ནམ་མཁའ་དྲི་མ་མེད་པ་ཤིན་ཏུ་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷོ་དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๕ · หน้า 156a

༄༅༅། །རྒྱ་གར་སྐད་དུ། ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷོ་དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ནཱ་མ། བོད་སྐད་དུ། ནམ་མཁའ་དྲི་མ་མེད་པ་ཤིན་ཏུ་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ། དཀྱིལ་འཁོར་

ཐམས་ཅད་བསྡུས་པར་གྱུར་པ། བཅོམ་ལྡན་འདས་རྗེ་བཙུན་འཇམ་དཔལ་གྱི་དོན་ཐམས་ཅད་སྒྲུབ་པ་ནམ་མཁའ་དྲི་མ་མེད་པ་ཤིན་ཏུ་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའི་དོན་གྱི་དགོངས་པ་སྦས་པ་ཕྱིན་ཅི་མ་ལོག་པའི་མན་ངག་ལས་བརྒྱུད་པ་

བརྗོད་པར་བྱ་སྟེ། དེ་ནས་ཡང་དག་བཤད་བགྱི་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །གྲུ་བཞིར་བགྱི་ཞིང་སྒོ་བཞི་དང་། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །ཐིག་བཞི་དང་ནི་ལྡན་གྱུར་པ། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དང་། །སྒོ་

เล่ม ๖๕ · หน้า 156b

ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་སྤྲས་པར་ནི། །དཀྱིལ་འཁོར་ཕྱི་རོལ་ཐིག་གདབ་པོ། །དེ་ཡི་རིམ་པའི་ནང་བཞུགས་ལ། །འཁོར་ལོ་འདྲ་བར་རྡོ་རྗེ་ཡི། །ཐིག་གིས་ཡོངས་སུ་བསྐོར་བར་བྱ། །ཀ་བ་བརྒྱད་ཀྱིས་མཛེས་བགྱིས་པར། །རྡོ་རྗེ་ཀ་བའི་ནང་ལོགས་སུ། །

ཟླ་བའི་དཀྱིལ་འཁོར་ལྔས་བརྒྱན་ལ། །དབུས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །སྣ་ཚོགས་པདྨ་ཡིད་འོང་བ། །འདབ་མ་བརྒྱད་པ་གེ་སར་བཅས། །དག་པ་ཐམས་ཅད་རབ་ཏུ་གནས། །དེ་ཡི་ལྟེ་བའི་དབུས་སུ་ནི། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་

འཁོར་འདྲ། །སེན་མོའི་འོད་ནི་ཤས་ཆེར་དམར། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །སྐྲ་མཆོག་ཆེན་པོ་མཐོན་ཀའི་རྩེ། །སངས་རྒྱས་རིན་ཆེན་ཅོད་པན་ལྡན། །ཞལ་བཞི་པ་ལ་ཕྱག་བརྒྱད་པ། །སྒེག་པ་ལ་སོགས་ཉམས་དང་ལྡན། །

སྣ་ཚོགས་ན་བཟའ་ཡང་དག་བསྣམས། །བྱིས་པའི་རྒྱན་གྱིས་ཡང་དག་སྤུང་། །མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུས་ཡང་དག་བརྒྱན། །ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཆེས། །ཕྱག་གཉིས་དག་ནི་རྣམ་པར་བརྒྱན། །རལ་གྲི་མདའ་དང་རྡོ་རྗེ་ཡིས། །

གཡས་པའི་ཕྱག་མཆོག་རྣམ་པར་མཛེས། །ཤེས་རབ་ཕ་རོལ་ཕྱིན་དང་གཞུ། །རྡོ་རྗེ་དྲིལ་མཆོག་གཡོན་པ་ན། །དྲི་མེད་དཔེ་བྲལ་བསམ་མི་ཁྱབ། །ཤེས་རབ་ཡེ་ཤེས་དྲི་མ་མེད། །མགོན་པོ་སངས་རྒྱས་ཀུན་གྱི་དངོས། །དཀྱིལ་འཁོར་མདུན་གྱི་གཙོ་གྱུར་ལ། །

རྫོགས་སངས་རྡོ་རྗེའི་སྐྱིལ་ཀྲུང་བཅས། །འཇམ་པའི་དབྱངས་ནི་ངེས་པར་དགོད། །པདྨའི་འདབ་མ་ཐམས་ཅད་ལ། །སེང་གེའི་གདན་གྱི་སྟེངས་བཞུགས་ཤིང་། །ཐམས་ཅད་རིན་ཆེན་བདུན་བསྐོར་བར། །འཁོར་ལོ་ཅན་ནི་བརྒྱད་བྲིའོ། །གཙུག་ཏོར་ཆེན་པོ་ཡི་གེ་བདག །ཤར་གྱི་འདབ་མར་ཡང་དག་

བྲི། །གཙུག་ཏོར་གདུགས་ནི་དཀར་པོ་དག །ནུབ་ཀྱི་འདབ་མར་དགོད་པར་བྱ། །གཟི་བརྗིད་ཕུང་པོ་ལྷོ་ཕྱོགས་སུ། །གཙུག་ཏོར་རྣམ་རྒྱལ་བྱང་ཕྱོགས་སུ། །རྣམ་པར་འཐོར་བ་དབང་ལྡན་ཕྱོགས། །མེ་ཡི་ཕྱོགས་སུ་གྱེན་འབྱུང་དགོད། །གྱེན་འབྱུང་ཆེན་པོ་བདེན་བྲལ་ཕྱོགས། །རྒྱལ་

เล่ม ๖๕ · หน้า 157a

བ་རླུང་གི་ཕྱོགས་སུ་དགོད། །སྔགས་རྣམས་ཀུན་ལའང་སྒྲུབ་པ་པོ། །འཁོར་ལོ་ཅན་ནི་དེ་དག་བྲི། །རྡོ་རྗེ་ཤུགས་ཀྱིས་སོང་ནས་སུ། །དཀྱིལ་འཁོར་བཞི་པོ་དག་ཏུ་ནི། །མི་བསྐྱོད་པ་ལ་སོགས་པ་བཞི། །སངས་རྒྱས་ཐམས་ཅད་དགོད་པར་བྱ། །རྡོ་རྗེ་སེམས་དཔའ་ལ་སོགས་

པའང་། །སྣ་ཚོགས་རྒྱན་དང་གོས་འཆང་བ། །དབང་ལྡན་ཕྱོགས་ནས་བརྩམས་ནས་ནི། །གོ་རིམས་ཇི་བཞིན་བྲི་བར་བྱ། །དེ་ཉིད་ཀྱི་ནི་མཚམས་ཀྱི་ཆར། །སྤྱན་དང་དེ་བཞིན་མཱ་མ་ཀཱི། །གོས་དཀར་དེ་བཞིན་སྒྲོལ་མ་ནི། །རབ་ཏུ་འབད་དེ་བྲི་བར་བྱ། །སྒོ་རྣམས་སུ་ཡང་སྒོ་སྲུང་ནི། །རང་གི་མཚན་མས་ཕྱག་བརྒྱན་པ། །རྡོ་

རྗེ་སློབ་དཔོན་བློ་ལྡན་པས། །རབ་ཏུ་འབད་དེ་བྲི་བར་བྱ། །རྡོ་རྗེ་ཤུགས་ཀྱིས་བྱུང་ནས་ནི། །དཀྱིལ་འཁོར་མཆོག་ནི་གཉིས་པ་རུ། །ཟུར་བཞི་པ་ལ་སྒོ་བཞི་པ། །སྒོ་སྲུང་རྣམས་དང་ཡང་དག་ལྡན། །དག་པའི་གཟུགས་ཀྱི་དཀྱིལ་འཁོར་དུ། །དེར་ནི་ཆོ་ག་བཞིན་བྲི་བྱ། །ཤར་ཕྱོགས་སུ་ནི་ས་རྣམས་བྲི། །དེ་

བཞིན་ལྷོ་ནི་རབ་འབར་བའི། །ཕ་རོལ་ཕྱིན་པ་ཐམས་ཅད་བྲི། །ནུབ་ཏུ་དབང་རྣམས་བཅུ་པོ་སྟེ། །བྱང་དུ་གཟུངས་ནི་ཐམས་ཅད་བྲི། །དེ་བཞིན་མཚམས་སུ་སྒེག་མོ་སོགས། །དངོས་གྲུབ་བདེ་བ་ཀུན་སོགས་པ། །གསང་སྔགས་དོན་དང་ལྡན་པར་བྲི། །རྡོ་རྗེ་ཤུགས་ཀྱིས་བྱུང་ནས་སུ། །དཀྱིལ་འཁོར་

དམ་པ་གསུམ་པར་ནི། །བསྐལ་པ་བཟང་པོ་ཐམས་ཅད་དང་། །དེ་བཞིན་སྒོ་སྲུང་རྣམས་ཀྱང་བྲི། །རྡོ་རྗེ་མེ་ཏོག་ལ་སོགས་པའང་། །གོ་རིམས་ཇི་བཞིན་བྲི་བར་བྱ། །དེ་ཡི་ཕོ་བྲང་ཕྱི་རོལ་བྲི། །ཕྱི་རོལ་རྡོ་རྗེ་རིགས་ཀྱི་གནས། །ཟླུམ་ཞིང་ཀུན་དུ་བཟང་བ་དང་། །སྒོ་བཞི་ཤིན་ཏུ་མཛེས་པར་ཡང་། །དེར་ནི་

ཚངས་པ་ལ་སོགས་པ། །ཆུང་མ་ལ་སོགས་ཚོགས་ཀྱིས་བརྒྱན། །རྒྱན་དང་རང་གི་མཚན་མར་ལྡན། །ཀུན་དུ་རིམ་བཞིན་ལེགས་པར་བྲི། །ཕྱི་སྒོའི་ཤར་གྱི་ཆ་ལ་ནི། །གཤིན་རྗེ་གཤེད་པོའི་ཕྱག་རྒྱ་ཆེ། །ཐམས་ཅད་བསྲུངས་ལ་རབ་བརྩོན་པ། །རྣམ་པ་ཀུན་དུ་ལེགས་པར་གཞག །གཡོན་

བརྐྱང་བས་ནི་ལེགས་བཞུགས་ཤིང་། །ཕྱག་གཡས་དབྱུག་པ་འཕྱར་མཛད་ལ། །ཕྱག་གཡོན་ཐུགས་ཀར་སྡིགས་མཛུབ་བསྒྲེང་། །རབ་ཏུ་དྲག་པོར་བྲི་བར་བྱ། །གཞན་གྱིས་མི་ཐུབ་ཁྲོ་བོ་ཆེ། །ཕྱག་རྒྱ་ཆེན་པོ་ལྷོ་ཕྱོགས་སུ། །ཁྲོ་བོ་ཆེན་པོ་རྟ་མགྲིན་གྱི། །ཕྱག་རྒྱ་ཆེན་པོ་ནུབ་ཕྱོགས་སུ། །རྡོ་

เล่ม ๖๕ · หน้า 157b

རྗེ་འཇིགས་བྱེད་སྤྱན་གྱིས་ནི། །ཕྱག་རྒྱ་ཆེན་པོ་བྱང་ཕྱོགས་སུ། །ཕྱི་ཡི་དཀྱིལ་འཁོར་ཕྱི་རོལ་དུ། །བསྲུང་བའི་ཕྱིར་ནི་ཐམས་ཅད་དགོད། །དེ་ཡི་ཕྱི་རོལ་ཁོར་ཡུག་དང་། །ཁོར་ཡུག་ཆེན་པོ་དེ་བཞིན་བྲི། །བློ་ལྡན་ཡང་དག་ཀུན་རྫོགས་པར། །སྔགས་ཞེས་པས་ནི་ལེགས་པར་བྲི། །ད་ནི་སྐུ་མདོག་ལ་

སོགས་པའི་ངེས་པ་བཤད་པར་བྱ་སྟེ། །བཅོམ་ལྡན་འདས་འཇམ་པའི་དབྱངས་ནི་ཟླ་བ་ཉ་བའི་མདངས་ཅན་གྱི་སྐུ་ལ། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེའི་ཕྲེང་བ་དང་ལྡན་པའི་ཅོད་པན་གྱི་སྟེང་དུ། སངས་རྒྱས་ལྔའི་རིན་པོ་ཆེའི་རྩེ་བྲན་ཅན་དུ་བྱས་ཏེ་ལྷག་མ་ནི་གསལ་བས་

གོ་བར་ཟད་དོ། །འཁོར་ལོས་སྒྱུར་བ་བརྒྱད་ནི་ཀུན་ཀྱང་གསེར་གྱི་མདོག་ཅན། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་དབུ་རྒྱན་ཅན། ཕྱག་གཡས་ན་འཁོར་ལོ་བསྟོད་དེ་བསྣམས་པ། ཕྱག་གཡོན་གྱིས་གདན་ལ་མཉེས་པས་བརྟེན་པར་མཛད་པའོ། །ཞེ་སྡང་ཆེན་པོ་བཅོམ་ལྡན་འདས་མི་

བསྐྱོད་པ་ནི། །ཨུཏྤལ་སྔོན་པོའི་མདོག་ཅན་ཞལ་བཞི་པ། ཕྱག་བརྒྱད་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་གླང་པོའི་གདན་ལ་བཞུགས་པ། རིན་པོ་ཆེའི་དབུ་རྒྱན་ཅན། ཞལ་དང་པོ་ཁྲོ་བོ་སྒེག་པ། ཞལ་གཡས་པ་གདངས་ཤིང་དྲག་པོ། ཞལ་གཡོན་པ་ཚེམས་ཀྱི་སྒྲོས་གནོན་པ། ཞལ་རྒྱབ་མ་མཆོག་ཏུ་

གདུག་པ་ཐམས་ཅད་སྐྲག་པར་མཛད་པ། ཕྱག་གཡས་པ་རྣམས་ན་རལ་གྲི་དང་། རྡོ་རྗེ་དང་། མདའ་དང་། ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་རྣམས་ནི་སྡིགས་མཛུབ་བསྒྲེང་བ་དང་། དྲིལ་བུ་དང་། གཞུ་དང་ཞགས་པ་བསྣམས་པའོ། །ཆགས་པ་ཆེན་པོ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ནི་གསེར་གྱི་མདོག་ཅན་རིན་པོ་

ཆེའི་དབུ་རྒྱན་མངའ་བ། ཞལ་སེར་པོ་དང་། ནག་པོ་དང་། དཀར་པོ་དང་། དམར་པོ་དང་ལྡན་པ་ཕྱག་བརྒྱད་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་རྟའི་གདན་ལ་བཞུགས་པ། ཕྱག་གཡས་རྣམས་ན་རྡོ་རྗེ་དང་། རལ་གྲི་དང་། མདའ་དང་། ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་རྣམས་ན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་

དང་། དྲིལ་བུ་དང་། གཞུ་དང་ཞགས་པ་བསྣམས་པའོ། །འདོད་ཆགས་ཆེན་པོ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ནི་སྐུ་མདོག་དམར་པོ་རིན་པོ་ཆེའི་དབུ་རྒྱན་ཅན། ཞལ་བཞི་པ། ཕྱག་བརྒྱད་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་རྨ་བྱའི་གདན་ལ་བཞུགས་པ། ཞལ་སྒེག་པ་ལ་སོགས་པ་དང་ལྡན་པ་དམར་པོ་དང་ནག་པོ་དང་།

เล่ม ๖๕ · หน้า 158a

དཀར་པོ་དང་། སེར་པོ་མངའ་བ། ཕྱག་གཡས་རྣམས་ནི་རྡོ་རྗེ་དང་། མདའ་དང་། རལ་གྲི་དང་། ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་ན་པདྨ་དང་། གཞུ་དང་། ཞགས་པ་དང་། དྲིལ་བུ་བསྣམས་པའོ། །ཁྲོ་བོ་ཆེན་པོ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ནི་སྐུ་མདོག་ནག་པོ་རིན་པོ་ཆེའི་དབུ་

རྒྱན་ཅན། ཞལ་བཞི་པ། ཕྱག་བརྒྱད་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་ནམ་མཁའ་ལྡིང་གི་ཁྲི་ལ་བཞུགས་པ། ཞལ་དང་པོ་མཆེ་བ་གཙིགས་པ། ཁ་དོག་ནག་པོ་གཡས་པ་ཞི་བ། ཁ་དོག་དཀར་པོ་རྒྱབ་སྒེག་པ། ཁ་དོག་དམར་པོ། གཡོན་པ་ཞི་བའི་ཚུལ་ཅན་མདོག་དཀར་པོ། ཕྱག་གཡས་པ་རྣམས་རལ་

གྲི་དང་རྡོ་རྗེ་དང་། མདའ་དང་ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་རྣམས་ན་དྲིལ་བུ་དང་། གཞུ་དང་སྡིགས་མཛུབ་བསྒྲེང་བ་དང་། ཞགས་པ་བསྣམས་པའོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་ཉི་མའི་འོད་མངའ་བ། རང་གི་གདན་གྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པར་བྱའོ། །རྡོ་རྗེ་སེམས་

དཔའ་ལ་སོགས་པའང་སྣ་ཚོགས་རྒྱན་དང་གོས་འཆང་བ། དབང་ལྡན་ཕྱོགས་ནས་བརྩམས་ནས་ནི། གོ་རིམས་ཇི་བཞིན་བྲི་བར་བྱ། ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དེ་ཉིད་དུ། བཅོམ་ལྡན་འདས་མི་བསྐྱོད་པའི་དཀྱིལ་འཁོར་ལ་དབང་ལྡན་གྱི་ཕྱོགས་སུ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཕྱག་

གཡས་ཀྱིས་རང་གི་ཐུགས་ཀར་རྡོ་རྗེ་བསྟོད་པའི་ཚུལ་ཀྱིས་བསྣམས་པ། གཡོན་བསྙེམས་པས་དྲིལ་བུ་བསྣམས་པའོ། །པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྡོ་རྗེ་སེམས་དཔའི་གདན་དང་། སྐྱིལ་མོ་ཀྲུང་དང་། དབུ་རྒྱན་གྱི་ངེས་པ་ནི་རྡོ་རྗེ་རྒྱལ་པོ་ལ་སོགས་པ་

དང་། ཐུན་མོང་ཡིན་ལ་ཁྱད་པར་རྣམས་ནི་བྲི་བར་བྱ་སྟེ། རྡོ་རྗེ་རྒྱལ་པོ་སྐུ་མདོག་སེར་པོ་རྡོ་རྗེ་དང་ལྕགས་ཀྱུ་འདྲེན་ཞིང་བཞུགས་པའོ། །རྡོ་རྗེ་ཆགས་པ་སྐུ་མདོག་དམར་པོ་མདའ་དང་གཞུ་བསྣམས་པའོ། །རྡོ་རྗེ་ལེགས་པ་མརྒད་ཀྱི་མདོག་ཅན་ཕྱག་གཉིས་ཀྱིས་ལེགས་སོ་ཞེས་བྱ་བ་སྩོལ་བའོ། །བཅོམ་ལྡན་འདས་རིན་

ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་དུ། རྡོ་རྗེ་རིན་ཆེན་སྐུ་མདོག་སེར་པོ་རང་གི་དབང་བསྐུར་བའི་གནས་སུ། ཕྱག་གཉིས་ཀྱིས་དབང་བསྐུར་བའི་ཕྲེང་བ་འཆིང་ཞིང་བཞུགས་པའོ། །རྡོ་རྗེ་ཉི་མ་སྐུ་མདོག་དམར་པོ། ཕྱག་གཉིས་ཀྱིས་རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་བསྣམས་པའོ། །རྡོ་རྗེ་

เล่ม ๖๕ · หน้า 158b

རྒྱལ་མཚན་སྐུ་མདོག་ནམ་མཁའ་ལྟར་སྔོ་བསངས། ཕྱག་གཉིས་ཡིད་བཞིན་ནོར་བུའི་རྒྱལ་མཚན་བསྣམས་པའོ། །རྡོ་རྗེ་བཞད་པ་ནི་སྐུ་མདོག་པདྨའི་རྩ་ལྟར་དཀར་བ། སོའི་ཕྲེང་བ་གཉིས་དང་ལྡན་པའི་རྡོ་རྗེ་གཉིས་པ་བསྣམས་པའོ། །བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་དུ་རྡོ་རྗེ་ཆོས་

སྐུ་མདོག་དམར་སྐྱ། ཕྱག་གཡོན་པ་བསྙེམས་པས་པདྨའི་སྡོང་བུ་འཛིན་ཅིང་ཕྱག་གཡས་པས་པདྨའི་འདབ་མ་ཁ་འབྱེད་པའོ། །རྡོ་རྗེ་རྣོན་པོ་ནི་འདིར་སྐུ་མདོག་གུར་གུམ་ལྟ་བུ་ཕྱག་གཡས་ཀྱིས་རལ་གྲི་འཕྱར་བ། ཕྱག་གཡོན་པས་ཐུགས་ཀར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་

བསྣམས་པའོ། །རྡོ་རྗེ་རྒྱུ་སྐུ་མདོག་གསེར་གྱི་མདོག་ཅན་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་ལྡན་པའོ། །རྡོ་རྗེ་སྨྲ་བ་སྐུ་མདོག་དམར་པོ་ཕྱག་གཡས་པ་ལྕེའི་ཕྱག་དང་ལྡན་པ། ཕྱག་གཡོན་པས་དུང་བསྣམས་པའོ། །བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ། རྡོ་རྗེ་ལས་སྐུ་མདོག་ལྗང་

གུ་ཕྱག་གཉིས་ན་རྡོ་རྗེ་རྩེ་གསུམ་པ་བསྣམས་ནས་སྤྱི་བོར་འཇོག་ཅིང་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པའི་དོན་དུ་གར་མཛད་ཅིང་བཞུགས་པའོ། །རྡོ་རྗེ་སྲུང་བ་སྐུ་མདོག་སེར་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་གོ་ཆ་བསྣམས་པའོ། །རྡོ་རྗེ་གནོད་སྦྱིན་སྐུ་མདོག་ནག་པོ་ཕྱག་གཉིས་ཀྱིས་མཆེ་བ་གཉིས་རང་གི་ཞལ་དུ་འཛིན་ཅིང་གདུག་པ་ཐམས་

ཅད་འཇིགས་པར་མཛད་པས་བཞུགས་པའོ། །རྡོ་རྗེ་ཁུ་ཚུར་སྐུ་མདོག་དཀར་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་ཁུ་ཚུར་བསྡམས་ནས་བཞུགས་པའོ། །མཚམས་རྣམས་སུ་སྤྱན་ནི་འཇམ་པའི་དབྱངས་དང་འདྲའོ། །མཱ་མ་ཀཱི་ནི་མི་བསྐྱོད་པ་དང་འདྲའོ། །གོས་དཀར་མོ་ནི་འོད་དཔག་ཏུ་མེད་པ་དང་འདྲའོ། །སྒྲོལ་མ་ནི་དོན་ཡོད་པར་གྲུབ་པ་དོང་

འདྲའོ། །སེམས་མ་བཅུ་དྲུག་ནི་ཀུན་དུ་བཟང་མོ་དང་། དེ་བཞིན་གཤེགས་པའི་ལྕགས་ཀྱུ་མོ་དང་། དགའ་ལ་ཆགས་མ་དང་ལེགས་ལྡན་མ་སྟེ་རྡོ་རྗེ་རིགས་ཀྱིའོ། །རིན་པོ་ཆེའི་གཙོ་མོ་དང་། རཏྣའི་སྒྲོལ་མ་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དང་། བཀོད་པ་དང་ལྡན་མ་དང་བཞི་ནི་རཏྣའི་རིགས་ཀྱིའོ། །རྡོ་རྗེ་

ས་མོ་དང་ཀུན་དུ་འཁོར་ལོ་མ་དང་རླན་འཛིན་མ་དང་། སྟོང་དུ་ཟློས་མ་བཞི་པདྨོ་རིགས་ཀྱིའོ། །དངོས་གྲུབ་ཀྱི་རྩེ་མོ་དང་། ཐམས་ཅད་བསྲུང་མ་དང་། མདངས་སླར་འཕྲོག་མ་དང་། གཟུངས་ཀྱི་ཕྱག་རྒྱ་རྣམས་དང་བཞི་ནི་ལས་ཀྱི་རིགས་ཀྱིའོ། །སྐུ་མདོག་ཕྱག་མཚན་སེམས་དཔའ་བཅུ་དྲུག་དང་མཐུན་ནོ། །

เล่ม ๖๕ · หน้า 159a

འདིའི་ལུགས་ཀྱིས་སྤྱན་མ་ལ་རྡོ་རྗེ་རིགས་ཀྱི་སེམས་དཔས་བསྐོར། མཱ་མ་ཀཱི་ལ་རིན་པོ་ཆེའི་རིགས་ཀྱི་སེམས་དཔའ་བཞིས་བསྐོར། གཞན་གཉིས་པོ་ཡང་རིགས་མཐུན་པས་བསྐོར་བའོ། །འདིར་རྡོ་རྗེ་ཐིག་གི་ནང་ལོགས་སུ་རི་མོ་ཟུར་བཞི་པ་བྱས་པའི་བརྒྱད་ཆའི་སྒོ་སྟེ་རྟ་

བབས་མེད་པའོ། །ལྷག་མ་ནི་ཕྱིའི་དཀྱིལ་འཁོར་རོ། །དེའི་ཤར་གྱི་སྒོར་རྡོ་རྗེ་ལྕགས་ཀྱུ་སྐུ་མདོག་དཀར་པོ་རྡོ་རྗེ་ལྕགས་ཀྱུ་བསྣམས་པ་གཡས་བརྐྱང་བས་བཞུགས་པའོ། །ལྷོའི་སྒོར་རྡོ་རྗེ་ཞགས་པ་སྐུ་མདོག་སེར་པོ་ཕྱག་ན་རྡོ་རྗེ་ཞགས་པ་བསྣམས་པ་གཡོན་བརྐྱང་བས་བཞུགས་པའོ། །ནུབ་ཀྱི་སྒོར་

རྡོ་རྗེ་ལྕགས་སྒྲོག་སྐུ་མདོག་དམར་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་ལུ་གུ་རྒྱུད་བསྣམས་པ་ས་གའི་འདུག་སྟངས་ཀྱིས་བཞུགས་པའོ། །བྱང་ཕྱོགས་ཀྱི་སྒོར་རྡོ་རྗེ་འབེབས་པ་སྐུ་མདོག་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེ་བསྡམས་པས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ཟླུམ་པོའི་འདུག་སྟངས་ཀྱིས་བཞུགས་པར་བྲི་བར་བྱ་སྟེ་ནང་གི་དཀྱིལ་འཁོར་རོ། །

གཉིས་པ་ནང་གི་དཀྱིལ་འཁོར་གྱི་ཉིས་འགྱུར་ཏེ་གཟུངས་ཀྱི་དཀྱིལ་འཁོར་རོ། །གཉིས་པ་དེར་ཡང་ཤར་ཕྱོགས་སུ་ས་བཅུ་གཉིས་བྲི་བར་བྱ་སྟེ། ཀུན་ཀྱང་སྣ་ཚོགས་པདྨ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་དབུ་རྒྱན་ཅན། ཕྱག་གཡས་ན་རྡོ་རྗེ་བསྣམས་པ། ཕྱག་གཡོན་ན་རང་གི་མཚན་མ་

བསྣམས་པའོ། །དེ་ལ་མོས་པས་སྤྱོད་པའི་ས་ནི་སྐུ་མདོག་པདྨ་ལྟར་དམར་བ་ཕྱག་གཡོན་ན་པདྨ་དམར་པོ་བསྣམས་པའོ། །རབ་ཏུ་དགའ་བའི་ས་ནི་རིན་པོ་ཆེ་པདྨ་རཱ་གའི་མདོག་ཅན། ཕྱག་གཡོན་ན་ཡིད་བཞིན་གྱི་ནོར་བུ་བསྣམས་པའོ། །དྲི་མ་མེད་པའི་ས་ནི་ནོར་བུ་ཚོན་ཤེལ་གྱི་མདོག་ཅན། ཕྱག་གཡོན་གྱིས་ཐམས་ཅད་

དག་པར་སོ་སོར་རྟོག་པའི་པདྨ་དཀར་པོ་བསྣམས་པའོ། །འོད་བྱེད་པའི་ས་ནི་ཉི་མ་འཆར་ཀའི་མདོག་ཅན། ཕྱག་གཡོན་གྱིས་སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་བསྣམས་པའོ། །འོད་འཕྲོ་བའི་ས་ནི་མརྒད་ལྟ་བུའི་མདོག་ཅན་ཕྱག་གཡོན་ན་ཨུཏྤལ་བསྣམས་པའོ། །ཤིན་ཏུ་སྦྱངས་

དཀའ་བའི་ས་ནི་སྐུ་མདོག་སེར་པོ་ཕྱག་གཡོན་པ་པང་བར་བཀན་ནས་བཞག་པས་ནོར་བུ་མརྐཏ་བསྣམས་པའོ། །མངོན་དུ་གྱུར་པའི་ས་ནི་གསེར་བཙོ་མ་ལྟ་བུའི་མདོག་ཅན། ཕྱག་གཡོན་གྱིས་པདྨའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བསྣམས་པའོ། །རིང་དུ་སོང་བའི་

เล่ม ๖๕ · หน้า 159b

ས་ནི་ནམ་མཁའ་ལྟར་སྔོ་བསངས་ཕྱག་གཡོན་གྱིས་སྣ་ཚོགས་པདྨའི་སྟེང་དུ་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །མི་གཡོ་བའི་ས་ནི་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཕྱག་གཡོན་པ་བསྙེམས་པས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་རྡོ་རྗེ་ལྔ་པ་མདོག་དམར་པོ་སྟེ། པདྨའི་སྡོང་བུ་འཛིན་པའོ། །

ལེགས་པའི་བློ་གྲོས་ཀྱི་ནི་སྐུ་མདོག་དམར་སྐྱ་ཕྱག་གཡོན་གྱིས་ཨུཏྤ་ལའི་སྟེང་དུ་རལ་གྲི་བསྣམས་པའོ། །ཆོས་ཀྱི་སྤྲིན་གྱི་ནི་གསེར་གྱི་མདོག་ཅན་ཕྱག་གཡོན་གྱིས་ཆོས་ཀྱི་སྤྲིན་གྱིས་ཡོངས་སུ་བསྐོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བསྣམས་པའོ། །སངས་རྒྱས་ཀྱི་ཀུན་དུ་འོད་ནི་ཉི་མ་

གུང་གི་མདོག་ཅན་ཕྱག་གཡོན་པས་པདྨའི་སྟེང་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པར་བྱེད་པའི་སངས་རྒྱས་ཀྱི་སྐུ་གཟུགས་བསྣམས་པའོ། །ལྷོ་ཕྱོགས་སུ་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྒྱན་སྣ་ཚོགས་འཆང་

བ། གཞོན་ཞིང་དར་ལ་བབ་པ་ཞལ་གྱི་པདྨ་སྒེག་པའི་ཉམས་ཀྱིས་རྒྱས་པ། རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་གསེར་གྱི་གདུ་བུས་ལག་ངར་བཀང་བ། རིན་པོ་ཆེའི་རྒྱན་དང་། རྩེ་བྲན་མངའ་བ། ཕྱག་གཡས་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པའི་ཕྱིར་ཡིད་

བཞིན་གྱི་ནོར་བུ་རིན་པོ་ཆེ་བསྣམས་པ། ཕྱག་གཡོན་པས་རང་གི་མཚན་མ་བསྣམས་པ་རིམ་བཞིན་དུ་བྲི་བར་བྱའོ། །དེ་ལ་རིན་པོ་ཆེ་པདྨའི་ཕ་རོལ་ཏུ་ཕྱིན་པ་ནི་པདྨ་དམར་པོ་ལྟར་སྐུ་མདོག་དམར་པོ་ཕྱག་གཡོན་པས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བསྣམས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྐུ་

མདོག་དམར་སྐྱ། ཕྱག་གཡོན་པས་འབྲུ་དང་རིན་པོ་ཆེ་སྣ་ཚོགས་པའི་སྙེ་མ་བསྣམས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐུ་མདོག་དཀར་པོ་ཕྱག་གཡོན་པས་ཨ་ཤྭ་ཀའི་མེ་ཏོག་གི་མགོ་ལྕོགས་འདབ་མ་དང་བཅས་པ་བསྣམས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གསེར་གྱི་མདོག་ཅན་ཕྱག་

གཡོན་པས་པདྨ་དཀར་པོ་བསྣམས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མརྐཏ་ཀྱི་མདོག་ཅན། ཕྱག་གཡོན་པས་ཨུཏྤ་ལ་བསྣམས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་ལྟར་སྔོ་བསངས་ཕྱག་གཡོན་པས་པདྨ་དཀར་པོ་བསྣམས་པའོ། །ཤེས་རབ་ཀྱི་ཕ་རོལ་

เล่ม ๖๕ · หน้า 160a

ཏུ་ཕྱིན་པ་གསེར་གྱི་མདོག་ཅན་ཕྱག་གཡས་ཀྱིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་ལྡན་པའོ། །ཕྱག་གཡོན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བསྣམས་པའོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་པྲི་ཡང་ཀུ་ལྟར་སྐུ་མདོག་ལྗང་གུ་ཕྱག་གཡོན་པས་པདྨ་དཀར་

པོའི་སྟེང་དུ་རྡོ་རྗེ་བསྣམས་པའོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཨུཏྤ་ལ་སྔོན་པོ་ལྟ་བུའི་མདོག་ཅན་ཕྱག་གཡོན་གྱིས་ཨུཏྤ་ལའི་སྟེང་དུ་རལ་གྲི་བསྣམས་པའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་མའི་མདོག་ཅན་ཕྱག་གཡོན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བསྣམས་པའོ། །ཡེ་ཤེས་

ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཀའི་ཟླ་བ་ལྟ་བུའི་མདོག་ཅན་ཕྱག་གཡོན་པས་རིན་པོ་ཆེ་སྣ་ཚོགས་ཀྱི་འབྲས་བུས་བརྒྱན་པའི་བྱང་ཆུབ་ཀྱི་ཤིང་གི་ཡལ་ག་བསྣམས་པའོ། །རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐུ་མདོག་སྣ་ཚོགས་པ་ཕྱག་གཡོན་པས་སྣ་ཚོགས་པདྨ་བསྣམས་པའོ། །ནུབ་ཕྱོགས་སུ་དབང་བཅུ་པདྨ་དང་

ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྒྱན་དང་ན་བཟའ་སྣ་ཚོགས་པ་མངའ་བ། གཞོན་ཞིང་དར་ལ་བབ་པ། སྒེག་པའི་ཉམས་དང་ལྡན་པ། ཞལ་གྱི་པདྨ་ཅུང་ཟད་འཛུམ་པ་དང་། སྤྱན་ཨུཏྤ་ལ་སྔོན་པོའི་འདབ་མ་འདྲ་བ། འོད་མཐའ་ཡས་པའི་རིན་པོ་

ཆེའི་དབུ་རྒྱན་ཅན། ཕྱག་གཡས་ན་པདྨ་བསྣམས་པ། གཡོན་ན་བསྙེམས་པས་རང་གི་མཚན་མ་བསྣམས་པར་རིམ་བཞིན་དུ་བྲི་བར་བྱ། །དེ་ལ་ཚེ་ལ་དབང་བ་སྐུ་མདོག་དམར་སྐྱ། ཕྱག་གཡོན་ན་པདྨ་རཱ་གའི་ནོར་བུའི་འདབ་མའི་དབུས་སུ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ཏིང་ངེ་འཛིན་

ལ་སྙོམས་པར་བཞུགས་པའི་སྐུ་བསྣམས་པའོ། །སེམས་ལ་དབང་བ་ཟླ་བའི་མདོག་ཅན་ཕྱག་གཡོན་གྱིས་མེ་ཏོག་བནྡུ་ཀ་ལྟར་དམར་བའི་རྡོ་རྗེ་རྩེ་ལྔ་པ་བསྣམས་པའོ། །ཡོ་བྱད་ལ་དབང་བ་སྐུ་མདོག་སེར་པོ་ཕྱག་གཡོན་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་མཚན་བསྣམས་པའོ། །ལས་ལ་

དབང་བ་མརྐཏ་ལྟ་བུའི་མདོག་ཅན་ཕྱག་གཡོན་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །སྐྱེ་བ་ལ་དབང་བ་སྐུ་མདོག་སྣ་ཚོགས་པ། ཕྱག་གཡོན་ཁ་དོག་སྣ་ཚོགས་པ་ཛཱ་ཏིའི་ཡལ་ག་བསྣམས་པའོ། །རྫུ་འཕྲུལ་ལ་དབང་བ་སྐུ་མདོག་ལྗང་གུ་ཕྱག་གཡོན་ན་པདྨའི་སྟེང་དུ་ཉི་མ་དང་ཟླ་བའི་དཀྱིལ་

เล่ม ๖๕ · หน้า 160b

འཁོར་བསྣམས་པའོ། །མོས་པ་ལ་དབང་བ་པདྨའི་རྩ་བ་ལྟར་མདོག་དཀར་བ། ཕྱག་གཡོན་ན་མེ་ཏོག་པྲི་ཡང་ཀུའི་སྙེ་མ་བསྣམས་པའོ། །སྨོན་ལམ་ལ་དབང་བ་གསེར་གྱི་མདོག་ཅན་ཕྱག་གཡོན་ན་ཨུཏྤ་ལ་སྔོན་པོ་བསྣམས་པའོ། །ཡེ་ཤེས་ལ་དབང་བ་མཐོན་ཀ་ཆེན་པོའི་མདོག་ཅན། ཕྱག་གཡོན་ན་ཨུཏྤ་ལ་སྔོན་

པོའི་སྟེང་དུ་རལ་གྲི་བསྣམས་པའོ། །ཆོས་ལ་དབང་བ་སྐུ་མདོག་དམར་སྐྱ། ཕྱག་གཡོན་ན་པདྨའི་སྟེང་དུ་བུམ་པ་བཟང་པོ་བསྣམས་པའོ། །ཡིད་བཞིན་ནོར་བུའི་ཚོན་ཤེལ་གྱི་མདོག་ཅན། ཕྱག་གཡས་ན་པདྨ་དཀར་པོ་བསྣམས་པའོ། །ཕྱག་གཡོན་ན་རིན་པོ་ཆེའི་ཤིང་གི་ཡལ་ག་བསྣམས་པའོ། །སངས་

རྒྱས་ཀྱི་བྱང་ཆུབ་གསེར་བཙོ་མ་ལྟ་བུའི་མདོག་ཅན་ཕྱག་གཡས་ན་པདྨ་སེར་པོའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། ཕྱག་གཡོན་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་མཚན་གྱི་སྟེང་དུ་འཁོར་ལོ་བསྣམས་པའོ། །འདི་གཉིས་ཀྱི་གདན་དང་དབུ་རྒྱན་ལ་སོགས་པའི་དབང་རྣམས་དང་འདྲ་བར་བྱའོ། །བྱང་ཕྱོགས་

སུ་གཟུགས་བཅུ་གཉིས་སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེའི་དབུ་རྒྱན་གྱི་རྩེ་བྲན་ཅན། ཕྱག་གཡས་ན་སྣ་ཚོགས་རྡོ་རྗེ་བསྣམས་པ། ཕྱག་གཡོན་གྱིས་དཀུར་བརྟེན་པས་རང་གི་མཚན་མ་བསྣམས་པར་རིམ་

བཞིན་དུ་བྲི་བར་བྱའོ། །དེ་ལ་ནོར་ལྡན་གྱི་གཟུངས་ནི་གསེར་གྱི་མདོག་ཅན། ཕྱག་གཡོན་ན་འབྲས་ཀྱི་སྙེ་མ་བསྣམས་པའོ། །རིན་ཆེན་སྒྲོལ་མའི་གཟུངས་ནི་པདྨ་རཱ་གའི་མདོག་ཅན། ཕྱག་གཡོན་ན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བསྣམས་པའོ། །གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས་ནི་སྐུ་མདོག་

དཀར་པོ། ཕྱག་གཡོན་ན་ནོར་བུ་ཆུ་ཤེལ་གྱི་བུམ་པ་བསྣམས་པའོ། །འོད་ཟེར་ཅན་གྱི་གཟུངས་ནི་སྐུ་མདོག་དམར་སྐྱ། ཕྱག་གཡོན་ན་ཁབ་དང་སྐུད་པ་བསྣམས་པའོ། །རི་ཁྲོད་ལོ་མ་ཅན་གྱི་གཟུངས་ནི། སྐུ་མདོག་ལྗང་གུ་ཕྱག་གཡོན་ན་ལོ་མ་སྦོམ་པ་བསྣམས་པའོ། །དུག་སེལ་མའི་གཟུངས་ནི་སྐུ་མདོག་

དཀར་པོ་ཕྱག་གཡོན་ན་དུག་གི་མེ་ཏོག་གི་སྙེ་མ་བསྣམས་པའོ། །སྒོ་མཐའ་ཡས་པའི་གཟུངས་ནི་སྐུ་མདོག་པྲི་ཡང་ཀུ་ལྟར་ལྗང་སེར། ཕྱག་གཡོན་ན་པདྨ་དམར་པོའི་སྟེང་དུ་མི་ཟད་པའི་གཏེར་ཆེན་པོའི་བུམ་པ་བསྣམས་པའོ། །སྐུལ་བྱེད་མའི་གཟུངས་ནི་སྟོན་ཀའི་ཟླ་བ་ལྟ་བུའི་མདོག་ཅན། ཕྱག་གཡོན་ན་ཕྲེང་

เล่ม ๖๕ · หน้า 161a

བ་འཕྱང་བའི་བུམ་པ་བསྣམས་པའོ། །ཤེས་རབ་འཕེལ་བའི་གཟུངས་ནི་སྟོན་ཀའི་ཟླ་བ་ཉ་བ་ལྟ་བུའི་མདོག་ཅན་ཕྱག་གཡོན་ན་ཨུཏྤ་ལ་སྔོན་པོའི་སྟེང་དུ་རལ་གྲི་བསྣམས་པའོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བའི་གཟུངས་ནི་ནོར་བུ་མརྐད་ལྟ་བུའི་མདོག་ཅན། ཕྱག་གཡོན་པ་

ན་རྡོ་རྗེ་རྩེ་གསུམ་པས་མཚན་པའི་པདྨ་དམར་སྐྱ་བསྣམས་པའོ། །ཡེ་ཤེས་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ནི། སྐུ་མདོག་དམར་པོ་ཕྱག་གཡོན་ན་རིན་པོ་ཆེའི་ཟ་མ་ཏོག་བསྣམས་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་དང་ལྡན་པའི་གཟུངས་ནི་གསེར་བཙོ་མའི་མདོག་ཅན་ཕྱག་གཡོན་ན་ཁ་དོག་

སྣ་ཚོགས་པའི་སྒྲོམ་བུ་བསྣམས་པའོ། །གཟུངས་ཀྱི་དཀྱིལ་འཁོར་འདི་ཉིད་ཀྱི་ཤར་ཕྱོགས་ཀྱི་སྒོར། ཆོས་སོ་སོ་ཡང་དག་པར་རིག་པ་སྐུ་མདོག་དམར་སྐྱ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེའི་ཅོད་པན་ཅན་ཕྱག་ན་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་བསྣམས་པ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་

པ་བྲིའོ། །ལྷོ་ཕྱོགས་ཀྱི་སྒོར་དོན་སོ་སོ་ཡང་དག་པར་རིག་པ་སྐུ་མདོག་མརྐཏ་ལྟ་བུ་ཕྱག་ན་རིན་པོ་ཆེའི་ཞགས་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ནུབ་ཕྱོགས་ཀྱི་སྒོར་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་སྐུ་མདོག་དམར་སྐྱ།

ཕྱག་ན་མཐའ་གཉིས་སུ་པདྨས་མཚན་པའི་ལྕགས་སྒྲོག་བསྣམས་པ། གདན་དང་རྒྱན་ལ་སོགས་པ་ནི་སྔ་མ་བཞིན་ནོ། །བྱང་ཕྱོགས་ཀྱི་སྒོར་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྐུ་མདོག་མརྐཏ་ལྟར་ལྗང་གུ། ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པས་མཚན་པའི་དྲིལ་བུ་བསྣམས་པ་སྟེ་ལྷག་མ་རྣམས་

ནི་སྔ་མ་བཞིན་ནོ། །ཤར་ལྷོའི་མཚམས་སུ་ལྷ་མོ་སྒེག་མོ་གསེར་གྱི་མདོག་ཅན་རིན་པོ་ཆེའི་ཅོད་པན་མངའ་བ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཀ་རྡོ་རྗེ་བསྙེམས་པའི་ཚུལ་འཆང་བའོ། །ལྷོ་ནུབ་མཚམས་སུ་ཕྲེང་བ་མ་སྐུ་མདོག་དམར་སྐྱ། ཕྱག་ན་རིན་པོ་ཆེའི་ཕྲེང་བ་བསྣམས་པ།

བཞུགས་ཚུལ་ལ་སོགས་ནི་སྒེག་མོ་དང་འདྲའོ། །ནུབ་བྱང་མཚམས་སུ་གླུ་མ་སྐུ་མདོག་དམར་པོ་པི་ཝང་བརྡུང་བ་ལ་བརྩོན་པ་སྟེ། ལྷག་མ་ནི་སྔ་མ་དང་འདྲའོ། །བྱང་ཤར་མཚམས་སུ་གར་མ་སྐུ་མདོག་ལྗང་གུ། ཕྱག་གིས་མཆོག་གི་རྩེད་མོ་དང་གར་མཛད་པ་སྟེ་ལྷག་མ་ནི་སྒེག་མོ་དང་འདྲའོ། །ནང་གི་

เล่ม ๖๕ · หน้า 161b

དཀྱིལ་འཁོར་གྱི་སྒོ་སྲུངས་རྣམས་ནི་ཚངས་པའི་གནས་བཞིའི་ངོ་བོ་ཉིད་དོ། །དཀྱིལ་འཁོར་བར་མ་ནི་སོ་སོ་ཡང་དག་པར་རིག་པ་བཞིའོ། །ཕྱིའི་དཀྱིལ་འཁོར་གྱི་སྒོ་སྲུང་རྣམས་ནི་བསྡུ་བའི་དངོས་པོ་བཞིའི་རང་བཞིན་ཡིན་ནོ། །རིམ་པ་གསུམ་པའི་ཤར་ཕྱོགས་སུ་ཀུན་དུ་བཟང་པོ་གསེར་གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་

བརྒྱན་པ། རིན་པོ་ཆེའི་དབུ་རྒྱན་ཅན་ཕྱག་གཡས་ཀྱིས་མཆོག་སྩོལ་བ། ཕྱག་གཡོན་གྱིས་ཨུཏྤ་ལའི་སྟེང་དུ་རལ་གྲི་བསྣམས་པ། པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །བློ་གྲོས་མི་ཟད་པ་གསེར་གྱི་མདོག་ཅན་ཕྱག་གཡས་ན་རལ་གྲི་བསྣམས་པའོ། །

ཕྱག་གཡོན་གྱིས་ཆོས་སྟོན་པའི་ཚུལ་གྱིས་པདྨ་བསྣམས་པ་སྟེ། རྒྱན་དང་། བཞུགས་ཚུལ་ལ་སོགས་པ་ནི་ཀུན་དུ་བཟང་པོ་དང་འདྲའོ། །སའི་སྙིང་པོ་གསེར་བཙོ་མའི་མདོག་ཅན་ཕྱག་གཡས་ཀྱིས་ས་གནོན། ཕྱག་གཡོན་པདྨའི་སྟེང་ན་དཔག་བསམ་གྱི་ཤིང་བསྣམས་པའོ། །ནམ་མཁའི་སྙིང་པོ་

སྐུ་མདོག་མརྐཏ་ལྟར་ལྗང་སེར་ཕྱག་གཡས་ཀྱིས་རིན་པོ་ཆེ་ཐམས་ཅད་ཀྱི་ཆར་འབེབས་པ། ཕྱག་གཡོན་ན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བསྣམས་པའོ། །ལྷོ་ཕྱོགས་སུ་ནམ་མཁའ་མཛོད་གསེར་གྱི་མདོག་ཅན་ཕྱག་གཡས་ན་ཡིད་བཞིན་གྱི་ནོར་བུ་བསྣམས་པའོ། །ཕྱག་གཡོན་ན་བུམ་པ་བཟང་པོ་ལས་

འཕྱང་བའི་དཔག་བསམ་གྱི་ཤིང་བསྣམས་པ། ཕྱག་ན་རིན་པོ་ཆེ་སྐུ་མདོག་ལྗང་གུ་ཕྱག་གཡས་པ་རིན་པོ་ཆེ་སྦྱིན་པ་ལ་བརྩོན་པ། ཕྱག་གཡོན་པ་ན་པདྨའི་སྟེང་དུ་བྱང་ཆུབ་ཀྱི་ཟླ་བ་བསྣམས་པའོ། །རྒྱ་མཚོའི་བློ་གྲོས་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཕྱག་གཡས་ན་དུང་བསྣམས་པ། ཕྱག་གཡོན་ན་རལ་གྲི་

བསྣམས་པའོ། །རྡོ་རྗེ་སྙིང་པོ་སྐུ་མདོག་ཨུཏྤ་ལ་སྔོན་པོའི་འདབ་མ་ལྟ་བུ་ཕྱག་གཡས་ན་རྡོ་རྗེ་བསྣམས་པ། ཕྱག་གཡོན་ན་ས་བཅུ་སྟོན་པའི་གླེགས་བམ་བསྣམས་པའོ། །ནུབ་ཕྱོགས་སུ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་སྐུ་མདོག་དཀར་པོ་འོད་དཔག་ཏུ་མེད་པའི་ཅོད་པན་ཅན་ཕྱག་གཡས་ཀྱིས་དམ་པ་

སྦྱིན་པ། ཕྱག་གཡོན་ན་པདྨ་བསྣམས་པའོ། །མཐུ་ཆེན་པོ་ཐོབ་པ་གསེར་གྱི་མདོག་ཅན། ཕྱག་གཡས་ན་རལ་གྲི་བསྣམས་པ། ཕྱག་གཡོན་ན་པདྨ་བསྣམས་པའོ། །ཟླ་བའི་འོད་པདྨའི་རྩ་བ་ལྟར་དཀར་བ། ཕྱག་གཡས་ན་རྡོ་རྗེའི་འཁོར་ལོ་བསྣམས་པ། ཕྱག་གཡོན་གྱིས་

เล่ม ๖๕ · หน้า 162a

པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བསྣམས་པ། དྲ་བ་ཅན་གྱི་འོད་སྐུ་མདོག་དམར་སྐྱ་ཕྱག་གཡས་ན་རལ་གྲི་བསྣམས་པ། ཕྱག་གཡོན་ན་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་བསྣམས་པའོ། །བྱང་ཕྱོགས་སུ་འོད་དཔག་ཏུ་མེད་པ་སྐུ་མདོག་པདྨའི་རྩ་བ་ལྟར་དཀར་བ། ཕྱག་གཡས་ན་སྣ་ཚོགས་རྡོ་རྗེ་

བསྣམས་པ། ཕྱག་གཡོན་ན་པདྨའི་སྟེང་དུ་བུམ་པ་བསྣམས་པའོ། །སྤོབས་པ་བརྩེགས་པ་གསེར་གྱི་མདོག་ཅན་ཕྱག་གཡས་ཀྱིས་སེ་གོལ་བརྡེབས་པར་བརྩོན་པ་ཕྱག་གཡོན་ན་པདྨའི་སྟེང་དུ་རལ་གྲི་བསྣམས་པའོ། །མྱ་ངན་གྱི་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་གུར་གུམ་གྱི་མདོག་ཅན་ཕྱག་གཡས་

ན་འོད་འཕྲོ་བ་མང་པོ་འཁྲུགས་པའི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། ཕྱག་གཡོན་ན་མདུང་ཐུང་བསྣམས་པའོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཨུཏྤ་ལ་སྔོན་པོའི་འདབ་མའི་མདོག་ཅན་ཕྱག་གཡས་ན་རལ་གྲི་བསྣམས་པ། ཕྱག་གཡོན་ན་སྣ་ཚོགས་རྡོ་རྗེས་མཚན་པའི་བ་དན་བསྣམས་པ་བྲི་བར་བྱ་སྟེ། དེ་དག་

ཐམས་ཅད་ཀྱི་བཞུགས་ཚུལ་དང་། རྒྱན་དང་ན་བཟའ་དང་། དབུ་རྒྱན་རྣམས་ནི་ཀུན་དུ་བཟང་པོ་དང་འདྲ་བར་ཤེས་པར་བྱ་སྟེ། སྤྱན་རས་གཟིགས་དབང་ཕྱུག་ནི་འོད་དཔག་ཏུ་མེད་པའི་ཅོད་པན་ཅན་ཏེ་ཁྱད་པར་ནི་དེ་ཡོད་དོ། །བྱང་ཆུབ་སེམས་དཔའི་གནས་དེ་ཉིད་ཀྱི་བྱང་ཤར་མཚམས་སུ་ཁམས་

གསུམ་རྣམ་པར་རྒྱལ་བ་ཨུཏྤ་ལ་སྔོན་པོའི་འདབ་མ་ལྟ་བུའི་མདོག་ཅན། ཞལ་བཞི་པ། ཕྱག་བརྒྱད་པ། ཞལ་དང་པོ་ཁྲོ་བོ་སྒེག་པ་སྟེ། དམར་བ་གཡས་པ། དྲག་པོ་གཡོན་པ། འཇིགས་སུ་རུང་བ། རྒྱབ་དཔའ་བོའི་ཞལ་དང་ལྡན་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་དང་ལྡན་པ་སྟེ། དེ་གཉིས་

ཀྱི་ཐུགས་ཀར་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འཆང་བ། ཕྱག་གཡས་རྣམས་ན་རལ་གྲི་དང་ལྕགས་ཀྱུ་དང་། མདའ་བསྣམས་པ། ཕྱག་གཡོན་རྣམས་ན་གཞུ་དང་། ཞགས་པ་དང་། རྡོ་རྗེ་བསྣམས་པ། གཡོན་བརྐྱང་བར་བཞུགས་པའི་ཞབས་གཡོན་པས་དབང་ཕྱུག་ཆེན་པོའི་སྤྱི་བོར་གནོན་པ། ཞབས་གཡས་པས་

ཨུ་མའི་ནུ་མ་རྒྱས་པ་མནན་པ། སངས་རྒྱས་ཀྱི་མེ་ཏོག་གི་ཕྲེང་བ་བརྒྱུས་པ་ལ་སོགས་པའི་རྒྱན་དང་། ན་བཟའ་སྣ་ཚོགས་མངའ་བ། གདུག་པ་ཅན་ཐམས་ཅད་གདུལ་བར་བྱ་བའི་ཕྱིར་ངེས་པར་གཞག་པར་བྱའོ། །ཤར་ལྷོ་མཚམས་སུ་ཁྲོ་བོ་རྡོ་རྗེ་མེ་ལྟར་འབར་བ་ཆར་སྤྲིན་གྱི་མདོག་ཅན་འོད་ཅན་གྱི་ཕྲེང་བ་

เล่ม ๖๕ · หน้า 162b

འབར་བས་ཀུན་དུ་འཁྲུག་པ། ཞལ་བཞི་པ། ཕྱག་བརྒྱད་པ། ཞལ་སྒེག་པ་དང་། དཔའ་བ་དང་། འཇིགས་སུ་རུང་བ་དང་། སྙིང་རྗེ་ཆེན་པོ་ལ་སོགས་པའི་ཉམས་དང་ལྡན་པ། ཕྱག་གཡས་རྣམས་ན་རྡོ་རྗེ་དང་། རལ་གྲི་དང་། མདའ་དང་། འཁོར་ལོ་བསྣམས་པ། ཕྱག་གཡོན་རྣམས་ནི་དྲིལ་བུ་དང་། ཞགས་པ་དང་།

གཞུ་དང་། ཁ་ཊྭཱཾ་ག་བཏགས་པའི་བ་དན་སྣ་ཚོགས་པ་བསྣམས་པ། མེ་སེར་སྐྱ་འབར་བའི་སྒྲའི་ཚོགས་ཤིན་ཏུ་འཇིགས་སུ་རུང་བ། སྦྲུལ་ཆེན་པོའི་གདུ་བུ་དང་། དབུ་རྒྱན་དང་སྐ་རགས་དང་། ཞབས་གདུབ་དང་། མགུར་ཆུ་དང་། རྣ་རྒྱན་དང་། ཅོད་པན་གྱིས་བརྒྱན་པ། སྒྱུ་འཕྲུལ་ཆེན་པོའི་འཁོར་ལོ་དགོད་པ་

ལ་མཁས་པ་ལས། གཡོན་བརྐྱང་བས་ཁྱབ་འཇུག་ཆུང་མ་དང་བཅས་པ་གནོན་པ་བྲི་བར་བྱའོ། །ལྷོ་ནུབ་མཚམས་སུ་ཁྲོ་བོ་ཆེན་པོ་རྡོ་རྗེ་ཁྲག་འཐུང་སྐུ་མདོག་མཐིང་ཤུན་ལྟར་སྔོ་བ། ཞལ་བཞི་པ། ཕྱག་བརྒྱད་པ། ཞལ་དང་པོ་དྲག་པོ། ཞལ་གཡས་པ་རབ་ཏུ་རྨོངས་པ་རྣམས་སེམས་རྨོངས་པར་བྱེད་པ། ཞལ་གཡོན་

པ་སྒེག་པ་དང་ལྡན་པ། ཞལ་རྒྱབ་བཾ་ཟ་བར་བྱེད་པ། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་འབར་བ་བསྣམས་པ། ཕྱག་གཡོན་ན་དྲིལ་བུ་དང་བ་དན་དང་བཅས་པའི་ཁ་ཊྭཱཾ་ག་བསྣམས་པ་དང་གར་མཛད་པ། ཡང་གཉིས་ཀྱིས་འཇིགས་བྱེད་ཆེན་པོའི་པགས་པ་རློན་པ་རླུང་གི་གོས་འཛིན་པའི་ཚུལ་གྱིས་བཟུང་ནས་

བསྣམས་པ། ཡང་གཉིས་ན་མདའ་དང་གཞུ་བསྣམས་པ། ཡང་ཕྱག་གཡས་ན་མ་ཧཱ་རཀྟས་ཡོངས་སུ་བཀང་བའི་ཀ་པཱ་ལའི་ཐོད་ཚལ་ཙ་ཤ་ཀ་བསྣམས་པ། ཡང་ཕྱག་གཡོན་ན་སྙིང་གི་པདྨའི་ནང་ན་མ་ཧཱ་མཱཾ་སས་བཀང་བའི་ཀ་པཱ་ལ་བསྣམས་པ། སངས་རྒྱས་ལྔས་མཚན་པའི་ཐོད་པ་ལྔའི་དབུ་རྒྱན་གྱིས་

སངས་རྒྱས་ཀྱི་གཙུག་གི་ནོར་བུ་ཅན་ཅོད་པན་མངའ་བ། འོད་ཟེར་སྔོན་པོ་འབར་བའི་རང་བཞིན་མངའ་བ། འོད་ཟེར་དམར་པོ་འབར་བའི་དཀྱིལ་འཁོར་ཅན་ཞེས་བྱ་བའི་འོད་ཀྱི་དཀྱིལ་འཁོར་དམར་པོ་མངའ་བ། གཡོན་བརྐྱང་བས་ཚངས་པ་ཆུང་མ་དང་བཅས་པ་མནན་ནས་བཞུགས་པར་བྲིའོ། །ནུབ་བྱང་མཚམས་

སུ་རྟ་མཆོག་སྐུ་མདོག་ལྗང་གུ་ཞལ་བཞི་པ་ཞབས་བཞི་པ་ཕྱག་བརྒྱད་པ། ཞལ་དང་པོ་ཁྲོ་བོ་སྒེག་པའི་ཉམས་དང་ལྡན་པ། སྤྱན་གསུམ་པ། ཞལ་གཡས་དྲག་པོ། ཞལ་གཡོན་ཚངས་པའི་གདོང་དང་ལྡན་པ། སྤྱི་བོའི་ཞལ་ལྗང་གུ་མཆུ་དང་སྤྱི་བོའི་གཙུག་ནས་གྱེན་དུ་འདེགས་པ།

เล่ม ๖๕ · หน้า 163a

ཕྱག་གཡས་ཀྱིས་བ་དན་གསུམ་པ་ལྟ་བུའི་སྣ་ཚོགས་རྡོ་རྗེ་དང་བཅས་པས་འདེགས་པའི་ཚུལ་དུ་མཛད་པ། ཕྱག་གཡོན་ན་ཁ་ཊྭཱྃ་ག་སྣ་ཚོགས་པདྨ་བསྣམས་པ། ཕྱག་གཡས་པའི་གཉིས་པས་བ་དན་གསུམ་པ་ལྟ་བུས་གྱེན་དུ་སློང་བའི་ཚུལ་དུ་མཛད་པ། ཕྱག་གཡོན་པའི་གཉིས་

པ་ན་མདུང་ཐུང་བསྣམས་པ། ཡང་ཕྱག་གཡས་ཀྱི་གཉིས་ན་རལ་གྲི་དང་མདའ་བསྣམས་པ། གཡོན་གྱི་ཕྱག་གཉིས་ན་དབྱུག་པ་དང་གཞུ་བསྣམས་པ། གཡོན་བརྐྱང་བའི་གནས་པས་བཞུགས་པ། གཡས་པ་གཅིག་གིས་དབང་པོ་དང་དབང་མོ་མནན་པ། གཉིས་པས་དགའ་བ་མོ་དང་མགུ་བ་མོ་མནན་པ།

གཡོན་གྱི་དང་པོས་བརྒྱ་བྱིན་དང་ཁྱབ་འཇུག་མནན་པ། གཉིས་པས་རྒྱལ་བར་བྱེད་པ་དང་འདོད་པའི་ལྷ་མནན་ནས་བཞུགས་པར་བྲིའོ། །དེ་ཉིད་ཀྱི་ཤར་ཕྱོགས་ཀྱི་སྒོར་ཁྲོ་བོ་གཤིན་རྗེ་གཤེད་ཆར་སྤྲིན་གྱི་མདོག་ཅན། ཞལ་དྲུག་པ་ཕྱག་དྲུག་པ་ཞབས་དྲུག་པ། ཞལ་དྲུག་པོ་སྒེག་པ་དང་། དཔའ་

བ་དང་། འཇིགས་སུ་རུང་བ་དང་། ཞི་བ་དང་། དྲག་པོ་དང་རྔམ་པ་སྟེ། ཉམས་རྣམ་པ་སྣ་ཚོགས་པས་ཡོངས་སུ་ཁྱབ་ཅིང་རྒྱས་པ། ཕྱག་གཡས་ན་ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་པས་ཐུགས་ཀར་སྡིགས་མཛུབ་བསྒྲེང་བ་དང་། ཞགས་པ་བསྣམས་པ། ཡང་

ཕྱག་གཡས་པ་གཉིས་ན་རལ་གྲི་དང་མདའ་བསྣམས་པ། ཕྱག་གཡོན་གཉིས་ན་གཞུ་དང་དྲིལ་བུ་བསྣམས་པ། ཐོད་པའི་ཕྲེང་བའི་ཅོད་པན་ཅན་སྦྲུལ་གྱིས་བརྒྱན་པ་སྟག་གི་པགས་པ་བསྣམས་པས། མ་ཧེའི་སྟེང་དུ་རོལ་པའི་སྟང་སྟབས་ཀྱིས་བཞུགས་པ་བྲིའོ། །ལྷོ་ཕྱོགས་ཀྱི་

སྒོར་ཤེས་རབ་མཐར་བྱེད་གེ་སར་སེར་པོ་ལྟ་བུའི་མདོག་ཅན། ཞལ་བཞི་པ་ཕྱག་བརྒྱད་པ། ཞལ་དང་པོ་སྒེག་པ། ཞལ་གཡས་པ་གདངས་ཤིང་འཇིགས་སུ་རུང་བ། ཞལ་གཡོན་པ་ཞི་བ། ཞལ་རྒྱབ་མ་ཤིན་ཏུ་དྲག་ཅིང་གཏུམ་པ། ཕྱག་གཡས་ན་གཞུག་པར་བྱེད་པའི་ཞགས་པ་

བསྣམས་པ། དེ་ལས་གཞན་པས་རྡོ་རྗེ་དང་རལ་གྲི་དང་མདའ་བསྣམས་པ། ཕྱག་གཡོན་པས་ཐུགས་ཀའི་ཕྱོགས་སུ་ལྕགས་ཀྱུ་དང་བཅས་པའི་སྡིགས་མཛུབ་བསྒྲེང་བ་ལ་བརྩོན་པ་དེ་ལས་གཞན་པར་དྲིལ་བུ་དང་མདུང་ཐུང་དང་གཞུ་བསྣམས་པ། སྦྲུལ་གྱིས་བརྒྱན་པ། མི་བསྐྱོད་

เล่ม ๖๕ · หน้า 163b

པའི་ཅོད་པན་ཅན། རོལ་པའི་སྟང་སྟབས་ཀྱིས་ཉི་མའི་དཀྱིལ་འཁོར་ལ་བཞུགས་པར་བྲིའོ། །ནུབ་ཕྱོགས་ཀྱི་སྒོར་པདྨ་མཐར་བྱེད་སྐུ་མདོག་དམར་པོ། ཞལ་བཞི་པ། ཕྱག་བརྒྱད་པ་ཞལ་དང་པོ་དང་། གཡས་པ་དང་གཡོན་པ་དང་། རྒྱབ་མ་སྟེ་བཞི་པོ་གྲངས་ཇི་ལྟ་བ་བཞིན་དུ་སྒེག་པ་དང་། དྲག་པོ་དང་

ཞི་བ་དང་། དགོད་པའི་ཉམས་དང་ལྡན་པ། གཡས་དང་གཡོན་གྱི་ཕྱག་གཉིས་ཀྱིས་རྡོ་རྗེ་ལྕགས་སྒྲོག་བསྣམས་པ། ཕྱག་གཡས་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་མདའ་བསྣམས་པ། ཕྱག་གཡོན་རྣམས་ཀྱིས་སྡིགས་མཛུབ་དང་། ཞགས་པ་དང་གཞུ་བསྣམས་པ། ཀླུའི་རྒྱལ་པོས་བརྒྱན་ཅིང་སྟག་གི་པགས་པ་མནབས་པ། སངས་

རྒྱས་ཀྱི་བྱང་ཆུབ་ལ་བརྟན་པར་ཆགས་ཤིང་། འཆིང་བ་དང་། པདྨ་དང་ཉི་མའི་སྟེང་དུ་རོལ་པའི་སྟང་སྟབས་ཀྱིས་བཞུགས་པར་བྲི་བར་བྱའོ། །བྱང་ཕྱོགས་ཀྱི་སྒོར་ཁྲོ་བོ་བགེགས་མཐར་བྱེད་སྤྲིན་སྔོན་པོའི་མདོག་ཅན། ཞལ་བཞི་པ། ཕྱག་བརྒྱད་པ། ཞལ་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ།

ཕྱག་གཡས་དང་གཡོན་གཉིས་ཀྱིས་རྡོ་རྗེ་བཅིངས་པས་དྲིལ་བུ་བསྣམས་པ། ཕྱག་གཡས་རྣམས་ན་རལ་གྲི་དང་མདའ་དང་ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་རྣམས་ན་སྡིགས་མཛུབ་ཞགས་པ་དང་བཅས་པ་དང་། གཞུ་དང་དྲིལ་བུ་བསྣམས་པ། སྐུ་ལ་སྦྲུལ་གྱིས་བརྒྱན་པ། སངས་རྒྱས་

ཀྱི་ཅོད་པན་ཅན་གཡོན་བརྐྱང་བས་ཚོགས་ཀྱི་བདག་པོ་མནན་ནས་བཞུགས་པ་བྲིའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་སུ་རི་མོ་བྲིས་ལ་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་དགོད་པར་བྱ་སྟེ། མེའི་ཕྱོགས་སུ་མེ་ཏོག་མ་སྐུ་མདོག་སེར་བ་ཕྱག་གཉིས་མེ་ཏོག་གིས་བཀང་བའོ། །བདེན་

བྲལ་གྱི་ཕྱོགས་སུ་བདུག་པ་མ་སྐུ་མདོག་སྔོ་བ། ཕྱག་ན་སྤོས་ཁང་བསྣམས་པའོ། །རླུང་གི་ཕྱོགས་སུ་མར་མེ་མ་སྐུ་མདོག་དམར་བ་ཕྱག་ན་མར་མེའི་སྡོང་བུ་བསྣམས་པའོ། །དབང་ལྡན་གྱི་ཕྱོགས་སུ་བྱུག་པ་མ་སྐུ་མདོག་ལྗང་གུ་ཕྱག་ན་དུང་ཆོས་བསྣམས་པའོ། །ཤར་ཕྱོགས་ཀྱི་

སྒོའི་མཚམས་སུ་རྡོ་རྗེ་གཟུགས་མ་སྐུ་མདོག་སེར་པོ་ཕྱག་གཡས་ན་མེ་ལོང་བསྣམས་པའོ། །ལྷོ་ཕྱོགས་ཀྱི་སྒོའི་མཚམས་སུ་རྡོ་རྗེ་སྒྲོལ་མ་ནམ་མཁའ་ལྟར་སྔོ་བསངས། ཕྱག་ན་རྡོ་རྗེ་པི་ཝང་བསྣམས་པའོ། །ནུབ་ཕྱོགས་ཀྱི་སྒོའི་མཚམས་སུ་རྡོ་རྗེ་དྲི་སྐུ་མདོག་ལྗང་གུ་ཕྱག་ན་དྲིའི་སྣོད་བསྣམས་

เล่ม ๖๕ · หน้า 164a

པའོ། །བྱང་ཕྱོགས་ཀྱི་སྒོའི་མཚམས་སུ་རྡོ་རྗེ་རོ་སྐུ་མདོག་སྣ་ཚོགས་པ་ཕྱག་ན་རོའི་སྣོད་བསྣམས་པའོ། །རྡོ་རྗེ་ཤུགས་ཀྱིས་བྱུང་ལ་ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། ཡོངས་སུ་བསྐོར་བར་ཚངས་པ་ལ་སོགས་པ་གོ་རིམས་ཇི་ལྟ་བ་

བཞིན་དུ་བྲི་བར་བྱའོ། །དེ་ལ་བྱང་ཤར་མཚམས་སུ་དབང་ལྡན་མདོག་དཀར་པོ་རལ་པ་དང་ཅོད་པན་ཡོད་པ། ཁ་ཊྭཱཾ་ག་རྩེ་གསུམ་པ་ཐོད་པ་འཛིན་པ། ལག་པ་གཉིས་ཀྱིས་ཐལ་མོ་སྦྱར་ནས་མགོར་བཞག་པ་སྟེ། བཅོམ་ལྡན་འདས་ལ་ཕྱག་འཚལ་བ། ཁྱུ་མཆོག་ལ་ཞོན་པ། ལྷ་མོ་

ཨུ་མ་དང་བཅས་པ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་བྲིའོ། །དེ་བཞིན་དུ་ཐམས་ཅད་ཀྱང་ཕྱག་འཚལ་བའི་ཐལ་མོས་འདུད་པར་བྱེད་པ་ལ་མཆོག་ཏུ་གཞོལ་བ། དཀྱིལ་འཁོར་ལ་མངོན་པར་ཕྱོགས་པར་བྲིའོ། །དེ་ལ་འཇིག་རྟེན་སྐྱོང་བ་བརྒྱད་ནི་ཕྱོགས་དང་མཚམས་རྣམས་

སུ་བྲི་བར་བྱ་སྟེ། ཤར་དུ་བརྒྱ་བྱིན་མདོག་སེར་པོ་རྡོ་རྗེ་ཐོགས་པ། གླང་པོ་ཆེ་དཀར་པོ་ལ་ཞོན་པ་ཆུང་མ་དང་བཅས་པ་བྲིའོ། །ཤར་ལྷོར་མེ་ལྷ་མདོག་དམར་པོ་ལག་པ་བཞི་པ། གཡས་གཉིས་ན་བླུགས་གཟར་དང་དབྱུག་པ་ཐོགས་པ། གཡོན་གཉིས་ཕྲེང་བ་དང་གུནྡྷེ་

ཐོགས་པ་ར་སྐྱེས་ལ་ཞོན་པ་ཆུང་མ་དང་བཅས་པ་བྲི་བར་བྱའོ། །ཕྱག་འཚལ་བའི་ཐལ་མོ་ནི་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པས་སོ་སོར་མ་སྨྲས་སོ། །ལྷོར་གཤིན་རྗེ་མདོག་ནག་མོ་དབྱུག་པ་དང་མདུང་ཐུང་ཐོགས་པ། མ་ཧེ་ལ་ཞོན་པ་ཆུང་མ་དང་བཅས་པ་བྲིའོ། །ལྷོ་ནུབ་ཏུ་སྲིན་

པོའི་བདག་པོ་མདོག་སྔོན་པོ་ལག་ན་རལ་གྲི་དང་ཕུབ་ཐོགས་པ། མི་རོ་ལ་ཞོན་པ་ཆུང་མ་དང་བཅས་པ་བྲིའོ། །ནུབ་ཏུ་ཆུ་ལྷ་མདོག་དཀར་པོ་གཡས་དང་གཡོན་གཉིས་ན་དུང་དང་སྦྲུལ་གྱི་ཞགས་པ་ཐོགས་པ། ཆུ་སྲིན་ལ་ཞོན་པ་གདེངས་ཀ་བདུན་པ་ཆུང་མ་དང་བཅས་པ་བྲིའོ། །ནུབ་བྱང་

དུ་རླུང་ལྷ་ནམ་མཁའི་མདོག་ཅན་ལག་པ་གཉིས་ན་བ་དན་ཐོགས་པ་རི་དགས་ལ་ཞོན་པ་ཆུང་མ་དང་བཅས་པ་བྲིའོ། །བྱང་དུ་ལུས་ངན་པོ་གསེར་གྱི་མདོག་ཅན་གཡས་ན་ལྕགས་ཀྱུ་ཐོགས་པ། གཡོན་ན་དབྱུག་པ་ཐོགས་པ་མི་ལ་ཞོན་པ་ཆུང་མ་དང་བཅས་པར་བྲིའོ། །འདི་དག་གི་ཆུང་

เล่ม ๖๕ · หน้า 164b

མ་རྣམས་ཀྱི་མདོག་ལ་སོགས་པ་ནི་དེ་རང་རང་གི་ཁྱོ་དང་འདྲ་བར་བལྟ་བར་བྱའོ། །དབང་ལྡན་དང་ཉེ་བར་ཚངས་པ་མདོག་སེར་པོ་གདོང་བཞི་པ་ལག་པ་བཞི་པ། ལག་པ་གཉིས་ན་པདྨ་དང་ཕྲེང་བ་ཐོགས་ནས་ཕྱག་འཚལ་བའི་ཐལ་མོ་སྦྱར་ཏེ། འཇོག་པ་དེ་ལས་གཞན་པ་གཉིས་ཀྱིས་དབྱུག་པ་

དང་སྤྱི་བླུགས་འཛིན་པ། ངང་པ་ལ་ཞོན་པ་ཆུང་མ་དང་བཅས་པའི་འཁོར་གྱིས་བསྐོར་བར་བྲིའོ། །དེའི་འོག་ཏུ་ཁྱབ་འཇུག་མདོག་ནག་མོ་ལག་པ་བཞི་པ་གཡས་དང་གཡོན་གཉིས་ཀྱིས་འཁོར་ལོ་དང་མདུང་ཐོགས་ནས་སྤྱི་བོར་ཐལ་མོ་སྦྱར་ཏེ་འཇོག་པ། དེ་ལས་གཞན་པ་གཉིས་ཀྱིས་ཤ་རའི་གཞུ་དང་

དབྱུག་པ་འཛིན་པ་ནམ་མཁའ་ལྡིང་ལ་ཞོན་པ་ཆུང་མ་དང་བཅས་པའི་འཁོར་གྱིས་བསྐོར་བར་བྲིའོ། །དབང་ཕྱུག་ཆེན་པོ་མདོག་དཀར་པོ་ལག་པ་གཉིས་ན་ཐོད་པ་དང་། རྩེ་གསུམ་ཐོགས་ཏེ་ཐལ་མོ་སྦྱར་བ་ཟླ་བའི་རྩེ་བྲན་ཐོགས་པ་ཁྱུ་མཆོག་ལ་ཞོན་པ་ཆུང་མའི་ཚོགས་དང་བཅས་པས་ཡོངས་སུ་བསྐོར་

བར་བྲིའོ། །གཞོན་ནུ་ཀཱརྟི་ཀ་མདོག་དམར་པོ་བྱིས་པའི་གཟུགས་ཅན་གདོང་དྲུག་པ། ལག་པ་དྲུག་པ་ལག་པ་གཉིས་ཀྱིས་ཐལ་མོ་སྦྱར་བ་བྱས་ལ། ཡང་ལག་པ་གཉིས་ན་མདུང་ཐུང་དང་རྡོ་རྗེ་ཐོགས་པ། ཡང་གཉིས་ན་ཁྱིམ་བྱ་དང་། དྲིལ་བུ་ཐོགས་པ་རྨ་བྱ་ལ་ཞོན་པར་བྲིའོ། །ནག་

པོ་ཆེན་པོ་མདོག་ནག་པོ་མདུང་རྩེ་གསུམ་པ་དང་ཐོད་པ་ཐོགས་པའོ། །དགའ་བྱེད་དབང་ཕྱུག་ནི་མདོག་ནག་པོ་རྫ་རྔ་བརྡུང་བ་ལ་བརྩོན་པ་རྫ་རྔ་ལ་ཞོན་པའོ། །ཉི་མ་ནི་མདོག་དམར་པོ་ལག་པ་གཉིས་ན་པདྨ་ལ་གནས་པ། ཉི་མའི་དཀྱིལ་འཁོར་ཐོགས་པ་རྟས་དྲངས་པའི་ཤིང་རྟ་ལ་ཞོན་པའོ། །

ཟླ་བ་ནི་མདོག་དཀར་པོ་ལག་པ་གཉིས་ན་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཐོགས་པ་ངང་པ་ལ་ཞོན་པའོ། །མིག་དམར་ནི་མདོག་དམར་པོ་ལ་ལག་པ་གཡས་པ་ན་ཆུ་གྲི་ཐོགས་པ། ལག་པ་གཡོན་པ་ན་མི་མགོ་ཟ་བར་བྱེད་པ་གླང་པོ་ཆེ་ལ་ཞོན་པའོ། །གཟའ་ལག་ནི་མདོག་སེར་པོ་ལག་ན་མདའ་

གཞུ་ཐོགས་པ་པདྨ་ལ་འདུག་པའོ། །ཕུར་བུ་མདོག་དཀར་པོ་ལག་ན་ཕྲེང་བ་དང་སྤྱི་བླུགས་ཐོགས་པ་པདྨ་ལ་གནས་པའོ། །པ་བ་བསངས་མདོག་དཀར་པོ་ཕྲེང་བ་དང་གུནྡྷེ་ཐོགས་པ་བུམ་པ་ལ་འདུག་པའོ། །སྤེན་པ་མདོག་ནག་པོ་དབྱུག་པ་ཐོགས་པ་རུས་སྦལ་ལ་ཞོན་པའོ། །སྒྲ་གཅན་

เล่ม ๖๕ · หน้า 165a

མདོག་དམར་ནག་ལག་ན་ཉི་ཟླ་ཐོགས་པའོ། །མཇུག་རིངས་མདོག་ནག་པོ་རལ་གྲི་དང་སྦྲུལ་གྱི་ཞགས་པ་ཐོགས་པའོ། །སྟོབས་བཟང་མདོག་ནག་པོ་རལ་གྲི་དང་གཤོལ་ཐོགས་པ་གླང་པོ་ཆེ་ལ་ཞོན་པའོ། །རྒྱལ་བར་བྱེད་པ་མདོག་ལྗང་གུ་མེ་ཏོག་གི་ཕྲེང་བ་དང་། མདའ་དང་གཞུ་

དང་ཁམ་ཕོར་ཐོགས་པ། ཀོ་ཀི་ལའི་ཤིང་རྟ་ལ་ཞོན་པའོ། །སྦྲང་རྩིར་བྱེད་པ་མདོག་དཀར་པོ་ལག་ན་ཆུ་སྲིན་གྱི་རྒྱལ་མཚན་དང་། མདའ་དང་གཞུ་དང་ཁམ་ཕོར་ཐོགས་པ་ནེ་ཚོའི་ཁྲི་ལ་ཞོན་པའོ། །དཔྱིད་ཀྱི་ལྷ་མདོག་དཀར་པོ་ལག་ན་མདའ་དང་གཞུ་དང་། ཁམ་ཕོར་དང་རལ་གྲི་ཐོགས་པ་

སྤྲིན་ལ་ཞོན་པའོ། །མཐའ་ཡས་དང་ནོར་རྒྱས་དང་། འཇོག་པོ་དང་། སྟོབས་ཀྱི་རྒྱུ་དང་། པདྨ་དང་། པདྨ་ཆེན་པོ་དང་། དུང་སྐྱོང་དང་། རིགས་ལྡན་ཏེ་ཀླུའི་རྒྱལ་པོ་བརྒྱད་དེ་གདེངས་ཀ་བདུན་བདུན་དང་ལྡན་པ། ཐལ་མོ་སྦྱར་བ་བྱས་པ་བྲིའོ། །དེ་ལ་མཐའ་ཡས་དང་། རིགས་ལྡན་གཉིས་ནི་བྲམ་

ཟེའི་རིགས་ཏེ་མདོག་དམར་པོ་མེ་ལྷའི་བུའོ། །ནོར་རྒྱས་དང་དུང་སྐྱོང་གཉིས་ནི་རྒྱལ་རིགས་ཏེ། མདོག་སེར་པོ་བརྒྱ་བྱིན་གྱི་བུའོ། །འཛོག་པོ་དང་པདྨ་ཆེན་པོ་གཉིས་ནི་དམངས་རིགས་ཏེ་མདོག་ནག་པོ་རླུང་ལྷའི་བུའོ། །སྟོབས་ཀྱི་རྒྱུ་དང་པདྨ་གཉིས་ནི་རྗེའུ་རིགས་ཏེ། མདོག་དཀར་པོ་ཆུ་ལྷའི་བུའོ། །དེ་དག་ཀྱང་

འཁོར་དང་བཅས་པ་བྲིའོ། །ཐགས་བཟངས་རིས་དང་སྟོབས་ལྡན་དང་། རབ་དགའ་དང་། རྣམ་པར་སྣང་བྱེད་ལ་སོགས་པའི་ལྷ་མ་ཡིན་གྱི་དབང་པོ་རྣམས་ནི་མདོག་ནག་པོ་རལ་གྲི་དང་ཕུབ་ལ་སོགས་པ་མཚོན་ཆ་སྣ་ཚོགས་པ་ལག་ན་གོ་ཆ་གོན་ཞིང་ཆས་པ་འཁོར་དང་བཅས་པ་བྲིའོ། །ནམ་མཁའ་

ལྡིང་གི་དབང་པོ་རྣམས་ནི་གཤོག་རྒྱང་རིང་བ་ཁ་དོག་སྣ་ཚོགས་པ་པུས་མོའི་ལྷ་ངའི་བར་དུ་ཁ་བ་ལྟར་དཀར་བ། དེའི་སྟེང་དུ་ལྟེ་བའི་ཁུང་བུ་ལ་ཐུག་གི་བར་དུ་གསེར་གྱི་མདོག་ཅན། དེ་ནས་ལྐོག་མའི་བར་དུ་ཉི་མ་འཆར་ཀའི་མདོག་ཅན། དེ་ནས་ཀླད་པའི་སྟེང་གི་མཐར་ཐུག་པར་མ་ལུས་པར་ཨཉྫཱ་

ན་བཅག་པ་ལྟ་བུའི་མདོག་ཅན། ནམ་མཁའ་ལྡིང་དུ་མས་ཡོངས་སུ་བསྐོར་བར་བྲིའོ། །མིའམ་ཅིའི་རྒྱལ་པོ་ལྗོན་པ་ནི་མདོག་དམར་སྐྱ། ལག་ན་པི་ཝང་ཐོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མི་འམ་ཅིའི་རྒྱལ་པོ་དུ་མས་ཡོངས་སུ་བསྐོར་བར་བྲིའོ། །དྲི་ཟའི་རྒྱལ་པོ་གཙུག་ཕུད་ལྔ་པ་

เล่ม ๖๕ · หน้า 165b

ནི་གསེར་གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དྲི་ཟའི་རྒྱལ་པོ་དུ་མས་ཡོངས་སུ་བསྐོར་བར་བྲིའོ། །རིག་པ་འཛིན་པའི་དབང་པོའི་རྒྱལ་པོ་དོན་ཐམས་ཅད་གྲུབ་པ་ནི་གསེར་བཙོ་མ་ལྟ་བུའི་མདོག་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིག་པ་འཛིན་པའི་རྒྱལ་པོ་དུ་མས་ཡོངས་སུ་

བསྐོར་བར་བྲིའོ། །གནོད་སྦྱིན་རྣམས་ཀྱང་ལག་ན་པཉྩ་པུ་ར་དང་ནེའུ་ལེ་ཐོགས་པའོ། །དེ་ལ་གང་བ་བཟང་པོ་ནི་མདོག་སྔོན་པོ། ནོར་བུ་བཟང་པོ་ནི་མདོག་སེར་པོ། ནོར་སྦྱིན་ནི་མདོག་དམར་པོ། རྣམ་ཐོས་སྲས་ནི་མདོག་སེར་པོ་པི་ཙི་གུཎྜ་ལི་མདོག་དམར་པོ་ཀི་ལི་མི་ལི་མདོག་ལྗང་གུ།

སྒོའི་དབང་པོ་མདོག་སེར་པོ། སྤྱོད་པའི་དབང་པོ་མདོག་སེར་པོ། འཕྲོག་མ་གསེར་གྱི་མདོག་ཅན་དེ་ལ་བུ་དང་བཅས་པའོ། །དེ་དག་ཐམས་ཅད་ཀྱང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྲིའོ། །ཐ་སྐར་སྐུ་མདོག་དཀར་པོ། བྲ་ཉེ་མདོག་ལྗང་གུ། སྨིན་དྲུག་མདོག་ལྗང་སེར། སྣར་མ་མདོག་དམར་སྐྱ། མགོ་མདོག་

ནག་པོ། ལག་མདོག་དཀར་པོ། ནབ་སོ་མདོག་དཀར་པོ། རྒྱལ་མདོག་ལྗང་གུ། སྐག་མདོག་དཀར་པོ། མཆུ་མདོག་དཀར་པོ། བྲེ་མདོག་པྲི་ཡང་ཀུ་ལྟར་ལྗང་སེར། དབོ་མདོག་ལྗང་གུ། མེ་བཞི་མདོག་དཀར་པོ། ནག་པ་མདོག་ལྗང་གུ། ས་རི་མདོག་དཀར་པོ། ས་ག་མདོག་ནག་པོ། ལྷ་མཚམས་

མདོག་ལྗང་གུ། སྨྲོན་མདོག་དཀར་པོ། སྣྲུབས་མདོག་དཀར་པོ། ཆུ་སྟོད་མདོག་ནག་པོ། ཆུ་སྨད་མདོག་སྐྱ་བོ། །གྲོ་བཞིན་མདོག་དམར་སྐྱ། བྱི་བཞིན་མདོག་ལྗང་གུ། མོན་གྲུ་མདོག་ནག་པོ། མོན་གྲི་མདོག་སེར་པོ། ཁྲུམས་སྟོང་མདོག་ལྗང་གུ། ཁྲུམས་སྨད་མདོག་སེར་པོ། ནམ་གྲུ་མདོག་སེར་སྐྱ་སྟེ། རྒྱུ་སྐར་ཉི་ཤུ་

རྩ་བརྒྱད་པོ་དེ་དག་ཐམས་ཅད་ཀྱང་རྒྱན་དང་ལྡན་ཞིང་གོས་གྱོན་པ། ཐལ་མོ་སྦྱར་བ། བུད་མེད་ཀྱི་གཟུགས་སུ་བྲིའོ། །ཚངས་པ་མ་ནི་ཚངས་པ་དང་འདྲ་བར་བྲིའོ། །དྲག་པོ་མ་ནི་དྲག་པོ་ལྟ་བུའོ། །ཁྱབ་འཇུག་མ་ནི་ཁྱབ་འཇུག་ལྟ་བུའོ། །གཞོན་ནུ་མ་ནི་ཀཱརྟི་ཀ་ལྟ་བུའོ། །དབང་པོ་མ་ནི་བརྒྱ་བྱིན་ལྟ་བུའོ། །ཕག་མོ་ནི་མདོག་

ནག་པོ་སྟེ། ཡི་དགས་ལ་ཞོན་པ། ཉ་རློན་པ་དང་། ཐོད་པ་ལག་ན་ཐོགས་པའོ། །དགའ་བྱེད་མ་ནི་མདོག་དམར་པོ་ཡི་དགས་ལ་ཞོན་པ། ཀཱ་ཏི་ར་དང་ཐོད་པ་ལག་ན་ཐོགས་པའོ། །དེ་དང་ཉེ་བ་ཉིད་དུ་བྷྲྀངྒི་རི་ཏི་བྲི་སྟེ། མ་མོ་བདུན་བྷྲྀངྒི་རི་ཏི་དང་བཅས་པར་བྲི་བར་བྱའོ། །ཚོགས་ཀྱི་བདག་པོ་ནི་མདོག་དཀར་པོ་ལག་པ་བཞི་པ།

เล่ม ๖๕ · หน้า 166a

གླང་པོ་ཆེའི་མདོག་ཅན་ལག་པ་གཡས་དང་གཡོན་པ་ན་ལ་དུ་དང་ལ་ཕུག་ཐོགས་པ། དེ་ལས་གཞན་པ་གཉིས་ན་མདུང་རྩེ་གསུམ་དང་དགྲ་སྟ་ཐོགས་པ། སྦྲུལ་སེར་མཁར་ཐོགས་པ། བྱི་ལ་ལ་ཞོན་པ། ཚོགས་དུ་མས་ཡོངས་སུ་བསྐོར་བ་བྲི་བར་བྱའོ། །ལྷ་གཞན་དག་ཀྱང་གཞལ་ཡས་ཁང་ན་

གནས་པར་བྲིའོ། །འདིར་ཡང་སྒོ་སྲུང་རྣམས་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་དེ་དག་ཉིད་ཡིན་ནོ། །དེ་ལྟར་ན་ནམ་མཁའ་ལྟར་དྲི་མ་མེད་པ་ཤིན་ཏུ་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོའི་དཀྱིལ་འཁོར་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་མ་ལུས་ཤིང་། མ་ཚང་བ་མེད་པར་བསྒྲུབ་པ་ལ་

སངས་རྒྱས་ཉིད་ལ་སོགས་པའི་འབྲས་བུ་མངོན་པར་འདོད་པ་རྣམས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས་མངོན་པར་འདོད་པའི་དོན་རྫོགས་པར་འགྱུར་བས་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ཆོ་ག་མདོར་བསྡུས་ནས་བྲི་བར་བྱའོ། །དེ་ནས་སྔར་ནམ་མཁའ་དྲི་མ་མེད་པ་ཤིན་ཏུ་ཡོངས་སུ་དག་པ། ཆོས་ཀྱི་དབྱིངས་

ཀྱི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཞིང་རྗེས་སུ་གནང་བ་ཐོབ་པའི་སློབ་དཔོན་གྱིས་གང་གི་ཚེ། སློབ་མས་ལན་གཉིས་ལན་གསུམ་དུ་གསོལ་བ་བཏབ་པར་གྱུར་ན། དེའི་ཚེ་འདི་ལྟར་ཡིད་ལ་བྱ་སྟེ། ངས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་བསྡུ་བས་སེམས་ཅན་ཐམས་ཅད་བསྡུ་བར་བྱའོ། །འདི་ལ་

ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྦྱིན་པར་བྱའོ་ཞེས་བསམ་མོ། །དེ་ནས་སློབ་མ་དེ་ལ་ཆེ་གེ་མོ་ཞེས་བྱ་བ་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོའི་དཀྱིལ་འཁོར་ཆེན་པོར་འཇུག་པར་འདོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་བདག་འཚལ་ལོ་ཞེས་ཟེར་ན། དེས་ཀྱང་

དཀྱིལ་འཁོར་གྱི་ཡོ་བྱད་ཚོགས་སམ། འོན་ཏེ་མ་ཡིན་ཞེས་དྲི་བར་བྱའོ། །གལ་ཏེ་ཅུང་ཟད་ནི་ཆོགས་སོ་ཟེར་ན། དེ་ནས་དེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་འོད་ཟེར་འབར་བའི་ཕྲེང་བ་ཀུན་དུ་འཁྲིགས་པའི་ཡི་གེ་ཧཱུཾ་བསམ་པ་དང་། སྙིང་གར་ཡང་ལས་ཀྱི་སྒྲིབ་པའི་ངོ་བོ་ཡི་གེ་ཀ་ནག་

པོར་བསམས་ལ་ཡི་གེ་ཧཱུཾ་གི་འབར་བའི་འོད་ཀྱིས་གྱེན་དུ་འབྱིན་པར་བྱེད་ཅིང་སྣ་བུག་གཡས་པ་ནས་ངེས་པར་འབྱུང་བ་ནི་གཅེར་བུ་གཟུགས་མི་སྡུག་པ་གསུས་པ་འཕྱང་བ། སྐྲ་གྱེན་དུ་བརྫེས་པ་བྱུང་བ་དང་། ཡི་གེ་ཧཱུཾ་ཡང་སྙིང་གར་ཕྱིན་པ་དང་། རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཀྱི་སྣ་ཁུང་དེ་ཉིད་ནས་བྱུང་ནས་

เล่ม ๖๕ · หน้า 166b

གསང་སྔགས་དེ་ཟ་བར་གྱུར་པར་བསམ་པར་བྱའོ། །ཨོཾ་བཛྲ་ཡཀྵ་ཁཱ་ད་ཡ་ཁཱ་ད་ཡ། སརྦ་པཱ་པཾ་ཨཱ་བ་ར་ཎ་ཨཱ་སྱ་ཧཱུཾ་ཕཊ། ཡང་ན་ཧཱུཾ་ལས་བྱུང་བའི་རོ་སྟོད་ཁྲོ་བོའི་གཟུགས་ལ་རོ་སྨད་རྡོ་རྗེ་རྩེ་གཅིག་པའི་དབྱིབས་སུ་གནས་པའི་ཕུར་བུས་གསང་སྔགས་འདི་དང་དེ་ཉིད་དུ་ཕུར་བུས་གདབ་པར་བྱའོ། །

ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱཾ་བནྡྷ་བནྡྷ་ཧཱུཾ་ཕཊ། དེ་ནས་སློབ་མ་དེ་སཾ་ལས་བྱུང་བའི་ཀུན་དུ་བཟང་པོའི་གཟུགས་སུ་བསམས་ལ། དེའི་སྤྱི་བོར་ཧཾ་ཕྱུང་བའི་སྣ་ཚོགས་རྡོ་རྗེ་བསྲུང་བའི་དོན་དུ་བསམ་པར་བྱ་སྟེ། དེ་ལྟར་བྱས་ན་ནང་གི་བདག་ཉིད་ཅན་གྱི་བགེགས་རྣམས་འབྱུང་བར་

མི་འགྱུར་རོ། །ཡོ་བྱད་མ་ཚོགས་པ་རྣམས་ཀྱང་བདེ་བླག་ཏུ་ཚང་བར་འགྱུར་རོ། །སློབ་མ་ཡོངས་སུ་གཟུང་བའི་ཆོ་གའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་དང་ལྡན་པས་གྲོག་མཁར་གྱིས་དང་། སྐྲ་དང་ཕུབ་མ་ལ་སོགས་པ་ལས་རང་རང་གི་ཕྱོགས་སྐྱོང་གི་གཟུགས་བརྙན་བྱ་སྟེ། དཀྱིལ་འཁོར་

གྱི་བགེགས་བྱེད་པ་རྣམས་སྔགས་འདིས་བཀུག་ལ་བཅུག་སྟེ། བཅིངས་ལ་ཕུར་བུས་ལེགས་པར་བཏབ་སྟེ། ཧཱུཾ་བཞི་བའི་སྔགས་བཟླས་པའི་ཡུངས་ཀར་གྱིས་བསྣུན་ལ་གཞག་པར་བྱའོ། །ཁྲོ་བོའི་ཁུ་ཚུར་གཉིས་རྒྱབ་སྦྱར་བ་བྱས་ལ་མཐེའུ་ཆུང་གཉིས་ལྕགས་སྒྲོག་ལྟ་བུར་མདུད་དེ། མཛུབ་

མོ་གཡས་པ་ལྕགས་ཀྱུར་བྱས་ལ་བཞག་པ་ནི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་སྟེ་སྔགས་ལ། ཨོཾ་བཛྲ་ཨཾ་གུ་ཤ་མ་ཧཱ་ཀྲོ་དྷ་ཨཱ་ཀཪྵ་ཡ་སརྦ་ས་མ་ཡཾ་ཧཱུཾ་ཛཿ། དེ་ཉིད་དང་མཛུབ་མོ་གཉིས་རྩེ་སྤྲད་ནས་ཞགས་པ་དང་འདྲ་བར་བཞག་པ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱ་སྟེ། སྔགས་ལ་ཨོཾ་བཛྲ་པཱ་ཤ་མ་ཧཱ་ཀྲོ་དྷ་པྲ་བེ་ཤ་

ཡ་སརྦ་ས་མ་ཡ་ཧཱུཾ་ཧཱུཾ། དེ་ཉིད་ལས་མཛུབ་མོ་གཉིས་ལུ་གུ་རྒྱུད་ལྟར་མདུད་པ་ནི་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ་སྟེ། སྔགས་ལ། ཨོཾ་བཛྲ་སྥོ་ཊ་མ་ཧཱ་ཀྲོ་དྷ་བནྡྷ་ཡ་སརྦ་ས་མ་ཡ་ཧཱུཾ་བཾ། དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིང་ས་ལ་དེ་རྣམས་ཀྱི་མགོ་ལ་ཡི་གེ་ཧཱུཾ་བཀོད་དེ། སྔ་མ་བཞིན་དུ་རྡོ་རྗེ་ཕུར་བུ་བསྐྱེད་ལ། རྐང་པའི་མཐར་ཐུག་པའི་བར་དུ་ཕུར་

བུས་གདབ་པར་བསམས་ཏེ། བཀའ་བསྒོ་བའི་ཚུལ་གྱིས་སྔགས་འདི་བརྗོད་པར་བྱའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བནྡྷ་ཧཱུཾ་ཕཊ། དེ་ནས་བཛྲ་ཀཱི་ལི་ཀཱི་ལ་རུ་ཊ་མ་ཊ། ཞེས་བྱ་བ་ལན་བདུན་བཟླས་པའི་ཡུངས་ཀར་ཡི་གེ་ཧཱུཾ་འབར་བ་ལྟ་བུས་བརྡེག་པར་བྱ་སྟེ། ཆོ་ག་འདི་ནི་ཇི་སྲིད་དཀྱིལ་འཁོར་ཞག་གི་བར་དུ་ཉིན་རེ་ཞིང་ཉི་མ་གུང་ལ་བྱའོ། །ཕ་རོལ་གྱི་བགེགས་

เล่ม ๖๕ · หน้า 167a

གཞོམ་པའི་ཆོ་གའོ།། །།དེ་ནས་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་སྤོས་ཆུ་ལ་སོགས་པས་ཉེ་བར་བྱུགས་ཤིང་མེ་ཏོག་སིལ་མ་གཏོར་ལ་བདུག་སྤོས་དྲི་ཞིམ་པོས་བདུག་པ་དང་། ཅི་སྙེད་པའི་མཆོད་པ་རྣམ་པ་ལྔ་དང་ལྡན་པ་དག་ཏུ་སྟན་ནང་ཚངས་ཅན་འཇམ་པ་ལ་འདུག་སྟེ། སྔགས་འདི་དག་

གིས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །ཨོཾ་སརྦ་པཱ་པཾ་ཀ་པི་ཀ་པི་ཀ་པི་ཙི་ཀ་མ་ན་སོ་བྷྱ་ཏཾ་རཱ་ག་དེ་ཤ་མོ་ཧ་མཱ་ད་མ་ན་ཨ་བྷིཥྛེ་ན་ཡརྐྲི་ཏཾ་ཏྲེ་ཀཱ་ལི་ཀཾ །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ། སརྦ་པཱ་པ་སྤོ་ཊ་ཡཱ་མི་སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་པྲ་ཏི་དེ་ཤ་མི་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ནཾ། ཨཏྨ་བྷ་བ་ན་ནིརྱཱ་ཏ་

ཡཱ་མི། སརྦ་ཏ་ཐཱ་ག་ཏ་པྲ་ཏི་གྲྀཧྞན་ཏུ་མཾ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཎྱེ་ཛྙཱ་ན་སཾ་བྷ་རཾ་ཨ་ནུ་མོ་དེ་ཡཱ་མི་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ་བྷ་དྲ་མ་ཧཱ་བཛྲ་ས་མ་ཡ་མ་ཧཱ་བོ་དྷི་ཙིཏྟོཏྤཱ་ཏ་མུཏྤ་ད་ཡ་མི་སྭཱ་ཧཱ། དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྭན་སི་ཏ་སརྦ་ས་ཏ་དྷཱ་ནཱཾ། སརྦ་སིདྡྷ་ཡ་སཾ་པ་ན་བྱན་ཏཾ་སརྦ་ཏ་ཐཱ་ག་ཏཤྩ་

ཨདྷི་ཥྛ་ནཱ་ཏཾ། སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུ་དྡྷོ྅ཧཾ། ཞེས་བྱ་བས་ཕྱི་དང་ནང་གི་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པ་རང་བཞིན་གྱིས་ཡོངས་སུ་དག་པ་ནམ་མཁའ་དང་མཉམ་པར་བསྒོམ་པར་བྱའོ། །དེ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྒོམ་པའི་སེམས་ཉིད་ནམ་

མཁའི་ངོས་ཀྱི་དབུས་སུ་ཆུད་པ་འོད་ཀྱི་དྲ་བ་ཆེན་པོ་དང་ལྡན་པའི་པདྨ་དང་ཟླ་བའི་དཀྱིལ་འཁོར་དུ་གྱུར་པ་ལ་དེའི་སྟེང་དུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་ཡི་གེ་མུ་ཁ་དོག་དམར་སྐྱ། དེ་བཞིན་གཤེགས་པ་དཔག་ཏུ་མེད་པའི་འོད་ཟེར་འཕྲོ་བའོ། །དེ་ཡོངས་སུ་གྱུར་པ་ལས་རྗེ་

བཙུན་འཇམ་དཔལ་ཟླ་བ་ལྟ་བུའི་སྐུ་དང་ལྡན་པ། པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་གཉིས་ན་རལ་གྲི་དང་། མདའ་བསྣམས་པ། ཕྱག་གཡོན་གཉིས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གླེགས་བམ་དང་གཞུ་བསྣམས་པ་ཉིད་དེ། ཤེས་

རབ་རལ་གྲི་མདའ་གཞུ་ཐོགས། །ཞེས་བྱ་སྟེ། སངས་རྒྱས་ལྔའི་ཅོད་པན་ཅན་མངའ་བ། བྱིས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་བཞིན་གཤེགས་པ་རྣམས་དང་། ཁྲོ་བོ་དང་། བྱང་ཆུབ་སེམས་དཔའ་དང་། རིག་པའི་ལྷ་མོ་ཐམས་ཅད་སྤྲོ་བ་དང་། བསྡུ་བའི་བདག་ཉིད་ཅན་དུ་བདག་ཉིད་

เล่ม ๖๕ · หน้า 167b

རྣམ་པར་བསམས་ལ། སྙིང་ག་དང་སྨིན་མཚམས་དང་། ལྐོག་མ་དང་སྤྱི་བོ་རྣམས་སུ་རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་སྣ་ཚོགས་རྡོ་རྗེ་དག་ལ་རྡོ་རྗེ་སེམས་མ་དང་། རིན་ཆེན་སེམས་མ་དང་། ཆོས་ཀྱི་སེམས་མ་དང་། ལས་ཀྱི་སེམས་མའི་ངོ་བོ་ཉིད་དེ། ཕྱག་རྒྱ་བཞིས་རྒྱས་བཏབ་པར་

བདག་ཉིད་རྣམ་པར་བསམས་ལ། ས་མ་ཡ་སྟྭཾ་ཧཾ། ཞེས་བརྗོད་དོ། །དེ་ནས་མདུན་དུ་ཡི་གེ་ཧྲཱིཿལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ་ཡེ་ཤེས་སེམས་དཔའ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་བཀུག་ལ་བཅིངས་ཏེ། དབང་དུ་བྱ་བ་ནས་མཆོད་ཡོན་དང་ཞབས་བསིལ་དང་།

མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་ལ་སོགས་པས་ཡང་དག་པར་མཆོད་ལ། ལྟ་བ་ཉིད་དུ་བྱས་ནས་དེ་བཞིན་དུ་མཆོད་ཅིང་དབང་བསྐུར་ལ་རང་གི་ལུས་ལ་གཞུག་པར་བྱ་སྟེ། ཡེ་ཤེས་སེམས་དཔའ་དེ་བལྟས་ནས་རང་གི་ལུས་ལ་རྣམ་པར་བསྒོམ་ཞེས་གསུངས་པའི་ཕྱིར་རོ། །དེ་ནས་

གཅིག་ཏུ་གྱུར་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོས་བརྒྱན་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་པར་བྱ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་

དབང་བསྐུར་བས་དབང་བསྐུར་བར་བདག་ཉིད་ཤེས་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅིངས་ལ། གན་རྐྱལ་དུ་ཁར་བཞག་སྟེ། ཐམས་ཅད་བསྐོར་ལ་སྔགས་འདི་ལན་བདུན་བཟླས་པར་བྱའོ། །ཨོཾ་བཛྲ་ཙཀྲ་ཧཱུཾ་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཛུབ་མོ་དང་མཐེའུ་ཆུང་གཉིས་

ལུ་གུ་རྒྱུད་ལྟར་བྱས་པ་ནི་རྡོ་རྗེ་འཁོར་ལོའོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་མངོན་སུམ་བཞིན་དུ་ཡང་དག་པར་བལྟས་ལ། འོག་ནས་བཤད་པའི་མཆོད་པའི་ཁྱད་པར་རྣམས་ཀྱིས་ལེགས་པར་མཆོད་དེ། རྗེ་བཙུན་གྱི་མཚན་ཡང་དག་པར་བརྗོད་པ་ཐུན་བཞིའི་རིམ་

གྱིས་ཇི་སྲིད་དུ་མཐོང་བར་གྱུར་པ་དེ་སྲིད་དུ་བཟླ་བར་བྱ་བའམ། མཚན་མ་བྱུང་བའམ། དཀྱིལ་འཁོར་བྲི་བའི་ཕྱིར་རྨི་ལམ་མཐོང་གི་བར་དུ། ཨོཾ་བཛྲ་ཏཱིཀྵྞ་ཞེས་བྱ་བ་ལ་སོགས་པའམ། གསང་སྔགས་གཞན་དག་བཟླ་བའམ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྤྲོ་བ་དང་

เล่ม ๖๕ · หน้า 168a

བསྡུ་བའི་བདག་ཉིད་ཅན་སྐད་ཅིག་མའི་ཡེ་ཤེས་ལས་བྱུང་བའི་རྗེ་བཙུན་འཇམ་དཔལ་དུ་བདག་ཉིད་བསམས་ལ། དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་སེམས་ཙམ་གྱི་སྤྲུལ་པ་ཁོང་དུ་ཆུད་པས་སེམས་ཀྱི་སྤྲུལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་བལྟས་ལ་ཇི་སྲིད་

མཚན་མ་བྱུང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་མཚན་ཡང་དག་པར་བརྗོད་པ་བཀླག་པར་བྱའོ། །སྔོན་དུ་བསྙེན་པའི་ཆོ་ག་མདོར་བསྡུས་པའོ། །དེའི་འོག་ཏུ་ཉིན་རེའམ། ཟླ་བ་རེའམ། ལོ་རེ་ཉིད་དུ་ཇི་ལྟར་མངོན་པར་དགའ་བར་བསྒྲུབ་ཅིང་ཟླ་བ་ཡར་གྱི་ངོ་ལ་ཆོ་ག་བཞིན་དུ་དཀྱིལ་འཁོར་བྲི་བར་བྱའོ། །

དེ་ལ་རྒྱལ་པོས་ནི་ཁྲུ་བརྒྱའམ། ཁྲུ་ལྔ་བཅུའོ། །བློན་པོའམ་བློན་པོ་ཆེན་པོ་རྣམས་ཀྱིས་ནི་ཁྲུ་ལྔ་བཅུའམ། ཉི་ཤུ་རྩ་ལྔའོ། །དེད་དཔོན་ནམ། ཚོང་དཔོན་ཆེན་པོ་རྣམས་ཀྱིས་ནི་ཉི་ཤུ་རྩ་ལྔའམ། དེའི་ཕྱེད་དོ། །སྒྲུབ་པ་པོ་རྣམས་ཀྱིས་ནི་ཁྲུ་བཅུ་གཉིས་སམ། ཁྲུ་དྲུག་པའམ། ཅི་ནུས་པར་བྱའོ། །

དེ་ལ་དང་པོར་རེ་ཞིག་ཡོ་བྱད་ཐམས་ཅད་ཡང་དག་པར་ལྡན་པས་མངོན་པར་འདོད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་མི་རུས་ཀྱི་ཕྱེ་མའི་སྦྱིན་སྲེག་གིས་དཀྱིལ་འཁོར་གྱི་བགེགས་མངོན་པར་བསལ་ལ། བདག་དང་སློབ་མ་ལ་སོགས་པས་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་མྤྱང་

བར་བྱ་སྟེ། འདོམ་གང་ཙམ་མམ་ཁྲུ་གང་ཙམ་འོག་ཏུ་བརྐོས་ལ་དྲི་ཞིམ་པོའི་ཆུས་གཏོར་བའི་སས་སླར་བཀང་ལ། རྡོ་རྗེ་རྩེ་མོས་མངོན་པར་བསྔགས་པའི་སྤོས་ཆུས་ཆག་ཆག་བཏབ་སྟེ། ཀུན་དུ་བརྡུངས་ལ་ཤིན་ཏུ་མཉམ་པ་ཁང་པ་བརྩེགས་པའི་ནང་དུ་ཆུད་པ་རྟ་བབས་བཞིས་

མཛེས་པར་བྱས་ལ། སྒོ་བཞི་དང་སྐར་ཁུང་དྲ་བ་ཅན་ལ་སོགས་པས་ཡོངས་སུ་བསྐོར་བ་ལ་མཐའ་མ་རྣམས་སུ་ལེགས་པར་བྲིས་ཤིང་དྲིལ་བུ་བཏགས་པའི་རྒྱལ་མཚན་བཟང་པོ་གཟུགས་པ་དང་། བླ་རེ་དམ་པ་བྲེ་བ་དང་། སངས་རྒྱས་རིན་པོ་ཆེ་ལ་སོགས་པའི་རས་རིས་ཀྱིས་ཉེ་བར་

མཛེས་པར་བྱས་པ་བའི་ལྕི་བས་ཡང་དག་པར་སྦྱངས་ཤིང་དྲིས་ཉེ་བར་བྱུགས་པ་དང་། མཚམས་བཞིར་སྤོས་ཁང་བཞག་པ་དང་། མེ་ཏོག་དང་གོས་ལ་སོགས་པས་ཉེ་བར་མཛེས་པར་བྱས་ལ། ལག་པ་ས་ལ་བཞག་སྟེ། ཧཱུཾ་བཞི་པ་དང་། ཡི་གེ་བརྒྱ་པ་ལན་བདུན་ཡོངས་སུ་བཟླས་པར་

เล่ม ๖๕ · หน้า 168b

བྱའོ། །དེ་ནས་ཁྲུས་བྱས་ཤིང་དྲིས་བྱུགས་ལ་གོས་དམར་པོའི་སྟོད་གཡོགས་དང་། ཟེའུ་ཀ་བཅིངས་ལ་མེ་ཏོག་གི་ཕྲེང་བ་གདགས་ཤིང་གདོང་དྲི་ཞིམ་པོས་བྱུགས་ལ་གདུ་བུ་དང་། རྣ་རྒྱན་ལ་སོགས་པས་བདག་ཉིད་ལེགས་པར་བརྒྱན་ཏེ། ཟླ་བ་ཉ་བ་ནས་བརྩམས་ནས། ཕྱི་མའི་

ཉའི་བར་དུ་དཀྱིལ་འཁོར་གྱི་ལས་བྱས་པའམ། ཡར་གྱི་ངོ་ལ་ཚེས་གཅིག་ནས་བརྩམས་པའམ། དེ་བཞིན་ཉིད་ཚེས་བརྒྱད་དང་། ཚེས་དགུ་དང་། ཚེས་བཅུ་གསུམ་དང་ཚེས་བཅུ་བཞི་རྣམས་ལ་བརྩམས་ནས་ཉའི་བར་དུའམ། སྔ་དྲོའི་དུས་སུ་བརྩམས་ནས་བྱའོ། །དེ་ལ་དང་

པོར་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་ལ་བགེགས་བསལ་བ་ལ་སོགས་པ་བྱ་སྟེ། སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་ནས། དེ་ཉིད་ཀྱིས་ན་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །དེ་ལྟར་

མཆོག་ཏུ་དམ་ཚིག་གསུམ་ཐོབ་པའི་སློབ་དཔོན་གྱིས་རང་གི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་བཟུང་ལ། སེམས་ཅན་ཐམས་ཅད་ལ་ཕན་པའི་ཆོ་གའི་བྱ་བ་བྱས་ཏེ། རྟོག་པ་ཀུན་ལ་ཡང་དག་འཇུག །དཀྱིལ་འཁོར་ཐམས་ཅད་བསྒྲུབ་པ་ནི། །དམ་ཚིག་ཆེན་པོ་གསུམ་ཞེས་བྱ། །རྒྱ་འདི་

གསང་སྔགས་བསྒྲུབ་པའོ། །དངོས་གྲུབ་ཆོ་ག་ཐམས་ཅད་ལ། །རྡོ་རྗེ་དྲིལ་བུ་རབ་བསྐུལ་བས། །ཆོ་ག་ལྷག་གམ་མ་ཚང་ཡང་། །འགྲུབ་འགྱུར་སྨད་པར་མི་བྱའོ། །དེ་ཡང་དང་པོ་སའི་ལྷ་མོ་ཡི་གེ་པཾ་ལས་བྱུང་བ་ལག་ན་བུམ་པ་ཐོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསམས་ལ། འདོད་

པའི་རྒྱལ་པོས་བཀུག་སྟེ། མེ་ཏོག་ལ་སོགས་པས་མཆོད་ནས་གསོལ་བ་གདབ་པར་བྱའོ། །དེ་ལ་ཕྱག་རྒྱ་དང་སྔགས་འདི་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་ལ་མཛུབ་མོ་དང་། མཐེའུ་ཆུང་གཉིས་མདུད་པ་བྱ་བ་ནི་འདོད་པའི་རྒྱལ་པོའི་ཕྱག་རྒྱ་སྟེ། སྔགས་ལ་ཊཀྐི་ཧཱུཾ་ཛ། དེ་ནས་

འདི་སྐད་བརྗོད་དོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །བཅོམ་པར་བྱས་ཏེ་དཀྱིལ་འཁོར་

เล่ม ๖๕ · หน้า 169a

བྲི། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་དེ་ཉིད་དུ་ཐིམ་པར་གྱུར་པར་བསམས་ལ། དེའི་སྟེང་དུ་རྡོ་རྗེ་བཅིང་བ་ཁ་ཐུར་དུ་བསྟན་ཏེ་བཅིངས་ལ་བཞག་སྟེ། ཨོཾ་བཛྲཱི་བྷ་བ་ཧཱུཾ། ཞེས་ལན་གསུམ་བརྗོད་དོ། །དེ་ནས་རྡོ་རྗེ་བཅིང་བ་ལས་བྱུང་བའི་ཧཱུཾ་འབར་བའི་ཚོགས་ཀྱི་ས་གཞི་

གཏན་པ་ལ་ཐུག་གི་བར་དུ་རྡོ་རྗེར་གྱུར་པར་རྣམ་པར་བསམས་ལ་འདི་སྐད་དོ། །དྲྀ་ཌྷ་བཛྲ་ཏིཥྛ། དེ་ནས་དང་པོའི་སྦྱོར་བ་དང་དཀྱིལ་འཁོར་གྱི་རྒྱལ་མཆོག་དང་ལས་ཀྱི་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་

རྫོགས་པའི་བདག་ཉིད་ཅན། བྱང་ཆུབ་སེམས་དཔའ་ཆེན་པོའི་གཟུགས་སུ་འོག་མིན་གྱི་གཞལ་ཡས་ཁང་ན་གནས་ནས་མངོན་པར་བྱང་ཆུབ་མངོན་སུམ་དུ་བྱེད་ཅིང་། མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པར་རིམ་པ་འདིས་བསམ་པར་བྱ་སྟེ། ཡང་དག་པར་རྫོགས་

པའི་བྱང་ཆུབ་ཅེས་བྱ་བའམ། ཕྱིན་ཅི་མ་ལོག་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་པའི་མན་ངག་སྦྱིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་འདུས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཞེས་བྱ་བ་བྱང་ཆུབ་ཀྱི་སྙིང་པོར་

བཞུགས་པ་གང་ན་བདེར་གཤེགས་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་ཆེད་དུ་བྱ་བ་རྫོགས་པ་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མ་རྟོགས་པར་དཀའ་བ་སྤྱད་པ་

ཐམས་ཅད་ལ་སྤྲོ་བ་བསྐྱེད་ཅིང་། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱ་སྙམ་ཞེས་གསུང་ཞིང་གན་དུ་བྱོན་ཏེ། བཛྲོད་ཏིཥྛ་ཞེས་བྱ་བའི་སྔགས་དང་། སེ་གོལ་བརྡབས་པས་སློང་བར་མཛད་པར་བསམ་མོ། །དེ་ནས་ལངས་ནས་མཆོག་ཏུ་

དད་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་བཛྲ་པྲ་ཎ་མྱ་ན་བཛྲ་བནྡྷ་ནཾ་ཀ་རོ་མི་ཞེས་བརྗོད་ལ་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་བདག་གིས་མ་འཚལ་ན་དེ་ཁོ་ན་ཉིད་ཇི་ལྟ་བུ་ལགས། དེ་ལྟར་ན་བསྒྲུབ་པར་བགྱི། བཀའ་

เล่ม ๖๕ · หน้า 169b

སྩལ་དུ་གསོལ། དེ་ནས་རིགས་ཀྱི་བུ་རང་གི་སེམས་ལ་སོ་སོར་རྟོག་ཅིང་མཉམ་པར་ཞོག་ལ། རང་བཞིན་གྱིས་གྲུབ་པའི་སྔགས་འདི་ཅི་དགར་བཟླས་ཤིང་བསྒྲུབ་པར་གྱིས་ཤིག །ཅེས་གསུང་ཞིང་སེམས་སོ་སོར་རྟོགས་པའི་མན་ངག་དེ་སྩོལ་བར་བསམ་པར་བྱ་བ་ནི། ཨོཾ་ཙིཏྟ་པྲ་

ཏི་བེ་དྷི་ཀ་རོ་མི་ཞེས་བྱ་བ་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དང་། གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བ། དེ་བཞིན་གཤེགས་པ་ཐམས་ཅད་དང་གཉིས་སུ་མེད་པ་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་རྟོགས་པ་དེའི་བདག་ཉིད་ཀྱི་སེམས་སོ་སོར་རྟོགས་པ་དང་། སེམས་

ཀྱི་རིན་པོ་ཆེ་དེ་ཉིད་སྙིང་རྗེ་ཆེན་པོས་བརྒྱན་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པའི་མཚན་ཉིད་ཅན། ཟླ་བའི་དཀྱིལ་འཁོར་ལྟ་བུ་རང་གི་སྙིང་གར་བསྒོམ་པར་བྱའོ། །དེ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་བདག་གི་

སྙིང་ག་ན་ཟླ་བའི་དཀྱིལ་འཁོར་ལྟ་བུར་གདའ་བ་བདག་གིས་རྟོགས་སོ། །དེ་ནས་རིགས་ཀྱི་བུ་སེམས་དེ་ནི་རང་བཞིན་གྱིས་འོད་གསལ་བས་ན། དེ་ལྟ་བུར་སྦྱངས་པ་དེ་ལྟར་འགྱུར་ཏེ། དཔེར་ན་རས་དཀར་པོ་ལ་ཚོན་གྱིས་བསྒྱུར་བ་བཞིན་ནོ་ཞེས་བཀའ་སྩལ་ནས།

སླར་ཡང་བྱང་ཆུབ་ཀྱི་སེམས་ཀྱི་མན་ངག་སྟོན་པར་མཛད་པར་བསམ་པ་ནི། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བྱའོ། །དེ་ནས་ཤིན་ཏུ་འོད་གསལ་བའི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ཡོངས་སུ་གྱུར་པ་ལས། རིམ་གྱིས་ཉེ་བར་འཕེལ་བར་འགྱུར་བ་དང་། ཟླ་བའི་དཀྱིལ་

འཁོར་ཡོངས་སུ་རྫོགས་པར་གྱུར་ཏོ། །དེ་ནས་འདི་སྐད་ཅེས་གསོལ་ཏོ། །ཟླ་བའི་དཀྱིལ་འཁོར་ལྟ་བུར་མཐོང་བ་གང་ལགས་པ་དེ་ནི་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ཞེས་བྱ་བ་སྟེ། ཤིན་ཏུ་རྣམ་པར་དག་ཅིང་ནམ་མཁའ་ལྟར་དྲི་མ་མེད་པ་ལ་སྤྲོས་པ་ཐམས་ཅད་པར་བྲལ་བ་མེ་ལོང་ལྟ་བུར་

རྣམ་པར་གནས་སོ། །ཨོཾ་ཛྙཱ་ན་ཤཤྨི་པྲི་སི་ཛ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་རྣམ་པར་སྤྲོས་ཏེ། ཟླ་བའི་དཀྱིལ་འཁོར་གང་བ་ལས་འོད་ཟེར་རྣམ་པ་སྣ་ཚོགས་པར་གང་ཞིང་བྱུང་སྟེ། བྱུང་བ་དེ་རྣམས་ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ཁང་དུ་ཞུགས་ནས་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་

เล่ม ๖๕ · หน้า 170a

སྣང་བར་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རི་བོའི་རྩེ་མོ་བཅོམ་སྟེ། རྟོགས་པར་བྱས་ནས་རྡོ་རྗེ་ཆེན་པོའི་གཟུགས་གཅིག་ཏུ་གྱུར་ནས་བྱུང་སྟེ། རྩེ་ལྔ་པ་སྤྱི་བོ་ནས་ཐུགས་ཀར་བཞུགས་ཏེ། ཟླ་བའི་དཀྱིལ་འཁོར་ལ་རབ་ཏུ་གནས་སོ། །དེ་ནས་དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་སྙིང་པོ་སེམས་བསྐྱེད་པ་ཀུན་དུ་བཟང་པོ་ཁྱོད་ཀྱིས་མངོན་སུམ་དུ་གྱུར་གྱིས་དེ་ལེགས་པར་སྒྲུབས་ཤིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་བསྐྱེད་པ་ཀུན་དུ་བཟང་པོ་དེ་བསྟན་པར་བྱ་བའི་ཕྱིར། སྔགས་འདིས་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེའི་

དབྱིབས་སུ་སོམས་ཤིག །ཨོཾ་ཏིཥྛ་བཛྲ། ཡང་སྔགས་འདིས་སྤྲོ་བར་བྱའོ། །ཨོཾ་སྥར་བཛྲ། ཨོཾ་སཾ་ཧ་ར་བཛྲ། ཨོཾ་ཨོཾ་ཛྙཱ་ན་བཛྲ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་བཛྲ་ཧཱུཾ་ཧཱུཾ། དེ་ནས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེར་བདག་

གིས་མཐོང་ངོ་། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་དུ་བཟང་པོའི་སེམས་རྡོ་རྗེ་འདི། སྔགས་འདིས་བརྟན་པར་བྱའོ། །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་དུ་མཉམ་པར་འཇུག་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་

རྡོ་རྗེའི་དབྱིངས་ཇི་སྙེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་སེམས་དཔའི་རྡོ་རྗེ་དེར་ཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་དབྱིངས་ཞེས་རྡོ་རྗེ་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་སྐུ་ནི་བདག་ལགས་པར་མཐོང་ངོ་། །སེམས་དཔའ་ཆེན་པོ་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དཔའི་རྡོ་རྗེ་དེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་སྐུར་བདག་ཉིད་རང་བཞིན་གྱིས་གྲུབ་པའི་སྔགས་འདི་ཅི་དགར་ཟློས་ལ་

སྒོམས་ཤིག །ཨོཾ་ཡ་ཐ་སརྦ་ཏ་ཐཱ་ག་ཏ་སྟ་ཐཱ་ཨ་ཧཾ། དེ་ནས་བདག་ཉིད་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་

เล่ม ๖๕ · หน้า 170b

ཀྱིས་བདག་ལ་བྱིན་གྱིས་རློབས་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་འདི་བརྟན་པར་མཛོད་ཅིག །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་ཀྱི་སེམས་དཔའི་རྡོ་རྗེ་དེར་ཞུགས་སོ། །དེ་ནས་སྐད་ཅིག་དེ་ཉིད་ཀྱི་ཚེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་གསང་བའི་དམ་ཚིག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེ་དབང་བསྐུར་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་གསང་

བའི་དམ་ཚིག་ཏུ་ཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་པས་རང་བཞིན་གྱིས་དག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་མཉམ་པ་ཉིད་ཀྱི་རང་བཞིན་གྱི་འོད་གསལ་བའི་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པའི་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏོ། །དེ་ལྟར་སེམས་སོ་སོར་རྟོགས་པ་ནས་བརྩམས་ཏེ། དཀྱིལ་འཁོར་བ་རྣམས་ཀྱང་རང་རང་གི་བདག་ཉིད་དང་འདྲ་བར་འབྱུང་བར་བསམ་པར་བྱ་སྟེ། རང་གི་སེམས་ལས་ཐ་མི་དད་པའི་ངོ་བོ་ཉིད་

ཡིན་པའི་ཕྱིར་རོ། །ཡང་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སེམས་དཔའི་རྡོ་རྗེ་དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་བྱུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་དེ། ནམ་མཁའ་ལས་བྱུང་བའི་ནོར་བུ་རིན་པོ་ཆེའི་དབང་བསྐུར་

བས་དབང་བསྐུར། ཀུན་དུ་སྤྱན་རས་གཟིགས་དབང་པོས་ཆོས་ཀྱི་ཡེ་ཤེས་བསྐྱེད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་ལ་རབ་ཏུ་བཞག་ནས། དཀྱིལ་འཁོར་པའི་ལྷ་རྣམས་ཀྱིས་ཕྱོགས་བཞི་ནས་ཡོངས་སུ་བསྐོར་ཏེ། ལྷན་ཅིག་ཡང་དག་པར་

གནས་སོ། །དེ་ནས་གཞན་གྱི་དོན་མཛད་པའི་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་པས་བྱམས་པ་དང་སྙིང་རྗེའི་མིག་གིས་སེམས་ཅན་ཐམས་ཅད་ལ་བལྟས་པ་དང་མི་ཤེས་པ་ལས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་དཀྲུགས་པར་ཤེས་ནས་བདག་འདིར་

เล่ม ๖๕ · หน้า 171a

བབས་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་ལ་སོགས་པར་སྤྲུལ་པས་རྗེས་སུ་གཟུང་བར་བྱའོ་ཞེས་ཡིད་ལ་ངེས་པར་བྱས་ཏེ། རིམ་པ་འདིས་སྣོད་ཀྱི་འཇིག་རྟེན་བསྐྱེད་པར་བྱའོ། །ཧཱུཾ་ཡཾ་ཧཱུཾ། རླུང་གི་དཀྱིལ་འཁོར་རོ། །ཧཱུཾ་བཾ་ཧཱུཾ། ཆུའི་དཀྱིལ་འཁོར་རོ། །ཧཱུཾ་རཾ་

ཧཱུཾ། མེའི་དཀྱིལ་འཁོར་རོ། །དེ་ནས་ནམ་མཁའ་ལས་ཡི་གེ་ཁཾ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསམས་ལ། དེའི་སྐུའི་ཡན་ལག་ཐམས་ཅད་ལས་ཆུའི་རྒྱུན་སྦོམ་པོ་བྱུང་བས་སྣོད་ཐམས་ཅད་ཡོངས་སུ་གང་བར་རྣམ་པར་བསྒོམས་ལ། བཅོམ་ལྡན་འདས་ཀྱང་དེ་ཉིད་དུ་ཐིམ་

པར་གྱུར་པར་རྣམ་པར་བསམས་ནས། མེ་དང་ཆུའི་བར་དུ་ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བ་རྣམ་པར་བཀོད་ལ། དེ་བཀོད་པ་སྔོན་དུ་འགྲོ་བ་ལས་སྐུ་རྡོ་རྗེའི་ཏིང་ངེ་འཛིན་བརྟན་པར་གྱུར་པ་ལས་གསེར་གྱི་དཀྱིལ་འཁོར་དུ་བསྒོམ། དེའི་སྟེང་དུ་ཧཱུཾ་སུཾ་ཧཱུཾ་ཞེས་བྱ་བ་ལས་རིའི་རྒྱལ་པོ་རི་རབ་བསམ་

མོ། །དེའི་སྟེང་དུ་ཁཾ་ལས་ཁང་པ་བརྩེགས་མ་རྣམ་པར་བསམ་ལ། དེའི་དབུས་སུ་ས་བོན་འདི་རྣམས་ལས་པདྨ་ལ་སོགས་པའི་དཀྱིལ་འཁོར་བའི་ལྷའི་གྲངས་སྙེད་ཀྱི་གདན་རྣམ་པར་བསམ་པར་བྱ་སྟེ། ཡི་གེ་ཧྲཱིཿལས་ཐམས་ཅད་དུ་པདྨ་བསམ། ཨ་སི་ཨ་ཞེས་བྱ་བ་འདིས་

དབུས་སུ་འཁོར་ལོ་ཅན་གྱི་སེང་གེའི་གདན་ཤར་ལ་སོགས་པའི་ཕྱོགས་རྣམས་སུ། ཧཱུཾ་གཾ་ཧཱུཾ། ཏྲཾ་བཾ་ཏྲཾ། ཧྲི་མཾ་ཧྲི། ཨ་གཾ་ཨ། འདི་དག་ལས་གྲངས་ཇི་ལྟ་བ་བཞིན་དུ་གླང་པོ་ཆེ་དང་། རྟ་དང་། རྨ་བྱ་དང་། ནམ་མཁའ་ལྡིང་གི་གདན་རྣམས་བསྐྱེད་པར་བྱའོ། །དེ་ནས་མི་བསྐྱོད་པ་ལ་

སོགས་པ་དང་ལྷན་ཅིག་བབས་ཏེ། སེང་གེའི་གདན་ལ་ལེགས་པར་འདུག་སྟེ། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་བཞི་གླང་པོ་ཆེའི་གདན་ལ་སོགས་པ་ཉེ་བར་གནས་པར་བསམས་ལ། བདག་ཉིད་ཞལ་བཞི་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་གནས་པར་བསྒོམ་ཞིང་བཅོམ་

ལྡན་འདས་རྡོ་རྗེའི་དབྱིངས་ནི་ང་ཡིན་ནོ་ཞེས་བྱ་བའི་ང་རྒྱལ་ཏེ། འདི་ནི་དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། །།རྗེ་བཙུན་འཇམ་དཔལ་རྣམ་པར་སྣང་མཛད་ཀྱི་ཚུལ་གྱིས་མངོན་པར་སངས་རྒྱས་ཏེ། རྡོ་རྗེ་དབྱིངས་ཞེས་བྱ་བ་ནི་མཚན་ཙམ་གྱིས་གཞན་དུ་གྱུར་པ་ཡིན་

เล่ม ๖๕ · หน้า 171b

པས་ན་ལོག་པར་ཁོང་དུ་ཆུད་པར་མི་བྱའོ། །དེ་ནས་དཀྱིལ་འཁོར་བ་རྣམས་རང་རང་གི་གནས་སུ་འོག་ནས་བཤད་པའི་སྙིང་པོས་ཕྱག་རྒྱ་ཆེན་པོའི་ཚུལ་དུ་གཞག་པར་བྱ་སྟེ། འདི་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་

གྱིས་བརླབ་པའི་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་ས་མ་ཡཱ་ཛ་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ལ། སངས་རྒྱས་ཐམས་ཅད་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་ཚོགས་རྣམས་བྱོན་པ་དང་། ཞབས་ལ་ཕྱག་བྱ་བ་སྔོན་དུ་འགྲོ་བས་ཆེད་དུ་བརྗོད་པའི་ཚིགས་སུ་བཅད་པ་བརྗོད་མ་

ཐག་ཏུ་བདག་ཉིད་ཀྱི་ཕྱག་རྒྱ་བཞི་ལ་ཞུགས་པར་བསམ་མོ། །དེ་ལ་ཕྱག་འཚལ་བ་དང་། ཆེད་དུ་བརྗོད་པ་ནི་འདི་ཡིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ཏ་བནྡ་ནཾ་ཀ་རོ་མི་ཨེ་མའོ། །བྱང་ཆུབ་སེམས་དཔའ་ནི། ཀུན་དུ་བཟང་པོའི་སྤྱོད་པའི་མཆོག །དེ་བཞིན་གཤེགས་པའི་འཁོར་ལོ་

ཡི། །དབུས་ནས་དེ་བཞིན་གཤེགས་པས་མཛེས། །ཞེས་བྱ་བའོ། །དེ་ནས་ནུས་པ་མ་ལུས་པའི། །ཤུགས་ཀྱིས་བྱིན་གྱིས་བརླབས་ཏེ་བྱུང་ནས། དཀྱིལ་འཁོར་གྱི་ཕྱི་རོལ་ན་གནས་པའི་མི་བསྐྱོད་པ་ལ་སོགས་པའི་ཐུགས་ཀར་ཞུགས་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་ཅིང་། ཆུ་དང་འོ་

མ་བཞིན་དུ་གཅིག་ཏུ་འདྲེས་པར་གྱུར་པས་གནས་པར་བསམ་མོ། །དེ་ལ་ཆེད་དུ་བརྗོད་པ་ནི་འདི་ཡིན་ཏེ། ཨེ་མ་འོ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་ཆེན་གདོད་ནས་སྐྱེ་བ་མིན། །རྡུལ་ཕྲན་ཐམས་ཅད་གྲངས་རྙེད་ཀྱི། །སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར། །དེ་ནས་རྣལ་འབྱོར་པས་

དཀྱིལ་འཁོར་པའི་ལྷ་རྣམས་རང་གི་ལས་ལ་ཡང་དག་པར་སྦྱར་ནས། དེ་རྣམས་ཀྱི་ཐུགས་ཀའི་ཟླ་བ་ལ་སྔགས་ཀྱི་ཡི་གེའི་ཕྲེང་བ་བསམས་ལ། ལན་བདུན་ནམ་བརྒྱད་ཀྱིས་བཟླས་བརྗོད་བྱས་ནས། དེ་རྣམས་ཉིད་ཀྱིས་བདག་ཉིད་མཆོད་པར་གྱུར་པར་བསམས་པའམ། དེ་ལྟར་

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེའི་དབྱིངས་ནི་ང་ཡིན་ནོ་ཞེས་མཆོག་ཏུ་ཡང་ང་རྒྱལ་བྱ་སྟེ། འདི་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཐལ་མོ་སྦྱར་ནས་ཅུང་ཟད་བཏུད་དེ། མཚན་བརྒྱ་རྩ་བརྒྱད་ཀྱིས་

เล่ม ๖๕ · หน้า 172a

བསྟོད་པ་སྔོན་དུ་འགྲོ་བ་དང་། དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་འདེབས་པར་བདག་ཉིད་ཚིགས་སུ་བཅད་པ་འདིས་བརྟག་པར་བྱའོ། །མཚན་བརྒྱ་རྩ་བརྒྱད་འདི་དག་གིས། །བདག་ཅག་གིས་ནི་བསྟོད་པ་ཡིས། །ཐེག་པ་ཆེན་པོ་རྟོགས་པ་ཡིས། །ཚུལ་

ཆེན་ཡང་ནི་རྒྱས་པར་མཛོད། །མགོན་པོ་ཁྱོད་ལ་གསོལ་བ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །དཀྱིལ་འཁོར་ཆེན་པོ་དམ་པ་ཡི། །ཆོ་ག་མཆོག་ནི་བཤད་དུ་གསོལ། །དེ་ནས་སྔགས་པས་ཡང་དག་པར་བྱིན་གྱིས་བརླབས་པའི་མཆོད་ཡོན་ལ་སོགས་པ་རང་གི་སྙིང་པོས་

མཆོད་ཡོན་ཕུལ་ལ། ལྷ་རྣམས་ཀྱི་འཁོར་ལོ་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱ་སྟེ། སྤོས་ལ་སོགས་པས་ཡང་དག་པར་མཆོད་ནས། སྙིང་རྗེ་ཆེན་པོས་ཡོངས་སུ་གདུངས་པའི་ཡིད་ཀྱིས་དཀྱིལ་འཁོར་གྱི་སྦྱོར་བས་གནས་ལ། འདི་ལྟར་བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །དེང་ནི་

བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་བདག་ནི་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་ལྡོག་པར་ནི་བདག་གྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་

བར་ཐེ་ཚོམ་མེད། །དེང་བདག་ཉིད་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ་བདུག་སྤོས་ཕུལ་ཏེ། སངས་རྒྱས་ཐམས་ཅད་ལ་གསོལ་བ་

གདབ་པར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །ཞེས་བརྗོད་ལ། རང་

གི་དམ་ཚིག་ཕྱག་རྒྱས་བདག་ཉིད་ལན་ཅིག་བྱིན་གྱིས་བརླབས་ནས། རང་གི་སྔགས་དང་ཕྱག་རྒྱ་དག་གིས་འཁོར་ལོ་སྟེང་དུ་ནམ་མཁའ་ལ་གཞག་སྟེ། རྡོ་རྗེ་སེམས་དཔའི་སྦྱོར་བས་རང་གི་རྐང་མཐིལ་གཉིས་སུ་ཨ་ལས་སྣ་ཚོགས་རྡོ་རྗེ་བཀོད་ལ། རྐང་མཐིལ་ནས་ཡོངས་

เล่ม ๖๕ · หน้า 172b

སུ་བཟུང་སྟེ། རླུང་གི་དཀྱིལ་འཁོར་ནས་བརྩམས་ཏེ། རིའི་རྒྱལ་པོ་རི་རབ་ཀྱི་སྟེང་དུ་རྡོ་རྗེར་གྱུར་པར་ལྷག་པར་མོས་ལ། དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་བསྐོར་ལ། སྣ་ཚོགས་རྡོ་རྗེ་དེ་དག་ཉིད་ས་ལ་འབྲི་ཞིང་བགེགས་ཐམས་ཅད་སྐྲོད་པ་ལ་བརྩོན་པར་འགྲོ་བར་བྱའོ། །

འདིར་བཤད་པ། ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཀུན་དུ་རྣམ་པར་བལྟས་ནས་ནི། །བཛྲ་སཏྭ་ཞེས་བརྗོད་ནས། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །སྔགས་པས་རྡོ་རྗེ་སེམས་ཟློས་ཤིང་། །རྡོ་རྗེ་ལྟ་བས་བལྟས་ནས་ནི། །དཀྱིལ་འཁོར་གྱི་ནི་ས་ཡི་ཆར། །ཉེས་ལྡན་

པ་ཡང་དག་པར་འགྱུར། །ཞེས་གསུངས་པས་སོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་དང་ལྡན་པས། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་སྤྱི་བོར་བྱིན་གྱིས་བརླབས་ལ། གཡས་པས་ཁྲོ་བོའི་རྡོ་རྗེ་ཆེན་པོ་གསོར་ཞིང་། །གཡོན་པས་རྡོ་རྗེ་དྲིལ་བུ་གསིལ་

ནས་ཁྲོ་བས་འབར་བའི་ལུས་དང་། བསྐོར་བ་ལན་གསུམ་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །སློབ་དཔོན་མིང་འདི་ཞེས་བྱ་བས་སློབ་མ་ཆེ་གེ་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་

བུ་ཐོབ་པར་བྱ་བའི་ཕྱིར་ས་ཕྱོགས་འདིར་ནམ་མཁའ་ལྟར་དྲི་མ་མེད་པ་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ང་འདྲི་ཡིས། ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་དང་སྲིན་པོ་དང་ཡི་དགས་དང་། ཤ་ཟ་དང་། འབྱུང་པོ་དང་བརྗེད་བྱེད་དང་། མཁའ་འགྲོ་མ་དང་། གནོན་པོ་དང་།

ནམ་མཁའ་ལྡིང་དང་། མིའམ་ཅི་དང་། རིག་སྔགས་གྲུབ་པ་རྒན་པོ་དང་། རྒན་མོ་གཡོག་དང་འཁོར་དུ་བཅས་པ་གང་དག་འཁོད་པ་རྣམས་དེངས་ཤིག །དེང་འདི་ལྟར་རྡོ་རྗེ་འཆང་གི་བཀའ་ཐོས་ནས་མྱུར་བ་ཉིད་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ངའི་ཡེ་ཤེས་

ཀྱི་རྡོ་རྗེས་མགོ་བོ་ཚལ་པ་བརྒྱར་རྣམ་པར་འགས་པར་བྱའོ་ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་ལྷ་ལ་སོགས་པ་དེ་རྣམས་ས་དེ་སྤངས་ནས་སོང་བར་བསམས་ལ། རྡོ་རྗེ་ཁུ་ཚུར་བཅིངས་ནས་མཐེའུ་ཆུང་དང་མཛུབ་མོ་གཉིས་མདུད་པ་ལྟར་བྱས་ལ། ཁའི་སྟེང་དུ་ཁ་སྦུབ་སྟེ་

เล่ม ๖๕ · หน้า 173a

བཞག་ལ། མཐུན་པའི་རྐང་སྟབས་ལ་སོགས་པས་མཆོངས་ལ། ཧཱུཾ་བཛྲ་བཾ་ཧཱུཾ་ཞེས་བརྗོད་ལ་བྱིས་པ་གཞོན་ནུ་བཞིན་དུ་བདག་པོ་ལྔའི་གནས་སུ་ཡོངས་སུ་བསྐོར། དེ་ནས་སྣ་ཚོགས་རྡོ་རྗེ་བདག་ཉིད་བསམས་ལ། བདག་པོའི་གནས་སུ་རྐང་པ་གཉིས་དང་། ལག་པ་

གཉིས་ཐལ་མོ་སྦྱར་ཏེ། ཤར་ཕྱོགས་སུ་བལྟས་ནས་སྙིང་ག་ལ་རེག་པར་བྱས་ལ། དེ་བཞིན་དུ་གནས་ནས་ལག་པ་གཉིས་ཐད་ཀར་བརྐྱང་སྟེ། བདག་ཉིད་སྣ་ཚོགས་རྡོ་རྗེ་ཆེན་པོ་ཞིག་ཨ་ཞེས་བྱ་བས་བྱིན་གྱིས་བརླབ་བོ། །དེ་ནས་ཁྲོ་བོའི་ལྟ་བས་དཀྱིལ་འཁོར་བཅིང་

བ་དང་། ར་བ་དང་དྲ་བ་རྣམས་བྱའོ། །ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཞེས་བརྗོད་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ནས། གཡས་པས་རྡོ་རྗེ་གསོར་ཏེ་བགེགས་རྣམས་གཞོམ་པར་བྱའོ། །ཡང་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པས་ཀྱང་བགེགས་བསྲེག་པ་ལ་སོགས་

པ་བྱ་སྟེ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། རྡོ་རྗེ་བཅིང་བ་ནང་དུ་བྱས་པའི་སོར་མོ་རྣམས་ནང་དུ་འབར་བ་ལྟ་བུར་བྱས་ལ། མཐེ་བོ་རྡོ་རྗེ་ལྟར་བསྒྲེང་བ་འདི་ནི་རྡོ་རྗེ་མེའི་ཕྱག་རྒྱའོ། །ཨོཾ་བཛྲ་ནེ་ཏྲི་བནྡྷ་བིགྷྣཱན་ཞེས་བྱ་བས་བགེགས་རྣམས་བཅིང་བར་བྱའོ། །

རྡོ་རྗེ་བསྡམས་པ་ལས་མཐེ་བོ་གཉིས་བརྐྱང་སྟེ། མཉམ་པར་གཞག་པ་ནི་རྡོ་རྗེ་སྤྱན་གྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་བརྐྱང་བས་ལ་བཞག་ནས་འོག་ཕྱོགས་བཅིང་བར་བྱའོ། །ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦཾ་སྭཱ་ཧཱ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་བཅས་པས་ནམ་མཁའ་བཅིང་བར་

བྱའོ། །ཨོཾ་བཛྲ་ཡཀྵ་ཧཱུཾ། རྡོ་རྗེ་ཐལ་མོ་ལས་མཐེ་བོ་གཉིས་བརྐྱང་ལ། མཛུབ་མོ་གཉིས་མཆེ་བར་བྱས་པ་འདི་ནི་ཕྱག་རྒྱའོ། །ཡང་ན་རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་གྱི་སྟེང་དུ་ནམ་མཁའ་བཅིང་བར་བྱའོ། །ཨོཾ་ཧུ་ལུ་ཧཱུཾ་ཕཊ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མགལ་མེའི་འཁོར་ལོ་བཞིན་དུ་

བསྐོར་ཏེ། མགོ་བོའི་སྟེང་དུ་མཛུབ་མོ་ལྕགས་ཀྱུ་ལྟ་བུར་བཞག་པ་ནི། རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་གྱི་ཕྱག་རྒྱའོ། །རྡོ་རྗེ་གཙུག་ཏོར་རྡོ་རྗེ་དང་ལྡན་པས་ཤར་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་དྲུཾ་བནྡྷ་ཧཱུཾ། རྡོ་རྗེ་ཁུ་ཚུར་གཉིས་ལས་མཐེའུ་ཆུང་གཉིས་ལྕགས་སྒྲོག་ལྟར་མདུད་དེ། མཛུབ་མོ་

เล่ม ๖๕ · หน้า 173b

གཉིས་རྩེ་སྤྲད་ལ་ཡོངས་སུ་བཟློག་སྟེ། སྤྱི་བོར་གཞག་གོ། །ཡང་རྡོ་རྗེ་ཞགས་པས་དེ་ཉིད་བཅིང་བར་བྱ་སྟེ། ཨོཾ་བཛྲ་པཱ་ཤ་ཧྲཱིཿ། རྡོ་རྗེ་ཁུ་ཚུར་མཁྲིག་མ་མདུད་པ་བྱ་བ་ནི་ཞགས་པའོ། །རྡོ་རྗེ་བ་དན་གྱིས་ནུབ་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་པྲ་ཏཾ་ཀེ་པཱ་ཏཾ་ཀི་ནི་ར་ཊ། རྡོ་རྗེ་བསྡམས་པ་

ལས་མཐེ་བོང་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བྱ། མཛུབ་མོ་གཉིས་མཉམ་པར་སྦྱར་སྲིན་ལག་ཕྱེ་ལ་མཐེའུ་ཆུང་བ་དན་ནོ། །རྡོ་རྗེ་ནག་མོས་བྱང་ཕྱོགས་བསྲུང་བར་བྱ་སྟེ། ཧྲི་བཛྲ་ཀཱ་ལི་རུ་ཊ་མ་ཊ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཉིད་ཁར་བཞག་ལ་བརྟན་པར་བྱས་པས་ནི་རྡོ་རྗེ་ནག་

མོའོ། །རྡོ་རྗེ་རྩེ་མོས་ལྷོ་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་ཤི་ཁ་རེ་རུ་ཊ་མ་ཊ། རྡོ་རྗེ་ཁུ་ཚུར་གཉིས་རི་བོ་འདེགས་པའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་རྩེ་མོའི་ཕྱག་རྒྱའོ། །རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་བཅིངས་ལ་ར་བ་བྱའོ། །ཧཱུཾ་བཛྲ་ཀརྨ། ཡང་རྡོ་རྗེ་ཧཱུཾ་མཛད་ཀྱིས་ར་བ་བྱ་སྟེ། ཧཱུཾ་རྡོ་རྗེ་བཅིང་

བས་རྡོ་རྗེ་ར་བ་བྱའོ། །སྔགས་ནི་བཛྲ་བནྡྷ་ཞེས་བྱ་བའོ། །ཡང་ཧཱུཾ་ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཞེས་བྱ་བས་དཀྱིལ་འཁོར་བཅིང་བ་ལ་སོགས་པ་ནི་རྡོ་རྗེ་གར་ལས་བྱུང་བའི་ཕྱག་རྒྱ་རྣམས་ཀྱིས་བྱ་སྟེ། དེ་ལ་ཕྱག་རྒྱ་ནི་འདི་རྣམས་ཡིན་ནོ། །ཁྲོ་བོའི་ཁུ་ཚུར་གཉིས་ཀྱི་ཕྱོགས་ཀྱི་འཁོར་ལོ་བསྐོར་

བས། བསྐོར་བ་འདི་ནི་དཀྱིལ་འཁོར་བཅིང་བའོ། །ཁར་བསྐོར་བ་ནི་མཚམས་བཅིང་བའོ། །སྙིང་ལ་འབར་ལྟར་ཞུགས་གྱུར་ཅིང་། །ཕྱོགས་ཀུན་རྡོ་རྗེ་མེ་འབར་བས། །ང་ཡིའང་ཁྲོ་བོ་ཆེན་པོ་ཡི། །འབར་བའི་རྡོ་རྗེ་ར་བ་བྱ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་

གསུངས་སོ། །ཨོཾ་མ་ཧཱ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷྱ་ཧཱུཾ་ཞེས་བྱ་བ་འདི་ཕྱག་རྒྱ་དང་ལྡན་པ་ཡང་བྱིན་གྱིས་བརླབ་བོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་འཁོར་ལོ་བསྐོར་བ་ནི་འདིའི་ཕྱག་རྒྱའོ། །ཨོཾ་བཛྲ་མཎྜལ་ཧཱུཾ་ཛྫཿཞེས་བྱ་བ་འདིས་གསང་བའི་གཟུགས་ཅན་གྱི་དཀྱིལ་འཁོར་བཀུག་ལ། ཕུར་

བུ་གདབ་བོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་དང་། མཐེ་བོ་རྡོ་རྗེར་བྱས་པ་ནི་རྡོ་རྗེ་འཁོར་ལོའོ། །འདིས་དཀྱིལ་འཁོར་ཐམས་ཅད་འགུགས་ཤིང་བསྒྲུབ་པར་འགྱུར་ལ། འཇིག་རྟེན་པ་རྣམས་ཀྱང་ཞུགས་པར་འགྱུར་རོ། །དེ་ལ་ཕུར་བུ་ནི་འདི་ཡིན་ཏེ་སོར་བརྒྱད་པའི་ཚད་ཙམ་

เล่ม ๖๕ · หน้า 174a

གྱིས་སེང་ལྡེང་གི་ཕུར་བུ་ཙནྡན་དམར་པོས་བྱུགས་ལ་སྲད་བུ་དམར་པོ་དང་། མེ་ཏོག་དམར་པོས་བཅིངས་ལ། སྟོད་ཁྲོ་བོའི་གཟུགས་ལ་སྨད་རྡོ་རྗེ་རྩེ་གཅིག་པའི་དབྱིབས་སུ་འདུག་པ་ཧཱུཾ་ལས་བསྐྱེད་དོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི་གྷྣཾ་བནྡྷ་ཧཱུཾ་ཕཊ་ཅེས་བྱ་བ་

བརྒྱ་རྩ་བརྒྱད་བཟླས་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་སྟེ། གཡས་པས་རྡོ་རྗེ་ཐོ་བ་བཟུང་ནས། དེས་དཀྱིལ་འཁོར་གྱི་མཚམས་བཞིར་བརྡུང་བར་བྱའོ། །ཨོཾ་ཧ་ན་ཧ་ན། ད་མ་ད་མ། སཉྩཱུརྞཱ་ཡ་སཉྩཱུརྞཱ་ཡ། བཛྲ་བཛྲ་མུངྒ་ར་ཧཱུཾ་ཕཊ་ཅེས་བྱ་བ་རྡོ་རྗེ་ཐོ་བ་ལ་ལན་བརྒྱ་རྩ་བརྒྱད་

བཟླས་ཏེ་མེ་ཏོག་དམར་པོ་དང་། སྲད་བུ་དམར་པོས་བཅིངས་ལ། ཙནྡན་དམར་པོས་བྱུགས་ཏེ། དེས་ཀུན་དུ་བརྡུང་བར་བྱའོ། །ཡང་། བཅིང་བའི་ཆོ་གའི་སྦྱོར་བ་ནི། །རྡོ་རྗེ་ཁུ་ཚུར་རབ་ཏུ་བརྟག །དཀྱིལ་འཁོར་བསྲུང་བ་ཐམས་ཅད་ལ། །རྡོ་རྗེ་གོ་ཆས་གོ་ཆ་བྱ། །དེ་ནས་བཛྲ་ཤི་ཁ་རེ་རུ་ཊ་

མ་ཊ་ཞེས་བྱ་བས་མངོན་པར་བསྔགས་པའི་སྤོས་ཆུས་དཀྱིལ་འཁོར་ཉེ་བར་བྱུགས་ལ་གུར་ཀུམ་དང་། ཨ་ཀ་རུ་དང་ཙནྡན་དང་། ག་པུར་དང་། གླ་རྩི་ལ་སོགས་པའི་དྲི་དང་དཀྱིལ་འཁོར་བའི་ལྷ་རྣམས་ཀྱི་སྔགས་ཀྱིས་བཏབ་ལ་ལྷ་རྣམས་ཀྱི་གྲངས་ཇི་སྙེད་པའི་དཀྱིལ་འཁོར་བྱའོ། །

དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་ཡིད་ཀྱིས་དཀྱིལ་འཁོར་ཡོངས་སུ་བརྟགས་ཏེ། དཀྱིལ་འཁོར་དེ་རྣམས་སུ་རྣམ་པར་སྣང་མཛད་ཆེན་པོ་ཡོངས་སུ་གྱུར་པས་རྗེ་བཙུན་འཇམ་དཔལ་དུ་གྱུར་པ་ལ་སོགས་རང་གི་སྙིང་པོར་བཞག་ལ། མཆོད་པ་རྣམ་པ་ལྔས་ཡང་དག་

པར་མཆོད་དོ། །དེ་ནས་དབང་བསྐུར་བའི་ཕྱིར་རྣམ་པར་རྒྱལ་བའི་བུམ་པ་སྔགས་ཀྱིས་མངོན་པར་གདབ་བོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། བཾ་ལས་རིན་པོ་ཆེའི་རང་བཞིན་གྱི་བུམ་པ་རྩ་བ་ནག་ནོག་མེད་པ། ལྟོ་བ་ཆེ་བ་མགྲིན་པ་རིང་བ། ཁ་དགྱེ་བ་བསྐྱེད་ལ། དེའི་དབུས་སུ་ཧྲཱིཿལས་

བྱུང་བའི་པདྨ་དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། དེར་ལྷ་རྣམས་ཀྱི་འཁོར་ལོ་རང་གི་དམ་ཚིག་གིས་གནས་པས་བཞུགས་པར་བསམས་ལ། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུས་ཡོངས་སུ་བཀང་བར་བསམས་ལ། སྨན་ལྔ་དང་། འབྲུ་ལྔ་དང་།

เล่ม ๖๕ · หน้า 174b

རིན་པོ་ཆེ་སྣ་ལྔ་དང་ལྡན་པ་མེ་ཏོག་གི་ཕྲེང་བས་བཅིངས་པའི་གསང་བའི་སྙིང་པོ་ཅན་མགུལ་པ་གོས་གཙང་མས་དཀྲིས་ལ། ཨ་མྲའི་ལོ་མ་ལ་སོགས་པས་ཁ་བཀབ་པ་བྱས་ལ། དཀྱིལ་འཁོར་བའི་སྔགས་ཀྱིས་མངོན་པར་བཟླ་ཞིང་། ཨོཾ་བཛྲོ་ད་ཀ་ཧཱུཾ་ཧཱུཾ་ཞེས་བྱ་བ་སྟོང་རྩ་བརྒྱད་

བཟླས་བརྗོད་བྱ་སྟེ། སྤོས་ལ་སོགས་པས་མཆོད་ནས་དཀྱིལ་འཁོར་བསྐོར་ཏེ། བཅོམ་ལྡན་འདས་རྗེ་བཙུན་འཇམ་དཔལ་གྱི་སྤྱན་སྔར་བཞག་ལ་དཀྱིལ་འཁོར་གྱི་ཉིན་མོ་དུས་གསུམ་དུ་བཟླས་བརྗོད་བྱས་ནས་དཀྱིལ་འཁོར་དུ་ཡང་བཟླས་བརྗོད་བྱ་སྟེ། དེ་ནས་དབང་བསྐུར་བར་བྱའོ། །

སང་གྲི་བྱ་གྷྲྀ་ཀྲིཏ་ཀརྞི་ཀ་ཧ་ས་དེ་བ་སྟེ། སྨན་རྣམས་ཀུན་ཞེས་བྱ་བ་ལ། །ལྔ་པོ་འདི་དག་ཤེས་པར་བྱ་སྟེ། འབྲས་ཀྱི་སོ་བ་མོན་སྲན་གྲེའུ་དང་། །ནས་དང་གྲོ་དང་ཏིལ་དང་ལྔ། །འབྲུ་རྣམས་ཀུན་ཞེས་བྱ་བ་ནི། །ལས་རྣམས་ཀུན་ལ་འདི་དག་གསུངས། །བྱི་རུ་གསེར་ནི་ས་ལེ་སྦྲམ། །དུང་

དང་མུ་ཏིག་ནོར་བུ་སྟེ། །རིན་ཆེན་ཀུན་ཞེས་བྱ་བ་ལ། །ལྔ་པོ་འདི་དག་ཤེས་པར་བྱ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་དང་ཕྱག་རྒྱ་དང་བཅས་པས། ལས་ཐམས་ཅད་པའི་བུམ་པ་ལ་མངོན་པར་བསྔགས་ལ། དེ་བཞིན་དུ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། དཀྱིལ་འཁོར་གྱི་སྒོར་

གཞག་པར་བྱ། དེ་ལ་སྔགས་དང་ཕྱག་རྒྱ་ནི་འདི་ཡིན་ཏེ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ བྷ་ག་བཱན་བཛྲ་ཧཱུཾ་ཕཊ། ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ། མཐེའུ་ཆུང་རྩེ་མོ་མདུད་བྱས་ལ། མཛུབ་མོ་གཉིས་ནི་བསྒྲེང་བ་དག །རྡོ་རྗེ་ཧཱུཾ་མཛད་

ཕྱག་རྒྱ་འདིའོ་ཞེས་བྱ་བ་འདི་ཕྱག་རྒྱའོ། །གསོལ་བ་འདི་ལྟར་གདབ་པར་བྱ་སྟེ། ཇི་སྲིད་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དེ་སྲིད་དུ་འདིར་འདུག་པ་རྣམས་བཅོམ་ལྡན་འདས་ཀྱིས་ངེས་པར་བཟློག་ཏུ་གསོལ་ཞེས་བྱའོ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ་ཉེ་རེག་བྱ་སྟེ། དད་ཅིང་

གུས་པར་ཕྱག་འཚལ་ཏེ། སློབ་མ་རྣམས་ལྷག་པར་གནས་པར་བྱའོ། །དེ་ལ་རེ་ཞིག་སློབ་མ་ལེགས་པར་ཁྲུས་བྱས་ཤིང་། གོས་གཙང་མ་གོན་ལ་ལག་ན་མེ་ཏོག་ཐོགས་པས་སློབ་དཔོན་ལ་ཕྱག་བྱ་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་

เล่ม ๖๕ · หน้า 175a

པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་

དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་བགྱི། །དེ་ནས་སློབ་དཔོན་གྱིས་སློབ་མའི་སྙིང་གར་ཧཱུཾ་ལས་རྡོ་རྗེ་བསྐྱེད་ལ། ཁུ་ཚུར་གཡས་པས་བཟུང་ནས། རྡོ་རྗེ་དེ་སྙིང་གར་སྙིང་པོས་བཞག་སྟེ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷ་ཡ་ཐཱ་སུ་

ཁཾ། དེ་ནས་དེ་བཞིན་དུ་དེའི་མགོ་བོར་ལག་པ་བཞག་ལ་རྡོ་རྗེ་ལས་ཀྱི་སྙིང་པོ་བརྗོད་ནས། སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱའོ། །དེ་ནས་ཧཾ་བཛྲ་རཀྵ་ཞེས་བྱ་བ་ལས་གོ་ཆ་བསྐྱེད་ལ། རྐང་པའི་མཐར་ཐུག་གི་བར་དུ་གོ་ཆ་བསྐོན་པར་བྱའོ། །དེ་ནས་རྡོ་རྗེའི་དྲིས་ལག་པར་དྲི་སྦྱིན། མེ་ཏོག་གིས་

མེ་ཏོག་གཏོར་ཞིང་། བདུག་པས་བདུག་པ་གཏུལ་ཏེ། མེ་མར་ཉེ་བར་བསྟན་ལ་རེ་རེ་ཞིང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་པས་ཉེ་བར་གནས་པར་གྱིས་ཤིག །དེ་ནས་སློབ་མའི་གཙོ་བོ་ལ་བོས་ཏེ། འདི་སྐད་བརྗོད་པར་བྱའོ། །ཁྱོད་ནི་

ཚུལ་ཆེན་སྣོད་ཡིན་གྱིས། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་

དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་

ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །རྟོག་པ་མ་ལུས་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དེ་ནས་ཆོ་ག་

เล่ม ๖๕ · หน้า 175b

འདིས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་སྟེ། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་

སྔགས་དང་རིག་སྔགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་ལས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་།

གསང་སྔགས་དང་རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་བླ་ན་མེད་པའི་སོ་སོར་བཤགས་པས་སོ་སོར་བཤགས་པར་བགྱིའོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཀྱི་དབྱིངས་མ་ལུས་པར་གཏོགས་པའི་བསོད་ནམས་ཐམས་ཅད་མཁྱེན་ཅིང་

རྗེས་སུ་ཡི་རང་བར་མཛད་པའི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་བར་བགྱིའོ། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ན་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་དེ་དག་ལ་བླ་ན་མེད་པའི་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་མ་འཚལ་

ལོ། །གང་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ནན་ཏན་ལྷུར་མཛད་པ་དེ་ལ་སེམས་ཅན་གྱི་ཁམས་ཇི་སྲིད་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་ལོ། །དེ་སྐད་ལན་གཉིས་ལན་གསུམ་བརྗོད་དོ། །དེ་ནས་མཚན་ཉིད་དང་ལྡན་པའི་སློབ་མ་སློབ་དཔོན་དུ་འོས་པ་ཡོངས་

སུ་བཟུང་ལ། ཁས་ལེན་པར་བྱ་བའི་ཕྱིར་བཞིན་བཟང་སྨོས་ཤིག་ཅེས་བརྗོད་པར་བྱའོ། །སློབ་མས་ཀྱང་འདི་སྐད་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་ནི་བླ་ན་མེད། །སློབ་དཔོན་བདག་ལ་སྩལ་དུ་གསོལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་བསྡུ་བ་དང་། །སེམས་

ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སངས་རྒྱས་ཀུན་གྱི་བརྟུལ་ཞུགས་ཆེ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང་། །སློབ་དཔོན་ཉིད་ནི་བདག་ལ་སྩོལ། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །སློབ་དཔོན་དག་

เล่ม ๖๕ · หน้า 176a

ནི་བདག་བགྱིད་དོ། །རིན་ཆེན་རིགས་མཆོག་ཡིད་འོང་བའི། །དམ་ཚིག་དག་ཀྱང་བདག་ལ་སྩོལ། །པདྨའི་རིགས་ཆེན་དག་པ་དང་། །དེ་བཞིན་ལས་ཀྱི་རིགས་ཆེན་ལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །མགོན་པོས་བདག་ལ་སྡོམ་པ་སྩོལ། །དེ་ལྟར་

ལན་གཉིས་ལན་གསུམ་མོ། །དེ་ནས་སྡོམ་པ་སྦྱིན་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་མུ་མེད་པ་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་

བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་མུ་མེད་པ་ཐམས་ཅད་ན་བཞུགས་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་རིན་ཆེན་མཆོག་དང་། འཇིག་རྟེན་དབང་ཕྱུག་དང་། དོན་ཡོད་གྲུབ་པ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་

ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་པ་ཡི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་

རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་བསྡུ་བ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་

བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་གཏོང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་

བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །

เล่ม ๖๕ · หน้า 176b

ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་སྡོམ་པ་མ་ལུས་གཟུང་། །མ་བརྒལ་བ་ནི་བསྒྲལ་བར་བགྱི། །མ་གྲོལ་བ་ནི་དགྲོལ་བར་

བགྱི། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་གཞག་བགྱི། །དེ་ལྟར་ལན་གཉིས་ལན་གསུམ་དུའོ། །དེ་ནས་གཞན་ཡང་། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །གཞན་དག་དོན་ནི་རབ་བསྒྲུབ་ཕྱིར། །

བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་བྱ་བ་འདིས་ལན་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱས་ལ། འདིས་སྨོན་ལམ་འདེབས་སུ་གཞུག་པར་བྱ་སྟེ། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིང་སངས་རྒྱས་གྱུར་པར་ཤོག །འགྲོ་ལ་ཕན་ཕྱིར་ཆོས་

རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་དགྲོལ། །ཞེས་བྱའོ། །དེ་ནས་ཆོས་བསྟན་པར་བྱ་སྟེ། ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱོད་རྣམས་འདིར་ནི་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་

ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་མོ་རྟོག་གེ་ཐམས་ཅད་ཀྱི། །རབ་ཏུ་མི་རྟོགས་གནས་མེད་པ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །ལས་

དང་བྱ་བ་ལ་སོགས་བྲལ། །བདེན་པ་གཉིས་ལ་གནས་པ་ཡིས། །ཐེག་པ་རབ་ཀྱི་མཆོག་འདི་ཡི། །ཚུལ་ལ་གནས་ན་ཐོབ་པར་འགྱུར། །དེ་ནས་བཛྲ་ཧ་ས་ཧ་ས་ཞེས་བྱ་བས་མངོན་པར་བསྔགས་པའི་སོ་ཤིང་གི་རྩེ་མོ་དྲིས་བསྐུས་ཤིང་མེ་ཏོག་གིས་བརྒྱན་པ། ཤིང་མངར་པོ་འོ་མ་

ཅན་ལས་བྱུང་བ། ཚད་སོར་བཅུ་གཉིས་པ་འཆའ་རུ་གཞུག་པར་བྱའོ། །སློབ་མ་ཤར་ཕྱོགས་ཁ་བལྟས་ཏེ། །མི་སྨྲ་བར་ནི་སོ་ཤིང་བཅའ། །བཅས་ཟིན་ནས་ནི་མི་དགོས་ཤིང་། །ཕན་ཚུན་དུ་ཡང་མི་དོར་རོ། །སོ་ཤིང་མདུན་དུ་དྲང་པོར་དོར། །དེ་ཚེ་བདག་ལ་བལྟ་བའམ། །རྩེ་མོ་

เล่ม ๖๕ · หน้า 177a

གྱེན་དུ་འགྲེང་གྱུར་ན། །དེས་ན་དངོས་གྲུབ་མཆོག་ཅེས་བྱ། །དེ་བཞིན་ཤར་དུ་ཁ་བལྟས་ན། །དེ་ཡི་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་འགྲུབ། །སོ་ཤིང་དོར་བ་བརྒྱ་ཞིག་ལས། །གལ་ཏེ་ཐུར་དུ་

ཁ་བལྟས་ན། །དེས་ནི་ངེས་པར་ས་འོག་གི །དངོས་གྲུབ་འདི་ལ་ཐེ་ཚོམ་མེད། །དེ་ནས་ཨོཾ་བཛྲ་ཎཾ་ཞེས་བྱ་བའི་གླུའི་རྡོ་རྗེ་ཡོངས་སུ་བཟླས་པའི་ཆུས་འཐོར་འཐུང་བྱ་བའི་ཕྱིར་བྱིན་ལ། ཡང་ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་པཱ་པ་ནིཤྩཱ་སྱ་ཤོ་དྷ་ཡ། སརྦ་བི་ཀ་ལ་བ་ན་ཨ་བན་ཡ་ཧཱུཾ་ཞེས་བྱ་བ་མངོན་

པར་བཟླས་པའི་ཆུ་ཁྱོར་བ་གསུམ་འཐུང་དུ་གཞུག་པའི་ཕྱིར་སྦྱིན་པར་བྱའོ། །དེ་ནས་ཀུ་ཤ་གཅིག་ལ་ཨོཾ་བཛྲ་ཏིཀྵྞ་དྷཾ་ཞེས་བྱ་བ་མངོན་པར་བཟླས་པ་བྱིན་ལ་འདི་ལྟར་མགོ་བོའི་གནས་སུ་ཞོག་ཅིག་ཅེས་བསྒོའོ། །ཡང་ཀུ་ཤ་གཞན་དག་རྡོ་རྗེ་གནོད་སྦྱིན་གྱི་སྔགས་མངོན་པར་བཟླས་པ་

སྟན་དུ་བྱ་བའི་ཕྱིར། སྦྱིན་པར་བྱའོ། །རྡོ་རྗེ་གནོད་སྦྱིན་མངོན་པར་བཟླས་པའི་སྲུང་སྐུད་མདུད་པ་གསུམ་དང་ལྡན་པ་ལ་ཡང་ཡི་གེ་བརྒྱ་པ་ཡང་བཟླས་བརྗོད་བྱ་སྟེ། དཔུང་པ་གཡོན་པ་ལ་བསྲུང་བ་བྱ་བའི་ཕྱིར་དང་། བརྟན་པར་བྱ་བའི་ཕྱིར་བཅིང་བར་བྱའོ། །ཨོཾ་བཛྲ་ཡཀྵ་ཞེས་བྱ་

བས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་སོ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་

མཱ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཞེས་བྱ་བ་ནི་ཡི་གེ་བརྒྱ་པའི་སྔགས་སོ། །དེ་ནས་བཞིན་བཟངས་རྣམས་ལོངས་ཤིག །སང་གི་ཉིན་མོ་ཁྱེད་རྣམས་ཀྱིས་ཐར་པ་ཆེན་པོའི་རང་བཞིན་གྱི་གྲོང་ཁྱེར་མཐོང་བར་འགྱུར་གྱིས། ཇི་ལྟར་མཐོང་བའི་རྨི་ལམ་རྣམས་

ཀྱང་སྨོས་ཤིག་ཅེས་བརྗོད་ལ་སླར་བཏང་ངོ་། །དེ་ནང་པར་མཚན་མོའི་མཐར་རྨི་ལམ་གང་དག་མཐོང་བ་དྲི་བར་བྱའོ། །དྲི་བ་ཐོས་ནས་རྨི་ལམ་བཟང་པོའམ། །ངན་པ་འཛེམ་པ་མེད་པར་བརྗོད་པར་བྱའོ། །རྨི་ལམ་སངས་རྒྱས་མཐོང་བ་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་

เล่ม ๖๕ · หน้า 177b

རྟེན་དང་ནི་སྐུ་གཟུགས་མཐོང་། །དེ་ལ་མཆོད་པ་རྩོམ་པ་དང་། །དགེ་སློང་དག་ལ་ཆོས་ཉན་ཏམ། །ཡང་ན་གཞན་ལས་ཉན་ཡང་རུང་། །ཆོས་ནི་རྣམ་པར་དཔྱད་པ་དང་། །དེ་བཞིན་གླེགས་བམ་ཀློག་པ་དང་། །རྨི་ལམ་དགེ་འདུན་མཐོང་བ་དང་། །ཡང་ན་དགེ་སློབ་གཅིག་པོ་མཐོང་། །དེ་དང་

འགྲོགས་ཤིང་གཏམ་ཟེར་དང་། །ཡང་ན་དགེ་སློང་དངོས་པོར་གྱུར། །གཙུག་ལག་ཁང་དག་མཐོང་བ་དང་། །དེ་བཞིན་དགེ་སློང་མ་དག་མཐོང་། །རྒྱལ་བའི་སྲས་རྣམས་མཐོང་བ་དང་། །དེ་བཞིན་ཕ་མ་བླ་མ་དང་། །མཛའ་བོ་རྣམ་པ་སྣ་ཚོགས་རྣམས། །རྨི་ལམ་དུ་ནི་མཐོང་ན་

ཤིས། །རིག་སྔགས་དང་ནི་དངོས་གྲུབ་ཐོབ། །དེ་བཞིན་བསླབ་པ་འཛིན་པ་དང་། །ཀུན་དགའ་རྣམ་པ་སྣ་ཚོགས་དང་། །འབབ་ཆུ་རྣམས་དང་རྒྱ་མཚོ་དང་། །རི་དང་གླང་པོ་ཆེ་དག་ཀྱང་། །མཐོང་ན་ཡང་ནི་བཟང་བར་བསྒྲགས། །རྒྱལ་པོ་དག་ནི་མཐོང་ན་ཤིས། །བདེ་གཤེགས་སྤྱོད་དང་

མཐུན་པ་ཡི། །དཀའ་ཐུབ་ཅན་དང་བྲམ་ཟེ་དང་། །ཕྱུག་པོ་སྐྱེས་བུ་དམ་པ་དང་། །བ་དང་རྟ་དང་ངང་པ་དང་། །སེང་གེ་དང་ནི་རི་དགས་རྣམས། །རྨི་ལམ་དུ་ནི་མཐོང་ན་ཤིས། །བཀྲ་ཤིས་པ་ཡི་བྱ་རྣམས་དང་། །གསེར་དག་དང་ནི་གཏེར་རྣམས་དང་། །རིན་པོ་ཆེ་དང་དངུལ་དག་

དང་། །ནོར་ནི་རྣམ་པ་སྣ་ཚོགས་དང་། །མདོར་ན་འབྱུང་ཁུངས་རྣམ་པ་དང་། །མཚོན་ཆ་རྣམས་དང་འབྲུ་རྣམས་དང་། །འབྲས་བུ་རྣམས་དང་མེ་ཏོག་དང་། །རྒྱན་ནི་རྣམ་པ་སྣ་ཚོགས་དང་། །ཁ་ཟས་དང་ནི་གོས་རྣམས་དང་། །བྱིས་པ་དག་ནི་གཞོན་ནུ་དང་། །བུད་མེད་གཟུགས་ནི་

བཟང་པོ་དག །རྨི་ལམ་དུ་ནི་མཐོང་ན་བཟང་། །ཡང་ན་ཐོབ་ཅིང་རེག་སྨྲ་དང་། །རྨི་ལམ་དུ་ནི་དབང་བསྐུར་དང་། །རྒྱལ་པོར་གྱུར་ཅིང་འབྱོར་པ་དང་། །དམག་དཔོན་དུ་ནི་གྱུར་པ་དང་། །གཡུལ་ལས་རྒྱལ་ཞིང་དགྲ་གསོད་དང་། །གཉེན་དང་ལྷན་ཅིག་འགྲོགས་པ་དང་། །ལྷ་རྣམས་

ཀྱང་ནི་མཐོང་བ་དང་། །ཐེག་པ་དང་ནི་ཤིང་རྟ་ཞོན། །དེ་བཞིན་རི་དང་ཡང་ཐོག་འཛེགས། །ངོ་མཚར་རྣམ་པ་སྣ་ཚོགས་དག །རྨི་ལམ་དུ་ནི་མཐོང་ན་དགེ །ཡམ་ཤིང་མེ་ལྷ་སྦྱིན་སྲེག་བྱེད། །བྱ་བ་བཟང་པོ་དག་ལ་འཇུག །ཆུ་ལ་རྐྱལ་ཞིང་རོང་ལས་རྒལ། །རྐུན་པོ་དག་ནི་ཚར་གཅོད་

เล่ม ๖๕ · หน้า 178a

དང་། །སྟོབས་འགྱེད་པ་ལས་རྒྱལ་བ་དང་། །གྱད་སྟངས་རྡོབ་ཅིང་འགྱིང་བ་དང་། །རྩེད་མོ་སྣ་ཚོགས་རྨི་བ་དང་། །དེ་བཞིན་རྩལ་དང་སྤུངས་བྱེད་དང་། །བཀྲ་ཤིས་དག་ནི་ཐམས་ཅད་ཀྱང་། །མཐོང་ན་རབ་ཏུ་དགེ་བར་བཤད། །གསང་སྔགས་ཆོ་ག་ཉན་པ་དང་། །

དགའ་སྟོན་དགེ་བ་མཐོང་བ་དང་། །སྒྲུབ་པ་བཟང་པོ་རྩོམ་པ་དང་། །དེ་ལ་སོགས་པའི་ལྟས་རྣམས་ནི། །དགེ་བ་རྣམ་པ་དུ་མ་དག །བློ་ཡིས་རྣམ་པར་དཔྱད་བྱ་ཞིང་། །དེ་ལས་ཟློག་པ་སྤང་བར་བྱ། །དགེ་བ་རྣམས་ནི་འགྲུབ་པར་འགྱུར། །མི་དགེ་བ་ནི་མི་འགྲུབ་བོ། །མི་དགེ་བ་དག་

ཤེས་ནས་སུ། །དེ་དག་མཁས་པས་སྤང་བར་བྱ། །དགེ་བ་ཡི་ནི་ལྟས་རྣམས་ནི། །རབ་དང་འབྲིང་དང་ཐ་མ་ལས། །གསང་སྔགས་དངོས་གྲུབ་རྣམ་གསུམ་མོ། །རབ་དང་འབྲིང་དང་ཐ་མ་འགྲུབ། །མི་དགེ་བ་ལ་ཞི་བ་ཡི། །སྦྱིན་སྲེག་ཞི་བའི་གསང་སྔགས་ཀྱིས། །བ་ཡི་མར་ལས་

བརྒྱ་རྩ་བརྒྱད། །ཆོ་ག་བཞིན་དུ་ཞི་བ་བྱ། །དེ་ནས་སློབ་མ་སྡིག་བྲལ་ཞིང་། །རྣམ་པར་དག་པ་དེ་དག་ལ། །རྗེས་སུ་བརྩེ་བ་བྱ་བའི་ཕྱིར། །ཅི་འདོད་པར་ནི་གཟུང་བར་བྱ། །དེ་ནས་དཀྱིལ་འཁོར་ཡང་དག་པར་མཆོད་ལ། བཟླས་བརྗོད་དང་བསྒོམ་པ་དག་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ནས་ལྕེ་ལ་ཟླ་

བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་བསམས་ལ། དེའི་ལྟེ་བར་ཡི་གེ་ཧྲཱིཿལས་པདྨ་རྣམ་པར་བསམ་མོ། །དེའི་སྟེང་དུ་རྃ་ལས་ཏིང་ངེ་འཛིན་ལ་ངེས་པར་བཞུགས་པའི་འོད་དཔག་ཏུ་མེད་པ་རྣམ་པར་བསམས་ལ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཧྲཱིཿརྣམ་པར་

བཀོད་དེ། ཨོཾ་པདྨ་ས་ར་སྭ་ཏི་སཏྟྱཾ་ཨ་བརྟྟ་ཡ་ཤོ་དྷ་ཡ་ཧཱུཾ་ཧྲཱིཿརྃ་ཛྲཱཾ་ཞེས་བརྗོད་ལ། ལྕེ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་བདུག་སྤོས་ཕུལ་ལ་སྤྱན་དྲང་སྟེ། ཕྱོགས་བཅུར་བཞུགས་པའི་རྫོགས་སངས་རྒྱས། །སྲས་བཅས་འཇིག་རྟེན་རྣམ་གྲངས་དང་། །རྡོ་རྗེ་རིན་ཆེན་རིགས་དག་

དང་། །དེ་བཞིན་པདྨ་ལས་ཀྱི་རིགས། །སྙིང་པོ་སྔགས་དང་རིགས་རྣམས་དང་། །གང་ཡང་ལྷའི་ཚོགས་རྣམས་ཀུན། །ཆོས་ཀྱི་དབྱིངས་ལ་ངེས་ཞུགས་པ། །དེ་རྣམས་བདག་ལ་དགོངས་སུ་གསོལ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །

เล่ม ๖๕ · หน้า 178b

བདག་མིང་འདི་ཞེས་བགྱི་བ་ཡིས། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །ཆོས་དབྱིངས་རང་བཞིན་གྲོང་ཁྱེར་མཆོག །དཀྱིལ་འཁོར་སང་ནི་འདྲི་བར་བགྱིད། །ཐུགས་བརྩེ་ཉེ་བར་བཞག་ནས་ནི། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །དེ་ནས་རང་གི་སྔགས་དང་ཕྱག་རྒྱ་དག་གིས་འཁོར་

ལོ་བཏེག་ལ། དེ་བཞིན་གཤེགས་པ་དེ་རྣམས་ཉིད་དང་བའི་ཤེལ་ལྟ་བུའི་ཁང་པ་བརྩེགས་མའི་ནང་དུ་བཞུགས་པར་བསམས་ལ། ཁ་སྦྱར་བྱས་ལ་གཞག་པར་བྱའོ། །དེ་ལ་ཁ་སྦྱར་བྱ་བའི་སྦྱོར་བ་ནི་འདི་ཡིན་ཏེ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་བྱ་བའི་དབུས་སུ་སྟེང་དང་འོག་དང་བར་དུ་དཀྲི་བར་

བྱ་བའི་ཕྱིར། ཨོཾ་ལྔ་ལྔ་དང་། ཡང་སྟེང་དུ་བྃ་ལྔ་དང་། འོག་ཏུ་ཡང་ཧཱུཾ་ལྔ་བསམ་སྟེ། དེ་ལྟར་བདག་དང་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་དེ་ཉིད་དུ་སློབ་མའི་གཙོ་བོ་དང་། ལྷན་ཅིག་བསམ་གཏན་ལ་མཉམ་པར་གཞག་པའི་བློ་དང་ལྡན་པས་ཉལ་བར་བྱའོ། །ཉི་མ་གཉིས་པ་ལ་ཉི་མ་

འཆར་ཀར་ལེགས་པར་ཁྲུས་བྱས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་རབ་ཏུ་དགའ་ཞིང་ཡིད་བདེ་བ་དང་ལྡན་པས་དཀྱིལ་འཁོར་གྱི་གནས་སྤོས་ཀྱི་ཆུས་བྱུགས་ལ་མེ་ཏོག་ལ་སོགས་པས་ཉེ་བར་མཛེས་པར་བྱས་ཏེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། དཀར་པོའི་

ཁ་དོག་དང་ལྡན་པའི་ཚོན་དྲིས་བསྒོས་ལ། སོ་སོའི་སྲད་བུ་བཅོས་ཏེ། རིམ་པ་བཞིན་དུ་ལེགས་པར་བཞག་ལ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཨ་ཞེས་པའི་རང་གི་ས་བོན་རྣམས་ལས་བྱུང་བའི་སྲད་བུའི་འོད་ཟེར་རྣམས་ཀྱིས་མི་བསྐྱོད་པ་ལ་སོགས་པ་རང་གི་ཕྱོགས་ན་བཞུགས་པ་རྣམས་ཀྱི་གན་དུ་

བཏང་བས་འབར་བར་བལྟ་ཞིང་ལྕགས་ཀྱུ་རང་གི་ལག་པ་ན་གནས་པས་དྲངས་ཏེ། དེ་རྣམས་ཀྱི་སྲད་བུ་རྣམས་ལེགས་པར་བཀལ་ལ། ཨ་ནྱོ་ནྱ་ཨ་ནུ་ག་ཏ། སརྦ་དྷརྨྨ་པ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨྨ་ཨཏྟྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨྨ་ཧཱུཾ་ཞེས་བརྗོད་ལ་བསྒྲིལ་བར་བྱའོ། །དེ་ནས་

ཙནྡན་བཟང་པོ་ལ་སོགས་པས་བསྐུས་པའི་གསེར་གྱི་སྣོད་ལ་སོགས་པའི་ནང་དུ་ལེགས་པར་བཞག་ལ། མེ་ཏོག་གིས་གཏོར་ཏེ། ཐིག་གདབ་པའི་སྔགས་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ནས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླ་བར་བྱའོ། །དེ་ནས་བདག་པོ་རྣམས་ཀྱང་བརྒྱ་རྩ་བརྒྱད་

เล่ม ๖๕ · หน้า 179a

བཟླས་ཏེ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཆོད་དེ། ཕྱག་བྱས་ལ་ལངས་ནས་ཡིད་ཀྱིས་རྣམ་པར་སྣང་མཛད་དུ་གྱུར་པའི་རང་གི་སྙིང་ག་ནས་གྲོགས་པོ་རྡོ་རྗེ་ལས་ཧཱུཾ་ཛྫ་ཞེས་བྱ་བ་འདིས་ཕྱུང་ནས། མ་དང་ཊ་ལས་མིག་གཡས་དང་གཡོན་

གཉིས་སུ་ཉི་མ་དང་ཟླ་བ་སེར་པོ་སྣང་བ་བསྐྱེད་ལ། ཡི་གེ་ཛས་གྲོགས་པོའི་ལག་ཏུ་སྲད་བུ་བཏང་། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་དང་པོ་སྲད་བུ་བཟུང་ལ་ཕྱི་ནས་ཅི་བདེར་བྱའོ། །མཁས་པས་དཀྱིལ་འཁོར་ཐིག་གདབ་པ། །ཤར་དང་ནུབ་ཀྱི་ཕྱོགས་དག་དང་། །བྱང་དང་ལྷོ་ཡི་ཕྱོགས་

དག་ཏུ། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བ་འདིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་དོན་གྱི་ཕྱིར་འདིར་གཤེགས་སུ་གསོལ་ཞེས་ཡང་དག་པར་བསྐུལ་ལ། ཟུར་བཞི་

པ་ལ་སོགས་པ་སྔར་བཤད་པའི་རིམ་གྱིས་ཐམས་ཅད་ཐིག་གདབ་པར་བྱ་སྟེ། ཆུར་དཀྱིལ་འཁོར་གྱི་ཉིས་བལྡབ་སྦོམས་སུ་སྒོའི་ཉི་ཤུ་ཆའི་ཚད་ཀྱི་སྲད་བུས་དཀྱིལ་འཁོར་ཐམས་ཅད་རིམ་པ་འདིས་ཐིག་གདབ་བོ། །དེ་ལ་དང་པོར་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་

ལ། ཡི་གེ་ཛྫ་ལས་སྒྲུབ་པ་པོའི་གྲོགས་མཆོག་དེ་རྡོ་རྗེ་ལས་ཀྱི་གཟུགས་སུ་བྱས་པར་བཏང་ལ། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་བསམས་ནས་ནུབ་ཕྱོགས་ཀྱི་སྒོར་འདུག་སྟེ། ཤར་ཕྱོགས་སུ་མངོན་པར་ཕྱོགས་པར་བྱས་ལ། ལྟེ་བའི་ཕྱོགས་སུ་གཟུང་བར་བྱའོ། །དེ་

ནས་བསྐོར་བའི་ཚུལ་གྱིས་སོང་ལ་བྱང་དུ་མངོན་པར་ཕྱོགས་ཏེ་གཟུང་བར་བྱའོ། །ཡང་སླར་ལོག་སྟེ། དེ་བཞིན་དུ་ཤར་དུ་བལྟ་བ་དང་། བྱང་དུ་བལྟ་བ་བྱ་སྟེ། དབུས་ཀྱི་ས་གཞིར་ཐིག་བརྐྱང་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་དེ་གདབ་པར་བྱའོ། །དེ་ནས་མེའི་

ཕྱོགས་ཆར་འདུག་ལ། བྱང་ཕྱོགས་སུ་མངོན་པར་ཕྱོགས་པར་བྱས་ནས་ཕྱིའི་དཀྱིལ་འཁོར་གྱི་ཤར་གྱི་ངོས་སུ་ཐིག་གདབ་བོ། །རླུང་གི་ཕྱོགས་སུ་གནས་ནས། ལྷོར་མངོན་པར་ཕྱོགས་ཏེ། ནུབ་ཀྱི་ཕྱོགས་ཀྱི་ཐིག་གདབ་བོ། །དེ་བཞིན་དུ་འདུག་ལ་ཤར་དུ་མངོན་པར་ཕྱོགས་ཏེ།

เล่ม ๖๕ · หน้า 179b

བྱང་ཕྱོགས་ཀྱི་ཐིག་གདབ་བོ། །ཡང་མེའི་ཕྱོགས་ཆར་འདུག་ལ་ནུབ་ཏུ་མངོན་པར་ཕྱོགས་ཏེ། ལྷོའི་ངོས་མངོན་པར་ཐིག་གདབ་པར་བྱའོ། །དེ་བཞིན་དུ་ཁྱམས་ཀྱི་ཐིག་དང་ལྷའི་གནས་ཀྱི་ཐིག་གདབ་པར་ཤེས་པར་བྱ་སྟེ། ཐམས་ཅད་དུའང་སློབ་དཔོན་དང་། སྒྲུབ་པའི་གྲོགས་

མཆོག་གཡས་ནས་བསྐོར་བའི་ཚུལ་གྱིས་འགྲོ་བར་བྱའོ། །དེ་ནས་མེའི་མཚམས་སུ་འདུག་ལ་རླུང་གི་ཕྱོགས་ཀྱི་བར་དུ་བྲེ་བར་བྱའོ། །ཡང་བདེན་བྲལ་གྱི་ཕྱོགས་སུ་འདུག་ལ། དབང་ལྡན་གྱི་ཕྱོགས་ཀྱི་བར་དུ་སྲད་བུ་བྲེ་བར་བྱ་སྟེ། ཐམས་ཅད་དུ་ཡང་ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་

མ་ཧཱུཾ་ཞེས་བརྗོད་དོ། །ཛཿཛཿཛཿཞེས་བྱ་བའི་ཛ་གསུམ་དང་། སྒྲུབ་པ་པོའི་གྲོགས་མཆོག་གིས་སྲད་བུ་དྲང་བར་བྱའོ། །དེ་ལ་སྒོ་ཐམས་ཅད་ནི་བརྒྱད་ཆའོ། །སྒོ་ཁྱུད་དང་སྒོ་འགྲམ་དང་། ཁྱམས་དང་། ལྷའི་གནས་ནི་སྒོའི་ཕྱེད་ཀྱི་ཚད་དོ། །ཚོན་སྣ་ལྔའི་ས་ནི་ཁྱམས་ཀྱི་ཕྱེད་ཀྱི་ཚད་དོ། །

དཀྱིལ་འཁོར་ཆེན་པོ་བཀོད་པ་ལས་ཆ་བཅུར་གསུངས་པ་དང་། ཁམས་གསུམ་རྣམ་པར་རྒྱལ་བ་ལས་ཆ་དགུར་གསུངས་པ་དང་། བཅུ་དྲུག་ཆ་དང་ལྡན་པ་ཡིས། །ཆ་དགུ་དག་ཏུ་བསྔགས་པ་ཡིན། །ཞེས་གསུངས་པས་སོ། །དེ་ལ་སྒོ་ཁྱུད་ནི་སྒོའི་ཚད་དོ། །དེའི་ཕྱེད་ནི་སྒོ་

འགྲམ་དང་སྒོ་ལོགས་ཀྱི་ཚད་དོ། །དེའི་ཕྱེད་ནི་ཚོན་སྣ་ལྔའི་སའོ། །ཁྱམས་དང་ལྷའི་གནས་ནི་སྒོའི་ཕྱེད་དུ་བརྟག་པར་བྱའོ་ཞེས་པ་ནི་རྒྱུད་གཞན་ལས་གསུངས་པའི་རིམ་པས་ཕྱེད་པ་སྟེ་འགལ་བ་མེད་དོ། །རྟ་བབས་ཀྱི་ཚད་ནི་ཐམས་ཅད་དུ་ཡང་སྒོའི་སུམ་བལྡབ་ཡིན་ནོ། །ཕྱིའི་

དཀྱིལ་འཁོར་གྱི་ཕྱེད་ནི་གཉིས་པའོ། །དེའི་ཕྱེད་ནི་གསུམ་པའོ། །ནང་གི་དཀྱིལ་འཁོར་ནི་ཟུར་བཞི་སྒོ་བཞི་པ་ལ་རྟ་བབས་མེད་པར་ལེགས་པར་ཐིག་བཏབ་ནས། དཀྱིལ་འཁོར་གྱི་ལྟེ་བར་སེང་ལྡེང་གི་ཕུར་བུ་སྨད་རྡོ་རྗེ་རྩེ་གཅིག་པའི་དབྱིབས་ལ། སྟོད་རྡོ་རྗེ་རྩེ་ལྔ་པ་ལྟ་བུ་ཧཱུཾ་

ལས་བསྐྱེད་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བནྡྷ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་ལན་བརྒྱ་རྩ་བརྒྱད་བཟླས་ལ་རྡོ་རྗེ་ཐོ་བས་བརྡུང་བར་བྱའོ། །དེ་ནས་དེ་ལ་བཏགས་པའི་སྲད་བུས་ནང་གི་དཀྱིལ་འཁོར་གྱི་ཕྱི་རོལ་རྡོ་རྗེ་ཕྲེང་བའི་ཐིག་བཏབ་ལ། དེར་དཀྱིལ་འཁོར་བརྒྱད་འདྲ་བར་ཀ་

เล่ม ๖๕ · หน้า 180a

བ་བརྒྱད་ཀྱི་ཐིག་ཀྱང་དེ་བཞིན་དུ་གདབ་པར་བྱ་སྟེ། ཆ་མཉམ་པ་ལ་ཤར་ཕྱོགས་ཀྱི་ཆའི་ཀ་བའི་ཐིག་ལྷོའི་ཕྱོགས་ཀྱི་ཆར་འདུག་ལ་བྱང་དུ་བལྟས་ཏེ་ཐིག་གདབ་བོ། །ནུབ་ཕྱོགས་ཀྱི་ཆའི་ཀ་བའི་ཐིག་ནི་བྱང་ཕྱོགས་ཀྱི་ཆར་འདུག་ལ་ལྷོ་ཕྱོགས་སུ་བལྟའོ། །བྱང་

ཕྱོགས་ཀྱི་ཆའི་ཀ་བའི་ཐིག་ནི་ནུབ་ཕྱོགས་ཀྱི་ཆར་འདུག་ལ་ཤར་ཕྱོགས་སུ་བལྟའོ། །ལྷོ་ཕྱོགས་ཀྱི་ཆའི་ཀ་བའི་ཐིག་ནི་ཤར་ཕྱོགས་ཀྱི་ཆར་འདུག་ལ། ནུབ་ཕྱོགས་སུ་མངོན་པར་བལྟས་ཏེ་ཐིག་གདབ་བོ། །དབུས་ཀྱི་ཕུར་བུ་ལ་བཏགས་པའི་སྲད་བུ་ཉིད་ཀྱིས་ཕྱིའི་དཀྱིལ་འཁོར་གྱི་

ཕྱི་རོལ་དུ་འོད་ཀྱི་དཀྱིལ་འཁོར་དང་། བསྐོར་ཕྱོགས་སུ་ཕྱིའི་རྡོ་རྗེ་རིགས་ཀྱི་གནས་ཀྱི་དཀྱིལ་འཁོར་ཟླུམ་པོ་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དག་གི་ཐིག་གདབ་པར་བྱའོ། །དཀྱིལ་འཁོར་འདྲི་བར་བྱེད་པ་ན་གལ་ཏེ་འགའ་ཞིག་འགྲན་ཚོལ་ཞིང་བགེགས་སྐྱེད་པར་བྱེད་

དམ། བདག་ཉིད་བགེགས་བྱེད་པར་གྱུར་ན་དཀྱིལ་འཁོར་གྱི་འོད་ཀྱི་དཀྱིལ་འཁོར་དུ་གྲོག་མཁར་གྱི་ས་ལས་ལྷ་ལ་སོགས་པའི་བགེགས་ཀྱི་གཟུགས་བརྙན་བྱ་སྟེ། བརྒྱ་བྱིན་གྱི་གཟུགས་བརྙན་རང་གི་ཕྱོགས་གནས་པ་ལ་ཨི་ལས་བརྒྱ་བྱིན་མདོག་སེར་པོ་དང་། དེ་བཞིན་དུ་མེ་ལྷ་ལ་

སོགས་པའི་གཟུགས་བརྙན་རྃ་ལས་མེ་ལྷ་མདོག་དམར་པོ། ཨོཾ་ཧཱྃ་ལས་གཤིན་རྗེ་ནག་པོ། ཀྃ་ལས་སྲིན་པོ་ནག་པོ། བྃ་ལས་ཆུ་ལྷ་དཀར་པོ། ཡྃ་ལས་རླུང་ལྷ་དུད་ཀ།།ཕཊ་ལས་ལུས་ངན་པོ་སེར་པོ། སུཾ་བྷ་ཞེས་བྱ་བ་ལས་དབང་ལྡན་དཀར་པོ་བསྐྱེད་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་

བཀུག་སྟེ་བཅུག་ལ་བཅིངས་ཏེ། དབང་དུ་བྱས་ནས་ཕུར་བུས་གདབ་བོ། །ཤིན་ཏུ་ཡང་ཡུན་རིང་དུ་བགེགས་མེད་པར་བྱེད་འདོད་པས་སས་དགབ་པར་བྱའོ། །དེ་ལྟ་ན་ཡང་གལ་ཏེ་བགེགས་བྱེད་ན། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བར་བྱས་ལ། འདོད་པའི་རྒྱལ་པོས་བཀུག་ནས་བཅུག་ལ་བཅིངས་ཏེ།

རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། རྐང་པ་གཡོན་པས་མནན་ཏེ། ཧཱུཾ་བྃ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་སྤེལ་བའི་ཚུལ་གྱིས་གཡས་བརྐྱང་བའི་གནས་པས་འདུག་ལ། བགེགས་བྱེད་པ་སྤྲིན་ལ་སོགས་པ་ལ་མངོན་པར་བལྟས་ཏེ། དེ་ལ་ཕྱག་རྒྱ་འཕངས་ལ་ནམ་མཁའི་ཁམས་

เล่ม ๖๕ · หน้า 180b

ཐམས་ཅད་དུ་སྤྲོས་པས་འོད་ཟེར་འབར་བ་ཀུན་དུ་འཁྲུག་པ་དང་། རྡོ་རྗེ་ཧཱུཾ་མཛད་ཀྱིས་ཀྱང་རྐང་པས་བརྡེག་ཅིང་བསྣུན་པས་སྤྲིན་ལ་སོགས་པ་ཐལ་བར་བྱས་པར་གྱུར་པར་བསམས་ཏེ། དེས་ནི་དེ་དག་བཅོམ་པ་ཉིད་དུ་འགྱུར་རོ། །ཡང་ན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱས་ལ།

དེའི་འོག་ཏུ་ཨ་ལས་རྣམ་པར་སྣང་མཛད་དུ་གྱུར་ནས། ཧཾ་ལས་འཕགས་པ་མི་གཡོ་བ་ཡིད་ཀྱིས་ཐུགས་ཀ་ནས་ཕྱུང་སྟེ། བཛྲ་ཧཾ་ཤནྡྷ་ཞེས་ཡིད་ལ་བརྗོད་ལ་ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་རླུང་གི་ཕྱོགས་སུ་དྲིས་ཐིག་ལེ་བདུན་བྱས་ཏེ། ཐིག་ལེ་རེ་རེ་ཞིང་ཡྃ་རེ་རེའི་ནང་དུ་ཆུད་པར་བྱས་

ལ། དབུས་མ་ཡང་ཡྃ་དང་ཐིག་ལེ་བདུན་དང་ལྡན་པར་བྱ་སྟེ། ཐིག་ལེ་བདུན་པོ་དེ་དག་ཀྱང་རླུང་ལྷ་བདུན་པོ་རི་དགས་ལ་ཞོན་པ། མདོག་ནག་པོ་འཕགས་པ་མི་གཡོ་བས། ཞགས་པས་བཅིངས་ནས་བཀུག་པར་གྱུར་པར་བསམས་ལ། དེ་རྣམས་ཀྱི་དབུས་མ་གཅིག་ནི་གཙོ་

བོ་ཡིན་ལ། ལྷག་མ་རླུང་ལྷ་དྲུག་པོ་ནི་དེ་ལ་འཁོར་དུ་བསྐོར་ཏེ་ཀུན་ནས་གནས་པར་བསམ་མོ། །དེ་ནས་ཁམ་ཕོར་མ་ལས་རི་རབ་ཏུ་བསམས་ལ། དེའི་སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར་ཡི་གེ་མ་ཉིད་ལས་ཐམས་ཅད་དུ་རྡོ་རྗེས་གཡོགས་པ། དབུས་སུ་ཡང་རྡོ་རྗེ་རྩེ་ལྔ་པ་ཡི་གེ་ཧཱུཾ་བྱུང་

བ་དང་། མཚམས་རྣམས་སུ་མདུང་རྩེ་རྣམ་པར་བསམས་ལ། དེ་བཞིན་དུ་བཛྲ་ཧཾ་བནྡྷ་ཞེས་བརྗོད་དེ་ཁམ་ཕོར་དེ་རྣམས་ཀྱིས་ཇི་སྐད་དུ་བཤད་པའི་ཡྃ་བདུན་དགབ་པར་བྱའོ། །དེ་ནས་ཁམ་ཕོར་དང་རི་རབ་ཀྱི་སྟེང་དུ་ཨོཾ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསམས་ཏེ། འཕགས་

པ་མི་གཡོ་བ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཡོན་བརྐྱང་བས་རི་རབ་མནན་ནས་རལ་གྲི་དང་ཞགས་པས་རླུང་རྣམས་ལ་སྡིགས་མཛུབ་མཛད་པར་བསམས་ཏེ། དེ་ལྟ་བུས་ནི་རླུང་ཐམས་ཅད་བཅིང་བ་བྱས་པར་འགྱུར་རོ། །དེ་ནས་ཆུའི་བགེགས་བཟློག་པ་བཤད་པར་བྱ་སྟེ། ཧཾ་ལས་

རླུང་དང་མེའི་དཀྱིལ་འཁོར་ལ་གནས་པའི་འཕགས་པ་མི་གཡོ་བར་བདག་ཉིད་བསྐྱེད་ལ། གྲོག་མཁར་གྱི་སའམ། བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་བགེགས་ཀྱི་གཟུགས་བརྙན་བྱས་ནས། ཁྃ་ལས་རལ་གྲི། རྃ་ལས་མེའི་སྙིང་པོ་ཡོད་པ་བསྐྱེད་ལ། ཀྵི་ལས་ཞགས་པ་དང་།

เล่ม ๖๕ · หน้า 181a

ལྕགས་ཀྱུའི་རང་བཞིན་ཅན་བསྐྱེད་དེ། ལག་པ་གཡོན་པས་བཟུང་ལ། ལག་པ་གཡས་པས་ལྕགས་ཀྱུ་དང་། ཞགས་པས་དྲངས་ནས་བགེགས་ཀྱི་གཟུགས་བརྙན་གྱི་ནང་དུ་བཅུག་སྟེ། གཡོན་བརྐྱང་བའི་གནས་པས་བཙིར་ལ་འདི་སྐད་ཅེས་བརྗོད་དོ། །ན་མཿ

ས་མནྟ་བཛྲཱ་ཎཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ་ཏྲ་ཊ་ཧྃ་མྃ་ཞེས་བརྗོད་ནས་གཟུགས་བརྙན་དེ་རལ་གྲིས་གཏུབ་པར་བྱའོ། །དུག་དང་སྐྱེ་ཚེ་དང་། ལན་ཚྭ་ལ་སོགས་པས་གཟུགས་བརྙན་བསྐུས་ལ་མེས་གདུང་བར་བྱའོ། །དེ་ལྟར་མེས་གདུངས་པས་དེ་ཉིད་གདུངས་པར་འགྱུར་བར་ཐེ་

ཚོམ་མེད་དེ། ཚངས་པའམ་ནི་བརྒྱ་བྱིན་དག །དེ་ཡི་མོད་ལ་མྱུར་དུ་འཚིག །ཅེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །ལས་འདི་དག་ཀྱང་འཕགས་པ་མི་གཡོ་བའི་རྣལ་འབྱོར་པའི་རྣལ་འབྱོར་གྱིས་འདིའི་གསང་སྔགས་ཁྲི་བཟླས་པའི་སྔོན་དུ་བསྙེན་པ་བྱས་ནས།

དེའི་འོག་ཏུ་ལས་བྱའོ། །ཡང་ན་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་འདི་ཡང་གཤིན་རྗེ་གཤེད་སྐུ་མདོག་ནག་པོ་ཞལ་བཞི་པ་ཕྱག་བཞི་པ། ཞབས་དྲུག་པ། ཕྱག་གཉིས་ན་རལ་གྲི་དང་དགྲ་སྟ་བསྣམས་པ། ཕྱག་གཡོན་གཉིས་ན་ཞགས་པ་དང་གཏུན་ཤིང་བསྣམས་པ། ལྷོ་ཕྱོགས་སུ་གཟིགས་པ། ཁྲོ་

བོའི་ཚོགས་རྣམས་ཀྱིས་ནམ་མཁའ་ཀུན་དུ་གང་བར་གནས་པར་རྣམ་པར་བསམས་ལ། མདུང་ཐུང་གི་ཕྱག་རྒྱ་བཅིངས་ཏེ། སྤྲིན་ལ་སོགས་པ་བཟློག་པའི་བསམ་པས་འཁྲུགས་པ་དང་བཅས་པས་རབ་ཏུ་སྦྱར་བར་བྱའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཛུབ་མོ་གཉིས་སྦྱར་

བ་ནི་མདུང་ཐུང་གི་ཕྱག་རྒྱའོ། །དེ་ལྟ་ན་ཡང་གལ་ཏེ་བགེགས་རྣམས་ཞི་བར་མ་གྱུར་ན། ཁམ་ཕོར་སོ་མ་བཏང་བ་གཉིས་ཀྱི་ནང་དུ་ཁྲག་དང་། དུར་ཁྲོད་ཀྱི་སོལ་བ་དང་། དུག་དང་སྐྱེ་ཚེ་དང་། ད་དུ་རའི་ལོ་མའི་ཁུ་བས་གསང་སྔགས་བྲིས་ལ་ཡུངས་ཀར་ལ་བརྒྱ་རྩ་བརྒྱད་བཟླས་བརྗོད་

བྱས་ནས་ཁམ་ཕོར་ཁ་སྦྱར་ཏེ། དེའི་ནང་དུ་བཞག་ལ་མེའི་བགེགས་ལ་སོགས་པ་བསམས་ལ། སྲེག་བླུགས་བརྒྱའམ། སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་དེ་དག་འཇིགས་པའམ་འཆི་བའམ་མི་མ་ཡིན་པས་གཟུང་བར་འགྱུར་རོ། །ཡང་ན་རྡོ་རྗེ་ཧཱུཾ་མཛད་ཀྱི་

เล่ม ๖๕ · หน้า 181b

སྦྱོར་བས་ཡི་གེ་ཧཱུཾ་བཟླས་བརྗོད་འབུམ་བྱས་ལ། མི་རུས་ཀྱི་རྒྱུ་ལས་བྱས་པའི་ཕུར་བུ་སོར་བཞི་བའི་ཚད་ཙམ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་དེ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་བཀུག་ཅིང་བཅུག་ནས་བཅིངས་ཏེ། གཟུགས་བརྙན་ཕུར་བུས་གདབ་པོ། །དེ་ནས་མེའི་ཚ་བ་ཞི་བར་

འདོད་ན། མེའི་སྟེང་དུ་བྃ་ལས་ཆུའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་པདྨའི་དབུས་ན་གནས་པའི་འཁོར་ལོ། དེའི་སྟེང་དུ་བྃ་ཉིད་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུང་དང་། ཀུནྡ་ལྟར་དཀར་བ་བཞུགས་ཏེ། མཚོ་ཆེན་པོ་མ་དྲོས་པ་འདྲ་བའི་རྒྱ་མཚོ་ཆེན་པོ་བཞི་ལས་ཆུ་བོ་བཞི་འབབ་

པའི་ཆར་གྱི་རྒྱུན་དགུས་ཕྱོགས་བཅུར་འགེངས་པར་གྱུར་པར་བསམ་པར་བྱའོ། །རྡོ་རྗེ་སྤྱན་དང་། རྡོ་རྗེ་མེ་ལྟར་འབར་བས་ཁམ་ཕོར་གྱི་རི་རབ་དང་། ཕུར་བུ་ཡང་དག་པར་བསྲུངས་ལ་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་དག་གིས་དེ་རྣམས་ཀྱི་ནམ་མཁའ་བཅིང་བར་

བྱས་ལ། རྡོ་རྗེ་བཅིང་བས་རྡོ་རྗེའི་དྲ་བ་བྱའོ། །ཡང་ན་ཆོས་ཐམས་ཅད་ནི་རྣམ་པར་རིག་པ་ཙམ་ལས་བྱུང་བ་ཡིན་ལ། བགེགས་རྣམས་ཀྱང་དེའི་ངོ་བོ་ཉིད་ཡིན་པས་བདག་མེད་པའི་མེས་ཐལ་བར་བྱས་ནས། དེའི་འོག་ཏུ་ཕྱི་དང་ནང་གི་བགེགས་རྣམས་ཞི་བར་འགྱུར་རོ། །དེ་ནས་དཀྱིལ་

འཁོར་གྱི་ལྟེ་བ་ལ་གནས་པའི་ཕུར་བུ་ཡི་གེ་ཧཱུཾ་བཞིས་ཕྱུང་ལ་ཕུར་བུའི་བུ་ག་ཚོན་སྣ་ལྔས་མཉམ་པོར་བྱའོ། །སྲད་བུ་ནི་ཚོན་དཀར་པོ་དྲི་ཞིམ་པོ་ལ་སྦགས་ནས་གདབ་པར་བྱའོ། །དེ་ལྟར་ལེགས་པར་ཐིག་གདབ་ནས་མིག་གཡས་དང་གཡོན་གཉིས་སུ་ཡི་གེ་ཧྲི་ལས་ཉི་མ་དང་ཟླ་བའི་

དཀྱིལ་འཁོར་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཀུན་དུ་བལྟས་ནས་སྒོ་རྣམས་དབྱེའོ། །དེ་ཡང་ཧྲི་ལས་བྱུང་བའི་ཉི་མ་དང་ཟླ་བ་དག །མིག་ལ་རྣམ་པར་བཀོད་དེ་སྒོ་རྣམས་དབྱེའོ། །ཁྲོ་བོའི་ལྟ་བར་གནས་པས་ཀུན་བལྟས་ནས། དེ་ནས་སྒོ་རྣམས་ཐམས་ཅད་འབྱུང་བར་འགྱུར་ཞེས་གསུངས་

པས་སོ། །དེ་ནས་སྲད་བུ་ལ་བཤད་པའི་ཁ་དོག་གི་རིམ་པས་ཚོན་རྩི་རྣམས་བླངས་ལ། ཧཱུཾ་ཏྲཱཾ་ཧྲཱིཿཨཿཨ་ཞེས་བྱ་བ་འདི་རྣམས་ལས་བསྐྱེད་དེ། རང་གི་རིགས་ཀྱི་ངོ་བོར་བསམས་ལ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་བ་འདི་ཕྱག་རྒྱ་དང་བཅས་པས་སྟོང་རྩ་བརྒྱད་མངོན་པར་བཟླས་བརྗོད་

เล่ม ๖๕ · หน้า 182a

བྱའོ། །དེ་ལ་དེའི་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཕྱག་རྒྱ་གཉི་ག་ཡི། །མཛུབ་མོའི་རྩེ་མོ་རབ་སྦྱར་བ། །བྱས་ནས་ཚོན་རྩི་ཐམས་ཅད་ལ། །འབར་བའི་ལྟ་བས་དགུག་པར་བྱ། །མཐར་ཡི་གེ་ཧྲི་དང་། རྡོ་རྗེ་པདྨའི་ཕྱག་རྒྱས་སྦར་བར་བྱའོ། །དེ་ལ་འབར་བའི་ལྟ་བ་ནི་འདི་

ཡིན་ཏེ། རབ་ཏུ་མྱུར་བར་གཡོ་བའི་མིག །མིག་གི་རྫི་མ་འདྲེན་པ་ནི། །འབར་བའི་ལྟ་བ་ཞེས་སུ་གསུངས། །འགྲོ་བ་ཐམས་ཅད་དགུག་པའོ། །དེ་ནས་ཚོན་མང་པོར་བྱ་བའི་ཕྱིར། བདེན་པའི་བྱིན་གྱི་རླབས་པ་བྱ་སྟེ། བདེན་པ་གང་གིས་སེམས་ཅན་རྣམས་ལ་སངས་རྒྱས་

རྣམས་སེམས་ཅན་རྗེས་སུ་དཔག་པས་ཆགས་པར་མཛད་པའི་བདེན་པ་དེས་ཚོན་རྩི་རྣམས་འབར་བར་གྱུར་ཅིག་ཅེས་བྱའོ། །དེ་ནས་ཡང་དག་པར་མཆོད་ལ། རྡོ་རྗེ་སེམས་དཔའི་སྦྱོར་བ་དང་ལྡན་པས་རྡོ་རྗེ་སེམས་དཔའི་ཕྱག་རྒྱས་ཚོན་དཀར་པོ་བླངས་ལ། ཨོཾ་བཛྲ་རཱ་ག་ས་མ་ཡ་ཧཱུཾ་

ཞེས་བརྗོད་དེ། དབུས་སུ་བཀྱེ་ལ་དབང་ལྡན་གྱི་ཕྱོགས་སུ་སོང་སྟེ། དེ་བཞིན་དུ་སྔགས་ཟློས་ཤིང་ནང་དུ་གནས་ལ། གཡས་ནས་བསྐོར་བའི་རིམ་པས་མཉམ་ཞིང་རྒྱུན་མ་འཆད་པར་གཡོན་པའི་རྡོ་རྗེ་ཁུ་ཚུར་ཆེན་པོས་དང་པོ་ཚོན་བཀྱེ་ལ། དེའི་འོག་ཏུ་ཅི་བདེར་བྱའོ། །དེ་ལ་རིམ་པ་འདིས་

བཀྱེ་བར་བྱ་སྟེ། སྔོན་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལ་དམིགས་པ་སྟེ། །པདྨ་རཱ་གའི་རང་བཞིན་གཞན། །གཞན་དག་མར་ཀཏ་ལྟ་བུར་བཤད། །དཀར་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །ཤར་ཕྱོགས་སུ་ནི་སྔོན་པོ་སྟེ། །ལྷོ་ནི་སེར་པོ་ལེགས་སྦྱར་

བ། །ནུབ་ཀྱི་ཆར་ནི་དམར་པོ་སྟེ། །བྱང་ནི་ལྗང་གུ་ཡང་དག་ལྡན། །དབུས་ཀྱི་ས་ཡི་ཆ་ཉིད་དེ། །ཤེལ་ལྟར་སྣང་བ་བླ་ན་མེད། །རྡོ་རྗེ་དྲིལ་བུ་རྟག་འཆང་ཞིང་། །ཤིན་ཏུ་མཉམ་བཞག་ལེགས་པར་བྲི། །གསང་སྔགས་དེ་ཉིད་ཡོངས་བཟླས་ཤིང་། །ཚོན་གྱིས་ཐིག་ནི་ཡོངས་སུ་དགང་། །

ནང་གི་འཁོར་ལོ་ཚོན་དཀར་པོས་བྲིའོ། །གཉིས་པ་གཟུངས་ཀྱི་དཀྱིལ་འཁོར་ནི་ཚོན་སྣ་ལྔས་བྲིའོ། །གསུམ་པ་ནི་ཚོན་གྱི་ཕྱེ་མ་ལྔས་བྲིའོ། །ཕྱི་རོལ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ནི་ཚོན་དཀར་པོ་དང་། ནག་པོ་དང་། དམར་པོས་བྲིའོ། །འོད་ལ་སོགས་པ་དང་། ཁོར་ཡུག་དང་།

เล่ม ๖๕ · หน้า 182b

ཁོར་ཡུག་ཆེན་པོའི་ཐིག་ནི་དཀར་པོའམ། སེར་པོས་དགང་བར་བྱའོ། །དེ་ནས་ཕྱི་རོལ་ཀུན་དུ་དྲི་ཞིམ་པོའི་དྲིས་ཉེ་བར་བྱུགས་ལ། མེ་ཏོག་གི་སིལ་མ་གཏོར་ཏེ། ཡི་གེ་བརྒྱ་པ་བཟླས་པའི་ཆུས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། ཕྱི་དང་ནང་དུ་བཅས་པ་བསང་གཏོར་བྱའོ། །དེ་ནས་

དཀྱིལ་འཁོར་ཆེན་པོ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཁའི་དབུས་སུ་བཞག་ལ། ཨོཾ་བཛྲ་ཙཀྲ་ཧཱུཾ་ཞེས་བཟླས་བརྗོད་བྱའོ། །དེ་ནས་ཕྱི་དྲོའི་དུས་སུ་གླུ་དང་རོལ་མོའི་མཆོད་པ་རྣམས་དང་། མེ་ཏོག་དང་སྤོས་ལ་སོགས་པ་རྣམས་ཀྱིས་དང་པོའི་འཁོར་ལོ་ཇི་སྙེད་པ་

དང་། ཅི་འདོད་པ་དེ་བཞིན་དུ་མཆོད་ཅིང་བརྟག་པར་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་དམ་ཚིག་སེམས་དཔའི་སྐུ་གཟུགས་ལུགས་མ་ལ་སོགས་པ་དམར་སྐྱ་ས་མ་ཡ་སྟྭཾ་ཞེས་བརྗོད་ལ་རང་གི་སྙིང་པོས་བཞུགས་སུ་གསོལ་ཏེ། ཡི་གེ་ཕྱིན་ཅི་མ་ལོག་པས་ཁ་སྦྱར་གྱི་

སྡོམ་པ་གསལ་བར་སྣང་ལ་བཞུགས་པའི་བཅོམ་ལྡན་འདས་རང་གི་དམ་ཚིག་ཕྱག་རྒྱས་དགུག་པ་ལ་སོགས་པའི་ཚུལ་གྱིས་བཀུག་ལ་བཅུག་སྟེ་བཅིངས་ནས་དབང་དུ་བྱས་ཏེ། ཕྱག་རྒྱ་བཞིས་རྒྱས་བཏབ་པ་བྱས་ལ། བྱིན་གྱིས་བརླབ་ཅིང་མཉེས་པར་བྱས་ནས་གཞག་པར་བྱ་སྟེ།

དེ་བཞིན་དུ་ཐམས་ཅད་ལའང་ཤེས་པར་བྱའོ། །ཨོཾ་ཧཱུཾ་ཧྲཱིཿབྷ་ག་བཱན་ཛྙཱ་ན་མཱུརྟི་བཱ་གཱི་ཤྭ་ར། མ་ཧཱ་པ་ཙ་ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཞེས་བྱ་བ་འདིས་དབུས་སུ་བཅོམ་ལྡན་འདས་བཞུགས་སུ་གསོལ་ཏེ། གཞན་ཡང་། ཨོཾ་ཧཱུཾ་ཧྲཱིཿཞེས་བྱ་བའི་སྙིང་པོས་བཞུགས་

སུ་གསོལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ། །ཡང་ན་རང་རང་གི་སྔགས་ཀྱིས་བཞུགས་སུ་གསོལ་ཏེ། དེ་ལ་ཨོཾ་བྷྲཱུྃ་ཨུཥྞཱི་ཥ། ཤར་གྱི་ཕྱོགས་ཀྱི་འདབ་མ་ལའོ། །ཨོཾ་ཏེ་ཛོ་ར་ཤི་སྭཱ་ཧཱ། ལྷོར་རོ། །ཨོཾ་མ་མ་མ་མ་ཧཱུཾ། ནུབ་

ཏུའོ། །ཨོཾ་བི་ཛ་ཡ་ཧ། བྱང་དུའོ། །ཨོཾ་ཀླེ་ཤ་ཨཥྚ་ནི་ཧཱུཾ་ཕཊ། དབང་ལྡན་གྱི་ཕྱོགས་སུའོ། །ཨོཾ་ཛྭ་ལ་ཛྭ་ལ། དི་བྱ་དི་བྱ། ཨུདྒྷ་ཊ་ཨཥྞཱི་ཥ་དྷུ་ན་དྷུ་ན་ཧཱུཾ། མེའི་ཕྱོགས་སུའོ། །ཨོཾ་ཏྲཾ་བནྡྷ་ཧཱུཾ། བདེན་བྲལ་གྱི་ཕྱོགས་སུའོ། །ཨོཾ་ཛྭ་ལ་ཛྭ་ལ་ཨུཥྞཱི་ཥ། ཨོཾ་ཛྭ་ལ་ཛྭ་ལ། བནྡྷ་བནྡྷ། ད་མ་ད་མ།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด