འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་གསང་བ་དང་ལྡན་པའི་སྒྲུབ་པའི་ཐབས་ཀྱི་འགྲེལ་པ་ཡེ་ཤེས་གསལ་བ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་གུ་ཧྱ་བཱནྣོ་པི་ཀ་ཛྙཱ་ན་དཱི་པ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๕ · หน้า 134b

རྒྱུད་ཕྱི་མ་ནས་གསུངས་སོ། །ཁྱམས་ལ་སོགས་པ་ནི་ཐམས་ཅད་ལ་མཐུན་ནོ། །དེ་ནས་རིགས་བསྡུས་པའི་རྡུལ་ཚོན་དགྱེ་ན། དབུས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟར། །ལྷག་མ་ནི་རང་རང་གི་དཀྱིལ་འཁོར་ལྟ་བུའོ། །ཕྱིའི་རྒྱན་ནི་སྤྱི་དང་མཐུན་ནོ། །ཁོར་ཡུག་དང་ཁོར་ཡུག་ཆེན་

པོ་ནི་དམར་པོ་དང་དཀར་པོ་བྱས་ལ་རྡོ་རྗེ་སེར་པོ་དང་འོད་ཀྱི་ར་བ་བྱའོ། །དེ་ཡན་ཆད་ནི་རྡུལ་ཚོན་བྲི་བའི་རིམ་པའོ། །དེ་ནས་ཕྱི་རོལ་དུ་དྲི་ཞིམ་པོས་ཉེ་བར་བྱུགས་ལ། མེ་ཏོག་གི་སིལ་མ་གཏོར་ཏེ། ཡི་གེ་བརྒྱ་པ་བཟླས་པའི་ཆུས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། ཕྱི་དང་ནང་དུ་བཅས་པ་ཀུན་

ལ་བསང་གཏོར་བྱའོ། །དེ་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅས་ལ། །ཨོཾ་བཛྲ་ཙཀྲ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཕྱི་དྲོའི་དུས་སུ་གླུ་དང་རོལ་མོ་དང་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱིས་དང་པོའི་འཁོར་ལོ་ཇི་སྙེད་དང་ཅི་འདོད་པ་བཞིན་དུ་

མཆོད་ཅིང་བརྟག་པར་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་དམ་ཚིག་སེམས་དཔའི་སྐུ་གཟུགས་ལུགས་མ་ལ་སོགས་པ་ལ་ས་མ་ཡ་སྟྭཾ་ཞེས་གནས་སུ་བཞུགས་སུ་གསོལ་ལོ། །དེ་ནས་ཡི་གེ་ཕྱིན་ཅི་མ་ལོག་པར་ཁ་སྦྱོར་གྱི་སྦྱོར་བ་གསལ་བར་སྣང་ལ་བཞུགས་པའི་ལྷ་རྣམས།

ཨོཾ་ཧཱུཾ་ཧྲཱིཿཞེས་པའི་སྙིང་པོས་བཞུགས་སུ་གསོལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ། །དེ་ལ་ཕྱག་རྒྱ་བཞིའི་དོན་དང་ལྡན་པར་བྱའོ། །དེ་ལ་མཆོད་པ་རྣམས་ཀྱིས་མཆོད་ལ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་ཅེས་པ་ལ་སོགས་པས་

བསྟོད་དེ། བརྟན་པར་བཞུགས་སུ་གསོལ། དེ་ནས་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་མགོན་པོ་འཇམ་དཔལ་གྱི་སྤྱན་སྔར་གཞག་པར་བྱའོ། །བུམ་པ་གཞན་དག་ཀྱང་མི་བསྐྱོད་པ་ལ་སོགས་པའི་མཚན་མ་དང་ལྡན་པའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ། ཨོཾ་བཛྲོ་ད་ཀ་ཧཱུཾ།

ཞེས་བརྒྱ་རྩ་བཟླས་ལ་གོས་སྣ་ཚོགས་ཀྱིས་བརྒྱན་པ་འབུམ་མམ་ཁྲིའམ་སྟོང་ངམ་བརྒྱའམ་རིགས་སོ་སོ་ལ་རེ་རེ་གཞག་གོ། །སྤྱི་ལ་དེ་བཞིན་དུ་དབུལ་བར་བྱའོ། །དེ་ནས་དཀྱིལ་འཁོར་པས་ཧ་ཅང་མི་རིང་མི་ཉེ་བར་བཀུར་སྟི་གུས་པ་སྔོན་དུ་འགྲོ་བས་ཤར་ཕྱོགས་སུ་ཡུམ་ཤེས་རབ་

เล่ม ๖๕ · หน้า 135a

ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་པར་བྱ། ལྷོར་ནི་རིན་པོ་ཆེ་ཏོག །ནུབ་ཏུ་སྡོང་པོས་བརྒྱན་པ། བྱང་དུ་ཟླ་བ་སྒྲོན་མའི་མདོ་བཀླག་པར་བྱའོ། །གར་མཁན་དང་རོལ་མོ་ལ་སོགས་པའི་ལྟད་མོ་མང་པོ་ཡང་ཕྱོགས་བཞིར་བྱེད་དུ་གཞུག་གོ། །ཟུར་བཞི་དར་གྱི་རྒྱལ་མཚན་

བཞི་ཡང་བསྒྲེང་བར་བྱའོ། །མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་སྣ་ཚོགས་པ་དང་། དཀར་གསུམ་དང་མངར་གསུམ་དང་ཁུར་བ་ལ་སོགས་པའི་བཟའ་བ་དང་བཅའ་བ་ལ་སོགས་པ་རྣམ་པ་མང་པོ་ཡང་ཅི་རིགས་པ་དགོད་པར་བྱའོ། །དེ་ཁོ་ན་ལ། བ་དན་དྲུག་དང་རྔ་མས་བརྒྱན། །དྲིལ་

བུ་དར་མཚོན་རྒྱལ་མཚན་སོགས། །དེ་ལ་སོགས་པའི་རྒྱན་རྣམས་ནི། །ཤིན་ཏུ་མཛེས་པར་བརྒྱན་པའོ། །ཞེས་པ་ལ་སོགས་རྒྱན་མཆོག་ནི། །འདི་ཡི་སྐབས་སུ་རིམ་པས་བསྟན། །ཞེས་གསུངས་པ་དེ་ལ་འདི་སྐད་ཅེས་བྱའོ། །དེ་ཡན་ཆད་ནི་བརྙན་མའི་དཀྱིལ་འཁོར་གྱི་རིམ་པའོ། །

དེ་ནས་དགོངས་མོའི་དུས་སུ་སྔགས་པ་ཁྲུས་བྱས། རྒྱན་ཆ་བགོ །ལུས་ལ་དྲི་ཞིམ་པོས་བྱུགས་ནས་གཡས་པས་རྡོ་རྗེ་ཐོགས་ལ། གཡོན་པས་དྲིལ་བུ་དཀྲོལ་ཞིང་། །མ་ཚང་བའི་ལྷག་མ་ཁ་བསྐང་བའི་ཕྱིར་ལན་བདུན་ནམ་ལྔའམ་གསུམ་དུ་ཡི་གེ་བརྒྱ་པ་བཟླ་ཞིང་བསྐོར་བར་

བྱའོ། །དེ་ནས་བདེ་བའི་སྟན་ལ་ཉེ་བར་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནས་བཟུང་ལ། སྦྱོར་བ་དང་པོ་དང་དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་དང་། རྡོ་རྗེ་སྒྲུབ་པ་དང་། ཕྱག་རྒྱ་བཞིས་རྒྱས་གདབ་པ་ཡན་ཆད་བྱས་ལ། དེ་ནས་མེ་ཏོག་ལ་སོགས་པའི་

མཆོད་པ་ལྔ་དང་། ལྷ་མོ་བརྒྱད་དང་། དེ་བཞིན་གཞན་དག་གིས་མཆོད་དེ། དེ་བཞིན་དུ་མཆོད་པ་ཉི་ཤུས་ཀྱང་ཡང་དག་པར་མཆོད་ལ། དེ་ནས་གདུགས་དང་རྒྱལ་མཚན་དང་། བ་དན་སྣ་ཚོགས་པ་རྣམ་པར་བཀྲ་བ་བརྒྱ་སྟོང་ལ་སོགས་པའི་གྲངས་སྙེད་དམ། འབྱོར་པ་ཅི་ཡོད་པ་

ལས་འབུལ་བ་དང་རོ་བརྒྱ་པའི་ལྷའི་ཞལ་ཟས་དང་། སྭསྟི་ཀ་ལ་སོགས་པའི་བཟའ་བ་སྣ་ཚོགས་པ་འབུམ་མམ་བརྒྱ་སྟོང་སྙེད་དུ་དབུལ་བར་བྱ་སྟེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཅེས་བརྗོད་ལ་དབུལ་བར་བྱའོ། །རོལ་མོ་བཅུ་ཕྲག་སྟོང་ངམ། བརྒྱ་ཕྲག་སྟོང་ངམ།

เล่ม ๖๕ · หน้า 135b

བཅུ་ༀ་ཧཱུཾ་ཧྲཱིཿཞེས་པ་མངོན་པར་བཟླས་ལ་དབུལ་བར་བྱའོ། །རྣམ་པ་བཅུ་ནི་འདི་ལྟ་སྟེ། གླིང་བུ་དང་། པི་ཝང་དང་། རྫ་རྔ་དང་། རྫ་རྔ་ཆུང་ངུ་དང་། ཆ་ལང་དང་། རྔ་བོ་ཆེ་དང་། མྲིཾ་ཏ་ཀ་དང་། རྔ་རིངས་དང་རྔ་རྐེད་ཉག་དང་ཏི་མི་ལ་ཞེས་བྱ་བ་དང་བཅུའོ། །རས་དཀར་པོ་ཟུང་ཁྲིའམ། སྟོང་

ངམ་བརྒྱ་དབུལ་བར་བྱའོ། །ཤིན་ཏུ་བརྟགས་པའི་རྟ་དང་གླང་པོ་ཆེ་དང་། བ་ལང་གི་ཁྱུ་རྣམས་ཀྱང་། ཨོཾ་བཛྲ་སྥ་ར་ཎ་ཁཾ་ཞེས་བྱ་བ་མངོན་པར་བཟླས་ལ་དབུལ་བར་བྱའོ། །དེ་ནས་སྦྱིན་སྲེག་གིས་ལས་ཕྲན་ཚེགས་ཀྱི་དངོས་གྲུབ་བསྒྲུབ་པར་བྱ་བའི་ཕྱིར། གཞན་ཡང་སྦྱིན་སྲེག་བྱེད་པ་ན། །

ལས་བཤད་དེ་དག་གཞན་དུ་མེད། །ཅེས་པ་གསུངས་ཏེ། གཞན་གོང་དུ་གསུངས་པའི་རྣལ་འབྱོར་རྣམ་པ་གསུམ་གྱི་དོན་བསྒོམ་པས་འོག་ནས་འབྱུང་བའི་སྦྱིན་སྲེག་འདི་ཡང་བྱའོ་ཞེས་པའི་དོན་ཏོ། །ལས་བཤད་ཅེས་པ་ནི་ལས་ནི་བདག་དང་གཞན་གྱིའོ། །བཤད་པ་ནི་སྒྲུབ་ཐབས་འདི་རུའོ། །

གཞན་དུ་མེད་ན་ནི། །དོན་གཞན་དང་མི་བསྲེ་བར་འོག་ནས་འབྱུང་བའོ། །བདག་གི་ལས་དང་གཞན་གྱི་ལས། །ཞེས་གསུངས་པ་ཁོ་ནའོ། །དེ་ལ་དང་པོ་ལ་བདག་དོན་དང་ལྡན་པར་བྱ་བའི་ཕྱིར། དེ་ལ་བདག་གི་ལས་བསྟན་པ། །ཞེས་གསུངས་ཏེ། བདག་གི་ལས་ལ་ཡང་བཞི་སྟེ།

དེ་ཡང་ཕྱི་དང་ནང་དུ་སྣང་བའི་རྣམ་པར་རྟོག་པ་སྦྱང་ཞིང་ཞི་བར་བྱ་བའི་ཕྱིར་ན་ཞི་བའི་སྦྱིན་སྲེག་དང་ཚེ་དང་བསོད་ནམས་རྒྱས་པར་བྱ་བའི་ཕྱིར་རྒྱས་པའི་སྦྱིན་སྲེག་དང་། བསམ་པ་ཡིད་དང་འཐད་པ་ཐམས་ཅད་དབང་དུ་བྱ་བའི་ཕྱིར་དབང་གི་སྦྱིན་སྲེག་དང་། ཕས་ཀྱི་རྒོལ་བ་ངན་པ་དང་། སྦྱོར་བ་ངན་

པ་ཐམས་ཅད་རྒྱུན་གཅད་པར་བྱ་བའི་ཕྱིར་དྲག་པོའི་མངོན་སྤྱོད་དང་བཞིའོ། །དེ་ནས་དེའི་ཡམ་ཤིང་ལ་སོགས་པ་བསྟན་པའི་ཕྱིར། ཤིན་ཏུ་དགེ་བའི་ཤིང་བུ་ནི། །ཞེས་གསུངས་པ་ནི་ཞི་བ་ལ་དགེ་བ་སྟེ། དཀར་པོ་ལ་འོ་མ་ཅན་མངར་བའི་རོ་དང་ལྡན་པའོ། །རྒྱས་པ་ལ་དགེ་བ་སྟེ་སེར་

པོ་ཁ་བའི་རོ་དང་ལྡན་པའོ། །དབང་ལ་དགེ་བ་སྟེ། དམར་བ་སྐྱུར་བའི་རོ་དང་ལྡན་པའོ། །མངོན་སྤྱོད་ལ་དགེ་བ་སྟེ། ནག་པོ་ཚེར་མ་ཅན་གྱི་ཤིང་ཚ་ཞིང་རྩུབ་པའི་རོ་དང་ལྡན་པས་བྱ་ཞེས་པའི་དོན་ཏོ། །དེའི་ངོ་བོ་གང་ཡིན་ཞེ་ན། དེ་བསྟན་པའི་ཕྱིར་ཙནྡན་ཤུག་པ་ཞེས་པ་ནི་

เล่ม ๖๕ · หน้า 136a

ཞི་བའོ། །སོགས་ཞེས་པའི་ཁོངས་སུ་རྒྱས་པ་ལ་སྐྱེར་པ། དབང་ལ་པདྨ་དམར་པོའི་ཤིང་། མངོན་སྤྱོད་ལ་གང་ཞིག་ཚེར་མ་ཅན་གྱི་ཤིང་ལ་བྱའོ་ཞེས་པའི་དོན་ཏོ། །དྲི་ཞིམ་དང་ལྡན་མཛེས་པའི་ཤིང་། །ཞེས་པ་ནི། ཞི་ལ་ཁ་དོག་དཀར་པོ་མངར་བའི་རོ་ཡིས་བྱུག་

པའོ། །དབང་ལ་ཁ་དོག་དམར་པོ་རོ་སྐྱུར་བས་བྱུག་པའོ། །རྒྱས་པ་ལ་ཁ་དོག་སེར་པོ་རོ་ཁ་བས་བྱུག་པའོ། །མངོན་སྤྱོད་ལ་ཁ་དོག་ནག་པོར་བྱ་ཞིང་རོ་ཚ་ཞིང་རྩུབ་པས་བྱུག་གོ་ཞེས་པའི་དོན་ཏོ། །དེ་ནས་ཤིང་གི་རིང་ཐུང་གི་ཚད་བསྟན་པའི་ཕྱིར། ཟླུམ་པོ་ལ་སོགས་དབྱིབས་

སུ་བརྩིག །ཅེས་གསུངས་པའི་དོན་ནི་འདི་ཡིན་ཏེ། ཞི་བའི་ཐབ་ཁུང་ནི་ཁ་དོག་དཀར་པོ་དབྱིབས་ཟླུམ་པོ་ཆེ་ཆུང་ནི་ཁྲུ་གང་དུ་བྱའོ། །ཟབས་སུ་ཁྲུ་ཕྱེད་བརྐོས་ལ། ཁ་ཁྱེར་སོར་བཞིས་བསྐོར་བར་བྱ་སྟེ། དབུས་ཀྱི་ཁ་ཁྱེར་ལ་རྡོ་རྗེ་ཕྲེང་བ་གཏང་ངོ་། །དེའི་ཕྱི་རོལ་དུ་འཁོར་ལོ་གཏང་ངོ་། །དེ་ནས་

རྒྱས་པའི་ཐབ་ཁུང་ནི་ཁ་དོག་སེར་པོ། རྒྱར་ཁྲུ་དོ་པ། ཁྲུ་བཞི་པ་ཁྲུ་གང་ཟབས་སུ་བརྐོ། ཁ་ལ་སོར་བཞི་བཅུ་ཡོད་པས་གྲུ་བཞིར་བསྐོར་རོ། །དབུས་ཀྱི་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བ་བཏང་། ནང་དུ་པདྨའི་འབྲས་བུ་ཕྱི་རོལ་གྱི་སོར་བཞི་ལ་པདྨས་བསྐོར་བར་བྱའོ། །དེ་ནས་དབང་གི་ཐབ་

ཁུང་ནི་དབྱིབས་ཟླ་གམ་ལ། ཟླ་གམ་གྱི་ཁ་ལ་སོར་ཉི་ཤུ་ཐམ་པ་ཡོད་པ། རྒྱ་ལ་སོར་བཞི་བཅུ་ཡོད་པ། ཟབས་སུ་སོར་བཅུ་བསྐོར་བར་བྱ་སྟེ། ཁ་དོག་ནི་དམར་པོའོ། །ཁ་ཁྱེར་ལ་སོར་གསུམ་གྱིས་བསྐོར། དབུས་ཀྱི་ཁ་ཁྱེར་ལ་མདའ་གཞུ་དང་ལྕགས་ཀྱུ་བཏང་། དེའི་ཕྱི་རོལ་

དུ་ཞགས་པས་བརྒྱན་པའོ། །དེ་ནས་མངོན་སྤྱོད་ཀྱི་ཐབ་ཁུང་ནི་ཁ་དོག་ནག་པོ། དབྱིབས་ཟུར་གསུམ་པ། ངོས་རེ་ལ་སོར་ཉི་ཤུའོ། །ཟབས་སུ་སོར་བཅུ་བརྐོའོ། །སོར་གསུམ་ཕྱིར་བཀྱེད་ལ་ཁ་ཁྱེར་སོར་གསུམ་གྱིས་བསྐོར། དབུས་ཀྱི་ཁ་ཁྱེར་ལ་རྡོ་རྗེ་རྩེ་གསུམ་པས་བསྐོར།

དེའི་ཕྱི་རྒྱབ་ཏུ་མདའ་གཞུ་དང་། མདུང་རྩེ་གསུམ་པ་དང་དགྲ་སྟ་དང་ཁ་ཊྭཱཾ་ག་སྤེལ་ལ་གཏང་ངོ་། །དེ་ལ་རང་རང་གི་མཚན་མ་ཡང་བྲིའོ། །དེ་ནས་མེ་སྦར་བ་ནི་ཞི་བའི་མེ་ནི་དགོན་པའམ། འོན་ཏེ་གཙུབ་ཤིང་ལས་བཏོན་ལ་དངུལ་ལ་སོགས་པའི་སྣོད་དཀར་པོའི་ནང་དུ་རླུང་ཡབ་ཀྱིས་

เล่ม ๖๕ · หน้า 136b

སྦར་ལ། ལེགས་པར་འབར་བ་དང་། གཟོད་བུད་ཤིང་གི་ནང་དུ་བླུགས་སོ། །རྒྱས་པའི་མེ་ནི་རྒྱལ་པོའམ། འོན་ཏེ་བུ་མང་པོའི་ཁྱིམ་ནས་བླངས་ཏེ། གསེར་རམ་སེར་པོའི་སྣོད་སར་པར་སྦར་རོ། །དབང་གི་མེ་ནི་སྨད་འཚོང་མའི་ཁྱིམ་ནས་བླངས་ལ་ཟངས་ཀྱི་ཀོང་བུ་སར་པར་སྦར་རོ། །

མངོན་སྤྱོད་ཀྱི་མེ་ནི་ཤན་པ་ནག་པོའི་ཁྱིམ་ནས་བླངས་ལ་ལྕགས་ཀོང་སར་པའི་ནང་དུ་རླུང་ཡབ་ཀྱིས་སྦར་ལ། ལེགས་པར་འབར་བ་དང་། གཟོད་བུད་ཤིང་གི་ནང་དུ་བླུགས་སོ། །དེ་ནས་ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ་ཞེས་བརྗོད་ཅིང་མར་གྱི་དགང་བླུགས་གསུམ་གྱིས་མེ་གསོ་བར་བྱའོ། །

དེ་ནས་ཐབ་ཁུང་དེ་བསངས་ལ། དམ་ཚིག་གི་མེ་ལྷ་བསྐྱེད་པར་བྱ་བའི་ཕྱིར་ཐབ་ཁུང་དུ་མེ་ཏོག་གཏོར་ལ། པཾ་ལས་སྣ་ཚོགས་པདྨའི་གདན་བསྐྱེད་ལ། །དེ་ནས། དང་པོའི་སངས་རྒྱས་བསྒོམ་པར་བྱ། །ཞེས་པ་ནས། དབུ་ལ་ཡེ་ཤེས་སེམས་དཔས་བརྒྱན། །ཞེས་པའི་

བར་ནི་དཀྱུས་ཉིད་གསལ་ལོ། །དེ་ནས་ཡེ་ཤེས་ཀྱི་མེ་ལྷ་ཤར་ལྷོ་མཚམས་ནས་སྤྱན་དྲང་སྟེ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་

སུ་གསོལ། །ཨགྣ་ཡེ་རཾ་རཾ་པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨཿཞེས་དམ་ཚིག་དང་གཉིས་སུ་མེད་པར་བསྟིམ་མོ། །དེ་ལ་མཆོད་པས་མཆོད་ནས་གཤེགས་སུ་གསོལ་ལོ། །དེ་ནས་དམ་ཚིག་གི་མེ་ལྷའི་ཐུགས་ཀར་ལྷ་ཚོགས་བསྐྱེད་དེ། དེ་ཡི་ཐུགས་ཀར་ཨ་ལས་ཟླ་སྟེངས་སུ། །ཞེས་

པ་ནས། སྐུ་གསུང་ཐུགས་དང་ལྡན་པར་བསམ། །ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །དེ་ནས་རྫས་ཀྱི་རིམ་པ་བསྟན་པའི་ཕྱིར། དེ་ལ་སྲེག་བླུགས་དབུལ་བ་ནི། ཞེས་གསུངས་པ་ནི་གོང་དུ་བསྐྱེད་པའི་ལྷ་ཚོགས་དེ་ལ་འོག་ནས་འབྱུང་བའི་རྫས་རྣམས་དབུལ་བར་བྱའོ་ཞེས་

པའི་དོན་ཏོ། །མར་དང་ཏིལ་དང་ཡམ་ཤིང་དང་། །མངར་གསུམ་ལྡེ་གུ་དཀར་གསུམ་ནི། །ཞི་བའི་རྫས་ལ་བཤད་པའོ། །ཞེས་གསུངས་པ་ནི་ཞི་བའི་རྫས་སོ། །རྒྱས་དང་དབང་དང་དྲག་པོ་དགུག །དེ་ལས་གསུངས་པའི་རྫས་རྣམས་ནི། །འདི་ལས་མ་གསུངས་གཞན་དག་

เล่ม ๖๕ · หน้า 137a

ལས། །རྒྱས་པར་བསྟན་ཏེ་དེར་ཤེས་བྱ། །ཞེས་གསུངས་པའི་དོན་ནི་འདི་ཡིན་ཏེ། ཞོ་ཟན་དང་། ཏིལ་དང་། དཱུཪྺ་དང་། འབྲས་སོ་བ་དང་། ཀུ་ཤ་དང་། འབྲས་ཀྱི་ལག་པན་དང་། ནས་ཆན་དང་། གྲོ་ཆན་རྣམས་བསོག་གོ་ཞེས་པའི་དོན་ཏོ། །དེ་ཡང་ཁ་

དོག་དང་རོ་དང་ཡམ་ཤིང་གི་སྐབས་སུ་གསུངས་པ་ལྟར་འདིར་ཡང་ངོ་། །རྫས་ཐམས་ཅད་ནི་རྣལ་འབྱོར་པའི་གཡས་སུ་བསྒྲིག་པར་བྱའོ། །མཆོད་རྫས་ཐམས་ཅད་ནི་གཡོན་དུ་བསྒྲིག་པར་བྱའོ། །དེ་ནས་དགང་གཟར་བླུགས་གཟར་ཁ་སྦྱར་ཞིང་དབུལ་བ་ནི་ཞི་བ་ལ་མར། རྒྱས་

པ་ལ་ཞོ། །དབང་ལ་མེ་ཏོག་ཨུཏྤ་ལ། མངོན་སྤྱོད་ལ་ཚེར་མ་དབུལ་ཏེ་སྣ་དྲང་བའོ། །དབུལ་བ་ནི་སྔགས་རིངས་ཀྱི་ཞབས་ལ། ཨོཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྡིག་པ་ལ་སོགས་པ་ཞི་བར་གྱུར་ཅིག་སྭཱ་ཧཱ། པུཥྚིཾ་ཀུ་རུ་ཡེ་ཚེ་དང་བསོད་ནམས་རྒྱས་པར་གྱུར་ཅིག་སྭཱ་ཧཱ། པ་ཤཾ་

ཀུ་རུ་ཡེ་ཐམས་ཅད་དབང་དུ་གྱུར་ཅིག་སྭཱ་ཧཱ། མཱ་ར་ཡ་ཕཊ་ཐམས་ཅད་བརླག་པར་གྱིས་ཤིག །ཨཱ་ཀཪྵ་ཡ་ཐམས་ཅད་ཁུགས་པར་གྱུར་ཅིག་ཧཱུཾ་ཛཿཞེས་བརྗོད་ཅིང་སྲེག་རྫས་རྣམས་རིམ་པར་དབུལ་བར་བྱའོ། །དེ་ནས་སྤྱི་བོར་ཡི་གེ་ཨ་དཀར་པོ་ཅིག་བསམས་ལ་དེའི་འོད་ཟེར་

གྱིས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། འཐིབས་པ་དང་། རྨུགས་པ་དང་། མ་རིག་པ་དང་། ཞེ་སྡང་ལ་སོགས་པ་རྣམས་ལ་ཕོག་པས་ཡེ་ཤེས་ཀྱི་ཆུས་བཀྲུས་ནས་ཡང་དག་པའི་ཡེ་ཤེས་དང་ལྡན་པར་བྱས་ཏེ། བཀུག་ནས་བཞི་པོའི་ཨ་ལ་ཐིམ་པས་འོད་དུ་ཞུ་སྟེ།

ལུས་མགོ་གཞུག་ཏུ་ཐིམ་པས་བག་ཆགས་ཀྱི་ལུས་སྦྱངས་ཏེ། སླར་གསོས་ནས་མཚན་དང་དཔེ་བྱད་དུ་ལྡན་པར་གྱུར་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་བདེ་ལ་མི་རྟོག་པ་དེ་ལ་ལྷག་པར་གནས་པས་ལྷག་པར་གནས་པར་བྱའོ། །དེ་ནས་རྒྱས་པའི་ཏིང་ངེ་འཛིན་སྤྱི་བོའི་ཨ་ལས་འོད་ཟེར་སེར་པོ་

འཕྲོས་པས་ཚངས་པ་ལ་སོགས་པའི་ཡང་ཚེ་བཅུད་བསྡུས་ནས་བདག་གི་ཚེའི་གནས་སུ་ཐིམ་ཞིང་རྒྱས་པར་བྱའོ། །ལོངས་སྤྱོད་འཕེལ་བར་འདོད་ན་འཇིག་རྟེན་གྱི་ཁམས་ཁེངས་པའི་ནོར་ཕྱུགས་བཀུག་ཅིང་རང་གི་ནོར་ཕྱུགས་ལ་བསྟིམས་ཏེ་རྒྱས་པར་བྱའོ། །བུ་ཚ་འཕེལ་བར་འདོད་ན་ཚངས་

เล่ม ๖๕ · หน้า 137b

རིས་མན་ཆད་ཀྱི་ཕོའི་མཚན་ཀུན་བཀུག་སྟེ། ཕོ་མོའི་སྐྱེ་གནས་ལ་བསྟིམས་པས་བུ་ཚ་འཕེལ་བར་འགྱུར་རོ། །དེ་ནས་དབང་གི་ཏིང་ངེ་འཛིན་ནི་ཡང་ཨ་ལས་འོད་དམར་པོ་འཕྲོས་པས་གང་དབང་དུ་བྱ་བ་དེ་འོད་ཟེར་གྱིས་བཀུག་སྟེ། བདག་གི་མདུན་དུ་མངོན་སུམ་དུ་འོངས་ཤིང་དབང་དུ་འདུས་པར་

བསམས་ན་རྒྱལ་པོའི་བཙུན་མོ་ལྟ་བུ་ཡང་དབང་དུ་འདུས་པར་འགྱུར་རོ། །དེ་ནས་དྲག་པོ་མངོན་སྤྱོད་ཀྱི་ཏིང་ངེ་འཛིན་ནི་ཨ་དེ་ལས་འོད་ཟེར་ནག་པོ་འཕྲོས་པས་བདག་གིས་དགྲ་བགེགས་ལ་སོགས་པའི་གདུག་པ་ཅན་རྣམས་བཀུག་སྟེ་བསྒྲལ་ནས་ཕུང་པོ་མཆོད་ཡོན་དུ་ཕུལ་ཏེ་བརླག་པར་

བསམ་པ་དེའི་ཕྱིར། སྤྱི་བོ་ཟླ་སྟེངས་ཨ་བསྒོམས་ལ། །དེ་ཉིད་ཞུ་བར་གྱུར་པ་ལས། །ཞི་བྱ་དེ་ཉིད་ཞུ་འགྱུར་ཏེ། །སླར་གསོས་གཞོན་ནུའི་གཟུགས་བྱས་ལ། །དེ་ལ་ལྷག་པར་གནས་པར་བྱ། །ཞེས་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡན་ཆད་ནི་བདག་གི་དོན་གྱི་རིམ་པའོ། །དེ་

ནས་ན་བ་ལ་ཕན་གདགས་པའི་ཕྱིར། །དེ་ལ་ན་བའི་ལས་བྱ་བ། །ཞེས་བྱ་བ་ནི་གང་ཞིག་འོག་ནས་འབྱུང་བ་འདི་རྣམས་ཡིན་ནོ་ཞེས་པའི་དོན་ཏོ། །གང་དག་ཡིད་ནི་མི་དྲན་པའི། །ཞེས་པ་ནི། འཐིབས་པ་དང་། རྨུགས་པ་དང་། སྨྱོ་བ་ལ་སོགས་པའོ། །བགེགས་ཀྱི་སྦྱོར་བ་ཡོད་གྱུར་

ན། །ཞེས་པ་ནི་བགེགས་ཀྱི་རྒྱལ་པོ་བ་ནཱི་ཡ་ཀ་ལ་སོགས་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ། །སྦྱོར་བ་ནི་རིམས་དང་ཤུ་བ་དང་གཡན་པ་དང་། མཛེ་ལ་སོགས་པ་ཡོད་ན། འོག་ནས་འབྱུང་བ་འདི་ལྟར་བྱ། །ཞེས་པའི་དོན་ཏོ། །ཏིང་འཛིན་འདི་དག་དྲན་

པར་བྱ། །ཞེས་པ་ནི་བདག་སྟོང་པའི་ངང་ལས་ཡི་གེ་དྷཱིཿདཀར་པོ་ཅིག་ཏུ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་དང་པོའི་སངས་རྒྱས་དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུ་དེའི་སྟེང་དུ་གཞིའི་སྙིང་པོ་མུཾ་དང་། སྤྲོ་བྱེད་ཀྱི་སྙིང་པོ་རཾ་བསམ། རཾ་དེ་ལས་འོད་འཕྲོས་པས་ནད་

ལ་སོགས་པ་རྣམ་པ་ཐམས་ཅད་དང་། དེ་གཏོང་བར་བྱེད་པའི་བགེགས་དང་། དེའི་རྐྱེན་ལ་སོགས་པ་རྣམས་ཤིན་ཏུ་འོད་ཟེར་གྱིས་བཞུ་བཏུལ་བྱས་ལ་སླར་ནད་ལ་ཐིམ་པས་ནད་ཀྱི་དངོས་པོ་ཐམས་ཅད་ཞུ་བར་བྱས་ཏེ་སླར་འདུས་པ་ལས་འབྲུ་ནག་པོ་ལས་བགེགས་ཀྱི་གཟུགས་བྱས་ལ། གང་

เล่ม ๖๕ · หน้า 138a

གནོད་པའི་མིང་ཤོག་བུ་ལ་བྲིས་ཏེ། གླན་ལ་དེ་ལ་ནད་ཀྱི་དངོས་པོ་བསྟིམས་ལ། ཐིམ་པ་དང་གཟོད་ཞི་བའི་སྐབས་སུ་ཇི་ལྟར་གསུངས་པ་ལྟར་མེ་སྦར་ཏེ། སྔགས་རིངས་ཞབས་ལ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་ནད་བཞི་བརྒྱ་རྩ་བཞི་ཞི་བར་གྱུར་ཅིག་སྭཱ་ཧཱ་ཞེས་བཟླས་

ཏེ་ཡུངས་ཀར་དང་། ཏིལ་ནག་གིས་བརྒྱ་རྩ་བརྒྱད་དུ་བསྲེག་པར་བྱས་ན་སོས་པར་འགྱུར་བའི་ཕྱིར། དང་པོའི་སངས་རྒྱས་བསྒོམ་བྱ་སྟེ། །ཞེས་པ་ནས། ཡུངས་ཀར་བརྒྱ་རྩ་བརྒྱད་དུ་བསྲེག །ཅེས་པའི་བར་དུ་གསུངས་སོ། །གལ་ཏེ་སེམས་པར་མ་གྱུར་ན། །སྲིན་བུས་ཟོས་པའི་

ཤིང་གདུག་པ་ཅན་ཁྲུ་གང་པ་ལ་ཚ་བ་གསུམ་གྱིས་བསྐུས་ཏེ་དེ་ལ་མེ་སྦར་ལ་གོང་མ་ལྟ་བུར་བགེགས་དང་ནད་དགུག་གཞུག་བྱས་ལ་བསྲེག་པར་བྱ་སྟེ། ལྷག་མ་ནི་དཀྱུས་གསལ་ལོ། །ན་བ་ལ་ཕན་གདགས་པའི་རིམ་པའོ། །དེ་ནས་ཤི་བ་ལ་ཕན་གདགས་པ་བསྟན་པའི་ཕྱིར། དེ་ནས་

ཤི་ལ་ཕན་གདགས་ན། །ཞེས་པ་ནི། འོག་ནས་འབྱུང་བ་འདི་རྣམས་སོ། །དང་པོ་གནོད་པའི་བགེགས་བསལ་ཏེ། །ཞེས་པ་ནི། རིགས་ཀྱི་བུ་ཕོ་མོ་དོན་དང་ལྡན་པ་གང་རུང་ཅིག་ཚེའི་འདུ་བྱེད་དུ་གྱུར་ན། ཕུང་པོ་དེ་དྲོད་དང་མ་བྲལ་བར་བདག་དང་པོའི་སངས་རྒྱས་ཀྱི་ང་རྒྱལ་དང་ལྡན་པས་རོ་ལ་

གནོད་པའི་བགེགས་ལ་སོགས་པ་ཏིང་ངེ་འཛིན་གྱིས་བཀུག་ལ། ཤ་ཆང་དང་སྒོག་བཙོང་དང་། ལ་ཕུག་དང་། འབྲས་ཆན་དང་། ཁུར་བ་ལ་སོགས་པའི་གཏོར་མ་ཆ་གཅིག་གིས་བྱིན་གྱིས་བརླབས་ལ་བདུད་རྩི་སྦྱིན་པའི་སྔགས་ཀྱིས་བྱིན་ལ་རྡོ་རྗེའི་ཚིག་ཏུ་འདི་སྐད་བརྗོད། སུ་དག་ཕྱོགས་བཅུའི་འཇིག་

རྟེན་ན། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །གཤིན་རྗེ་སྲིན་པོ་གང་ཡང་རུང་། །སྔོན་གྱི་ལན་ཆགས་དེད་པ་རྣམས། །མཐུན་པའི་གཏོར་མ་འདི་ལོང་ལ། །ཚེ་འདས་འདི་ལ་མ་མནར་ཅིག །ཅེས་བྱས་ལ་གཏང་ངོ་། །དེ་ནས་ཡུངས་ཀར་གྱི་རྒྱལ་པོས་བྲབ་ཅིང་སྔགས་རིངས་བཟླས་ལ་མཚམས་བཅད་དོ། །

དེ་ནི་ཕྱི་རོལ་ལ་ཕན་པའི་ཆོ་ག་ཞེས་པའོ། །དེ་ནས་རོ་དེའི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་དཀར་པོ་ཅིག་བསམས་ལ་དེ་འོད་དུ་ཞུ་བ་ལས་ལུས་ཐམས་ཅད་ཁྱབ་པར་བྱས་ཏེ། སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་སྨིན་མཚམས་དང་ལྔར་རིམ་པར་རྣམ་སྣང་དང་། འོད་དཔག་མེད་དང་། མི་བསྐྱོད་

เล่ม ๖๕ · หน้า 138b

པ་དང་། དོན་ཐམས་ཅད་གྲུབ་པ་དང་། རིན་ཆེན་འབྱུང་ལྡན་རྣམས་འཁོར་དང་བཅས་པར་གྱུར་པར་བསམ། ལྷ་རེ་རེའི་སྤྱི་བོ་ན་ཡང་ཨ་དཀར་པོ་རེ་རེ་ཡོད་པར་བསམ་པ་དེའི་ཕྱིར། ཨ་ཡིས་ཀུན་ཁྱབ་སྤྱི་སྟེང་བསམ། །ལྷར་གྱུར་ལྷ་ནི་སྔོན་བཞིན་བསམ། །ཞེས་གསུངས་སོ། །དེ་ནས་

རང་རང་གི་སྤྱི་བོའི་ཨ་ལས་འོད་འཕྲོས་པས་དུས་གསུམ་གྱི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བཅུད་བསྡུས་ཏེ་ཁ་དོག་ལྔ་དང་ལྡན་པར་བྱས་ཏེ། རང་རང་གི་སྤྱི་བོར་ཐིམ་པ་ལས་དེ་བཞིན་གཤེགས་པ་ལྔ་ལྔའི་དབུ་རྒྱན་དང་ལྡན་པར་བྱས་ཏེ། ལུས་ཐམས་ཅད་ཡེ་ཤེས་ལྔའི་ངོ་བོར་གནས་

པའོ། །དེའི་ཕྱིར། ཨ་ལས་ཡེ་ཤེས་ལྔས་གང་ནས། །ཞེས་གསུངས་པའོ། །ཕན་པའི་གནོད་སྦྱིན་ཆུས་བཏབ་ལ། །ཞེས་པ་ནི་ཆུ་གཙང་ལ་ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་བཟླས་ལ། ཕུང་པོ་ལྔའི་རྣམ་པར་རྟོག་པ་སྦྱང་བའི་ཕྱིར་སྔོན་དུ་གསུངས་པའི་ལྷ་ཚོགས་ལ་སྐུ་

ཁྲུས་གསོལ་བར་བྱའོ། །དེའི་ཕྱིར། དང་པོ་བཀྲུ་བ་ལས་ཡིན་ཏེ། །ཞེས་གསུངས་སོ། །དེ་ནས་ཨ་ཡི་འཕྲོ་འདུ་ལས། །ཞེས་པ་ནི་བདག་གི་ཐུགས་ཀར་ཨ་དཀར་པོ་བསམ། དེ་ལས་འོད་ཟེར་འཕྲོས་པས་འགྲོ་དྲུག་གི་བག་ཆགས་སྦྱངས། ཚེ་ལས་འདས་པའི་ཤེས་པ་བཀུག་

ལ། རོ་ལ་བཅུག་ལ། དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ལ་ཐིམ་པར་བསམ་མོ། །དེ་ནི་སྔོན་གྱི་ཆོ་གའོ་ཞེས་པ་ནི་དེ་ལྟར་གོང་དུ་གསུངས་ནས་ནི་རོའི་སྔོན་དུ་འགྲོ་བའི་ཆོ་ག་ཡིན་ནོ་ཞེས་པའོ། །དེ་ནས་ཞེས་པ་ནི་གོང་དུ་འགྲོ་བ་བྱས་པའི་དེ་མ་ཐག་པ་ནས་འོག་ནས་འབྱུང་བའི་ལྷག་པར་གནས་པའི་ཆོ་ག་འདི་བཤད་

དོ་ཞེས་པའི་དོན་ཏོ། །ཤི་བ་དཀྱིལ་འཁོར་དབུས་བཞག་སྟེ། །ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་དང་ལྡན་པའི་རོ་དེ་མཎྜལ་གྱི་དབུས་སུ་སྣ་ཚོགས་པདྨའི་གདན་ལ་གཞག་གོ། །ཞག་གསུམ་སློབ་དཔོན་སྨྱུང་གནས་པ། །ཞེས་པ། ཞག་གསུམ་ཁ་ཟས་ཀྱི་ཚོད་བཟུང་ལ། དཀར་

གསུམ་ལ་སོགས་པ་བཟའ་ཞིང་། ཉིན་རེ་ལ་ཐུན་གསུམ་གསུམ་ལྷའི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །བགེགས་བསྐྲད་ལ་སོགས་བྱས་ནས་ནི། །ཞེས་པ། ཐུན་རེ་རེ་ལ་ལྷོ་སྒོའི་ཆོ་ག་རེ་རེ་ལའོ། །དེ་ཡང་རྒྱུད་ཉིད་ལས། སེམས་ཅན་ཀུན་གྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་

เล่ม ๖๕ · หน้า 139a

འཛུམ་བསྟན་ནས། །ཞེས་པ་དང་། ངན་སོང་ཐམས་ཅད་རྣམ་སྦྱོང་བ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །ཅེས་གསུངས་སོ། །འཁོར་ལོ་ལྷ་རྣམས་མདུན་བསམ་སྟེ། །ཞེས་པ་ནི་དེ་ལྟར་ཞག་གསུམ་དུ་བྱས་པའི་ནང་པར་འཁོར་ལོའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་མཉྫུ་

ཤྲཱི་བཛྲ་ཙཀྲ་ཧཱུཾ་ཞེས་བརྗོད་པས་དཀྱིལ་འཁོར་གྱི་ལྷ་རྣམས་མདུན་གྱི་ནམ་མཁའ་ལ་བསམས་ལ། དེ་ལ་མཆོད་པའི་ཕྱིར། ཕྱག་བཙལ་རྡོ་རྗེ་བསྐྱེད་སོགས་བྱ། །ཞེས་པ་བཅུ་ཡོངས་སུ་དག་པ་དང་སྡོམ་པ་གཟུང་བར་བྱས་ལ་དེ་ནས་འོག་ནས་འབྱུང་བའི། ཚེ་འདིར་དང་པོར་འབྲས་བུ་

ཡོད། །ཅེས་པ་ནས། འདི་ལ་དབང་ནི་སྩལ་དུ་གསོལ། །ཞེས་པ་ཡན་ཆད་བརྗོད་པར་བྱའོ། །དེ་ནས་སྦྱོར་བ་དང་པོ་དང་དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་བྱའོ། །དེ་ནས་སྒོ་དབྱེ་བ་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །མཛུབ་མོ་གཉིས་ནི་རབ་ཏུ་

བརྐྱང་། །མཐེ་ཆུང་ལུ་གུ་རྒྱུད་དུ་སྦྲེལ། །སྒོ་དབྱེ་བ་ཡི་ཕྱག་རྒྱ་སྟེ། །ཨོཾ་མཉྫུ་ཤྲཱི་བཛྲ་དྷ་རོངྒྷ་ཊ་ཡ་ཧཱུཾ་ཕཊ་ཅེས་བརྗོད་དེ། གཞལ་ཡས་ཁང་སྒོ་དབྱེ་བར་བྱའོ། །དེ་ནས་རྡོ་རྗེར་སྒྲུབ་པ་དང་། ཚོགས་བསགས་པ་ཡན་ཆད་འདིར་ཤེས་པར་བྱའོ། །དེ་ནས་སྔགས་རིངས་ཀྱིས་ལྷ་ཐམས་

ཅད་གསལ་བར་བྱས་ལ། ཐུན་གསུམ་གྱི་རྣལ་འབྱོར་ཞག་བཞི་རུ་བྱའོ། །དེ་ནས་གང་ཞིག་དེ་ཉིད་ལ། །ཞེས་པ་ནས། ཤི་བ་སྟ་གོན་ལ་གནས་པའི་ཏིང་ངེ་འཛིན་ཏོ་ཞེས་པ་ཡན་ཆད་ཀྱིས་དོན་ལ་གནས་པར་བྱ་སྟེ། དཀྱུས་ཉིད་གསལ་ལོ། །དེ་ནས། དཀྱིལ་འཁོར་ཆེན་པོ་འདྲི་བའི་

ཚེ། །དང་པོ་སངས་རྒྱས་ང་རྒྱལ་དང་། །ཞེས་པ་ནས། མངོན་སུམ་འདྲ་བར་གང་བར་བསྒོམ། །ཞེས་པའི་བར་གྱིས་གསོལ་བ་གདབ་པ་སྟེ། དཀྱུས་གསལ་ལོ། །དེ་ནས་བྲི་བ་བསྟན་པའི་ཕྱིར། །ཤི་ལ་ཕན་གདགས་དཀྱིལ་འཁོར་ལྡན། །ཞེས་གསུངས་ཏེ། དེའི་དོན་ནི་རྡོ་རྗེ་དབྱིངས་

ཀྱི་དཀྱིལ་འཁོར་ལྟ་བུ་ལ་དབུས་ཀྱི་ཕོ་བྲང་མེ་ཐབ་ཏུ་བྱས་ལ། གཞལ་ཡས་ཁང་པ་དེ་འདྲ་བ། །ཞེས་པ་རོ་སྦྱོང་བའི་དཀྱིལ་འཁོར་ཡིན་ནོ་ཞེས་པའི་དོན་ཏོ། །འདི་ལས་གསུངས་ཏེ་གཞན་དུ་ཞེས་པ་ནི་གོང་དུ་གསུངས་པའི་དཀྱིལ་འཁོར་དེ་ལྟ་བུ་ནི་རོ་སྦྱོང་བའི་དོན་དུ་ཡིན་གྱི་དབང་བསྐུར་བ་ལ་

เล่ม ๖๕ · หน้า 139b

སོགས་པའི་དོན་དུ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཞག་བདུན་ནང་པར་སྦྱིན་སྲེག་བྱ། །ཞེས་པ་ནི། དེ་ལྟར་རོ་ལ་བསྙེན་པ་ཞག་བདུན་དུ་བྱས་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའི་ཚེ་སྦྱིན་སྲེག་བྱའོ་ཞེས་པའི་དོན་ཏོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། དེ་ནས་ཕྱི་ཡི་རིམ་ལྡན་པས། །ཞེས་

གསུངས་ཏེ། ཕྱིའི་རིམ་ལྡན་ནི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བགེགས་བསྐྲད་པ་དང་། གར་ལ་སོགས་པའི་རོལ་མོས་མཆོད་པ་དང་ཕུང་པོ་ལ་སོགས་པ་དྲང་བར་བྱའོ་ཞེས་པའི་དོན་ཏོ། །དེ་ཡང་ཇི་ལྟར་ཞེ་ན། སྔགས་པ་ཆས་གོས་ལྡན་པ་ཡིས། །ཤིན་ཏུ་བསྒྱིངས་པ་ལྡན་བྱས་ཏེ། །

ཞེས་གསུངས་ཏེ། ཆས་གོས་ལྡན་པ་ནི་དབུ་རྒྱན་དང་། རྣ་རྒྱན་དང་། མགུལ་རྒྱན་དང་། དོ་ཤལ་དང་། མགུར་ཆུ་དང་། དཔུང་རྒྱན་དང་། གདུ་བུ་དང་། སོར་གདུབ་དང་། རྐང་རྒྱན་དང་། གོས་ནི་སྟོད་གཡོགས་དང་། སྨད་གཡོགས་སོ། །ལྡན་པ་ནི་དེ་རྣམས་འཛོམ་

པའོ། །བསྒྱིངས་པ་ནི་ཤིན་ཏུ་འགྱིང་བག་དང་བཅས་པས་དཀྱིལ་འཁོར་གྱི་མཐའ་མ་བསྐོར་བར་བྱ་ཞེས་པའི་དོན་ཏོ། །དེ་ནས་སྔོན་གྱི་སྦྱོར་བ་ཡིས། །ཆོ་ག་རྣམས་ནི་དཔྱད་པར་བྱ། །དང་པོའི་ཆོ་གའི་རིམ་པ་ནས། །འཁོར་ལོའི་རིམ་པ་འདི་གསུངས་ཏེ། །ཞེས་པ་ནི། ལྕེ་ལག་

བྱིན་གྱིས་བརླབ་པ་ནས། གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་བྱ་སྟེ། དེ་ནས་གཟོད་རོ་དེ་མེ་ཐབ་ཏུ་བཞག་སྟེ། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་དང་། ཕྱག་རྒྱ་བཞིས་རྒྱས་གདབ་པ་ཡན་ཆད་བྱས་ཏེ། གཟོད་མེ་སྦར་བར་བྱའོ། །དེ་ཡང་ཇི་ལྟར་སྦར་

ཞེ་ན། སྔོན་དུ་ཞི་བའི་སྐབས་སུ་ཇི་ལྟར་འདིར་ཡང་རྒྱས་པར་བྱས་ལ་གཟོད་བསྲེག་པའི་ལས་བྱས་ཏེ། དེ་ལ་ཡང་གསུམ་སྟེ། རོ་མཆོད་གནས་སུ་བསྲེག་པ་དང་། རོ་ལྟར་བསྲེག་པ་དང་། རོ་སྲེག་རྫས་སུ་བསྲེག་པ་དང་གསུམ་དུ་ཤེས་པར་བྱས་ལ་བསྲེག་གོ། །རྫས་དབུལ་ལ་སོགས་

པའི་རིམ་པ་སྔོན་དུ་ཤེས་པར་བྱའོ། །དེའི་ཕྱིར། མེ་ཉིད་ཤི་བའི་གནས་སྦྱངས་ཏེ། །ཞེས་གསུངས་པ་ཁོ་ནའོ། །དེ་ནས་ཁྲུས་བྱས་མཆོད་པའི་ཚོགས། །ཞེས་པ་ནི། མཆོད་པའི་ཡོ་བྱད་རྣམས་ལ་རྡོ་རྗེ་གནོད་སྦྱིན་གྱི་ཆུས་བསངས་ལ། མེ་ཏོག་ལ་སོགས་པ་ལྔ་དང་ལྷ་མོ་བརྒྱད་དང་། དེ་ལས་

เล่ม ๖๕ · หน้า 140a

གཞན་པའི་མཆོད་པ་དང་། མཆོད་པ་ཉི་ཤུ་པས་ཀྱང་མཆོད་པ། བསྟོད་པ་རྣམས་ཀྱིས་བསྟོད་དོ། །དེའི་ཕྱིར། མ་ལུས་པར་ནི་འདིར་བཤད་དོ། །ཞེས་གསུངས་སོ། །དེ་ནས་དཔུང་བཟངས་ཀྱིས་ཞུས་པ་ལས་གསུངས་པ་ལྟར་ཕྱོགས་སྐྱོང་ལ་གཏོར་མ་སྦྱིན་ནོ། །

དེ་ནས་དེ་ལ་ལམ་བསྟན་བྱ། །ཚོགས་བསག་དགེ་བའི་དོན་ལ་སྦྱར། །ཞེས་པའི་དོན་ནི་ལྷོ་སྒོའི་ཆོ་ག་ལས་ཤེས་པར་བྱའོ། །དེ་མཐར་བདག་ཉིད་རྟོགས་སྒོམ་དང་། །ཞེས་པ་ནི་དེ་ལྟར་བྱས་པའི་རྗེས་ལ་བདག་ཉིད་མི་དམིགས་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་མཉམ་ཤེས་པ་

ནི་བདག་ཉིད་ཡང་དག་པའི་ཐུགས་དང་། ཚེ་ལས་འདས་པའི་ཤེས་པ་གཉིས་མཉམ་ཞིང་དབྱེར་མེད་པར་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །ཅིས་མི་ཚུགས་ཞེས་པ་ནི་དེ་ལྟར་རྟོགས་ན་ཉོན་མོངས་པ་གང་གིས་ཀྱང་མི་ཚུགས་སོ་ཞེས་པའི་དོན་ཏོ། །དེ་ལ་རྟག་གནས་བདེ་ལྡན་དང་།

ཞེས་པ་ནི། ཐམས་ཅད་མཉམ་པ་ཉིད་ཀྱི་དོན་དེ་ལ་རྟག་པར་གནས་ན་ཡང་དག་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་དོན་བདེ་བ་དང་ལྡན་ནོ་ཞེས་པའི་དོན་ཏོ། །དེ་ལྟར་བསྒོམ་པའི་དོན་བསྟན་ནས་སྐབས་འདིར་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་ལ་སོགས་པ་བྱ་སྟེ།

སྔོན་དུ་བསྙེན་པའི་སྐབས་སུ་ཇི་ལྟར་གསུངས་པ་བཞིན་དུ་བྱའོ། །དེ་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྡུ་བ་ནི་རིམ་པས། ཨའི་ངང་ཉིད་དུ་ཞེས་གསུངས་ཏེ། རིམ་པ་ནི་ཡེ་ཤེས་ཀྱི་རྡོ་རྗེ་མཆོད་རྟེན་ལ་ཐིམ། མཆོད་རྟེན་ཆོས་འབྱུང་ལ་ཐིམ། རྡོ་རྗེ་རྒྱ་གྲམ་ལ་དེ་གཞལ་ཡས་ཁང་

ལ། དེ་ལྷ་ཚོགས་ལ། དེ་གཞིའི་སངས་རྒྱས་ལ། དེ་དང་པོའི་སངས་རྒྱས་ལ། དེ་ཤེས་རབ་འཁོར་ལོ་ལ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ཟླ་བ་ལ། དེ་ཨ་ལ་ཐིམ་མོ། །དེ་ཉིད་ལ་ཨའི་དང་ཉིད་དུ། །ཞེས་གསུངས་པའོ། །དེ་ལྟར་བདག་གི་ངོ་བོ་ཡི་གེ་ཨ་དཀར་པོའི་དང་ཉིད་དུ་གནས་

པས། དེ་ཡང་བདག་ལུས་ཨས་ཁྱབ་པའོ། །ཞེས་གསུངས་པའོ། །དེ་ནས་ཨ་དེའི་བྱིན་གྱི་རླབས་ཀྱིས་བདག་གི་ཤེས་པ་འོད་དུ་ཞུ་ནས་ཐིག་ལེ་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་ངང་དུ་རྟོགས་ཏེ། ཉེ་བའི་དཔེས་མཚོན་ན་འདུས་མ་བྱས་པའི་ནམ་མཁའ་དང་འདྲ་བར་གནས་ཏེ། དེ་ཁོ་ན་

เล่ม ๖๕ · หน้า 140b

ལ། དེ་ཉིད་ཨ་ཡི་བྱིན་རླབས་ལ། །ཨ་ཉིད་དབྱིངས་ཀྱི་ངང་ཉིད་དུ། །ཐམས་ཅད་ནམ་མཁའ་དང་འདྲའོ། །ཞེས་གསུངས་སོ། །དེ་ནས་ཇི་ལྟར་གསུངས་པའི་དོན་གྱི་རྣལ་འབྱོར་པའོ། །དེ་ཡན་ཆད་ཤི་བ་ལ་ཕན་གདགས་པའི་རིམ་པའོ།། །།དེ་ནས་འཁོར་ལོ་རྣམ་པ་བཞིའི་དོན་བསྟན་

པའི་ཕྱིར། དེ་ནས་འཁོར་ལོ་བསྟན་པ་ཞེས་པའི་དོན་ནི་འོག་ནས་འབྱུང་བ་འདི་ཉིད་ཡིན་ནོ། །དེ་ཡང་། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །ཞེས་གསུངས་ཏེ། ལུས་ལ་འཁོར་ལོ་བཞི་གནས་ཏེ། །ལྟེ་བ་ཤེས་རབ་

འཁོར་ལོ་སྟེ། །རྩིབས་ནི་བཅུ་གཉིས་ཡང་དག་ལྡན། །དང་པོའི་རྩིབས་ནས་བརྩམས་ཏེ་དགོད་པ་ནི། ཨ་ཨཱ་ཨཾ་ཨཱཿཨ་ཨཱ་ཨཾ་ཨཱཿཨ་ཨཱ་ཨཾ་ཨཱཿགནས་སོ། །རྟག་པ་ཤེས་རབ་ཡིག་འབྲུའི་འཁོར་ལོའོ། །ཕོ་བྲང་ལྷའི་འཁོར་ལོ་ནི་ལྟེ་བ་ལ་མི་བསྐྱོད་པ། དེ་ནས་རྡོ་རྗེ་སེམས་

དཔའ། རྒྱལ་པོ་ཆགས་པ་ལེགས་པ། སེམས་མ་རྡོ་རྗེ་མ་སྒེག་མོ་དང་། བདུག་སྤོས་མ་དང་། སྒོ་བ་ལྕགས་ཀྱུ་དང་། བྱམས་པ་འཇམ་དཔལ། སྤོས་ཀྱི་གླང་པོ་ཡེ་ཤེས་ཏོག་དང་བཅུ་གཉིས་སོ། །ལྟེ་བར་ཤེས་རབ་འཁོར་ལོ་གྲགས། །སྙིང་གར་ཤེས་རབ་འཁོར་ལོ་ནི་བཅུ་

གཉིས་རྩིབས་དང་ལྡན་པ་ལ། རིམ་པ་བཞིན་དུ་དང་པོར་ཨ་དགོད། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿདགོད་པར་བྱའོ། །རྟག་པ་ཤེས་རབ་ཡིག་འབྲུའི་འཁོར་ལོའོ། །ཕོ་བྲང་ལྷའི་འཁོར་ལོ་ནི་ལྟེ་བར་རིན་ཆེན་འབྱུང་ལྡན། རྡོ་རྗེ་རིན་ཆེན། ཉི་མ།

རྒྱལ་མཚན། བཞད་པ། རིན་ཆེན་སེམས་མ་དང་། མེ་ཏོག་མ་དང་། ཕྲེང་བ་མ་དང་། སྒོ་བ་ཞགས་པ། བཟང་སྐྱོང་། བློ་གྲོས་རྒྱ་མཚོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ་དང་བཅུ་གཉིས་སོ། །འདི་ནི་སྙིང་གའི་ཤེས་རབ་འཁོར་ལོའོ། །མགྲིན་པ་ཤེས་རབ་

འཁོར་ལོ་ནི། །བཅུ་གཉིས་རྩིབས་དང་ཡང་དག་ལྡན། །རིམ་བཞིན་རྩིབས་གཅིག་པ་ལ་ཨ། །ཨ་ར་པ་ཙ་ན། ཝཱ་གཱི་ཤྭ་ར་པྲཛྙཱ་ན་མཿདགོད། རྟག་པ་ཤེས་རབ་ཡིག་འབྲུའི་འཁོར་ལོའོ། །ཕོ་བྲང་ལྷའི་འཁོར་ལོ་ནི། །ལྟེ་བ་ལ་སྣང་བ་མཐའ་ཡས། རྡོ་རྗེ་ཆོས་རྒྱུ། སྨྲ་བ། རྣོན་པོ་

เล่ม ๖๕ · หน้า 141a

ཆོས་ཀྱི་སེམས་མ་དང་། གླུ་མ། མར་མེ་མ། སྒོ་བ་ལྕགས་སྒྲོག །མཐུ་ཆེན་ཐོབ་དང་། ངན་སོང་ཀུན་འདྲེན་དང་། མྱ་ངན་འཇོམས་དང་། དྲ་བ་ཅན་གྱི་འོད་དང་བཅུ་གཉིས་སོ། །མགྲིན་པ་ཤེས་རབ་འཁོར་ལོར་གྲགས། །སྤྱི་བོ་ཤེས་རབ་འཁོར་ལོ་ནི། །བཅུ་

གཉིས་རྩིབས་དང་ཡང་དག་ལྡན། །རྩིབས་དང་པོར་ཧ་ར་ཧ་ར། ཏ་ཐཱ་ག་ཏ། ཨོཾ་ཧཱུཾ་ཧྲཱིཿབྷ་ག་ཝཱན་ཛྙཱ་ན་མཱུརྟི། བཱ་གཱི་ཤྭ་ར་མ་ཧཱ་ཝཱ་ཙ་སརྦ་དྷརྨ་ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ རྟག་པ་ཤེས་རབ་ཡིག་འབྲུའི་འཁོར་ལོའོ། །ཕོ་བྲང་ལྷའི་འཁོར་ལོ་ནི་ལྟེ་བ་ལ་དོན་ཡོད་གྲུབ་པ།

རྡོ་རྗེ་ལས་དང་། སྲུང་བ་དང་། གནོད་སྦྱིན་ཁུ་ཚུར། ལས་ཀྱི་སེམས་མ། གར་མ་དྲི་ཆབ་མ། སྒོ་བ་དྲིལ་བུ། ཟླ་འོད། འོད་དཔག་མེད། ནམ་མཁའ་མཛོད། སྒྲིབ་པ་སེལ་བ། མཚོག་མ་ཤེས་རབ་འཁོར་ལོར་གྲགས། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་པ་བཞུ་

བཏུལ་ནི་འཁོར་ལོའི་གདམས་ངག་བླ་མ་ལས་ཤེས་པར་བྱའོ། །དེ་ནི་ཕོ་བྲང་ལྷའི་དཀྱིལ་འཁོར་དང་། ལུས་གནས་རྩའི་འཁོར་ལོ་དང་། ལྷག་པ་ཤེས་རབ་ཀྱི་འཁོར་ལོ་དང་གསུམ་གསལ་བར་བསྟན་ཏོ། །དེ་ལྟར་བསྒོམས་པས་འབྲས་བུ་བསྟན་པའི་ཕྱིར། དེ་ལྟར་རྟག་ཏུ་གང་བསྒོམ་པ། །ཞེས་པ་ནི། རིགས་

ཀྱི་བུ་གང་ལ་ལ་ཞིག་གིས་དེ་ལྟར་བསྒོམས་ན་འོག་ནས་འབྱུང་བའི་གཞོན་ནུའི་གཟུགས་ཅན་བདེ་བ་ཐོབ་ཅེས་གསུངས་པ་སྟེ། གཞོན་ནུ་ནི་འཇམ་དཔལ་ལོ། །གཟུགས་ཅན་ནི་དེའི་སྐུ་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའོ། །བདེ་བ་ཐོབ་པ་ནི་དེའི་ཐུགས་ཡང་དག་པའི་ཡེ་ཤེས་ཐོབ་

པའོ། །དྲག་འཛིན་ལུས་ནི་ངན་འགྲོའོ། །དེ་དག་སྤངས་ནས་ཞེས་པ་ནི། །གོང་དུ་གསུངས་པའི་དོན་དེ་ལྟར་བསྒོམས་པས་ཁམས་གསུམ་གྱི་ཉོན་མོངས་པ་སྤངས་ནས་འོག་ནས་འབྱུང་བའི་གཞན་གྱི་དོན་ཕྱིན་ཅི་མ་ལོག་པ་ཡང་གྲུབ་སྟེ། རྗེ་བཙུན་འཇམ་པའི་དབྱངས་སུ་སྐྱེ་བས་

ན། །རང་དགའི་ལུས་སུ་སྐྱེ་བར་ངེས། །ཞེས་གསུངས་སོ། །དེ་ནས། དེས་ས་བཅུ་ལ་བགྲོད་པར་བསྟན་པ་ནི། དཀྱུས་ཉིད་གསལ་ལོ། །དེ་ནི་ཤེས་རབ་འཁོར་ལོ་བསྒོམ་པའི་རིམ་པའོ། །དེ་ནས་ལྷག་པར་གནས་པའི་སློབ་མ་དེ་དབང་བསྐུར་བར་བྱ་བའི་ཕྱིར། དེ་ནས།

เล่ม ๖๕ · หน้า 141b

འདི་ནི་དབང་བསྐུར་དམ་པར་གསུངས། །ཞེས་པ་ནི། སྔོན་དུ་ལྷག་པར་གནས་པའི་སློབ་མ་དེ་འདིར་དབང་བསྐུར་བར་བྱའོ་ཞེས་པའི་དོན་ཏོ། །དེ་མ་བསྐུར་ན་ཅིར་འགྱུར་ཞེ་ན། དབང་བསྐུར་མེད་ན་དངོས་གྲུབ་མེད། །ཅེས་གསུངས་ཏེ། དེ་ནས་སློབ་དཔོན་གྱིས་བྱ་བའི་རིམ་པ་བསྟན་པའི་ཕྱིར།

ཡོན་ཏན་ལྡན་པའི་སྔགས་པ་ཞེས་གསུངས་ཏེ། ཡོན་ཏན་ལྡན་པའི་སློབ་མ་དབང་བསྐུར་བའི་སྔོན་དུ་སློབ་དཔོན་ཉིད་ཀྱིས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དུ་ཞུགས་ལ། དབང་བླང་བ་ལ་སོགས་པ་བྱས་ལ། གཟོད་སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱའོ་ཞེས་པའི་དོན་ཏོ། །དེས་ཅིར་

འགྱུར་ཞེ་ན། དེ་ལ་དབང་བྱིན་ཡོན་ཏན་གྲུབ། །ཅེས་གསུངས་ཏེ། དེ་ནས་སློབ་མ་གཞུག་པར་བསྟན་པའི་ཕྱིར། དང་པོ་ཁྲུས་བྱས་རྒྱན་གོན་ཏེ། ཞེས་པ་ལ་སོགས་པ་གསུངས་པའི་དོན་ནི་འདི་ཡིན་ཏེ་སློབ་དཔོན་དུ་འོས་པའི་བླ་མས་ལས་ཐམས་ཅད་པའི་ཆུས་བསངས་ལ་རྡོ་རྗེ་སེམས་དཔར་

བྱིན་གྱིས་བརླབས་ཏེ། རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་གོས་དམར་པོའི་སྟོད་གཡོགས་དང་སྨད་གཡོགས་གྱོན་ལ། ཨོཾ་བཛྲ་ཏཱིཀྵྞ་ཧཱུཾ་ཕཊ་ཅེས་བཟླས་པའི་གདོང་གཡོགས་དམར་པོ་བཅིངས་ལ། ཡོན་གྱི་དམ་པ་དག་ཕུལ་བ་ཡོངས་སུ་བླངས་

ཏེ། དེའི་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོ་རྣམས་སུ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་ཟླ་བའི་སྟེང་དུ་དེའི་ས་བོན་གྱི་རྣམ་པར་བཀོད་ལ་ཕྱོགས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱེད་དུ་བཅུག་ལ། དེ་ནས་ས་མ་ཡ་སྟྭཾ་ཞེས་པའི་

སྔགས་ཀྱིས་འཇམ་པའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་འཛིན་དུ་གཞུག་ཅིང་དེ་བཞིན་དུ་ཕྲེང་བ་འཛིན་དུ་གཞུག་གོ། །དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བསྒོ་བ་བྱ་སྟེ། སྐལ་དང་ལྡན་པ་རིགས་ཀྱི་བུ། །ཁྱོད་ནི་ཅི་དང་ཅི་ལ་དགའ། །འདོད་དོན་གང་ཡིན་ཁྱོད་ཀྱིས་སྨྲོས། །དེ་ནས་

སློབ་མས་འདི་སྐད་ཅེས། །བདག་ནི་གསང་བའི་དཀྱིལ་འཁོར་ལ། །རབ་ཏུ་བལྟ་བར་བགྱི་བ་དང་། །མྱ་ངན་འདས་པའི་གྲོང་མཆོག་ཏུ། །བདག་ནི་འཇུག་པར་འཚལ་ལགས་སོ། །དེ་རྗེས་སློབ་དཔོན་དམ་པས་ཀྱང་། །འདི་སྐད་ཅེས་ནི་བརྗོད་པར་བྱ། །སྔོན་གྱི་རྒྱལ་བ་

เล่ม ๖๕ · หน้า 142a

རྣམས་ཀྱིས་གསུངས། །གསང་བ་བས་ཀྱང་ཆེས་གསང་བའི། །ཡང་གསང་དམ་པའི་དཀྱིལ་འཁོར་འདིར། །བདག་གིས་བུ་ཁྱོད་གཞུག་པར་བགྱི། །གྲོང་ཁྱེར་ལ་ཡང་གྲོང་ཁྱེར་དེ། །མྱ་ངན་འདས་པའི་གྲོང་མཆོག་ཏུ། །བུ་ཁྱོད་རབ་ཏུ་གནས་པར་བགྱི། །སྐལ་དང་།

ལྡན་པ་ཁྱོད་ཀྱིས་ཀྱང་། །ལྷ་རྣམས་ལ་ཡང་ཕྱག་འཚོལ་ལ། །སྡིག་པ་མ་ལུས་སྦྱང་བྱས་ནས། །སྡོམ་པ་རྣམས་ནི་ལེགས་པར་ཟུང་། །མཆོག་ཏུ་སེམས་ཀྱང་བསྐྱེད་པར་གྱིས། །ཅེས་བརྗོད་དོ། །དེ་ནས་དོན་དང་ལྡན་པའི་སློབ་མ་འཁོར་དང་བཅས་པས། དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྱག་བྱས་ལ།

བཅུ་ཡོངས་སུ་དག་པ་ནས་སྡོམ་པ་གཟུང་བ་ཡན་ཆད་བྱེད་དུ་གཞུག་གོ། །དེ་ནས་འདི་སྐད་བསྒོའོ། །དིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གྲུབ་པ་ཡང་ཐོབ་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ།

དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱས་ཀྱིས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཤིག །དམ་ཚིག་ཉམ་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་སློབ་མའི་སྤྱི་བོར་བཞག་ལ་འདི་སྐད་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེ་དམ་ཚིག་

གིས་གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་ཕྱག་རྒྱ་འདི་ཉིད་དང་མནའ་ཆུའི་སྙིང་པོས་སྔགས་ལ་སློབ་མས་འཐུང་དུ་གཞུག་གོ། །དེའི་མནའི་སྙིང་པོ་ནི་འདི་ཡིན་ཏེ། ཧཱུཾ་རྡོ་རྗེ་དམ་ཚིག་དེང་ཁྱོད་ཉིད། །སྙིང་ལ་ཡང་དག་ཞུགས་མཛད་ཀྱིས། །གལ་

ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲ་ཨུ་ད་ཀ་ཋཿ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །གལ་ཏེ་དཀྱིལ་འཁོར་

མ་མཐོང་སྨྲས། །སྐྱེ་བོའི་ཚོགས་ན་འདུག་པའམ། །དད་པ་མེད་ལ་བསྟན་མི་བྱ། །དེ་ནས་སློབ་མ་ལ་འདི་སྐད་བསྒོའོ། །དེང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཡང་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་

เล่ม ๖๕ · หน้า 142b

བ་མ་སྤངས་པས་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ་འདི་སྐད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཞེས་སྨོས་ཤིག་པར་བསྒོའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་བ་ཉིད་དུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་

བཅིངས་ལ་འདི་སྐད་བརྗོད་དོ། །འདི་ནི་ཁྱོད་ཀྱི་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །དེ་རིང་ཉིད་དུ་འབབ་པར་ཤོག །ཨོཾ་བཛྲ་ཨཱ་བེ་ཤ་ཨཿཞེས་བརྗོད་དོ། །དེ་ནས་ཕྱག་རྒྱ་བཅིངས་པ་ལས་བྱུང་ནས་དེའི་སྙིང་གར་ཞུགས་ཏེ་རྡོ་རྗེ་སེམས་དཔའ་

འབབ་པར་གྱུར་པར་བསམས་ན་འབབ་པར་འགྱུར་རོ། །ཡང་ཧོ་ཨ་ཧ་ཞེས་བྱ་བ་ཡང་རང་གི་སྙིང་ག་ལ་བཀོད་ལ། སེའུའི་མེ་ཏོག་དང་འདྲ་བའི་རྡོ་རྗེ་སེམས་དཔའ་རང་གི་དམ་ཚིག་དང་བཅས་པ་རང་གི་སྙིང་གར་ངེས་པར་བྱུང་ལ། བཛྲ་བནྡྷ་ཏྲཊ་ཅེས་པས་དེའི་སྙིང་ག་ཕྱེ་ལ་དེར་བཅུག་སྟེ་རྡོ་རྗེ་

དབབ་པའི་ཕྱག་རྒྱ་བཅིངས་ལ་སྔགས་བརྗོད་ལ། བཅོམ་ལྡན་འདས་ཀྱིས་གང་བར་གྱུར་པར་བསམས་ན་ཡང་འབབ་པར་འགྱུར་རོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྡོ་རྗེའི་ཚིག་གིས་བདུན་ནམ་བརྒྱད་རྫོགས་པས་ཀྱང་འབབ་པར་འགྱུར་རོ། །སློབ་མའི་གཙོ་བོའི་སྙིང་གར་རྡོ་རྗེ་བྱ། །ཡིག་

བརྒྱ་ཕྱེད་པས་མཉམ་གཞག་བརྟན་བྱས་ནས། །བདག་ལུས་གང་ཡིན་སྣོད་ཀྱི་སྒོ་ཕྱེ་ཞིང་། །སྙིང་ལ་གནས་པའི་རྡོ་རྗེའི་དབུས་སུ་བལྟ། །སྔགས་ཀྱི་བདག་པོ་ཡི་གེ་ཨ་དམར་གསུངས། །བརྗོད་པས་ཡང་དག་ཆགས་པས་གཡོ་བར་བལྟ། །སློབ་མའི་ལུས་འདི་སྒོ་ནི་དབྱེ་བྱས་

པར། །ཞུགས་ནས་རྡོ་རྗེ་བྱས་པའི་སྙིང་ལ་གནས། །མ་ལུས་ལུས་པ་ཀུན་དུ་བཀང་ནས་སུ། །རྐང་པ་གཡོན་པས་གཡས་པ་མནན་ནས་ནི། །སྔགས་པས་སློབ་མའི་སྙིང་ག་དེ་ལ་དབབ། །ཀུན་དུ་དྲིལ་བུའི་སྒྲ་ནི་ཡང་དག་དཀྲོལ། །ལག་པ་པདྨ་འདབ་མའི་ཕྱག་རྒྱ་བྱས། །མི་

བསྐྱོད་རིན་ཆེན་ལ་སོགས་བདེ་གཤེགས་རྣམས། །རང་གི་ཕྱོགས་ཕྱོགས་ནས་བྱོན་འོད་ཕབ་པས། །ལེགས་བབས་གྱུར་པས་རང་གི་བུ་ལ་བལྟ། །གང་ཞིག་དེས་ཀྱང་འབབ་པར་མ་གྱུར་ན། །ལག་པ་གཡས་པར་ཏིལ་གྱི་ས་བོན་གཞག །དབུས་སུ་ཡི་གེ་ཧཱུཾ་ཡང་རྣམ་བཀོད་དེ། །

เล่ม ๖๕ · หน้า 143a

རྡོ་རྗེ་འོད་འབར་བ་ནི་རྣམ་པར་བསམ། །གཡོན་པའི་མཐེབ་མཛུབ་ཕྱག་རྒྱར་བྱས་པ་ཡིས། །བླང་བར་བྱས་ལ་མེ་ལ་སྦྱིན་སྲེག་བྱ། །ལུས་ནི་ཐལ་བར་བྱས་ལ་རྣམ་དག་པའི། །བསོད་ནམས་ལུས་ལའང་སྔགས་ཀྱི་འོད་ཀྱིས་དགང་། །ཡེ་ཤེས་བབ་བ་ཉིད་དུ་བསམས་ནས་ནི། །རྫས་

བཞིན་འབབ་པ་ཉིད་དུ་རབ་ཏུ་འགྱུར། །ལ་ལ་དག་གིས་ལེགས་པར་བཤད་པ་ན། །མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ་ཡིས། །རྩེ་མོ་འོད་དཀར་གཡོ་ཞིང་དགོད་པའི་ཞལ། །སྨིན་མ་གདེངས་པས་ཕྱོགས་བཅུ་མ་ལུས་པ། །འབྲུག་སྒྲ་ལྟ་བུ་ཧཱུཾ་ནི་འཇིགས་པའི་སྒྲ། །སངས་རྒྱས་མེ་ཏོག་ཆུན་

ཕྲེང་གཉིས་བཏགས་པ། །འོད་ཆེན་སྣ་ཚོགས་ལྡན་པར་རང་གི་ལུས་བསྒོམས་ལ། །སྔགས་པས་རང་གི་བུ་ཡི་མིག་ཕྱེ་སྟེ། །འཁོར་ལོ་འདི་དག་མ་ལུས་བསྟན་པར་བྱ། །གང་ཚེ་དེར་ནི་ཅི་ཡང་མ་མཐོང་ན། །རང་ལས་བྱུང་བའི་འོད་ཀྱི་ཕྲེང་བ་ཡིས། །དེ་ཡི་སྙིང་ལ་སྣང་བར་བྱས་ལ་དེ་ནས་ནི། །

འདི་ནི་ཉིས་འགྱུར་མིག་ཏུ་འགྱུར་བར་བསམ། །དེ་ཡི་འོད་ཀྱིས་མིག་གཉིས་བསྐུལ་བས་ན། །དེ་ཚེ་ཅུང་ཟད་ངེས་པར་མཐོང་བར་འགྱུར། །དེས་ཀྱང་དེ་བཞིན་མཚན་མ་མ་མཐོང་ན། །རྗེས་མཐུན་གནས་པས་བདེན་པའི་བྱིན་རླབས་བྱ། །འགྲོ་བའི་དོན་ལ་ཆགས་བྲལ་མ་མཛད་ཅེས། །བརྟུལ་

ཞུགས་ཅན་གྱིས་དེར་སོགས་ཀྱིས་བསྐུལ་ཞིང་། །པུས་མོ་གཉིས་ཀ་ས་ལ་བཙུགས་ནས་ནི། །གཟུགས་མཐོང་ཕྱིར་ནི་མཆོད་པ་དབུལ་བར་བྱ། །དེ་བབས་ཏེ། བབས་མ་ཐག་ཏུ་ལྷའི་ཡེ་ཤེས་སྐྱེ་བར་འགྱུར་ཞིང་། ཡེ་ཤེས་དེས་ནི་ཕ་རོལ་སེམས་སུ་འགྱུར་རོ། །ཞེས་བྱ་བ་

ལ་སོགས་པ་རྒྱ་ཆེར་སྦྱར་རོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་དེའི་སྙིང་གའི་ཕྱག་རྒྱ་དགྲོལ་བར་བྱའོ། །ཚིགས་སུ་བཅད་པ་འདིས་བདེན་པའི་བྱིན་རླབས་བརྗོད་པར་བྱའོ། །འདི་ལྟར་བདག་གི་སློབ་མ་འདི། །དཀྱིལ་འཁོར་དུ་ནི་ལེགས་བཅུག་ནས། །ལྷ་ཡི་

རིགས་ཀྱི་རིམ་པ་དག །འདི་ཡི་བསོད་ནམས་ཅི་འདྲ་ལས། །དེ་བཞིན་དུ་ནི་འབབ་པར་འགྱུར། །འདི་ནི་དངོས་གྲུབ་གང་གྲུབ་པ། །རིགས་ནི་གང་གི་སྣོད་གྱུར་དང་། །བསོད་ནམས་མཐུ་ནི་གང་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་འགྱུར། །དེ་ནས། སངས་

เล่ม ๖๕ · หน้า 143b

རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། །ཧཱུཾ་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བྱ་བའི་སྔགས་ཀྱིས་ཕྲེང་བ་དཀྱིལ་འཁོར་དུ་དོར་རོ། །དེ་ནས་དངོས་གྲུབ་རབ་འབྲིང་མེ་ཏོག་འབབ་

པ་ལས་བརྟག་པར་བྱ་སྟེ། ལྷ་རྣམས་ཀྱི་ཁྱད་པར་དང་གནས་ཀྱི་ཁྱད་པར་ལས་བརྟགས་ཏེ། གང་ཚེ་སངས་རྒྱས་བཅོམ་ལྡན་འདས། །དབུ་ལ་མེ་ཏོག་འབབ་འགྱུར་ན། །དེ་ཚེ་གཙུག་ཏོར་མཛོད་སྤུ་དག །འགྲུབ་པར་འགྱུར་བས་གདོན་མི་ཟ། །སྤྱན་ལ་སོགས་པ་རྣམས་ཀྱང་ནི། །ཞལ་དུ་བབས་

པར་གྱུར་པ་ན། །སྟོད་དུ་བབས་ན་མཆོག་རྣམས་གྲུབ། །རྐེད་དུ་བབས་ན་འབྲིང་རྣམས་གྲུབ། །རོ་སྨད་ཕྱོགས་སུ་བབས་ན་ནི། །དངོས་གྲུབ་ཐ་མ་རྣམས་འགྲུབ་འགྱུར། །བར་གྱི་སྐུ་ལ་བབས་ན་ནི། །སྙིང་པོ་ལ་སོགས་གྲུབ་པར་འགྱུར། །སྨད་དུ་བབས་པར་གྱུར་ན་ནི། །མངག་གཞུག་ལ་སོགས་

གྲུབ་པར་འགྱུར། །རིམ་པ་དེ་དག་ཐམས་ཅད་ནི། །རིམ་བཞིན་རྣམ་པར་ཤེས་པར་བྱ། །དེ་བཞིན་ལྷ་རྣམས་གཞན་ལ་ཡང་། །དངོས་གྲུབ་རྣམ་པ་གསུམ་དུ་བཤད། །གལ་ཏེ་ལྷ་ཡི་གཟུགས་དག་ལ། །མེ་ཏོག་རིང་དུ་ལྷུང་གྱུར་ན། །དེ་ཡི་དངོས་གྲུབ་ཡུན་རིངས་འགྲུབ། །ཉེ་ན་དངོས་

གྲུབ་མྱུར་དུ་འགྲུབ། །གསང་སྔགས་རྣམས་ཀྱི་མཆོད་པ་དག །གང་དུ་བཀྲམ་པའི་ཚུལ་ཅན་ནི། །དེ་ཡི་ས་རིས་དེ་ཡིན་ཏེ། །མེ་ཏོག་དེར་ལྷུང་དེ་ཡི་རིགས། །ལྷ་གཉིས་ཀྱི་ནི་བར་དག་ཏུ། །གལ་ཏེ་ངེས་པར་བབས་གྱུར་ན། །གང་དུ་ཉེ་བ་དེ་ཡི་རིགས། །གལ་ཏེ་ལ་ལའི་མེ་ཏོག་ནི། །

དཀྱིལ་འཁོར་མང་པོ་འདས་ནས་བབ། །དེ་ལ་དངོས་གྲུབ་མི་འགྲུབ་ཅིང་། །བསོད་ནམས་དད་པ་རབ་ཏུ་ཆུང་། །གལ་ཏེ་མེ་ཏོག་དོར་བ་དག །ར་བའི་རི་མོ་ལ་བབ་ན། །ཞི་བ་བྱས་ནས་དེ་དག་གདོད། །ནན་ཏན་བསྐྱེད་དེ་འདོར་དུ་གཞུག །དེ་སྟེ་ཐེ་ཚོམ་གྱུར་ན་ནི། །མཁས་པས་

བཟླས་ཏེ་འདོར་མི་གཞུག །དེ་ནི་གང་ཡང་ཉེ་མེད་པས། །དེས་ནི་དངོས་གྲུབ་ཐོབ་མི་འགྱུར། །གཉིས་ཀྱི་བར་དུ་མཉམ་པ་ན། །དོན་མེད་ཕྱི་རོལ་ལྷུང་ན་ནི། །ཞི་བའི་སྦྱིན་སྲེག་བྱས་ནས་སུ། །དེ་ནས་མེ་ཏོག་དོར་དུ་གཞུག །སྙིང་པོར་མེ་ཏོག་བབས་པ་ནི། །རྟག་ཏུ་དོན་མེད་མི་

เล่ม ๖๕ · หน้า 144a

འགྱུར་བཤད། །སྲད་བུ་དག་ནི་ཆོ་ག་བཞིན། །དེ་ཡི་ཉེ་འཁོར་ཤེས་པར་བྱ། །དེ་ལ་སོགས་པའི་རྣམ་པ་ཡིས། །མེ་ཏོག་རྣམས་ནི་དོར་བ་ལས། །བདག་གི་མདུན་དུ་གང་ལྷུང་བ། །དེ་ལ་ཞི་བ་བརྩམ་པར་བྱ། །སྦྱིན་སྲེག་གིས་ནི་ཞི་བྱས་ནས། །དེ་ནི་

སླར་ཡང་དོར་དུ་གཞུག །ལན་གསུམ་སྤོགས་ཏེ་འདོར་ན་ཡང་། །གལ་ཏེ་ལེགས་པར་མ་བབ་ན། །རེ་ཐག་བཅད་དེ་སླར་གཏང་བྱ། །དེ་ནས་མེ་ཏོག་བབས་པ་ལས། །ལྷ་ཡང་དག་པར་ཤེས་བྱས་ནས། །ཕྲེང་བ་བླངས་ཏེ་སྔགས་འདི་བརྗོད། །ཨོཾ་པྲ་ཏི་གྲྀཧྞ་ཏྭ་མི་མཾ་སཏྭ་མ་ཧཱ་

བ་ལ་ཞེས་བརྗོད་ལ་དེའི་མགོ་ལ་བཅིང་ངོ་། །ཡེ་ཤེས་སེམས་དཔའི་མཚན་མ་ཉེ་བར་མཚོན་ནས། །དེ་ལ་མིག་གིས་ཇི་ལྟར་མཐོང་ཞེས་དྲིའོ། །དེས་ཇི་ལྟར་མཐོང་བ་བཞིན་དུ་འགྲུབ་པར་འགྱུར་རོ། །གལ་ཏེ་ཁ་དོག་སྣང་བར་མཐོང་ན། །དེ་ལ་དངོས་གྲུབ་ཐམས་ཅད་ཀྱི་ཡེ་ཤེས་

བསླབ་པར་བྱའོ་ཞེས་རྒྱ་ཆེར་སྦྱར་རོ། །དེ་ནས་འདིས་གདོང་གཡོགས་དགྲོལ་ཏེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །མིག་གི་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །བཛྲ་ཙཀྵུ་ཧེ་བཛྲ་པཱ་ཤ་ཞེས་བརྗོད་དོ། །དེ་ནས་གདོང་

གཡོགས་དཀྲོལ་ནས་ནི། །དཀྱིལ་འཁོར་བཟང་པོ་བསྟན་པར་བྱ། །དེ་ནས་བླ་མ་དགའ་འགྱུར་ནས། །སློབ་མ་དེ་ལ་འདི་སྐད་བསྒོ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་རིགས་པས་བྱིན་གྱིས་

བརླབས། །འགྲོ་བ་ཕུན་སུམ་དངོས་གྲུབ་ཀྱང་། །ཐམས་ཅད་ཁྱོད་ལ་མངོན་དུ་གྱུར། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོངས། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་བཤད་པར་བྱ་སྟེ། མི་མཉམ་མེད་པས་ཟུར་བཞིར་སྙོམས། །དྲན་དང་

དབང་པོ་སྒོ་བཞི་སྟེ། །བསམ་གཏན་རྟ་བབས་རྣམ་པ་བཞི། །ཏིང་འཛིན་ཁྱམས་སུ་ཤེས་པར་བྱ། །ཁྱམས་ལ་བརྟེན་པ་རྡོ་རྗེའི་གདན། །གཟུངས་རྣམས་ལྷ་མོས་མཆོད་པ་ཡི། །རྒྱན་རྣམས་ཀུན་གྱིས་བཀྲ་བ་ཡང་། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །གདུལ་བྱ་

เล่ม ๖๕ · หน้า 144b

བསྐྱོད་པ་སྣ་ཚོགས་མཆོག །དར་འཕན་དྲིལ་བུ་སྒྲོགས་པ་ཡིས། །མེ་ལོང་ཡེ་ཤེས་རྟག་མི་རྟོག །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །དྲ་བ་དྲ་ཕྱེད་རིན་ཆེན་མཆོག །ཉི་མ་ཟླ་བར་ཡང་དག་ལྡན། །ཀུན་གྲུབ་མི་ཟད་བདེ་བ་སྟེ། །བདེ་བ་ཆེན་པོ་ཞེས་གྲགས་སོ། །དེ་ཡི་ནང་གི་དཀྱིལ་

འཁོར་གྱི། །ཀ་བ་དཀྱིལ་འཁོར་དྲ་བ་ནི། །དངོས་གྲུབ་བདེ་བ་ཀུན་སྟེར་བའི། །རྣམ་ཐར་བརྒྱད་པོ་དེ་ཉིད་ཡིན། །ཐེག་པ་ཆེན་པོ་བྱང་ཆུབ་སེམས། །མདོ་སྡེའི་འཁོར་ལོ་བསྐོར་བས་ན། །རྡོ་རྗེ་ཐིག་གིས་ཡོངས་བཏབ་ཅིང་། །ཐམས་ཅད་དུ་ཡང་ཡོངས་སུ་རྫོགས། །གང་དུ་འཇུག་པ་དེ་ཙམ་

གྱིས། །མི་ཚུགས་པ་དང་མི་ལོག་པ། །བདེ་བ་ཆེན་པོ་རབ་གྲུབ་ཕྱིར། །དེ་དག་དབང་པོར་ཡང་དག་འགྱུར། །དེ་ནས་ཕྱག་རྒྱ་དང་སྙིང་པོ་ཡང་བཤད་པར་བྱ་སྟེ། དེ་ནས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། མགོན་པོ་འཇམ་དབྱངས་ཀྱི་བར་དུ་བསྟན་པར་བྱའོ། །དེ་ནས་མེ་ལོང་བསྟན་པར་བྱ་སྟེ།

ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་དྲི་མ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་ནས་སུ། །སེམས་ཅན་དོན་ནི་མཉན་པར་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་

སྐྱེས། །ཞེས་སྒྱུ་མ་ལྟ་བུར་བསྟན་ཏོ། །དེ་ནས་བླ་མ་དེ་ལ་ཡོན་གྱི་མཆོག་ཕུལ་ཏེ། གསོལ་བ་གདབ་པར་བྱ་སྟེ། འདི་ཞེས་བགྱི་བ་རྡོ་རྗེ་ཅན། །བྱང་ཆུབ་སེམས་ནི་རྣམ་བསྒོམ་པ། །སློབ་དཔོན་ཞབས་ཀྱི་པདྨ་ལ། །དབང་བསྐུར་ཕྱིར་ནི་ཕྱག་ཀྱང་འཚལ། །སློབ་དཔོན་རབ་ཏུ་

རྨད་བྱུང་བ། །རྒྱལ་བ་རྣམས་ཀྱིས་དབང་བསྐུར་ཉིད། །སངས་རྒྱས་བྱང་ཆུབ་ཐོབ་བྱེད་པ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །ཞེས་བརྗོད་དོ། །དེ་ནས་སློབ་དཔོན་གྱིས་ཧོཿཞེས་བྱ་བས་གཞུ་བྱིན་ལ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱིས་ཤིག་ཅེས་བརྗོད་དེ།

ཕྱོགས་བཞིར་མདའ་བཞི་འཕེན་དུ་གཞུག་ཅིང་། སྟེང་དང་འོག་ཏུ་ཡང་རེ་རེ་འཕེན་དུ་གཞུག་གོ། །དེ་ནས་སློབ་མ་དབང་བསྐུར་བར་བྱ་སྟེ། ཤར་ཕྱོགས་ཀྱི་སྒོའི་མཐར་སྣ་ཚོགས་པདྨ་བྲིས་ལ་གང་ཡང་རུང་བའི་སྐུར་བསྐྱེད་དེ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་བསམས་ལ།

เล่ม ๖๕ · หน้า 145a

གཡས་ལོགས་སུ་དར་དང་མེ་ཏོག་གི་ཕྲེང་བས་བརྒྱན་པའི་གདུགས་དཀར་པོ་ལ་གཙུག་ཏོར་གདུགས་དཀར་བཟླས་ལ་དབུབ་པོ། །གཡོན་དུ་དར་ཚོན་སྣ་ཚོགས་པ་བཀྲམ་པའི་རྒྱལ་མཚན་དང་། བ་དན་ལ་ཨོཾ་ཡོངས་སུ་བཟླས་པ་ལེགས་པར་བཞག་ལ། མེ་ཏོག་ལ་

སོགས་པས་མཆོད་ལ་སྒྲ་སྣ་ཚོགས་པས་བསྒྲགས་སོ། །བཀྲ་ཤིས་ཀྱི་གླུ་ལེན་ཅིང་ཕྱི་ནང་གི་གར་སྣ་ཚོགས་པ་ཡང་བྱའོ། །དེ་ནས་རྡོ་རྗེ་འབེབས་པའི་བུམ་པ་ལ་སོགས་པ་ཐམས་ཅད་གཅིག་ཏུ་བསྡོམས་ཏེ་བྱིན་གྱིས་བརླབས་ལ་དབང་བསྐུར་བར་བྱ་སྟེ། །ཆེ་བའི་ཡོན་ཏན་ཀུན་རྫོགས་ཤིང་། །

བདུད་རྩིའི་ཆུ་ཡིས་རབ་བཀང་བ། །རྣམ་པར་དག་པའི་བུམ་པ་འདིས། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་དོ། །སློབ་མ་རྣམས་ཀྱི་སྤྱི་བོར་བཞག་པས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་མི་བསྐྱོད་པ་ངོ་བོར་གྱུར་ཏོ། །དེ་ནས་དེ་ཁོ་ན་ཉིད་བསྟན་ཏེ། ཐོག་མཐའ་མེད་

པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཐམས་ཅད་བདག །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་བྱ་བ། འདི་ནི་འཇམ་དཔལ་ལ་བྱ་བར་བཤད་དེ་མིང་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ནས་ཆོས་བསྟན་ཏེ། སྲིད་པའི་རང་

བཞིན་དག་པའི་ཕྱིར། །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པའི་མཆོག་ནི་བྱེད་པར་འགྱུར། །དེ་ནས་དམ་ཚིག་བསྒྲག་པར་བྱ་སྟེ། སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་ཞི་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་

པའི་ཐབས། །དེ་བས་དམ་ཚིག་བསྲུང་བར་གྱིས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་ཚེ། །

དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་བ་མཆོག་གི་དམ་ཚིག་ཐབས། །བསོད་ནམས་བྱིན་རློབ་སྒྲུབ་བྱེད་པ། །དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ། །སེམས་ཅན་དོན་ནི་སྟོན་པར་བྱེད། །ཡིད་ཀྱི་གཟུགས་ནི་བརྟན་པའི་ཕྱིར། །

เล่ม ๖๕ · หน้า 145b

ཕྱག་རྒྱ་དམ་ཚིག་ཡིན་པར་གྲགས། །གང་གི་ལུས་ཀུན་བསྟན་པས་ན། །དེས་ན་ཕྱག་རྒྱ་ཡིན་པར་གྲགས། །ཞེས་བྱའོ། །དེ་ནས་གསང་བ་བསྒྲགས་ཏེ། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་པའི་ཆགས་བྲལ་བར། །ཁྱེད་ཀྱིས་ནམ་

ཡང་མ་བྱེད་ཅིག །ཅེས་བྱའོ། །དེ་ནས། མགོན་པོ་ཁྱོད་ལ་གསོལ་བ་ནི། །ཐེག་པ་ཆེན་པོ་རྟོག་པ་ཡི། །ཚུལ་ཆེན་ཡང་ནི་རྒྱས་པར་མཛོད། །ཅེས་བྱའོ། །དེ་ནས། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་པ། །རྡོ་རྗེའི་

འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག །རྡོ་རྗེ་རིགས་ཀྱི་བདག་པོ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་བསྐོར་ཞེས་བརྗོད་དོ། །དེ་ནས་དབུ་རྒྱན་དང་དར་དཔྱངས་སུ་བཅས་པ་བྱིན་གྱིས་རློབས་ལ། །དེ་བཞིན་གཤེགས་པ་ཀུན་གྱི་རྒྱན། །སངས་རྒྱས་ལྔ་

ཡི་ངོ་བོ་ཉིད། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །དར་དཔྱངས་དག་གིས་དབང་བསྐུར་རོ། །ཨོཾ་རཏྣ་ཨ་བྷི་ཥིཉྩ་ཞེས་བརྗོད་པས། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལས། །རྡོ་རྗེ་རིན་པོ་ཆེར་གྱུར་ཏོ། །དེ་ནས་དེ་ཁོ་ན་ཉིད་བསྟན། །ཉི་མ་འདི་ནི་མཆོག་ཡིན་ཏེ། །དེ་བཞིན་གཤེགས་པ་

ཐམས་ཅད་མཐོང་། །ནམ་མཁའི་སྙིང་པོ་བཅོམ་ལྡན་འདས། །བསམ་པ་ཐམས་ཅད་རྫོགས་མཛད་པའོ། །ཞེས་བརྗོད་དོ། །དེ་ནས་ཆོས་ཀྱི་མཚན་ཉིད་བསྟན་ཏེ། བསམ་པ་ཐམས་ཅད་རབ་གྲུབ་པས། །དོན་འདི་བསམ་འགྲུབ་བླ་ན་མེད། །དེ་ཡང་འདོད་པ་རབ་གྲུབ་ཕྱིར། །འདོད་དང་ཐར་པའི་བདེ་

ཆེན་པོ། །ཞེས་བརྗོད་དོ། །དེ་ནས་དམ་ཚིག་བསྒྲགས་ཏེ། སེམས་ཅན་ཀུན་ལ་ཕན་ཕྱིར་དང་། །སངས་རྒྱས་དོན་དུ་སྦྱོར་བ་ཡིས། །ཕ་རོལ་ནོར་རྣམས་ཕྲོགས་ཀྱང་ནི། །སྡིག་གིས་གོས་པར་མི་འགྱུར་རོ། །ཞེས་བརྗོད་དོ། །དེ་ནས་གསང་བ་བསྒྲགས་ཏེ། འདོད་དང་བདེ་བ་ཐམས་

ཅད་དང་། །མི་མཐུན་པ་ཡང་སྦྱིན་བྱ་ཞིང་། །བདག་ཉིད་ཀྱང་ནི་ཕ་རོལ་གྱི། །བསམ་པ་ཐམས་ཅད་རྫོགས་པར་གྱིས། །དེ་ནས། རིན་ཆེན་ཁྱེད་ལ་གསོལ་བ་ནི། །ནོར་གྱི་ཚོགས་ནི་བཤད་དུ་གསོལ། །རང་གི་རིགས་ནི་བསྐྱེད་པར་མཛོད། །ཅེས་བརྗོད་དེ་ནས། མདོར་ན་འཇིག་རྟེན་

เล่ม ๖๕ · หน้า 146a

ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཅི་སྟེ་སྣ་ཚོགས་འདུལ་འགྱུར་བའི། །ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག །རིན་པོ་ཆེའི་རིགས་ཀྱི་བདག་པོ་རིན་པོ་ཆེའི་རིགས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་

དོ། །དེ་ནས་རྡོ་རྗེ་བྱིན་གྱིས་བརླབས་ལ། སངས་རྒྱས་ཀུན་གྱི་རྡོ་རྗེ་དབང་། །དེ་རིང་ཁྱོད་ལ་དབང་བསྐུར་བྱ། །སངས་རྒྱས་ཀུན་དུ་རབ་གྲུབ་ཕྱིར། །བུ་ཁྱོད་ལ་ནི་བསྐུར་བར་བྱ། །བཛྲ་ཨ་དྷི་པ་ཏི་ཨ་བྷི་ཥིཉྩ་ཞེས་བརྗོད་པས། སོ་སོར་རྟོག་པའི་ཡེ་ཤེས་ལས་རྡོ་རྗེ་ཆོས་ཀྱི་སེམས་དཔར་གྱུར་ཏོ། །དེ་ནས་དེ་ཁོ་

ན་ཉིད་བསྟན་པར་བྱ་སྟེ། འདི་ཉིད་སངས་རྒྱས་བཅོམ་ལྡན་འདས། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་སྟེ། །འདུལ་བ་ཐབས་ཀྱིས་མཛད་པ་ནི། །དག་པའི་རོལ་མོར་རབ་ཏུ་འཇུག །ཅེས་བརྗོད་དོ། །དེ་ནས་ཆོས་ཀྱི་མཚན་ཉིད་བསྟན་ཏེ། ཇི་ལྟར་པདྨ་དམར་པོ་འདི། །ཚོན་གྱི་ཉེས་པས་མ་གོས་

ལྟར། །དེ་བཞིན་གནས་པའི་ཉེས་པ་འདིས། །འགྲོ་ཕན་རྣམས་ལ་མི་གོས་སོ། །ཞེས་བརྗོད་དོ། །དེ་ནས་དམ་ཚིག་བསྟན་ཏེ། ཆོ་ག་འདི་དག་གང་གང་གིས། །འགྲོ་བ་རྣམས་ནི་འདུལ་འགྱུར་བ། །པདྨ་དག་པར་སྦྱོར་བའི་བདག །དེ་དག་དེར་ནི་སྦྱོར་བར་བྱ། །ཞེས་བརྗོད་དོ། །

དེ་ནས་གསང་བ་བསྒྲགས་ཏེ། འདོད་ཆགས་འདྲ་བའི་བདེ་བ་མེད། །རྒྱལ་བ་རྣམས་ལ་དེ་ཕུལ་ལ། །སེམས་ཅན་དོན་དུ་སྦྱིན་མེད་མཆོག །བསྟེན་ན་བསོད་ནམས་ཐོབ་པར་འགྱུར། །ཞེས་བརྗོད་དོ། །དེ་ནས། དཔའ་བོ་ཁྱོད་ལ་གསོལ་བ་ནི། །རང་གི་རིགས་རྣམས་བསྐྱེད་ནས་ནི། །ཆོས་ཀྱི་

འཁོར་ལོ་དམ་པ་འདི། །ཐུབ་པ་ཆེན་པོས་བཤད་དུ་གསོལ། །ཞེས་བརྗོད་དོ། །དེ་ནས། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ། །རྒྱལ་བར་གྱུར་ཅིག་རྒྱལ་བར་

གྱུར་ཅིག །པདྨ་རིགས་ཀྱི་བདག་པོ་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ། །དེ་ནས་དྲིལ་བུ་བྱིན་གྱིས་བརླབས་ཏེ། འདི་ནི་ཤེས་རབ་ཉིད་ཀྱི་དངོས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བའི། །དེ་རིང་ཁྱོད་ལ་འདིར་དབང་བསྐུར། །ཨོཾ་པྲཛྙཱ་པཱ་ར་མི་ཏཱ་དྷརྨ་ཨ་ཞེས་བརྗོད། བྱ་བ་གྲུབ་

เล่ม ๖๕ · หน้า 146b

པའི་ཡེ་ཤེས་ལས་སྣ་ཚོགས་རྡོ་རྗེ་ཅན་དུ་གྱུར་པར་བསམས་ལ་དེ་ཁོ་ན་ཉིད་བསྟན་ཏེ། རྟག་ཏུ་འདོད་ཆགས་ལས་བྱུང་འགྲོ། །རྡོ་རྗེ་མེ་ཡི་ཕུང་པོའི་གཟུགས། །འབར་བའི་རྡོ་རྗེ་སྦྱོར་བ་ཆེ། །མཁའ་འགྲོ་རྣམས་ནི་ཀུན་དུ་འབར། །ཞེས་བརྗོད་དོ། །དེ་ནས་ཆོས་ཀྱི་མཚན་ཉིད་བསྟན་ཏེ། ཆོས་རྣམས་

ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་རྣལ་འབྱོར་པས། །འདི་ཀུན་མྱུར་དུ་འཛིན་པར་འགྱུར། །ཞེས་བརྗོད་དོ། །དེ་ནས་དམ་ཚིག་བསྟན་ཏེ། ཐམས་ཅད་ནམ་མཁའ་སྦྱོར་བ་ཡིས། །ཐམས་ཅད་ནམ་མཁའ་ཞེས་སྨྲ་ཞིང་། །རྡོ་རྗེའི་ཕྱག་རྒྱས་

རྒྱས་བཏབ་ལ། །ཁམས་གསུམ་ཡང་ནི་བཟའ་བར་བྱ། །ཞེས་བརྗོད་དོ། །དེ་ནས་གསང་བ་བསྒྲགས་ཏེ། སེམས་ཅན་ཀུན་ལ་ཕན་ཕྱིར་དང་། །སངས་རྒྱས་བསྟན་པའི་དོན་དུ་ནི། །སེམས་ཅན་ཐམས་ཅད་གསད་ན་ཡང་། །དེ་ནི་སྡིག་པས་གོས་མི་འགྱུར། །ཞེས་བརྗོད་དོ། །མགོན་པོ་ཁྱོད་ལ་

གསོལ་བ་ནི། །སངས་རྒྱས་ཀུན་ལ་དབང་བྱེད་ཅིང་། །སེམས་ཅན་ཀུན་དོན་བྱ་བའི་ཕྱིར། །རང་གི་རིགས་ནི་བསྐྱེད་པར་མཛོད། །ཅེས་བརྗོད་དོ། །དེ་ནས། མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ལས་ཀྱི་འཁོར་

ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག །ལས་ཀྱི་རིགས་ཀྱི་བདག་པོ་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ། །དེ་ནས་བྱིན་གྱིས་བརླབས་པའི་ལག་པ་དེ་རྣམས་སྤྱི་བོར་བཞག་ལ། ཁྱོད་ནི་སངས་རྒྱས་དངོས་ཡིན་ཏེ། །རབ་ཏུ་གསང་བ་གསང་བའི་མིང་། །

རྡོ་རྗེ་ཆེ་གེ་མོ་ཞེས་པ། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཞེས་པ་ལ་སོགས་པ་བརྗོད་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་རྣམ་པར་སྣང་མཛད་ཀྱི་ངོ་བོར་གྱུར་ཏོ། །དེ་ལ་དེ་ཁོ་ན་ཉིད་བསྟན་ཏེ། དེ་ཉིད་དུ་ནི་བཅོམ་ལྡན་འདས། །དེ་བཞིན་གཤེགས་དང་བྱང་ཆུབ་སེམས། །ལྟ་ངན་

རྣམས་ལ་ཕན་པའི་ཕྱིར། །མྱ་ངན་འདས་འདི་སྟོན་པར་མཛོད། །སྣ་ཚོགས་འདུལ་བར་བརྩོན་པ་ཡི། །བརྟན་ཞིང་ངེས་པའི་ཆོས་ཉིད་ཅན། །སྲིད་པ་ཤིན་ཏུ་གནས་མཆོག་ཏུ། །གོ་ཆ་ལ་སོགས་ངེས་པར་གོན། །སངས་རྒྱས་ཆོས་དང་ཚོགས་ལ་སོགས། །དཀོན་མཆོག་གསུམ་པོ་ཉིད་དུ་རྟོགས། །

เล่ม ๖๕ · หน้า 147a

སྲིད་པ་ཤིན་ཏུ་ལེགས་པར་བསྒྲུབ། །སྣ་ཚོགས་མཁྱེན་པ་དཔལ་བྱེད་མཆོག །ཅེས་བརྗོད་དོ། །དེ་ནས་ཆོས་ཀྱི་མཚན་ཉིད་བསྟན་ཏེ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་རྣལ་འབྱོར་པས། །ཀུན་མཆོག་

མཉམ་པ་ཉིད་དུ་གསལ། །ཞེས་བརྗོད་དོ། །དེ་ནས་དམ་ཚིག་བསྟན་པར་བྱ་སྟེ། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་བདེ་བར་ནི་བསྟེན་བཞིན་དུ། །དཀོན་མཆོག་གསུམ་ཡང་མཆོད་པར་བགྱི། །རང་ཉིད་དང་ནི་བརྟེན་པར་བྱའོ། །ཞེས་བརྗོད་དོ། །དེ་ནས་གསང་བ་བསྒྲགས་ཏེ། ཇི་ལྟ་ཇི་ལྟར་

སེམས་ཅན་རྣམས། །འདུལ་འགྱུར་དེ་ལྟ་དེ་ལྟ་བུར། །ཆགས་ལ་སོགས་པ་ཡུན་རིངས་སུ། །དེ་བཞིན་འགྲོ་བའི་དོན་རྣམས་ཀྱིས། །ཞེས་བརྗོད་དོ། །དེ་ནས། མགོན་པོ་ཁྱོད་ལ་གསོལ་བ་ནི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཐུགས་རྗེ་ཆེན་པོ་བསྐྱེད་ནས་ཀྱང་། །ཆོས་ཀྱི་འཁོར་ལོ་རབ་ཏུ་

བསྐོར། །ཞེས་བརྗོད་དོ། །དེ་ནས། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག །དེ་བཞིན་གཤེགས་པའི་བདག་པོའི་ཆོས་ཀྱི་འཁོར་

ལོ་བསྐོར་ཅིག་ཅེས་བརྗོད་དེ་ཐ་མ་དེ་རྣམས་ནི་རྗེས་སུ་གནང་བའི་ཆོ་གའོ། །དེ་ནས་རྡོ་རྗེ་རྩེ་ལྔ་པ་བྱིན་གྱིས་བརླབས་ཏེ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་ན་རྡོ་རྗེའི་ལག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་

ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི། བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་དོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་རྡོ་རྗེ་རྒྱལ་བས་གསུངས། །ཞེས་བརྗོད་ལ། དྲིལ་བུ་སྦྱིན་ནོ། །དེ་ནས་ཆོས་ཀྱི་འཁོར་ལོ་རྐང་པ་གཉིས་

ཀྱི་བར་དུ་བཞག་ལ། དུང་ལག་པ་གཡས་པར་སྦྱིན་ཏེ་འདི་སྐད་བརྗོད་དོ། །དེང་ནས་བརྩམས་ཏེ་དབང་བསྐུར་བ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཅིག །ཆོས་ཀྱི་དུང་བུས་ཤིག །འཇིག་རྟེན་ཀུན་ལ་ཟབ་མོའི་ཆོས་ཀྱི་སྒྲ་སྒྲོགས་ཤིག །དེ་ནས་གཟེངས་བསྟོད་དེ། འདི་ལྟར་སྣང་བའི་

เล่ม ๖๕ · หน้า 147b

དངོས་པོ་ཀུན། །སངས་རྒྱས་ཀུན་གྱི་བདག་ཉིད་དེ། །འཇམ་པའི་དབྱངས་ཀྱི་དབང་བསྐུར་བས། །དེ་བཞིན་གཤེགས་པར་ཁྱོད་གྱུར་ཏོ། །དེ་ནས་ལུང་བསྟན་ཏེ། ང་ཡིས་འདི་ལྟར་ཁྱོད་ལུང་བསྟན། །འཇམ་དཔལ་གཞོན་ནུ་དེ་བཞིན་གཤེགས། །ཁྱོད་ནི་སངས་རྒྱས་དངོས་ཡིན་གྱིས། །སོམ་ཉི་

ཡིད་གཉིས་མ་ཟ་ཅིག །དེ་ནས་དབུགས་དབྱུང་བར་བྱ་སྟེ། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །མཐོང་བའམ་ནི་ཞུགས་པ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་བ། །ཁྱོད་ནི་དེང་ཉིད་གནས་ཡིན་ཏེ། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཁྱོད་འཆི་བ་ཡོད་མིན་ཏེ། །ཅིས་ཀྱང་མི་འཇིགས་

དགའ་བར་གྱིས། །ཁྱོད་ནི་མཆོག་ཏུ་གྱུར་པའོ། །ཞེས་བརྗོད་དོ། །དེ་ནས་ཕྱི་ནང་གསང་བ་གསུམ་གྱི་མཆོད་པས་མཆོད་དེ་བཀྲ་ཤིས་བརྗོད་དོ། །སློབ་མའི་ཚོགས་རྣམས་དང་སྒྲའི་རྣམ་པ་མང་པོས་སྣ་དྲངས་ལ་དཀྱིལ་འཁོར་ལན་གསུམ་བསྐོར་བ་བྱའོ། །དེ་ནས་སློབ་མའི་སྤྱི་བོ་ནས་གདུགས་

དང་རྒྱལ་མཚན་ལ་སོགས་པ་རྣམས་དཀྱིལ་འཁོར་ལ་ཕུལ་ཏེ་འདི་སྐད་བསྒོ་བར་བྱའོ། །ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། །གསང་སྔགས་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་བཀུར་བར་འགྱུར། །སེམས་ཅན་ཀུན་ལ་

སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་གྱིས། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཁྱོད་ཀྱིས་ཆོས་ལ་སེར་སྣ་དང་། །སེམས་ཅན་ཀུན་ལ་མི་ཕན་པ། །ཉམ་ང་ཆེན་པོར་གྱུར་ཀྱང་ནི། །བུ་ཁྱོད་ཀྱིས་ནི་མི་བྱའོ། །དེ་ནས་སློབ་མ་རེ་རེའི་ལག་པ་

གཡོན་པས་གཡས་པའི་མཐེ་ཆུང་ནས་བཟུང་ནས་ཞི་བའི་ཕྱིར་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་དཀྱིལ་འཁོར་ལ་མཆོད་པ་དང་བསྟོད་པ་དང་བཟོད་པར་གསོལ་བ་བྱ་སྟེ་ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ། བསྐྱེད་པའི་མཚན་ཚོ་བདག་གི་ཐུགས་ཀར་བསྡུས་ལ། རྡུལ་ཚོན་ཕྱགས་ཏེ་ཆུ་

བོ་ཆེན་པོར་དོར་བར་བྱའོ། །དེ་ནས་གནས་དེ་ཡང་དྲི་སྣ་ཚོགས་ཀྱི་ཆུས་ལེགས་པར་བྱུག་པར་བྱའོ། །དེ་ནས་སློབ་མ་དམ་པ་དེས། །ཅི་བཞེད་ཡོན་རྣམས་ཕུལ་ནས་སུ། །གསང་དབང་ནོད་ཕྱིར་འདི་སྐད་ཞུ། །བླ་མ་དམ་པ་བདེ་གཤེགས་གཙོ། །ཁྲོ་བོ་འཁོར་དང་བཅས་པ་ལ། །

เล่ม ๖๕ · หน้า 148a

ལུས་ངག་ཡིད་ཀྱིས་བདག་ཕྱག་འཚལ། །གསང་གསུམ་དམ་པའི་དབང་མཆོག་འདི། །དི་རིང་བདག་ལ་གནང་བར་སྩོལ། །ཞེས་བརྗོད་དོ། །དེ་ནས་བླ་མ་དམ་པ་དེས། །གསང་བའི་དབང་བསྐུར་བརྩམ་བྱ་སྟེ། །ཤིན་ཏུ་དབེན་པའི་གནས་རྣམས་སུ། །མཎྜལ་དྲི་

ཞིམ་བདུད་རྩིས་བྱུགས། །མེ་ཏོག་བཀྲམ་སྟེ་སྟན་བཟངས་བཏིང་། །དེ་རྗེས་སློབ་མས་ཤེས་རབ་མ། །མཆོག་དང་རབ་དང་འབྲིང་དང་མཐའ། །བླ་མ་ལ་ཕུལ་འདི་སྐད་བརྗོད། །ཁྱོད་ནི་འཇམ་པའི་རྡོ་རྗེ་ནི། །བདེ་གཤེགས་རྣམས་ཀྱིས་བདེ་བ་མཛད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱིས། །

ཡང་དག་དོན་མཆོག་རྣམ་དག་པ། །ཇི་ལྟར་ཇི་བཞིན་བདུད་རྩི་ཡིས། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་ལ་འཁོར་བ་ཡི། །སྡུག་བསྔལ་རྣམས་ནི་སེལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མ་རིག་ངེས་པར་རབ་རིབ་རྣམས། །གང་ཞིག་བྱང་ཆུབ་བླ་མེད་པ། །དེ་

རིང་བདག་གིས་ཐོབ་པར་མཛོད། །ཅེས་བརྗོད་དོ། །དེ་ནས་བླ་མས་ཤེས་རབ་མ། །མདངས་ལྡན་མ་ནི་རབ་བསྐྱེད་ལ། །ཆོ་ག་ཐམས་ཅད་རྫོགས་པར་བྱ། །ཐབས་དང་ཤེས་རབ་བྱིན་རློབས་ལ། །ཐུགས་ལས་འོད་འཕྲོས་སངས་རྒྱས་བསྡུ། །དགུག་གཞུག་བཅིང་དང་བསྟིམ་པར་བྱ། །ཆགས་པ་

བསྐྱེད་ཕྱིར་སྔགས་འདི་བརྗོད། །ཨོཾ་མཉྫུ་ཤྲཱི་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དེ། བསྲུབ་པ་དང་བསྲུབས་པའི་སྦྱོར་བ་མཛད་པས་བདེ་བར་གཤེགས་པ་འོད་དུ་ཞུ་སྟེ། བྱང་ཆུབ་ཀྱི་སེམས་སུ་ཕབ་པས་ནོར་བུའི་ནང་དུ་བདེ་བ་རྙེད་པ་ཐབས་དང་ཤེས་རབ་ཀྱི་སྒོ་བཀག་སྟེ། སློབ་

མའི་ཁ་རུ་དབབ་པར་བྱའོ། །དེ་ལ་འདི་སྐད་བརྗོད་དེ། བྱང་ཆུབ་སེམས་ཀྱི་རྡོ་རྗེ་འདི། །སེམས་ཀྱི་སྡུག་བསྔལ་རྣམ་བཅོམ་སྟེ། །གསང་བའི་གནས་དང་དམ་པར་བཅས། །དེ་རིང་ཁྱོད་ལ་དབབ་པར་བྱའོ། །ཞེས་བརྗོད་དེ་སློབ་མའི་ཁ་རུའོ། །སློབ་མ་དེས་ཀྱང་ཚུལ་རྣམ་པ་བཞིས་བདུད་

རྩི་སྦྱང་བར་བྱའོ། །དེས་ནི་ངག་གཉིས་པ་དང་རྣམ་པར་རྟོག་པ་དག་པར་བྱེད་པས་གསུང་གི་དབང་ཞེས་བྱའོ། །དེ་ལ་ལུང་བསྟན་པར་བྱ་སྟེ། བླ་མས་ཆོས་གོས་གྱོན་ལ་ལག་པ་གཡོན་པས་ཆོས་གོས་ཀྱི་མཐའ་མ་ཆག་པར་བཅུག་སྟེ། གཡས་པ་མི་འཇིགས་པའི་ཕྱག་རྒྱ་བཅས་ཏེ།

เล่ม ๖๕ · หน้า 148b

དཀྱིལ་འཁོར་གྱི་ལྷ་རྣམས་གསལ་བར་བྱས་ལ། སྔོན་འཇམ་པའི་རྡོ་རྗེས་ལུང་བསྟན་པ་བཞིན་དུ་མགྲིན་གཅིག་ཏུ་ལུང་སྟོན་པར་བསམས་ལ་འདི་སྐད་བརྗོད་དོ། །འདི་ལྟར་ང་ཡིས་ལུང་བསྟན་ཏེ། །འཇམ་དཔལ་གཞོན་ནུ་དེ་བཞིན་གཤེགས། །དངོས་གྲུབ་མཆོག་ཏུ་བསྒྲུབ་པའི་ཕྱིར། །

སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །མཉྫུ་ཤྲཱི་ན་མཿསརྦ་ཏ་ཐཱ་ག་ཏ་ཧྲི་སིདྡྷི་ས་མ་ཡ་སྟྭཾ་ཞེས་བརྗོད་དེ། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ལུང་སྟོན་པར་མཛད་དོ། །དེ་ནས་དབུགས་དབྱུང་བ་ནི་ཁམས་གསུམ་གྱི་བདག་པོར་གྱུར་པ་དང་། བདུད་དང་མུ་སྟེགས་ལ་སོགས་པ་ལས་

རྒྱལ་བ་དང་། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པ་སྟེ། འདི་ཉིད་ལས་ཐོབ་པར་གྱུར་ཅིག །ཐེ་ཚོམ་དང་ཡིད་གཉིས་ལ་སོགས་པ་མ་བྱེད་ཅིག །གཞན་ཡང་བླ་མ་དམ་པས་དབང་བསྐུར་བ་ཙམ་གྱིས་ཇི་ལྟར་བསམས་པ་ལྟར་སློབ་མ་རྣམས་ཀྱིས་གྲུབ་པར་འགྱུར་རོ་ཞེས་བརྗོད་དོ། །དེ་ནི་སློབ་མ་

གསང་བའི་དབང་བསྐུར་བ་སྟེ། དབང་རྣམས་རྫོགས་པས་རིམ་པར་སྦྱིན། །གསང་བའི་དབང་དང་ཞེས་གསུངས་པ་ལ་དེ་སྐད་ཅེས་བཤད་དོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་བསྟན་པའི་ཕྱིར། ངེས་པའི་དབང་རིམ་པ་བཞིན་དུ་བསྐུར་བར་བྱ་ཞེས་གསུངས་པའི་དོན་ནི་འདི་ཡིན་ཏེ།

དེ་ལྟར་གསང་བའི་དབང་ཐོབ་པའི་སློབ་མ་དེས་ཀྱང་བླ་མ་ལ་འདི་སྐད་ཞུ་སྟེ། སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས། །ཇི་ལྟར་མཁྱེན་ཅིང་ཐུགས་ཆུད་པ། །དེ་ལྟར་རྗེས་སུ་བདག་དད་ན། །དེ་རིང་བདག་ལ་དབང་བསྐུར་སྩོལ། །ཞེས་བརྗོད་དོ། །དེ་ནས་བླ་མ་དེས་ཤེས་རབ་དང་ཡེ་ཤེས་ཀྱི་དབང་

བསྐུར་བ་བརྩམ་སྟེ། དེ་ཡང་དང་ལ་ཤེས་རབ་ཀྱི་དབང་ནི་བུ་མོ་རིགས་ལྡན་མཚན་རྟགས་ཅན། བཅུ་གཉིས་བཅུ་དྲུག་བཅོ་བརྒྱད་ཉི་ཤུ་ལོན་པ་བླ་མ་ལ་ཕུལ་ལ་བསམ་གཏན་གྱི་དོན་དྲུག་དང་ལྡན་པར་བྱ་སྟེ། བླ་མ་དེས་ཤེས་རབ་མ་བྱིན་གྱིས་བརླབས་ཏེ་འདི་སྐད་ཅེས་བསྒོའོ། །སྔོན་གྱི་རྒྱལ་བ་

རྣམས་ཀྱིས་ཀྱང་། །ཤེས་རབ་འདི་ལ་བརྟེན་པར་འགྲུབ། །རིགས་ཀྱི་བུ་མཆོག་ཁྱོད་ཀྱིས་ཀྱང་། །ཤེས་རབ་སྤང་དུ་མི་རུང་སྟེ། །ཡེ་ཤེས་སྐྱེ་བའི་ཐབས་ཡིན་པས། །ཁྱོད་ཀྱིས་འདོད་ཆགས་མ་སྤང་ཞིག །ཅེས་བརྗོད་དོ། །དེ་ནས་བླ་མས་དྲི་བ་འདི་ཡང་གསུང་ངོ་། །བུ་ཚུར་

เล่ม ๖๕ · หน้า 149a

ཤོག་ཅིག་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུ་ཟ་ནུས་སམ། །རཀྟ་ག་པུར་ཟ་ནུས་སམ། །བུད་མེད་དད་པས་བསྟེན་ནུས་སམ། །པདྨར་འོ་བྱེད་མི་རྟོག་གམ། །སྣོད་ལྡན་སྨྲོས་ཤིག་ངང་ཚུལ་ཅན། །དེ་ནས་སློབ་མས་འདི་སྐད་བརྗོད། །ཤེས་རབ་དད་པས་བདག་བསྟེན་ཏོ། །དྲི་

ཆེན་དྲི་ཆུ་ལ་སོགས་བདུད་རྩི་ལྔ། །རྟག་ཏུ་དད་པས་སྟོན་པར་བགྱིད། །པདྨར་བདག་ནི་འོ་བགྱིད་དོ། །དེ་ནས་བླ་མ་དམ་པ་དེས། །ཤེས་རབ་མ་གཅེར་བུར་ཕྱུང་ལ། །ལུས་དྲི་ཞིམ་པོའི་ཆུས་བཀྲུས་ལ། མེ་ཏོག་གི་ཕྲེང་བས་མགོ་བཅིངས་ལ་འདི་སྐད་ཅེས་བསྒོའོ། །སྟོན་པའི་རང་

བཞིན་སྙིང་རྗེའི་བདག །ཁྱོད་ཀྱིས་སེམས་ཅན་དོན་རྣམས་གྱིས། །མཁའ་ཀློང་པདྨ་བསྟེན་པར་གྱིས། །བུ་འདི་བདེ་བ་བསྐྱེད་པར་གྱིས། །ཞེས་བསྐུལ་ལོ། །དེ་ནས་ཤེས་རབ་དམ་པ་དེས་ལག་པ་གཉིས་དྲིལ་བུ་བཟུང་ནས་པདྨ་ཁ་ཕྱེ་སྟེ་འདི་སྐད་བརྗོད་དོ། །རྨད་བྱུང་ང་ཡི་པདྨ་ལ། །བདེ་བ་ཐམས་

ཅད་འདི་ལ་རྙེད། །བདེ་བར་གཤེགས་པ་ཐམས་ཅད་ཀུན། །རྟག་ཏུ་འདི་དག་མི་འབྲལ་ལོ། །པདྨ་འདི་ནི་ཆོས་དབྱིངས་ཡིན། །སངས་རྒྱས་ཐམས་ཅད་འདི་ལས་བྱུང་། །སེམས་ཅན་ཐམས་ཅད་འདི་རུ་གྲོལ། །ནང་གི་རྩ་ཡི་འཁོར་ལོ་ལ། །པདྨ་ཞེས་སུ་རབ་ཏུ་གསུངས། །པདྨའི་ནང་གི་ནམ་

མཁའ་ལ། །འབྱུང་བ་ལྔ་པོ་རང་བཞིན་གནས། །ལྟེ་བ་ལ་ནི་གེ་སར་ཏེ། །པདྨ་བརྒྱད་ཀྱིས་རྣམ་པར་བརྒྱན། །ཟེ་འབྲུའི་དབུས་ནས་འབྱུང་བ་ཡིན། །དེ་ཉིད་བདུད་རྩི་དམ་པ་སྟེ། །སངས་རྒྱས་ཀུན་གྱི་སྙིང་པོའོ། །ཞེས་བརྗོད་དོ། །དེ་ནས་བླ་མས་སློབ་མའི་ལག་པ་གཡས་པ་དང་། ཤེས་

རབ་མའི་གཡོན་པ་འོག་ཏུ་བཞག་ནས་འདི་སྐད་བརྗོད་དོ། །ཤེས་རབ་དམ་པ་འདི་ཡིན་ཏེ། །ཁྱེད་ཀྱི་ཡེ་ཤེས་སྐྱེད་པར་བྱེད། །འདི་དང་ཁྱེད་ཉིད་མ་བྲལ་བར། །དད་པས་རྟག་ཏུ་རོལ་མོ་གྱིས། །ཞེས་བརྗོད་ལ། ཤེས་རབ་མའི་ལུས་ལ་དཀྱིལ་འཁོར་བཀོད་ལ་སློབ་མ་ལ་སྦྱིན་ནོ། །

སློབ་མ་ཡོལ་བ་ནང་དུ་ཤེས་རབ་མ་དང་འདུག་ནས་ཡེ་ཤེས་ཀྱི་དབང་ནོད་པར་བྱའོ། །དེ་ནས་ཤེས་རབ་མ་དང་སློབ་མས་གློ་གཡས་པ་ཕབ་ལ་ཉལ་ལོ། །དགའ་བའི་གཏམ་སྣ་ཚོགས་བྱའོ། །གནས་དགུ་རུ་ནི་སེན་མོ་གདབ། །གཡོན་པ་གླང་པོའི་སྣ་རྩེ་ཡིས། །པདྨ་བྱེའུ་མགོ་འདྲ་བ་

เล่ม ๖๕ · หน้า 149b

ལ། །ཚོད་ཟིན་བྱ་སྟེ་བྲུད་པར་བྱ། །ལྕེ་ཡིས་ཀྱང་ནི་རོལ་མོ་བྱའོ། །དེས་ནི་པདྨ་རྒྱས་པར་འགྱུར། །གཟོད་ཉི་མ་དང་ཟླ་བ་མཉམ་པར་བྱ་སྟེ། དལ་ནས་དལ་ནས་བསྐྱོད་པ་ལས། །འབྱུང་བ་བཞིའི་རྐྱེན་གྱིས་བདེ་བ་ཆེན་པོའི་དབུས་ན་བྱང་ཆུབ་སེམས་གནས་པ་ལ་ཡེ་ཤེས་ཀྱི་མེས་བཞུ་

ནས་འཁོར་ལོ་བཞི་ནས་རིམ་པར་འབབ་སྟེ། བོལླའི་རྩ་བར་ཕྱིན་པ་ནི་དགའ་བའོ། །དབུས་སུ་ཕྱིན་པ་ནི་མཆོག་དགའོ། །ནོར་བུའི་རྩེ་མོར་སླེབ་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ཇི་ཙམ་གནས་ཀྱི་བར་དུ་བསྒོམས་པས་མི་རྟོག་པའི་ཡེ་ཤེས་སྐྱེ་སྟེ། དཔེར་ན་རུས་སྦལ་ལྟ་བུའོ། །

གལ་ཏེ་བསྡམས་པས་མ་ཐེམས་ན་འཇིག་རྟེན་པའི་གནས་སུ་གཤེགས་ཏེ་བྲལ་བའི་དགའ་བ་ཞེས་བྱའོ། །དོན་དང་བྲལ་བ་ནི་བྲལ་བའོ། །གོང་མ་མཚོན་པས་དགའ་བའོ། །བྱང་སེམས་དེ་ཡི་རང་བཞིན་ནི། །འཇམ་པའི་དབྱངས་ཀྱི་རང་བཞིན་པས། །དུང་དང་ཉ་ཕྱིས་དག་གིས་མིན། །

ལག་པས་ཀྱང་ནི་མི་བླང་ངོ་། །བདུད་རྩི་ལྕེ་ཡིས་བླང་བར་བྱའོ། །དེ་ཟོས་ཡེ་ཤེས་དབབ་མཆོག་ཐོབ། །དེ་ཡི་དོན་ལ་རྒྱུན་གོམས་པས། །འདི་ལྟར་སྣང་བ་ཐམས་ཅད་ཀུན། །སྐད་ཅིག་གཅིག་ལ་གཉིས་མེད་པའོ། །བརྗོད་པའི་ཐ་སྙད་ཀུན་དང་བྲལ། །ནམ་མཁའི་ལམ་ལ་རབ་གནས་པའི། །ཡེ་ཤེས་

སྣང་བ་ལམ་མེ་བ། །མཐར་ཕྱིན་གདམས་ངག་ཅེས་ཀྱང་བྱ། །དེ་ནས་དམ་པར་གྱུར་པ་དེ་ལ་ནི། །རྩ་བའི་ལྟུང་བ་བཅུ་བཞིར་བསྒྲག་པར་བྱའོ། །དེ་ནས་བཀྲ་ཤིས་གདོན་པའི་དོན་ནི་འཇམ་དཔལ་གྱི་སྐུ་གཟུགས་སྤྱི་བོའི་ཐོག་ཏུ་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཐབས་དང་ཤེས་རབ་ཡན་

ལག་འདུས་པའི་རྡོ་རྗེ་ལས་བྱུང་བའི། །བྱང་ཆུབ་སེམས་ཀྱི་འཇམ་དབྱངས་བྱང་ཆུབ་སེམས་དབང་བསྐུར། །རྒྱལ་མཆོག་སྲས་བཅས་རྣམས་ཀྱིས་ལེགས་གསུངས་བཀྲ་ཤིས་གང་། །དེས་ནི་ཁྱེད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག། །དཔལ་ལྡན་རྡོ་རྗེ་སེམས་སོགས་དཀྱིལ་འཁོར་

ལ་འཇུག་ཅིང་། །སྲིད་པའི་སྙིང་པོར་རྣམ་རོལ་སྒེག་མོ་ལ་སོགས་པས། །བདེ་བྱེད་རབ་མཆོག་ལེགས་པར་གླུར་བླངས་བཀྲ་ཤིས་གང་། །དེས་ནི་ཁྱེད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཤིན་ཏུ་ཞི་བའི་མཛད་པ་ཕུལ་ཕྱུང་མ་ལུས་པས། །སེམས་ཅན་བདེ་གཤེགས་རྟག་མཛད་

เล่ม ๖๕ · หน้า 150a

བཅོམ་ལྡན་དབང་བསྐུར་ལ། དཔག་མེད་ལྷ་ཡི་མཆོག་གིས་ལེགས་གསུངས་བཀྲ་ཤིས་གང་། །དེས་ནི་ཁྱོད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །དཔལ་ལྡན་ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་རབ་མཆོག་ལ། །འཇིག་རྟེན་གསུམ་གྱི་རྒྱལ་མཆོག་

རྒྱལ་པོར་དབང་བསྐུར་བས། །ལྷ་ཡི་མཆོག་གིས་བཏུད་དེ་རབ་བཤད་བཀྲ་ཤིས་གང་། །དེས་ནི་ཁྱོད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །འགྲོ་བ་སྣ་ཚོགས་འདུལ་ཕྱིར་ཕྱག་ན་པདྨོ་ཡིས། །རྫོགས་སངས་རྒྱས་ཀྱི་རིན་ཆེན་བདུད་རྩིའི་ཆུས་དབང་བསྐུར། །པདྨའི་འདོད་ཆགས་རྣམ་

དག་ལེགས་གསུངས་བཀྲ་ཤིས་གང་། །དེས་ནི་ཁྱེད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །མཁའ་སྙིང་ནོར་བུ་རིན་ཆེན་འབྱོར་པས་ཉམས་དགའ་ཞིང་། །དོན་རྣམས་ཀུན་གྲུབ་བདེ་སྦྱིན་དབང་བསྐུར་ཆེན་པོ་ལ། །དགེ་བ་ཕུན་ཚོགས་མཛད་པས་ལེགས་གསུངས་བཀྲ་ཤིས་གང་། །

དེས་ནི་ཁྱེད་ལ་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །འཁོར་ལོས་སྒྱུར་དྲུག་དགེ་བའི་བཀྲ་ཤིས་གླུ་བླངས་པས། །བསོད་ནམས་རིན་ཆེན་དྲི་མེད་མི་མཉམ་གང་ཐོབ་པ། །དེས་ན་ཀུན་གསོན་འབྱོར་བའི་དབང་བསྐུར་ཆེན་པོ་ལ། །འཇམ་དཔལ་གྲགས་པས་འཇིག་རྟེན།

རྣམ་པར་ལེགས་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་སྤྱོད་ལམ་བྱ་བ་དང་། བླ་མས་གཟེངས་བསྟོད་པ་དང་། བཀྲ་ཤིས་ཀྱིས་གཤེགས་སུ་གསོལ་བར་བྱ་བ་དང་། བླ་མ་ལ་ཡོན་དབུལ་བ་རྣམས་ནི་དཀྱུས་ཉིད་གསལ་ལོ། །བླ་མ་དམ་པ་སྭཱུརྱ་སིདྡྷ་ཤཱནྟིཾ་གརྦྷ་ནི། དམ་པ་ཆོས་ཀྱི་མཛོད་དུ་

གྱུར་པ་ལ། །བདེ་བར་གཤེགས་པའི་ཚོགས་ཀྱི་སྤྱན་སྔ་རུ། །དོན་དམ་ཟབ་མོ་དབང་བསྐུར་ཞལ་གྱི་བདུད་རྩི་འཐུངས་པ་ཡིས། །བློ་གྲོས་བཟང་པོ་དྲན་པའི་ཡེ་ཤེས་ཀྱིས། །སྐྱེ་བོ་བློ་ངན་མུན་པ་བསལ་བའི་ཕྱིར། །དྲུག་སྟོང་ལ་སོགས་རྒྱུད་ཀྱི་དོན་བསྡུས་ནས། །ནོར་བུ་གླིང་བའི་སྒྲུབ་

ཐབས་དོན་དང་སྦྱར་ཏེ་བྲིས་པ་ཡིས། །བདག་གིས་བསོད་ནམས་རྒྱས་པ་ཐོབ་བསྡུས་པས། །གང་དེས་འགྲོ་ཀུན་སྡིག་ལས་རྒྱལ་གྱུར་ཞིང་། །འཇམ་དཔལ་ཆོས་ཀྱི་སྐུ་ཉིད་ཐོབ་པར་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་གསང་བ་དང་ལྡན་པའི་

เล่ม ๖๕ · หน้า 150b

འགྲེལ་པ་ཡེ་ཤེས་གསལ་བ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་ཅིང་དེ་ཉིད་ཀྱིས་བསྒྱུར་བ་རྫོགས་སོ།།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด