འཕགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོའི་རྒྱ་ཆེར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་ཏེ་ཛོ་རཱ་ཛཱ་ནཱ་མ་ཀལྤ་རཱ་ཛ་སྱ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๖ · หน้า 259b

པ་ནི། །བྱང་ཆུབ་སེམས་ནི་རྣམ་སྤངས་པས། །གསང་བའི་བདག་པོ་དེ་མི་དག །དེ་བས་རྟོག་པ་རྣམས་སྤངས་ནས། །ས་ཀུན་རྣམ་པར་སྦྱང་བར་བྱ། །ང་ཡིས་དཀྱིལ་འཁོར་རྣམས་ཀྱི་ནི། །ཆོ་ག་རྒྱས་པར་གང་བསྟན་པ། །དེ་དག་ཐོག་མར་བསྟན་པ་ནི། །རྨོངས་པ་རྣམས་

ཀྱིས་མི་ཤེས་ཏེ། །རྟོག་པ་སྡུག་བསྔལ་རྒྱུར་གྱུར་པ། །ཇི་སྲིད་མ་སྤངས་བར་དུ་ནི། །འཇིག་རྟེན་འདི་ན་སངས་རྒྱས་མིན། །ཀུན་མཁྱེན་ཞེས་ཀྱང་མི་བྱའོ། །སློབ་མ་རྣམས་ནི་ནན་ཏན་དུ། །བྱང་ཆུབ་སེམས་ཀྱིས་སྦྱང་བར་བྱ། །ཞེས་སོ། །ཡང་དེ་ཉིད་ལས་གསང་

བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ཀྱི་ཡིད་ཀྱིས་དེ་བཞིན་གཤེགས་པའི་ས་ལ་གནས་ཏེ། དཀྱིལ་འཁོར་བྲི་བར་བྱའོ། །གཞན་དུ་བྱས་ན་སངས་རྒྱས་དང་

བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་ཀྱང་བསླུས་པར་འགྱུར་རོ། །དམ་ཚིག་ལས་འདས་པ་ངེས་པར་ངན་སོང་དུ་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །དེ་བས་ན་ནང་གི་དཀྱིལ་འཁོར་སྤྲོས་པ་མེད་པ་འདི། ཕྱིའི་དཀྱིལ་འཁོར་གྱི་དང་པོར་ནན་ཏན་དུ་གསུངས་པའོ། །

དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཀུན་དགའ་ལ་སོགས་ཞེས་བྱ་བ་ལ་སོགས་པ་ནི་ས་མདོར་བསྟན་པ་སྟེ། རྒྱས་པར་ནི་ཇི་སྐད་དུ་གསུངས་པའོ། །དེ་ནས་གཞན་ཡང་བཤད་པར་བྱ། །གང་ཚུལ་མཐོང་ན་དགེ་བ་ཡི། །ས་དང་མི་དགེ་བསྒྲགས་པ་ཡི། །ས་ཡི་

ཆ་ཡི་མཚན་ཉིད་དོ། །མཐོན་དམན་དང་ནི་ཚེར་མས་གང་། །ཐོད་པ་ཡིས་ནི་འཐབས་པ་དང་། །གདབ་པ་དོང་དང་ནག་པོར་གནས། །སྦྲུལ་དང་གྲོག་ཚང་ཐལ་བའི་སྟེང་། །གསེག་མ་རྡུལ་དང་སྒྲ་དང་ནི། །འབྲུ་དང་སྲིན་འབུ་འཁྲུག་པ་སྟེ། །འདི་འདྲའི་ས་ནི་མཁས་པ་

ཡིས། །ལས་ཀུན་ལ་ནི་རྣམ་པར་སྤངས། །ཆ་མཉམ་ཤིན་ཏུ་གཙང་ཞིང་འཇམ། །གཏིང་ཟུག་སྐྱོན་ནི་རྣམས་སྤངས་པའི། །བྱང་ཤར་དུ་ནི་ཤར་ཉིད་ཀྱི། །ས་ནི་ཀུན་ལ་བསྔགས་པ་ཡིན། །དང་པོར་པུས་ནུབ་ཙམ་བརྐོས་ལ། །ས་དེ་ཉིད་ཀྱིས་དགང་བར་བྱ། །གལ་ཏེ་དེ་

เล่ม ๖๖ · หน้า 260a

ཉིད་ལྷག་གྱུར་ན། །དེ་ནི་གྲུབ་པར་འགྱུར་བར་བསྟན། །འདི་ལས་བཟློག་ན་སྒྲུབ་པ་པོས། །ལས་ནི་བརྩམ་པར་མི་བྱ་སྟེ། །བརྩམས་ན་སྡུག་བསྔལ་ཐོབ་འགྱུར་ཞིང་། །དཔལ་དུ་ཡང་ནི་མི་འགྱུར་རོ། །སྐྱེ་བོ་བཟང་པོ་མང་བ་དག །དཀྱིལ་འཁོར་ས་ནི་

གང་ཡིན་པར། །དེ་བསྔགས་དངོས་གྲུབ་བྱེད་པ་སྟེ། །ཆུ་མེད་པ་ནི་མཁས་པས་སྨད། །ཆུ་དང་ལྗོན་ཤིང་སྣ་ཚོགས་དང་། །ལོ་མ་མེ་ཏོག་འབྲས་བུ་དང་། །འོ་མ་ཅན་གྱི་ཤིང་ཡོད་པ། །དེ་ནི་དཀྱིལ་འཁོར་ས་རུ་བསྔགས། །ཡོན་ཏན་ཀུན་དང་ལྡན་པའི་ས། །བཟང་

པོ་ཤིང་དང་བཅས་པ་དང་། །ཆུ་དང་ཉེ་བའི་ས་ལ་ནི། །དཀྱིལ་འཁོར་ལས་དེ་དེ་རུའོ། །ཞི་བར་བྱེད་པའི་ལས་ཀྱི་ས། །ཁ་དོག་དཀར་པོར་ཡོངས་སུ་བརྟག །དམར་དང་སེར་ལ་རྒྱས་པའི་དོན། །ནག་པོ་ལ་ནི་མངོན་སྤྱོད་དོ། །གངྒཱའི་འགྲམ་དང་པདྨའི་ཚལ། །ཆུ་བོ་ཆེ་དང་ཉེ་བའང་རུང་། །

ནེའུ་སིང་དང་ནི་ཉམས་དགའ་བར། །ཞི་བའི་དཀྱིལ་འཁོར་བྲི་བར་བྱ། །མ་མོའི་གནས་སམ་དུར་ཁྲོད་དམ། །སྐྱེ་བོ་མེད་དང་ཁང་སྟོང་དང་། །གང་ཡང་མངོན་པར་མི་འདོད་པའི། །ཕྱོགས་དེ་རྣམས་སུ་མངོན་སྤྱོད་དེ། །རི་རྩེ་བ་མེན་བ་ལང་གི། །ལྷས་དང་མཆོད་

རྟེན་གདུང་བཅས་ཁྱིམ། །འདི་ལྟ་བུ་ལ་སོགས་ཕྱོགས་སུ། །རྒྱལ་པོའི་དཀྱིལ་འཁོར་བྲི་བར་བྱ། །མཆོད་རྟེན་ཆེ་དང་ཉམས་དགའ་དང་། །རྣམ་པར་དབེན་པའི་ཁང་པ་དང་། །རི་རྩེ་རྣམས་སུ་རྒྱ་ཆེན་པོ། །གྲུབ་པར་བྱ་ཕྱིར་དཀྱིལ་འཁོར་བྲི། །རི་དང་གླིང་མ་

མཁར་དང་ནི། །མ་ཐོས་དང་ནི་ཕུག་ཐག་ཏུ། །དཔལ་གྱི་སྒོ་ནི་འདོད་པ་ཡིས། །ས་འོག་རྡོ་རྗེ་དཀྱིལ་འཁོར་བྲི། །ཆུ་སྐྱེས་རྒྱས་པའི་ནགས་ཚལ་ནི། །ངང་པའི་ཚོགས་ཀྱིས་སྒྲ་སྒྲོགས་སྐད་ཕྱུང་བར། །རྒྱལ་སྲིད་འདོད་དམ་ནོར་འདོད་པས། །དཔལ་འབྱོར་ཀུན་

གྱི་དཀྱིལ་འཁོར་བྲི། །མ་མོའི་གནས་དང་ལྷ་རྟེན་ནམ། །ལྷ་ཡི་ཁང་པའང་རུང་བར་ནི། །རྡོ་རྗེ་ལྕགས་ཀྱུས་གཟུང་དབབ་དང་། །གཞོམ་པའི་དཀྱིལ་འཁོར་བྲི་བར་བྱ། །ལམ་ཆེན་བཞི་མདོ་མཆོད་རྟེན་དང་། །ཕྱག་ན་རྡོ་རྗེའི་སྤྱན་སྔ་རུ། །ཁྲོ་བོའི་རྒྱལ་པོ་བགེགས་ཀྱི་ནི། །

เล่ม ๖๖ · หน้า 260b

དཀྱིལ་འཁོར་སྒྲུབ་པ་པོ་ཡིས་བྲི། །དེ་བཞིན་གཤེགས་པའི་བཞུགས་གནས་དང་། །གཙུག་ལག་ཅན་དང་མཛེས་པ་ནི། །མཁས་པ་ཡིས་ནི་ཁྱད་པར་དུ། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །རབ་གནས་ལ་སོགས་ཐམས་ཅད་ཀྱི། །དཀྱིལ་འཁོར་རྣམས་ཀྱི་ཚུལ་ཉིད་

ལ། །པདྨའི་ཚལ་དང་ཉེ་བ་རུ། །མཁས་པས་ཁྱད་པར་བྲི་བར་བྱ། །གསལ་བ་ལ་སོགས་ཐམས་ཅད་ནི། །མཁས་པས་རི་ཡི་རྩེ་མོ་རུ། །དཀྱིལ་འཁོར་རྣམས་ལ་ཁྱད་པར་དུ། །ཐིག་གི་ཆོ་ག་ཉིད་ཀྱིས་བྲི། །ཁྱེད་ལ་གནས་ནི་རྣམ་ངེས་པའི། །ཁྱད་པར་རྒྱས་པར་སྟོན་པ་

སྟེ། །ཐམས་ཅད་དུ་ནི་ས་རྣམ་གསུམ། །ནན་ཏན་གྱིས་ནི་ཡོངས་སུ་བརྟག །ཅེས་པ་དང་། བླ་གབ་མེད་དང་དོགས་པར་ནི། །བསྒྲུབ་པའི་དཀྱིལ་འཁོར་མ་གཏོགས་པ། །སློབ་དཔོན་གྱིས་ནི་གཞན་མི་བྲི། །བྲིས་ན་འཕྲལ་དུ་འཆི་བར་འགྱུར། །ཞེས་པ་དང་།

ཕུག་ཏུ་ཡང་ནི་བསྒྲུབ་པ་ཡིན། །ས་ཕྱོགས་དོགས་པར་མི་བྱའོ། །ཁང་རུལ་གང་དུ་བློ་ཅན་གྱིས། །བསྒྲུབ་པ་བརྩམ་པར་མི་བྱའོ། །ཞེས་གསུངས་སོ། །འདིར་ཡང་གནས་ཆེན་པོ་པ་ནི་ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བ་ལས་ཤེས་པར་བྱའོ། །ཚིག་གི་དོན་

ནི་གོ་སླའོ། །ཇི་བཞིན་པ་ཡི་ཆོ་ག་ཡིས། །གནས་དེ་བྱིན་གྱིས་བརླབས་བརྩམ་པ། །ཞེས་བྱ་བ་འདིར། ཇི་བཞིན་པ་ཡི་ཆོ་ག་འདི། །ཇི་ལྟར་རིགས་པའི་ཆོ་ག་སྟེ། །གལ་ཏེ་གཙུག་ལག་ཁང་ལ་སོགས་པ་སྔར་ལོངས་སྤྱོད་པ་ཞིག་ཡིན་ན། བདུད་རྩི་འཁྱིལ་པས་

བཟླས་པའི་སྤོས་ཆུས་གཏོང་བ་ཙམ་གྱིས་སྦྱངས་ལ། སྔར་ལོངས་མ་སྤྱད་པ་ཞིག་ན་ནི་སྦྱང་བའི་ཆོ་ག་རྒྱས་པར་བྱའོ། །ད་ནི་འདིར། ཇི་བཞིན་པ་ཡི་ཆོ་ག་ཡིས། །ཞེས་བྱ་བ་ལ་བརྟེན་ཏེ། བསྙེན་པ་དང་སའི་རིམ་པ་རྒྱས་པར་བསྟན་ཏེ། དང་པོར་སློབ་དཔོན་ཡོན་ཏན་

དང་ལྡན་པ་ལ། སློབ་མས་སློབ་མ་དབང་བསྐུར་བའི་ཕྱིར། ལན་གཉིས་ལན་གསུམ་དུ་གསོལ་བ་བཏབ་པ་ན། སློབ་དཔོན་གྱིས་ཅི་ཁྱོད་ཡོ་བྱད་རྣམས་ཚོགས་སམ་ཅི་སྟེ་མ་ཡིན་ཞེས་དྲི་བར་བྱའོ། །གལ་ཏེ་མ་ཚོགས་སོ་ཞེས་ཟེར་ན། རེ་ཞིག་དེ་ལ་ཡོ་བྱད་ཚོགས་སུ་

เล่ม ๖๖ · หน้า 261a

གཞུག་པར་བྱའོ། །གལ་ཏེ་མ་ལུས་པར་རྙེད་དོ་ཞེས་ཟེར་ན། བག་ཡོད་པའི་བསྒོ་བ་དང་བསྲུང་བར་བྱའོ་སྟེ། ཁ་ཅིག་ནི་ཚོགས་ལ་ཁ་ཅིག་ནི་མ་ཡིན་ནོ་ཞེས་ཟེར་ན་མ་ཚོགས་པ་བཙལ་བ་དང་། བག་ཡོད་པར་བསྒོ་སྟེ་བསྲུང་བར་བྱའོ། །དེ་ལ་བསྲུང་བའི་

ཆོ་ག་ནི། སློབ་མའི་ལྟེ་བར་རཾ་ལས་བྱུང་བའི་ཉི་མ་ལ་ཧཱུཾ་འོད་ཟེར་དྲག་པོ་དང་བཅས་པའོ། །དེའི་སྙིང་གར་ཡང་ཡི་གེ་ཀཾ་ནག་པོ་ལས་བྱུང་བའི་སྡིག་པ་ཤ་ཟ་ལྟ་བུ། མི་སྡུག་པ་སྐྲ་ཁམ་པ་གྲོལ་བ་མཆེ་བ་ཅན། མིའུ་ཐུང་གཅེར་བུར་བསམས་ཏེ། དེ་ནས་ལྟེ་བའི་ཧཱུཾ་ལས་དྲག་

པོའི་འོད་ཟེར་བྱུང་བས་སྡིག་པའི་ངོ་བོ་དེ་གཟིར་ནས་སྣའི་རྩེ་མོ་ནས་འཐོན་ཏེ། སློབ་མའི་མདུན་དུ་བལྟས་ལ། དེ་ནས་ལྟེ་བའི་ཉི་མ་ཧཱུཾ་དང་བཅས་པ་སྙིང་གར་སོང་ཞིང་། ཧཱུཾ་རྡོ་རྗེ་གནོད་སྦྱིན་ནག་པོ་འཇིགས་སུ་རུང་བ། ལག་པ་གཡས་དང་གཡོན་ན། མཆེ་བ་དང་སྡིགས་

མཛུབ་འཛིན་པར་བསྐྱེད་ལ། སློབ་མའི་སྙིང་ག་ནས་མདུན་དུ་འཐོན་པར་བསམས་ཏེ། དེ་ནས་སློབ་དཔོན་གྱིས་ཨོཾ་བཛྲ་ཡཀྵ་ཀྲོ་དྷ་པཱ་པཾ་ནྱེ་ས་ཁཱ་ད་ཁཱ་ད་ཧཱུཾ་ཕཊ་ཅེས་བསྐུལ་བས་ཁྲོ་བོ་དེས་སྡིག་པ་དེ་མ་ལུས་པར་ཟོས་ཏེ། སླར་སློབ་མའི་སྙིང་གར་ཐིམ་པར་བསམས་ལ།

དེ་ནས་སྟོང་པ་ཉིད་ལས་སློབ་མ་ཀུན་དུ་བཟང་པོར་གྱུར་པའི་སྙིང་གར་ཟླ་བ་ལ་ཡི་ག་ཁཾ་ལས་སྣ་ཚོགས་རྡོ་རྗེ་བསམས་ལ། རང་གི་ལྷའི་སྔགས་སམ། བདུད་རྩི་འཁྱིལ་པའི་སྔགས་བརྒྱ་རྩ་བརྒྱད་ཀྱིས་གསུངས་ཏེ། ཇི་སྲིད་དཀྱིལ་འཁོར་ཆེན་པོ་དབང་མ་བསྐུར་གྱི་བར་དུ་

སྡིག་པའི་ལས་དང་སྲོག་གི་བར་ཆད་དུ་འགྱུར་བའི་ལས་མ་བྱེད་ཅིག་ཅེས་བསྒོ་ལ། གནས་གཅིག་ཉིད་དུ་སློབ་དཔོན་གྱི་སྔར་བསྟན་པའི་ཚུལ་ཉིད་ཀྱིས་ལྷག་པའི་ལྷའི་སྔགས་འབུམ་མམ། རྩ་བའི་སྔགས་འབུམ་དང་། དཀྱིལ་འཁོར་སོ་སོའི་སྔགས་ཁྲི་ཁྲི་བཟླས་ཏེ། གལ་ཏེ་

ལྷས་གནང་བ་ཐོབ་ན་ནི་དེ་ཉིད་ཀྱི་ཚེ་ནའོ། །དེ་ལྟར་བསྙེན་པ་བྱ་བ་ནི། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། དཀྱིལ་འཁོར་གྱི་ནི་སྔོན་རོལ་དུ། །བྱ་བ་རྣམས་ནི་ངེས་པས་ཉོན། །སོ་སོའི་ལས་རྣམས་འདོད་པ་ཡིས། །ཚུལ་ཤེས་པས་ནི་ཅི་རིགས་པར། །རང་

เล่ม ๖๖ · หน้า 261b

གི་ཏིང་འཛིན་ལ་གནས་ཏེ། །རིག་སྔགས་རྒྱལ་པོ་སྟོབས་པོ་ཆེ། །ཡན་ལག་བཅུ་གཉིས་ཚིག་འབྱུང་བ། །གོ་རིམས་བཞིན་དུ་བཟླས་བརྗོད་བྱའོ། །ཞེས་གསུངས་སོ། །འདིར་ཡན་ལག་བཅུ་གཉིས་པའི་ཚིག་ནི་མཚོན་པའོ། །དེ་བཞིན་དུ་འཕགས་པ་རབ་ཏུ་གྲུབ་

པར་བྱེད་པ་ལས་ཀྱང་། སྔགས་པ་རྣམས་ནི་མཐུ་ཤེས་ནས། །བསྙེན་པ་ལས་ནི་དངོས་གྲུབ་བཙལ། །ཞེས་གསུངས་སོ། །འདི་ནི་སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ནས་བདག་གིར་བྱ་བ་ནི། གང་དུ་དཀྱིལ་འཁོར་ལ་སོགས་པ་བྱེད་པར་འདོད་པའི་ས་དེའི་བདག་པོ།

རྒྱལ་པོ་ལ་སོགས་པས་གནང་བར་བྱའི་གཞན་དུ་མ་ཡིན་ཏེ། ཇི་སྐད་དུ་དཀྱིལ་འཁོར་སྤྱིའི་ཆོ་ག་གསང་བའི་རྒྱུད་ལས། ས་ཡི་བདག་པོས་གནང་ན་ནི། །སློབ་དཔོན་གྱིས་ནི་དཀྱིལ་འཁོར་བྲི། །ཞེས་གསུངས་སོ། །དེ་ནས་སའི་བདག་པོ་མངོན་སུམ་ཞེས་བྱ་བ་

ལས་གནང་བ་ཐོབ་ནས། གང་དུ་དཀྱིལ་འཁོར་བྱ་བར་འདོད་པ་དེར་སོང་སྟེ། དེ་ན་གནས་པའི་མི་མ་ཡིན་པ་ལ་གཏོར་མ་བཟང་པོ་བྱིན་ལ། ས་འདི་བདག་ལ་བསླང་ཤིག་ཅེས་བསླང་སྟེ། ཆོས་བསྒྲགས་པ་འཕགས་པ་སའི་མདོ་ལས་བརྗོད་པ། ལྟོ་འཕྱེ་

ལ་ནི་མི་གནོད་པར། །དགུན་ཟླ་འབྲིང་པོ་ལ་སོགས་ནས། །བརྩམས་ཏེ་ཟླ་བ་གསུམ་གསུམ་དུ། །ལྟོ་འཕྱེ་ལྷོ་དང་ནུབ་དང་བྱང་། །ཤར་དུ་དེ་ཡི་མགོ་བོ་སྟེ། །གཡོན་པའི་ཟུར་གྱིས་ཉལ་བ་ཡིན། །འདི་ལྟོས་ཤེས་པར་བྱས་ལ་བརྐོ། །མགོ་བོ་རྒྱབ་ཕྱོགས་ནས་

བརྐོས་པའི། །སྐྱོན་ནོ་རྒྱས་པ་ལས་ཤེས་བྱ། །ཞེས་གསུངས་པའི་རིམ་པས་དོང་ཁྲུ་གང་ཙམ་ལ་དབུས་ནས་བརྩམས་ཏེ། རྒྱ་ལ་མཐོ་གང་ཞིག་བརྐོས་ཏེ། ཆུས་གང་བར་བཀང་ལ། སློབ་དཔོན་གོམ་པ་བརྒྱ་མྱུར་བར་ཕྱིར་སོང་སྟེ། མྱུར་དུ་ལོག་པ་ནས་ཆུ་དེ་དམའ་བར་མ་

གྱུར་ན་སའི་བདག་པོ་དེས་བྱིན་པའོ། །ཡང་ན་དེར་གཏོར་མ་སྦྱིན་པ་དང་། ཆོས་བསྒྲགས་པ་བྱས་ལ། མཚན་མོ་ཉལ་ཏེ། རྨི་ལམ་གྱི་མཚན་མ་ཐོབ་པར་བྱའོ། །དེ་དག་གིས་མ་བྱིན་པར་ནི་དེར་དཀྱིལ་འཁོར་མི་བྱ་སྟེ། མ་བྱིན་པར་ལེན་པའི་ཉེས་པ་དང་བར་ཆད་སྤང་པའི་

เล่ม ๖๖ · หน้า 262a

ཕྱིར་རོ། །འདི་ནི་ས་བདག་གིར་བྱ་བའོ། །དེ་ནས་ལྷ་མ་ཡིན་མ་རུངས་པ་ལ་སོགས་པ་དང་། ལྷའི་བུའི་བདུད་དང་ལོག་འདྲེན་ལ་སོགས་པ་ཆེད་དུ་སའི་བགེགས་བྱེད་པ་དེ་དག་གཞོམ་པའི་ཕྱིར། དེར་མངོན་སྤྱོད་ཀྱི་སྦྱིན་སྲེག་གི་ཆོ་གས་མི་རུས་ཀྱི་

ཕྱེ་མ་ཁྲག་དང་། དུག་དང་བཅས་པར་བསྲེག་སྟེ་མཆོད་པ་ལྔ་དང་གཏོར་མ་བཀོད་ལ། སློབ་དཔོན་གྱིས་རང་གི་སྙིང་གའི་འོད་ཟེར་རམ། འཆད་པར་བྱེད་པའི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་དང་སྔགས་ཀྱིས་སའི་ལྷ་མོ་མདོག་སེར་མོ་རབ་ཏུ་མཛེས་པ། ལོ་བཅུ་དྲུག་ལོན་པའི་ན་ཚོད་

ཅན། ལག་པ་གཉིས་ན་གསེར་གྱི་བུམ་པ་འཛིན་པ་བཀུག་ལ། ཡོན་ཆབ་དང་བཅས་པའི་མཆོད་པ་ལྔ་དང་། གཏོར་མ་ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་ཆེ་གེ་མོ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པས་ཕུལ་ཏེ། སྐྱོབ་པ་སངས་རྒྱས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གསོལ་བ་བཏབ་

ལ། དེ་ནས་མཁའ་ལ་བཏེག་སྟེ། དངོས་གྲུབ་ཀྱི་བྱེ་བྲག་ལས། ལྐོག་མ་དང་། སྙིང་ག་དང་། ལྟེ་བའམ། སྟ་ཟུར་དང་པུས་མོ་ནུབ་ཙམ་དུ་དོང་སྟེ་དེ་དང་འཚམ་པའི་རྒྱར་བརྐོས་ཏེ། སྐྲ་དང་རུས་པ་དང་། རྡོ་ལ་སོགས་པ་བསལ་ཏེ། དྲི་ཞིམ་པོའི་ཆུ་རྡོ་རྗེ་ཁྲོ་བོའི་

སྔགས་ཀྱིས་བཏབ་པ་གཏོར་ཏེ། གཏོར་མ་བྱིན་ལ་ཞི་བའི་སྦྱིན་སྲེག་བྱ་སྟེ། དོང་གི་གཏིང་དུ་རིན་པོ་ཆེ་ལྔ་དང་འབྲུ་ལྔ་དང་། སྨན་ལྔ་རས་དཀར་པོས་སོ་སོར་ཕུར་ཏེ། བུམ་པ་སར་པའི་ནང་དུ་བཅུག་སྟེ་བཞག་ལ། དོང་དེ་ས་དེ་ཉིད་ཀྱིས་དགང་སྟེ། གལ་ཏེ་མཐོ་བར་

གྱུར་ན་རབ་ཏུ་འགྲུབ་པར་སྟོན་ཅིང་། ཐད་ཀར་ཁེངས་ཀྱང་བརྩམ་པར་བྱའོ། །ཁ་མ་ཁེངས་ན་བརྩམ་པར་མི་བྱ་སྟེ། སྔར་ལུང་གིས་ཀྱང་བསྟན་ཏོ། །མཁས་པས་རིན་ཆེན་ལ་སོགས་པས། །ས་གཞི་སྙིང་པོ་ལྡན་པར་བྱ། །ཐང་བུ་ལ་ཡང་ཅི་རིགས་པར། །ས་

རྫས་གཞག་པའི་འོག་ཏུ་སྟེ། །ཆོ་ག་དེ་ནི་ཕྱི་རོལ་དུའོ། །ཞེས་པ་དང་། ཡང་། འབྲས་སོ་བ་དང་མོན་སྲན་གྲེའུ། ནས་དང་གྲོ་དང་ཏིལ་དང་ལྔ། །འབྲུ་རྣམས་ཀུན་ཞེས་བྱ་བ་ནི། །ལས་རྣམས་ཀུན་ལ་འདི་དག་གསུངས། །སིདྷ་བྱ་ཀྲྀ་ཀྲི་ཀ་ནི། །ཧ་ས་དེ་བ་ཧ་ས་སྟེ། །སྨན་

เล่ม ๖๖ · หน้า 262b

རྣམས་ཀུན་ཞེས་བྱ་བ་ལ། །ལྔ་པོ་འདི་རྣམས་ཤེས་པར་བྱ། །བྱི་རུ་དང་ནི་ས་ལེ་སྦྲམ། །དུང་དང་མུ་ཏིག་ནོར་བུ་སྟེ། །རིན་ཆེན་ཀུན་ཞེས་བྱ་བ་ལ། །ལྔ་པོ་འདི་དག་ཤེས་པར་བྱ། །ཞེས་སོ། །དེ་ནས་རྡུལ་ཚོན་ཇི་ཙམ་དུ་དགྱེ་བར་འདོད་པའི་ཉིས་འགྱུར་དུ། ས་གཞི་

དེ་རབ་ཏུ་འཐས་པར་བཅགས་པས། ལག་མཐིལ་ལྟར་མཉམ་པར་བྱས་ཏེ། དེ་ནས་བའི་རྣམ་ལྔ་དྲི་ཞིམ་པོའི་ཆུས་བྱུག་པར་བྱ་བ་ནི། ཇི་སྐད་དུ། དཀྱིལ་འཁོར་བྲི་བའི་ས་གཞི་ནི། །བྱི་དོར་ལེགས་བྱས་ལེགས་པར་བྱུགས། །ཁྲོ་བོ་ཆེན་པོའི་བཟླས་པ་ཡི། །སྤོས་

ཆུས་བསང་གཏོར་བྱས་པ་ལ། །ཞེས་པ་ལྟ་བུའོ། །སའི་བྱེ་བྲག་ཁ་ཅིག་ལ་ནི་དེ་ལྟར་བྱ་བ་མི་སྦྱར་ཏེ། ཇི་སྐད་དུ། ས་གཞི་གང་ན་འཐས་པ་དང་། །ཁང་ཐོག་དང་ནི་རྡོ་ལེབ་དང་། །མཆོད་རྟེན་དྲུང་དང་འབབ་ཆུའི་འགྲམ། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་

གཞི་སྦྱང་ཞིང་བརྟག་པ་དག །ནན་ཏན་དུ་ནི་བྱ་མི་དགོས། །དེར་ནི་ཟུག་རྔུ་དབྱུང་མི་དགོས། །འཐས་པས་བཅག་ཀྱང་དེར་མི་དགོས། །མཐོན་དམན་ལ་སོགས་སྐྱོན་རྣམས་ཀྱང་། །དེར་ནི་དོགས་པ་བསྐྱེད་མི་དགོས། །རང་བཞིན་གནས་པའི་ས་གཞི་ལ། །བྱི་དོར་ལེགས་

པར་བྱས་ནས་སུ། །ལག་པས་བྱབས་ནས་གསང་སྔགས་བཟླས། །དེ་ཡི་སྦྱང་བ་དེ་ཡིན་ནོ། །ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །དེ་ནི་གསང་སྔགས་ཉིད་ཀྱིས་སུ། །སྦྱང་བ་ལེགས་པར་བྱས་པར་འགྱུར། བསད་པ་ཡི་ནི་ལས་རྣམས་དང་། །གདོན་རྣམས་ཚར་

གཅོད་ལ་སོགས་དང་། །དྲག་ཤུལ་སྤྱོད་པ་དག་ལ་ཡང་། །ས་ནི་རབ་ཏུ་སྦྱང་མི་དགོས། །ཁྲོ་བོ་ཀཱི་ལི་ཀཱི་ལ་ཡིས། །བསང་གཏོར་བྱས་ན་སྦྱངས་པར་འགྱུར། །ཞེས་པ་དང་། ཡང་། ཁང་པའམ་དྲི་གཙང་ཁང་དུ་ནི། །བསང་གཏོར་བྱས་པས་དག་པར་བཤད། །དེ་བས་དེར་ནི་ས་མི་བརྐོ། །ཞེས་གསུངས་

པས་སོ། །དེ་ནས་སའི་ལྷ་མོ་བསྟིམས་ལ། སའི་དབུས་སུ་པདྨ་དང་ཟླ་བ་དང་སྣ་ཚོགས་རྡོ་རྗེའི་སྟེང་གི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཕྲ་མོ་སྤྲོས་པས། ས་ཕྱོགས་དེ་རྡོ་རྗེར་གྱུར་པར་བསམས་ལ། སྣ་ཚོགས་རྡོ་རྗེ་ནས་རིམ་གྱིས་ས་ལ་བསྟིམས་ལ། ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་

เล่ม ๖๖ · หน้า 263a

བཟླས་ཏེ། འདི་ནི་ཕྱིའི་ས་སྦྱང་བའོ། །དེ་ནས་སློབ་དཔོན་གྱི་དཀྱིལ་འཁོར་གྱི་དབུས་དེར་སྟན་འཇམ་ཞིང་བདེ་བ་ལ་འདུག་སྟེ། གཏོར་མ་བྱིན་ལ་བདག་ཉིད་གཟེངས་བསྟོད་པར་བྱ་སྟེ། དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པ་འབྲས་བུར་

བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་བདག་ནི་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པར། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །

སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །ཞེས་པས་སོ། །དེ་ནས་ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ལ། སྤོས་སྣོད་ལག་ཏུ་ཐོགས་ཏེ། སངས་རྒྱས་རྣམས་ལ་གསོལ་བ་གདབ་པ་ནི། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །

ཐམས་ཅད་བདག་ལ་དགོངས་སུ་གསོལ། །སྲས་བཅས་ལྔ་ནི་གདུགས་འདས་ནས། །ས་གཞི་ཡོངས་སུ་གཟུང་བར་མཛོད། །ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་ཏ་ཐཱ་ག་ཏ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཨ་ཙ་ལེ་བི་མ་ལེ། པྲ་ཀྲྀ་ཏེ་པ་རི་ཤུདྡྷ་སྭཱ་ཧཱ་ཞེས་པས་སོ། །དེ་ནས་དེ་རྣམས་

ཀྱི་སྤྱན་སྔར། ཕྱག་འཚལ་བ་ནས་བཟུང་སྟེ། ཆོ་ག་མ་ལུས་པར་བྱས་ལ། དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞིར་དམིགས་པའི་སློབ་མའམ། མི་བསྐྱོད་པ་ལ་སོགས་པ་བཞིར་དམིགས་པའི་སློབ་མས། ཕྱོགས་བཞི་ནས་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་རྩ་བ་

ལྟ་བུ། དཔལ་གསང་བ་འདུས་པ་ལས་གསུངས་པའི་ཚིགས་སུ་བཅད་པ་འདི་དག་གིས། ཤར་ནས་བརྩམས་ཏེ་གསོལ་བ་གདབ་པར་བྱའོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །

དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་སྤངས་པ། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་

เล่ม ๖๖ · หน้า 263b

པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོས་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་པའམ།

ཡང་ན་ཚིགས་སུ་བཅད་པ་དང་པོ་ཉིད་བཟླས་ཤིང་བརྗོད་པར་བྱའོ། །ཡང་ན་རྒྱུད་འདི་ཉིད་ལས་ཇི་ལྟར་གསུངས་པ་ཉིད་ལན་གསུམ་བརྗོད་དོ། །དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་

སྙིང་པོ་བཟླས། །འཁོར་ལོ་ཀུན་གྱི་ཆོ་ག་ནི། །རྡོ་རྗེ་དྲིལ་བུ་འཛིན་པས་བྱ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་པའི། །རྟོག་པ་ཀུན་ལ་ཡང་དག་འཇུག །དམ་ཚིག་ཆེ་གསུམ་ཞེས་བྱ་བ། །རྒྱལ་འདི་སངས་རྒྱས་སྒྲུབ་བྱེད་ཡིན། །དངོས་གྲུབ་ཀུན་གྱི་ཆོ་ག་ལ། །

རྡོ་རྗེ་དྲིལ་བུ་རབ་ཏུ་བསྐུལ། །ཆོ་ག་ལྷག་མ་མ་ཚང་ཡང་། །འགྲུབ་འགྱུར་སྨད་པར་མི་བྱའོ། །ཞེས་བྱ་བ་སྦྱར་བར་བྱའོ། །དེ་ནས་བདག་ཉིད་གཟེངས་བསྟོད་དེ། བདག་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །

སྟོབས་ཆེན་རྡོ་རྗེ་ཅན་བདག་ཡིན། །རྣལ་འབྱོར་དབང་ཕྱུག་རྒྱལ་པོ་བདག །ཕྱག་ན་རྡོ་རྗེ་བརྟན་བདག་སྟེ། །བདག་པོ་རྡོ་རྗེ་ཆེན་པོ་བདག །བྱིན་གྱིས་བརླབ་པ་མི་འདོར་རོ། །ཞེས་བརྗོད་དེ། ཧཱུཾ་བཛྲོད་ཏིཥྛ་ཞེས་བརྗོད་པས་ཇི་ལྟར་བསྐྱེད་པའི་དཀྱིལ་འཁོར་ནམ་མཁའ་ལ་

བཏེག་སྟེ། སྟན་ལས་ལངས་ནས་བདག་ཉིད་ཁམས་གསུམ་རྣམ་པར་རྒྱལ་བར་གྱུར་པའི་མིག་གཉིས་སུ་མ་དང་ཊ་ལས་མིག་གཡས་གཡོན་ཉི་ཟླ་སེར་པོར་བྱས་ཏེ། བགེགས་ལ་བཀའ་བསྒོ་ནས། །རྐང་མཐིལ་གཉིས་སུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་མེའི་འོད་

འཕྲོ་བ་བསམས་ཏེ། རྐང་པ་གང་དང་གང་དུ་བོར་བ་དེ་དང་དེར་རྡོ་རྗེ་ཀུན་དུ་རྩེ་མོ་འབར་བས་འཁྲིགས་པར་བསམས་ཏེ་སྟང་སྟབས་བྱའོ། །དེ་ནི་ཇི་སྐད་དུ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས་གསུངས་པ། དང་པོ་ཁོ་ནས་ཡོངས་སུ་གཟུང་བར་བྱ་སྟེ། སློབ་དཔོན་གྱིས་ལྷ་

เล่ม ๖๖ · หน้า 264a

ཉིད་ཀྱི་སྟང་སྟབས་ལ་འདུག་ལ། ལག་པ་གཡས་པས་བསྒྲིམས་ཏེ། རྡོ་རྗེ་གསོར་ཞིང་། ལག་པ་གཡོན་པས་དྲིལ་བུ་གསིལ་ནས། རྡོ་རྗེའི་དཀྱིལ་འགྲོས་ཀྱི་དཀྱིལ་འཁོར་གྱི་ས་གཞི་འགྱིང་བག་གིས་ཡོངས་སུ་བསྐོར་བར་བྱའོ། །རྒྱན་ཐམས་ཅད་

ཀྱིས་བརྒྱན་པའི་ཁྲོ་བོའི་ང་རྒྱལ་གྱིས་ཧཱུཾ་ཞེས་བརྗོད་ཅིང་། དཀྱིལ་འཁོར་གྱི་ས་གཞི་འགྱིང་བག་གིས་བསྐོར་ནས་ཀྱང་། ཁྲོ་བོའི་སྐུར་བསྒོམས་པས། སྡང་བའི་ལྷ་དང་ལྷ་མ་ཡིན་དང་། གསང་བ་པ་རྣམས་ལ་ཚིག་འདི་བརྗོད་པར་བྱའོ། །སློབ་དཔོན་མིང་འདི་ཞེས་བྱ་

བས། སློབ་མ་ཆེ་གེ་མོ་ཞིག་གི་རྫོགས་པའི་བྱང་ཆུབ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། ས་ཕྱོགས་འདིར་དཀྱིལ་འཁོར་གྱི་རྒྱལ་པོ་མཚན་འདི་ཞེས་བྱ་བ་འདི་ཡིས། ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་

དང་། དྲི་ཟ་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། བརྗེད་བྱེད་དང་། འབྱུང་པོ་དང་། མཁའ་འགྲོ་མ་དང་། གནོན་པོ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་རིག་སྔགས་འཆང་གྲུབ་པ་རྒན་པོ་འམ་རྒན་མོའམ། གཡོག་དང་འཁོར་དུ་བཅས་པ་གང་དག་

འཁོད་པ་རྣམས་དེངས་ཤིག །འདི་ལྟར་རྡོ་རྗེ་འཆང་གི་བཀའ་ཐོས་ནས་མྱུར་བ་ཉིད་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ནི། ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བ་རབ་ཏུ་ཁྲོས་པའི་བཞིན་འབར་བ་ཅན་གྱིས་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་འབར་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་

འགས་པར་འགྱུར་རོ་ཞེས་ལན་གསུམ་བརྗོད་ནས། སྟང་སྟབས་ལ་གནས་བཞིན་དུ་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །གཡས་བརྐྱང་བ་དང་གཡོན་བསྐུམ་པ་དང་། ས་གའི་འདུག་སྟངས་དང་། ཟླུམ་པོའི་འདུག་སྟངས་དང་། མཐུན་པའི་རྐང་

སྟབས་དང་། རུས་སྦལ་གྱི་རྐང་སྟབས་དང་། རྡོ་རྗེ་གདེངས་པ་དང་། རྡོ་རྗེ་འཇོ་ཚུལ་དང་། རྐང་པ་ཡ་གཅིག་གི་སྟངས་དང་། སེང་གེའི་སྟངས་དང་། སེང་གེ་གླལ་བ་དང་། བུང་བ་འཕུར་བའི་སྟངས་དང་། རྡོ་རྗེའི་སྒྲོག་དང་། རྡོ་རྗེ་གསོར་བ་དང་། རྡོ་རྗེའི་སྟང་སྟབས་

เล่ม ๖๖ · หน้า 264b

དང་། རྡོ་རྗེ་གར་དང་། རྡོ་རྗེ་འཇིགས་སུ་རུང་བ་དང་། རྡོ་རྗེ་རོ་ལངས་དང་། རྡོ་རྗེ་ཐོ་བ་དང་། སྒོ་བཞི་བྱིན་གྱིས་བརླབ་པ་དང་། རྡོ་རྗེ་གདུ་བུ་དང་། བུད་མེད་ཀྱི་སྒྱུ་འཕྲུལ་གྱི་སྟང་སྟབས་དང་། རྡོ་རྗེ་བྲལ་བ་དང་། སྟོབས་ཆེན་གདེངས་པ་དང་། རྡོ་རྗེ་མཆེ་བ་དང་། རྡོ་རྗེ་གད་མོ་དང་། རྡོ་རྗེ་སྒྲ་དང་།

རལ་གྲིའི་ཐབས་དང་། རྡོ་རྗེའི་ཐབས་དང་། འཁོར་ལོའི་ཐབས་དང་། གཏུན་ཤིང་གི་ཐབས་དང་། བ་དན་གྱི་ཐབས་དང་། གཞུའི་ཐབས་དང་། ཞགས་པའི་ཐབས་དང་། པདྨའི་ཚུལ་དང་། བེ་ཅོན་གྱི་ཚུལ་དང་། མི་འཇིགས་པའི་ཚུལ་དང་། ལྕགས་ཀྱུའི་ཐབས་དང་།

གཤོལ་བའི་ཚུལ་དང་། མདུང་གི་ཐབས་དང་། མདའ་གཟུང་བའི་ཐབས་དང་། མདའ་འཕང་བའི་ཐབས་དང་། ཐག་མདུང་བསྐོར་བའི་ཐབས་དང་། མཆོག་སྦྱིན་པའི་ཚུལ་དང་། མདུང་ཐུང་གི་ཐབས་དང་། མཚོན་རྩེ་གཅིག་པའི་ཐབས་དང་། ཕྱག་འཚལ་བའི་

ཚུལ་དང་། རྡོ་རྗེའི་འདུག་སྟངས་དང་། ཏིང་ངེ་འཛིན་གྱི་འདུག་སྟངས་དང་། པདྨའི་འདུག་སྟངས་དང་། སེམས་དཔའི་སྐྱིལ་མོ་ཀྲུང་དང་། དཔའ་བོའི་འདུག་སྟངས་དང་། བཟང་པོའི་འདུག་སྟངས་དང་། ཙོག་བུའི་འདུག་སྟངས་དང་། བརྩེ་བའི་སྟང་སྟབས་དང་།

མདུན་དུ་བསྣུར་བ་དང་། ཕྱིར་འགྱེད་པ་དང་། མཐའ་ཡས་དང་། རྣམ་པར་རྒྱལ་བ་དང་། སྤྲིན་སྒྲ་དང་། གསུས་པོ་ཆེ་དང་། རྒྱལ་པོའི་ཕུར་བུས་གནས་ལྔར་བཅིང་བ་དང་། ཕུར་བུ་བརྡུང་བ་དང་། དྲ་བ་དང་ར་བས་མཚམས་བཅད་པ་དང་། ཕྱོགས་བཅིང་བ་དེ་ལྟ་བུས་

ས་གཞི་རྡོ་རྗེའི་རང་བཞིན་དུ་འོད་འབར་བས་འཁྲིགས་པར་བསྒོམས་ཏེ་གཏན་ལ་དབབ་པར་བྱའོ་ཞེས་གསུངས་པའི་ཚུལ་གྱིས་བྱ་སྟེ། འདི་ནི་ས་ཡོངས་སུ་གཟུང་བའི་ཆོ་གའོ།། །།དེ་ནས་མཚན་མོ་ནང་གི་ས་སྦྱང་བར་བྱ་སྟེ། ཨོཾ་བྷཱུ་ཁཾ་ཞེས་བརྗོད་པས་ས་གཞི་ནམ་

མཁར་བྱས་ཏེ། ཧཱུཾ་ལཾ་ཧཱུཾ་ཞེས་བརྗོད་པས་གསེར་གྱི་རང་བཞིན་དུ་བྱས་ལ། དེའི་དབུས་སུ་པདྨ་ནས་བཛྲ་བནྡྷ་ཧཱུཾ་ཞེས་ཅི་ནུས་བཟླས་པའི་བར་དུ་བྱ་སྟེ། དེ་ནས་ཡང་ས་གཞི་དྲི་དང་བའི་ལྕི་བས་བྱུགས་ལ། ཕྱོགས་མཚམས་བརྒྱད་དུ་མར་མེ་བརྒྱད་དང་བདུག་སྤོས་དུ་བ་འཐུལ་བ་

เล่ม ๖๖ · หน้า 265a

བརྒྱད་བཀོད་དེ། དཀྱིལ་འཁོར་གྱི་ས་ལ་ལག་པ་རེག་བཞིན་དུ། བདག་གི་བདག་པོའི་སྔགས་བརྒྱ་རྩ་བརྒྱད་དང་ཡི་གེ་བརྒྱ་པ་ལན་བརྒྱ་བཟླས་ཏེ། དེ་ནས་དེའི་ནུབ་མོ་ནི་སློབ་དཔོན་རྨི་ལམ་བལྟ་ཞིང་། སྟ་གོན་ལ་གནས་པའི་ནུབ་མོ་སློབ་མ་རྨི་ལམ་བལྟའོ། །དེ་

ལྟར་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། དེ་ནས་སྔགས་པས་ལངས་ནས་སུ། །སྙིང་རྗེར་གྱུར་པའི་ཡིད་ཀྱིས་ནི། །ནུབ་ཀྱི་ཕྱོགས་སུ་གནས་ནས་སུ། །ནང་གི་བདག་ཉིད་རྣམ་དག་པས། །བྱང་ཆུབ་སེམས་ནི་དྲན་བྱེད་ཅིང་། །དེ་ཉིད་དུ་ནི་

ཉལ་བར་བྱ། །དེ་ནས་སྔགས་པས་རྨི་ལམ་བལྟ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་ནམ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས། །སེམས་ཅན་རྣམས་ལ་ཕན་བྱའི་ཕྱིར། །དཀྱིལ་འཁོར་བྲི་བའི་ལས་རྣམས་ལ། །བདག་ཉིད་ཀུན་རྩོམ་འབད་པའམ། །བདག་

ཉིད་ལ་ནི་འདི་སྐད་དུ། །སེམས་ཅན་ཆེན་པོ་བུ་ཁྱོད་ལེགས། །དཀྱིལ་འཁོར་མྱུར་དུ་བྲིས་ཤིག་ཅེས། །སྤྲོ་བ་སྐྱེད་པ་མཐོང་ཡང་རུང་། །གལ་ཏེ་མཚན་མ་ངན་པ་ཞིག་མཐོང་ན། །བྱང་ཆུབ་ཀྱི་སེམས་བསྒོམས་པ་ལ་སོགས་པ་བསྲུང་ངོ་། །སློབ་མ་རྨི་ལམ་ལྟ་བ་འོག་

ནས་འཆད་དོ། །འདི་ནི་ནང་གི་ས་སྦྱང་བའི་ཆོ་གའོ།། །།བྱིན་གྱིས་བརླབས་པའི་གནས་དེར་ནི། །ཞེས་བྱ་བ་ནས། རྟ་བབས་བཞི་དང་ལྡན་པ་དང་། །ཞེས་བྱ་བའི་བར་ནི་གོ་སླའོ། །ཐེམ་སྐས་བཞི་ཡི་ཕྲེང་བ་དང་། །ཞེས་བྱ་བ་ནི། སྒོའི་ཉེ་འཁོར་རི་མོའི་ཕྱི་རོལ་ཆ་

ཆུང་གཅིག་ལ་ཚོན་ནག་པོ་མ་ཡིན་པའི་རི་མོ་བཞི་བྲིས་ཏེ། ཁ་ཅིག་ན་རེ་མདའ་ཡབ་ཀྱི་ཕྱི་རོལ་ཆ་ཆུང་གཅིག་ལའོ་ཞེས་ཟེར་ན། གཞན་དག་ནི་བསྒོམ་པའི་དབང་དུ་བྱའོ། འདི་བྲི་བ་མ་ཡིན་ནོ་ཞེས་ཟེར་ཏེ། སེང་གེ་བན་གླང་རྣམས་ཀྱིས་བརྒྱན། །ཞེས་བྱ་བ་ནི་རྟ་བབས་

ཀྱི་ཆ་དང་པོའི་ཕྱི་རོལ་གྱི་ཆ་ཆུང་གཉིས་ལ་མཆོད་རྟེན་ཡིན་ལ། དེའི་འོག་ཏུ་ཆ་འབྲིང་པོ་གཉིས་ལ་གཡས་གཡོན་དུ། སེང་གེ་དང་གླང་པོ་ཆེ་ཆ་ཆུང་རེ་རེས་མཆོད་རྟེན་དང་མ་འབྲེལ་བར་བྱའོ། །ཁ་ཅིག་ན་རེ་རྟ་བབས་ཀྱི་སར་ངེས་པར་བཞོན་པ་ལས་འབབ་པ་ཡང་།

เล่ม ๖๖ · หน้า 265b

རྗེ་བཙུན་མཆོད་རྟེན་གྱི་དབང་ལས་སོ་ཞེས་ཟེར་ཏེ། དེ་ནི་མ་ཡིན་ཏེ། སྒོ་ཐམས་ཅད་ལ་དེ་མེད་ཀྱང་རྟ་བབས་ཡོད་ན་ངེས་པར་འབབ་པར་རིགས་པ་ནི། འཇིག་རྟེན་ཉེ་བར་སྤྱོད་པ་ལས་ཡིན་ལ། བློ་དང་ལྡན་པ་གུས་ཤིང་ང་རྒྱལ་སྤངས་པ་ནི། དེ་གཉིས་ཀ་མེད་ཀྱང་དེ་བས་

ཆེས་རིང་བ་ནས་བབས་ཏེ། འདིར་ནི་མ་ལུས་པར་མྱུར་དུ་འབབ་པས་ན། ཏྭ་ར་ན་ཏི་རུ་རི་ཡ་ཙ་ལནྟི་ཞེས་གྲགས་སོ། །དར་དང་ལྡ་ལྡི་དོ་ཤལ་ཕྲེང་། །ཞེས་བྱ་བ་ལ། དར་དཀར་པོ་སྲིད་དུ་ཁྲུ་ཉི་ཤུ་རྩ་ལྔ་ཞེང་དུ་ཁྲུ་གང་བ་འཕྱངས་པ་ཡིན་ལ། ལྡ་ལྡི་ནི་དེ་ཉིད་ཁ་དོག་

སྣ་ཚོགས་པར་རབ་ཏུ་གཅུས་ཤིང་རྩིབས་ལ་བཏགས་པས་གཞལ་ཡས་ཁང་གི་འགུལ་པ་འཁོར་བའོ། །དོ་ཤལ་གྱི་ཕྲེང་བ་ནི་མུ་ཏིག་གི་དོ་ཤལ་དབུས་ན་རིན་པོ་ཆེ་ཡོད་པ་དང་མེད་པའམ་དབུས་དང་མཐའ་ན་ཡོད་པ་སྤེལ་དུ་འཕྱང་བ་སྟེ། དོ་ཤལ་གྱི་དོ་ཤལ་ཕྱེད་པ་

ཡང་མཚོན་པའོ། །དེ་ཡང་དེ་དག་གི་བར་ན་དར་དང་ལྡ་ལྡི་དང་། དྲིལ་བུ་དང་ནི་རྔ་ཡབ་བརྒྱན། །ཞེས་སྦྱར་ཏེ། དེ་ལ་དྲིལ་བུ་ནི་སྔར་སྨོས་པའི་དར་གྱི་རྩེ་མོ་ལ་བཏགས་པའོ། །རྔ་མ་ནི་རྔ་ཡབ་དཀར་པོ་གསེར་གྱི་ཡུ་བ་ཅན་ནོ། །རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་པ་ཡི་

ཕྱག་རྒྱས་བརྒྱན། །ཞེས་བྱ་བ་ནི། ཕྱོགས་བཞིའི་དབུས་ཀྱི་དོ་ཤལ་བཞིའི་དབུས་སུ། ཕྱག་རྒྱ་རེ་རེ་སྟེ་རང་རང་གི་རིགས་ཕྱོགས་དེར་བརྟེན་པར་སྟོན་པའོ། །ཁ་ཅིག་ན་རེ་དེ་དག་ནང་དུའོ་ཞེས་ཟེར་རོ། །སྲད་བུ་བརྒྱད་དང་ལྡན་པ་དང་། །ཞེས་བྱ་བ་ནི་ཕྱོགས་དང་དབུས་

དང་གྲྭ་རྣམས་ཀྱི་ཆ་ལ་འདྲེས་པར་བྱ་བའི་ཕྱིར་རོ། །ཕྱི་ཡི་སྒོ་ཁྱུད་རྣམས་ཀྱིས་བརྒྱན། །ཞེས་བྱ་བ་ནི། འགྲམ་ཞེས་བྱ་བ་འཕྱར་བའི་ངོ་བོ་ནི། འདིར་ཕྱིའི་སྒོ་ཁྱུད་ཡིན་ལ། སྒོ་ཁྱུད་ནང་མ་ནི་གང་དུ་ཁྱམས་ཀྱི་མཐའ་ཐུག་པའོ། །དགུ་ཡི་ཆར་ནི་དགོས་པ་ལ། །སྒོ་དང་སྒོ་

ཁྱུད་སུམ་ཆར་བྱ། །ཞེས་བྱ་བ་ལ། འཁོར་ལོ་རྩིབས་ཚུན་ཆད་ལ་ཆ་ཆེན་པོ་དགུར་བྱས་པ་ལས་སྒོ་ཕྱིའི་སྒོ་ཁྱུད་དང་བཅས་པ་ལ་ནི་ཆ་ཆེན་པོ་གསུམ་སྟེ། ཆ་ཆུང་བཅུ་གཉིས་བཏང་ངོ་། །དེ་ཡང་ཕྱེ་ན་སྒོ་ལ་ནི་ཆ་ཆེན་ཕྱེད་དང་གཉིས་ཡིན་ལ། ཕྱིའི་སྒོ་ཁྱུད་ལ་ནི་ཆ་ཆེན་

เล่ม ๖๖ · หน้า 266a

ཕྱེད་དང་གཉིས་ལས། ལོགས་རེ་ལ་ཆ་ཆུང་གསུམ་གསུམ་ཡིན་ཏེ། དེ་ནས་དཀྱིལ་འཁོར་འདི་ནི་ཐིག་གི་བྱ་བ་ལུགས་གཞན་ཁོ་ན་ཡིན་པས། གང་དུ་ཡང་གཞན་དུ་དྲང་བར་མི་བྱའོ། །རྡོ་རྗེ་སྲད་བུས་ཐིག་གདབ་བོ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཐིག་

མ་བཏབ་པར་སའི་ཐིག་འབའ་ཞིག་འདེབས་པ་སྲིད་པ་དང་། ས་ལ་ཐིག་མ་བཏབ་པར་དཀྱིལ་འཁོར་འདྲི་བ་སྲིད་པས་དེ་བཟློག་པའི་ཕྱིར། རྡོ་རྗེའི་རང་བཞིན་དུ་བྱས་པའི་སྲད་བུས་ནམ་མཁའི་ཐིག་གདབ་པར་སྟོན་ཅིང་། སྲད་བུ་ཕལ་པས་ས་ལ་ཐིག་གདབ་པར་

ཡང་སྟོན་ལ། དེ་དག་ཀྱང་རབ་ཏུ་འབད་པས་བག་ཡོད་པར་བྱས་ཏེ། དེ་ལྟར་ཡང་དཀྱིལ་འཁོར་སྤྱིའི་ཆོ་ག་གསང་བའི་རྒྱུད་ལས། དཀྱིལ་འཁོར་གྱི་ནི་གསང་སྔགས་ཀུན། །སྣང་བར་རྗེས་སུ་དྲན་བྱེད་ཅིང་། །གོས་དཀར་བགོས་ཤིང་མ་ཡེངས་པར། །དཀྱིལ་འཁོར་

གྱི་ནི་ནང་དུ་འགྲོ། །ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །ཐོག་མ་ཉིད་དུ་བསང་གཏོར་བྱ། །ཚོན་སྣ་ལྔ་ཡི་སྲད་བུ་ལ། །དེ་དག་ཉིད་ཀྱིས་བརྒྱར་བཟླས་ཏེ། །སར་པ་ཤིན་ཏུ་གཙང་བ་དང་། །མཛེས་ཤིང་ཤིན་ཏུ་རན་པ་དང་། །དྲི་ཞིམ་རེག་ན་བདེ་བ་དང་། །ལེགས་

པར་བཀལ་དང་སྲ་བ་དང་། །སྦོམ་ཕྲ་ལ་སོགས་བཀལ་ཉེས་དང་། །འཛུར་མདུད་མེད་པར་གྱུར་པ་ཡི། །ཐིག་སྐུད་མེ་ཏོག་སྤོས་མཆོད་པས། །ཤེས་རབ་ཅན་གྱིས་ཐིག་གདབ་པོ། །བཟང་པོའི་རྟགས་ནི་བརྟགས་ནས་སུ། །མཁས་པས་དཀྱིལ་འཁོར་ཐིག་གདབ་

བོ། །དཀར་པོ་དམར་པོ་དེ་བཞིན་སེར། །སྔོན་པོ་དང་ནི་གནག་དང་ལྔ། །ཚོན་སྣ་ལྔ་ཡི་སྲད་བུ་བཞིན། །ཕྱེ་མའི་ཚོན་རྩི་དེ་བཞིན་བྱ། །དཀོན་མཆོག་གསུམ་ལ་མཆོད་བྱས་ཤིང་། །ལྷ་རྣམས་ལ་ཡང་ཕྱག་བྱས་ནས། །མཁས་པས་སྲད་བུ་བྲེ་བར་བྱ། །ནང་པར་ཉི་མ་

ཤར་བའི་ཚེ། །བློ་ཡིས་ཕྱོགས་ཆ་ལེགས་བརྟགས་ལ། །དང་པོར་ཤར་ནས་བརྩམས་ཏེ་གཟུང་། །སློབ་དཔོན་བྱང་དུ་ཁ་བལྟས་ཏེ། །སྲད་བུ་འཛིན་པ་དེ་ལ་བལྟ། །དེ་ནས་ཕྱོགས་བསྐོར་བྱས་ནས་ནི། །བདག་ཉིད་ཀྱིས་ནི་བྲི་བར་བྱ། །དེ་ཡི་འོག་ཏུ་བྱང་ཕྱོགས་

เล่ม ๖๖ · หน้า 266b

སུ། །མཁས་པས་སྲད་བུ་བྲེ་བར་བྱ། །དང་པོ་བདག་ཉིད་མེ་ཕྱོགས་སུ། །འདུག་ནས་ཕྱོགས་གཉིས་བརྟག་པར་བྱ། །དེ་ཡི་འོག་ཏུ་རླུང་ཕྱོགས་ནས། །ཕྱོགས་གཉིས་སུ་ནི་སྲེད་བུ་བྲེ། །བདེན་བྲལ་དབང་ལྡན་གྲྭ་གཉིས་ནས། །སྲད་བུ་འཛིན་པ་བལྟ་བར་བྱ། །

གྲྭ་བཞི་ལྷམ་པ་བསྙམས་ནས་སུ། །རྒྱ་གྲམ་དུ་ནི་སྲད་བུ་བྲེ། །རྒྱ་གྲམ་ཐམས་ཅད་བསྙམས་པར་བྱ། །དེ་ལྟར་སྲད་བུ་གཏན་ལ་དབབ། །དེ་ནས་དབུས་ཀྱི་དཀྱིལ་འཁོར་དུ། ཕུར་བུ་གཅིག་ཀྱང་གདབ་པར་བྱ། །གྲྭ་བཞིར་ཕུར་བུ་བཞི་གདབ་བོ། །ཞེས་པ་དང་ཡང་།

མཆོད་སྦྱིན་ཤིང་གི་ཕུར་བུ་དག །ཐུར་དུ་རྩེ་བསྟན་མངོན་བསྔགས་པ། །དཀྱིལ་འཁོར་བྲི་བའི་ཆོ་ག་ལ། །ཕྱོགས་ཆ་བཞིན་དུ་གདབ་པར་བྱ། །ལྟས་ངན་བྱུང་ན་དངོས་མི་གྲུབ། །སྲད་བུ་ཆད་ན་བླ་མ་འཆི། །རིང་ཐུང་ཁྱེར་ན་ན་བར་འགྱུར། །ཕྱོགས་འཁྲུལ་སློབ་མ་

མྱོས་པར་འགྱུར། །དེ་བས་ཐམས་ཅད་ནན་ཏན་བྱ། །མཁས་པས་ལེགས་པར་ཐིག་གདབ་བོ། །ཞེས་གསུངས་སོ། །དེ་ལྟར་སྤྱིར་གྱུར་པར་ལུང་གིས་བརྗོད་ནས། ད་ནི་རང་གི་གཞུང་གིས་ཡེ་ཤེས་རིམ་གྱི་ཐིག་ཇི་ལྟར་གདབ་ཅེ་ན། དེ་བཤད་པ། གདུལ་བྱའི་དབང་

ལས་དཀྱིལ་འཁོར་དག །ཁྲུ་གང་སོགས་གསུངས་ཇི་སྐད་དུ། །རྒྱང་གྲགས་དཔག་ཚད་ལ་སོགས་མཐར། །ཚད་ངེས་པ་ནི་མེད་པར་བསྟན། །དེ་དག་ཏུ་ཡང་སློབ་དཔོན་གྱིས། །ཡེ་ཤེས་ཐིག་བྲལ་བྲི་མི་བྱ། །དེ་ཕྱིར་ཡེ་ཤེས་ཐིག་གདབ་རིམ། །མཁས་པས་

དགའ་སྐྱེད་བྱེད་པར་བཤད། །དེ་ལ་ཡེ་ཤེས་ཀྱི་ཐིག་འདེབས་པར་འདོད་པའི་བླ་མས་དང་པོར་རས་བལ་དང་བལ་ལ་སོགས་པ་གཙང་མ་བླངས་ཏེ། གྲོང་གི་ཆོས་ཀྱིས་སྨ་མ་བབ་པའི་བུ་མོས་འཁལ་དུ་གཞུག་པའམ། བདག་ཉིད་ཀྱིས་བཀལ་ཏེ། སྲིད་དུ་དཀྱིལ་

འཁོར་ལས་ཉིས་འགྱུར་ལ། སྦོམས་སུ་སྒོའི་ཉི་ཤུ་ཆ་ཡོད་པར་རོ། །དེ་ཡང་ལྔ་སྒྲིལ་ལམ་ཉི་ཤུ་རྩ་ལྔ་སྒྲིལ་ལམ། དཀྱིལ་འཁོར་དེ་ཉིད་ལྷ་མོ་ཇི་སྙེད་ཡོད་པ་དེ་སྙེད་དུ་བསྒྲིལ་བའོ། །དེ་ནས་སོ་སོར་དྲི་ཞིམ་པོའི་ཕྱེ་མ་དང་། ཡུངས་ཀར་གྱི་ཕྱེ་མ་དང་ལྡན་

เล่ม ๖๖ · หน้า 267a

པའི་ཚོན་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོ་རྣམས་བསྒོས་པའི་དྲུ་བུར་བྱས་ལ། བདག་ཉིད་མཉམ་པར་གཞག་པའི་ཕྱག་རྒྱ་བཞག་སྟེ། དེ་ནས་སྔ་མའི་མདོག་གི་རིམ་པས་དྲུ་བུ་དེ་དག་རྟག་པ་དང་། རིན་ཆེན་

འབྱུང་ལྡན་དང་། ཚེ་དཔག་མེད་དང་། དོན་ཡོད་པར་གྲུབ་པ་དང་། མི་བསྐྱོད་པ་རྣམས་བསྒྲུབ་སྟེ། དེ་ཡང་དང་པོར་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པས། དེ་དག་སྟོང་པ་ཉིད་དུ་བྱས་ལ། དེ་ནས་སྔ་མའི་གནས་སུ་པདྨ་དང་ཟླ་བ་ལ་གནས་པའི་ཡི་གེ་བྷྲཱུཾ་ཨཱཾ་

ཛྲཱིཾ་ཁཾ་ཧཱུཾ་ཞེས་པ་ལྔ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་ནག་པོ་རྣམས་ཀྱི་མདོག་ཅན་རྣམས་བསམ་མོ། །དེ་ནས་དེ་ལས་འོད་ཟེར་སྤྲོ་བ་དང་། བསྡུ་བའི་རིམ་པས་རྣམ་པར་སྣང་མཛད་ལ་སོགས་པ་ལྔར་རིམ་བཞིན་དུ་བསྐྱེད་དེ། དེ་ནས་རང་

གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་སྣང་བར་བྱས་པའམ། ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀར་ཡང་བྷྲཱུཾ་ལ་སོགས་པའི་ས་བོན་ལྔ་བལྟས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་རང་རང་གི་མདོག་དང་མཐུན་པའི་ཡེ་ཤེས་ཀྱི་སྲད་

བུ་གནས་པར་བསམས་ཏེ། དེའི་འོག་ཏུ་དེ་དག་ལ་ཡེ་ཤེས་ཀྱི་སྲད་བུ་སྔགས་འདིས་བསླང་བར་བྱའོ། །ཨོཾ་བཛྲ་ཨ་སཏྭ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཏྲ་ན་ཡ་ཧཱུཾ་ཞེས་པ་དང་། དེ་བཞིན་དུ་མིང་གི་གཞི་བརྗེ་བའི་སྔགས་ལྔས་བསླང་ཞིང་། དེ་ལྟར་བསླང་མ་ཐག་

ཏུ་རང་གི་ཕྱག་ལ་གནས་པའི་དེ་བཞིན་གཤེགས་པ་ལྔ་སྲད་བུ་ལྔར་གྱུར་པར་བསམ་མོ། །དེ་ནས་རང་གི་མིག་གཉིས་སུ་ཛ་ལས་བྱུང་བའི་ཉི་མ་ཟླ་བ་གཡས་དང་གཡོན་དུ་བཀོད་དེ། རབ་ཏུ་གཡོ་ཞིང་འབར་བའི་མིག་གི་ལྟ་སྟངས་ལས་བྱུང་བའི་འོད་ཀྱི་ལྕགས་ཀྱུས།

དེ་བཞིན་གཤེགས་པ་ལྔའི་ཐུགས་ཀ་ནས་གནས་པའི་ཡེ་ཤེས་ཀྱི་སྲད་བུ་རྣམས་བཀུག་སྟེ། ཕྱག་རྒྱ་ལ་གནས་པའི་སྲད་བུ་ལ་སོགས་སོ་སོར་བསྟིམ་མོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཅན་གྱི་སློབ་མ་ཅིག་གིས་སྲད་བུ་ལྔའི་སྣ་ནས་བཟུང་སྟེ། སློབ་དཔོན་

เล่ม ๖๖ · หน้า 267b

གྱིས་ཀྱང་སྣ་ལྔ་ནས་བཟུང་ལ་བསྙམས་ཏེ། འཇུར་བུ་དང་མདུད་པ་མེད་པར་བྱས་ལ། ཨོཾ་ཆོས་ཀུན་ཐ་དད་རྗེས་སུ་འཇུག །ཆོས་ཀུན་ཕན་ཚུན་རྗེས་སུ་འཇུག །ཆོས་ཀུན་རྗེས་སུ་ཞུགས་པ་སྟེ། །མཐའ་བྲལ་རྗེས་སུ་འགྲོ་བའོ། །ཧཱུཾ་ཞེས་བརྗོད་དེ་བསྒྲིམ་མོ། །

བསྒྲིམས་ནས་དྲི་ཞིམ་པོའི་ཆུས་སྦངས་ཏེ། ཡི་གེ་གསུམ་ནང་བསྲེས་ལ། གསེར་ལ་སོགས་པ་སྣོད་དུ་བཞག་སྟེ། མེ་ཏོག་དང་དྲི་ལ་སོགས་པས་མཆོད་ལ་ལག་པས་བཀབ་སྟེ། ཨོཾ་ཨཱཿབིགྷྣཱཾ་ཏ་ཀྲྀཏ་ཧཱུཾ་ཕཊ་ཅེས་པས་མང་དུ་བཟླས་ཏེ། དེ་ནས་སྲད་བུ་དེ་རྡོ་རྗེ་ལ་དཀྲིས་ལ།

སློབ་དཔོན་བདག་ཉིད་ཀྱིས་ལྟེ་བའི་ཐད་ཀར་བཟུང་ལ། སློབ་མ་དེ་ཉིད་ཀྱིས་ལྷན་ཅིག་གདབ་བོ། །འདེབས་ན་ཨོཾ་བཛྲ་སཱུ་ཏྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ། བཅོམ་ལྡན་འདས་འདི་ནི་སེམས་ཅན་གྱི་དོན་བྱེད་པའི་དུས་ལགས་སོ་ཞེས་བརྗོད་ཅིང་གདབ་བོ། །དེས་ཀྱང་སངས་རྒྱས་

ཐམས་ཅད་བསྐུལ་ཏེ་བྱིན་གྱིས་བརླབ་པའི་ཕྱིར་བྱོན་པར་བསམ་མོ། །དེ་ལ་བདག་ཅག་གི་བླ་མའི་ཞལ་སྔ་ནས་ནི། ཡེ་ཤེས་ཀྱི་ཐིག་ལ་ཚངས་ཐིག་གཅིག་ཙམ་མམ། ཚངས་ཐིག་དང་ཟུར་ཐིག་ཙམ་གྱིས་ཆོག་པར་གསུངས་སོ། །གཞན་དག་ནི་ཕྱོགས་ཐིག་དང་རྡོ་རྗེ་

ར་བས་བསྐོར་བ་ཡང་བཞེད་དོ། །དེ་དག་གི་ལུགས་ལས་ནི། ཐིག་བསྐོར་བ་དང་། འགྲོ་བ་དང་། བཏང་བ་ལ་སོགས་པ་ཡང་བྱའོ། །སའི་ཐིག་ནི་གཞུང་རྒྱས་པར་གཞན་དུ་རྟོགས་པར་སླ་བས་བདག་གིས་འདིར་མི་བསམ་མོ། །ཡེ་ཤེས་ཀྱི་ཐིག་དེ་ནི་ཨོཾ་ཨཱཿཧཱུཾ་མུཿབྱ་བས་

གཤེགས་སུ་གསོལ་བར་བྱའོ། །རེ་ཞིག་རྒྱུད་འདི་ཉིད་ཀྱི་དབང་དུ་བྱས་ཏེ། སའི་ཐིག་ཇི་ལྟ་བ་ཞིག་ཡིན་པ་ཅུང་ཟད་དཔྱད་དེ། དེ་ལ་འདིའི་ཚུལ་ནི། དཀྱིལ་འཁོར་དེའི་ཚད་ཇི་ཙམ་པ་ལ་ཕྱོགས་རེ་རེ་ལ་ཡང་ཆ་ཆུང་བརྒྱད་ཅུ་རྩ་བརྒྱད་པར་བྱ་ཞིང་། དེ་ལ་རིམ་པ་

གསུམ་པར་བྱའོ། །དེའི་ཕྱིར། དབུས་ཀྱི་དཀྱིལ་འཁོར་ཐིག་གདབ་པ། །ཞེས་བྱ་བ་ནི་འཁོར་ལོ་རྩིབས་ཚུན་ཆད་ཀྱི་ཐིག་གདབ་པའོ། །ཆོས་ཀྱི་འཁོར་ལོ་འདྲ་བ་ལ། །ཞེས་བྱ་བ་ནི། བསླབ་པ་གསུམ་སྟོན་པར་བྱེད་པའི་ལྟེ་བ་དང་། རྩིབས་རྟེན་དང་། རྩིབས་

เล่ม ๖๖ · หน้า 268a

རྣམས་དང་ལྡན་པའོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར། །ལྟེ་བར་བཅས་ཤིང་རྩིབས་བཅུ་དྲུག་རིམ་པ་གསུམ་དང་ལྡན་པ་ལ། རྩིབས་ནི་ཉིས་འགྱུར་ཉིད་དུ་བྱ། །ཞེས་བྱ་བ་སྨོས་ཏེ། ལྟེ་བ་དང་རྩིབས་རྟེན་དང་། རྩིབས་ནི་རིམ་པ་གསུམ་མོ། །

དེ་དང་ལྡན་པར་བྱ་བ་ནི་བསླབ་པ་གསུམ་མཚོན་པ་ཡིན་པས་སོ། །རྩིབས་ནི་ཞེས་བྱ་བ་ནི་འཁོར་ལོའི་ལྟེ་བ་ལ་འབྱར་བ་རྩེ་མོ་ཞུམ་པའོ། །ཉིས་འགྱུར་ཉིད་དུ་བྱ་བ་ནི་ལྟེ་བའི་ཕྱེད་ཀྱི་ཕྱེད་ལ་ཆ་ཆུང་དྲུག་ཡོད་པ་བས། ཉིས་འགྱུར་ཏེ་ཕྱེད་ཀྱིས་ཆུང་བར་བྱས་ཏེ། དེ་

བཞིན་དུ་རྩིབས་རྟེན་ཀྱང་དེ་དང་འདྲ་བར་བྱའོ། །དེས་ན་རྩིབས་རྟེན་དང་རྩིབས་དག་ལ། ཆ་ཆུང་གསུམ་གསུམ་གཏང་ཞིང་། ལྟེ་བ་ལ་ཆ་ཆུང་ཉི་ཤུ་རྩ་བཞི་གཏང་ཞེས་བྱ་བའི་དོན་ཏོ། །འདིར་སློབ་དཔོན་ཁ་ཅིག་ན་རེ་ལུགས་གཞན་དུ། དཀྱིལ་འཁོར་ཉིས་རིམ་

སུམ་རིམ་མམ། །བཞིའམ་མང་པོར་བྱ་བ་ལ། །ཕྱི་རིམ་གང་ཡིན་དེ་ལ་ནི། །སྒོ་གཅིག་པ་དང་རྒྱ་ཆེར་བྱ། །གཞན་གྱི་ཕྱོགས་ཀྱི་ཆ་བཞིན་དུ། །སྒོ་བཞི་སྒོ་ཁྱུད་བཅས་པར་བྱ། །ཡང་ན་ཐམས་ཅད་དོགས་མེད་པར། །སྒོ་རེ་རེ་ཞིག་བྱ་བ་ཡིན། །སྙིང་པོའི་དཀྱིལ་

འཁོར་ངེས་པར་ནི། །རབ་ཏུ་བཟང་པོར་སྒོ་བཞིར་བྱ། །ཞེས་བྱ་བ་གསུངས་པ་ལ་བརྟེན་པས། རིམ་པ་གསུམ་པ་ལུང་ཐ་མ་འདོད་དོ། །དབུས་ཀྱི་ཕྱོགས་སུ་ཀུན་རིག་ནི། །ཞེས་བྱ་བ་ལ་སོགས་པ་ནི། མ་ལུས་པར་བརྗོད་ཟིན་མོད་ཀྱི། རྡུལ་ཚོན་གྱི་དབང་དུ་

བྱས་ཏེ་ཡང་བརྗོད་པར་བྱའོ། །དེ་ལ་འདིའི་ཚུལ་ནི། རྡུལ་ཚོན་ཇི་སྲིད་དུ་དགྱེ་བར་འདོད་པའི་སའི་ཆ་ལ་ཕྱོགས་ཐམས་ཅད་དུ་ཆ་ཆེན་པོའི་ཉི་ཤུ་རྩ་གཉིས་གནས་པར་རེ་ཞིག་དེ་སྙེད་ཀྱི་མཚན་མ་ཙམ་གདབ་པར་བྱའོ། །དེ་རྣམས་རེ་རེ་ལ་ཡང་ཆ་བར་མ་རེ་རེའི་རི་

མོ་བྱའོ། །དེ་རྣམས་རེ་རེ་ལ་ཡང་ཆ་ཆུང་རེ་རེའི་རི་མོ་བྱ་སྟེ། དེ་ལྟར་ཕྱོགས་རེ་རེ་ལ་ཡང་ཆ་ཆེན་པོ་ཉི་ཤུ་རྩ་གཉིས་དང་། ཆ་བར་མ་བཞི་བཅུ་རྩ་བཞི་དང་། ཆ་ཆུང་བརྒྱད་ཅུ་རྩ་བརྒྱད་དུ་ཡང་འགྱུར་རོ། །དེ་ཡང་ནང་གི་དཀྱིལ་འཁོར་ནི་ཆ་ཆེན་པོ་དགུའོ། །རི་མོའི་

เล่ม ๖๖ · หน้า 268b

ས་ནས་བཟུང་སྟེ། མེ་འོད་ཀྱི་བར་དུ་ནི། ཆ་ཆེན་པོ་ལྔ་དང་ཆ་ཆུང་གཅིག་གོ། །ཕྱིའི་དཀྱིལ་འཁོར་ཁོར་ཡུག་ཆེན་པོ་དང་བཅས་པ་ལ་ནི། ཆ་ཆུང་བཞི་དང་ཡང་ཆ་ཆུང་གཅིག་གོ། །དེ་ལ་སྙིང་པོ་ལ་ནི་ཆ་ཆུང་ཉི་ཤུ་རྩ་བཞི་སྟེ། དེ་ནས་ཆ་ཆུང་གསུམ་རྩིབས་རྟེན་དུ་

བསྐོར་ཞིང་། ཆ་ཆུང་གསུམ་ལ་རྩིབས་བྱའོ། །དེའི་ཕྱིར། དབུས་ཀྱི་དཀྱིལ་འཁོར་ཐིག་གདབ་པ། །ཆོས་ཀྱི་འཁོར་ལོ་འདྲ་བ་ལ། །ལྟེ་བར་བཅས་ཤིང་རྩིབས་བཅུ་དྲུག །རིམ་པ་གསུམ་དང་ལྡན་པ་ལ། །རྩིབས་ནི་ཉིས་འགྱུར་ཉིད་དུ་བྱ། །ཞེས་གསུངས་ཏེ་

སྔར་བཞིན་དུ་དཔྱད་དོ། །དེ་ནས་ཆ་ཆུང་གཅིག་ལ་རྡོ་རྗེ་ཕྲེང་བས་ཁོར་ཡུག་ཆུང་ངུ་ལྟར་བསྐོར་རོ། །དེའི་རི་མོ་ཕྱི་མ་ལ་གྲུ་ཆད་བྱས་ལ། དབུས་སུ་སྒོ་དང་ཕྱི་རོལ་གྱི་སྒོ་ཁྱུད་བཅས་པ་ལ་ཞེང་དུ་ཆ་ཆེན་པོ་གསུམ་སྦྱིན་ཏེ། དེ་ནས། དགུ་ཡི་ཆར་ནི་བགོས་པ་ལ། །སྒོ་དང་

སྒོ་ཁྱུད་སུམ་ཆར་བྱ། །ཞེས་གསུངས་ཏེ། སྔར་ཞིབ་ཏུ་དཔྱད་དེ་དེ་ཡང་རི་མོའི་ས་ཆ་ཆུང་གཅིག་གོ། །དེ་ནས་ཁྱམས་ལ་ཆ་བར་མ་གཅིག་སྟེ། རྟ་བབས་ཁྱམས་ནི་ཐམས་ཅད་དུ། །བྱམས་པ་ལ་སོགས་མཆོག་ཆེན་རྣམས། །ཞེས་བྱ་བ་གསུངས་སོ། །དེ་ནས་

རིན་པོ་ཆེའི་རྩིག་པ་ལ་ཆ་ཆུང་གཅིག་གོ། །དེའི་ཕྱི་རོལ་དུ་དྲ་བ་དང་། དྲ་བ་ཕྱེད་པ་ལ་ཆ་བར་མ་གཅིག་གོ། །དེའི་ཕྱི་རོལ་དུ་མདའ་ཡབ་ལ་ཆ་ཆུང་གཅིག་གོ། །དེ་ནས་ཆ་ཆུང་དོར་བའི་ཆ་ཆེན་པོ་གཅིག་ལ་རྟ་བབས་ཏེ། བང་རིམ་ཐ་མ་ལ་ཆ་ཆེན་པོ་གསུམ་

ལས་ལྷག་མ་ལ་རེ་རེ་བྲིའོ། །དེ་ནས་ཆ་ཆུང་བཞི་ལ་འཁོར་ལོ་དང་གདུགས་དག་གོ། །དེ་ནས་དེའི་ཕྱི་རོལ་དུ་ཤིན་ཏུ་ཉེ་བར་མ་ཡིན་པར་མེ་འོད་དང་པདྨ་དང་རྡོ་རྗེ་ཆ་གསུམ་མོ། །དེ་ནས་ཆ་ཆུང་བཞི་པོ་རིམ་པ་རེ་རེའོ། །དེས་ན་ཆ་ཆུང་གཅིག་ལ་ཁོར་ཡུག་ཆེན་པོའོ། །ཀ་བ་

ཡང་དབུས་དང་མཐར་ཆ་ཆུང་རེ་རེ་ལའོ། །སྒོའི་ཞེང་དུ་ཆ་ཆུང་དྲུག་གོ། །ཕྱིའི་སྒོ་ཁྱུད་ཀྱི་ཆ་ཆུང་དྲུག་གོ། །དབུ་མའི་དབུ་མར་ཆ་ཆུང་བརྒྱད་དོ། །དེ་ལྟར་མཚན་མ་ལ་ཞིབ་པར་དཔྱད་དེ། མ་འཁྲུལ་བ་ལྟར་ན་ཚངས་ཐིག་དང་། དེ་ནས་ཕྱོགས་ཐིག་དང་། དེ་ནས་

เล่ม ๖๖ · หน้า 269a

ཟུར་ཐིག་དང་། དེ་ནས་མ་ལུས་པར་དབུས་ནས་གདབ་བོ། །དེ་ལྟར་ཐིག་བཏབ་ནས་རྡུལ་ཚོན་དགྱེ་བ་བསྟན་པའི་ཕྱིར། དབུས་ཀྱི་ཕྱོགས་སུ་ཞེས་བྱ་བ་ནས་ཡང་ན་མིང་ཡང་རུང་ཞེས་བྱ་བའི་བར་དུ་གསུངས་ཏེ། ཁྲོ་བོ་ནི་གཤིན་རྗེ་གཤེད་དོ། །མངགས་པ་

ནི་གཞན་གྱིས་མི་ཐུབ་པའོ། །ཕོ་ཉ་ནི་རྟ་མགྲིན་ནོ། །སོགས་ཞེས་བྱ་བ་ནི་བྲན་ཞེས་བྱ་བ་འཕགས་པ་མི་གཡོ་བའོ། །དེ་ལས་གཞན་གྱི་ཚིག་གི་དོན་ནི་སྔར་བཤད་ཟིན་ཏེ། དེ་ལ་དཀྱིལ་འཁོར་རྣམས་ཀྱི་རྡུལ་ཚོན་དགྱེ་བ་ཇི་ལྟ་བུ་ཡིན་པ་འདིར་ལུང་ལ་འཇུག་པར་བྱ་སྟེ། དཀྱིལ་

འཁོར་བདག་གི་ཆོ་ག་ནི། །རྣམ་པ་གསུམ་པོ་མ་ལུས་པ། །ལྷ་རྣམས་ཐམས་ཅད་དགོད་པ་ནི། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །དང་པོ་གཟུགས་སུ་བྲི་བར་བྱ། །གཉིས་པ་ཕྱག་རྒྱའི་གཟུགས་སུ་བྲི། །གསུམ་པ་གནས་དང་རྟེན་དག་ཏུ། །བྲི་བའི་ཆོ་ག་ཡོངས་སུ་

བསྒྲགས། །མི་མཁས་པ་ནི་ཕྱག་རྒྱའི་གཟུགས། །ཆོ་ག་བཞིན་དུ་དགོད་པར་བྱ། །མཁས་པས་ཀྱང་ནི་ཕྱེ་མ་ཡིས། །ཡན་ལག་རྫོགས་པ་རབ་ཏུ་དགའ། །ཡན་ལག་རྫོགས་ཤིང་རྒྱས་བྱས་ནས། །ཆོ་གའི་ལས་ལ་རིང་དུ་ཐོགས། །གཟུགས་རྣམས་ལེགས་པར་

བསྒྲུབས་ན་ནི། །མང་པོ་རྣམས་ནི་ཟིན་མི་འགྱུར། །ཡན་ལག་ཉམས་ན་བྱིན་མི་རློབ། །དངོས་མི་འགྲུབ་པར་རབ་ཏུ་བཤད། །དེ་ལྟ་བས་ན་མཁས་པ་ཡིས། །ཕྱག་རྒྱའི་གཟུགས་སུ་ལྷ་རྣམས་དགོད། །ཅེས་པ་དང་། ཡང་གསུངས་པ། གང་དུ་ལྷ་རྣམས་

གཟུགས་དག་ཏུ། །དགོད་པར་བཤད་པ་དེ་ཡང་ནི། །ཕྱག་རྒྱའང་གནས་སུ་ངེས་པར་བྱ། །དེ་ལ་སོགས་པའི་ཕྱག་རྒྱ་རྣམས། །ཇི་སྐད་བཤད་པའི་ཆོ་ག་བཞིན། །དཀྱིལ་འཁོར་དག་ཏུ་མ་སྨོས་ཀྱང་། །ཆོ་ག་བཞིན་དུ་བྲི་བར་བཤད། །དེ་ལྟར་ཕྱག་རྒྱ་དགོད་པ་

འདི། །དགོད་པ་གཉིས་པར་བཤད་པ་ཡིན། །སྟན་དུ་དགོད་པའི་ཆོ་ག་ནི། །འདི་ལས་གཞན་པ་གསུམ་པར་བཤད། །དཀྱིལ་འཁོར་དག་གི་ནང་དུ་ནི། ཚོན་རྩི་ཕྱེ་མས་ཐིག་ལེ་བྲི། །དཀྱིལ་འཁོར་དག་ནི་ཚད་ལས་ནི། །ཁོ་ར་ཁོར་ཡུག་རྒྱ་ཆེར་བསྐོར། །

เล่ม ๖๖ · หน้า 269b

རིགས་ཀྱི་བདག་པོ་ལྷ་རྣམས་ནི། །གོ་རིམས་བཞིན་དུ་དེ་ལྟར་བྱ། །ལྷ་རྣམས་གཞན་གྱི་གདན་རྣམས་ཀྱི། །ཕྱི་ཡི་ཆོ་ག་བཤད་པ་ནི། །ཟླུམ་པོའམ་ཡང་ན་གྲུ་བཞི་རུ། །ཐོག་མར་སྟན་ནི་དགོད་པར་བྱ། །དེ་ལ་དེ་ཡི་སྔགས་བཟླས་ཤིང་། །དེ་ཡི་སྟེང་དུ་མཁས་པས་

དགོད། །ཕྱི་རོལ་དུ་ནི་ཐིག་ལེ་ལ། །ལྷ་རྣམས་མིང་གིས་སྨོས་ཏེ་དགོད། །ཐམས་ཅད་ཐིག་ལེར་གནས་བྱས་ནས། །སྤྱན་དྲངས་པ་ནི་བརྩམ་པར་བྱ། །འདི་ནི་སྟན་དུ་དགོད་པ་སྟེ། །གསུམ་པར་ཡོངས་སུ་བསྒྲགས་པ་ཡིན། །རིངས་སམ་ཡང་ན་མི་ནུས་ན། །

སྟན་དུ་དགོད་པའི་དཀྱིལ་འཁོར་བྱ། །རིགས་ཀྱི་བདག་པོ་གསུམ་རྣམས་ཀྱི། །གསང་སྔགས་ཐོག་མར་བཀོད་ནས་སུ། །དཀྱིལ་འཁོར་ནང་དུ་མཁས་པ་ཡིས། །ལྷག་མ་རྣམས་ནི་ཕྱག་རྒྱ་བྲི། །ཕྱི་རོལ་ཏུ་ནི་སྟན་རྣམས་བྲི། །འདི་ནི་སྤྱི་བོའི་ཆོ་ག་ཡིན། །གཟུགས་

རྣམས་ལེགས་པར་མ་ལྕོགས་ན། །ཉེས་པ་སྔར་ནི་བཤད་པ་ཡིན། །ལྷ་རྣམས་བསྟོད་པར་འགྱུར་བས་ན། །ཆོ་ག་ཐ་མའང་མི་ཤེས་སོ། །ཕྱག་རྒྱ་རྣམས་སུ་གང་བཀོད་པ། །བར་མ་རབ་ཏུ་བསྒྲགས་པ་ནི། །ཁྱད་པར་དུ་ནི་དེ་བསྔགས་ཏེ། །དེ་ལ་བྱིན་གྱིས་རློབ་པར་

འགྱུར། །ཕྱག་རྒྱ་བྲིས་ནའང་བདེ་བར་འགྱུར། །ཕྱག་རྒྱ་ཡང་ན་དེ་ཉིད་ལྟ། །དེ་བས་མཁས་པས་ནན་ཏན་དུ། །དཀྱིལ་འཁོར་དུ་ནི་ཕྱག་རྒྱ་བྲི། །ཞེས་སོ། །ཡང་གསུངས་པ། ཚོགས་པ་བསྲུང་བར་བྱས་པ་རྣམས། །ཕྱོགས་གཅིག་ཏུ་ནི་བཀོད་ནས་སུ། །ཤེས་

རབ་ཕ་རོལ་ཕྱིན་པ་བཀླག །གུས་པར་ཡང་ནི་ཕྱག་བྱས་ནས། །འཕགས་པའི་ཚོགས་ཀུན་བསམས་ནས་ནི། །དེ་ནས་དཀྱིལ་འཁོར་བྲི་བ་ནི། །ལྕགས་ནི་སྣ་ལྔའི་ཕྱེ་མ་སྟེ། །མཁས་པས་དཀར་པོ་ལ་སོགས་པ་ལའོ། །དད་ཅིང་ཡོན་ཏན་ལྡན་པ་ཡིས། །སློབ་

མས་རིན་ཆེན་ཕྱེ་མ་བྲི། །རིན་ཆེན་ལྕགས་རྣམས་མ་འབྱོར་ན། །སཱ་ལུ་བཏགས་པའི་འབྲས་ཕྱེས་བྱ། །ཚོན་རྩི་ཞིབ་མོ་སྔར་བཤད་པས། །འབྱུང་ཁུང་ནས་ཕྱུང་ཕྱེ་མའམ། །རྡོ་ཡི་ཁམས་ནི་སྣ་ཚོགས་ཀྱང་། །ཕྱེ་མའི་གོར་ནི་སྦྱར་བར་བྱའོ། །དེ་ལྟར་རྣམ་པ་བཞི་པོ་

เล่ม ๖๖ · หน้า 270a

ནི། །ཕྱེ་མའི་གོར་ནི་བསྒྲེས་པ་ཡིན། །ལྕགས་རྣམས་ཀུན་དང་རིན་ཆེན་དང་། །འབྱུང་ཁུངས་པ་དང་འབྲས་བཏགས་པ། །དཀྱིལ་འཁོར་ཀུན་གྱི་ལས་རྣམས་དང་། །ཕྱི་མའི་དོན་དུ་སྦྱར་བར་བྱ། །དམ་ཚིག་ལ་ནི་ལྕགས་ཀྱིས་ཤེས། །རིན་ཆེན་ལས་བྱུང་

དབང་བསྐུར་བ། །སཱ་ལུའི་ཕྱེ་མ་ཞིབ་པ་ལ། །ཁམས་ལས་བྱུང་བ་རྒྱས་པ་ལ། །དྲག་ཤུལ་སྤྱོད་པ་ཁྱད་པར་དུ། །ཐལ་བ་ལ་སོགས་བྱ་བར་ཤིས། །ཕྱེ་མ་རྣམས་ཀྱི་བྱེ་བྲག་གིས། །ཆོ་གའི་རིམ་པར་བསྟན་པ་འདི། །བྱང་ཤར་མཚམས་ནས་བརྩམས་ནས་ནི། །ཕྱེ་མ་

དག་ནི་དགྱེ་བར་བྱ། །རྡོ་རྗེ་ཁུ་ཚུར་སྦྱོར་བའམ། །ཡང་ན་ལྕགས་ཀྱུའི་ཕྱག་རྒྱའམ། །ལྷུང་བཟེད་ཕྱག་རྒྱའི་སྦྱོར་བ་འམ། །ཡང་ན་རིག་བྱེད་ལག་པས་བྲི། །དཀར་པོ་དང་ནི་དགྱེ་བར་བྱ། །དེ་ཡི་འོག་ཏུ་དམར་པོ་དགྱེ། །དེ་ནས་སེར་པོ་དགྱེ་བར་བྱ། །དེ་ཡི་འོག་ཏུ་ལྗང་

གུ་དགྱེ། །སྔགས་པས་ཀུན་གྱི་ཕྱི་རོལ་དུ། །ཚོན་རྩི་ནག་པོ་དགྱེ་བར་བྱ། །གཡས་སུ་བསྐོར་ཞིང་རྒྱུན་མི་འཆད། །ཐམས་ཅད་མཉམ་ཞིང་བར་ཆད་མེད། །ངན་པ་དང་ནི་ཉམས་པ་དང་། །མ་སྙོམས་པ་དང་བར་ཆད་ན། །གནོད་པ་མང་པོ་འབྱུང་བར་འགྱུར། །དེ་བས་

ནན་ཏན་བསྐྱེད་དེ་བྱ། །མཁས་པས་ཕྱེ་མ་དགྱེ་བར་བྱ། །ཕྱོགས་རྣམས་ཀུན་དུ་མཁས་པ་ཡིས། །དབུས་སུ་སྒོ་ནི་གདོད་པར་བྱ། །ངོས་གཉིས་སུ་ནི་ཆ་དག་ཀྱང་། །བཞི་བཞི་དག་ནི་དོར་བར་བྱ། །ཆབ་སྒོ་ཆེན་པོ་སྟེགས་བུར་བཅས། །ཅུང་ཟད་ཅིག་ནི་ལྷག་པར་

བྱ། །ཆབ་སྒོ་གཞན་རྣམས་གཅད་པ་ནི། །ཕྱེ་མ་དཀར་པོ་དག་གིས་སུ། །སྒོ་ཡི་དབུས་ཀྱི་ཆ་དག་ཏུ། །རི་མོ་ཕྲ་མོ་བྲི་བར་བྱ། །དང་པོར་ཚོན་རྩི་སྣ་ལྔས་བྲི། །དཀྱིལ་འཁོར་གཉིས་པ་སྣ་གསུམ་གྱིས། །གསུམ་པ་ཕྱེ་མ་དཀར་པོ་ཡིས། །ཆིག་རྐྱང་དུ་ནི་བྲི་བར་བཤད། །

གཞན་ཡང་གང་དག་ཁ་ཅིག་ཏུ། །རི་མོ་གཅིག་པའང་དེ་བཞིན་ཏེ། །ཕལ་ཆེར་གང་དག་བཤད་པ་ནི། །དེ་དག་ཐམས་ཅད་རི་མོ་གཅིག །ཅེས་གསུངས་པ་ལ། ཡང་རྣམ་པ་གཞན་དུ། སེམས་ཅན་ཁམས་ནི་ཞེན་བྱེད་ཅིང་། །འདི་ནི་ཆོས་དབྱིངས་རོ་ཡིན་པར། །

เล่ม ๖๖ · หน้า 270b

སངས་རྒྱས་རྣམས་ཀྱིས་སྔོན་གསུངས་ཏེ། །དེ་ཕྱིར་འདི་ནི་ཚོན་ཞེས་བྱ། །ཚོན་ནི་ནང་ནས་དགྱེ་བར་བྱ། །ཕྱི་རོལ་ནས་ནི་ཚོན་མི་དགྱེ། །དཀར་པོ་ཐོག་མར་གཏང་བར་བྱ། །དེ་ཡི་འོག་ཏུ་དམར་པོ་སྟེ། །དེ་ནས་སེར་པོ་གཏང་བར་བྱ། །དེ་ཡི་འོག་ཏུ་ལྗང་གུ་བཏང་། །ཀུན་གྱི་

ནང་རོལ་ནག་པོ་སྟེ། །ཚོན་གྱི་ཆོ་ག་དེ་ལྟར་བཤད། །ཅེས་གསུངས་པའོ། །དེ་ལ་ཚོན་བྱིན་གྱིས་བརླབ་པའི་རིམ་པ་ནི། ཐིག་སྐུད་བྱིན་གྱིས་བརླབས་པའི་རིམ་པ་ལྟ་བུ་ལས། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བ་ལག་པ་གཉིས་ཁུ་ཚུར་བཅས་ཏེ། མཛུབ་མོ་

གཉིས་བསྒྲེང་སྟེ། སྦྱར་བའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ་ཅིང་། །ཚོན་བཀྱེ་ནས། ཚོན་གྱི་ཆ་ལྷག་མ་ཡང་ཨོཾ་ཨཱཿཧཱུཾ་མུཿཞེས་བྱ་བས་གཤེགས་སུ་གསོལ་བར་བྱའོ། །དེ་ལ་འདིར་ལུང་དང་རྗེས་སུ་མཐུན་པར་ཕྱག་རྒྱ་དགོད་པར་འདོད་པ་ན། སྙིང་པོའི་དབུས་

སུ་སྣ་ཚོགས་པདྨ་ལ་འཁོར་ལོ་དཀར་པོའོ། །དེ་བཞིན་དུ་ནང་གི་དཀྱིལ་འཁོར་དུ་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨ་ལ། སྔར་བཤད་པའི་མདོག་དང་མཐུན་པའི་རང་རང་གི་མཚན་མ་བྲི་སྟེ། ཤར་གྱི་རེའུ་མིག་ལ་རྡོ་རྗེའམ་ཏིང་ངེ་འཛིན་གྱི་ཕྱག་རྒྱའོ། །ལྷོར་

རིན་པོ་ཆེ་མརྒད་ཆ་དགུ་པའོ། །ནུབ་ཏུ་ལྷུང་བཟེད་དོ། །བྱང་དུ་སྣ་ཚོགས་རྡོ་རྗེའོ། །གྲྭ་བཞིར་ནི་མིག་གི་འབྲས་བུ་དང་། རྡོ་རྗེ་རྩེ་གསུམ་པ་དང་། པདྨའི་ཡན་ལག་དང་། ཨུཏྤ་ལའོ། །ཤར་ནས་བརྩམས་ཏེ་རྩིབས་བཅུ་དྲུག་ལ། རྡོ་རྗེ་ལྕགས་ཀྱུ་མདའ་གཞུ་

དང་། །རིན་ཆེན་རྒྱལ་མཚན་ཉི་མ་འཛུམ། །པདྨ་རལ་གྲི་འཁོར་ལོ་གསུམ། །ལས་དང་གོ་ཆ་འཇིགས་བྱེད་བཅས། །ཞེས་པ་རྣམས་སོ། །རྩིབས་མཆན་གྱི་གྲྭ་བཞི་ལ་རྡོ་རྗེ་རྩེ་ལྔ་པ་དང་། རིན་པོ་ཆེའི་ཕྲེང་བ་དང་། པི་ཝང་དང་། གར་གྱི་ལག་པ་དག་གོ། །ཕྱི་

རོལ་གྱི་གྲྭ་བཞིར་དྲིའི་དུང་ཕོར་དང་། མེ་ཏོག་གི་གཞོང་བུ་དང་། པོག་ཕོར་དང་། མར་མེའི་མཆོད་སྡོང་དག་གོ། །སྒོ་བཞིར་ནི་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་དྲིལ་བུ་དག་གོ། །དེ་ནས་ཁྱམས་ལ་དགོད་པ་ནི། །ཤར་སྒོ་དང་འབྲེལ་བས་སྣ་ཚོགས་པདྨ་

เล่ม ๖๖ · หน้า 271a

ལ་ཐོ་བའོ། །དེའི་རྗེས་སུ་སྣ་ཚོགས་པདྨ་བཞི་ལ། རྡོ་རྗེ་དཀར་པོ་བཞིའོ། །ངོས་གཅིག་ཏུ་པདྨའི་འདབ་མ་དྲུག་ལ་ལྷུང་བཟེད་དྲུག་གོ། །དེ་དག་དང་འདྲ་བ་ལས། བེ་ཅོན་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་དང་། སྣ་ཚོགས་རྡོ་རྗེ་དང་བྱེ་བྲག་གོ། །དེ་

དག་གི་བར་བར་དུ་མཆོད་པས་ལག་པ་བྲེལ་བའི་ལྷ་མོ་རྣམས་སོ། །ཁ་ཅིག་ན་རེ་དཀྱིལ་འཁོར་འདི་སྒོ་གསུམ་ལྷའི་སྣམ་བུ་དང་བཅས་པར་བྱ་བ་ལས། འདི་རྣམས་སྒོ་གཉིས་པ་ཡིན་ལ། དེ་ཉིད་དུ་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་དགོད་དོ་ཞེས་ཟེར་རོ། །དེ་ནས་ཕྱི་རོལ་དུ་རིམ་

པ་དང་པོའི་ཕྱོགས་བཞིར། གླིང་རི་རབ་ཀྱི་མདོག་དང་མཐུན་པ་བཞིར། རྡོ་རྗེ་དང་པདྨ་དང་རྩེ་གསུམ་པ་དང་། འཁོར་ལོ་རྣམས་སོ། །རིམ་པ་གཉིས་པ་ལ་དབང་ལྡན་དུ། རྩེ་གསུམ་དཀར་པོ་གཉིས་སོ། །ཤར་སྟོད་དུ་པི་ཝང་ངམ། ཞགས་པ་དཀར་པོ་སྟེ། དེ་དང་འབྲེལ་

པར་ཅང་ཏེའུ་དཀར་པོ་དང་། གདེངས་ཀ་དཀར་པོ་དང་། རྡོ་རྗེ་དཀར་པོ་དང་། ཤར་ལྷོར་མེ་ཐབ་སྟེ། དེ་ཉིད་དུ་གོས་སོ། །ལྷོ་སྟོད་དུ་དབྱུག་ཏོ་སྔོན་པོ་སྟེ། དེ་ནམ་མཁའི་ཕྱག་རྒྱ་དང་། དྲ་བ་རྡོ་རྗེ་ཅན་ནོ། །དེ་ནས་བེ་ཅོན་སྔོན་པོ་སྟེ། དེའི་རྗེས་སུ་ཐོད་པ་དང་། ཏོག་དང་ཞགས་

པ་དང་། ཏྲི་ཤཱུ་ལ་དང་། པདྨ་དང་། འཁོར་ལོ་དང་། མདུང་ཐུང་དང་། ཐོ་བ་དང་། ཐོད་པ་དང་། རྡོ་རྗེ་དང་། དབྱུག་ཏོ་འམ། ཡང་ན་སོར་མོ་བཅུ་བསྣོལ་བ་འབའ་ཞིག་བྲིའོ། །དེའི་རྗེས་ཉིད་དུ་དབྱུག་ཏོ་དང་། པདྨ་དང་། འཁོར་ལོ་དང་། རྡོ་རྗེ་བསྣམས་ཏེ། སྲིང་མོ་བཞིའོ། །

དེ་ཉིད་ཐོད་པའམ། ལྕེ་རྡོ་རྗེ་ཅན་ཏེ། འདི་དག་ནི་དབང་ཕྱུག་ཆེན་པོའམ། ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་འཁོར་དུ་ཡང་རུང་བར་བྲིའོ། །དེ་ནས་ལྷོ་ནུབ་ཏུ་རལ་གྲིའོ། །དེ་ཉིད་དུ་ཡང་རལ་གྲི་དང་ལྕེའོ། །ནུབ་སྟོད་དུ་རྡོ་རྗེ་འམ་ཞགས་པ་སྟེ། དེ་ནས་དབྱུག་ཏོ་དང་། གཤོག་

པ་དང་ཨུཏྤལ་དང་། སྦྲུལ་མགོ་དང་། ཞགས་པ་དང་། བུམ་པའམ་མཆེ་བའོ། །ནུབ་བྱང་དུ་བ་དན་དཀར་པོ་དང་། རྩེ་མོ་ཅན་གྱི་རི་དུད་ཀའོ། །བྱང་སྟོད་དུ་དབྱུག་ཏོ་སྟེ། དེ་ནས་མཆེ་བ་རྡོ་རྗེ་ཅན་དང་། ཡང་དབྱུག་ཏོའོ། །དེ་ནས་རིམ་པ་གསུམ་པ་ལ། ཕྱོགས་

เล่ม ๖๖ · หน้า 271b

བཞི་དང་། མཚམས་བཞིར་དབྱུག་པ་བརྒྱད་དང་། ཕྱོགས་བཞིར་ཡོན་ཆབ་ཀྱི་ཕྱག་རྒྱ་བདུན་བདུན་ཕྱོགས་ཀྱི་དབྱུག་པ་རེ་རེའི་རྗེས་སུ་བྲིའོ། །རིམ་པ་བཞི་པ་ལ་སྔར་བསྟན་པ་རྣམས་མིང་དུ་བྲི་ཞིང་། །སྔར་གཟུགས་དངོས་སུ་སྨྲས་པ་རྣམས་ནི་གཟུགས་ཉིད་དུའོ། །འདིར་

བསྟན་པ་དང་ཁ་དོག་དང་དབྱིབས་དང་ཚད་ཀྱི་མན་ངག་ཀྱང་བསྟན་ཟིན་ཏོ། །ཕྱི་རོལ་གྱི་གྲྭ་རྣམས་པདྨའི་ཚལ་དང་ཤིང་དང་མཚོ་དང་བྱ་བཀྲ་ཤིས་པ་རྣམས་བྲིའོ། །ཕྱི་རོལ་གྱི་ཆ་ཆུང་ལ་ནི་ཁོར་ཡུག་ཆེན་པོ་ལྟར་རྡོ་རྗེ་ཕྲེང་བ་བྲིའོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་དགོད་པ་བྱས་

ནས་དཀྱིལ་འཁོར་གྱི་ཡོ་བྱད་རྣམས་ཉེ་བར་དགོད་པའི་ཕྱིར། དེ་ནས་མཁས་པས་དཀྱིལ་འཁོར་ལ། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང་། །གདུགས་དང་རྔ་ཡབ་ལྡ་ལྡི་དང་། །འཕན་དང་སྣ་ཚོགས་ན་བཟའ་མཆོག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །གསེར་

ལས་བྱས་པའི་བྱ་རྣམས་ནི། །བརྒྱད་དམ་བཅུ་དྲུག་ལྷག་ཀྱང་རུང་། །དབང་བསྐུར་རིན་ཆེན་ཆུས་བཀང་བའི། །བུམ་པ་ལྔ་ནི་གཞག་པར་བྱ། །ཞེས་པ་དང་། འོག་ནས། རྣམ་རྒྱལ་བུམ་པ་དྲི་ཡི་ཆུས། །རབ་ཏུ་བཀང་སྟེ་གཞག་པར་བྱ། །ཞེས་བྱ་བ་སྨོས་པ་ནི་རྣམ་པར་

རྒྱལ་བ་དང་། རིགས་བཞིའི་བཞི་དང་། ལྷ་མོ་བཞིའི་བཞི་དང་། སེམས་དཔའ་བཅུ་དྲུག་གི་བཞི་དང་། སྒེག་མོ་ལ་སོགས་པ་བཞིའི་གཅིག་དང་། བདུག་པ་ལ་སོགས་པའི་བཞིའི་གཅིག་སྒོ་སྐྱོང་རྣམས་ཀྱི་གཅིག་སྟེ། དེ་ལྟར་བུམ་པ་བཅུ་དྲུག་གམ། དེ་མ་འབྱོར་ན་

རྣམ་པར་རྒྱལ་བ་དང་རིགས་བཞི་ལྷ་མོ་དང་བཅས་པའི་བཞི་དང་། སེམས་དཔའ་རྣམས་ཀྱི་གཅིག་དང་། མཆོད་པ་རྣམས་ཀྱི་གཅིག་དང་། སྒོ་སྐྱོང་རྣམས་ཀྱི་གཅིག་དང་བརྒྱད་དོ། །དེ་ཡང་མ་འབྱོར་ན་ནི། སྤྱིར་རིགས་རེ་རེ་ལ་རེ་རེ་སྟེ་ལྔའོ། །དེ་ཡང་གལ་ཏེ་མ་འབྱོར་

ན། རྣམ་པར་རྒྱལ་བའི་བུམ་པ་གཅིག་པུས་དབང་བསྐུར་ལ། ལས་ཀྱི་བུམ་པ་ནི་ཐམས་ཅད་དུ་བཞག་སྟེ་དེས་ན་བུམ་པ་གཉིས་ནི་མེད་པར་ནམ་ཡང་མི་རུང་ངོ་། །མར་མེ་མེ་ཏོག་བུམ་པ་དང་། །ཞེས་བྱ་བའི་བུམ་པ་འདི་ནི་བཀང་བའི་བུམ་པ་སྟེ། ཇི་སྙེད་འབྱོར་པ་གཞག་པར་

เล่ม ๖๖ · หน้า 272a

བྱའོ། །དེ་ལ་དབང་བསྐུར་བའི་བུམ་པ་རྣམས་ནི། དང་པོ་སྟོང་པ་ཉིད་ལས་ཡི་གེ་པཾ་དཀར་པོ་ལས་ཞབས་གདུབ་སོར་རེ་བ། ལྟོར་ཆུ་ཡུལ་མ་ག་དྷཱའི་བྲེ་གང་ཤོང་བ། མགྲིན་པ་སོར་བཞི་པ་ལ་ཕྲ་རབ་པ། ཁ་ཁྱེར་སོར་གཉིས་འཕྱང་བ། སོར་གཅིག་གདོང་ལ་ཡོད་

པ། དཔག་བསམ་གྱི་ཤིང་གི་ཡལ་ག་ཅན། སྔར་སྨོས་པའི་རིན་པོ་ཆེ་དང་། འབྲུ་དང་སྨན་དང་ལྡན་པ། རས་དཀར་པོས་མགུལ་པ་བཅིངས་པ། སྤོས་ཀྱི་ཆུ་ཉུང་ཟད་དང་ལྡན་པ་ལས། ཆུ་ལ་སོགས་པ་སྟོང་པར་བྱེད་པ་ལ་ཡང་དེར་ས་བོན་ལྷ་ཇི་སྙེད་པ་བསྐྱེད་དེ། ཡེ་

ཤེས་ཀྱི་ལྷ་རྣམས་བསྟིམས་ལ། མཆོད་པ་ལྔས་མཆོད་དེ། དེ་ཇི་ལྟར་ནུས་པས་བཟླས་ཏེ། མཇུག་ཏུ་དྲིའི་ཆུ་བླུགས་པས་རེག་པ་ལས་ཆུར་གྱུར་པར་བྱས་ལ། བྱ་བ་ལ་བབ་ཀྱི་བར་དུ་ཐུན་མཚམས་གསུམ་དུ་བཟླས་སོ། །མཛེས་པའི་བཤོས་རྣམས་གཞག་པར་བྱ། །ཞེས་

པའི་བཤད་པ། བཟའ་དང་བཏུང་བ་སྦྱར་ལེགས་དང་། །བཅའ་བ་སྣ་ཚོགས་གཞག་པར་བྱ། །ཞེས་བྱ་བའོ། །གནོད་སྦྱིན་སྲིན་པོ་ཁ་ཟས་སུ། །གཏོར་མ་རྣམ་པ་སྣ་ཚོགས་གཞག །འབྱུང་པོ་པ་དང་ཀླུ་དང་ལྷ། །མི་དང་མི་མིན་དེ་བཞིན་ཏེ། །མེ་ཏོག་དྲི་རྣམས་སྣ་

ཚོགས་དང་། །འོ་མ་མར་དང་ཁ་རར་བཅས། །ཞེས་བྱ་བ་ལ། ཕྱོགས་ཀྱི་གཏོར་མ་ནི། རྒྱུ་སྣ་ཚོགས་ལས་བྱས་ཏེ། རང་རང་གི་འདོད་པ་དང་མཐུན་པར་བྱས་ལ། འབྱུང་པོ་ལ་ཞེས་བྱ་བ་ལ། འབྱུང་པོ་ཐམས་ཅད་པའི་གཏོར་མ་ཅིག་ཅར་སྦྱིན་པ་སྟེ། དེ་བས་ན་འོག་

ནས་དེ་ནས་འབྱུང་པོ་ཀུན་གྱི་གཏོར་མ་ཞེས་བྱ་བ་དང་སྦྱར་ཏེ། དེ་ཡང་འབྱུང་པོ་པའི་གཏོར་མ་ནི། ས་ཡེ་ལི་དང་། ལིངྒ་ལི་དང་། སྲན་ཆན་ཏིལ་གྱི་པིས་ཏ་ག །རྩ་བ་འབྲས་བུ་འབྲས་ཆན་ཞོ། །ཅུང་ཟད་སྔོན་ལས་ཅུང་ཟད་དང་། །མེ་ཏོག་འབྲས་ཡོས་ཆུར་བཅས་

པ། །འདབ་མར་བཅས་པའི་གཏོར་མ་སྟེ། །ཕྱི་རོལ་འབྱུང་པོ་ཐམས་ཅད་ལ། །དེ་མིང་འབྱུང་པོ་ཀུན་གྱིའོ། །ཞེས་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་ལས་གསུངས་པའི་གཏོར་མའོ། །སེམས་ཅན་བཀྲེས་ཤིང་སྐོམ་ལ་བཏུང་བ་དང་། །ཞེས་བྱ་བ་ནི། འདིའི་མིང་

เล่ม ๖๖ · หน้า 272b

དང་ཞེས་བྱ་བ་སྨོས་པ་དང་སྦྱར་རོ། །ཕྱོགས་ལ་གནས་པ་རྣམས་ལ་རྣམ་པར་བརྟག །དེ་ཡི་གཏོར་མ་རྗེས་སུ་མཐུན་པར་བྱ། །ཞེས་སྨོས་པ་དང་། འདི་ཡི་གནོད་སྦྱིན་སྲིན་པོའི་ཁ་ཟས་སུ། །ཞེས་བྱ་བ་ལ་སོགས་པའི་ལྷག་མ་རྣམས་སྦྱར་རོ། །དེ་ལ་རྗེས་སུ་མཐུན་

པའི་གཏོར་མ་ནི་འདི་ལྟ་སྟེ། ཤར་དུ་མེ་ཏོག་ཕྲེང་དམར་དེ་བཞིན་སྤོས། །འབྲས་ཆན་དམར་པོའང་དེ་བཞིན་ཏེ། །བ་དན་དམར་པོའང་སྦྱིན་པར་བྱ། །ཙནྡན་དམར་པོ་ཉིད་དག་དང་། །སྐུད་པ་དམར་པོ་དག་དང་ནི། །དེ་དག་ཐམས་ཅད་སྦྱིན་པར་བྱ། །ཞེས་པའོ། །སྟེང་

དུ་ནི། མེ་ཏོག་དྲི་དང་མེ་ཏོག་ཕྲེང་། །མར་མེ་ཡང་ནི་དེ་ལ་སྦྱིན། །པདྨ་ཨུཏྤལ་པུ་ཤེལ་ཙེ། །ཆང་དང་འབྲས་ཆན་སྦྱིན་དུ་གཞུག །གདུགས་དཀར་བསང་བྱེད་སྲད་བུ་དང་། །དེ་བཞིན་མེ་ཏོག་ཕྲེང་དཀར་རྣམས། །ཞེས་པའོ། །ལྷོར་ནི་ཀྲི་ས་ར་དང་བྱུགས་པའི་

ཟས། །ཤ་བཙོས་དེ་བཞིན་རྗེན་པ་དང་། །མེ་ཏོག་སྤོས་དང་གཏོར་མ་དང་། །མེ་ཏོག་ཕྲེང་བ་སྣ་ཚོགས་པ། །གཏོར་མ་དེ་དག་བསྡུས་ནས་ནི། །ལྷོ་ཕྱོགས་སུ་ཡང་སྦྱིན་པར་བྱ། །ཞེས་སོ། །ལྷོ་ནུབ་ཏུ་ནི། ཁུར་བ་ཟས་དང་དེ་བཞིན་སྤོས། །དེ་བཞིན་ཤ་བཙོས་

རྗེན་པ་དང་། །ཟས་དང་སྐོམ་དང་ཀྲི་ས་ར། །སྡིག་མེད་ཁྲག་གི་གཏོར་མ་བྱ། །དྲི་ཞིམ་པོ་ཡི་མེ་ཏོག་རྣམས། །ཁ་དོག་སྣ་ཚོགས་རྣམས་ཀྱིས་བསྲེས། །ཞེས་པའོ། །ནུབ་ཏུ། བཀྲ་ཤིས་འབྲས་ཡོས་བུ་རམ་དང་། །ས་ནག་ཀྱང་ནི་དེ་བཞིན་ཏེ། །མེ་ཏོག་ཕྲེང་

བ་བདུག་པ་དང་། །ནཱ་ག་པུཥྤ་སྦྱིན་པར་བྱ། །དྲི་དམར་དང་ནི་དེ་བཞིན་དུ། །སྐུད་པ་དམར་པོ་སྦྱིན་པར་བྱ། །གུ་གུལ་དང་ནི་ཐང་ཤིང་གི། །བདུག་པ་དེ་ལ་སྦྱིན་པར་བྱ། །ཞེས་བྱའོ། །འོག་ཏུ་ནི་དེ་དག་ཉིད་དང་། མེ་ཏོག་ཀུན་དང་སྤོས་ཀུན་དང་། །མེ་ཏོག་ཕྲེང་བ་སྣ་

ཚོགས་དང་། །པདྨ་ཨུཏྤལ་པུ་ཤེལ་ཙེ། །ཨུཏྤལ་སྔོན་པོའི་འདབ་མ་དང་། །ཤ་བཙོས་དང་ནི་རྗེན་པའི་ཤ། །ཞེས་པའོ། །བྱང་དུ་ནི། ཟས་ཀུན་དང་ནི་སྤོས་ཀུན་དང་། །དེ་བཞིན་མེ་ཏོག་ཐམས་ཅད་དང་། །ཤིང་ཐོག་ཀུན་དང་ཀྲི་ས་ར། །དེ་བཞིན་འབྲས་ཀྱི་འོ་

เล่ม ๖๖ · หน้า 273a

ཐུག་དང་། །ཤ་བཙོས་དང་ནི་རྗེན་པ་དང་། །ཏིལ་ཟན་དང་ནི་འབྱུང་པོའི་ཟས། །གདུགས་སེར་དང་ནི་མཆོད་ཕྱིར་ཐོགས། །དེ་བཞིན་སྐུད་པ་སེར་པོ་དང་། །འགྲོན་བུ་དག་དང་གསེར་དག་དང་། །རིན་ཆེན་རྣམ་པ་སྣ་ཚོགས་རྣམས། །ཚུལ་བཞིན་དུ་ནི་སྦྱིན་

པར་བྱ། །ཞེས་པའོ། །བྱང་ཤར་དུ་ནི། རྫས་རྣམས་དང་ནི་འབྲས་ཡོས་དང་། །བུམ་པ་བ་དན་སྔོན་པོ་དང་། །ཤ་བཙོས་དང་ནི་རྗེན་པ་དང་། །དེ་བཞིན་ཁུར་བ་ཟས་རྣམས་དང་། །དྲི་དང་མེ་ཏོག་དཀར་པོ་དང་། །འབྲས་ཀྱི་འོ་ཐུག་དེ་བཞིན་སྦྱར། །ཞེས་པའོ། །ཤར་

ལྷོ་དང་། ནུབ་བྱང་དུ་ནི། སྭ་ཏི་ཀ་དང་ཨུ་ལོ་བའི། །བཟའ་བ་ཅི་འབྱོར་བུ་རམ་ཅན། །ལག་པན་རྩ་བ་འབྲས་བུ་དང་། །འོ་ཐུག་དག་ནི་འདོད་པ་སྟེ། །དེ་ནི་ཐམས་ཅད་འདོད་ཅེས་བྱ། །ཞེས་པ་ཐམས་ཅད་འདོད་པའི་གཏོར་མ་བྱ་སྟེ། འདི་གཉིས་ལ་ངེས་པའི་ཁ་

ཟས་མ་གསུངས་ལ། གཏོར་མ་འདི་ཉིད་སྔ་མ་ཐམས་ཅད་ཀྱི་གོ་སྦྱར་དུ་ཡང་རུང་ངོ་། །འབྱུང་བ་འདི་ཉིད་ལས་སྔ་མ་རྣམས་ལྷག་པར་བྱའོ་ཞེས་ཁ་ཅིག་རྟོགས། གལ་ཏེ་སྒྲུབ་པ་པོ་གཏོར་མ་རབ་ཏུ་རྒྱས་པར་སྦྱིན་པར་འདོད་པ་ན། །རིག་པ་མཆོག་གི་རྒྱུད་ལས་གསུངས་པ་

ལྟར། གདོན་ཆེན་པོ་བཅོ་བརྒྱད་ལ་ཡང་གཏོར་མ་མ་འདྲེས་པར་སྦྱིན་པར་བྱ་སྟེ། དེ་ཡང་དང་པོ་ནི་གནོད་སྦྱིན་གྱི་གཏོར་མ་བྱ་སྟེ། བར་ཆད་དྲག་པོ་སྤང་བའི་ཕྱིར་རོ། །དེ་ནས་འབྱུང་པོ་ཐམས་ཅད་ལ་སྟེ། བར་ཆད་སྤང་བ་དང་། དེ་དག་གི་བརྣབ་སེམས་དགག་པའི་ཕྱིར་རོ། །

དེ་ནས་ནི་ཕྱོགས་ཀྱི་བདག་པོའི་གཏོར་མ་སྟེ། ཚོགས་རྫོགས་པར་བྱ་བ་དང་། ལས་གྲུབ་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་དོན་གྱི་དབང་གིས་ན་རྡུལ་ཚོན་བཀྱེ་སྟེ། ཉེ་འཁོར་བའི་རྣམ་པ་ལྔས་བྱུགས་ནས་མཆོད་པ་དང་ཡོ་བྱད་བཀོད་མ་ཐག་ཏུའོ། །ཁྲུས་སོགས་བྱ་ལ་ཞེས་

བྱ་བ་ནི། ཇི་སྐད་དུ་འཕགས་པ་དཔུང་བཟང་གིས་ཞུས་པ་ལས་གསུངས་པ། ལུས་ལ་དྲིལ་ཕྱིས་བྱས་ནས་ནི། །ཆུ་ཆེན་རྙོག་པ་མེད་པར་ཞུགས་ནས་ཀྱང་། །ཇི་ཙམ་འདོད་པའི་བར་དུ་ཁྲུས་བྱས་ཏེ། །བྱུང་ནས་ཤར་རམ་བྱང་དུ་ཁ་བལྟས་ཏེ། །ཆུ་ཡིས་ལག་པ་

เล่ม ๖๖ · หน้า 273b

བརྐྱང་པ་བཀྲུས་ནས་ནི། །པུས་མོ་ཕྱི་རོལ་དུ་ནི་བསྟན་བྱས་ཏེ། །བར་དུ་ལག་གཞག་ཙོག་ཙོག་པོར་འདུག་ནས། །སྒྲ་མེད་དབུ་བ་མེད་པར་ཉེ་རེག་བྱ། །ལན་གསུམ་བར་དུ་ཆུ་ནི་འཐུངས་ནས་ཀྱང་། །མཆུ་ལ་ལན་གཉིས་ཡོངས་སུ་ཕྱི་བར་བྱ། །སོ་ལ་ཆགས་པ་ལྕེ་ཡིས་

རེག་པ་དང་། །སྦྲིད་པར་གྱུར་ནས་ཁ་ཡང་བཀྲུ་བར་བྱ། །ཞེས་པ་དང་། ཡང་དེ་ཉིད་ལས། ས་ཕུང་བཤང་སྒོ་ལྔ་སྟེ་མཚན་མ་གསུམ། །གཡོན་པ་གསུམ་སྟེ་ལག་པ་གཉིས་ལ་བདུན། །ཡང་ན་ས་དང་ཆུ་ཡི་ཇི་སྲིད་དུ། །དྲི་མ་དྲི་བྲལ་དེ་སྲིད་བར་དུ་བྱ། །ཞེས་གསུངས་

པས་སོ། །གལ་ཏེ་རྣལ་འབྱོར་པ་ཆོས་ཐམས་ཅད་རང་བཞིན་གྱིས་དག་པར་མོས་པ་ཞིག་ཡིན་ན་ནི། དེ་ཉིད་ཁྲུས་ཡིན་པས། འཇིག་རྟེན་པ་དང་མཐུན་པར་བྱ་བའམ། ལུས་ལ་ཕན་པའི་ཆེད་མ་ཡིན་པར། ཕྱི་རོལ་གྱི་ཁྲུས་ལ་ཆེད་དུ་མི་བྱ་སྟེ། ཇི་སྐད་དུ་འཕགས་པ་དེ་ཁོ་ན་ཉིད་འདུས་པ་ལས་

ཀྱང་། མུ་སྟེགས་ཅན་རྣམས་གཞོམ་པའི་ཕྱིར། །འབྱུང་བ་ཆེ་ལས་ཐམས་ཅད་བྱུང་། །མི་གཙང་ཞེས་ནི་གང་ལས་བྱ། །ཐམས་ཅད་གྲུབ་པར་བྱེད་པའི་མཆོག །ཅེས་གསུངས་ཏེ། སོགས་པ་བྱས་ལ་ཞེས་བྱ་བ་ནི། ཅི་ནས་ཀྱང་ཕྱིས་བར་ཆད་དུ་མི་འགྱུར་བར། བཟའ་བ་དང་བཏུང་བ་

ལོངས་སྤྱད་པའམ། གཏམ་གྱི་བསྒོ་བ་ལ་སོགས་པ་བྱ་བ་མ་ལུས་པ་རྫོགས་པར་བྱས་པའོ། །དྲི་དང་ཞེས་བྱ་བ་ནི། ལུས་ཙནྡན་དཀར་པོའི་འདེ་གུས་ཅི་རིགས་སུ་བྱུག་ཅིང་། མ་འབྱོར་པས་ཀྱང་བཞིན་ཙམ་བྱུག་པར་བྱའོ། །ཕྲེང་མཆོག་ཕྲེང་བ་ཅན་ཞེས་བྱ་བ་ནི།

ཨུཏྤལ་ལ་སོགས་པའི་ཕྲེང་བ་བཟང་པོ་མགོ་བོ་ལ་བཅིངས་ཤིང་མགུལ་དུ་ཡང་འཕྱང་བར་བྱས་པའོ། །དྲི་ཞིམ་ཁ་བཀང་ཞེས་བྱ་བ་ནི། གླ་རྩི་བཟང་པོ་ཅི་རིགས་ཅིག་ཁར་བཟུང་ངམ། ཞལ་ཁ་བསྒོ་བའི་བྱུག་པའི་སྦྱོར་བ་བྱས་པས་ཁ་བསྒོ་བའོ། །མཆོག་མཛེས་

པ་ཞེས་བྱ་བ་ནི། སྟོད་གཡོགས་དང་སྨད་གཡོགས་དར་དམར་པོ་གྱོན་པ། སོར་གདུབ་དང་། མགུལ་རྒྱན་དང་། རྣ་ཆ་དང་། མུ་ཏིག་གི་དོ་ཤལ་ལ་སོགས་པས་མཛེས་པར་བྱས་ཤིང་། གཙུག་ཏོར་དང་། དབུ་རྒྱན་དང་། དར་དཔྱངས་ཀྱིས་སྒེག་པའོ། །

เล่ม ๖๖ · หน้า 274a

གལ་ཏེ་རབ་ཏུ་བྱུང་བ་ཞིག་ན་ཡང་། ཆོས་གོས་སྣམ་སྦྱར་ལ་སོགས་པ་རབ་ཏུ་མཛེས་པ། རང་གི་འདུལ་བའི་ཆོ་ག་དང་མི་འགལ་བར་བྱས་པའོ། །དེ་ནས་དཀྱིལ་འཁོར་གྱི་མཐའ་ཡོལ་བ་ཆེན་པོས་བསྐོར་ལ། བདག་ཉིད་དཀྱིལ་འཁོར་གྱི་ཤར་དུ་

སྟན་ནང་ཚངས་ཅན་ལ་འདུག་སྟེ། སྔོན་བཞིན་དུ་དམ་ཚིག་སེམས་དཔའི་རྣལ་འབྱོར་རྫོགས་པར་བྱས་ལ། བྲིས་པའི་དཀྱིལ་འཁོར་དེ་ཡང་ཡིད་ཀྱིས་སྤྲུལ་པའི་དཀྱིལ་འཁོར་ཇི་ལྟ་བར་བསྐྱེད་དེ། བདག་ཉིད་དབུས་སུ་གནས་པས་སྒོ་དབྱེ་བའི་ཕྱག་རྒྱ། རྡོ་རྗེ་སོར་མོ་གཉིས་

ཀྱི་རྩེ་མོ་ཡང་དག་པར་བསྡམས་ཤིང་། བསྙམས་ལ་བཀན་ཏེ་ཨོཾ་བཛྲོད་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་བརྗོད་ཅིང་རབ་ཏུ་ཁྲོས་ལ། གཡས་བརྐྱང་བ་ལ་སོགས་པའི་འདུག་སྟངས་ལ་བརྟེན་ཏེ། སྒོ་ཐམས་ཅད་དམ་ཤར་གྱི་སྒོ་དབྱེ་བར་བྱའོ། །དེ་ནས་བཛྲ་བཛྲ་ཧཱུཾ་ཞེས་

བརྗོད་ཅིང་ཕྱིར་འབྱུང་བར་བྱ་སྟེ། ཡིད་དང་ཕྱག་རྒྱས་རི་མོ་དང་། །རྡོ་རྗེ་ཐིག་ཀྱང་གདབ་བྱ་སྟེ། སངས་རྒྱས་རི་མོ་དྲི་མེད་པ། །ལྡན་པ་འགོངས་ཀྱང་ཉེས་པ་མེད། །ཅེས་གསུངས་ཏེ། འདིར་ཡང་རི་མོས་བསྐོར་མ་ཐག་ཏུ་སྦྱོར་བ་འདི་བྱས་ལ། ཡང་ན་ཕྱག་རྒྱ་མ་བཀོད་པར་བྱ་

ཡང་རུང་ངོ་། །དེ་ནས་རང་རང་གི་སྔགས་བརྗོད་པས། ལྷའི་ཚོགས་སུམ་ཅུ་རྩ་བདུན་འགྲུབ་པར་བལྟ་སྟེ། བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་ནི། ཆེད་དུ་བསྐྱེད་པ་དང་སྤྱན་དྲང་མི་དགོས་ཀྱི། གང་དུ་དཀྱིལ་འཁོར་ཆེན་པོ་གནས་པ་དེར། རང་བཞིན་ཁོ་ནས་

བྱོན་ནོ། །དེ་ནས། །གཙོ་བོ་རྒྱལ་བ་སྲས་ཀྱི་འཁོར། །མང་པོ་རྣམས་ནི་སྤྱན་དྲངས་ཏེ། །ཞེས་བྱ་བར་སྦྱར་རོ། །གཙོ་བོ་ཞེས་བྱ་བ་ནི་སངས་རྒྱས་རྗེ་བཙུན་རྣམས་སོ། །རྒྱལ་བའི་སྲས་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་དང་ལྷ་མོ་ལ་སོགས་པའོ། །འཁོར་མང་པོ་རྣམས་ནི་

ཞེས་བྱ་བ་ནི། ཕྱིའི་དཀྱིལ་འཁོར་ལ་སོགས་པའོ། །སྤྱན་དྲངས་ཏེ་ཞེས་བྱ་བ་ནི་བོད་པ་སྟེ། ཇི་ལྟར་སྤྱན་དྲངས་ཤེ་ན། དེའི་ཕྱིར། ཕྱག་རྒྱ་སྔགས་དང་བདག་ལྡན་ཞིང་། །ལྕགས་ཀྱུ་ལ་སོགས་རྣལ་འབྱོར་གྱིས། །ཞེས་བྱ་བ་གསུངས་ཏེ། དེ་ལ་ཕྱག་རྒྱ་ནི་འོག་ཉིད་ནས།

เล่ม ๖๖ · หน้า 274b

གསང་བའི་བཅིང་བས་བཅིངས་ནས་ནི། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གསང་བའི་ཞེས་བྱ་བ་ནི། ཕྱག་རྒྱ་བཅིངས་པ་དེ་ཉིད་རབ་ཏུ་གསང་ཞིང་སྦ་བར་བྱ་སྟེ། ཇི་སྐད་དུ་འཕགས་པ་དེ་ཁོ་ན་ཉིད་འདུས་པ་ལས། སློབ་དཔོན་མ་ཡིན་གཞན་དང་ནི། །སློབ་མ་མ་ཡིན་བུ་

ཡིན་པའི། །མདུན་དུ་ཕྱག་རྒྱ་མི་བརྗོད་དེ། །དེ་དག་གསང་བ་ཕྱག་རྒྱས་འགྲུབ། །ཅེས་གསུངས་ལ། ཟླ་བ་གསང་བའི་ཐིག་ལེ་ལས་ཀྱང་། །དམ་ཚིག་མ་ཡིན་མི་ཤེས་ལ། །སྔགས་རིག་པས་ནི་བསྟན་མི་བྱ། །ཕྱག་རྒྱ་ཐམས་ཅད་གསང་བ་སྟེ། །དམ་ཚིག་ཕྱག་རྒྱ་

གསང་བ་ཡིན། །ཞེས་གསུངས་སོ། །བཅིངས་པ་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའོ། །བཅིངས་ནས་ནི་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་སྟེ། ཇི་སྐད་དུ་འཕགས་པ་དེ་ཁོ་ན་ཉིད་འདུས་པ་ལས། དམ་ཚིག་ཕྱག་རྒྱ་ཐམས་ཅད་ནི། །རྡོ་རྗེ་བསྡམས་ལས་བྱུང་བས་ན། །ཞེས་གསུངས་

ཏེ། དམ་ཚིག་གི་ཕྱག་རྒྱ་ཉེ་བར་མཚོན་པའོ། །མཛུབ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྔགས་ནི་ཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་ཀ་རུ་ཎི་ཀ་ཨཱཏྨ་ཀོ྅ཧཾ་ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་སྟེ། ལྕགས་ཀྱུ་ལ་སོགས་པའི་རྣལ་འབྱོར་ནི་ཡུད་ཙམ་གྱིས་བདག་ཉིད་དེར་མོས་པའོ། །

འདིར་དོན་ནི་བྲིས་པའི་དཀྱིལ་འཁོར་བསྐྱེད་ཅིང་སྒོ་ཕྱེ་ནས་བདག་ཤར་སྒོ་ལ་ཕྱོགས་པར་གནས་ཏེ། སྔགས་སྔ་མ་བརྗོད་པས་ལྷ་རྣམས་ཁང་པ་བརྩེགས་པའི་ཉེ་འཁོར་དུ་བྱོན་པར་བྱ་སྟེ། འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་དུ། རྡོ་རྗེ་བསྡུ་བའི་ཚུལ་ལྟ་བུའོ། །དེ་ནས་

རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་ཆེན་པོར་བདག་ཉིད་ཡིད་ལ་བྱེད་ཅིང་དེ་དག་གི་ཕྱག་རྒྱ་བཅིངས་ནས། ཨོཾ་སརྦ་ན་ར་ཀ་ག་ཏྱ་ཀ་ཤ་ནི་ཧཱུཾ་ཕཊ། ཨོཾ་སརྦ་ན་ར་གཱ་བྷུད་ད་ར་ནི་ཧཱུཾ་ཕཊ། ཨོཾ་སརྦྦ་ཨ་པཱ་ཡ་བནྡྷ་ན་མོ་ཙ་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཨ་པཱ་ཡ་ག་ཏི་བྷ་ག་ཝཱ་ན་བི་ནཱ་ཤ་ནི་ཧཱུཾ་ཕཊ་ཅེས་

བརྗོད་ལ་ནང་དུ་བྱོན་པ་དང་། གཉིས་སུ་མེད་པར་བྱ་བ་དང་། བཅིང་བ་དང་མཉེས་པར་བྱས་ནས་མཆོད་པ་ལ་སོགས་པ་བྱའོ། །དེ་ནས་མཚན་མ་སྐྱེས་ཏེ་ཞེས་བྱ་བ་ནི་འོད་ཟེར་དང་། །མི་ལས་འདས་པའི་དྲི་ལ་སོགས་པ་མཐོང་ནས་སོ། །མགུ་ནས་ནི་ཞེས་བྱ་བ་ནི། བདག་

เล่ม ๖๖ · หน้า 275a

གིས་ངེས་པར་སློབ་མ་སྨིན་པར་བྱེད་ནུས་སོ་ཞེས་བསམས་ཏེ་ཡིད་སྤྲོ་བ་བྱས་ནས་སོ། །ཐོག་མ་ཐ་མ་མེད་པར་ཞེས་བྱ་བ་ནི། དང་པོ་དང་བར་མ་དང་ཐ་མར་བྱེ་བྲག་མེད་པར་རོ། །མངོན་སུམ་མཐོང་ཞེས་བྱ་བ་ནི། དབང་པོའི་མངོན་སུམ་དང་འདྲ་བར་ལྷ་

རྣམས་གསལ་བར་བལྟས་ཏེ། སེམས་རྩེ་གཅིག་ཏུ་བྱ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་ཁ་ཅིག་ན་རེ། ཐོག་མ་བཅོམ་ལྡན་འདས་ཐམས་ཅད་རིག་པ་ནས། ཐ་མ་ཤིན་ཏུ་ཕྱི་རོལ་གྱི་ལྷ་རྣམས་ཀྱི་བར་དུ་བྱོན་པའི་ཚེ་བྱེ་བྲག་མེད་པར་མཐོང་བར་འགྱུར་ཏེ། འདི་ཉིད་མཚན་

མ་སྐྱེས་ཞེས་བྱ་བ་ཡིན་ལ། དེ་ལྟར་མཐོང་བས་མགུ་ནས་ནི་མཆོད་པ་བྱ་བ་སྟེ། དེ་ལྟར་ཡང་ལྷ་ཆེན་པོ་དགུའི་དཀྱིལ་འཁོར་ལས། དེ་ནས་བྱོན་པ་མཐོང་བ་དང་། །དགའ་བ་ཆེན་པོས་མཆོད་པར་བྱ། །ཞེས་གསུངས་སོ། །དེ་ལྟར་སྔོན་བཞིན་དུ་ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ་མཆོད་པ་

བྱའོ། །འདིས་ནམ་མཁའི་དཀྱིལ་འཁོར་ལ་འོག་མིན་ནས་སྤྱན་དྲང་བ་བསྟིམ་ཞིང་། དེས་བྲིས་པ་ལ་ཐིམ་པར་བྱ་བ་ནི་མན་ངག་གོ། །ད་ནི་མཆོད་པ་སྟོན་པར་བཞེད་ནས་ཨརྒྷཾ་མཆོག་ཕུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མཆོད་ཡོན་གྱི་མཚན་ཉིད་འཕགས་པ་

རབ་ཏུ་གྲུབ་པར་བྱེད་པ་ལས་གསུངས་པ། གསེར་དང་དངུལ་དང་ཟངས་མ་དང་། །རྡོ་བ་དང་ནི་ཤིང་གི་འམ། །ཁམ་སའམ་དུང་ངམ་ཉ་ཕྱིས་སམ། །དེ་བཞིན་ལོ་མའི་སྣོད་ཀྱང་རུང་། །ཞི་དང་རྒྱས་དང་དྲག་སྤྱོད་དང་། །རབ་དང་འབྲིང་དང་ཐ་མ་ཡི། །ལས་དང་དངོས་གྲུབ་དག་

ལ་ནི། །རིགས་པའི་སྣོད་རྣམས་སྦྱར་བར་བྱ། །ཁ་དོག་ཡོན་ཏན་བཤད་པ་ལས། །གཞན་དང་གཞན་ཡང་ཅི་རིགས་པའི། །སྣོད་རྣམས་ཇི་ལྟར་འདོད་པ་རུ། །མཆོད་ཡོན་ཕྱིར་ནི་རབ་ཏུ་སྦྱར། །ཞི་བའི་མཆོད་ཡོན་ནས་དང་བཅས། །ཏིལ་དང་བཅས་པ་རྒྱས་པ་ལ། །

ཐམས་ཅད་དང་ནི་འགལ་བའི་ཕྱིར། །ཀོ་ཏྲ་བར་བཅས་དྲག་སྤྱོད་ལ། །ཞི་བའི་མཆོད་ཡོན་འོ་མ་ཅན། །རྒྱས་པ་ལ་ནི་ཞོ་ཅན་ནོ། །བ་ཡི་གཅིན་ནམ་ཡང་ན་ཁྲག །དྲག་ཤུལ་སྤྱོད་པའི་དོན་དུ་ཤིས། །རབ་དང་འབྲིང་དང་ཐ་མ་དང་། །ལས་རྣམས་ཀུན་ལ་འབྲས་ཡོས་ཤིས། །

เล่ม ๖๖ · หน้า 275b

སྤོས་དང་མེ་ཏོག་ཀུ་ཤ་ཏིལ། །ཆུ་རྣམས་བྱེ་བྲག་མེད་པར་བཤད། །ཟངས་ཀྱི་སྣོད་ནི་མཆོད་ཡོན་ཕྱིར། །ལས་རྣམས་ཀུན་ལ་རབ་ཏུ་ཤིས། །འདི་དག་བདག་གིས་མ་འབྱོར་གྱིས། །བདག་ལ་བཟོད་པར་མཛོད་ཅེས་ནས། །ཡང་ན་ཅི་འབྱོར་པས་ཀྱང་རུང་། །ཞེས་པ་ལས་ཞི་བ་

ལ་བསྔགས་པའི་མཆོད་ཡོན་ནི། འདིར་ཨརྒྷཾ་མཆོག་སྟེ་དེ་ཕུལ་བས་མཆོད་པ་ལྷག་མ་རྣམས་བྱ། གླེགས་བམ་ལ་ལ་ལས་ཨརྒྷཾ་མཆོག་བརྟགས་ཞེས་འདོན་ཏེ། དེ་ཡང་སྔ་མ་ལྟ་བུ་ཞི་བའི་མཆོད་ཡོན་ནི་མཆོག་ཏུ་བརྟག་པར་བྱ་བའམ་རུང་བ་ཞེས་བྱ་བའོ། །གསང་བ་

ལ་སོགས་པ་ཞེས་བྱ་བ་ལ། གསང་བའི་མཆོད་པ་ནི་སྒེག་མོ་ལ་སོགས་པ་བཞི་སྟེ། འདི་དག་གི་སྙིང་པོའི་དཀྱིལ་འཁོར་གསང་བ་མཆོད་པར་བྱ་བའི་ཕྱི་རོལ་གྱི་ལྷ་རྣམས་མ་ཡིན་པས་སོ། །སོགས་ཞེས་བྱ་བ་ནི་རྡོ་རྗེ་མེ་ཏོག་ལ་སོགས་པ་བཞི་བསྡུ་བའོ། །དེ་ལྟར་མཆོད་

པ་གུས་མཆོད་ནས། །མཉམ་མེད་མི་གཡོ་ཞེས་བྱ་བ་ལ་སོགས་པའི་དབྱངས་ཀྱིས་བསྟོད་པའི་ཕྱིར། དབྱངས་ཀྱིས་སྙན་པའི་བསྟོད་པ་དང་། །ཞེས་བྱ་བ་སྨོས་ཏེ། རོལ་མོའི་ཆ་བྱད་དམ་པ་དང་སྦྱར་བ་དྲུག་ལྡན་ལ་སོགས་པའི་རོས་བསྟོད་པར་བྱ་སྟེ། ཇི་སྐད་དུ་ཟླ་བ་གསང་

བའི་ཐིག་ལེའི་རྒྱུད་ལས། པི་ཝང་གླིང་བུ་ཡ་མཚན་སྒྲ་སྙན་གྱི། །གླུ་བླངས་དངོས་གྲུབ་རྒྱ་ཆེན་ཐོབ་པར་བྱེད། །ཇི་སྙེད་ཡིད་དུ་འོང་བའི་གླུ་དག་ནི། །འཇིག་རྟེན་གྲགས་པའི་བདེན་པའི་བདེ་བ་དག །བདེན་པའི་སྒྲ་ཡིས་བསྐྱེད་པ་རྣམས་བསྒྱུར་བ། །དེ་དག་མཐུན་

པའི་དབྱངས་འདིས་སྒྲུབ་པར་བྱེད། །ཤ་ཏ་པ་དང་ཤ་ཛའི་དབྱངས། །གླུ་རུ་བླངས་པས་པདྨོ་གནས། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཡིད་ཀྱིས་བྱིན་རླབས་དག་པ་དང་། །འདི་ཡིས་བྱིན་རླབས་བདེ་བ་རྣམས། །སྦྱོར་བ་འདི་ཡི་སྦྱོར་བ་ཡིས། །འདོད་བྱེད་ཐམས་

ཅད་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ནས། ལྷ་ཡི་གཙོ་བོ་ཐམས་ཅད་ལ། །རས་ནི་ཟུང་རེ་དབུལ་བར་བྱ། །སེམས་དཔའ་ཆེན་པོ་ཕལ་རྣམས་ལ། །ཡ་རེ་ཕུལ་བར་རབ་ཏུ་བསྒྲགས། །ཞེས་གསུངས་པའམ། ཡང་ན་ལྷ་ཐམས་ཅད་ལ་རས་ཟུང་འབུལ་

เล่ม ๖๖ · หน้า 276a

བའམ། མ་འབྱོར་ན་རེ་རེ་འམ། དེ་ཡང་མ་འབྱོར་ན་ཐམས་ཅད་ལ་ཟུང་གཅིག་གམ། རབ་ཏུ་འབྱོར་པ་དམན་ན་ཐམས་ཅད་ལ་གཅིག་དང་། འབྱོར་པ་ཡོད་ན་བ་ལང་དང་རྟ་དང་། རྔ་མོ་དང་ར་ལུག་ལ་སོགས་པའི་ཁྱུ་རབ་ཏུ་བརྟགས་པ་དང་། རིན་པོ་

ཆེའི་ཚོགས་དང་། བཟའ་བ་དང་བཅའ་བ་དང་། བལྡག་པ་དང་། བཏུང་བ་གྱ་ནོམ་པ་མང་པོ་དང་། དྲིལ་བུ་གཡེར་ཀ་བཏགས་པའི་རྟ་བབས་དྲི་ཞིམ་པོ་དང་། རིན་པོ་ཆེ་བདུན་དང་། ཉེ་བའི་རིན་པོ་ཆེ་བདུན་དང་། བཀྲ་ཤིས་ཀྱི་རྫས་བཅུ་དྲུག་དག་ཀྱང་རབ་ཏུ་ཡིད་དུ་

འཐད་པ་འབུལ་བར་སྟོན་པ་ནི། ལྷ་རྫས་དམ་པ་རྣམས་ཀྱིས་ལེགས་པར་མཆོད། །ཅེས་གསུངས་པའོ། །དེ་ལ་མཆོད་པའི་ཆོ་ག་ནི་བྱ་བའི་རྒྱུད་ཀྱི་དབང་དུ་མཛད་དེ། འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་ལས། ཐལ་སྦྱར་མཆོད་ཡོན་བློས་མཆོད་དང་། །ཆོ་གའི་

ཡན་ལག་ཉིད་དང་བཞི། །ཇི་ལྟར་རིགས་པ་ཉེ་བར་སྦྱར། །ཞེས་གསུངས་ལ། སྤྱོད་པའི་རྒྱུད་ཀྱི་དབང་དུ་མཛད་དེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། མཆོད་པ་རྣམ་བཞིར་ཤེས་བྱ་སྟེ། །ཕྱག་འཚལ་བ་ཡི་ཐལ་སྦྱར་དང་། །དེ་བཞིན་བྱམས་དང་

སྙིང་རྗེ་དང་། །མེ་ཏོག་བདུག་སྤོས་འཇིག་རྟེན་པའི། །སོར་མོ་ལས་བྱུང་མེ་ཏོག་རྣམས། །སྐྱོབ་པ་ཀུན་ལ་དབུལ་བར་བྱ། །ཞེས་གསུངས་སོ། །རྣལ་འབྱོར་གྱི་རྒྱུད་དག་ཏུ་ནི། མཆོད་པ་རབ་ཏུ་མང་པོ་དག་བསྟན་ཏེ། ལྷ་མོ་ཀུ་རུ་ཀུལླེ་འབྱུང་བ་ལས་ནི། མེ་ཏོག་

ལ་སོགས་པ་མཆོད་པ་བཅོ་བརྒྱད་གསུངས་སོ། །འཕགས་པ་དེ་ཁོ་ན་ཉིད་འདུས་པར་ནི། མཆོད་པ་ཕྱི་དང་ནང་དང་གསང་བ་དང་རབ་ཏུ་གསང་བ་རྣམས་བསྟན་ཏེ། དེ་བས་ན་མཆོད་པ་རྣམས་ནི་སྒྲུབ་པ་པོའི་བསམ་པའི་དབང་གིས་རབ་ཏུ་མང་མོད་ཀྱི། འདིར་ནི་མཆོད་པ་

དགུ་ཡན་ཆད་དང་བཅས་པའོ། །དེ་ཡང་ཇི་སྐད་བཤད་པའི་ཡོན་ཆབ་ཐོགས་ཏེ། ཨེ་ཧྱེ་ཧི་བྷ་ག་ཝཱན་ནི་ཧ་ཝ་ཀྟེ་ན་ས་ཡ་མེ་ཙ་མ་ཨརྒྷཾ་པུཥྤཾ་དྷཱུ་པཾ་པྲ་ཏཱིཙྪ་མཾ་པཱུ་ཛ་ནིར་ཛ་ཏྱ་པྲ་སིདྡྷི་མེ། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛེ་ཏེ་སྭཱ་ཧཱ་ཞེས་བྱ་བའམ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་

เล่ม ๖๖ · หน้า 276b

ཨཱཿཧཱུཾ་ཞེས་པས་དབུལ་ལོ། །མཆོད་ཡོན་ནི་སྒྲུབ་པ་པོའི་སྤྱི་བོར་བཟུང་སྟེ་དབུལ་ལོ། །མེ་ཏོག་ལ་སོགས་པ་ཡང་སྙིང་གའམ་ལྟེ་བའི་ཐད་ཀར་བཟུང་སྟེ་དབུལ་ལོ། །དེ་ཡང་དང་པོ་ཕྱག་བཞི་བྱས་ལ། དེ་ནས་མཆོད་ཡོན་དབུལ་ཏེ། དེ་ནས་བདུག་པ་དང་མེ་ཏོག་དང་

མར་མེ་དང་དྲི་རྣམས་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷ་ཞེས་བྱ་བ་རབ་ཏུ་དག་པར་མོས་པར་བྱས་ལ། རབ་ཏུ་མང་ཞིང་མཆོག་ཏུ་བྱ་བ་དང་། ཇི་ལྟར་བསྔོས་པ་བཞིན་དུ་འབྱུང་བར་བྱ་བའི་ཕྱིར། ཨོཾ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་དྷརྨ་ཏཱ་དྷཱུ་པ་ཡ་དེ་ཧཱུཾ་ཕཊ། ཨོཾ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་

པུཥྤ་བི་ལོ་ཀ་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཛྙཱ་ནཱ་ལོ་ཀ་ཀ་རི་ཧཱུཾ་ཕཊ། ཨོཾ་སརྦ་ཨ་པཱ་ཡ་ག་ཏི་གནྡྷ་ཨཱ་ཤ་ནི་གནྡྷ་བ་ཏི་ཧཱུཾ་ཕཊ་ཅེས་བྱ་བ་རྣམས་སྙིམ་པ་ཟེད་པ་ལས་གྱེན་དུ་འཐོར་བ་དང་། དེ་ཉིད་ལས་མཐེ་བོང་གཉིས་གྱེན་དུ་བསྙམས་ནས་མདུན་དུ་འཛིན་པ་དང་།

དེ་ཉིད་ལས་དུང་དང་འདྲ་བར་བྱས་པའི་ཕྱག་རྒྱ་རྣམས་བཅིངས་ཏེ་ཕུལ་བས། རབ་ཏུ་རྒྱས་པར་ཚིམ་པར་བསམ་མོ། །དེ་ནས་གསང་བའི་མཆོད་པ་བྱ་སྟེ། རང་གི་དམ་ཚིག་སེམས་དཔའི་རྣལ་འབྱོར་དུ་རབ་ཏུ་གསལ་བར་བྱས་ལ། རྡོ་རྗེའི་གར་གྱི་བྱ་བ་རྡོ་རྗེའི་ཁུ་ཚུར་

གཉིས་དཀུ་གཡས་གཡོན་གཉིས་སུ་སྒེག་པའི་ཚུལ་གྱིས་བཞག་ལ། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་ཅིང་དེ་ལ་རབ་ཏུ་དགའ་བས་སྤྱི་བོས་གཡོན་དུ་ཅུང་ཟད་བཏུད་དེ། ཨོཾ་བཛྲ་ལཱ་སྱེ། ཨོཾ་བཛྲ་སཏྭ་སུ་སངྒྲ་ཧ། ཨོཾ་བཛྲ་རཏྣ་མ་ནུཏྟ་རཾ། ཨོཾ་བཛྲ་དྷརྨ་གཱ་ཡ་ནེ། ཨོཾ་བཛྲ་ཀརྨ་ཀ་རོངྦྷ་བེ་ཞེས་

གླུར་བླང་ངོ་། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བདག་ཉིད་ཀྱི་སྤྱི་བོར་ཕྲེང་བ་འཛིན་པའི་ཚུལ་དུ་བྱས་ལ། སངས་རྒྱས་ཀྱི་ཡོན་ཏན་བདག་དང་སེམས་ཅན་ཐམས་ཅད་ལ་འབྱུང་བར་སྨོན་པས། །ཨོཾ་བཛྲ་མཱ་ལེ་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །དེ་ནས་འགྲོ་བ་ཐམས་ཅད་ལ་

མདོ་སྡེ་ཟབ་མོ་ལ་སོགས་པ་བཤད་པ་འབྱུང་བ་ཡིད་ལ་སྨོན་པས། རྡོ་རྗེ་ཁུ་ཚུར་གཉིས་རང་གི་ཁ་ནས་ཚིག་འཐོན་པ་ལྟར་བྱས་ཏེ། ཨོཾ་བཛྲ་གཱི་ཏི་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །དེ་ནས་ཡང་རྡོ་རྗེ་གར་གྱི་ཚུལ་གྱིས་ཐལ་མོ་སྤྱི་བོར་སྦྱར་ཏེ། འགྲོ་བ་ལ་ངེས་པའི་ཚིག་ཏུ་ཆོས་སྟོན་པ་

เล่ม ๖๖ · หน้า 277a

དང་། སྤྱོད་ལམ་སྣ་ཚོགས་ཀྱིས་འགྲོ་བའི་དོན་ལ་མཁས་པར་གྱུར་ཅིག་ཅེས་སྨོས་པས། ཨོཾ་བཛྲ་ནྲྀ་ཏི་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །ཡང་ན་དེ་དག་གི་ཕྱག་རྒྱ་བསྟན་པས་དེ་དག་ཉིད་ཀྱིས་དེ་དག་ཉིད་ལ་རང་རང་གི་མཆོད་པར་མོས་པར་བྱའོ། །ཡང་

ན་དང་པོ་ཡོན་ཆབ་ཕུལ་ལ། དེ་ནས་གསང་བའི་མཆོད་པ་བརྗོད་དེ། གསང་བའི་མཆོད་པ་དེ་དག་གི་ཡོན་ཏན་ཡང་། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས། རྡོ་རྗེ་འཇོ་མ་བྱས་ནས་ཀྱང་། །རྡོ་རྗེ་ཕྲེང་བ་འཆིང་བྱེད་ཅིང་། །དེ་ནས་རྡོ་རྗེ་གླུར་བླངས་ལ། །རྡོ་རྗེ་གར་གྱིས་

མཆོད་བྱས་ནས། །འདོད་པའི་དགའ་བ་དབང་བསྐུར་མཆོད། །གླུ་དང་གར་གྱི་བདེ་བ་ལས། །བདེ་བ་གཞན་ནི་ཡོད་མིན་ཏེ། །དེ་ཕྱིར་གསང་མཆོད་འདི་བླ་མེད། །ཅེས་གསུངས་པ་ལྟ་བུའོ། །དེ་ནས་བདུག་པ་ལ་སོགས་པས་མཆོད་པ་ཡང་རུང་ངོ་། །དེ་ནས་ཨོཾ་བཛྲ་བ་

ཊ་ཧཱུཾ་ཞེས་བརྗོད་པས་རས་ཕུལ་ལ་སྙིམ་པ་མཛེས་པ་རབ་ཏུ་བརྐྱང་བའི་ཕྱག་རྒྱས་བཤོས་རྣམས། ཨོཾ་ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པས་དབུལ་ལོ། །སྔར་བཤད་པའི་ཡོན་ཆབ་ནི་རྡོ་རྗེ་ཐལ་མོ་བརྐྱང་བ་ལས་གུང་མོ་གཉིས་ནང་དུ་བཅུག་པས་དབུལ་ལོ། །ཨོཾ་སརྦ་བིད་པུ་ར་པུ་ར་

ཨ་བརྟ་ཡ་ཧོ་ཞེས་འདོན་ཅིང་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅིངས་ལ། རྟ་བབས་ལ་སོགས་པ་དབུལ་ལོ། །གལ་ཏེ་མཆོད་པ་རྣམས་དངོས་སུ་མ་འབྱོར་ན། དེའི་ཚེ་མཆོད་པའི་གཟུགས་བརྙན་རྣམས་གྲོ་ག་ལ་སོགས་པ་ལ་བྲིས་ཏེ། དངོས་ཡིན་པར་ལྷག་པར་མོས་པར་མཆོད་

ཡོན་ཙམ་དུ་དབུལ་ལོ། །དེ་ལྟར་ནི་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་ལས། ཆེ་གེ་མོ་འདི་བཞེས་ཤིག་ཅེས། །རྫས་ཀྱི་མིང་ནས་ཕྱུང་སྟེ་དབུལ། །མ་འབྱོར་ན་ཡང་གཟུགས་བརྙན་རྣམས། །བྱས་ནས་མཆོད་ཡོན་དབུལ་བར་བྱ། །སྔགས་དང་མཆོད་པ་ཕུལ་བ་ཡི། །ཆོ་ག་ཐམས་

ཅད་ཚོགས་པར་འགྱུར། །ཞེས་གསུངསོ། །དེ་བཞིན་དུ་མཆོད་པ་ཇི་ལྟར་འབྱོར་པ་ཙམ་ཡིད་ཀྱིས་མཆོད་པ་དང་བཅས་ནས་མཆོད་པ་ཡང་། དེ་ཉིད་ལས། རྣམ་པ་ཀུན་ལ་མཁས་པ་ཡིས། །རྟག་ཏུ་ཅི་འབྱོར་པས་ཀྱང་རུང་། །ཡིད་ཀྱི་མཆོད་པ་ཁྱད་པར་ཅན། །ཡང་དག་

เล่ม ๖๖ · หน้า 277b

ཉིད་དུ་བརྩམ་པར་བྱ། །ཆོས་ཀྱི་ཐོག་མར་ཡིད་འགྲོ་ཞེས། །ཐུབ་པ་ཆེན་པོས་བཀའ་སྩལ་ཏོ། །ཡིད་ནི་རབ་ཏུ་མཉམ་གཞག་ནས། །ཆོ་ག་ལྷག་མ་བྱ་བར་བཤད། །ཅེས་གསུངས་སོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་། མཉམ་མེད་མི་གཡོ་མཉམ་ཉིད་མཆོག་གི་

ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དག་པའི་ཆོས་ཉིད་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་

ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་ངེས་པར་སྩོལ་མཛད་པ། །རྟག་ཏུ་དྲི་མ་མེད་པའི་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །

འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པས། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བར་ཤིན་ཏུ་ཡོངས་རྫོགས་པའི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་འགྱུར་དང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་

མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོད་མི་འགྱུར། །ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་

གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །ཞེས་གླུས་བསྟོད་ཅིང་། ནུས་ན་འཕགས་པ་དེ་ཁོ་ན་ཉིད་འདུས་པའི་རྩ་བ་དང་། ཕྱི་མ་ཕྱི་མའི་རྒྱུད་ནས་གསུངས་པའི་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་མཚན་བརྒྱ་རྩ་བརྒྱད་པ་

དབྱངས་སུ་བླངས་པས་བསྟོད་ཅིང་མཉེས་པར་བྱ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཡིན་ན། རྒྱུད་འདི་ཉིད་ལས་གསུངས་པའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དོ། །དེ་ནས་ཡི་གེ་བརྒྱ་པ་བརྗོད་དོ། །སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ་བཞག་ལ། ཕྱི་རོལ་དུ་གཏོར་

เล่ม ๖๖ · หน้า 278a

མ་རབ་ཏུ་རྒྱས་པ་འཆད་པར་བྱེད་པས་སྦྱིན་ནོ། །དེ་ནས་ནང་དུ་འོངས་པ་བདག་ཉིད་འཇུག་པ་བསྟན་པའི་ཕྱིར། རྡོ་རྗེ་འཛིན་མ་ཞུགས་ནས་ནི། །མེ་ཏོག་ཐོགས་ཏེ་སྒོ་ཕྱོགས་འདུག །ཅེས་གསུངས་པ་ཡང་འདིར་དྲངས་ཏེ། སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱས་མེ་

ཏོག་གི་ཕྲེང་བ་བཟུང་བར་བྱ་བ་མདུན་དུ་བཞག་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡ་ནཾ་ཀ་རོ་མི་ཞེས་བརྗོད་ཅིང་། དཀྱིལ་འཁོར་ལ་ཡན་ལག་བརྒྱད་དང་ལྡན་པའི་ཕྱག་ལན་གསུམ་བྱས་ལ་ཕྲེང་བ་དེ་བླངས་ཏེ། དཀྱིལ་འཁོར་ལ་ལན་བདུན་བསྐོར་བས། ཡང་

ཕྱག་སྔ་མ་ལྟར་བྱས་ལ། མེ་ཏོག་དེ་བདག་པོ་ལ་ཕུལ་ཏེ་བླངས་ལ་རང་གི་སྤྱི་བོར་གདགས་སོ། །དེ་ནས་པུསྟིའི་ཕྱག་རྒྱ་དང་ཨ་ཞེས་པ་སྟོང་གིས་བདག་གམ་གཞན་ལ་ཕབ་ལ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་དཀྱིལ་འཁོར་སྙིང་པོ་འདིར། །

བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་བཀའ་མནོས་ནས། བདག་དང་གཞན་དེས་སྨིན་པར་མཛད་པར་བསམས་ལ། སློབ་དཔོན་དུ་བདག་པོར་གྱུར་པ་ལས། སྡོམ་པ་དང་དབང་མ་ལུས་པ་བློ་ཡིས་བླངས་ཏེ། དེ་ནས། ཆགས་ཆེན་ལས་བྱུང་དེ་ཁོ་ན། །འཁོར་ལོའང་

གཟུགས་བརྙན་དག་དང་མཚུངས། །ཨོཾ་ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་རབ་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་

འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པའང་ཁྱོད། །འདོད་ཆགས་ཀུན་གྱིས་རྗེས་སུ་མཉེས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་འདས་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་

དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེ་སོགས་ཕྱག་རྒྱ་ཡིས། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས། རྡོ་རྗེ་སྙེམས་བདག་བདག་མཛོད་ཅིག །སེམས་ཅན་ཀུན་གྱི་ཡིད་

เล่ม ๖๖ · หน้า 278b

ཁྱབ་ཅིང་། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཕ་ཡིན་ཏེ། །ཆགས་པའི་མཆོག་སྟེ་དམ་ཚིག་མཆོག །ཐབས་ཤེས་བདག་ཉིད་དཀྱིལ་འཁོར་ཏེ། །ཡེ་ཤེས་ཡིན་པའི་བདེན་གང་གིས། །བདེན་པ་འདི་ཡིས་དཀྱིལ་འཁོར་ཀུན། །གཟུགས་བརྙན་གསལ་

བའི་སློབ་མ་ཡིས། །སྐྱོན་དང་བྲལ་བར་ཀུན་མཐོང་ཤོག །ཅེས་བྱ་བ་རྣམས་ཀྱི་དེ་ཁོ་ན་ཉིད་བདེན་པ་དང་། དམ་ཚིག་གསུམ་གྱི་གླུ་དང་། ཡང་དེ་ཁོ་ན་དང་བདེན་པ་བསྒྲགས་སོ། །གལ་ཏེ་ཞག་དུ་མར་དཀྱིལ་འཁོར་གྱི་ལས་བྱེད་པའི་ཚེ་ན། གནས་སྐབས་དེར་དགེ་འདུན་ལ་

མཆོད་སྟོན་གསོལ་བ་དང་། ཆོས་སྨྲ་བར་མཆོད་པར་བྱ་སྟེ། ཇི་སྐད་དུ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ལས། སློབ་མ་དེ་བོས་བསྒོ་བ་ནི། །འདི་ནི་བསོད་ནམས་ཞིང་ཡིན་ཞེས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྐྱོབ་པ་རྣམས་ནི་ཀུན་གྱིས་

གསུངས། །རྣམ་དག་ཡོན་ཏན་རྒྱས་པ་ཡི། །དགེ་འདུན་ལ་ནི་ཀུན་གྱིས་ཕུལ། །དགེ་འདུན་ལ་ཕུལ་འབྲས་བུ་ཆེ། །སྐྱེས་བུ་མཁས་པ་གང་ཞིག་གིས། །དགེ་འདུན་ལ་ནི་ཡོན་ཕུལ་ན། །ལོངས་སྤྱོད་ཆེན་པོ་མི་ཟད་པ། །འཇིག་རྟེན་འཐད་པར་སྐྱེ་བར་འགྱུར། །དེ་བས་

ཐམས་ཅད་མཐུན་པར་ནི། །སེམས་ལ་དགའ་བ་བསྐྱེད་ནས་སུ། །སངས་རྒྱས་བསྔགས་པའི་དགེ་འདུན་ལ། །ཅི་ནུས་པས་ནི་མཆོད་སྟོན་བྱ། །ཞེས་གསུངས་ལ་བྱ་བའི་རྒྱུད་གཞན་དག་ལས་ཀྱང་། །དེ་ནས་བླ་མའི་ཅི་འབྱོར་པས། །འཕགས་པ་དགེ་འདུན་མཆོད་

སྟོན་གསོལ། །ཡང་ན་སློབ་མ་བྱེད་དུ་གཞུག །གལ་ཏེ་མི་འབྱོར་པར་གྱུར་ན། །དགེ་འདུན་གྱིས་ནི་བསྐོས་པ་ཡིན། །དགེ་སློང་དག་ལ་མཆོད་སྟོན་གསོལ། །ཡང་ན་སངས་རྒྱས་མཆོད་པའམ། །དགེ་འདུན་དག་ལ་ཡོན་ཡང་དབུལ། །ཞེས་གསུངས་སོ། །ཕྱོགས་

བཞིར་ཆོས་ཀློག་བཞི་བཞག་ནས། །དེ་ལ་ཤར་གྱི་ཕྱོགས་སུ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་གཞག །བྱང་གི་ཕྱོགས་སུ་གཞག་པ་ནི། །གསེར་འོད་དམ་པའི་མདོ་སྡེ་ཡིན། །ནུབ་ཀྱི་ཕྱོགས་སུ་གཞག་པ་ནི། །དེ་བཞིན་གཤེགས་པའི་གསང་བའི་མདོ། །ཐེག་པ་ཆེན་

เล่ม ๖๖ · หน้า 279a

པོ་སྡོང་པོ་བཀོད། །ལྷོ་ཡི་ཕྱོགས་སུ་བཞག་ནས་སུ། །གུས་པར་དེ་དག་མཆོད་པར་བྱ། །ཞེས་གསུངས་ཏེ། གལ་ཏེ་དཀྱིལ་འཁོར་གྱི་ལས་ཀྱི་དུས་ཐ་མ་ཞག་གསུམ་དུ་བྱེད་ན་དེ་དག་འཇུག་པའི་ཉི་མ་སྔ་དྲོ་བྱའོ། །ཡང་ན་ཆོས་བསྒྲགས་པས་བསྲུང་བ་ནི། ཕྱིའི་

ས་སྦྱང་བ་ནས་བཟུང་སྟེ། དཀྱིལ་འཁོར་བསྡུས་པའི་བར་དུ་བྱའོ། །དེ་ནས་འོག་ནས་འབྱུང་བ་ལྟར་སློབ་མ་གཞུག་པར་བྱའོ། །དེ་ལྟར་སློབ་དཔོན་དཀྱིལ་འཁོར་བསྒྲུབ་པར་བྱས་ནས་གཏོར་མ་སྦྱིན་པའི་ཕྱིར། དེ་ནས་འབྱུང་པོ་ཀུན་གྱི་གཏོར་མ་བྱ། །སེམས་ཅན་བཀྲེས་

ཤིང་སྐོམ་ལ་གདུང་བ་དང་། །ཕྱོགས་ལ་གནས་པ་རྣམས་ལ་རྣམ་པར་བརྟག །དེ་ཡི་གཏོར་མ་རྗེས་སུ་མཐུན་པར་བྱ། །ཞེས་སྨོས་ཏེ། དེ་ཡང་དང་པོ་ནི་བཟའ་བ་དང་བཏུང་བ་མང་པོས་མིའི་འགྲོ་བ་ཇི་ལྟར་ནུས་པ་ཚིམ་པར་བྱ་སྟེ། ཁྱད་པར་དུ་ནི་ཁྱེའུ་དང་བུ་མོ་གཞོན་ནུ་འཁྲིག་

པ་བསྟེན་མི་ནུས་པ་རྣམས་ཚིམ་པར་བྱའོ། །དེ་ནས་འབྱུང་པོ་ཀུན་གྱི་གཏོར་མ་ལ་སོགས་པ་བྱ་སྟེ། གཏོར་མའི་ཚུལ་ཇི་ལྟ་བུ་ཞེ་ན། ད་ནི་གཏོར་མ་རྒྱས་པའི་ཆོ་ག་བདག་གིས་འདིར་བརྗོད་པར་བྱ་སྟེ། ཇི་སྐད་དུ་བཤད་པའི་གཏོར་མ་ཤིང་རྟ་གང་ལའང་ཉུང་ཟད་ཀྱང་རུང་སྟེ།

ཇི་ལྟར་འབྱོར་པ་ཕྱི་རོལ་དུ་ཁྱེར་ལ་བསྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ་གཞག་སྟེ། སློབ་དཔོན་བདག་ཉིད་ཀྱིས་སྦྱིན་ནོ། །དང་པོར་སྒྲུབ་པ་པོས་འཕགས་པ་བདུད་རྩི་འཁྱིལ་པའི་སྔགས་ལན་བདུན་གྱིས་བསྲུངས་ཏེ། དེ་ནས་གཏོར་མ་དེར་མར་མེ་དང་མེ་ཏོག་དང་།

བདུག་པ་དང་བྱུག་པ་དང་བཤོས་རྣམས་བཙལ་ལ་ལག་ཏུ་སྤོས་ཐོགས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ལ། ཡིད་དོན་ལ་བསྡུས་ཏེ་ཚིགས་སུ་བཅད་པ་འདི་བརྗོད་དོ། །ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟངས་ལུས་

སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་རྣམས་ལ། །བདག་ནི་པུས་མོ་ས་ལ་བཙུགས་ནས་སུ། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་

เล่ม ๖๖ · หน้า 279b

གདགས་ཕྱིར་ནི་འདིར་སྤྱོན་ཅིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་། །རིན་ཆེན་གནས་ན་ལྷག་པ་

གང་གནས་དང་། །མཚོ་དང་རྫིང་དང་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་གསིལ་མ་ཅན་ན་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་དག་དང་། །དཀའ་ཐུབ་གནས་དང་

གླང་ཆེན་བྲེས་དང་ནི། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་མདུན་ཁང་དང་ནི་བཞི་མདོ་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་དག་དང་། །འབྲོག་ཆེན་

འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་རྣམས་ལ་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་གོ་བར་གྱུར་ནས་སུ། །བསྟོད་དང་གཏོར་མ་མར་མེ་གུས་ཕུལ་བ། །འདི་དག་བཞེས་ཏེ་བཏུང་ཞིང་བསྣམས་སུ་གསོལ། །

ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་བརྗོད་ལ་གཏོར་ཏེ། དེ་ཕྱོགས་ཀྱི་གཏོར་མ་བྱའོ། །དེ་ཡང་། དེ་ལྟར་གདོན་ལ་མཆོད་པ་བྱས་ནས་སུ། །དེ་དག་ཕྱོགས་སྐྱོང་རྣམས་ལ་མཆོད་པར་བྱ། །ཞེས་གསུངས་པས་སོ། །སྔ་མ་ལྟར་པུས་མོ་བཙུགས་ཏེ།

སྤོས་སྣོད་ཐོགས་ལ། དབང་པོ་འབྱུང་པོའི་གདོན་དང་བཅས་པ་ཡིས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་སྲིན་པོ་ཆུ་བདག་དང་། །རླུང་དང་ལུས་ངན་འབྱུང་པོ་གདོན་དང་བཅས། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་

ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ལ། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །

เล่ม ๖๖ · หน้า 280a

མེ་ཏོག་དྲི་དང་བྱུག་པ་གཏོར་མ་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད། །ཅེས་པས་སོ། །དེ་ནས་བསྟོད་པ་ཡང་བྱ་སྟེ། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་

གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །ཕྱོགས་མཚམས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །

གཤིན་རྗེ་བེ་ཅོན་ཐོགས་པའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །བདག་གིས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །སྣ་ཚོགས་གདོན་གྱི་ཚོགས་བཅས་

ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །བདེན་པ་བསྲུང་བ་གདོན་གྱི་བདག །ནུབ་ཕྱོགས་གདོན་དང་བཅས་པ་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །ཚིག་སྲུང་གདོན་གྱི་བདག་

པོ་སྟེ། །རླུང་གི་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་དེ་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་དབྱུག་ཏོ་ཐོགས། །ནོར་སྲུང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་དང་བཅས་པ་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་

པའི་ལྷ། །བགེགས་ཀྱི་རྒྱལ་པོ་གདོན་གྱི་བདག །དབང་ལྡན་ཕྱོགས་ཀྱི་གདོན་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་སྟེ། །དམ་ཚིག་ཤེས་པའི་གདོན་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་

ཀྱང་འཚལ། །སྟེང་གི་ལྷ་ཚོགས་ཐམས་ཅད་དང་། །ཟླ་བ་ཉི་མ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །ཞེས་སོ། །དེ་ལྟར་གཏོར་མ་ཕུལ་བའི་ཡོན་ཏན་ནི་འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ལས།

เล่ม ๖๖ · หน้า 280b

དེ་ལྟར་གང་ཞིག་མཚན་མོ་རྒྱུ་བ་ལ། །གཏོར་མ་གཏོང་བའི་ལས་རྣམས་བྱེད་པ་དེ། །དངོས་གྲུབ་ཤིན་ཏུ་མྱུར་ཞིང་གེགས་ཀྱང་མེད། །ཡིད་དུ་འོང་བའི་འདོད་པའང་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ནས་གཏོར་མ་དེ་དག་རང་རང་གི་ཕྱོགས་སུ་གཏོར་ཏེ། སྤོས་

ཆུ་ལག་པ་གཡོན་པའི་མཐིལ་དུ་བླུགས་ལ་མིག་གིས་བལྟས་ཏེ། བདུད་རྩི་འཁྱིལ་བ་ལན་བདུན་བཟླས་པས་རང་གི་སྤྱི་བོར་བླུགས་པས་བསངས་ཏེ། དཀྱིལ་འཁོར་དུ་འགྲོ་བར་བྱའོ། །ཡང་ན་ཚུལ་འདིས་གཏོར་མ་སྦྱིན་ཏེ། དེ་ནས་ཕྱི་རོལ་བྱུང་ནས་སུ། །མཉམ་

པར་གཞག་པས་གཏོར་མ་སྦྱིན། །འབྲས་ཡོས་ཏིལ་དང་ཆུར་བཅས་ཤིང་། །འབྲས་ཆན་དང་ནི་མེ་ཏོག་བཅས། །སྲན་ཆེན་དག་ཀྱང་མང་དུ་བླུགས། །སྣུམ་དང་ལོ་མ་དག་དང་བཅས། །དེ་ལྟར་སློབ་མ་སློབ་དཔོན་གྱི། །ལག་པ་གཉིས་ཀྱིས་བླངས་ནས་སུ། །

དགའ་ཞིང་ཕྱོགས་རྣམས་ཀུན་དུ་གཏོར། །བདུག་སྤོས་མཆོད་ཡོན་བཅས་པ་སྦྱིན། །དང་པོ་དབང་ལྡན་ཕྱོགས་སོང་ནས། །ཆོ་ག་བཞིན་དུ་གཏོར་མ་བྱ། །དབང་དང་ལྡན་པ་གཞུ་ཅན་ནི། །ཚོགས་དང་བཅས་ལ་སྦྱིན་པར་བྱ། །དེ་ནས་དབང་པོའི་ཚོགས་བཅས་ལ། །

གསང་སྔགས་ཞེས་པས་སྦྱིན་པར་བྱ། །སྔགས་པ་གཏོར་མ་ལ་མཁས་པས། །མེ་ཡི་ཕྱོགས་སུ་གཏོར་མ་སྦྱིན། །དེ་ནས་གཤིན་རྗེའི་ཕྱོགས་དག་ཏུ། །སྔགས་པ་མཁས་པས་སྦྱིན་པར་བྱ། །དེ་ནས་བདེན་བྲལ་ཚོགས་བཅས་ལ། །གསང་སྔགས་ཞེས་པས་སྦྱིན་པར་

བྱ། །ཆུ་ཡི་ཕྱོགས་སུ་ཀླུ་རྣམས་ནི། །བདག་པོར་བཅས་ལ་དེ་བཞིན་དུ། །ཙུནྡི་གནས་ལ་གནས་པ་ཡི། །སྔགས་རིགས་པས་ནི་ཚུལ་བཞིན་སྦྱིན། །དེ་ནས་རླུང་གི་ཕྱོགས་སོང་ནས། །རླུང་གི་ཕྱོགས་དང་བཅས་པ་ལ། །རང་གི་མིང་ནས་སྨོས་ནས་སུ། །སྔགས་

པས་གཏོར་མ་སྦྱིན་པར་བྱ། །བྱང་གི་ཕྱོགས་སུ་སོང་ནས་ནི། །དངོས་གྲུབ་དམ་པ་འདོད་བྱས་ལ། །ཡིད་ནི་རབ་ཏུ་དང་བཅས་ནས། །གནོད་སྦྱིན་རྣམས་ལ་གཏོར་མ་སྦྱིན། །སྲིན་པོ་རྣམས་དང་ཤ་ཟ་དང་། །འབྱུང་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་

เล่ม ๖๖ · หน้า 281a

ལ། །མཁས་པས་གཏོར་མ་གཏོང་བར་བྱ། །བློ་ལས་གང་དང་གང་དྲན་པ། །དེ་ན་གནས་པའི་སེམས་ཅན་ནི། །ལྗོན་ཤིང་གེལ་པ་ལ་གནས་པ། །དེ་དང་དེ་ལ་རབ་ཏུ་སྦྱིན། །དབང་ལྡན་གྱི་ཕྱོགས་སུ་རུ་དྲ་ཡ་སྭཱ་ཧཱ། དབང་པོའི་ཕྱོགས་སུ་ཥ་ཀྲ་ཡེ་སྭཱ་ཧཱ།

མེའི་ཕྱོགས་སུ་ཨགྣ་ཡེ་སྭཱ་ཧཱ། གཤིན་རྗེའི་ཕྱོགས་སུ་བ་ཡ་བཻ་ཡ་སྭ་ཏ་ཡེ་སྭཱ་ཧཱ། སྲིན་པོའི་ཕྱོགས་སུ་རཱཀྵ་ས་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཆུའི་ཕྱོགས་སུ་མེ་ཀ་ད་ཤ་ན་ཡེ་སྭཱ་ཧཱ། རླུང་གི་ཕྱོགས་སུ་བ་ཡ་བེེ་སྭཱ་ཧཱ། ལུས་ངན་གྱི་ཕྱོགས་སུ་ཡཀྵ་བིདྱ་དྷ་ར་ཡ་སྭཱ་ཧཱ། སྲིན་པོ་རྣམས་

ལ་ཀྲཾ་ཀ་རེ་སྭཱ་ཧཱ། ཤ་ཟ་རྣམས་ལ་པི་ཙི་པི་ཙི་སྭཱ་ཧཱ། འབྱུང་པོ་རྣམས་ལ་གུང་གུང་སྭཱ་ཧཱ། ཀུན་དུ་གཏོར་མ་བྱིན་ནས་ནི། །ལག་པ་ལེགས་པར་བཀྲུས་ནས་སུ། །ཉེ་རེག་ཚུལ་བཞིན་བྱས་ནས་ནི། །དེ་ནས་ནང་དུ་འཇུག་པར་བྱ། །ཞེས་སོ། །ཡང་ན་འབྱུང་པོ་

ཐམས་ཅད་པའི་གཏོར་མ་ཕྱི་རོལ་དུ་ཁྱེར་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཞེས་སྒྲ་ཆེན་པོ་ལན་གསུམ་བརྗོད་ལ། འགྲོ་བ་ཐམས་ཅད་ལ་བསྔོས་ཏེ་གཏོར་རོ། །ཡང་ན་ལུགས་འདིས་གཏོར་མ་སྦྱིན་ཏེ། དང་པོར་མཎྜལ་ཟླུམ་

པོ་ཁྲུ་གང་ཡན་ཆད་བཅུ་ཕྱོགས་བརྒྱད་དུ་བྱེད་དུ་བཅུག་ལ། མཎྜལ་རེ་རེའི་སྟེང་དུ་གཏོར་མ་སྔར་བཤད་པ་བཞག་ལ། དེ་ནས་དང་པོར་སྤྱན་དྲང་སྟེ། དེ་ནས་དམ་ཚིག་བསྟན་ཅིང་མཆོད་ཡོན་ཕུལ་ཏེ། དྲི་དང་མེ་ཏོག་དང་བདུག་པ་དང་། མར་མེ་དང་བྱུག་པ་ཕུལ་ལ་

ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པར་ཤར་ཕྱོགས་ནས་བརྩམས་ཏེ་གསུམ་གཏོར་ལ། ཡང་མཆོད་ཡོན་ལ་སོགས་པ་ཕུལ་ཏེ་སླར་གཏང་ངོ་། །དེ་ལ་སྔགས་དང་ཕྱག་རྒྱ་འདི་རྣམས་ཡིན་ཏེ། ཤར་ཕྱོགས་སུ་ཁ་བལྟས་ཏེ། རྐང་པ་གཡས་པ་བརྐྱང་བའི་ཚུལ་གྱིས་འདུག་

ནས། ལག་པ་གཡོན་པ་རྡོ་རྗེའི་ཕྱག་རྒྱ་ལ། གཡས་པ་རྡོ་རྗེའི་ཕྱག་རྒྱ་སྟ་ཟུར་ལོགས་སུ་བཞག་སྟེ། གཡས་པའི་མཛུབ་མོ་ལྕགས་ཀྱུས་སྤྱན་དྲང་བ་ནི་བརྒྱ་བྱིན་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ལ་མཛུབ་མོ་ལྕགས་ཀྱུར་མ་བྱས་པ་ནི། བརྒྱ་བྱིན་གྱི་དམ་ཚིག་གི་ཕྱག་རྒྱའོ། །རྐང་པ་གཡོན་

เล่ม ๖๖ · หน้า 281b

བརྐྱང་བའི་ཚུལ་གྱིས་འདུག་ལ། སྤྱན་དྲང་བའི་ཕྱག་རྒྱ་ལས། མཛུབ་མོ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །དེ་ནས་འདིའི་སྔགས་ནི་ན་མོ་བཛྲ་ས་ཙ་དི་ཤི་བཛྲ་པཱ་ཎི་རཀྵ་རཀྵ་སྭཱ་ཧཱ། མེའི་ཕྱོགས་སུ་ཁ་བལྟས་ནས། ལག་པ་གཡས་པའི་མཛུབ་མོ་ཟླུམ་པོར་

བཀུག་སྟེ། གུང་མོའི་ཚིགས་གསུམ་པར་བཙུགས་ལ། མཐེ་བོ་ལག་མཐིལ་དུ་གཞག་པ་ནི་མེ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །དགུག་པའི་ཕྱག་རྒྱ་ལས་མཐེ་བོང་ངོས་ལ་མཛུབ་མོ་བཙུགས་པ་ནི། མེ་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལ་

མཛུབ་མོ་མཐེ་བོའི་ངོས་ལ་བཙུགས་ཏེ་ཕྱིར་དྲག་ཏུ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །དེའི་སྔགས་ནི་ཨགྣེ་ཨ་ཧ་ཀ་པ་ལི་ཛྭ་ལ་ཛྭ་ལ། ད་ཧ་ནི་ཁི་ཐོ་ལི་བི་རཱུ་པཱཀྵ་སྭཱ་ཧཱ། གཤིན་རྗེའི་ཕྱོགས་སུ་བལྟས་ནས་སྙིམ་པ་མདུན་དུ་བཞག་སྟེ། སོར་མོ་ཕན་ཚུན་བསྣོལ་ལ་

ཁུ་ཚུར་བཅངས་ནས། སྲིན་ལག་གཉིས་བསྒྲེངས་ཏེ་གཤིབས་ལ་གཡབས་ཏེ། ནང་དུ་གཞུག་པ་ནི་གཤིན་རྗེ་དགུག་པའི་ཕྱག་རྒྱའོ། །སྲིན་ལག་གཉིས་ཕྱི་རོལ་དུ་ཤིན་ཏུ་གཤིབས་ཏེ་བསྒྲེངས་ལ་སྙིང་གར་གཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །འདི་ཉིད་ལས་

སྲིན་ལག་སྦྱར་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ས་མ་ཡ་སྭཱ་ཧཱ། བདེན་བྲལ་གྱི་ཕྱོགས་སུ་རྐང་པ་མཉམ་པར་འདུག་ལ། ལག་པ་གཡས་ཀྱི་ཁུ་ཚུར་བཅངས་པ་ལས། མཛུབ་མོ་དང་གུང་མོ་རལ་གྲི་འདྲ་བར་གཤིབས་ལ་བསྒྲེང་སྟེ་གཞག །ལག་པ་

གཡོན་པའང་དེ་ལྟར་བྱས་ཏེ་སྟ་ཟུར་ཕྱོགས་སུ་བཞག་ལ་གཡོན་པའི་མཛུབ་མོ་བཀུག་སྟེ་གཡབ་པ་ནི་བདེན་བྲལ་དགུག་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་ལག་པ་གཡོན་པ་སྟ་ཟུར་ཕྱོགས་སུ་རལ་གྲི་འདྲ་བར་གཞག་པ་ནི་བདེན་བྲལ་གྱི་དམ་ཚིག་གི་ཕྱག་རྒྱའོ། །

དགུག་པའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་སརྦ་བྷུདྡྷ་བ་ཡ་ཀ་ཡ་ཀུ་རུ་སྭཱ་ཧཱ། ཆུ་ལྷའི་ཕྱོགས་སུ་རྐང་པ་མཉམ་པར་འདུག་ལ། ལག་པ་གཡས་པ་ཁུ་ཚུར་བཅངས་ལ་མཐེ་བོ་དང་། མཛུབ་མོ་གཅིག་ཏུ་སྦྱར་ལ། ཞགས་མིག་

เล่ม ๖๖ · หน้า 282a

ལྟར་བྱས་ཏེ་གཡོན་པའི་ཁུ་ཚུར་ཡང་དེ་ལྟར་བྱས་ལ་སྙིང་གར་བཞག་སྟེ། གཡོན་པའི་མཛུབ་མོ་ལྕགས་ཀྱུ་འདྲ་བར་བྱས་པ་ནི་དགུག་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལ་གཡོན་པའི་མཛུབ་མོ་ཁུ་ཚུར་གྱི་ཚུལ་དུ་བཞག་པ་ལས་ཞགས་མིག་ལྟར་བྱས་པ་

ནི་ཆུ་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པའི་ཕྱག་རྒྱ་ལས་མཛུབ་མོ་སླར་བཏང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཏི་ཏི་བ་ཏི་ཏི་ཏི་ཤི་ཁི་ཏུ་ལི་བི་རཱུ་པཱཀྵ་ཡ་སྭཱ་ཧཱ། རླུང་ལྷའི་ཕྱོགས་སུ་བལྟས་ཏེ་འདུག་ལ། ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ། གུང་མོ་བསྒྲེང་

བའི་ཚིགས་དང་མཛུབ་མོ་བསྒྲེང་བའི་ཐོར་ཏོ་བཙུགས་ལ་ལག་པ་གཡས་པ་དེ་བཞིན་དུ་བྱས་ཏེ། སྟ་ཟུར་ལོགས་སུ་གཞག་ཅིང་མཐེ་བོང་བསྒུལ་བ་ནི་རླུང་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོ་སྔ་མ་བཞིན་དུ་གཞག་པ་ནི་རླུང་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །

སྤྱན་དྲང་བའི་ཕྱག་རྒྱ་ལས་མཐེ་བོང་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཨོཾ་སྭ་ས་ཁ་ཁ་ཁ་ཁུ་ཁུ་ཁུ་སྭཱ་ཧཱ། ལུས་ངན་ལ་མངོན་དུ་བལྟས་ཏེ་འདུག་ནས་ལག་པ་གཉིས་ཐལ་མོ་སྦྱར་ལ་རྡོ་རྗེ་བཅིང་པ་ནང་དུ་བཟློག་སྟེ། མཐེའུ་ཆུང་གཉིས་གཤིབས་ལ་

བརྐྱང་། དེའི་རྒྱབ་ཏུ་སྲིན་ལག་གཉིས་སོ་སོར་བཞག་ནས་གུང་མོ་གཉིས་དེ་ལྟར་བཀུག་སྟེ་གཡབ་པ་ནི་ལུས་ངན་སྤྱན་དྲང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་ནང་དུ་རྡོ་རྗེ་བཅིང་བའི་ཚུལ་དུ་གཞག་པ་ནི། ལུས་ངན་གྱི་དམ་ཚིག་གི་ཕྱག་རྒྱའོ། །འགུགས་

པའི་ཕྱག་རྒྱ་ལས་གུང་མོ་གཉིས་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཀུ་བི་རཱ་ཡ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགས་སུ་བལྟས་ཏེ་འདུག་ལ། ལག་པ་ཐལ་མོ་གཅིག་ཏུ་སྦྱར་བ་བྱས་ལ། སྲིན་ལག་དང་མཐེའུ་ཆུང་ནང་དུ་བཀུག་སྟེ་བསྣོལ། གུང་མོ་གཤིབས་ཏེ་

བསྒྲེང་བའི་རྒྱབ་ལོགས་སུ་མཛུབ་མོ་གཉིས་རྡོ་རྗེ་འདྲ་བར་བྱ། མཐེ་བོང་གཉིས་བར་དུ་གཤིབས་ཏེ་བཞག་ལ། དེ་ཉིད་ལ་མཛུབ་མོ་གཉིས་ཕན་ཚུན་རྩེ་མོ་སྤྲད་ནས་ནང་དུ་གཡབ་པ་ནི་དབང་ལྡན་དགུག་པའི་ཕྱག་རྒྱའོ། །དེ་ཉིད་ལས་སྔ་མ་ལྟར་མཛུབ་མོ་རྡོ་རྗེའི་

เล่ม ๖๖ · หน้า 282b

ཚུལ་དུ་གཞག་པ་ནི་དབང་ལྡན་གྱི་དམ་ཚིག་གི་ཕྱག་རྒྱའོ། །དགུག་པའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཛྲུཾ་ཛྲུཾ་ཤི་བ་སྭཱ་ཧཱ། གཡོན་བརྐྱང་བའི་གནས་པས་འདུག་པས། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་བཞག་ལ། སྟེང་དུ་བལྟས་

ཏེ་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་ཚངས་པ་ལ་སོགས་པ་དགུག་པར་བྱའོ། །དེ་ཉིད་ལས་སྔ་མ་ལྟར་གཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །དགུག་པའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་འདི་ཡིན་ཏེ་ཨ་དར་ཡ་པྲ་ཧ་མ་ནེ་སྭཱ་ཧཱ།

སཱུརྱ་གྲ་ཧ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཙནྡྲ་ཡ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། རྐང་པ་མཉམ་པར་གནས་པས་འདུག་ལ། ལག་པ་གཉིས་གཅིག་ཏུ་སྦྱར་ཏེ་སོར་མོ་རྣམས་བར་མཚམས་མེད་པར་རྩེ་མོར་ཕན་ཚུན་སྦྱར་ཏེ། མཐེ་བོ་ཟླུམ་པོར་བྱས་ལ་འོག་ཏུ་བལྟས་ཏེ་སའི་ལྷ་མོ་ལ་སོགས་

པ་མཛུབ་མོ་ལྕགས་ཀྱུ་ལྟ་བུར་བཀུག་པ་ནི་འོག་གི་ལྷ་དགུག་པའི་ཕྱག་རྒྱའོ། །དགུག་པའི་ཕྱག་རྒྱ་ལས་སྔ་མ་བཞིན་དུ་མཛུབ་མོ་གཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །མཛུབ་མོ་གཉིས་བཏང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །སྔགས་ནི་ཨ་དྷི་པ་ཏི་བྷྱཿསྭཱ་ཧཱ། ཨ་སུ་རེ་བྷྱཿསྭཱ་ཧཱ། ན་གེ་

བྷྱཿསྭཱ་ཧཱ། དེ་ནས་རང་རང་གི་སྔགས་དེ་ཉིད་ཀྱིས་འཐོར་འཐུང་ཕུལ་ལ། བདག་དང་སློབ་མའི་ཚོགས་སུ་བཅས་པ་ལ་བགེགས་མེད་པར་མཛོད་ཅིག །ལས་དང་དངོས་གྲུབ་རྣམས་བདག་ཅག་ལ་སྩོལ་ཅིག་ཅེས་བརྗོད་ཅིང་སླར་གཏང་ངོ་། །དེ་ལྟར་བདག་གིས་རྒྱ་

ཆེར་བཀོད་པའི་གཏོར་མ་འདི་དག་ནི་གང་དགའ་བས་སློབ་མ་དབང་བསྐུར་བ་དང་། རོ་ཡོངས་སུ་སྦྱང་བ་ལ་སོགས་པའི་ཚེ་སྦྱིན་ནོ། །དེ་ནས་སྔགས་པས་བླ་མེད་བྱང་ཆུབ་ཀྱི་གནས་སུ་སློབ་མ་ཡོངས་སུ་སྨིན་པར་བྱ་ཞེས་བྱ་བ་ལ་སོགས་པ་ལ་སློབ་མ་སྟ་གོན་ལ་གནས་པ་སྟོན་

ཏེ། དེ་ནས་ཞེས་བྱ་བ་ནི་དོན་གྱིས་ན་བུམ་པ་སྟ་གོན་ལ་གནས་མ་ཐག་ཏུའམ་སློབ་མ་སྨིན་པར་བྱ་བའི་དབང་དུ་བྱས་པ་ཞེས་སོ། །སྔགས་པས་ཞེས་བྱ་བ་ནི་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་སོ། །བླ་མེད་བྱང་ཆུབ་ཅེས་བྱ་བ་ནི། མི་གནས་པའི་མྱ་ངན་ལས་འདས་

เล่ม ๖๖ · หน้า 283a

པའོ། །དེ་ཉིད་འཁོར་བ་ཇི་སྲིད་དུ་གནས་པར་བྱ་བས་ན་གནས་སུའོ། །སློབ་མ་ཞེས་བྱ་བ་ནི་བླ་མ་ལ་གུས་པའི་ཡོན་ཏན་དང་ལྡན་པའོ། །སྨིན་པར་བྱ་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་མྱུ་གུ་འབྱིན་ནུས་པར་བྱས་ཞེས་པའོ། །ཇི་ལྟར་བྱ་ཞེ་ན། འགྲོ་ལ་ཕན་ཕྱིར་མྱུར་དུ་

བྱང་ཆུབ་པར། །དེ་དག་བྱང་ཆུབ་སེམས་མཆོག་བསྐྱེད་དུ་གཞུག །ཅེས་སྨོས་སོ། །སློབ་མ་སྟ་གོན་ལ་གནས་པར་བྱ་བ་ནི། འཕགས་པ་དཀྱིལ་འཁོར་སྤྱིའི་བྱ་བ་ལས་ཀྱང་། དེ་ནས་སློབ་མ་ལེགས་བརྟགས་ནས། །སྟ་གོན་གནས་ལ་ཚུལ་བཞིན་དུ། །དེ་ཡི་ནུབ་མོ་ཅི་ནུས་

པར། །དེ་བཞིན་སྡོམ་པ་འཛིན་དུ་གཞུག །གཙང་མའི་གོས་དཀར་བགོས་པ་ཡིས། །སློབ་མ་དེ་ལྟ་བུ་དག་ནི། །ཤར་ཕྱོགས་ཁ་བལྟས་འཁོད་པ་ལ། །སྟ་གོན་གནས་པ་བརྩམ་པར་བྱ། །དང་པོར་གསུམ་ལ་སྐྱབས་སུ་བཏང་། །དེ་ནས་བླ་མས་བྱང་ཆུབ་སེམས། །

མ་བསྐྱེད་པ་ནི་བསྐྱེད་པར་བྱ། །བསྐྱེད་པ་དག་ཀྱང་དྲན་པར་བྱ། །ཞེས་གསུངས་པས་སོ། །དེ་ལ་འདི་སློབ་མ་སྟ་གོན་ལ་གནས་པའི་རིམ་པ་རྒྱས་པ་འདི་ཡིན་ཏེ། དང་པོར་སློབ་མ་ལེགས་པར་བརྟགས་པ་སྨྱུང་བ་ལ་གནས་པ། རྒྱན་གྱིས་བརྒྱན་པ་རྣམས་དཀྱིལ་འཁོར་

གྱི་གནས་སུ་ཤར་དུ་བལྟ་བར་རྒན་པའི་རིམ་གྱིས་དགོད་དེ། ལག་ན་མེ་ཏོག་ཐོགས་པ་རྣམས་ལ་སློབ་དཔོན་གྱིས་ཆོས་བསྟན་ཏེ། དེ་ལྟར་ཡང་། ཡིད་དགའ་སྤྲོ་ཆེན་བྱས་པ་གཟོ། །ངར་འཛིན་མི་འབྱེད་རིགས་མཐོ་ཞིང་། །ཡོན་ཏན་དང་ལྡན་དད་དང་བཅས། །

གཟུགས་དང་ཁ་དོག་ལང་ཚོར་ལྡན། །བདེ་བར་གཤེགས་པའི་གསང་བ་ནི། །སྒྲུབ་པ་དོན་གཉེར་མངོན་བརྩོན་པའམ། །གཟུགས་ངན་ཡོན་ཏན་མེད་པའམ། །དམན་པ་འམ་ནི་ལྷག་པར་བྱ། །རང་གི་བསླབ་དང་ལེགས་ལྡན་ཞིང་། །ཐེག་ཆེན་ལ་དགའི་བདག་ཉིད་

ཅན། །འཁོར་ནི་རྣམ་པ་བཞི་ཆར་ལའང་། །དཀྱིལ་འཁོར་ཆོ་ག་རྗེས་སུ་གནང་། །ཁ་ཅིག་གསང་སྔགས་བསྒྲུབ་པའི་ཕྱིར། །འདི་ནི་དཀྱིལ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་པ་དེ་ལས་གཞན། །འཇིག་རྟེན་ཕ་རོལ་དོན་གཉེར་གཞན། །འཇིག་རྟེན་

เล่ม ๖๖ · หน้า 283b

ཕ་རོལ་གཉེར་བ་ཡི། །དད་པ་མང་དུ་བྱེད་པ་འདི། །བློ་ལྡན་དཀྱིལ་འཁོར་འཇུག་པར་བྱའི། །འདི་ཡི་འབྲས་བུ་འདོད་པས་མིན། །འདི་ལ་འདོད་པར་གྱུར་པ་ཡིས། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་པའི། །སྐྱེས་བུ་དེ་ཡི་འབྲས་

བུ་རྒྱས། །ཞེས་སོ། །དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅི་ནུས་ཀྱིས་བཤད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་དབང་བཅུ་གསུམ་བསྐུར་ལ། དེ་དག་སློབ་མའི་ལུས་ལ་བསྡུའོ། །དེ་ནས་སློབ་མ་རྣམས་ཀྱིས་བླ་མའི་ཞབས་ལ་ཕྱག་

འཚལ་ཏེ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་བདག་ལ་དགོངས། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ནི་བདག་ལ་སྩོལ། །སངས་རྒྱས་ཆོས་

དང་དགེ་འདུན་ཏེ། །སྐྱབས་གསུམ་དེ་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་ལན་གསུམ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་མ་གཅིག་ཙོག་ཙོག་པོར་བྱས་ཏེ། དེའི་མིང་ནས་བརྗོད་ལ་ཐམས་ཅད་

གཟེངས་བསྟོད་པར་བྱ་སྟེ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་དེ་བསྟན་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་མགོན་པོ་

རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་

པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་མཐུན་འཇུག་ཐུགས་ཆུད་ནས། །འཁོར་ལོ་བསྐོར་ཏེ་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་པ་དང་གཞན་རབ་ཏུ་རྒྱ་

เล่ม ๖๖ · หน้า 284a

ཆེར་བརྗོད་དེ། སྙིང་རྗེར་གྱུར་པའི་ཡིད་ཀྱིས་ནི། །དེ་ལྟར་ལན་མང་གཟེངས་བསྟོད་དེ། །ཞེས་གསུངས་པས་སོ། །དེ་ནས་སློབ་མ་རྣམས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྱག་འཚལ་བ་ལ་སོགས་པ་ཡན་ལག་བདུན་བྱས་ལ། ཇི་ལྟར་དུས་གསུམ་མགོན་པོ་

རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །མ་བསྒྲལ་བ་ནི་བསྒྲལ་བར་བགྱི། །མ་གྲོལ་བ་ནི་གྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །

ཅེས་ལན་གསུམ་བརྗོད་དོ། །འདི་ནི། འགྲོ་ལ་ཕན་ཕྱིར་མྱུར་དུ་བྱང་ཆུབ་པར། །དེ་དག་བྱང་ཆུབ་སེམས་མཆོག་བསྐྱེད་དུ་གཞུག །ཅེས་བྱའོ། །དེ་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་

རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་ལན་གསུམ་བརྗོད་དོ། །འདི་ནི་བྱང་ཆུབ་སྨོན་ལམ་གདབ། །ཅེས་བྱ་བ་དང་། བརྟུལ་ཞུགས་གནས་ཞེས་བྱའོ། །དེ་ནས་དཔྲལ་བ་དང་། མགྲིན་པ་དང་སྙིང་གར་ཐལ་མོ་སྦྱར་བས། སློབ་མའི་གནས་དེ་གསུམ་དུ་

བཞག་ལ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཚིནྡ་ཚིནྡ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ་ཅེས་བྱ་བའི་རིམ་པ་སྦྱར་ཏེ་ལན་བདུན་བརྗོད་ལ། རྡོ་རྗེས་ཀྱང་རེག་པར་བྱས་ལ་མེ་ཏོག་དང་། བདུག་པ་དང་། དྲི་དང་། མར་མེ་དང་སྤྱི་བོ་དང་

མདུན་དུ་རང་རེའི་སྔགས་ཀྱིས་སྦྱིན། དེ་ནས་བྱིན་གྱིས་བརླབ་ཅེས་བྱའོ། །དེ་ནས་སོ་ཤིང་དོར་བ་དང་དྲི་ཆུ་སྦྱིན་ཏེ། །ཇི་སྐད་དུ། སོ་ཤིང་ཨུ་དུམྺཱ་ར་དང་། །ཨ་ཤྭདྠ་ནི་རྨ་མེད་པ། །ཧ་ཅང་མི་ཕྲ་མི་སྦོམ་ཞིང་། །སོར་གྲངས་བཅུ་གཉིས་ཚད་དུ་བྱས། །སྤོས་ཀྱི་ཆུས་ནི་ལེགས་

པར་བཀྲུ། །སྐུད་པ་དག་གིས་རྣམ་པར་བཀྲིས། །སྤོས་ཀྱིས་བཀྲུ་ཞིང་བདུག་པས་བདུགས། །ལག་པས་བྲན་ཞིང་བཟླས་པ་ནི། །རིགས་ཀྱི་སྙིང་པོ་མང་དུ་བཟླས། །ཡང་ན་ལན་བདུན་བཟླས་པར་བྱ། །སློབ་མ་རྣམས་ཀྱི་གྲངས་ལས་ནི། །སོ་ཤིང་ལ་སོགས་བསགས་

เล่ม ๖๖ · หน้า 284b

པར་བྱ། །སོ་ཤིང་མགོ་ཞབས་གཅིག་བྱས་ནས། །རྩེ་མོ་ནས་ནི་བཅའ་བར་བྱ། །དེ་ནས་བདག་དང་སློབ་མ་དང་། །གནས་བསྲུང་བ་ཡང་བརྟན་བྱས་ནས། །ལྷ་རྣམས་ཐམས་ཅད་ལེགས་མཆོད་དེ། །ཞེས་པ་དང་ཡང་གསུངས་པ། སློབ་མ་མཐུན་ཞིང་ཚོགས་པ་རྣམས། །

བྱང་ཕྱོགས་སུ་ནི་ཁ་བལྟས་ཤིང་། །ཐལ་མོ་སྦྱར་ཏེ་འཁོད་པ་ལ། །སོ་ཤིང་གོ་རིམས་བཞིན་དུ་སྦྱིན། །སློབ་མ་ཤར་དུ་ཁ་བལྟས་ཏེ། །མི་སྨྲ་བར་ནི་སོ་ཤིང་བཅའ། །བཅའ་བ་ཟིན་ནས་མི་དགའ་ཤིང་། །ཕན་ཚུན་དུ་ཡང་མི་དོར་རོ། །སོ་ཤིང་མདུན་དུ་དྲང་པོར་དོར། །

དེ་ཚེ་བདག་ལ་ལྟ་བ་དང་། །རྩེ་མོ་གྱེན་དུ་བསྒྲེང་གྱུར་ན། །དེས་ནི་དངོས་གྲུབ་མཆོག་ཅེས་བྱ། །དེ་བཞིན་ཤར་དུ་བལྟས་ན་ནི། །དེ་ཡི་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་གྱི་ནི་རིག་སྔགས་འགྲུབ། །སོ་ཤིང་བོར་བ་

བརྒྱ་ཞིག་ལ། །གལ་ཏེ་ཐུར་དུ་ཁ་བལྟས་ན། །དེས་ནི་ངེས་པར་ས་འོག་གི། །དངོས་གྲུབ་ཐོབ་པར་གདོན་མི་ཟ། །ཞེས་ཏེ། གལ་ཏེ་བ་ལང་ཀོ་བ་ཙམ་དུ་ལན་གསུམ་མ་བབས་ན། དེ་ལ་དབང་ནི་མི་བསྐུར་རོ། །སློབ་མ་ཉེ་རེག་བྱས་ནས་ནི། །སྔ་མ་བཞིན་དུ་འཁོད་

པ་ལ། །ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །སྤོས་ཆུ་བླ་མས་བླུད་པ་ནི། །རེ་རེ་ལ་ཡང་བཏུང་བ་ཡི། །ཁྱོར་བར་བླུགས་ལ་ལན་གསུམ་བླུད། །དེར་ནི་འཐུངས་ནས་ལངས་ནས་ནི། །ཕྱི་རོལ་དུ་ནི་ཁ་བཀྲུ་བྱ། །ཞེས་ཏེ། འདིར་ནི་ཨོཾ་ཧྲཱིཿསུ་བི་ཤུདྡྷ་དྷརྨ་སརྦ་པཱ་པཾ་ནི་བི་

ཤོ་དྷ་ཡ་སྭཱ་ཧཱ། སརྦ་བི་ཀཱལྤ་ནི་ཡ་ཧཱུཾ་ཞེས་པའི་སྔགས་སོ། །དེ་ནས་བདུད་རྩི་འཁྱིལ་བ་བཟླས་པའི་ཀུ་ཤ་སྟན་དང་སྔས་སུ་བྱིན་ལ། དེ་བཟླས་པའི་སྲད་བུ་མདུད་པ་བདུན་བོར་བ། །དཔུང་པ་གཡས་པར་གདགས་སོ། །དེ་ནས། འཕགས་པ་སྒྱུ་འཕྲུལ་དྲ་བ་ལས། །

ཀུ་ཤ་ལག་ཏུ་གཏད་ནས་སུ། །གཡས་སུ་སྐུད་པ་བཅིངས་ནས་ནི། །ཞེས་གསུངས་པ་སྟེ། དོར་བ་བཅའ་བ་བྱས་ནས་ནི། །ཞེས་སྨོས་པའོ། །དེ་ནས་རྡོ་རྗེ་སེམས་དཔའི་སྙིང་པོ་ཡི་གེ་བརྒྱ་པ་ལན་མང་དུ་བཟླས་ནས་དེ་དག་བརྟན་པར་བྱའོ། །དེ་ནས་ཆོས་བཤད་པར་

เล่ม ๖๖ · หน้า 285a

བྱ་སྟེ། ཟབ་ཅིང་རྒྱ་ཆེའི་ཆོས་བསྒྲགས་ལ། །ཞེས་གསུངས་པའོ། །འདི་ལྟ་སྟེ། ཀུན་མཁྱེན་རྣམས་ནི་འཇིག་རྟེན་དུ། །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་མཉམ་མེད་

སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་འབྱུང་བར་གྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་

ན་སྨོས་ཅི་འཚལ། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །འདི་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་གཅད། །བདག་ཉིད་ཆེན་པོ་ཁྱེད་

རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་

པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་འབྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་

བཞིན་དུ་དྲི་མ་མེད། །ཟབ་མོ་རྟོག་གེ་ཐམས་ཅད་ཀྱིས། །རབ་ཏུ་མི་རྟོག་གནས་མེད་པ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །ལས་དང་བྱ་བ་ལ་སོགས་བྲལ། །བདེན་པ་གཉིས་ལ་གནས་པ་ཡི། །ཐེག་པ་རབ་ཀྱི་མཆོག་འདི་ནི། །ཚུལ་

ལ་གནས་ན་ཐོབ་པར་འགྱུར། །ཞེས་སོ། །དེ་ནས་སློབ་མ་སློབ་དཔོན་དུ་འོས་པས། བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཞེས་བྱ་བའི་བར་དུ་ཁྱད་པར་གྱི་སྡོམ་པ་གསོལ་བ་བཏབ་ལ། སློབ་དཔོན་གྱིས་དེ་རྣམས་ལ་རྨི་ལམ་ཇི་ལྟར་

เล่ม ๖๖ · หน้า 285b

མཐོང་བ་ང་ལ་ནང་པར་ཟློས་ཤིག་ཅེས་བརྗོད་དོ། །དེ་ནས་རྨི་ལམ་གྱི་མཚན་ཉིད་ནི། འདོད་ཆགས་བྲལ་དང་ལྡན་པའི་ཆོས། །སློབ་མ་རྣམས་ལ་བཤད་ནས་ནི། །ཀུ་ཤ་བཏིང་བའི་ས་ལ་ནི། །ཤར་ཕྱོགས་ཁ་བལྟས་ཉལ་དུ་གཞུག །དེ་ནས་ནང་པར་ནམ་ལངས་

ནས། །རྨི་ལམ་ཅི་མཐོང་དྲི་བར་བྱ། །མཐོང་ན་བཟང་ངམ་མི་བཟང་ངམ། །ཐེ་ཚོམ་མེད་པར་བཤད་པར་བྱ། །རྨི་ལམ་རྒྱས་པ་མཐོང་ན་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང་། །དེ་ལ་མཆོད་པ་རྩོམ་པ་དང་། །དགེ་སློང་

དག་ལ་ཆོས་ཉན་ཏམ། །ཡང་ན་གཞན་ལ་ཉན་ཀྱང་རུང་། །ཆོས་ནི་རྣམ་པར་དཔྱོད་པ་དང་། །དེ་བཞིན་གླེགས་བམ་ཀློག་པ་དང་། །རྨི་ལམ་དགེ་འདུན་མཐོང་བ་དང་། །ཡང་ན་དགེ་སློང་གཅིག་པུ་མཐོང་། །དེ་དང་འགྲོགས་ཤིང་གཏམ་ཟེར་དང་། །ཡང་ན་དགེ་སློང་

དངོས་པོར་གྱུར། །གཙུག་ལག་ཁང་དག་མཐོང་བ་དང་། །དེ་བཞིན་དགེ་སློང་མ་དག་མཐོང་། །རྒྱལ་བའི་སྲས་རྣམས་མཐོང་བ་དང་། །དེ་བཞིན་ཕ་མ་བླ་མ་དང་། །མཛའ་བོ་རྣམས་ནི་སྣ་ཚོགས་རྣམས། །རྨི་ལམ་དག་ཏུ་མཐོང་ན་ནི། །རིགས་རྣམས་དང་ནི་དངོས་

གྲུབ་ཐོབ། །དེ་བཞིན་བསླབ་པ་འཛིན་པ་དང་། །ཀན་དགའ་རྣམ་པ་སྣ་ཚོགས་དང་། །འབབ་ཆུ་རྣམས་དང་རྒྱ་མཚོ་དང་། །རི་དང་གླང་པོ་ཆེ་དག་ཀྱང་། །མཐོང་ན་ཡང་ནི་བཟང་བར་བསྒྲགས། །རྒྱལ་མདོག་དང་ནི་མཐོང་ན་ཡང་། །བདེ་གཤེགས་སྤྱོད་དང་ལྡན་པ་ཡི། །

དཀའ་ཐུབ་དང་ནི་བྲམ་ཟེ་དང་། །ཕྱུག་པོ་སྐྱེས་བུ་དམ་པ་དང་། །བ་ལང་རྟ་དང་གླང་པོ་དང་། །སེང་གེ་དང་ནི་རི་དྭགས་ཀྱང་། །རྨི་ལམ་དུ་ནི་མཐོང་ན་ཤིས། །བཀྲ་ཤིས་པ་ཡི་བྱ་རྣམས་དང་། །གསེར་དག་དང་ནི་གཏེར་རྣམས་དང་། །རིན་པོ་ཆེ་དང་དངུལ་རྣམས་དང་། །

ནོར་ནི་རྣམ་པ་སྣ་ཚོགས་དང་། །མདོར་ན་འབྱུང་ཁུངས་རྣམ་པ་དང་། །མཚོན་ཆ་རྣམས་དང་འབྲུ་རྣམས་དང་། །འབྲས་བུ་རྣམས་དང་མེ་ཏོག་དང་། །རྒྱན་ནི་རྣམ་པ་སྣ་ཚོགས་དང་། །ཁ་ཟས་དང་ནི་གོས་རྣམས་དང་། །བྱིས་པ་དང་ནི་གཞོན་ནུ་དང་། །བུད་མེད་གཟུགས་

เล่ม ๖๖ · หน้า 286a

ནི་བཟང་པོ་དག །རྨི་ལམ་དུ་ནི་མཐོང་བ་བཟང་། །ཡང་ན་ཐོབ་ཅིང་རེག་པ་སྨྲ། །རྨི་ལམ་ན་ནི་དབང་བསྐུར་དང་། །རྒྱལ་པོར་གྱུར་ཅིང་འབྱོར་པ་དང་། །དམག་དཔོན་དུ་ནི་གྱུར་པ་དང་། །གཡུལ་ལས་རྒྱལ་ཞིང་དགྲ་གསོད་དང་། །གཉེན་དང་ལྷན་

ཅིག་འགྲོགས་པ་དང་། །ལྷ་རྣམས་ཀྱང་ནི་མཐོང་བ་དང་། །ཐེག་པ་དང་ནི་ཤིང་རྟ་ཞོན། །དེ་བཞིན་རི་དང་ཁང་ཐོག་འཛེག །ངོ་མཚར་རྣམ་པ་སྣ་ཚོགས་ཀྱང་། །རྨི་ལམ་དུ་ནི་མཐོང་ན་དགེ། །ཡམ་ཤིང་མེ་ལ་སྦྱིན་སྲེག་བྱེད། །བྱ་བ་བཟང་པོ་དག་ལ་འབད། །

ཆུ་ལ་རྐྱལ་ཞིང་ཕ་རོལ་བརྒལ། །རྐུན་པོ་དག་ནི་ཚར་གཅོད་དང་། །སྟོབས་འགྱེད་པ་ལས་རྒྱལ་བ་དང་། །གྱད་སྟངས་རྔོ་བ་ཅིང་འགྱིང་བ་དང་། །རྩེད་མོ་སྣ་ཚོགས་རྨི་བ་དང་། །དེ་བཞིན་མཐུ་རྩལ་གཟི་བྱིན་ཆེ། །བཀྲ་ཤིས་རྣམས་ནི་ཐམས་ཅད་ཀྱང་། །མཐོང་ན་རབ་ཏུ་

དགེ་བར་བཤད། །གསང་སྔགས་ཆོ་ག་ཉན་པ་དང་། །དགའ་སྟོན་དགེ་བ་མཐོང་བ་དང་། །སྒྲུབ་ལ་བརྩོན་ཞིང་བསྔགས་པ་དང་། །སྒྲུབ་པ་པོ་རྣམས་མཐོང་བ་དང་། །དེ་ལ་སོགས་པའི་ལྷ་རྣམས་ནི། །དགེ་བ་རྣམ་པ་དུ་མ་དག །བློ་ཡིས་རྣམ་པར་དཔྱད་ནས་ནི། །དེ་

ནས་བཟློག་པ་སྤང་བར་བྱ། །དགེ་བ་ཡི་ནི་ལྟས་རྣམས་ནི། །རབ་དང་འབྲིང་དང་ཐ་མ་ལ། །དགེ་བ་རྣམས་ནི་འགྲུབ་པར་འགྱུར། །མི་དགེ་བ་ནི་མི་འགྲུབ་བོ། །མི་དགེ་བ་དག་ཤེས་ནས་སུ། །དེ་དག་མཁས་པས་སྤང་བར་བྱ། །གསང་སྔགས་དངོས་གྲུབ་གསུམ་འགྲུབ་

པ། །རབ་དང་འབྲིང་དང་ཐ་མའོ། །མི་དགེ་བ་ལ་ཞི་བ་ཡི། །སྦྱིན་སྲེག་ཞི་བའི་གསང་སྔགས་ཀྱིས། །བ་ཡི་མར་ལས་བརྒྱ་རྩ་བརྒྱད། །ཆོ་ག་བཞིན་དུ་ཞི་བར་བྱ། །ཞེས་གསུངས་པ་སྟེ། དེ་ལྟར་རྨི་ལམ་བཤད་ནས་དེའི་འོག་ཏུ་བདུད་རྩི་འཁྱིལ་པའི་སྔགས་བརྒྱ་རྩ་བརྒྱད་ཀྱིས་

དེ་དག་བསྲུང་སྟེ། དཀྱིལ་འཁོར་གྱི་མཐར་ཐམས་ཅད་ཉལ་བར་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་མི་བྱ་བར་གློ་གཡས་པ་ཕབ་སྟེའོ། །དེ་ནས་ནང་པར་རྨི་ལམ་གྱི་ཚུལ་ཤེས་པར་བྱས་ཏེ། འདོད་པའི་རྒྱལ་པོས་དཀྱིལ་འཁོར་གྱི་སའི་དབུས་སུ་ཕྱོགས་སྐྱོང་བ་རྣམས་བཀུག་

เล่ม ๖๖ · หน้า 286b

སྟེ། ཨོཾ་བཛྲ་ཀཱི་ལི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཕུར་པས་གདབ་བོ། །འདིས་དོན་གྱིས་དྲངས་པའི་སྟ་གོན་ལ་གནས་པ་གཞན་ནི་རེ་ཞིག་དང་པོ་ཉི་མ་ཤར་བའི་དུས་སུ། དཀྱིལ་འཁོར་གྱི་དབུས་སུ་དྲི་ཞིམ་པོས་མཎྜལ་ཁྲུ་གང་ཡན་ཆད་བྱས་ལ། སྔོན་བཞིན་དུ་

སའི་ལྷ་ལ་མཆོད་པ་དང་ཚིགས་སུ་བཅད་པ་གཉིས་ཀྱིས་གསོལ་བ་བཏབ་ལ་སའི་ལྷ་དེ་ཉིད་དུ་ཡང་ཐིམ་པར་བྱའོ། །དེ་ནས་རྩ་བའི་ལྷ་རྣམས་ཀྱི་ནང་དུ་དྲི་ཞིམ་པའི་ཐིག་ལེ་བྱས་ལ་དེར་ལྷ་རྣམས་བསྟིམས་ཏེ། མཆོད་པ་དང་བསྟོད་པ་དང་བསྐོར་བ་བྱས་ལ་གསོལ་

བ་གདབ་པར་བྱའོ། །ཇི་སྐད་དུ། ས་གཞི་སྟེང་དུ་བྱུག་སྤོས་ཀྱིས། །དཀྱིལ་འཁོར་སོར་གྲངས་བཅུ་གཉིས་བྱ། །དཀྱིལ་འཁོར་གྱི་ནི་རིག་སྔགས་ཀྱིས། །ལག་པས་བྲབ་ཅིང་ལན་བདུན་བཟླས། །དེ་ནས་གཙོ་བོའི་ལྷ་རྣམས་ནི། །མིང་གིས་ཡིད་ལ་བསམས་ནས་

སུ། །བྱུག་སྤོས་མེ་ཏོག་ལ་སོགས་པས། །སྙིང་པོ་ཅི་རིགས་མཆོད་པར་བྱ། །ལྷ་བཤོས་དག་ཀྱང་དབུལ་བར་བྱ། །བདུག་སྤོས་མངོན་པར་བསྔགས་པའང་དབུལ། །དེར་ནི་མཆོད་པ་ཡང་བྱས་ནས། །བདུག་སྤོས་ལག་ཏུ་ཐོགས་ནས་ནི། །བློ་གྲོས་ཅན་གྱིས་ལྷ་རྣམས་

ལ། །གུས་པར་གསོལ་བ་གདབ་པར་བྱ། །གང་གི་དཀྱིལ་འཁོར་ཡིན་པའི་སྔགས། །དེ་ལ་ཐོག་མར་གདགས་པར་གསོལ། །དེ་ཡི་གོ་རིམས་སྦྱར་བ་ཡི། །ལྷ་རྣམས་ཀུན་ལ་གདགས་པར་གསོལ། །འདི་ཞེས་བྱ་བ་བཅོམ་ལྡན་འདས། རིག་སྔགས་རྒྱལ་ལ་ཕྱག་

འཚལ་ལོ། །བདག་ནི་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནས་གནང་བ་མཛད་པའི་རིགས། །སངས་རྒྱས་མགོན་པོ་བརྩེར་ལྡན་པ། །

བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གང་ཡང་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོབ་པའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་ཡང་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པ་

เล่ม ๖๖ · หน้า 287a

མཛད་དུ་གསོལ། །བདག་གི་མིང་ནི་འདི་ཞེས་བྱ། །སང་ནི་གདུགས་ལ་དཀྱིལ་འཁོར་ནི། །བཟང་པོ་མིང་ནི་འདི་ཞེས་བགྱི། །ཡོ་བྱད་ཅི་ཡོད་པས་འདྲི་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་

ཅད་དཀྱིལ་འཁོར་དུ། །བྱིན་གྱིས་རློབ་པ་མཛད་དུ་གསོལ། །དེ་སྐད་ལན་གསུམ་བརྗོད་ནས་ནི། །བསམ་པ་ཐག་པས་ཕྱག་བྱས་ཏེ། །བསྟོད་པའི་ཚིག་ཀྱང་བརྗོད་ནས་སུ། །དེ་ནས་སླར་ནི་གཤེགས་སུ་གསོལ། །ཞེས་གསུངས་པ་ལྟ་བུར་བྱའོ། །དེ་ནས་བུམ་པ་

རྣམས་སྔོན་དུ་བསྟན་པ་ལྟར་རམ། ཡང་ན་འདི་དག་ནི་རང་གི་སེམས་སྣང་བ་ཙམ་མོ་ཞེས་མོས་པས། ཟླ་བའི་དཀྱིལ་འཁོར་ལ་རང་རང་གི་ཡི་གེ་ལས་མཚན་མ་དང་དེ་ལས་སྐུར་གྲུབ་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ནས་བུམ་པར་གྱུར་པར་བྱས་ལ། གྲངས་དང་པོའི་

མཚན་མ་དང་འབྲེལ་པར་གཞག་པའང་རུང་སྟེ། བུམ་པ་ནི་རབ་ཏུ་མ་རྙེད་ན་རྣམ་པར་རྒྱལ་བ་དང་ལས་ཐམས་ཅད་པ་གཉིས་ཀྱིས་བྱས་ལ། རྣམ་པར་རྒྱལ་བ་ཡང་འདིར་ལྷ་ཐམས་ཅད་ཀྱི་བདག་ཉིད་ཡིན་ལ་རྡོ་རྗེ་སེམས་དཔའི་གནས་སུ་གཞག་གོ། །དེ་ལ་ཁ་ཅིག་ན་རེ། རྣལ་འབྱོར་

གྱི་རྒྱུད་དུ་ནི། སའི་ལྷ་སྟ་གོན་ལ་གནས་པ་མེད་དོ་ཟེར་ཏེ། འདི་ནི་བླ་མའི་ལུང་ཐ་དད་པས་ངེས་པ་མེད་དོ། །སྟ་གོན་ལ་གནས་པའི་ཆོ་གའོ། །ད་ནི་སྡོམ་གནས་ཞེས་བྱ་བ་ལ་སོགས་པ་སློབ་མ་འཇུག་པ་སྟོན་ཏེ། སྡོམ་ནི་འདིར་ཐུན་མོང་གི་སྡོམ་པ་ལ་གནས་པ་སྟེ། ཁྱད་པར་

གྱི་སྡོམ་པ་ནི་གདོང་དབོག་པར་བྱ་བ་ཡིན་པས་སོ། །དེ་ཡང་ལེགས་པར་སྟ་གོན་ལ་གནས་པའི་སློབ་མ་དེ་དག་དཀྱིལ་འཁོར་ཆེན་པོར་གཞུག་པའི་ཚུལ་ནི། སྟ་གོན་ལ་གནས་པའི་ཕྱི་དེ་ནང་པར་དྲིའི་ཐིག་ལེའི་ལྷ་རྣམས་ལ་མཆོད་པ་དགུས་མཆོད་ནས་ནམ་མཁའ་ལ་བཏེག་

ལ། སྔར་བཤད་པ་ལྟར་ནང་དང་ཕྱིའི་ཐིག་གདབ་ལ། ཚོན་བཀྱེ་སྟེ་ཁྲུས་བྱས་ལ་དཀྱིལ་འཁོར་གྱི་ཡོ་བྱད་བཀོད་ནས་བུམ་པར་བཅུག་སྟེ། དཀྱིལ་འཁོར་གྱི་བསྒྲུབ་པ་བྱས་ལ། སྔོན་བཞིན་དུ་ཕྱི་རོལ་དུ་གཏོར་མ་སྦྱིན་ཏེ་ནང་དུ་བདག་ཉིད་ཞུགས་ལ། དེ་ནས་ཡོལ་བས་

เล่ม ๖๖ · หน้า 287b

བཅད་པས་སློབ་མ་རེ་རེ་ནས་བོས་ལ། འཇུག་པའི་རིམ་པ་བྱ་སྟེ། བླ་མས་སློབ་མ་གཅིག་པུ་ནི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་བྱ། །མཁས་པས་ཅིག་ཅར་སློབ་མ་གཉིས། །དབང་བསྐུར་བར་ནི་ཡོངས་མི་བྱ། །གཉིས་སམ་གསུམ་མམ་བཞི་ཡང་རུང་། །ཐམས་ཅད་

སོ་སོར་བྱ་བ་ནི། །ཡོ་བྱད་སར་པ་གཞན་རྣམས་ཀྱིས། །དབང་བསྐུར་བ་ཡི་བླ་མས་བྱ། །རིག་སྔགས་དབང་ནི་ཐོབ་པ་ལ། །བསྒྲུབ་པའི་དཀྱིལ་འཁོར་དབང་བསྐུར་བྱ། །དབང་བསྐུར་བ་ཡི་ཆོ་ག་དང་། །བསྒྲུབ་པའི་ཆོ་གའང་དེ་བཞིན་སྦྱར། །ཞེས་གསུངས་པས་འཇུག་པ་

ནི་དབང་བསྐུར་བའི་དང་པོ་ཉིད་དུ་གྱུར་པས་སོ། །དེ་ལྟར་བོས་ལ། ལས་ཀྱི་བུམ་བའི་ཆུ་མཆོད་ཡོན་གྱི་སྣོད་དུ་བླུགས་པ་ཀུ་ཤའི་བམ་པོས་བདུད་རྩི་འཁྱིལ་པའི་སྔགས་ཉི་ཤུ་རྩ་གཅིག་གིས་བསྲུང་ངོ་། །དེ་ལྟར་ཡང་སློབ་མ་རེ་རེ་ནས་བཀུག་སྟེ། བསང་གཏོར་སྔ་མ་བཞིན་བྱས་

ནས། །བྱུག་སྤོས་ལ་སོགས་བྱིན་ནས་ཀྱང་། །སྙིང་པོས་མངོན་པར་བསྔགས་ནས་ནི། །ཞེས་གསུངས་སོ། །དར་ལ་སོགས་པས་མིག་གཉིས་གཡོགས་ནས་ནི་ཞེས་བྱ་བ་ནི། ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །བཏབ་པའི་གོས་ཀྱིས་གདོང་གཡོགས་ཏེ། །ཞེས་

གསུངས་པའོ། །རྡོ་རྗེ་འཛིན་མས་དཔལ་གྱི་པདྨོར་ལག་གཉིས་བྱ། །མེ་ཏོག་རིན་ཆེན་ལ་སོགས་དེ་བརྒྱན་ལ། །ཞེས་བྱ་བ་ནི་དེ་ཉིད་ལས་སྔར་བསྟན་པའི་ཕྱག་རྒྱ་ལ། མེ་ཏོག་དག་ནི་བཞག་ནས་སུ། །དེ་ནས་དཀྱིལ་འཁོར་བདག་པོས་སྔགས། །ཕྱག་རྒྱར་བཅས་པས་སྤྱི་བོར་

གཞག །གསང་སྔགས་ལན་གསུམ་བཟླས་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིང་བའི་སྔགས་ནི། ཨོཾ་བཛྲཱ་དྷི་ཏིཥྛ་ཧཱུཾ་ཞེས་བྱ་བའོ། །དེ་ནས་སློབ་དཔོན་གྱིས་བུ་ཁྱོད་སུ་ཡིན་ཁྱོད་གང་ལ་དགའ་ཞེས་དྲིའོ། །སློབ་མས་ཀྱང་། བདག་ནི་སྐལ་

བ་བཟང་པོ་སྟེ། །སངས་རྒྱས་ཉིད་དུ་གྱུར་ལ་དགའོ། །ཞེས་སྨྲའོ། །དེ་ནས་ས་མ་ཡེ་ཧཱུཾ་ཞེས་ལན་གསུམ་བཟླས་ཏེ། ཡན་ལག་བདུན་སྔོན་དུ་བྱས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་པར་གྱུར་གྱིས་ཁྱོད་ཀྱིས་དེ་

เล่ม ๖๖ · หน้า 288a

བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གསང་བ་ཆེན་པོ་འདི་དཀྱིལ་འཁོར་མ་མཐོང་བ་སུ་ལའང་མ་སྨྲ་ཤིག་ཅེས་བརྗོད་ལ། ཨོཾ་བཛྲ་པྲ་བེ་ཤ་ཧཱུཾ་བཛྲ་ཧཱུཾ་ཞེས་བརྗོད་ལ་ཡོལ་བ་བསལ་ཏེ། འདི་ནི་རྒྱུད་ཀྱི་དང་པོར། རབ་ཞི་ཁ་ནས་སྔགས་བརྗོད་གཞུག་པར་

བྱ། །ཞེས་བྱ་བ་སྟེ། རབ་ཞི་ཞེས་བྱ་བ་ནི་སློབ་མ་ངེས་པའོ། །དེ་ནས། ང་ཡིས་དི་རིང་དེ་བཞིན་གཤེགས། །ཀུན་གྱི་རིགས་སུ་ཁྱོད་བཅུག་གིས། །གང་གིས་ཤེས་ན་དེ་བཞིན་གཤེགས། །ཀུན་གྱི་དངོས་གྲུབ་ཐོབ་བྱེད་ན། །དངོས་གྲུབ་གཞན་ལྟ་ཅི་སྨོས་ཏེ། །དེ་ཕྱིར་རྡོ་རྗེ་ཡེ་

ཤེས་བསྐྱེད། །ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི། །མདུན་དུ་བརྗོད་པར་མི་བྱ་སྟེ། །བརྗོད་པ་ཙམ་གྱིས་དམ་ཚིག་ཉམས་པར་བྱས་པར་འགྱུར་རོ་ཞེས་བརྗོད་ལ་རྡོ་རྗེ་སྤྱི་བོར་བཞག་སྟེ། འདི་ཁྱོད་ཀྱི་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །རྡོ་རྗེ་འཛིན་རྒྱལ་ཁྲོས་

ནས་ནི། །བདུན་རྒྱུད་རིགས་རྣམས་བརློག་པར་མཛད། །ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཕཊ་ཅེས་བརྗོད་དོ། །དེ་ནས་རྡོ་རྗེ་དྲལ་བའི་ཕྱག་རྒྱས་སློབ་མའི་སྙིང་གའི་བུ་ག་ཕྱེ་ལ་སློབ་མས། ཨོཾ་བཛྲ་ས་མ་ཡ་ཧྲྀ་ད་ཡ་མེ་པྲ་བེ་ཤ་དྲྀ་ཌྷ་ཏིཥྛ་ཧཱུཾ་ཞེས་ལན་གསུམ་བརྗོད་ལ། སློབ་དཔོན་གྱི་སྙིང་གའི་

ཡེ་ཤེས་ཀྱི་སྐུ་དང་ཡེ་ཤེས་སེམས་དཔའ་ལས་དེ་དང་འདྲ་བའི་ཚུལ་འཐོན་ཏེ། སློབ་མའི་སྙིང་གར་གནས་པར་བསམས་ལ་བུ་ག་མེད་པར་བསམས་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཀུན་དུ་གནས་པར་མཛད། །ཅི་སྟེ་དམ་ཚིག་འདས་ནས་ནི། །དེ་མ་ཐག་

ཏུ་བཀས་ནས་བཞུད། །ཅེས་བརྗོད་དོ། །དེ་ནས་དྲི་ཞིམ་པོའི་ཆུ་ལ་ཨོཾ་བཛྲོད་ད་ཀ་ཋཿ ཞེས་ལན་མང་དུ་བཟླས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ། །ཅེས་བརྗོད་ལ་

བླུད་དོ། །དེ་བས། དེ་ནས་གསང་སྔགས་མཁས་པ་ཡིས། །སྔགས་འདིས་དམ་ཚིག་སྦྱིན་པར་བྱ། །ཞེས་བྱ་བ་དང་། དེ་ནས་འདིས་དམ་ཚིག་བསྒྲག་པར་བྱའོ་ཞེས་གསུངས་སོ། །དེ་ནས་དེང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། གང་ངས་སྨྲས་པའི་བྱ་བ་དེ་ཁྱོད་

เล่ม ๖๖ · หน้า 288b

ཀྱིས་བྱོས་ཤིག་གལ་ཏེ་མ་བྱས་ན་ཁྱོད་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བརྗོད་དོ། །དེ་ནས། ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །དམ་ཚིག་མཆོག་དང་གསང་བ་ཡི། །འཁོར་ལོ་

འདིར་ནི་འཇུག་པར་འཚལ། །ཞེས་རིགས་ཐམས་ཅད་ལ་བསྒྲགས་ལ། །གསང་བ་ཆེན་པོའི་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པ་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱ། །དེ་ནས་དེ་བས་རྟག་ཏུ་ཞེས་བྱ་བ་ནས། བདག་

ཉིད་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་བྱ་བའི་བར་དུ་ཁྱད་པར་གྱི་སྡོམ་པ་ཐུན་མོང་པ་ཕོག་ལ། དེ་ནས་རྩ་བའི་ལྟུང་བ་བཅུ་བཞི་ཡན་ལག་དང་བཅས་པའི་སློབ་དཔོན་དུ་འོས་པ་ལ་སྦྱིན་ཏེ་དབབ་པའི་ཆོ་གས་གདབ་བོ། །དེ་ལ་དབབ་པའི་ཆོ་ག་ནི་རང་དང་སློབ་མའི་སྙིང་ག་

སྒོ་དབྱེ་བའི་ཕྱག་རྒྱས་ཕྱེ་ལ་རང་གི་སྙིང་ག་ནས་ཡི་གེ་ཨ་བྱུང་སྟེ། སློབ་མའི་སྙིང་ག་ལ་གནས་པའི་ཡེ་ཤེས་སེམས་དཔའི་སྒོང་སྐྱེས་ལ་ཡིད་ཀྱིས་བཞག་ལ། དེའི་འོད་ཀྱིས་ལུས་ཐམས་ཅད་ཀུན་དུ་གང་བར་བསམས་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ནེ་ན་ཏྭཾ། བཛྲ་སཏྭ་མེ་ཨ་བི་ཤ་དུ་ཞེས་བརྗོད་དོ། །དེ་ནས་

སློབ་དཔོན་གྱིས་ཏི་རཱིནྟི་རིའི་ཕྱག་རྒྱ་མྱུར་དུ་བཅིངས་ལ། འདི་ནི་རྡོ་རྗེ་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་འང་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ན། །དེ་རིང་ཉིད་དུ་འབབ་པར་ཤོག །ཅེས་སློབ་མས་བརྗོད་དོ། །དེ་ནས་ཨོཾ་བཛྲ་ཨཱ་བེ་ཤ་ཨ་ཨཿཞེས་བཅུ་ནས་བཟུང་སྟེ།

ཉི་ཤུའམ། སུམ་ཅུའམ། བཞི་བཅུའམ། ལྔ་བཅུའམ། དྲུག་ཅུའམ། བདུན་ཅུའམ། བརྒྱད་ཅུའམ། དགུ་བཅུའམ། བརྒྱ་རྩ་བརྒྱད་ཀྱི་བར་དུ་བཟླས་ནས་རྡོ་རྗེ་ཧཱུཾ་མཛད་དམར་པོ་ཀུན་དུ་འཁྲུགས་པས་ཡོངས་སུ་གང་བར་བསམས་ན་ངེས་པར་འབེབས་སོ། །གལ་ཏེ་མ་

བབས་ན། རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་དྲིལ་བུ་དང་བཅས་པ་བཅིངས་ལ། རྐང་པ་གཡོན་པས་དེའི་རྐང་པ་གཡས་པ་མནན་ནས་དེ་ཉིད་ལ་དབབ་པར་བྱ་བའི་ཕྱིར། སྟེང་གི་ནམ་མཁའི་ཕྱོགས་སུ་རྣམ་པར་སྣང་མཛད་རྡོ་རྗེ་ཧཱུཾ་མཛད་ཀྱི་སྟེང་ན་ཁྲོས་པའི་ཡིག་ཧཱུཾ་གི་འོད་ཟེར་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด