུར་ཞེས་བྱ་བ་དང་། རྩ་བའི་རྒྱུད་ལས་ཀྱང་། ཏིང་འཛིན་བསྒྲུབ་པའི་སྙིང་ལ་གནས། །དེ་བས་སྙིང་པོ་ཞེས་བྱའོ། །ཞེས་གསུངས་ཏེ། འདིར་ཏིང་ངེ་འཛིན་ཡང་རྣལ་འབྱོར་ཆེན་པོའོ། །གཞན་དག་ནི་འདིར་རང་གི་སྙིང་རྟོགས་པ་ཞེས་ཟེར་ཏེ། སྐད་ཀྱི་བྱིངས་ལས་ག་ཏའི་སྒྲ་

རྟོགས་པར་འདྲེས་པས་སོ། །རྟོགས་པ་དེ་ཡང་རྡོ་རྗེ་སྟེ་རྡོ་རྗེ་སེམས་དཔའ་ཞི་བ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཆང་བའོ། །དེའི་དབུས་ནི་དེའི་ཐུགས་ཀའི་ཟླ་བ་ལ་སྟེ། དེ་ལྟར་བྱས་ན། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་

เล่ม ๖๒ · หน้า 203a

རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་གནས། །ཞེས་བྱ་བ་ལ་སོགས་པ་ཡང་འཚམ་ལ། འདིའི་མཐུས་ཀྱང་གང་འདོད་པའི་ལྷའི་ལུས་སུ་འགྱུར་རོ། །དེ་བཞིན་དུ་རིན་པོ་ཆེ་ལ་སོགས་པ་ཡང་རང་རང་གི་སེམས་དཔའ་ཆེན་པོའོ། །ཞེས་ཟེར་ཏེ། གང་དུ་གནོད་པ་

མེད་པ་དེར་ནི་གཞུང་གཞན་དུ་དྲང་བ་ལ་དགོས་པ་མེད་པས་ཤིན་ཏུ་འཚམ་པ་ཡིན་ནོ། །ས་མ་ཡ་བྲིས་ལ་ཞེས་པ་ནི་འདིར་ས་མ་ཡའི་སྒྲ་ནི་དོན་དུ་མ་ལ་འཇུག་པར་མཐོང་སྟེ། དོན་དུ་མ་བསྡུས་པ་ལས། ས་མ་ཡ་མཉམ་ཇི་བཞིན་སྤྱོད། གྲུབ་པའི་མཐའ་དང་ཕུན་སུམ་ཚོགས། །

ཁྲིམས་བྱ་གཞན་ཡང་རྒྱས་པར་བསྟན། །བརྡ་དང་དུས་དང་སྐད་རྣམས་སོ། །ཞེས་བསྟན་པ་ལྟ་བུའོ། །དེ་ལས་འདིར་གང་ཞིག་ངེས་པར་གཟུང་བར་རིགས་ཤེ་ན། ཁ་ཅིག་ནི་ཕུན་སུམ་ཚོགས་པ་ལ་བསྔགས་པ་བྱེད་དོ། །ལྷའི་སྙིང་པོ་ཁ་དོག་དང་དབྱིབས་ཕུན་སུམ་ཚོགས་

པ་བཻ་ཌཱུརྱ་བཞུ་བས་བྲིས་པ་ལྟར་ཟླ་བ་ལ་བྲི་ཞེས་ཟེར་རོ། །ཡང་གཞན་དག་ནི་འདི་ལྟར་མཉམ་པ་ལ་བསྔགས་པ་བྱེད་དེ། མ་ཆད་མ་ལྷག་ལ་ཡི་གེ་མཉམ་པར་བྲིའོ་ཞེས་སོ། །ཁ་ཅིག་ནི་འདིར་ཁྲིམས་སུ་བྱ་བར་འདོད་དེ་ཏིང་ངེ་འཛིན་འདི་ལྟ་བུ་སྒྲུབ་པ་ན་སྙིང་པོ་སྙིང་ལ་བསྒོམ་

པ་ནི་ངེས་པར་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་སྟེ། རྒྱུ་ཡི་ཡུལ་ལས་མི་འདའ་བས། །དམ་ཚིག་ཅེས་ནི་མངོན་པར་བརྗོད། །ཅེས་བཤད་པས་ཏིང་ངེ་འཛིན་འགྲུབ་པའི་རྒྱུའི་སྤྱོད་ཡུལ་ལས་མི་འདའ་བར་བྱ་བའི་ཕྱིར་འདི་ཡིད་ཀྱིས་བྲིས་ལ་བསྒོམ་པ་སྟེ། དེས་ན་ས་

མ་ཡ་ནི་རྟོགས་པར་ཡང་དྲངས་ལ་ཁྲིམས་སུ་བྱ་བར་ཡང་དྲང་སྟེ། རྟོགས་པས་བྲིའམ་དམ་ཚིག་གིས་བྲི་ཞེས་ཟེར་རོ། །ཐམས་ཅད་ཀྱང་དོན་དང་མ་འབྲེལ་པ་མ་ཡིན་མོད་ཀྱི། སྤྱོད་པ་ཇི་ལྟ་བར་དྲངས་ན་ཐམས་ཅད་འདུ་བས་དེ་ཉིད་བསྔགས་སོ། །དེ་ཉིད་རང་གི་ལྷའི་གཟུགས་

སུ་རྣམ་པར་བསམས་ཏེ་ཞེས་བྱ་བ་ནི་ཇི་ལྟར་སྙིང་གའི་ཕྱག་རྒྱའི་ལུས་སུ་གྱུར་པ་ལྟར་དེའི་རྟེན་བདག་ཀྱང་ལྷའི་ལུས་སུ་གྱུར་པ་ནི་བྱ་བ་དང་བྱེད་པ་པོ་ཐ་མི་དད་པས་བརྟགས་པས་སོ། །སྙིང་གར་སོན་པའི་དཀྱིལ་འཁོར་དུ་ཡིད་ཀྱིས་འཇུག་གོ་ཞེས་བྱ་བ་ནི་ལུས་བཀོད་པ་གཉིས་

เล่ม ๖๒ · หน้า 203b

པ་སྟེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་རང་གི་སྤུའི་བུ་ག་ན་གནས་པའི་དྲང་སྲོང་དག་ལ་ཆོས་སྟོན་པར་བྱེད་པའི་ལུས་བཀོད་པ་བསྟན་པ་བཞིན་ནོ། །ཕྲེང་བ་དེ་ཡང་རང་གི་སྤྱི་བོར་ཞེས་བྱ་བ་ནི་དཀྱིལ་འཁོར་གཉིས་ཀའི་ནང་ན་ཡོད་པས་ན་ཞེས་དགོས་པ་

སྙིང་གའི་ཐད་ཀ་ཕྱི་རོལ་ཏུ་བསྒོམ་པ་སྔར་ཚོགས་བསགས་པའི་ཡུལ་ལྟ་བུ་དགབ་པའི་ཕྱིར་རོ། །སེམས་མ་རྡོ་རྗེ་མ་བཅིངས་པ་ཡང་ཏིཥྛ་བཛྲ་ཞེས་བརྗོད་པ་འདིས་སྙིང་གར་དགྲོལ་ལོ་ཞེས་བྱ་བ་འདི་ནི་རྩ་བའི་རྒྱུད་ལས་སློབ་དཔོན་དཀྱིལ་འཁོར་དུ་འཇུག་པ་ན་འདིའི་ཕྱག་རྒྱ་ཕྱེད་མའི་

གུང་མོ་གཡས་པའི་ཆང་པས་ཡང་དང་ཡང་དྲངས་པས་བདག་ཉིད་ལ་སེམས་དཔའ་དབབ་པ་བྱ་བ་གསུངས་པས་འདིར་ཡང་དེ་བཞིན་ནོ་ཞེས་རྟོག་པ་སྲིད་པས་ན་དེ་དགག་པ་འདིར་ནི་དབབ་པ་མ་ཡིན་གྱི་ཕྱག་རྒྱ་དེ་རང་གི་སྙིང་གའི་སེམས་མའི་རྡོ་རྗེ་མའི་རང་བཞིན་དུ་སླར་བརྟན་པར་

བཀོད་དེ་གཞག་ཅེས་བའི་དོན་ཏོ། །གཞན་དག་ནི་འདིར་དཀྱིལ་འཁོར་སླར་སྔོན་བཞིན་བསྟིམས་པ་ཡིན་ལ། འོག་ནས་སྙིང་གའི་ཟླ་བར་དཀྱིལ་འཁོར་དེ་གཅིག་ཏུ་གྱུར་པར་བསམ་མོ་ཞེས་བྱ་བ་ནི་སླར་དཀྱིལ་འཁོར་གཅིག་ཏུ་རྟེན་ཟླ་བ་གཅིག་ལ་བརྟེན་པས་གཅིག་ཏུ་རྫོགས་

པར་བསྐྱེད་ཅེས་ཟེར་ན། འདིར་དེ་སླར་བཏང་བ་ལ་དགོས་པ་མེད་པ་དང་། དབང་བསྐུར་བ་ཡང་དཀྱིལ་འཁོར་གྱི་སྤྱན་སྔར་བླང་བར་བྱ་བ་དང་། འོག་ནས་ཀྱང་དཀྱིལ་འཁོར་བསྐྱེད་པའི་རྒྱུ་མེད་ལ། གཅིག་ཏུ་བསྡུས་པའི་སྒྲས་བསྟན་པས་དེ་རབ་ཏུ་སྨད་པར་རིག་པར་བྱའོ། །

རྡོ་རྗེའི་ཁུ་ཚུར་ནི་རྡོ་རྗེ་མཚན་མའི་ཁུ་ཚུར་རོ། །དར་དཔྱངས་ནི་དར་དཀར་པོའི་སྲིད་དུ་ཁྲུ་ཉི་ཤུ་རྩ་ལྔ་ལ་ཞེང་དུ་ཁྲུ་གང་པ་སྟེ། དེས་དབུ་རྒྱན་གྱི་རྩ་རུ་ཐོད་དུ་ཡང་དང་ཡང་བཅིངས་ལ་རྣ་ལྟག་གཉིས་སོར་བཞི་བཞི་པ་སྟེང་དུ་མཐོ་བར་དྲངས་ནས་ལྷག་མ་འཕྱང་བས་བྱིན་པར་སླེབ་

པར་བྱ་བའི་ཕྱིར་དར་དཔྱངས་ཀྱི་དབང་བླང་བའོ། །དེ་དག་རིགས་ལྔའི་དབུ་རྒྱན་ནི་དངོས་སུ་ཡང་བླངས་ལ་མེད་པས་ཇི་ལྟར་བསྟན་པའི་ཏིང་ངེ་འཛིན་གྱིས་སོ། །ཆུའི་དབང་བསྐུར་བ་ནི་རྡོ་རྗེ་དྲིལ་བུ་དང་། མིང་དང་བཅས་པ་དངོས་པོ་ཁོ་ནར་རོ། །ཡང་སྔགས་པ་རབ་ཏུ་བྱུང་བས་ནི་དབུ་

เล่ม ๖๒ · หน้า 204a

རྒྱན་དང་དར་དཔྱངས་དངོས་སུ་མི་བླང་སྟེ། རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། །ཁྱིམ་པའི་རྟགས་སྤང་ངོ་ཞེས་སྨྲས་པ་དང་འགལ་བར་སྤྱོད་པས་སོ། །ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བྱ་བ་ནི་དྲིལ་བུའི་དབང་བསྐུར་བ་

སྟེ། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་སྒྲ་ཡི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་ཚིགས་སུ་བཅད་པ་སྔོན་དུ་བརྗོད་པས་སོ། །དེ་བཞིན་དུ་རྡོ་རྗེའི་དབང་བསྐུར་བ་ལ་ཡང་ཚིགས་སུ་བཅད་པའི་མཐར་

འོག་ནས་རྡོ་རྗེ་བརྟུལ་ཞུགས་ཀྱི་སྔགས་སྦྱར་ཏེ། གང་ཞིག་ཏུ་ནི་ལས་ཡོད་ལ། །ལས་ཀྱི་ཆོ་ག་མེད་གྱུར་པ། །དེར་ནི་སྤྱི་རྒྱུད་ལས་གྲགས་པའི། །ཆོ་ག་མཁས་པས་ཤེས་པར་བྱ། །ཞེས་གསུངས་པས་སོ། །འོ་ན་དྲིལ་བུའི་དབང་བསྐུར་བར་འདི་ཇི་ལྟར་ཤེས་ཤེ་ན། གཞན་དུ་

སྔགས་འདི་དྲིལ་བུ་ལ་སྦྱར་བར་མཐོང་བ་དང་། དང་པོའི་སྒྲ་ཡང་དྲིལ་བུ་སྟེ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ་དེ་ཡང་བདག་པོ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཙོ་བོ་དང་། བདག་པོ་དང་བྱེད་པ་པོ་དང་ཕ་ལྟ་བུ་དང་མ་ལྟ་བུའི་ཕྱིར་རོ། །

གཞན་ཡང་རྡོ་རྗེ་འབའ་ཞིག་གི་དབང་བསྐུར་གྱི་དྲིལ་བུས་མ་ཡིན་པར་མེད་པས་སློབ་དཔོན་གྱིས་གཉིས་ཀ་བསྡུས་ཏེ་བསྟན་ཏོ། །དེ་ལྟར་ན་དེ་ནི་རང་ལ་ལྷའི་རྣལ་འབྱོར་ཆེན་པོར་ལྷག་པར་གནས་པས་རང་ལྷག་པར་གནས་པའི་རྣལ་འབྱོར་ཆེན་པོ་ཞེས་བྱའོ། །ལྷ་གནས་ཤིང་རྟའི་

ཡན་ལག་དང་། །མཐུ་དང་དབྱིབས་ན་གནས་པའོ། །ཞེས་བསྟན་པས་རང་ལ་ཞེན་པའམ་རང་རྒྱས་པར་བྱ་བའི་ཆོ་ག་ལ་རང་ལྷག་པར་གནས་པའོ་ཞེས་བྱ་བ་ནི་གཞན་གྱི་ལུགས་ཏེ་དེ་ལ་ཡང་སྐྱོན་བརྗོད་པར་མི་བྱའོ། །ད་ནི་འདིར་རང་ལྷག་པར་གནས་པར་བྱ་བ་འདི་ཉིད་ལེགས་

པར་རྫོགས་ཤིང་ཡན་ལག་ཚང་བ་དང་། ཆེས་མཐུ་དང་ལྡན་པར་བྱ་བའི་ཕྱིར། བདག་ཉིད་རྫོགས་པར་བྱ་བ་བསྟན་པས། དེའི་གོ་རིམས་བསྡུས་པ་དྲན་པར་བྱ་སྟེ། དེ་ལ་དེ་ལྟར་རང་ལྷག་པར་གནས་པ་ལ་སོགས་པ་བྱས་ནས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་གོ་རིམས་

เล่ม ๖๒ · หน้า 204b

མཚམས་སྦྱར་བའོ། །རང་ལྷག་པར་གནས་པ་ནི་རང་གི་ལྷའི་རྣལ་འབྱོར་ཆེན་པོར་གྲུབ་པ་ཙམ་ཡིན་ལ། སོགས་པ་སྨོས་པ་ནི་དམ་ཚིག་གི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོས་བྱིན་གྱིས་བརླབ་པ་ནས་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་དུ་བསྡུས་ཏེ་དེའི་ཡན་ལག་རྣམས་གཟུང་ངོ་། །བྱས་པ་ནི་ལེགས་པར་

རྫོགས་པར་བྱས་ཏེ་ཞེས་པའི་དོན་ཏོ། །བསྒྲུབ་པར་བྱའོ་ཞེས་པ་ནི་ཁ་ཅིག་ཕྱག་རྒྱ་བཞི་དང་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ལ་ཡང་རྫོགས་པར་བྱ་བ་དང་། མངོན་པར་བྱང་ཆུབ་པ་དང་དཀྱིལ་འཁོར་རྒྱལ་པོ་མཆོག་དག་བྱའོ་ཞེས་རྟོག་པ་སྲིད་པས་དེ་དགག་སྟེ། ཕྱག་རྒྱ་བསྡུས་པ་

དག་བསྒོམ་པ་ནི་བདག་ཉིད་རྫོགས་པ་ལུས་ལ་དཀྱིལ་འཁོར་པ་མི་དགོས་ཀྱི། རང་ལྷག་པར་གནས་པ་ཡན་ལག་དང་བཅས་པ་བྱས་ལ་བསྒྲུབ་པ་སྟེ་བཟླས་བརྗོད་ལ་སོགས་པ་བྱའོ་ཞེས་པ་སྟེ། འོག་ནས་ཀྱང་ཡང་ན་སྔོན་བཞིན་དུ་རྣལ་འབྱོར་ཆེན་པོ་དང་མཆོད་པ་ལ་སོགས་པ་བྱས་ལ་

ཞེས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་ཐམས་ཅད་ནི་རྣལ་འབྱོར་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པས། གང་ཡང་དཀྱིལ་འཁོར་བསྒོམ་པར་མི་ནུས་པས་དེས་ནི་རྣལ་འབྱོར་ཆེན་པོ་བྱས་ལ་ཞེས་བྱེ་བྲག་ཏུ་རྟོགས་པར་མཛད་དོ། །ད་ནི་འདིར་དཀྱིལ་འཁོར་

སྒོམ་ཡང་རུང་། མི་སྒོམ་ཡང་རུང་སྟེ། སྔར་རྡོ་རྗེ་རྒྱུའི་སྔགས་དང་ཕྱག་རྒྱ་རང་གི་སྙིང་གར་དཀྱིལ་འཁོར་སྤྲུལ་པ་དེ་སླར་བསྡུའོ་ཞེས་བསྟན་པའི་ཕྱིར་དེ་ལ་དང་པོར་རང་གི་སྙིང་གའི་ཟླ་བ་ལ་དཀྱིལ་འཁོར་དེ་གཅིག་པ་ཅན་དུ་གྱུར་པར་བསམ་མོ་ཞེས་བྱ་བ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་

ཚོགས་དགོད་པ་ལ་འཇུག་པའི་ཚིག་གི་ཕྲད་དང་། དང་པོ་རྩོམ་པའི་ཚིག་གི་རྒྱན་ཏེ་བདུན་པའོ། །དང་པོར་ནི་བདག་ཉིད་རྫོགས་པར་བྱ་བའི་དང་པོར་རོ། །རེ་ཞིག་ནི་རིམ་གྱིས་ཞེས་པ་སྟེ། དང་པོ་འདི་བྱས་ལ་དེ་ལས་གཞན་ནོ་ཞེས་པའི་དོན་ཏོ། །རང་གི་སྙིང་གའི་ཟླ་བ་ལ་ཞེས་པ་ནི་

སྔར་རྡོ་རྗེ་རྒྱུའི་བྱེད་པས་དཀྱིལ་འཁོར་སྤྲུལ་པ་ནི་ལྷ་རྣམས་གྲུབ་པ་དང་དུས་གཅིག་ཁོ་ནར་དེ་དག་གི་གདན་ཟླ་བའི་དཀྱིལ་འཁོར་ཆེན་པོ་གཅིག་གྲུབ་པར་གྱུར་པ་དེ་ལ་ལྷ་རྣམས་ཐིམ་པར་གྱུར་ཅིང་ཟླ་བའི་དཀྱིལ་འཁོར་དེ་ཡང་རང་གི་སེམས་དཔའི་རྡོ་རྗེའི་ལྟེ་བར་གནས་པའི་ཟླ་བ་ལ་ཐིམ་

เล่ม ๖๒ · หน้า 205a

པ་སྟེ་དེ་ནི་དཀྱིལ་འཁོར་དེ་གཅིག་པ་ཅན་དུ་གྱུར་པར་བསམ་མོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་དུ་འཇུག་པ་དང་དབང་བསྐུར་ཞིང་བྱིན་གྱིས་བརླབས་པ་ཟིན་པས་ད་ནི་བྱ་བ་རྫོགས་པའི་ཕྱིར་སླར་གཤེགས་སུ་གསོལ་བར་རིགས་པས་ན་འདིར་ཆོ་ག་དེ་

བསྟན་ཏོ། །དེ་ནས་རང་གི་ལུས་ལ་ས་མ་ཡ་ཨ་ཞེས་ཟློས་ཤིང་ཞེས་བྱ་བ་ལ་སོགས་པས་ནི་དང་པོར་གདན་བསྒོམ་ཞིང་དེ་ནས་རང་གི་ཕྱག་རྒྱ་དབབ་པའི་རིམ་པས་ང་རྒྱལ་ཡང་བྱས་ལ་གཟུགས་བསྒོམ་ཞིང་ཡེ་ཤེས་སེམས་དཔའ་བསྲེ་བ་དང་བལྟ་བ་དང་ནང་དུ་བྱ་བ་དང་ཟླ་བའི་དཀྱིལ་

འཁོར་བསྒོམ་ཞིང་ཡང་ང་རྒྱལ་བྱ་བ་དང་། སྙིང་པོ་དང་སྔགས་ཀྱང་བརྗོད་ཅིང་སངས་རྒྱས་ཐམས་ཅད་བསྡུས་ཏེ། ཕྱག་རྒྱ་གསུམ་གྱིས་བཏབ་ལ། རིགས་ཀྱི་ཡུམ་བཞིས་བྱིན་གྱིས་བརླབ་ཅིང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་བྱིན་གྱིས་བརླབས་ལ་ཡི་གེ་བརྒྱ་པས་བརྟན་

པར་བྱ་སྟེ། དབང་བསྐུར་བ་ལྔ་དང་བརྟུལ་ཞུགས་བླངས་ལ། གླུ་དང་གར་དང་བཅས་པའི་མཆོད་པ་བྱ་སྟེ། རྡོ་རྗེ་དང་དྲིལ་བུ་བྱིན་གྱིས་བརླབས་ལ་དམ་ཚིག་གསུམ་གཟུང་སྟེ། དམ་ཚིག་གསུམ་གྱི་གླུའི་མཆོད་པ་བྱ་སྟེ། དེ་ལྟར་རྣམ་པ་ཉི་ཤུ་རྩ་གསུམ་པོ་འདི་ཙམ་ཁོ་ན་བདག་

ཉིད་རྫོགས་པར་བྱ་བའི་ཆོ་ག་སྐྱོན་མེད་པའི་གོ་རིམས་རྣལ་མའོ། །དེ་བཞིན་གཤེགས་པའི་ཟློས་པ་པོ་ཡང་རྣམ་པ་ལྔས་མངོན་པར་བྱང་ཆུབ་པའི་རིམ་པས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བསྒྲུབས་ལ། ཆོ་ག་ཐམས་ཅད་རྗེས་སུ་བསྒྲུབ་པོ་ཞེས་བྱ་བ་ནི། གང་གིས་ལྷག་པའི་ལྷ་

རིགས་ལྔ་སངས་རྒྱས་ལས་འབའ་ཞིག་ཡིན་པས་དེར་བསྐྱེད་པར་འདོད་ན་དང་པོ་རང་ལྷག་པར་གནས་པའི་དུས་སུ་རྣམ་པ་ལྔ་བསྒོམ་པར་བྱང་ཆུབ་པ་བསྒོམས་པས་རྒྱལ་བའི་སྐུར་བསྒྲུབས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལུས་ལ་བཅུག་སྟེ། སེམས་མ་རྡོ་རྗེ་མ་ལ་སོགས་པས་

གནས་བཞིར་བྱིན་གྱིས་བརླབ་ཅིང་རིན་པོ་ཆེའི་དབུ་རྒྱན་དང་དར་དཔྱངས་ཀྱིས་དབང་བསྐུར་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་གནས་བཞིར་བྱིན་གྱིས་བརླབ་ཅིང་དེ་ནས་ལུས་ལ་དཀྱིལ་འཁོར་བསྒོམ་པ་ནས་བརྩམས་ཏེ། དམ་ཚིག་གསུམ་གྱི་གླུའི་མཆོད་པའི་བར་དུ་བྱའོ་ཞེས་པའི་དོན་ཏོ། །

เล่ม ๖๒ · หน้า 205b

ཕྱོགས་འདི་ལ་ནི་བདག་ལྷག་པར་གནས་པ་དང་རྫོགས་པར་བྱ་བ་བདག་མེད་ཀྱིས་མངོན་པར་བྱང་ཆུབ་པ་དེ་རྫོགས་པར་བྱ་བ་ཞེས་ཡན་ལག་གཉིས་ཏེ། དེ་མ་ཐག་ཏུ་དཀྱིལ་འཁོར་རྒྱལ་མཆོག་བསྒོམས་པས་མངོན་པར་བྱང་ཆུབ་པ་ཞེས་བྱ་བས་གནས་གསུམ་པ་ཡང་མེད་དོ། །གཞན་

དག་ནི་འདིར་ཆོ་གའི་ཡན་ལག་ཕལ་ཆེར་རྫོགས་ནས་དེ་བཞིན་གཤེགས་པའི་ཟློས་པ་པོ་དམ་ཚིག་སེམས་དཔར་བསྐྱེད་པར་བསྟན་པ་དང་། བདག་ཉིད་རྫོགས་པར་བྱ་བའི་ལུས་ལ་དགོད་པའི་ལྷ་དེ་བཞིན་གཤེགས་པའི་རིགས་ཉི་ཚེ་ལས་དེ་བཞིན་གཤེགས་པ་རྣམས་མ་བསྟན་ཏེ། དེ་

བཞིན་གཤེགས་པའི་ཟློས་པ་པོས་རང་ལྷག་པར་གནས་པ་དང་བདག་ཉིད་རྫོགས་པར་བྱ་བ་གཉིས་ཀ་སྤངས་ཏེ། མངོན་པར་བྱང་ཆུབ་པ་ལྔའི་འོག་ཏུ་བལྟ་བ་དང་དེ་བཞིན་གཤེགས་པ་ཐམས་ཅད་ལུས་ལ་གཞུག་པ་ལ་སོགས་པ་ལྔ་དང་། ཡི་གེ་བརྒྱ་པས་བརྟན་པར་བྱ་བ་ལ་སོགས་པ་

བྱས་ལ་དཀྱིལ་འཁོར་རྒྱལ་པོ་མཆོག་བསྒོམ་མོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ་དེ་ལ་ཡང་ཕྱག་རྒྱའི་ང་རྒྱལ་བསྒོམ་པ་ལ་སོགས་པ་ཆོ་གའི་ཡན་ལག་ཁས་བླང་བར་བྱ་བ་རྒྱུད་ལས་གསུངས་པ་ངེས་པ་དག་དོར་བར་མི་བྱ་ལ། སེམས་དཔའ་ལ་སོགས་པ་ལུས་ལ་དགོད་པ་ཡང་ཉེས་པ་མ་མཐོང་

བས་སོ། །དེ་ལྟར་དོན་བསྡུས་ཏེ་བསྟན་ནས། ཚིག་གི་དོན་འབའ་ཞིག་བརྗོད་དེ། ནམ་མཁའི་ཕྱོགས་སུ་མདུན་ཉིད་དུ་ཟླ་བའི་དཀྱིལ་འཁོར་ཏེ་ཞེས་པ་ནི་ལྷ་རེ་རེ་ལ་ཟླ་བའི་དཀྱིལ་འཁོར་རེ་རེ་སྟེ་དེ་ཉིད་སྔགས་ཀྱི་ཞེས་སྨྲས་པས་སོ། །དེའི་སྟེང་དུ་རྡོ་རྗེའི་བདག་ཉིད་དབབ་སྟེ་ཞེས་པ་ནི་སྙིང་

པོ་བརྗོད་པས་ཕྱག་རྒྱ་རྡོ་རྗེ་ལྕགས་ཀྱུ་མདའ་དགུ་དང་ཞེས་བྱ་བ་ལ་སོགས་པ་དེར་བབས་པ་སྟེ། འོག་མིན་ན་སྤྲུལ་པའི་དཀྱིལ་འཁོར་གནས་པའི་རང་གི་སེམས་དཔའི་ཐུགས་ཀ་ནས་འདིར་ཕབ་པས་སོ། །གཞན་དག་ནི་ནམ་མཁའི་ངོས་དེ་ཉིད་ལས་འཐོན་ཏེ་ཕབ་པ་ནི་དེ་དག་ཆོས་ཀྱི་

སྐུས་ཁྱབ་པའི་ཕྱིར་གང་ན་ཡང་བཞུགས་པ་ཇི་ལྟར་རྒྱུད་ལས་རྣམ་པར་སྣང་མཛད་ཆེན་པོའི་གླེང་གཞི་སྨོས་པ་ལྟ་བུ་ཡིན་ལ། དེ་དག་གི་སྤྲུལ་པ་བྱིན་གྱིས་བརླབ་པ་ཡང་གང་དུ་གདུལ་བྱ་རྙེད་པ་དེར་འབྱུང་བའི་ཕྱིར་ཞེས་ཟེར་རོ། །གཞན་དག་ནི་རང་ལྷག་པར་གནས་པའི་དུས་སུ་དཀྱིལ་

เล่ม ๖๒ · หน้า 206a

འཁོར་སྤྲུལ་པ་རྒྱ་ཆེན་པོ་གཞལ་ཡས་ཁང་དང་བཅས་པ་བདག་ཉིད་རྫོགས་པར་བྱེད་པ་ནི་སྙིང་གར་ཟླ་བ་གཅིག་ལ་བརྟན་པར་གྱུར་པས་ན་གཅིག་པ་ཅན་ཏེ། དཔུང་གཅིག་དང་ནགས་གཅིག་ཅེས་པ་བཞིན་ནོ། །དེས་ན་དེའི་ཐུགས་ཀ་ནས་དབབ་ཅེས་ཟེར་ན། དེ་ལྟ་

ན་དཀྱིལ་འཁོར་དེ་སླར་བཏང་བ་ནམ་ཡང་མ་བསྟན་པས་མི་འཐད་ལ། སྔ་མ་ལ་ཡང་བསྒྲུབ་པ་མི་དམིགས་པས་ལུགས་དང་པོ་གཟུང་ངོ་། །དེ་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་ཞེས་བྱ་བ་ནི་སྙིང་པོ་ལས་རྡོ་རྗེར་གྱུར་ཅིང་དེ་ལ་ཡང་རྡོ་རྗེ་ཕབ་ལ། རྡོ་རྗེ་དེ་ཡང་འོད་ཟེར་མང་པོ་འཕྲོས་

པས་འགྲོ་བ་སྦྱངས་ཏེ་སླར་འདུས་པ་ལས་གཟུགས་འགྲུབ་པར་བྱའོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ཞེས་བྱ་བ་ནི་འོག་ནས་བཛྲ་ཨཾ་ཀུ་ཤ་ཛཿཞེས་པ་ལ་སོགས་པ་དང་། ལས་ཀྱི་ཕྱག་རྒྱ་བྱ་བར་བསྟན་པའོ། །དེ་ལ་རྡོ་རྗེ་རྒྱལ་པོ་གསེར་མདོག་སྙིང་གའི་གཡས་ངོས་སུའོ་ཞེས་

བྱ་བ་ལ་སོགས་པའོ། །འདིར་རྡོ་རྗེའི་རིགས་ནི་སེམས་ཀྱི་ངོ་བོར་རྒྱུད་ལས་གྲགས་ལ། སེམས་དེ་ནི་སྙིང་ལ་གནས་ཞེས་གྲགས་པའི་ངོ་བོར་བྱས་ནས་རྡོ་རྗེའི་རིགས་ཀྱི་སེམས་དཔའ་བཞི་སྙིང་གར་བཀོད་དེ། རིན་པོ་ཆེས་དབང་བསྐུར་བའི་གནས་ནི་དཔྲལ་བའི་གནས་ཡིན་པས་དེར་རིན་པོ་

ཆེའོ། །སེམས་རྟོག་པ་ལས་བརྩམས་ནས་ནི། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བའི་ལུགས་ཀྱིས་ལྷག་པར་ཉི་མའི་དཀྱིལ་འཁོར་བསྒོམ་པར་འབྱུང་བས་དེར་ཉི་མའོ། །ཕྲག་ཁར་རྒྱལ་མཚན་གྱི་ཡུ་བ་བརྟེན་པའི་ཚུལ་གྱིས་དེར་རྒྱལ་མཚན་ནོ། །གཉིས་ཀྱི་ཚིག་

ཅན་ནི་གང་ཡང་རུང་བའི་དོན་ཏོ། །བཞད་པ་ནི་སོ་སྣང་བས་དེར་རོ། །པདྨའི་རིགས་ནི་ངག་གི་རིགས་ཡིན་ལ། ངག་དེ་ཡང་ལྟེ་བ་དང་བྲང་དང་མགྲིན་པ་དང་ལྕེ་ལས་བྱུང་བ་ནི་ཕྱིར་ཞིང་ལྕེ་རུ་ཕྱིན་པ་དང་ཞེས་བྱ་བ་ལ་སོགས་པའི་ལུགས་ཀྱིས་ཏེ། དེ་བས་ན་དེ་དག་ནི་ངག་གི་གནས་དག་

ཏུའོ། །ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པ་ཙམ་དུ་སྟོན་པ་དང་། སངས་རྒྱས་མ་ལུས་པའི་ཕྲིན་ལས་མཛད་པའི་རྟགས་སུ་སྤྱི་བོར་རྩེ་མོ་བཅུ་གཉིས་པའི་སྣ་ཚོགས་རྡོ་རྗེ་ཁ་ཅིག་ལ་བསྒོམ་པར་རྣལ་འབྱོར་གྱི་རྒྱུད་ལ་ལ་ལས་གསུངས་པས། དེ་ཉིད་ནི་སེམས་དཔའ་རྡོ་རྗེ་རྒྱལ་པོར་ཤེས་

เล่ม ๖๒ · หน้า 206b

པར་འགྱུར་བའི་ཕྱིར་དེའི་སྤྱི་བོར་རོ། །ཡན་ལག་ཐམས་ཅད་དང་བཅས་པར་བསྲུང་བས་ན་དེ་ཡན་ལག་དག་ལས་དེ་རྐང་ལག་ལའོ་གཉིས་ཀྱི་ཚིག་ཅན་ནི་སྔོན་བཞིན་ནོ། །གནོད་སྦྱིན་ལྟར་འཇིགས་པའི་མཆེ་བ་ནི་ཁ་ན་སྣང་བས་དེ་ཁར་རོ། །སྒེག་པའི་ཁུ་ཚུར་འཆང་བས་འགྱིང་བ་ནི་

ཁུ་ཚུར་སྟོན་པས་དཀུ་གཡས་པར་རོ། །གསང་བའི་མཆོད་པ་བཞི་ནི་སེམས་དཔའ་ཆེན་པོ་དང་འདྲ་བར་རང་རང་གི་དེ་བཞིན་གཤེགས་པ་བདག་གིར་མཛད་པས་དེ་དག་གི་དྲུང་དུའོ། །ཤིན་ཏུ་སྐྱིད་དེ་བར་བསྐྱེད་པའི་འཇིག་རྟེན་དག་བདུག་སྤོས་ཀྱི་དྲི་མདོམས་ཀྱི་ཕྱོགས་ཀྱི་འཛག་སྒོ་

དག་ཀྱང་དྲི་ཞིམ་པོས་བདུགས་ཏེ་ལོངས་སྤྱོད་པའི་ལུས་ཀྱི་དེ་མདོམས་སུ་སྟེ་མཚན་རྟགས་སུའོ། །ཁ་ཅིག་ཏུ་བདུག་སྤོས་མདུན་དུའོ་ཞེས་པ་དང་། འོད་ཀྱི་དཀྱིལ་འཁོར་ལའོ་ཞེས་བསྟན་པ་ནི་ལུས་ལ་དགོད་པའི་དབང་དུ་མ་བྱས་པའོ། །ལུས་ཅན་རྣམས་ལ་མཛེས་པར་བྱ་བའི་ཕྱིར་མེ་

ཏོག་ཕྲེང་རྒྱན་དང་། རྣ་རྒྱན་ལ་སོགས་པས་མགོ་བརྒྱན་པར་བྱེད་པས་ཕྲེང་བའི་གནས་མགོ་སྟེ་སྤྱི་བོའི་གཙུག་གོ། །མར་མེ་ནི་མིག་གི་ཡུལ་སྣང་བར་བྱེད་པས་མིག་ལ་ཕན་པ་སྟེ། ཇི་སྐད་དུ་མིག་གི་དབང་པོ་དང་ཡུལ་དང་ཡིད་ལ་བྱེད་པ་ལས་མིག་གི་རྣམ་པར་ཤེས་པའོ་ཞེས་པ་

སྟེ། དེས་ན་དེ་མིག་ལའོ། །རབ་ཏུ་དྲི་ཞིམ་པ་དང་བསིལ་བར་བྱ་བའི་ཕྱིར་སྐྱིད་དེ་བདག་སྙིང་གར་ཙནྡན་གྱི་ལྡེ་གུ་ལ་སོགས་པ་ཉུག་པས་དྲིའི་གནས་ནི་དེའོ། །འབྱུང་བ་དང་འཇུག་པ་ནི་སྒོ་བཞི་ནས་བྱེད་ཅིང་དེ་ལ་རག་ལས་ལ་བརླ་གཉིས་དང་བྱིན་པ་གཉིས་ཏེ་རྐང་པ་དག་གིས་

ཀྱང་འགྲོ་བ་དང་འོང་བ་ལ་དབང་བྱེད་པས་འདི་དག་སྒོ་དང་ཆོས་མཐུན་པས་དེ་དག་ཏུ་སྒོ་སྐྱོང་དག་བཞག་ལ། གོ་རིམས་མི་ཉམས་པར་བྱ་བའི་ཕྱིར་ནི་གཡས་ནས་དང་སྟེང་ནས་སོ། །འདིར་མངོན་པར་ཡིད་ཆེས་པའི་རྒྱུ་མཚན་འཚམ་པའི་གནས་སུ་འདི་དག་སྦྱར་གྱི་གང་དུ་

བཀོད་ཀྱང་དངོས་གྲུབ་དུ་བྱེད་དོ། །འོན་ཀྱང་འཚམ་པར་བསྟན་པ་འཇུག་པའི་རྒྱུ་ཡིན་ཏེ། དེ་དང་དེ་ལ་གོམས་པས་མཐོང་གི་གཞན་མ་ཡིན་པ་དང་། འཚམ་པ་དེ་ཉིད་དངོས་གྲུབ་ཀྱི་རྒྱུར་བསྔགས་ཏེ་བསྐྱེད་པར་རུང་བས་ནའོ། །འདིར་སངས་རྒྱས་ལྔ་ནི་དབུ་རྒྱན་དུ་བཞུགས་

เล่ม ๖๒ · หน้า 207a

པ་དང་། སེམས་མ་རྡོ་རྗེ་མ་ལ་སོགས་པ་ཡང་གནས་བཞིར་བྱིན་གྱིས་བརླབས་ནས་བཞུགས་པས་འདི་དག་ལ་དགོད་པ་ཕྱེ་སྟེ་མ་བསྟན་ཏོ། །ཁ་ཅིག་ན་རེ་ལུས་ལ་ལྷ་འདི་དག་བཀོད་པ་ནི་རྣལ་འབྱོར་རྒྱ་ཆེན་པོ་ཡིན་པས། རྣལ་འབྱོར་ཆེན་པོ་ནི་འདི་ལྟ་སྟེ།

རང་ལྷག་པར་གནས་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་ཡང་དག་མ་ཡིན་ཏེ་གལ་ཏེ་རང་ལྷག་པར་གནས་པ་མ་བྱས་ན་ལྷའི་ལུས་སུ་མ་གྱུར་པས་ལུས་ལ་ལྷ་དེ་དག་དགོད་པའི་གནས་རང་དུ་ཡང་མི་འགྱུར་བ་དང་། འདི་རང་ལྷག་པར་གནས་པའི་ཡན་ལག་ཙམ་དུ་རབ་ཏུ་གསལ་བའི་ཕྱིར་

དང་། ཕྱག་རྒྱ་གཅིག་པ་ལ་སོགས་པའི་རྣལ་འབྱོར་ལ་རྣལ་འབྱོར་ཆེན་པོ་ཙམ་བྱ་བར་སྟོན་པ་ན་དཀྱིལ་འཁོར་མི་སྒོམ་པར་ལུས་ལ་དཀྱིལ་འཁོར་དགོད་པ་མི་རིགས་ཤིང་ལུས་ལྷར་བྱ་བའི་ཆོ་ག་མེད་པར་དེ་ལྟ་བུ་དེ་ལ་ཡང་འགྱུར་བས་ལྷ་དེ་ལྟ་བུ་དེ་སྤང་ངོ་། །དེ་ལྟར་ཕྱག་རྒྱ་བཞིས་

རྒྱས་བཏབ་ནས་དངོས་གྲུབ་ཐམས་ཅད་རབ་ཏུ་སྦྱིན་པར་བྱེད་དོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ལ་སོགས་པ་དེ་དག་ནི་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པ་སྟེ། དེ་ལ་དམ་ཚིག་དང་ཆོས་དང་ཕྱག་རྒྱ་ཆེན་པོ་དག་ནི་ཐུགས་དང་གསུང་དང་སྐུའི་ངོ་བོ་ཉིད་ཡིན་ལ། ལས་ཀྱི་

ཕྱག་རྒྱ་ནི་ཕྲིན་ལས་ཏེ། དེ་ཡང་ཐུགས་ནི་བདག་གི་དོན་ཡིན་ལ། སྐུ་ལ་སོགས་པ་གཞན་གྱི་དོན་ཏེ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རང་བཞིན་ལ་གཞག་པ་ནི་ཇི་ལྟ་བའི་གནས་སྐབས་ཐོབ་པས་དངོས་གྲུབ་སྦྱིན་པར་འགྱུར་ཏེ། དེས་ན་རྣལ་འབྱོར་པའི་རྒྱུད་མ་

ལུས་པར་ཕྱག་རྒྱ་བཞི་བསྡུས་པ་དང་རྒྱས་པར་བསྟན་པའོ། །ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ཏ་ཞེས་བྱ་བ་ནས་དམ་ཚིག་གསུམ་གྱི་གླུའི་མཆོད་པ་རྫོགས་པའི་བར་འདིས་ནི་བདག་ཉིད་བརྟན་པར་བྱ་ཞིང་གཟེངས་བསྟོད་པ་སྟེ། དེ་ཡང་དང་པོ་བདག་ཉིད་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་དམ་

ཚིག་སེམས་དཔར་གྲུབ་པས་དེའི་ལས་ཀྱི་འབྲས་བུ་བདག་ཉིད་ལ་བདག་ཉིད་མཆོད་པ་གླུ་དང་གར་སྔོན་དུ་བྱ་སྟེ། མཆོད་པ་བརྒྱད་ཀྱིས་མཆོད་ནས་ཊཀྐི་ཧཱུྃ་ཛཿཞེས་པས་རྡོ་རྗེ་དང་དྲིལ་བུ་ལས་ལྷའི་གཟུགས་དཔག་ཏུ་མེད་པ་འཕྲོས་པས་སྲིད་པ་གསུམ་དུ་གཏོགས་པའི་སེམས་ཅན་མ་ལུས་

เล่ม ๖๒ · หน้า 207b

པ་རྣམ་པར་སྦྱང་ཞིང་། ཡང་ཊཀྐི་ཛཿཧོ་ཞེས་པས་རྡོ་རྗེ་དང་དྲིལ་བུ་ལས་དཔག་ཏུ་མེད་པའི་ལྷ་རྣམས་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དགྱེས་པའི་མཆོད་པའི་སྤྲིན་རབ་འབྱམས་སྤྲུལ་པར་བལྟའོ། །དེ་ལྟར་དེ་དག་གིས་སྲིད་པ་ཐ་མ་པའི་བར་དུ་ཡོངས་

སུ་རྫོགས་པས་ན་དེ་ལྟར་བྱས་པ་ལུས་དང་ངག་དང་ཡིད་རྡོ་རྗེ་སེམས་དཔར་འགྱུར་རོ་ཞེས་པ་སྟེ། ཇི་ལྟར་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་སུ་བརྗོད་པ་ལྟར་འདི་ཡང་རྡོ་རྗེ་སེམས་དཔར་བརྗོད་དོ། །ད་ནི་བཤད་པ་དང་མ་བཤད་པའི་རྡོ་རྗེ་དྲིལ་བུ་གཟུང་བ་ཐམས་ཅད་

ཀྱང་ས་བོན་ལས་བསྐྱེད་པར་བསྟན་པའི་ཕྱིར་དེ་དག་གི་ས་བོན་དང་བཅས་པར་རྡོ་རྗེ་དྲིལ་བུ་དང་ཕྱག་རྒྱ་གཟུང་བ་བསྟན་པ་ནི་ཡི་གེ་ཧཱུྃ་ལས་རྡོ་རྗེ་སྟེ་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་སྐྱེས་བུ་དམ་པ་དང་པོ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེ་ཉིད་རྡོ་རྗེ་འདིའོ་

ཞེས་པའི་དོན་ཏོ། །དྲིལ་བུ་ཆོས་ཀྱིས་གསིལ་བར་བྱ། །ཞེས་བྱ་བ་ལ། ཆོས་ནི་བསྟན་པའི་ཆོས་ཁྱད་པར་ཅན་ཏེ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ཅེས་བྱ་བ་ལ་སོགས་པ་སྟེ་ཆོས་དེ་བརྗོད་པས་གསིལ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་དེ་ནི་ཞེས་པ་ནི་དྲིལ་བུའོ། །བཅོམ་ལྡན་འདས་སྲིད་པ་

མཆོག་གི་བདག་པོ་ཞེས་པ་ནི་སྲིད་པ་གཉིས་མཆོག་སྟེ་མྱ་ངན་ལས་འདས་པའོ། །དེའི་བདག་པོ་ནི་དེ་ལ་དབང་བྱེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཉིད་བཅོམ་ལྡན་འདས་ཏེ་ཡེ་ཤེས་ཀྱི་སྐུའོ། །ཡང་དག་མ་མཐོང་འཇིག་རྟེན་དང་། །མྱ་

ངན་འདས་པར་རློམ་སེམས་བྱེད། །ཡང་དག་མཐོང་བར་འཇིག་རྟེན་དང་། །མྱ་ངན་འདས་པར་རློམ་སེམས་མེད། །ཅེས་པ་དང་། སྲིད་པ་དང་ནི་མྱ་ངན་འདས། །འདི་ཉིད་ཡོད་པ་མ་ཡིན་ཏེ། །སྲིད་པ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་པ་ཞེས་བཤད་དོ། །ཞེས་པའི་

ཚུལ་གྱིས་སྲིད་པ་ཉིད་མཆོག་ཏུ་གྲུབ་སྟེ། མི་གནས་པའི་མྱ་ངན་ལས་འདས་པར་ད་ལྟ་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་གནས་པ་ནི། མཐོང་བའི་ཆོས་ལ་མྱ་ངན་འདས། །བྱ་བྱས་པ་ཡང་དེ་ཉིད་དོ། །ཞེས་གསུངས་པ་ལྟ་བུའོ། །དྲིལ་བུའི་སྒྲ་ཉིད་དེ། སྲིད་པ་ངོ་བོ་ཉིད་ཀྱིས་

เล่ม ๖๒ · หน้า 208a

དག །ཅེས་བྱ་བ་ལ་སོགས་པར་མོས་པ་དང་། རྣལ་འབྱོར་པ་ཡང་ཚིག་དེ་བརྗོད་ཅིང་དེའི་དོན་ལ་གཞོལ་བས་ན་ཐམས་ཅད་ཀྱི་མཆོག་དབང་ཕྱུག་དམ་པ་མཆོག་གི་ཆོས་ཤེས་པར་བྱེད་པ་ཞེས་དྲིལ་བུའི་བདག་ཉིད་ཆེན་པོ་བསྟན་ཏོ། །དྷརྨ་ཨ་ཞེས་པ་དང་ཧཱུྃ་གི་ཡི་གེ་རྡོ་

རྗེའི་ས་བོན་གཉིས་འདིར་ཁ་དོག་དཀར་པོ་སྟེ། སྟོང་པ་ཉིད་ལས་ཡིག་འབྲུ་དང་དེ་ལས་དེ་དག་སྟེ་ཡེ་ཤེས་ཀྱི་རང་བཞིན་དུ་གྲུབ་པར་བྱ་བའོ། །དམ་ཚིག་གི་ཕྱག་རྒྱ་ཆེན་པོར་ལྷག་པར་གནས་པར་བྱའོ་ཞེས་བྱ་བ་དང་པོ་དཀྱིལ་འཁོར་དུ་འཇུག་པ་ན། འདོད་ཆགས་བྲལ་བ་ལྟ་བུའི་

སྡིག །ཅེས་པ་ནས་མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ་ཅེས་པའི་བར་གྱིས་གསང་བའི་ཡེ་ཤེས་ཀྱི་དམ་ཚིག་གཉེར་གཏད་པ་ནི་དམ་ཚིག་སྟེ། དམ་ཚིག་དེའི་ཕྱག་རྒྱ་ཆེན་པོ་འདོད་ཆགས་ཆེན་པོ་ལ་གནས་པའི་རང་བཞིན་འཁོར་ལོས་སྒྱུར་བ་ཆས་པ་ལྟ་བུ་ལྷག་པར་གནས་པར་བྱའི། ཉན་ཐོས་

ལྟར་ལུས་སུན་འབྱིན་ཅིང་མྱུར་དུ་ཞི་བའི་དབྱིངས་སུ་འཇུག་པར་མི་བྱའོ། །འོ་ན་དེ་ལྟ་ན་སྲིད་པའི་བདེ་བ་ལ་ལྷག་པར་ཆགས་པས་གནས་པར་བྱ་བའམ་དེ་ལྟ་ན་ཡང་འཁོར་བ་གཅིག་པུ་བགྲོད་པར་སེམས་ཞེས་པའི་ལྟུང་བར་འགྱུར་རོ་ཞེ་ན། དེའི་ཕྱིར། སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིད་པ་ལ་ནི་ཆགས་པར་རུང་བའི་བདེ་བ་མེད་དེ་ཡུན་ཐུང་བ་དང་གནོད་པ་དང་འབྲེལ་བ་དང་། རང་བཞིན་གྱིས་དམན་པས་སོ། །སྲིད་པར་སྐྲག་ནས་མྱུར་དུ་མྱ་ངན་ལས་འདའ་བར་མི་རིགས་ཏེ། བསམ་གྱིས་མི་ཁྱབ་པ་འཇིག་རྟེན་ལས་འདས་

པའི་འབྱོར་པ་ལས་ཉམས་པར་འགྱུར་བས་སོ། །དེའི་ཕྱིར་སྡུག་བསྔལ་ཆེན་པོ་དག་པའི་ཕྱིར། ཤིན་ཏུ་བདེ་བ་དམ་པའི་ཐབས། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་པ་ཏེ། མངོན་པར་ཞེན་པ་མཐའ་དག་དང་བྲལ་བ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པའི་ལྷའི་ལུས་ལ་མཆོད་

པས་འདོད་པའི་ཡོན་ཏན་ལྔས་ཚིམ་པར་བྱེད་ཅིང་བདག་དང་གཞན་ལ་ཕན་འདོགས་པས་དགའ་བ་དང་བདེ་བའི་མཆོག་གི་རོ་མྱོང་བ་དང་མི་འབྲལ་བར་ལམ་བདེ་བས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་ཀྱི། སེམས་ཅན་ཡལ་བར་བོར་ཏེ་རང་འབའ་ཞིག་ཞི་བར་འགྲོ་བར་མི་བྱ་བ་འདི་ནི་

เล่ม ๖๒ · หน้า 208b

བྱང་ཆུབ་ཀྱི་སེམས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་མི་གཏོང་བའི་རྒྱུ་དམ་ཚིག་གི་རྩ་བ་ཡིན་པས་འདི་ཉིད་དམ་ཚིག་ཆེན་པོའོ། །དེས་ཀྱང་ཐེག་པ་དམན་པ་དང་། སྲིད་པ་ཆགས་པ་ངན་པ་འཇོམས་པས་ན་ཧ་ན་སྟེ། དམ་ཚིག་ཆེན་པོ་ཉིད་ཀྱིས་འཇོམས་པ་ཞེས་བྱའོ། །ཧཱུྃ་ཕཊ་

ཅེས་པ་ནི་དེ་བྱིན་གྱིས་བརླབ་ཅིང་དེ་ལ་བརྟན་པར་བྱ་བའི་སྔགས་སོ། །ཐབས་དེ་ནི་ཆེས་འཐད་པ་དེ། སྙིགས་མ་ལྔ་དང་ལྡན་པའི་སེམས་ཅན་མ་རུངས་པ་དག་ཁ་ཅིག་སྲིད་པ་ཁོ་ན་ལ་དམ་པོར་ཞེན་པས་དེ་ལས་དབྲལ་བའི་ཕྱིར་ནི་སྒྱུ་མ་ལྟ་བུའི་འདོད་པའི་ཡོན་ཏན་ལྔ་དཔེ་མེད་པར་

བདེ་བ་རྒྱས་ཤིང་ཡུན་རིང་བ་ལ་ལོངས་སྤྱོད་པར་བསྟན་ལ། ཁ་ཅིག་སྲིད་པ་མེ་འབར་བ་ལྟར་ཤེས་ཤིང་ཐོག་མ་མེད་པའི་སྡུག་བསྔལ་བརྒྱུད་མ་དྲན་པས་སྐྲག་སྟེ་སེམས་ཅན་འདོར་བ་ལ་ཞུགས་པ་དག་ལ་ཡང་། དེང་ཕན་ཆད་ཅི་བདེར་སྤྱད་པས་འཁོར་བ་ལས་ཐར་པས་སྔོན་ལྟ་བུའི་

སྡུག་བསྔལ་ཡང་སྤྱད་མི་དགོས་ལ། སེམས་ཅན་ཡང་བཏང་མི་དགོས་ཞེས་བསྟན་པས་ཐེག་པ་དམན་པ་ལས་ངེས་པར་བཟློག་སྟེ། གཞན་དུ་ན་ཁ་ཅིག་ནི་འཁོར་བ་ལས་འབྲལ་བར་མི་ནུས་ལ། ཁ་ཅིག་ནི་མྱུར་དུ་མྱ་ངན་ལས་འདའ་བས་ཐེག་པ་ཆེན་པོའི་རིགས་ཟད་པར་འགྱུར་རོ། །

བདེན་པ་གཉིས་རྣམ་པར་ངེས་པའི་ལམ་སྦྱིན་པ་ལ་སོགས་པས་བརྒྱན་པ། ཤིན་ཏུ་ངེས་ཤིང་སླུ་བ་མེད་པ་ཕ་རོལ་ཏུ་ཕྱིན་པའི་ལམ་དེ་ཡང་དུས་ཀྱིས་གནོད་པ་བྱས་པའི་སྐྱེ་བོ་འདི་དག་ཤིན་ཏུ་འཕྲོད་པ་མ་ཡིན་ཏེ། དེ་ལས་འདོད་པ་ལྔ་བསྟེན་པ་ལ་སོགས་པ་ནི་ལན་འགའ་སྣང་ཞིང་དེ་

དགག་པ་དང་བརྟུལ་ཞུགས་དང་སྡོམ་པ་དག་ནི་ཡང་དང་ཡང་སྨོས་པས་ཅུང་ཟད་ཡིད་སྐྲག་པར་འགྱུར་བས་འཇུག་པར་དཀའོ། །དེའི་ཕྱིར་མཆོག་ཏུ་ཐུགས་རྗེ་ཆེ་བའི་དེ་བཞིན་གཤེགས་པས་རྩོད་པའི་དུས་འདིར་འདུལ་བའི་སྣོད་དང་འཚམ་པར་གསང་སྔགས་ཀྱི་ཐེག་པ་

བསྟན་ཅིང་། དམ་ཚིག་འདི་ལྟ་བུར་བཅའ་བར་མཛད་ལ། བྱ་བའི་རྒྱུད་དག་ཏུ་ཡང་། སྔགས་ཀྱི་ཐག་པ་སྐྱེད་ཆེན་གྱི། །ཐེག་པ་ལ་ནི་མ་མོས་པ། །དེ་དག་བསྟན་འདིར་སྐལ་བ་མེད། །དེ་དག་ནམ་ཡང་མི་གཟུང་ངོ་། །ཞེས་བྱ་བའི་ཚིག་གིས་དབུགས་དབྱུང་བ་མཛད་དོ། །

เล่ม ๖๒ · หน้า 209a

འདིར་ཐབས་ཁྱད་པར་ཅན་གྱི་སྲིད་པར་གནས་པའི་རྒྱུ་ནི་ལམ་འདིར་ལྷའི་གཟུགས་སུ་བདག་ཉིད་བསྒོམ་པ་ཡིན་པས་ན། གང་ཕྱིར་དམ་ཚིག་ཕྱག་རྒྱར་བཤད། །ཡིད་ཀྱི་ལུས་ནི་བརྟན་པ་ཉིད། །ཅེས་སྨོས་ཏེ། ཡིད་ཀྱིས་བསྒོམ་པའི་ལུས་ནི་ཡིད་ཀྱི་

ལུས་ཏེ། བརྟན་པ་ནི་སྔགས་དང་ཕྱག་རྒྱ་དུ་མས་བྱིན་གྱིས་བརླབས་པ་དང་། སྙིང་པོ་བྱང་ཆུབ་ཀྱི་བར་དུ་ཡང་དེར་གནང་བ་མ་བཏང་བས་སོ། །དེ་ལྟ་བུའི་ཕྱག་རྒྱ་སྟེ། ཕྱག་རྒྱ་ཆེན་པོར་ལྷའི་རྣལ་འབྱོར་ཕྱག་རྒྱ་བཞིས་སྔོན་བཞིན་རྒྱས་བཏབ་པའོ། །དེ་ལྟ་བུ་དེ་ནི་ཐེག་པ་མཆོག་

ལས་མི་ཉམས་པར་འདོད་པ་དག་གིས་འདའ་བར་བྱ་བ་མ་ཡིན་པས་དེ་ཉིད་དམ་ཚིག་གོ། །དེ་ལྟར་ན་གང་གི་ཕྱིར་དེ་རྒྱུ་མཚན་འདི་དག་གིས་ཞེས་པའོ། །དེ་ལྟར་སྙིང་རྗེ་ཆེན་པོ་མཚོན་པའི་རྡོ་རྗེ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དྲན་པའི་ཡན་ལག་དྲིལ་བུ་དང་། ཐབས་དང་

ཤེས་རབ་དང་ལྡན་པས་འཁོར་བ་ཇི་སྲིད་དུ་ཇི་ལྟར་དགའ་བར་གནས་པའི་དམ་ཚིག་གི་ཕྱག་རྒྱ་བསྒོམ་པ་འདི་ནི་རྣལ་འབྱོར་ཆེན་པོ་བསྒྲུབ་པ་བརྟན་ཞིང་དོན་ཡོད་པར་བྱའོ། །དེ་ནས་དྲིལ་བུ་གསིལ་ཞིང་དམ་ཚིག་གསུམ་གྱི་གླུ་ཉེ་བར་སྦྱར་ཏེ་དེ་ནི་འདིའོ། །ཨོཾ་ནམ་མཁའ་ལས་བྱུང་

མཚན་ལྡན་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། འདིར་དམ་ཚིག་གསུམ་ནི་དེ་ཁོ་ནའི་དམ་ཚིག་དང་ཆོས་ཀྱི་དམ་ཚིག་དང་དམ་ཚིག་གི་ཕྱག་རྒྱའི་དམ་ཚིག་གོ། །དེ་ལ་དེ་ཁོ་ནའི་དམ་ཚིག་དེ་ཡང་རྣམ་པ་གསུམ་སྟེ། རང་བཞིན་གྱི་དེ་ཁོ་ན་དང་། དབང་འབྱོར་པའི་དེ་ཁོ་ན་དང་རྣམ་

པར་དག་པའི་དེ་ཁོ་ནའོ། །དེ་དག་ལས་དང་པོར་རང་བཞིན་གྱི་དེ་ཁོ་ནའི་དབང་དུ་བྱས་ནས་ནི། ཨོཾ་ནམ་མཁའ་ལས་བྱུང་ཞེས་བྱ་བ་ལ་སོགས་པའོ། །དབང་འབྱོར་པའི་དེ་ཁོ་ནའི་དབང་དུ་བྱས་ཏེ་ནི། ཀུན་མཆོག་ཅེས་བྱ་བ་ལ་སོགས་པའོ། །རྣམ་པར་དག་པའི་དེ་ཁོ་ནའི་

དབང་དུ་བྱས་ཏེ་ཡང་ཉེས་པ་མི་མངའ་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཀྱི་དམ་ཚིག་གི་དབང་དུ་བྱས་ཏེ་ནི། ཤིན་ཏུ་དག་པ་ཞེས་བྱ་བ་ལ་སོགས་པའོ། །དམ་ཚིག་གི་ཕྱག་རྒྱའི་དམ་ཚིག་གི་དབང་དུ་བྱས་ཏེ་ནི། ཀུན་མཆོག་ཅེས་བྱ་བ་ལ་སོགས་པའོ། །དེ་ལྟར་གླུ་དེ་ལྟ་བུ་ནི་བདག་

เล่ม ๖๒ · หน้า 209b

འཁོར་བ་ཇི་སྲིད་དུ་གནས་པ་ལ་དེ་བཞིན་གཤེགས་པ་ཁྱེད་ཀྱིས་གྲོགས་མཛད་པར་རིགས་ཏེ་བདག་ནི་སྣོད་དུ་གྱུར་པ་ལགས་སོ་ཞེས་གསོལ་བ་གདབ་བོ། །ཁ་ཅིག་ནི་འདིར་དམ་ཚིག་སྟེ་ལྷའི་རྣལ་འབྱོར་གཟུང་ནས་དེའི་རྗེས་སུ་གླུ་འདི་སྦྱར་བས་ན་དམ་ཚིག་དང་འབྲེལ་པའི་གླུ་ཞེས་ཟེར་

ཏེ། དེ་ལྟ་ན་གསུམ་ཞེས་བྱ་བ་མ་བརྗེད་པར་འགྱུར་རོ། །གཞན་དང་རྡོ་རྗེ་དང་དྲིལ་བུ་དང་ཕྱག་རྒྱ་སྟེ། དེ་གསུམ་ནི་དམ་ཚིག་གསུམ་ཡིན་ལ་དེ་གསུམ་བཟུང་ནས་གླུ་འདི་སྦྱར་བས་ན་དམ་ཚིག་གསུམ་དང་འབྲེལ་པའི་གླུ་ཞེས་ཟེར་ཏེ། དེ་ལྟ་ན་ཤུགས་ཀྱིས་གོ་བས་འབྲེལ་

བ་བསྟན་པའི་ཚིག་གི་དོན་མེད་དོ། །དེ་བཞིན་དུ་གཞན་དག་སྐུ་གསུང་ཐུགས་ཞེས་ཟེར་བ་ཡང་སྒྲུབ་པ་མེད་པས་གསལ་ཏོ། །དེ་ལྟར་བདག་ཉིད་བསྒྲུབས་ནས་ཕྱག་རྒྱ་ཆེན་པོས་ནམ་མཁའི་ཕྱོགས་སུ་འདུག་སྟེ་ཞེས་བྱ་བ་ལ་སོགས་པས་རྣམ་པ་དེ་སྙེད་ཀྱི་རིམ་གྱིས་སྲིད་པ་ཐ་

མ་པ་ལྟར་བྱང་ཆུབ་ཆེན་པོ་ལ་མཆོག་ཏུ་ཉེ་བར་བྱས་ལ། ད་ནི་བར་ཆད་མེད་པའི་ལམ་གྱི་ངོ་བོ་ལྔ་མངོན་པར་བྱང་ཆུབ་པར་བསྒོམ་པར་སྟོན་ཏེ། འདི་ཉིད་རྒྱུའི་མཐར་ཐུག་པའོ། །དེ་ལ་ནམ་མཁའི་ངོས་ནི་རི་རབ་ཀྱི་སྟེང་གི་ནམ་མཁའི་ཕྱོགས་ཏེ། དང་པོ་བསྲུང་བ་བསྒོམ་

པས་ན་དེར་མོས་པ་ཙམ་གྱིས་གནས་པས་སོ། །རླུང་གི་དཀྱིལ་འཁོར་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་དང་སྟོང་སྤྱི་ཕུད་འདིའོ། །དེ་ལ་དང་པོ་ལ་གྲུ་བཞི་ལ། གཉིས་པོ་ནི་ཟླུམ་པོ་སྟེ། དེ་ནས་བཾ་ལས་ཆུའི་དཀྱིལ་འཁོར་ཏེ་དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་རོ། །ཡང་དེའི་

སྟེང་དུ་བཾ་ལས་སྟེང་གི་རྒྱ་མཚོ་སྟེ། དེའི་དབུས་སུ་རི་རབ་བོ། །ཁོངས་སུ་འདུ་བ་ཐམས་ཅད་ནི་ཡིད་ཙམ་གྱིས་མོས་པར་བྱའོ། །སྔོན་བཞིན་དུ་ཞེས་བྱ་བ་ནི་བསྲུང་བ་བསྒོམ་པའི་ཆོ་ག་ལས་འོག་བཅིང་བའི་སྔགས་སྔོན་བཞིན་ཏེ། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦཾ་སྭཱ་ཧཱ། ཞེས་བྱ་

བའོ། །རྡོ་རྗེ་བཅིངས་པས་བྱིན་གྱིས་བརླབ་བོ་ཞེས་བྱ་བ་ནི་སྔར་རྡོ་རྗེ་བཅིངས་པ་བརྐྱང་སྟེ་ས་ལ་གཞག་པས་འོག་བཅིང་བར་བྱའོ་ཞེས་བསྟན་པས་འདིར་ཡང་ངོ་། །འདིར་ཞིང་ཡོངས་སུ་སྦྱོང་བ་ཡིན་ལ། བསྲུང་བ་རྣམས་ནི་སྔར་རང་གི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་བས་བཀོད་པ་རྣམ་པར་

เล่ม ๖๒ · หน้า 210a

དག་པས་སྒྱུ་མ་ལྟ་བུར་འགྲུབ་པས་འདི་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་ཏུ་མེད་པས་ད་ཡང་བསྒོམ་མི་དགོས་སོ། །འོན་ཀྱང་གནས་ཀྱི་གཞི་རི་རབ་དེ་གསར་དུ་རྣམ་པར་སྤྲུལ་པར་བྱས་པ་དང་། དེ་ལ་ཡང་ཐགས་བཟངས་རིས་ལ་སོགས་པའི་གནོད་པ་ཆེན་པོ་

ཡོད་པར་བཤད་པས། རྟོག་པ་བླང་ཐབས་པ་འབྱུང་བ་སྲིད་པ་དགག་པར་འོག་བཅིང་བ་འབའ་ཞིག་ཀྱང་བྱའོ། །དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ་ཞེས་བྱ་བ་ལ། འདིར་དཀྱིལ་འཁོར་ཆེན་པོར་བསྒོམས་ན་ངེས་པར་མངོན་པར་བྱང་ཆུབ་པ་ལྔ་བསྒོམ་པར་སྔར་

རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྐྱེད་དམ། དེ་བཞིན་གཤེགས་པའི་དམ་ཚིག་སེམས་དཔར་བསྐྱེད་ཀྱང་རུང་སྟེ་འདིར་རྣམ་པར་སྣང་མཛད་ཀྱི་གནས་སུ་འདུག་ལ་རྣམ་པར་སྣང་མཛད་དུ་གྱུར་པར་བྱའོ་ཞེས་པའི་དོན་ཏོ། །བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་

མངོན་དུ་བྱ་བ་ནི་ཁམས་གསུམ་ཆར་ལ་འདོད་ཆགས་དང་བྲལ་བ་བྱས་ལ། དེ་ནས་མངོན་པར་བྱང་ཆུབ་པ་བསྟན་པའི་ཕྱིར་རོ། །འདིར་ཐོད་རྒལ་གྱི་སྙོམས་པར་འཇུག་པ་དང་། དེའི་འོག་ཏུ་ཡང་བསམ་གཏན་བཞི་པའི་ཆུང་ངུའི་ཆུང་ངུ་ལ་སྙོམས་པར་འཇུག་ཅིང་། དེ་ནས་ཡིད་ཀྱི་

ལུས་ཀྱིས་འོག་མིན་གྱི་ཁང་པར་བསྐལ་པ་གྲངས་མེད་པ་གསུམ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པའི་གཟུགས་སུ་བདག་ཉིད་བསྐྱེད་པར་བསམས་ཏེ། སྔར་ངན་སོང་བ་ཐར་པར་བྱས་པའི་དུས་དང་། འདི་གཉི་གར་ཡང་བསྐལ་པ་གྲངས་མེད་

པ་གསུམ་གྱིས་ངེས་པར་བྱུང་བ་སྨོས་པ་ནི་གཉི་ག་ཡང་ས་བཅུ་པའི་དབང་ཕྱུག་ཏུ་འདྲ་བས་ན་སྟེ། འོན་ཀྱང་དེར་ནི་ཐ་མལ་པ་ཡིན་ལ། འདིར་སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་པ་ལྟ་བུ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་འཁོད་པ་དག་ནི་ས་བཅུ་པའི་མཆོག་ཏུ་གྱུར་

པར་རིག་པར་བྱའོ། །ད་ནི་འདིར་སྔ་མ་དང་ཕྱི་མ་དག་གི་གོ་རིམས་དྲན་པར་བྱ་སྟེ། དང་པོ་གནས་ངེས་པར་བྱ་སྟེ། དེ་ནས་ཞིང་ཡོངས་སུ་སྦྱངས་ལ། གནས་བསྲུང་བ་དང་རྟེན་གྱི་དཀྱིལ་འཁོར་དང་གདན་བསྒོམས་ཏེ། དབུས་སུ་བདག་ཉིད་འདུག་ནས་ཁམས་གོང་མ་གཉིས་ཀྱི་ཏིང་ངེ་

เล่ม ๖๒ · หน้า 210b

འཛིན་བསྐྱེད་དེ། འོག་མིན་དུ་གནས་པས་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་རིགས་ལྔའི་དམ་ཚིག་ལ་ཞུགས་ཏེ། ཏིང་ངེ་འཛིན་མཁའ་ཁྱབ་ལ་སྙོམས་པར་ཞུགས་ལ། དེ་བཞིན་གཤེགས་པ་ལྔའི་ལུང་ལ་བརྟེན་ནས་མངོན་པར་བྱང་ཆུབ་པ་ལྔ་བསྐྱེད་དེ། དེ་བྱིན་གྱིས་བརླབ་

པའི་སངས་རྒྱས་ཐམས་ཅད་ལུས་ལ་བཅུག་ཅིང་། སེམས་མ་རྡོ་རྗེ་མ་ལ་སོགས་པས་གནས་བཞིར་བྱིན་གྱིས་བརླབས་ཏེ། རིགས་ལྔ་གོ་འཕང་ལ་གནས་པས་དབང་བསྐུར་བ་མནོས་ཏེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་ཀྱང་གནས་བཞིར་བྱིན་གྱིས་བརླབས་ལ། དེ་བཞིན་གཤེགས་པ་

བཞིས་བསྐོར་ཏེ་རི་རབ་ཀྱི་རྩེ་མོར་བཞུགས་པར་བྱའོ་ཞེས་བྱའོ། །དེ་ལ་འདིར་ཁ་ཅིག་ན་རེ་དཀོན་མཆོག་གསུམ་དྲན་པའི་སྔོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་ཞིང་འདི་ཏིལ་གྱི་གང་བུ་བཞིན་དུ་ཡོངས་སུ་གང་ངོ་ཞེས་བྱ་བ་འདི་ལ་དོན་མེད་པས་ངག་ལྷག་

པར་བརྗོད་དོ། །ཡང་གལ་ཏེ་དང་པོ་ནས་དེ་བཞིན་གཤེགས་པ་དེ་དག་བྱོན་ནས་སེམས་དཔའ་ཆེན་པོ་འདི་ཡང་མི་གཡོ་བའི་ཏིང་ངེ་འཛིན་ལ་འཇུག་པ་ལས་བཟློག་ནས་མངོན་པར་བྱང་ཆུབ་པ་སྟོན་པར་མཛད་ཀྱི་ཡལ་བར་མི་འདོར་རོ་ཞེས་བྱ་བ་དང་། རིགས་ལྔའི་དམ་ཚིག་ལ་འཇུག་པ་འདི་

ལ་དགོས་པ་མེད་དེ་སྔར་དམ་ཚིག་བཟུང་ཟིན་པས་འདིར་དེ་དྲན་པ་ལ་དགོས་པ་ཁྱད་པར་ཅན་མེད་དོ་ཞེས་ཟེར་ལ། གཞན་ཡང་མངོན་པར་བྱང་ཆུབ་པ་ལྔའི་དུས་སུ་དང་པོ་ནི་མཐོང་བའི་ལམ་ཡིན་ལ། གཉིས་པ་ནི་བསྒོམ་པའི་ལམ་སྟེ། གསུམ་པ་དང་བཞི་པ་ནི་བར་ཆད་མེད་པའི་ལམ་

ལ། ལྔ་པ་ནི་མཐར་ཕྱིན་པའི་ལམ་ཡིན་པ་ལས། སློབ་དཔོན་གྱིས་རྣམ་པར་དབྱེ་བ་མེད་པ་ཁོ་ནར་སྨོས་པས་འདིར་གཟུང་བར་བྱ་བ་མེད་པས་སྐབས་འདིར་ལེགས་པར་མ་བསྟན་ཏོ་ཞེས་ཟེར་རོ། །དེ་ནི་དམ་པ་མ་ཡིན་ཏེ་དང་པོ་དེ་བཞིན་གཤེགས་པ་འདུས་པ་ཁོ་ནའི་སྤྱན་སྔར་

རིགས་ལྔའི་དམ་ཚིག་བརྟན་པོར་དམ་བཅས་པས་དེ་བཞིན་གཤེགས་པ་དེ་དག་གིས་མངོན་པར་བྱང་ཆུབ་པའི་མན་ངག་བསྟན་པའི་བསྐལ་པ་བར་དུ་བྱེད་པ་སྟེ། གདུལ་བྱ་འབྱུང་བར་འགྱུར་བ་དག་ཀྱང་དམ་ཚིག་ལ་ལྷག་པར་ནན་ཏན་བྱེད་པ་ལྟ་ན་བླ་མས་མན་ངག་བསྟན་གྱི་གཞན་དུ་མ་

เล่ม ๖๒ · หน้า 211a

ཡིན་ནོ་ཞེས་ཀྱང་བསྟན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་དེ་དག་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་བྱོན་ཏེ། སེམས་དཔའ་ཆེན་པོ་དེ་ཁོ་ན་ལ་ལུང་འབོགས་པའི་ཕྱིར་འདུས་ཀྱང་དུས་ལ་གཟིགས་པས་ད་དུང་མངོན་པར་བྱང་ཆུབ་པར་མི་སྟོན་ཏེ། མི་

གཡོ་བའི་ཏིང་ངེ་འཛིན་གྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བར་མི་ནུས་པ་དང་། དེའི་འོག་ཏུ་གདོད་ལམ་སྦྱིན་པ་ནི་ཏིང་ངེ་འཛིན་དེ་ལ་དམ་པར་ལྟ་བ་དག་བཟློག་པར་འགྱུར་གྱི་གཞན་དུ་ན་མངོན་པར་བྱང་ཆུབ་པའི་ལམ་གྱིས་རྫོགས་པར་འཚང་རྒྱ་བ་ལྟར་མི་གཡོ་

བའི་ཏིང་ངེ་འཛིན་གྱིས་ཀྱང་འཚང་རྒྱ་བར་ནུས་པས་མཐུ་འདྲའོ་ཞེས་དེ་ལ་མངོན་པར་ཞེན་པ་མི་ལྡོག་པར་འགྱུར་བས་སོ། །དེས་ན་དེ་ལ་ཉེས་པ་མི་བརྗོད་དོ། །རིགས་ལྔའི་དམ་ཚིག་ལ་འཇུག་པ་ཡང་དོན་ཆེ་སྟེ། སྔར་བརྗོད་པ་ལྟར་བསྟན་པར་འགྱུར་བའི་རྒྱུ་དང་སྣོད་དུ་གཟིགས་པ་དང་།

གདུལ་བྱ་འབྱུང་བར་འགྱུར་བ་ལ་ཡང་ཕན་པར་འགྱུར་བ་དང་རང་བཞིན་གྱིས་ཀྱང་བློ་ཆེན་པོ་ཅན་དག་དོན་ཆེན་པོ་བསྒྲུབ་པར་ཉེ་བར་གནས་པ་ན་དེ་སྒྲུབ་པའི་རྒྱུདམ་བཅས་པ་ལྷག་པར་བརྟན་པ་དང་། མི་ཕྱེད་པར་དམ་བཅའ་སྟེ། དགོས་པ་སྒྲུབ་པ་ལ་མཁས་རྣམས་སྲན་ཐུབ་པས་

དཀའ་བ་རྣམས་ཀྱང་དཀའ་བ་མེད་པར་རྒྱལ། །ཞེས་བརྗོད་པ་ལྟ་བུའོ། །མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རྣམ་པར་བསྟན་པ་ནི་སློབ་དཔོན་གྱི་ཞལ་སྔ་ནས་རྩ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་སྣང་བའི་ནང་དུ་རེ་རེ་ནས་ཡེ་ཤེས་ལྔའི་དབང་དུ་བྱས་ཏེ་བསྟན་པས། དེ་ཉིད་ཀྱི་དོན་གོ་བས་འདིར་ཡང་

རྒྱུད་ཀྱི་ཚིག་རིམ་པ་མ་བསྟན་པས་འདི་ལ་ཡང་ཉེས་པ་མེད་དོ། །གང་དག་མངོན་པར་བྱང་ཆུབ་པ་དང་པོ་ནི་འཇིག་རྟེན་ལས་འདས་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་མཐོང་བས་མཐོང་བའི་ལམ་སྟེ། ཟླ་བའི་དཀྱིལ་འཁོར་དུ་ཡང་སྣང་ལ། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་

དང་བསྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་ངེས་རྟོག་བསྒོམ་པའི་ལམ། །ཞེས་བྱ་བའི་ལུས་ཀྱིས་བསྒོམ་པའི་ལམ་ནི་མཚན་ཉིད་མེད་ཀྱི་ལམ་སྔ་མ་ཉིད་གོམས་པར་བྱེད་པས་ན་ཟླ་བའི་དཀྱིལ་འཁོར་སྔ་མ་ཉིད་ཆེར་འཕེལ་བ་སྟེ་སྔ་མ་ནི་ཚེས་གཅིག་པའི་རྣམ་

เล่ม ๖๒ · หน้า 211b

པ་ལྟ་བུ་ལ་འདི་ཉ་གང་བ་ལྟ་བུའོ། །དེ་ནས་བསྒོམ་པའི་ལམ་དེ་ཉིད་རབ་ཏུ་བསྟན་ཏེ་སྐད་ཅིག་ཁོ་ནས་སྒྲིབ་པ་གཉིས་ཕྲ་བའི་ཕྲ་བ་ཡན་ཆད་སེལ་བས་སངས་རྒྱས་ཀྱི་སའི་སྒྲིབ་པ་འཇོམས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ངོ་བོ་དང་པོ་ནི་རྡོ་རྗེ་བསྒོམ་པ་ཡིན་ལ། དེའི་མཐར་ཐུག་ལ་ནི་རྡོ་རྗེའི་ང་རྒྱལ་བྱ་

བ་སྟེ། འདི་རྣམ་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུ་བརྙེས་ནས། དེའི་མཐུ་ལས་གཟུགས་ཀྱི་སྐུ་འབྱུང་བ་མངོན་པར་བྱང་ཆུབ་པ་ཐ་མ་སྟེ། ཇི་ལྟར་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། རྒྱལ་བ་ཆོས་ཉིད་ལུས་མེད་རབ་ཞི་བ། །གཉིས་མེད་རང་བཞིན་མེད་པ་

ཐུགས་ཆུད་ནས། །གཟུགས་སྐུ་བཟང་པོ་མཚན་གྱིས་བརྒྱན་པ་ཡིས། །འགྲོ་བ་མ་ལུས་བཀང་ཞིང་སྟོན་པར་མཛད། །ཅེས་གསུངས་པ་ལྟ་བུའོ། །དེས་ན་དང་པོ་ཟླ་བ་ཚེས་གཅིག་པ་ནས་བཟུང་བའི་བར་འདི་ནི་འཇིག་རྟེན་ལས་འདས་པའི་ལམ་མོ་ཞེས་ཟེར་རོ། །གཞན་དག་ནི་རྡོ་

རྗེ་རྩེ་མོ་ལས་ཟླ་བའི་དཀྱིལ་འཁོར་ཆེན་པོ་གཉིས་པ་ཞེས་འབྱུང་བས་ཟླ་བ་གཉིས་ཀ་ཉ་གང་བའོ་ཞེས་ཟེར་རོ། །གཞན་དག་ནི་གདུལ་བྱའི་ངོར་ཟླ་བ་ལ་སོགས་པ་བསྟན་ཀྱང་། རང་བཞིན་གྱིས་མངོན་པར་བྱང་ཆུབ་པ་ལ་མཚན་མར་སྣང་བ་དེ་དག་མེད་དོ་ཞེས་ཟེར་རོ། །སློབ་དཔོན་གྱི་

ཞལ་སྔ་ནས་ནི་ཡེ་ཤེས་ལྔའི་རྒྱུར་བསྟན་པས་མངོན་པར་བྱང་ཆུབ་པ་ལྔ་བཀོད་ཅིང་མི་བསྐྱོད་པ་ལ་སོགས་པས་བྱིན་གྱིས་བརླབ་པར་བཞེད་དེ། །མདོར་བསྡུས་ན་གསང་སྔགས་ཀྱི་ལམ་འདི་ནི་ཁྱད་པར་གྱི་ལམ་གྱི་བར་དུ་ཡང་བླ་མ་ལས་འཐོབ་ཀྱི་རང་གིས་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་

བྱ་བའི་ཕྱིར་བསྒོམ་པ་དེ་ཡང་སྔར་བསྐལ་པ་གྲངས་མེད་པ་གསུམ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་དང་འདྲ་བར་འགྱུར་ནས་ད་འདིར་མཐོང་བའི་ལམ་ནས་བརྩམས་ཏེ། ལམ་བསྒོམ་པ་ནི་ཆེས་འདོད་པར་བྱ་བ་མ་ཡིན་པས་ན། ཡེ་ཤེས་ལྔ་དང་སྦྱར་བ་འདི་ཉིད་

མཆོག་གོ། །གང་ཡང་རྒྱུད་དང་མདོ་སྡེ་དེ་དག་དེ་དག་ལས་མངོན་པར་བྱང་ཆུབ་པའི་ལམ་མི་འདྲ་བ་རྣམ་པ་མང་པོ་བསྟན་པ་དེ་དག་ཐམས་ཅད་ཀྱང་གདུལ་བྱའི་བསམ་པའི་བྱེ་བྲག་ལ་བརྟེན་པ་ཁོ་ན་སྟེ་རང་གི་མཚན་ཉིད་པའི་མངོན་པར་བྱང་ཆུབ་པ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་

เล่ม ๖๒ · หน้า 212a

ཏུ་ཕྱིན་པ་ལས་བསྟན་པ་ཁོ་ནར་ཟད་པས་ཐམས་ཅད་དུ་དེ་ཉིད་བསྔགས་ཏེ། དེ་བས་ན་བཅོམ་ལྡན་འདས་ནི་ཐབས་ཀྱི་རིམ་པ་མཐའ་ཡས་པ་ཞིག་གིས་གདུལ་བྱ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ལ་མངོན་པར་གཞག་པར་མཛད་པའོ། །འདི་ལ་རྒྱུ་ཇི་

ལྟར་བསྒོམས་པའི་འབྲས་བུ་ཐ་དད་པས་ལམ་ཐ་དད་པ་ལས་འབྲས་བུ་ཐ་དད་པར་འགྱུར་ཞེས་ཀྱང་མི་བརྗོད་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་འགྱུར་བའི་སྐད་ཅིག་གཅིག་ལ་རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མཁྱེན་པས་རྒྱུ་ལ་ལ་སྤྱད་ལ།

ལ་ལ་མ་བསླབས་ཞེས་བརྗོད་པར་ཡང་མི་ནུས་པས་སོ། །ཞར་ལ་འོངས་པས་ཆོག་གི་རྣལ་མ་དཔྱད་དེ་དང་པོ་དཀོན་མཆོག་གསུམ་དྲན་པ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གོ། །དེ་ནས་བྱམས་པ་དང་སྙིང་རྗེ་དང་། འོག་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་

དང་བདེ་བའི་མཆོག་གྲུབ་པའི་ཕྱིར་ཞེས་པ་དང་། དགའ་བ་དང་བཏང་སྙོམས་ནི་སྡོམ་པ་ཐམས་ཅད་ཅེས་པ་དང་། མཆོད་པའི་ལས་ཞེས་བྱ་བས་ལས་ཀྱི་རིགས་སོ། །རིགས་ལྷག་མ་རྣམས་ཀྱི་དམ་ཚིག་ནི་གསལ་ལོ། །ཚུལ་ཐམས་ཅད་ཉེ་བར་བསྟན་པ་ནི་ཕྱི་རོལ་པའི་ལུང་

ཡང་བསྡུས་ཏེ་ཐམས་ཅད་དུ་གཏོགས་པ་དང་། རང་གི་ལུགས་ཀྱིས་ཀྱང་དེ་དཔྱད་པ་དང་ལྡན་པས་སོ། །སྔགས་ཀྱི་སྤྱོད་པའི་སྒོ་ནི་ཐེག་པ་ཆེན་པོ་ཉིད་ཀྱི་ཁྱད་པར་ཏེ། དེ་སྔོན་དུ་བྱ་བ་ནི་སྔར་དམ་བཅས་པ་དེ་བདག་གིས་མཐར་དབྱུང་ངོ་ཞེས་སོ། །མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་

སྙོམས་པར་ཞུགས་སོ་ཞེས་བྱ་བ་ལ་ཏིང་ངེ་འཛིན་འདིའི་ངོ་བོ་ཅི་ཞིག་ཡིན། ཅིའི་ཕྱིར་འདི་ལ་སྙོམས་པར་འཇུག །འདི་ཉིད་ཁོ་ནའི་འབྲས་བུ་ནི་ཅི་ཞེ་ན། དེ་དག་བརྗོད་པར་བྱ་སྟེ། ཏིང་ངེ་འཛིན་གང་གིས་ཤིན་ཏུ་སྟོང་པ་ཉིད་ལ་ཞུགས་ནས་སྣང་བའི་ཕྲེང་བ་མ་ལུས་པ་གསལ་ཏེ།

ཇི་སྲིད་ནམ་མཁའི་མཐས་ཀླས་པ་ཤིན་ཏུ་སྟོང་པ་སྐྱེས་བུ་མིག་བཙུམས་པའི་མིག་གི་ལམ་དུ་གཟུགས་ཐམས་ཅད་ཆད་ཅིང་མི་འཇུག་པ་ལྟ་བུ་ནི་འདིའི་ངོ་བོ་སྟེ། གཡོ་བ་མེད་ལ་དྲན་པ་དང་ཡིད་བདེ་བ་ཐམས་ཅད་ཆད་པས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཐབས་མཁས་པ་དང་

เล่ม ๖๒ · หน้า 212b

བྲལ་བའོ། །གང་དག་འདི་རྣལ་འབྱོར་སྤྱོད་པ་རྣམ་པ་མེད་པའི་གྲུབ་པའི་མཐའོ་ཞེས་ཟེར་བ་ནི་མི་འདོད་དེ། དེ་དག་ནི་རྣམ་པ་མི་འདོད་ཀྱིས་ཀྱང་འཕགས་པ་སོ་སོ་རང་རིག་པ་རང་བཞིན་གྱིས་འོད་གསལ་བ་མཐའ་ཡས་པར་ཁྱབ་པ་མཁས་པས་ནི་འདི་དང་མཐུན་པ་མ་ཡིན་ནོ། །

འདི་ལ་ཅིའི་ཕྱིར་སྙོམས་པར་འཇུག་ཅེ་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མ་རྟོགས་ན་ཉི་ཚེའི་སྟོང་པ་དང་། ཆད་པར་བྱེད་པའི་རྣམ་པ་སུན་འབྱིན་པའི་སྟོང་པས་མངོན་པར་འཚང་མི་རྒྱའོ་ཞེས་བསྟན་པའི་ཕྱིར་ལ་འདིར་ནི་གཙོ་བོར་

བླ་མའི་དྲིན་གྱིས་མ་བསྐྱངས་ན་རང་གི་ཤེས་པའི་མཐུས་ནི་ལམ་ཁྱད་པར་ཅན་མི་རྟོགས་སོ་ཞེས་བླ་མ་ལ་གུས་པར་བྱ་བའི་ཕྱིར་རོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཀྱང་། །ཉེར་འགྲོ་དང་ནི་སངས་རྒྱས་ཏེ། །ང་ལ་སློབ་དཔོན་སུ་ཡང་མེད། །ཅེས་གསུངས་ཤིང་རང་བྱུང་གི་ཡེ་ཤེས་

ཞེས་པ་བྱ་བའང་གསུངས་ལ། རང་སངས་རྒྱས་ཀྱང་རང་གི་ཤེས་པས་འབྲས་བུ་ཐོབ་ན། སྔགས་ཀྱི་ལམ་འདིར་ཅིས་ན་བླ་མ་ལ་རག་ལས་པ་གཙོར་བྱེད་ཅེ་ན། ལམ་འདིར་ནི་ཤིན་ཏུ་མཚན་མ་དང་བཅས་པའི་བྱ་བ་དང་། ཤིན་ཏུ་སྦྱང་བར་དཀའ་བའི་བྱ་བ་བུད་མེད་

བསྟེན་པ་ལ་སོགས་པ་ཡང་དང་ཡང་བསྟན་ཏེ། དེ་དག་བསྟན་པ་མེད་པར་ནི་ཐེག་པ་ཆེན་པོ་འདི་ལ་འདུན་པ་ཆེས་ཉུང་བར་འགྱུར་ཞིང་། དེ་དག་ཀྱང་དེ་ཁོ་ན་ལྟར་སྒྲ་ཇི་བཞིན་དུ་སྤྱད་པར་བྱ་བ་མ་ཡིན་པས་ན་དང་པོ་འདི་ལ་གཞུག་ཅིང་ཞུགས་ནས་སྒྲ་ཇི་བཞིན་པའི་ལམ་

གྱིས་ཡོངས་སུ་ཉམས་པ་དགག་པའི་ཕྱིར། ཆེས་ཐབས་དམ་པ་སྟོན་པའི་བླ་མ་ལ་རག་ལས་པར་རིགས་ཏེ་དགེ་སློང་གི་དངོས་པོ་རྙེད་ནས་གནས་བཞིར་བསྒྲགས་པ་ལྟ་བུའོ། །ཏིང་ངེ་འཛིན་འདིའི་འབྲས་བུ་ནི་དམ་པར་གྱུར་པ་ཅི་ཡང་མེད་དོ། །དངོས་པོའི་སྟོབས་ཀྱིས་མ་

ཞུགས་པའི་ཕྱིར་རོ། །དེ་ཡང་དངོས་པོ་ནི་རྣམ་པ་ཐམས་ཅད་དང་ལྡན་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་རྣམ་པར་གནས་ལ། དེའི་བློ་ནི་རྣམ་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ལ་ཞུགས་པས་སོ། །ལྷག་མ་རྣམས་ཀྱི་ཚིག་གི་དོན་

เล่ม ๖๒ · หน้า 213a

ནི་གོ་སླའོ། །གཞན་གྱི་དོན་དུ་དཀྱིལ་འཁོར་སྤྲུལ་པའི་དང་པོར་ཆོ་ག་དེ་སྙེད་ཀྱིས་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྲུབ་པར་བྱ་བའི་རྣལ་འབྱོར་རབ་ཏུ་རྒྱས་པ་འདི་ཡིན་པས་ན་དང་པོའི་རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་སྨོས་ཏེ།

དེ་ཙམ་གྱིས་བདག་གི་དོན་ཕུན་སུམ་ཚོགས་པར་འགྲུབ་པར་ཁོང་དུ་ཆུད་པར་བྱའོ། །ད་ནི་བདག་གི་དོན་ཇི་ལྟ་བར་གྲུབ་ནས་དཔེ་མེད་པའི་འཁོར་དང་གནས་ཀྱི་ལོངས་སྤྱོད་བཀོད་པ་བསྟན་པ་སྔོན་དུ་འགྲོ་བས་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་མཆོག་ཏུ་གཞོལ་

བ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་སྲིད་པས་སྐྱོ་ཞིང་ཡིད་བྱུང་བ་རྣམས་དང་། མུ་སྟེགས་བྱེད་ཕྱུགས་ལྟ་བུ་ལམ་ངན་པ་ལ་གནས་པ་དག་དང་། ཁ་ཅིག་ལྷ་དང་མིའི་འབྱོར་པ་ལ་ལྷག་པར་ཆགས་ནས་སྲིད་པ་ལ་གྱེན་དུ་འབྱུང་བར་མི་རྩོལ་བ་དག་ལ་ལྷ་དང་མི་ལས་ཡང་དག་

པར་འདས་པའི་རྒྱལ་སྲིད་ཀྱི་དབང་ཕྱུག་བྱིན་གྱིས་བརླབས་པས། དེ་དག་གིས་བདེ་བ་ཆེན་པོ་འདོད་པའི་ཡོན་ཏན་ལྔ་འདོད་ཆགས་དང་བྲལ་བ་དག་ཀྱང་ཡིད་འཕྲོག་པར་བྱེད་པ་འདིར་མངོན་པར་དགའ་བཞིན་དུ་འཇུག་པར་བྱ་བའི་ཕྱིར་བཙུན་མོ་དང་། བློན་པོ་དང་། སྲས་དང་། གཡོག་མོ་

དང་། རྩེ་དགོད་དང་བཅས་པའི་ནང་གི་ལོངས་སྤྱོད་དང་། དཔེ་མེད་པའི་གནས་དང་རྒྱན་བཀོད་པའི་དཀྱིལ་འཁོར་སྤྲུལ་པ་བསྟན་ཏེ། འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་ཆོས་ཀྱི་རྒྱལ་པོའོ། །དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་ནི་བློན་པོ་ཆེན་པོ་ལྟ་བུའོ། །རྡོ་རྗེ་

སེམས་མ་ལ་སོགས་པ་བཞི་ནི་བཙུན་མོ་དམ་པ་ལྟ་བུའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་ནི་སྲས་རྒྱལ་ཚབ་ལ་སོགས་པའོ། །རྡོ་རྗེ་སྒེག་མོ་ལ་སོགས་པ་ནི་བློན་པོའི་ཆུང་མ་སྟེ་རྒྱལ་པོའི་འབངས་མ་དམ་པ་རྣམས་སོ། །རྡོ་རྗེ་མེ་ཏོགས་ལ་སོགས་པ་ནི་གཡོག་མོ་དམ་པ་རྣམས་

སོ། །རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་ནི་རྩེ་དགོད་པ་རྣམས་སོ། །གཞན་ཡང་ཕྱི་རོལ་གྱི་འཁོར་སའི་སྣམ་བུ་ལ་མཐའ་ཡས་པར་མཆོད་པས་ལག་པ་སྦྲེལ་ཅིང་གླུ་ལེན་ལ། རྡོ་རྗེའི་གར་བྱེད་པའི་ལྷ་མོ་བུད་མེད་རིན་པོ་ཆེ་ཟིལ་གྱིས་གནོན་པ་རྣམས་ཀྱིས་སྐད་ཅིག་ཀྱང་འབྲལ་མི་ནུས་པར་དགའ་

เล่ม ๖๒ · หน้า 213b

བར་བྱེད་ལ་ཡིད་འཕྲོག་པའི་ལྷ་མོ་དང་། རིན་པོ་ཆེའི་གདུགས་དང་། བ་དན་དང་། ལྷའི་གོས་དང་། ལྡ་ལྡི་མཆོག་དང་། བླ་རེ་དང་། རྔ་ཡབ་དཀར་པོ་ནོར་བུ་དང་གསེར་གྱི་ཡུ་བ་ཅན་དང་མེ་ལོང་དང་མུ་ཏིག་གི་དོ་ཤལ་དང་དོ་ཤལ་ཕྱེད་པ་དང་མུ་ཏིག་དམར་པོའི་ཤམ་བུ་དང་དཔེ་མེད་

པར་དྲི་ཞིམ་པའི་བདུག་པ་དང་དྲི་དང་ལྷའི་ལས་འདས་པའི་བདུད་རྩིའི་བྱེ་བྲག་སྣ་ཚོགས་པའི་བཟའ་བ་དང་བཏུང་བ་དང་བཅའ་བ་དང་མྱང་བ་དང་བལྡག་པ་དང་། གཞིབ་པ་ཐམས་ཅད་ཁ་དོག་དང་དྲི་དང་རོ་དང་རེག་པ་ཕུན་སུམ་ཚོགས་པས་གང་བ། ལྷའི་ཚོགས་དེ་དག་ཀྱང་ཕན་ཚུན་

ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱིས་དགྱེས་ཤིང་འཛུམ་པ་ཟག་པ་མེད་པའི་བདེ་བ་དཔེ་མེད་པ་ཉམས་སུ་མྱོང་བས་བཞུགས་པ་སྟེ། དེ་ནི་འདི་ལྟར་བཅོམ་ལྡན་འདས་དང་པོ་གསང་སྔགས་ཀྱི་ལམ་དུ་སེམས་བསྐྱེད་པ་ནས་བརྩམས་ཏེ་ཡུན་རིང་ཞིག་ཏུ་དཀྱིལ་འཁོར་ཆེན་པོར་སྣང་བ་

ལྟ་བུའི་མཆོད་པ་བྱས་ཤིང་ཏིང་ངེ་འཛིན་དེ་ལྟ་བུ་ཡང་ཡུན་ཤིན་ཏུ་རིང་བར་གོམས་པར་བྱས་པས། དེའི་འབྲས་བུ་གྲུབ་པ་ལ་ལོངས་སྤྱོད་པའི་ཕྱིར་རོ། །རྣམ་པ་འདི་ལྟ་བུའི་དཀྱིལ་འཁོར་སྤྲུལ་པས་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་ཡང་ལམ་བདེ་

བ་འདིར་མོས་པར་བྱས་ལ་འདོད་པའི་ལྷའི་རྒྱལ་པོ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་འཛམ་བུའི་གླིང་དུ་རྒྱལ་པོ་ཀ་པི་ནི་ཡང་དགྲ་བཅོམ་པའི་འབྲས་བུ་ལ་བཀོད་ཅེས་གྲགས་པས། དོན་ཆེན་པོ་འདི་ལྟ་བུའི་ཕྱིར་ཡང་འདི་བསྟན་ཏོ། །དེ་ལ་འདིར་གོ་རིམས་ཀྱི་དོན་ནི་དང་པོའི་རྣལ་

འབྱོར་བྱས་མ་ཐག་ཏུ་ལྷ་རྣམས་ཀྱི་གནས་སུ་གདན་ཟླ་བ་བསམས་ལ། དེའི་འོག་ཏུ་མཚན་མ་སྤྲོས་ཏེ་དེ་ཡོངས་སུ་གྱུར་པ་ལས་སེམས་དཔའ་ཆེན་པོ་དེ་དང་དེ་ལ་སོགས་པའི་གཟུགས་སུ་གྱུར་པས་ཐུགས་ཀ་ནས་ཆེད་དུ་བརྗོད་པ་སྨྲ་ཞིང་། དེའི་འོག་ཏུ་དབང་བསྐུར་བའི་མཐར་

ཡང་ཆེད་དུ་བརྗོད་པ་སྨྲ་བར་བལྟ་སྟེ། དེ་ནི་གོ་རིམས་སོམོ། །དེ་ལ་དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་གནས་བཞིར་བདག་ཉིད་ལ་བྱིན་གྱིས་བརླབས་ལ་ཞེས་བྱ་བ་ནི་སྔར་དང་པོའི་རྣལ་འབྱོར་གྱི་མཐར་བྱ་བ་སྟེ། འདིར་བསྟན་པ་ནི་དང་པོ་རྣལ་འབྱོར་བྱས་མ་ཐག་ཏུ་

เล่ม ๖๒ · หน้า 214a

དཀྱིལ་འཁོར་སྤྲོ་བ་ཡང་འཇུག་པར་བྱའོ་ཞེས་བར་མ་ཆད་པར་བསྟན་པའི་ཕྱིར་རོ། །རང་གི་སྙིང་གར་སོན་པའི་རྡོ་རྗེ་སེམས་དཔའ་ནི། སྙིང་གའི་གནས་སུ་བླ་མས་རྡོ་རྗེ་ཕབ་པ་སྟེ། བརྗོད་པ་གཉིས་སྔོན་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་

ནི་རྣམ་པར་སྣང་མཛད་ཉིད་དོ། །དེ་ཉིད་ལ་སྔར་དེ་བཞིན་གཤེགས་པ་ཞུགས་པས་སོ། །གཞན་དག་ནི་རང་གི་རིགས་ཀྱི་གདན་རང་རང་གི་དེ་བཞིན་གཤེགས་པའི་ཐུགས་ཀ་ནས་སྤྲོས་པ་ཐམས་ཅད་ཀྱི་སྒྲས་སངས་རྒྱས་ལྔ་གཟུང་ཞེས་ཟེར་རོ། །དེ་ནས་དེ་དག་ལ་བྱམས་

པ་ལ་སོགས་པས་ནི་སེམས་དཔའ་ཆེན་པོ་རེ་རེ་ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པའི་ཕྱིར་ཕན་ཚུན་བསྡུས་པའི་རྒྱུར་སྦྱོར་བའོ། །ཚད་ཆེན་པོའི་རྡོ་རྗེ་བསྒོམ་པ་ནི་ཡང་དག་པར་ན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོའི་མཐུའི་འཕྲུལ་པ་སེམས་དཔའ་རྡོ་རྗེ་སྣང་བས་

འདི་ཆོས་ཀྱི་སྐུ་ལས་བྱུང་བར་བསྟན་པའོ། །ཡང་ཐུགས་ཀར་སོན་པའི་རྡོ་རྗེའི་ཚད་ཉིད་དུ་གྱུར་ཞེས་པ་ནི་རང་གི་ལུས་འབྱུང་བ་དང་འཚམ་པའི་རྒྱུར་བྱིན་གྱིས་བརླབ་པ་དང་། གཟུགས་ཀྱི་ལུས་ནི་ནམ་མཁའི་གཏོས་ཐམས་ཅད་ཁྱབ་པར་དམིགས་པར་མི་ནུས་པས་སོ། །རང་གི་

ལག་ཏུ་གནས་པར་བསམ་པ་ནི་འདི་དག་བཅོམ་ལྡན་འདས་འདིའི་ཕྱག་ལྟར་གནས་ཏེ་སྐྱེས་བུའི་ལག་པ་གཡས་པ་ལྟར་དགོས་པ་ཐམས་ཅད་བྱེད་པར་བསྟན་པའི་ཕྱིར་རོ། །ཐུགས་ཀར་གྱུར་པའི་རྡོ་རྗེ་ལ་ཞུགས་པ་ནི་དེ་ནི་ཕྱི་རོལ་གྱི་ལུས་མ་ཡིན་ཏེ་དེ་བཞིན་གཤེགས་པའི་

ཐུགས་ཉིད་དོ་ཞེས་བསྟན་པའོ། །ཆོ་ག་འདི་དག་གིས་ཀྱང་དཀྱིལ་འཁོར་གྱི་ལྷ་ཇི་སྙེད་པ་ནི་རང་གི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པའོ་ཞེས་བསྟན་པས་རྒྱུད་གཞན་དུ་འཛིན་པའི་རྟོག་པ་བཀག་པའོ། །སངས་རྒྱས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བས་ཀྱང་མངོན་པར་དབང་བསྐུར་ཏེ་ཞེས་

བྱ་བ་ལ་འདི་དག་ནི་རིགས་ལྔའི་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བ་ཡིན་ལ། རིགས་རེ་རེ་ཡང་རིགས་ལྔ་ལྔ་དང་མཚུངས་པར་ལྡན་པས་ན་རིགས་ལྔའི་བདག་པོས་དབུ་བརྒྱན་པར་བྱའོ། །གང་དུ་དེ་བཞིན་གཤེགས་པ་རྣམས་ལ་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བ་དེར་ནི། དེ་

เล่ม ๖๒ · หน้า 214b

དག་ལ་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་ཕུལ་བའི་རྟགས་ཀྱིས་མཚན་པ་ཡིན་ལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་ལ་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བ་ཡང་། དེ་དག་ནི་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཁོ་ན་ཡིན་ལ།

སྐྱེ་བ་གཅིག་གིས་ཐོགས་པ་དག་ལ་ནི་ངེས་པར་དེ་བཞིན་གཤེགས་པའི་དབུ་རྒྱན་ཉིད་གནང་བས་དེ་ཉིད་རིགས་ཏེ། ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དགའ་ལྡན་དུ་ཉིད་ཀྱི་དབུ་རྒྱན་ཕུད་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་མགོ་ལ་གཞག་གོ་ཞེས་

གསུངས་པ་ལྟ་བུའོ། །བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་སྒྲུབ་པར་བྱེད་པ་དང་པོའི་རྡོ་རྗེ་དང་། དང་པོའི་རྡོ་རྗེས་མཚན་པའི་དྲིལ་བུ་ཞེས་བྱ་བ་ལ་སོགས་པ་ལ་

བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཞེས་བྱ་བ་མི་སློབ་པའི་ཕུང་པོ་ལྔ་སྟེ། དེ་དག་དགྲ་བཅོམ་

པ་ལ་སོགས་པ་ཡང་ཡོད་པས་དེ་གསལ་བའི་ཕྱིར་བླ་ན་མེད་པ་སྨོས་ཏེ། སངས་རྒྱས་ཀྱི་སས་བསྡུས་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སངས་རྒྱས་ཀྱི་སའི་ཆོས་ཐམས་ཅད་བསྡུ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་དུ་མངོན་པར་རྫོགས་

པར་བྱང་ཆུབ་པ་ཞེས་སོ། །དེ་སྒྲུབ་པར་བྱེད་པ་ནི་དབང་བསྐུར་བ་སྟེ། དེ་ཡང་དང་པོའི་རྡོ་རྗེ་སྟེ་དེ་བཞིན་གཤེགས་པའི་རྡོ་རྗེ་དང་དེས་མཚན་པའི་དྲིལ་བུ་ལ་སོགས་པས་དབང་བསྐུར་བའོ། །ཕྱོགས་འདིས་ནི་སེམས་དཔའ་ཆེན་པོ་དག་ལ་མོས་པའི་གང་ཟག་དགའ་བར་བྱས་པ་ཡང་

བལྟ་སྟེ། དེ་དག་དེ་བཞིན་གཤེགས་པ་ཉིད་དུ་བསྒྲུབ་པས་སོ། །མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་རྣམས་འགྲུབ་པའི་ཕྱིར་དང་། ཀུན་དུ་བཟང་པོའི་ཕྱིར་སྦྱིན་ཞེས་གཉིས་ཀ་བཞི་པའི་མཐའ་བསྟན་པ་ནི། དབང་བསྐུར་བ་དེ་དག་གིས་སེམས་དཔའ་

เล่ม ๖๒ · หน้า 215a

ཆེན་པོ་དེའི་བདག་དང་གཞན་གྱི་དོན་འགྲུབ་པར་བསྟན་པའོ། །མིང་གི་དབང་བསྐུར་བ་ལ་སོགས་པ་ཞས་བྱ་བ་ལ་སོགས་པ་སྨོས་པས་ནི་རྗེས་སུ་གནང་བ་དང་ལུང་བསྟན་པ་དག་ཏུ་བསྡུའོ། །གཞན་དག་ནི་འདི་ལ་ལུང་བསྟན་པ་མི་འདོད་དེ་རྗེས་སུ་གནང་བ་ཙམ་

ཞེས་ཟེར་རོ། །ལུང་བསྟན་པ་ཁས་བླང་བ་ལ་ཉེས་པ་མེད་དེ་ཐ་དད་པ་མེད་ཀྱང་སེམས་ཅན་གྱི་དོན་དུ་ཐ་དད་པར་བསྟན་ནས་ནམ་ཞིག་ན་དེ་ཡང་རྫོགས་པར་བྱང་ཆུབ་པའི་དཀྱིལ་འཁོར་གྱི་བདག་པོར་འགྱུར་ཞེས་ཐབས་མཁས་པའི་དཀྱིལ་འཁོར་གྱིས་ཏེ་འདི་ལེགས་སོ། །གཞན་དག་

དང་པོ་ཆུའི་དབང་བསྐུར་བ་འདིར་སོགས་པའི་སྒྲ་སྨོས་པས་བསྡུས་ཞེས་ཟེར་རོ། །དེ་ནི་མི་འདོད་དེ་ཐ་མར་བསྟན་པས་དང་པོར་བྱ་བ་བསྡུ་བ་ནི་ཧ་ཅང་ཁྱབ་ཆེས་པའི་ཕྱིར་དང་། ཆུའི་དབང་བསྐུར་བ་ནི་ཤུགས་ཀྱིས་རྟོགས་ཏེ་གང་དུ་ཡང་བུམ་པ་མེད་པར་དབང་བསྐུར་བ་མི་འཚམ་

ལ། བུམ་པ་ཡང་ཆུས་མ་བཀང་བའི་སྟོང་པས་མིན་ཞེས་འཇིག་རྟེན་གྱི་ལུགས་ཉིད་ལ་ལྟོས་པས་སོ། །ཆོ་ག་དེ་དག་ནི་སེམས་དཔའ་ལྷག་མ་རྣམས་ལ་ཡང་བལྟའོ་ཞེས་བསྟན་པའི་ཕྱིར་ནི། དེ་ལྟར་སྐྱེས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐྱེད་པ་ནི་ཟླ་བ་དང་རྡོ་རྗེ་ཆེན་པོ་དང་།

རྡོ་རྗེ་ཆུང་ངུ་དང་། སེམས་དཔའི་ལུས་རྣམས་སོ། །སྤྲོ་བ་ནི་དེ་དག་ལས་འོད་ཟེར་རྣམས་སོ། །བསྡུ་བ་ནི་སླར་དེ་དག་ཉིད་ལའོ། །དེས་ན། སྤྲོ་བའི་གནས་དང་བསྡུ་བའི་གནས། །ཞེས་སྦྱར་ཏེ་རྡོ་རྗེ་རྣམ་པ་གཉིས་པོ་དག་ནི་སྤྲོ་བ་དང་བསྡུ་བ་

གཉིས་ཀའི་གནས་སོ། །སེམས་དཔའི་ལུས་ནི་བསྡུ་བའི་གནས་སོ། །དེ་དག་བརྟན་པར་བསྒོམ་པ་ནི་སེམས་མི་གཡེང་བར་བྱ་བ་སྟེ། དེ་དག་ནི་རྡོ་རྗེ་ཁུ་ཚུར་གྱི་བར་དུ་བལྟའོ་ཞེས་སྦྱར་རོ། །སེམས་མ་རྡོ་རྗེ་མ་ལ་སོགས་པ་ནི་ལུགས་གཞན་ཡིན་པས་དེ་ནས་མི་བསྐྱོད་པའི་ང་

རྒྱལ་གྱིས་སེམས་མ་རྡོ་རྗེ་མ་བསྒྲུབ་པོ་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་དབུས་ན་གནས་པའི་འདུ་ཤེས་གཏད་པས་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་པ་ལ་མཆོད་པའི་ཕྱིར་ཏིང་ངེ་འཛིན་འདི་ལྟ་བུ་བྱ་བ་སྟེ། ཇི་ལྟར་དང་པོ་རྒྱུད་ཀྱི་སེམས་དཔའ་

เล่ม ๖๒ · หน้า 215b

འབྱུང་བའི་བཤད་པའི་རྗེས་སུ་འབྲང་ཞེས་པའི་དོན་ཏོ། །འདི་ནི་དཀྱིལ་འཁོར་རྣམས་ཀྱི་རྒྱལ་པོ་ཡིན་པས་དཀྱིལ་འཁོར་རྒྱལ་པོ་སྟེ། འདིར་དབང་བསྐུར་ན་རིགས་ལྷག་མ་རྣམས་དང་རང་གི་གཟུགས་ཀྱི་དཀྱིལ་འཁོར་ལ་སོགས་པ་ཡང་དབང་བསྐུར་བར་གྱུར་པས་

སོ། །དེ་ཉིད་ཀྱི་ཕྱིར་ན་མཆོག་སྟེ་དམ་པ་ཞེས་བྱ་བའི་དོན་ཏོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་བཤད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་མོས་པར་བྱ་བའི་ཕྱིར་རོ། །འདིར་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་ལེགས་པར་ཁོང་དུ་ཆུད་པས་དཀྱིལ་འཁོར་འདི་ལྟ་བུ་བསྒོམས་

ན་འབྲས་བུ་རབ་ཏུ་མཐུ་ཅན་དུ་འགྱུར་བར་རིག་པར་བྱ་སྟེ། དེ་དག་ཀྱང་རྒྱུད་ཀྱི་འགྲེལ་པར་རྒྱ་ཆེར་བསྟན་པས་དེ་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་གཞན་གྱི་དོན་བྱེད་པ་དང་ཤིན་ཏུ་འཚམ་པའི་དཀྱིལ་འཁོར་ཆེན་པོའི་ཏིང་ངེ་འཛིན་བཀོད་པ་བསྟན་ནས། ད་ནི་འདིར་གཞན་གྱི་

དོན་ལ་ཇི་ལྟར་འཇུག་པ་གཞན་གྱི་དོན་གྱི་ཕྲིན་ལས་ལ་དཀྱིལ་འཁོར་པ་རྣམས་གཞག་པ་བསྟན་པའི་ཕྱིར། དེ་ནས་རྣམ་པར་སྣང་མཛད་དང་བདག་ཉིད་ལྷན་ཅིག་དབྱེར་མེད་པར་རྣམ་པར་བསམས་ལ་བསྡུ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཞིག་རྡོ་རྗེ་སེམས་

དཔའ་ལ་སོགས་པའི་རྣལ་འབྱོར་པ་ཡིན་ན་དེས་མངོན་པར་བྱང་ཆུབ་པ་བསྟན་ཏེ། དཀྱིལ་འཁོར་སྤྲུལ་ནས་སླར་དེའི་རྣལ་འབྱོར་གྱིས་ཐ་དད་པར་གནས་པ་སྲིད་ཅིང་དེ་བཞིན་གཤེགས་པའི་རྣལ་འབྱོར་ཅན་ཡང་ཐ་དད་པར་གནས་པས་ན་འདིར་ལྷན་ཅིག་ཐ་མི་དད་པ་སྨོས་ཏེ། དེ་ལ་

འཇུག་ཅེས་པའི་དོན་ཏོ། །བསྡུ་བར་བྱའོ་ཞེས་བྱ་བ་ནི་འོག་ནས་བསྟན་པའི་སྔགས་དང་ཕྱག་རྒྱས་སོ། །དེ་བཞིན་གཤེགས་པ་རྣམས་ནི་ཐུགས་དམ་གྱི་དབང་གིས་ངེས་པར་འཁོར་དང་བཅས་པ་བྱོན་པས་ན། དེ་ནས་འདུས་ཏེ་བྱོན་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་

དཔའི་འཁོར་གྱི་དཀྱིལ་འཁོར་དང་ཐམས་ཅད་ཅེས་སྨོས་ཏེ། དེ་དག་ཀྱང་རྣལ་འབྱོར་པ་དཀྱིལ་འཁོར་གྱི་བདག་པོར་གྱུར་པ་ལ་ཕྱག་འཚལ་ཞིང་བསྟོད་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ཁྱོད་ཉིད་དེ་བཞིན་གཤེགས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด