དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བའི་བརྟག་པའི་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) སརྦ་དུརྒ་ཏི་པ་རི་ཤོ་དྷ་ཡ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ་ཀལྤ་ནཱ་མ་ཊཱི་ཀ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๘ · หน้า 55b

ནས། ནགས་ཀྱི་ལྕུག་མ་དང་། བགྲང་ཕྲེང་དང་། རིལ་བ་སྤྱི་བླུགས་དང་། གླིང་བུ་དང་། ཏྲི་ཤཱུ་ལ་དང་། ཟླ་བ་ཕྱེད་པ་དང་། རལ་པ་མིག་དང་། རྒྱལ་མཚན་དང་། དུང་དང་། འཁོར་ལོ་དང་། བེ་ཅོན་དང་། རལ་གྲི་དང་། ཕུབ་དང་། ཕག་དང་། སེང་གེ་དང་། མདུང་

དང་། དྲིལ་བུ་དང་། བ་དན་དང་། རྨ་བྱ་དང་། ར་སྐྱེས་དང་། ཁྱིམ་བྱ་རྣམས་ནི་ཤར་ཕྱོགས་ནས་བརྩམས་ཏེ་བྲི་བར་བྱའོ། །དེ་ལ་འཇིག་རྟེན་གཙོ་བོ་རྣམས་ཀྱི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བྲི་བར་བྱ་ཞེས་སོ། །དེ་ནས་སྒོ་དང་། རྟ་བབས་དང་བཅས་པ་བྲི་བར་བྱའོ། །མཆོད་པའི་ཡོ་བྱད་མེ་ཏོག་

ལ་སོགས་པ་དང་། ལཱ་སྱེ་མ་ལ་སོགས་པ་དང་། །སྒོ་བ་བཞི་ཡན་ཆད་ཀྱི་ཕྱག་རྒྱ་དགོད་པར་བྱའོ། །བྱ་དང་བུམ་པ་གང་བ་དང་། །ཞེས་བྱ་བ་ནས། གདུགས་མཆོག་རྣམས་ནི་ལེགས་པར་གཞག །ཅེས་བྱ་བ་ཡན་ཆད་ཀྱིས་ནི་དཀྱིལ་འཁོར་གྱི་རྒྱན་དུ་བྱ་བ་དང་། །རོ་ལ་དབང་བསྐུར་བའི་

རྫས་སུ་བྱ་བའི་ཆེད་དུའོ། །དེ་ནི་དཀྱིལ་འཁོར་བྲི་བའི་རིམ་པའོ། །དེ་ལྟར་དམ་པའི་བསྲེག་ཁུང་དུ། །སྦྱིན་སྲེག་ཐམས་ཅད་ཡང་དག་བྱ། །ཞེས་པ་ནི་སྦྱིན་སྲེག་འོག་ནས་འབྱུང་བ་བཞིན་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་ཆོ་ག་ཤེས་པ་ཡིས། །ཞེས་པ་ལ། །དེ་ལྟར་ཞེས་བྱ་བ་

ནི་གོང་མ་ལ་སྙེགས་པའོ། །ཆོ་ག་ཤེས་པས་ཞེས་བྱ་བ་ནི་ས་བརྟག་པ་ལ་སོགས་པ་གོང་མ་ལྟར་ཤེས་པའོ། །གཞན་ཡང་བདག་ཉིད་ལྷའི་རྣལ་འབྱོར་དུ་བྱས་ནས་གོང་མ་ལྟར་བྲིས་ནས་དཀྱིལ་འཁོར་གྱི་ཡོ་བྱད་དང་བུད་ཤིང་ལ་སོགས་པ་ལ་ལས་ཐམས་ཅད་པའམ་རྡོ་རྗེ་རྩེ་མོའི་སྔགས་ཀྱིས་

བཏབ་སྟེ། དེ་ནས་ལས་ཐམས་ཅད་པའང་། འཕགས་པ་མི་གཡོ་བས་བགེགས་བསྐྲད་ཅིང་མཚམས་བཅད་དོ། །དེ་ནས་བདག་ཉིད་ལྷར་བྱས་ཏེ་དབང་བསྐུར་བ་དང་ལུས་བསྲུང་བ་ལ་སོགས་པ་བྱས་ཏེ། བདག་ཉིད་ཀྱིས་ཕྱག་རྒྱ་བཅིངས་ཤིང་སྔགས་བརྗོད་པ་དང་། ཐུགས་ཀ་ནས་འོད་

འཕྲོས་པ་ལས་ཁྲོ་བོའི་སྐུར་གྱུར་པས་ཕྱོགས་མཚམས་ཀྱི་བགེགས་བསྐྲད་པར་བྱ་སྟེ། སྟེང་དུ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་ནག་པོ་ཧཱུྃ་ཞེས་བྱ་བའི་ཕྱག་རྒྱ་དང་ལྡན་པས་བསྲུངས་སོ། །ཞབས་ནི་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པའོ། །ཤར་དུ་རྡོ་རྗེ་གཙུག་ཏོར་གྱིས་བསྲུངས་ཏེ། སྐུ་མདོག་དཀར་

เล่ม ๖๘ · หน้า 56a

པོ་ཕྱག་གཉིས་རང་གི་ཕྱག་རྒྱ་དང་ལྡན་པ་སྤྱན་གསུམ་པ། གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པའོ། །བྱང་དུ་ནི་ཁྲོ་བོ་རྡོ་རྗེ་དུས་ཞེས་བྱ་བས་བསྲུངས་ཏེ། སྐུ་མདོག་ནི་ཆར་སྤྲིན་ལྟ་བུ་ཞབས་གཉིས་ནི་ཟླུམ་པོའི་འདུག་སྟངས་ཅན། ཕྱག་གཉིས་རྡོ་རྗེ་མཆེ་བ་བསྣམས་

པའོ། །ནུབ་ཏུ་ནི་རྟ་མགྲིན་རྡོ་རྗེ་བ་དན་བྱ་བས་བསྲུངས་ཏེ། སྐུ་མདོག་ནི་དམར་པོར་བཞུགས་པ་ཞབས་གཉིས་ས་གའི་འདུག་སྟངས་སུ་གནས་པ་ཕྱག་གཉིས་ན་རྡོ་རྗེའི་བ་དན་ལྕེ་བརྒྱད་པ་བསྣམས་པའོ། །ལྷོར་རྡོ་རྗེ་རྩེ་མོ་སྟེ་གཤིན་རྗེ་གཤེད་ཀྱིས་བསྲུངས་ཏེ། སྐུ་མདོག་ནག་པོར་

གནས་པ་ཞབས་གཉིས་ནི་གཡོན་བརྐྱང་བས་བཞུགས་པ་ཕྱག་ན་ནི་རྡོ་རྗེ་རྩེ་མོའི་བ་དན་བསྣམས་པའོ། །མཚམས་བཞིར་ནི་འཇིགས་བྱེད་ཞགས་པས་བསྲུངས་ཏེ། སྐུ་མདོག་ནི་ངོས་གཉིས་པའོ། ཕྱག་ན་ནི་རྡོ་རྗེ་མཆེ་བ་དང་ཞགས་པ་བསྣམས་པའོ། །འོག་ཏུ་ནི་ཁྲོ་བོ་རྡོ་རྗེ་

གནོད་སྦྱིན་གྱིས་བསྲུང་ངོ་། །ཕྱག་གཉིས་རི་བོ་འདེགས་པ་སྐུ་མདོག་ནག་པོའོ། །ཁྲོ་བོ་དེ་རྣམས་ནི་གྱད་ཀྱི་འདོར་སྟབས་ཅན་ནོ། །ཁྲོ་བོ་དེ་དག་ཐམས་ཅད་ཀྱང་ཞལ་གདངས་པ་མཆེ་བ་གཙིགས་པ་སྐྲ་ཁམ་པ་གྱེན་དུ་འགྲེང་བ། སྟོད་གླང་ཆེན་གྱི་ཀོ་བ་རློན་པ་གསོལ་བ། སྐུ་སྨད་

སྟག་གི་པགས་པས་སྨད་དཀྲིས་པ། སྤྱན་གསུམ་པ་སྨ་ར་སེར་པོའི་མེ་ཆེན་པོ་འབར་བ་ཞལ་ནས་རང་གི་སྔགས་ཀྱི་སྒྲ་སྒྲོགས་པ་རིགས་བཞིའི་སྦྲུལ་གྱིས་སྐུ་ལ་བརྒྱན་པར་བསྒོམ་མོ། །དེ་ནས་བཾ་ལས་རྡོ་རྗེ་ར་བ་བསམ་པར་བྱ་བ་དང་། ཀརྨས་དཀྱིལ་འཁོར་བཅིང་བ་དང་། ཕུར་

བུས་སྔ་ནས་གནས་པ་བསྐྲད་པ་དང་། ཕྱིས་མི་འོང་བར་བྱས་ཏེ་གདབ་པར་བྱའོ། །དེ་ནས་བདག་ཉིད་ཀྱིས་ཚོགས་ཀྱི་ཡན་ལག་བྱ་སྟེ། སྟོང་པར་བསྒོམས་ལ། རིམ་གྱིས་རྟེན་དང་བརྟེན་ཅན་གྱི་ལྷ་དང་། གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་བྱའོ། །བྲིས་ནས་ཀྱང་ཞེས་བྱ་

བའི་སྒྲ་ནི་བསྒོམས་ནས་ཞེས་པའི་དོན་ཏོ། །ལྷ་རྣམས་མང་པོ་སྤྱན་དྲངས་ལ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སོ། །སྤྱན་དྲངས་པ་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུའོ། །དེ་ཡང་གང་དུ་གང་གི་གང་ཕྱིར་ཞེས་པའི་དོན་ཏོ། །སྔགས་ཤེས་སྔགས་དང་

เล่ม ๖๘ · หน้า 56b

ཕྱག་རྒྱ་ཡིས། །ཞེས་བྱ་བ་ལ་སྔགས་ཤེས་ནི་རྣལ་འབྱོར་པ་ལྷའི་ཏིང་ངེ་འཛིན་དང་ལྡན་པ་དེའོ། །སྔགས་དང་ནི་རྩ་བའི་སྔགས་རྣམས་སོ། །ཕྱག་རྒྱ་ནི་ཕྱག་རྒྱ་བཞི་སྟེ། དམ་ཚིག་དང་། ཆོས་དང་། ལས་དང་ཕྱག་རྒྱ་ཆེན་པོའོ། །ཡང་ན་སྔགས་དང་ཕྱག་རྒྱ་ཕྱི་ནང་གི་ལྷ་མོ་རྣམས་ཀྱི་

སྔགས་དང་ཕྱག་རྒྱའོ། །ཕྱི་ནང་གི་མཆོད་པ་དབུལ་བར་བྱའོ། །མདོར་ན་མཆོད་པ་བྱས་ནས་ནི། །ཞེས་བྱ་བས་ནི་རོ་ལ་རིག་པའི་དབང་དང་ཕྱིར་མི་ལྡོག་པའི་དབང་བསྐུར་རོ་ཞེས་བྱ་བར་འབྲེལ་ཏོ། །དེ་ནས་གཏོར་མ་རྣམས་ཚུལ་བཞིན་དུ་བྱིན་གྱིས་བརླབས་ནས་དམ་ཚིག་ཅན་ལ་གཏོར་མ་ཕུལ་ཏེ།

མིང་འདི་ཞེས་བྱ་བའི་སྒྲིབ་པ་བྱང་བར་གྱུར་ཅིག །བདག་གིས་འགྲོ་བའི་དོན་བརྩམས་པའི་སྟོང་གྲོགས་མཛད་དུ་གསོལ་ཞེས་བརྗོད་དོ། །དེ་ནས་འགྲོ་བ་སྦྱོར་བ་ཡང་གཅིག་བསྔོས་ལ་མིང་འདི་ཞེས་བྱ་བའི་ལས་ཀྱི་བག་ཆགས་བྱང་ཞིང་བསོད་ནམས་ཀྱི་ཚོགས་སུ་གྱུར་ཅིག་ཅེས་བརྗོད་དེ་གཏང་ངོ་། །

དེ་ནས། ལྷ་ཡི་སྦྱོར་བ་རབ་གནས་ལ། །ཞེས་བྱ་བ་ལ་སོགས་པས་ནི་སྔགས་མཁན་གཞན་ཞིག་ཡོད་ན་ལྷའི་ཏིང་ངེ་འཛིན་དང་ལྡན་པར་བྱས་ཏེ། བུམ་པ་ལ་རིགས་ལྔའི་སྙིང་པོ་ཤི་བའི་མིང་དང་སྤེལ་ནས་སྔགས་ཟློས་སུ་གཞུག་གོ །དེ་ནས་ངན་སོང་སྦྱོང་བའི་སྔགས་ཅི་མང་དུ་ཟློས་སུ་གཞུག་

གོ །གཞན་མེད་ན་བདག་ཉིད་ཀྱིས་བྱའོ། །ག་བུར་གུར་གུམ་ཞེས་པས་ན། །ཡམ་ཤིང་དང་ནི་དེ་བཞིན་ཏེ། །ཞེས་པའི་བར་གྱིས་ནི་རྫས་ཀྱི་རིམ་པ་བསྟན་ཏོ། །ད་ནི་ཤིང་བརྩིག་པའི་རིམ་པ་བསྟན་ཏེ། རང་གི་སྔགས་ཀྱིས་བཏབ་པའི་ཤིང་། །ཁུང་བུའི་ནང་དུ་གཞུག་པར་བྱ། །ཞེས་

པ་ནི་བུད་ཤིང་ལ་ངན་སོང་སྦྱོང་བའི་སྔགས་ཀྱིས་བཏབ་སྟེ་བརྩིགས་པ་ནི་ཤིང་དྲང་ཞིང་དྲི་དང་ལྡན་པ་རིང་བའི་གདུང་ཀ་བ་བཞི་ཐབ་ཀྱི་ཟུར་བཞི་ལ་བཙུགས་ལ་དེའི་སྟེང་དུ་གདུང་གཉིས་བཞག་ལ་སྔས་བྱ། ཕྱི་མ་དེ་གཉིས་ཀྱི་སྟེང་དུ་ཕྱམ་ཐ་མ་པ་དགོད། དེ་ནས་དེའི་སྟེང་དུ་ཡང་དཀྱིལ་འཁོར་ཞལ་

ཞལ་ལེགས་པར་བྱ། དེའི་སྟེང་དུ་ཁང་པ་རིམ་པ་གསུམ་པ་མཆོད་རྟེན་གྱི་ཚུལ་དུ་བརྩིག་པར་བྱའོ། །དེ་ནས་ཕྲག་གནོན་དང་སྟེང་གནོན་ནི་རོ་བཞག་ལ་བརྩིག་པར་བྱའོ། །ད་ནི་རོ་བྱིན་གྱིས་བརླབ་པར་བྱ་སྟེ། རོ་ལ་སྔགས་ཀྱིས་བཏབ་ནས་སུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

เล่ม ๖๘ · หน้า 57a

དེའི་དོན་ཡང་འདི་ལྟར་ཤེས་པར་བྱ་སྟེ། དེ་ཡང་དང་པོར་བདག་ཉིད་ལྷའི་རྣལ་འབྱོར་དུ་བྱས་ཏེ། ཤི་བའི་ལུས་ལ་གནས་པ་དང་། ཁོག་སྲུང་ལ་སོགས་བར་དུ་གཅོད་པའི་བགེགས་བསྐྲད་པ་ནི་རྡོ་རྗེ་གསོར་ཞིང་། ན་མོ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལཱརྐ།

མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། སརྦ་ཨརྠ་ཡ་ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར། པྲཱ་ཎཱཾ་ཧཱྃ་ཕཊ། ཅེས་བརྗོད་ལ་བསྐྲད་དོ། །དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཆེ་གེ་མོ་ཛཿཛཿ། ཞེས་བརྗོད་པས་ཚེ་འདས་པ་དེ་གང་ན་གནས་ཀྱང་རུང་སྟེ། རང་དབང་མེད་པར་

ལྕགས་ཀྱུ་ཅན་གྱིས་བཀུག་པར་བསམ། བཛྲ་པཱ་ཤ་ཧཱུྃ་ཞེས་པས་རོ་ལ་ཤེས་པ་གཞུག །བཛྲ་སྥོ་ཊ་བཾ་གྱིས་བསྡམས། བཛྲ་གྷཎྜེ་ཧོཿས་སེམས་མ་འཁྲུགས་པར་དག་པར་བྱའོ། །དེ་ནས་ངན་སོང་སྦྱོང་བའི་སྔགས་ཀྱིས་རོ་ལ་བཏབ་ལ། སྔོན་དུ་བཟླས་པའི་བུམ་པའི་ཆུའི་མཆོག་དེས་བཀྲུ་བར་

བྱའོ། །དེས་བཀྲུས་པས་ཀུན་གཞིའི་ལས་དང་ཉོན་མོངས་པ་གངས་ཀྱི་རིམ་པ་བཞིན་དུ་གནས་པ་དག་པར་བསམ་མོ། །དེ་ནས་སྔགས་བཟླས་པའི་དྲི་གུར་གུམ་ལ་སོགས་པས་ལུས་དེ་ལ་བྱུག་པར་བྱ་བ་ནི། བཟླས་པའི་དྲི་ཡིས་བྱུག་པར་བྱ། །ཞེས་སོ། །གོས་རྒྱན་གྱིས་ནི་བཀླུབས་ནས་ནི། །

ཞེས་པས་ནི་སྔགས་བཏབ་པའི་རས་དཀར་པོ་ཡུག་ཁ་ཚར་མ་ཉམས་པས་དཀྲི་བར་བྱའོ། །སྔགས་ཀྱིས་བཏབ་པའི་བདུག་པས་ཀྱང་བདུག་པར་བྱའོ། །མེ་ཏོག་གི་ཕྲེང་བས་ཀྱང་རོ་ལ་གདགས་པར་བྱའོ། །ད་ནི་རོ་ལ་སྔགས་གདབ་ཅིང་བྱིན་གྱིས་བརླབ་པར་བྱའོ། །གཙུག་ཕུད་དཔུང་པ་དེ་

བཞིན་དུ། །སྔགས་བྲིས་ནས་ནི་གདགས་པར་བྱ། །ཞེས་པ་ལ་སོགས་པ་དེ་ནས་གུར་ཀུམ་བཟང་པོས་སྔགས་བྲིས་པ་ནི་ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཁ་ནི་ལུས་ཏེ་མགོ་བོར་གདགས། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ལྐོག་མ་ནི་ངག་སྟེ་ལྕེ་རྩར་གདགས་སོ། །ཨོཾ་

ཙྪིནྡ་ཙྪིནྡ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། སྙིང་ག་སྟེ་ཡིད་ཀྱི་དེར་གདགས་སོ། །དེ་གསུམ་གྱིས་ནི་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་བཅུའི་བག་ཆགས་དག་པར་དམིགས་སོ། །ད་ནི་གནས་བཅོ་བརྒྱད་དུ་གདགས་པར་བྱ་སྟེ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ་

เล่ม ๖๘ · หน้า 57b

སརྦ་ཀརྨ་ཨཱ་བ་ར་ཎཱ་བི་ཤུདྡྷེ་སྭཱ་ཧཱ། ཀུན་རིག་དཔྲལ་བར་རོ། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ཡ། སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཧཱུྃ་ཕཊ་ཧཱུྃ་ངན་སོང་སྦྱོང་བ་སྟེ་མཛོད་སྤུ་ལའོ། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ཡ། སརྦ་ཨ་པཱ་ཡ། སརྦ་སཏྭེ་བྷྱོ་ཧཱུཾ་ཏྲཱཾ། རིན་ཆེན་མེ་ཏོག་སྟེ་རྣ་བ་གཡས་པ་ལའོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ཡ། སརྦ་ཨ་བཱ་

ཡ་བི་ཤོ་དྷ་ནི་ཧྲཱིཿ། ཤཱཀྱ་ཐུབ་པ་སྟེ་རྣ་བ་གཡོན་པ་ལའོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་སཏྭ་ཡ་ཏྲཱ་ཊ་ཨཿ། མེ་ཏོག་ཆེར་རྒྱས་ཏེ་མགོ་བོའི་གཙུག་ཕུད་ལའོ། །ན་མོ་བྷ་ག་ཝ་ཏི་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་

བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎཱ་བི་ཤོ་དྷ་ནི་སྭཱ་ཧཱ། རྩ་བའི་རིག་པ་སྟེ་དཔུང་པ་གཡས་པ་ལའོ། །ཨོཾ་སརྦ་ཨཱ་བ་ར་ཎཱ་བི་ཤོ་དྷ་ནི་ཧ་ན་ཧཱུྃ་ཕཊ། རྡོ་རྗེ་སེམས་དཔའ་སྟེ་དཔུང་པ་གཡོན་པ་ལའོ། །ཨོཾ་སརྦ་བིཏ་ཧཱུྃ་རྡོ་རྗེ་རྒྱལ་པོ་སྟེ་སྣ་ལའོ། །ཨོཾ་སརྦ་བིཏ་ཕཊ། རྡོ་རྗེ་

ཆགས་པ་སྟེ་རྐང་པ་ལའོ། །ཨོཾ་སརྦ་བིད་ཨཱཿ། རྡོ་རྗེ་ལེགས་པ་སྟེ་པུས་མོ་གཡས་པ་ལའོ། །ཨོཾ་སརྦ་བིཏ་ཏྲ། རྡོ་རྗེ་རིན་ཆེན་ཏེ་པུས་མོ་གཡོན་པ་ལའོ། །ཨོཾ་སརྦ་བིཏ་ཨོཾ། རྡོ་རྗེ་ཉི་མ་སྟེ་བོལ་གོང་གཡས་པ་ལའོ། །ཨོཾ་སརྦ་བིཏ་སྭ། རྡོ་རྗེ་རྒྱལ་མཚན་ཏེ་བོལ་གོང་གཡོན་པ་ལའོ། །

ཨོཾ་སརྦ་བིཏ་ཨཱཿ། རྡོ་རྗེ་བཞད་པ་སྟེ་ལོང་བུ་གཡས་པ་ལའོ། །ཨོཾ་སརྦ་བིཏ་ཧཱུྃ་རྡོ་རྗེ་ཆོས་ཏེ་ལོང་བུ་གཡོན་པ་ལའོ། །ཨོཾ་སརྦ་བིཏ་ཏྲ་ཐ། འཇམ་དཔལ་ཏེ་མིག་གཡས་པ་ལའོ། །ཨོཾ་ཀྵ་རྡོ་རྗེ་འཁོར་ལོ་མིག་གཡོན་པ་ལའོ། །ཨོཾ་བྷ་རྡོ་རྗེ་སྨྲ་བ་སྟེ་མདོམས་སུའོ། །དེ་ལྟར་དབང་པོ་

རྣམས་སུ་ཡི་གེ་དེ་རྣམས་བཞག་ནས། ཏིང་ངེ་འཛིན་གྱིས་ཀྱང་སྔགས་དེ་དག་གི་འོད་ཟེར་གྱིས་སྒྲིབ་པ་རྣམས་སྦྱོང་བར་བསམ་པར་བྱའོ། །དེ་ནས་སྐབས་འདིར་རིག་པའི་དབང་དང་ཕྱིར་མི་ལྡོག་པའི་དབང་རྣམས་བསྐུར་བར་བྱའོ། །དེ་ནས་གསང་སྔགས་ཀྱིས་བཏབ་པའི་དར་ལ་སོགས་

པའི་གོས་ཀྱིས་གཡོགས་ནས་རྒྱན་ཐམས་ཅད་ཀྱིས་བཀླུབས་ནས་བཞག་པ་ལ་ནི། །སྔགས་ཀྱིས་བཏབ་པའི་གོས་ཀྱིས་གཡོགས། །ཞེས་སོ། །སྟན་དང་བཅས་ཏེ་ཐབ་ཏུ་བཞག །ཅེས་པ་ནི་སྟན་པདྨ་འདབ་མ་བརྒྱད་པ་ཅིག་རས་ལ་བྲིས་ཏེ། དེ་དང་བཅས་པར་ཐབ་ཀྱི་དབུས་སུ་ཁ་ནུབ་ཕྱོགས་

เล่ม ๖๘ · หน้า 58a

སུ་བསྟན་ལ་གཞག་གོ། །དེ་ནས་ཕྲག་གནོན་བཏང་ལ་སྟེང་དུ་ཤིང་བརྩིག་གོ། དེ་ནས་རྣལ་འབྱོར་པ་སྦྱིན་སྲེག་གི་ལས་ལ་འཇུག་པར་བྱ་སྟེ། དེ་ཡང་སྔགས་པ་བདག་ཉིད་ཁ་ཤར་ཕྱོགས་སུ་བལྟས་ལ་ལས་བྱའོ། །དེ་ནས་རྫས་ཀྱི་རིམ་པ་མར་ཁུ་དང་། འོ་མ་

དང་། ཏིལ་དང་། ཡུངས་ཀར་དང་། འབྲས་ཆན་དང་། འབྲས་ཡོས་དང་། དཱུཪྺ་དང་། ཡམ་ཤིང་དང་། མེ་འབར་བའི་ཤིང་ལ་སོགས་པ་ལ་གུར་གུམ་ལ་སོགས་པ་དྲི་ཞིམ་པོ་དག་གིས་བསྒོས་ཤིང་བྱུག་པ་དག་དགྲམ་མོ། །དེ་ནས་ཡོ་བྱད་རྣམས་ལ་ལས་ཐམས་ཅད་པ་རྡོ་རྗེ་གནོད་

སྦྱིན་ནོ། །རྡོ་རྗེ་རྩེ་མོའི་སྔགས་ཀྱིས་གདབ་བོ། །དེ་ནས་རང་རེའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །དེ་ནས་བྱིན་ཟ་དགེ་བ་ལེགས་སྦར་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དེའི་དོན་ཡང་འདི་ལྟར་ཤེས་པར་བྱ་སྟེ། ཤིན་ཏུ་གཙང་བའི་རྩྭ་ཀུ་ཤའི་ཁྲེས་ལ་བདག་ཉིད་བཟང་

པོའི་འདུག་སྟངས་ཀྱིས་འདུག་གོ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་མོ། །དེ་ནས་ཁྲོ་བོ་བགེགས་ལས་རྣམ་པར་རྒྱལ་བར་བདག་ཉིད་བསྐྱེད་ལ། བསྲུང་བའི་ཆོ་ག་གོང་ནས་འབྱུང་བ་བཞིན་དུ་བྱས་ལ། དེ་ནས་སྔོན་དུ་འགྲོ་བའི་ཡན་ལག་རྫོགས་པར་བྱས་ཏེ། བདག་ཉིད་

མངོན་པར་བྱང་ཆུབ་པས་ལྷའི་སྐུའི་རྣམ་པར་བསྒོམ་མོ། །དེ་ཡང་རྒྱུ་འདི་ཉིད་ལས་ཆོས་ཐམས་ཅད་དངོས་པོ་མེད་པར་སེམས་ཀྱིས་བསྒོམ་པར་བྱ་བ་ནི། ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །ཞེས་པ་ལ་སོགས་པའི་གསུང་ལས། བདག་རྣམ་པར་སྣང་མཛད་དུ་དེ་དང་

སྔགས་འདིས་བསྐྱེད་དོ། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎཱ་བི་ཤུདྡྷེ་སྭཱ་ཧཱ། སྐུ་གོང་ལྟར་བསྐྱེད་དོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱས་བྱིན་གྱིས་བརླབ་པོ། །དེའི་སྔགས་དང་ཕྱག་རྒྱ་ནི་འདི་ཡིན་ཏེ། མཐེ་བོང་གཉིས་ནི་སྐྱིལ་

མོ་ཀྲུང་། །མཛུབ་མོ་གཉིས་ནི་རྩེ་མོ་དགུག །གུང་མོའི་རྩེ་མོ་མཉམ་པ་སྟེ། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་པ་དང་། ཨོཾ་བཛྲི་དྷཱ་ཏྭཱི་ཤྭ་རི་ཧཱུྃ། ཨོཾ་བཛྲ་ཎཱི་ཨ་དྷི་ཏིཥྛ་མཾ་ཞེས་བརྗོད་ཅིང་སྙིང་ག་དང་སྨིན་མཚམས་དང་ལྐོག་མ་དང་སྤྱི་བོར་བྱིན་གྱིས་བརླབ་པོ། །དེ་ནས་དབང་

เล่ม ๖๘ · หน้า 58b

བསྐུར་ཏེ། རྡོ་རྗེ་བཅིང་བ་ལས་མཐེ་བོང་གཉིས་རྩེ་མོ་ཅན་དུ་བྱས་ཏེ། དེའི་སྟེང་དུ་མཛུབ་མོ་ཕན་ཚུན་ངོས་སྤྲད་དེ། རིན་པོ་ཆེའི་རྩེ་མོ་འདྲ་བར་བྱས་པ་ནི་རིན་པོ་ཆེའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་རཏྣ་ཞེས་བྱ་བའི་སྙིང་པོ་དང་བཅས་པས་དབང་བསྐུར་རོ། །དེ་ནས་རང་གི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་ཆོས་ཀྱི་ཕྱག་རྒྱ་

ཧཱུྃ་ལས་བསྐྱེད་དེ། དེའི་དབུས་སུ་ཆོས་ཀྱི་ཡི་གེ་སྐུ་བསྐྱེད་པའི་སྙིང་པོ་བསམ་མོ། །དེ་ནས་ལས་ཀྱི་ཕྱག་རྒྱ་རང་གི་སྙིང་གར་རྡོ་རྗེ་རྒྱ་གྲམ་ཡི་གེ་ཨ་ལས་བསམ་མོ། །དེ་ལྟར་བདག་དམ་ཚིག་སེམས་དཔའི་སྐུ་རྫོགས་པར་བསྐྱེད་པ་དེས་རྡོ་རྗེ་ར་བ་དང་དྲ་བ་ལ་སོགས་པ་བསམ་པར་བྱ་སྟེ།

ལས་ཐམས་ཅད་པའི་བུམ་པའི་ཆུ་དང་། ཨོཾ་བཛྲ་ཡཀྵ་ཧཱུྃ་ཞེས་བྱ་བས་མེ་བསངས་ཏེ། མཆོད་ཡོན་ལ་སོགས་པ་མཆོད་པ་རྣམ་པ་ལྔ་ནི་གཡོན་དུ་བཞག །རྡོ་རྗེ་དྲིལ་བུ་མདུན་དུ་བཞག །མར་ཁུ་དང་དགང་བླུགས་མདུན་དུ་བཞག །སྲེག་རྫས་རྣམས་གཡས་སུ་གཞག་གོ། །དེ་ནས་

བདག་གིས་རྫས་དེ་རྣམས་སྟོབས་དང་ལྡན་པར་བྱ་བ་དང་། ཆོ་ག་ཐམས་ཅད་ལ་ནུས་པ་ཡོད་པའི་ཆེད་དུ་ཁ་དང་ལག་པ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་དང་ལྡན་པར་བྱ་བའི་ཆེད་དུ་རྡོ་རྗེ་དྲིལ་བུ་གཟུང་བར་བྱ་སྟེ། དེ་ཡང་ཧཱུྃ་དང་ཨཿལས་རྡོ་རྗེ་དྲིལ་བུ་བསྐྱེད་

དེ། དེ་ཁོ་ན་ཉིད་ཀྱིས་གཟུང་བར་བྱའོ། །དེ་ནས་བདག་ཉིད་མཆོད་པ་བརྒྱད་ཀྱིས་མཆོད་དོ། །དེ་ནས་གསང་བའི་ཐབ་ཁུང་མི་དམིགས་པ་ལས་ཡི་གེ་ཧཱུྃ་ངམ་ལྷའི་ཆོས་ཀྱི་ཡི་གེ་ལས་ཐབ་ཁུང་སྔར་བྲིས་པ་བཞིན་བསྐྱེད་ལ། དེ་ནས་པདྨ་འདབ་མ་བརྒྱད་པ་ཅིག་བསམས་ཏེ། དེའི་དབུས་ཀྱི་

ལྟེ་བ་ལ་ཡི་གེ་རཾ་འབར་བ་ལས་གྱུར་པའི་གྲུ་གསུམ་བསྐྱེད་ལ། གྲུ་གསུམ་དེའི་ཤར་ལ་སོགས་པའི་ཟུར་ལ་ཨོཾ་ཨཱཿཧཱུྃ་གསུམ་ཁམས་གསུམ་གྱི་བདག་པོར་བསྒོམས་པ་ལས། འཁོར་ལོ་དང་པདྨ་དང་རྡོ་རྗེ་རང་རང་གི་ཡི་གེས་མཚན་པ་བསྐྱེད་ལ། དེའི་དབུས་སུ་རཾ་ལས་བྱུང་བའི་

འབར་བའི་མེ་རཾ་དང་བཅས་པ་མཐོང་སྟེ། གོང་གི་ཕྱག་མཚན་རཾ་དང་བཅས་པ་འོད་དུ་ཞུ་བ་ལས་མེ་འབར་བར་བསམ་ཞིང་། དམ་ཚིག་གི་གསང་སྔགས་ཧཱུྃ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་བྷ་སྨིཾ་ཀུ་རུ་སརྦ་དུཥྚཱཾ་ཧཱུྃ་ཕཊ་ཅེས་བརྗོད་པས། རྡོ་རྗེ་མེ་ལྷའི་གཟུགས་སུ་གྱུར་ཏེ། དེ་ཡང་སྐུ་མདོག་དཀར་པོ་ཞལ་

เล่ม ๖๘ · หน้า 59a

གཅིག་ཕྱག་བཞི་པ། སྤྱན་གསུམ་པ་རལ་པའི་ཐོར་ཚུགས་དང་ལྡན་པ། གཡས་གཉིས་ན་དབྱུག་པ་དང་། མི་འཇིགས་པ། གཡོན་གཉིས་ན་ཕྲེང་བ་དང་གུནྡྷེ་འཛིན་པའོ། །གོས་དང་རྒྱན་དང་མཆོད་ཕྱིར་ཐོགས་དཀར་པོ་དང་ལྡན་པ། ལུས་ཀྱི་ཡན་

ལག་ཐམས་ཅད་ལ་མེ་ལྕེ་སྟོང་གིས་དཀྲིས་ཤིང་འོད་འབར་བར་བསམས་ནས། དེ་ལྟར་མེ་ལྷ་དམ་ཚིག་སེམས་དཔའ་བསྐྱེད་ནས་དེ་ནས་མེ་ལྷ་དེའི་ཐུགས་ཀར་ཁྲོ་བོ་རྣམ་པར་རྒྱལ་བ་ཡི་གེ་ཧཱུྃ་ལས་བསྐྱེད། དེ་ལ་ཡེ་ཤེས་ཀྱི་ཁྲོ་བོ་ལྕགས་ཀྱུ་ལ་སོགས་པས་བསྟིམས་ལ། དེ་ནས་

ཞལ་བསིལ་ལ་སོགས་པ་དབུལ་ལོ། །དེ་ནས་སྒེག་མོ་ལ་སོགས་པས་མཆོད་དོ། །དེ་ནས་རྫས་རྣམས་རང་རང་གི་སྔགས་དང་། ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་སྭཱ་ཧཱ་ཞེས་པས་དབུལ་ལོ། །དེ་ནས་བསྟོད་དེ་ཕྲིན་ལས་བཅོལ། །དེ་ནས་བྱིན་ཟ་དགེ་བ་ལེགས་སྦར་ལ། །ཞེས་པ་ནི་མེ་རྒྱུན་

བཞག་གི་མེའམ། ཤིང་འོ་མ་ཅན་ལས་བྱུང་བའམ། བྲམ་ཟེ་ཐ་མལ་པའི་མེ་ལ་སོགས་པ་བླངས་ཏེ། ལས་ཐམས་ཅད་པའི་ཆུས་བསང་གཏོར་བྱའོ། །དེ་ནས་ཤིང་སྐམ་ཞིང་གཙང་བའི་བུད་ཤིང་བཅུག་ལ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཞེས་བཟླས་ཤིང་རླུང་ཡབ་ཀྱིས་མེ་སྦར་བར་བྱའོ། །

དེ་ནས་འབར་བ་དང་གོང་གི་དམ་ཚིག་གི་མེ་དང་ཐ་མི་དད་པར་བསམས་ལ། ཡེ་ཤེས་ཀྱི་མེ་སྤྱན་དྲང་བར་བྱའོ། །མེ་ལྕེ་སྟོང་གིས་དཀྲིས་ཤིང་འབར་བ་ཡི། །ཟླ་དཀར་ཀུནྡ་བཞིན་ལ་ཞི་བའི་ལུས། །མཐའ་ཡས་པ་ཡི་གཟུགས་ཀྱི་མེ་བཀུག་ལ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་སྔགས་དང་ཕྱག་རྒྱ་

འདིས་སྤྱན་དྲང་བར་བྱ་སྟེ། ལག་པ་གཡས་པ་མི་འཇིགས་པའི་ཕྱག་རྒྱ་བྱས་ལ་མཐེ་བོང་གི་རྩེ་མོ་སྲིན་ལག་གི་དྲུང་དུ་བཙུགས་ལ་དགུག་པའི་ཚུལ་གྱིས་ཡང་ནས་ཡང་དུ་བསྐྱོད་དེ། མངོན་པར་འདོད་པའི་ཚིག་འདི་བརྗོད་ཅིང་སྤྱན་དྲང་ངོ་། །ཨོཾ་གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་

ཐམས་ཅད་སྒྲུབ་བྱེད་ཅིང་། །ཐུགས་རྗེས་སེམས་ཅན་དོན་ཀུན་མཛད། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཞེས་སོ། །སྤྱན་དྲངས་པའི་མེ་ལྷ་དེ་ཡང་སྐུ་ལ་མེ་ལྕེ་སྟོང་གིས་དཀྲིགས་པའི་འོད་འབར་བ། སྐུ་མདོག་དཀར་པོ་ཞི་བའི་ཆ་ལུགས་སུ་བཞུགས་པ་དེ་ལ་འཐོར་འཐུང་བྱ་སྟེ།

เล่ม ๖๘ · หน้า 59b

རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ། དམ་ཚིག་སེམས་དཔའ་དང་གཉིས་སུ་མེད་པར་བསྟིམ་པར་བྱའོ། །དེ་ནས་གདན་བསྟབ་པར་བྱའོ། །ཨརྒྷཾ་དབུལ་བར་བརྟགས་ནས་དེ་བཞིན་དུ་ཞེས་བྱ་བ་ནི་མཆོད་ཡོན་

དབུལ་བར་བྱ་སྟེ། ལག་པ་གཡས་པའི་སོར་མོ་ཐམས་ཅད་བཀུག་ལ་མཐེ་བོང་དང་མཛུབ་མོ་གཉིས་སྦྱར་བས་མེ་ཏོག་བླངས་ཏེ་ཞབས་བསིལ་ཕུལ་ཏེ་སོར་མོ་རྣམས་བརྐྱང་བ་ནི་ཞབས་བསིལ་གྱི་ཕྱག་རྒྱ་སྟེ། ཨོཾ་པྲ་བ་ར་ས་ཏྐཱ་ར་ཏྱཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་བྱའོ། །དེ་ནས་མཆོད་ཡོན་ཕྱག་ཏུ་

དབུལ་བར་བྱའོ། །ཨི་མཾ་ཨརྒྷཾ་མ་ཡ་ཏྲ་ཏ་མ་ཀྲི་ཧ་ན་སིདྡྷིམྨེ་པྲ་ཡཙྪ་སྭཱ་ཧཱ། མཆོད་ཡོན་ལེན་གསུམ་དབུལ་བར་བྱའོ། །དེ་ནས་ལྕེ་ལ་རྡོ་རྗེ་དཀར་པོ་རྣམ་པར་བསམས་ལ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ་ཅེས་པས་མེའི་ཆོས་ཀྱི་ཕྱག་རྒྱ་དགོད་དེ། དེ་ལ་སོགས་པ་ལས་ཀྱི་ཕྱག་

རྒྱ་དང་། དབང་བསྐུར་བ་དང་། དམ་ཚིག་བསྒྲགས་པ་དང་། བརྟན་པར་བྱ་བ་དང་། ལས་བཅོལ་བ་དང་། ཕྱི་ནང་གི་མཆོད་པས་མཆོད་པ་དང་། དེ་ནས་མེ་ལྷའི་ལྕེ་དང་དགང་གཟར་དང་། བླུགས་གཟར་གྱི་ཁ་ལ་རཾ་བསམས་ཏེ། པུས་མོ་གཉིས་ཀྱི་བར་དུ་ལག་པ་བཞག་

སྟེ་སྲེག་རྫས་ཀྱིས་མཆོད་པ་དང་བསྟོད་པ་ལ་སོགས་པ་བྱའོ། །བློ་མཆོག་ལྡན་པའི་མདུན་དུ་གཟུགས་སོགས་བཞག །ཅེས་པ་ནི་མེ་ལྷ་དེ་མཆོད་པས་མཆོད་པའི་རྟེན་ལ་དབང་པོར་མདུན་དུ་བཞུགས་སུ་གསོལ་བའོ། །ཇི་སྐད་གསུངས་པའི་ཡོན་ཏན་འདོད་པ་ཡིས། །

ཞེས་བྱ་བ་ནི་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པ་མཆོད་དེ། དེའི་དོན་ཡང་འདི་ལྟར་ཤེས་པར་བྱ་སྟེ། དེ་ནས་མེ་ལྷ་དམ་ཚིག་སེམས་དཔའ་དེའི་ཐུགས་ཀར་རྡོ་རྗེ་འཁོར་ལོའི་སྔགས་དང་ཕྱག་རྒྱས་རིན་པོ་ཆེའི་གཞལ་ཡས་ཁང་རེ་མིག་དགུ་ལྟེ་བ་དང་བཅས་པའི་འཁོར་ལོ་རྩིབས་

བཅུ་དྲུག་པ་གྲུ་ཆད་དང་། ཁྱམས་དང་། སྒོ་ཁྱུད་དང་། རྟ་བབས་དང་། ཐེམ་སྐས་ལ་སོགས་པས་བརྒྱན་པར་བསམས་ལ། མེ་ལྷའི་ཐུགས་ཀའི་ཟླ་བ་དང་པདྨའི་སྟེང་དུ་ལྷ་རྣམས་རེ་རེ་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པའི་མཚན་མ་ལས་བྱུང་བ་ལས་དང་རྗེས་སུ་མཐུན་པའི་རྒྱན་དང་།

เล่ม ๖๘ · หน้า 60a

ཁ་དོག་ལ་སོགས་པ་དང་ལྡན་པའི་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པ་དམིགས་ཏེ་གསལ་བར་བསམ་མོ། །དེ་བཞིན་གཤེགས་པ་ཚོགས་དེ་ལྟར་སྤྱན་དྲངས་ལ་ཞེས་བྱ་བ་ནི་སྒོ་དབྱེ་བ་བྱས་ནས། བདག་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་པ་

ལས་རྡོ་རྗེ་བསྡུ་བའི་སྙིང་པོ་ཨོཾ་བཛྲ་ས་མཱ་ཛཿཛཿཞེས་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས་བསྣོལ་ཏེ་དཔུང་མགོར་བཞག་ལ་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་ལ་གུང་མོ་དང་མཐེ་བོང་གཉིས་གཏོགས་ཤིང་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས་རང་རང་གི་གནས་ནས་

བསྐུལ་ཏེ། ཇི་ལྟར་བསམ་པའི་གནས་ཀྱི་ཁོ་ར་ཁོར་ཡུག་དུ་བཞུགས་པར་བསམ་མོ། །དེ་ནས་མཆོད་ཡོན་ཕུལ་ཏེ་བསྟོད་པས་བསྟོད་ལ། རྡོ་རྗེ་གནོད་སྦྱིན་གྱིས་རང་བཞིན་གྱིས་ཕྱི་ནས་འོང་བའི་བགེགས་བསྐྲད་པར་བྱའོ། །དེ་ནས་ཤར་ཕྱོགས་ཀྱི་སྒོར་རྡོ་རྗེ་ལྕགས་ཀྱུའི་

ལས་ཀྱི་ཕྱག་རྒྱ་བཅིངས་ཏེ་ཕྱག་རྒྱ་དེ་ཉིད་ཤར་ཕྱོགས་ཀྱི་སྒོར་ལྕགས་ཀྱུ་ལྟར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཛཿཞེས་བརྗོད་པས་ལྕགས་ཀྱུས་དགུག་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་སོ་སོའི་སྒོ་དྲུང་དུ་བྱོན་པར་བསམ་མོ། །ཕྱག་རྒྱ་དེ་ཉིད་བཀྲོལ་ནས་ལྷོ་ཕྱོགས་ཀྱི་སྒོར་

ཞགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཕྱག་རྒྱ་དེ་ཉིད་ལྷོ་ཕྱོགས་ཀྱི་སྒོར་ཞགས་པར་གྱུར་པར་བསམས་ལ་ཨོཾ་བཛྲ་པཱ་ཤ་ཧཱུྃ་ཞེས་བརྗོད་པས་ཞགས་པས་དྲངས་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་སོ་སོའི་སྒོའི་ནང་དུ་ཞུགས་པར་བསམ་མོ། །ཕྱག་རྒྱ་དེ་ཉིད་བཀྲོལ་ནས་

ནུབ་ཕྱོགས་ཀྱི་སྒོར་ལྕགས་སྒྲོག་གི་ཕྱག་རྒྱ་བཅིངས་ཏེ། ཕྱག་རྒྱ་དེ་ཉིད་ནུབ་ཕྱོགས་ཀྱི་སྒོར་ལྕགས་སྒྲོག་ཏུ་གྱུར་པར་བསམས་ལ། ཨོཾ་བཛྲ་སྤོ་ཊ་བཾ་ཞེས་བརྗོད་པས་ལྕགས་སྒྲོག་གིས་བསྡམ་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་སོ་སོའི་སྒོའི་ནང་དུ་ཞུགས་པར་བསམ་མོ། །

ཕྱག་རྒྱ་དེ་ཉིད་བཀྲོལ་ནས་བྱང་ཕྱོགས་ཀྱི་སྒོར་རྡོ་རྗེ་འབེབས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཕྱག་རྒྱ་དེ་ཉིད་བྱང་ཕྱོགས་ཀྱི་སྒོར་དྲིལ་བུར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿཞེས་བརྗོད་ཅིང་དྲིལ་བུ་བསྐྱོད་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་མཉེས་པར་བསམས་ཏེ་ཕྱག་རྒྱ་དེ་ཉིད་དགྲོལ་

เล่ม ๖๘ · หน้า 60b

ལོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ལ་དབང་བསྐུར་བ་དང་བྱིན་གྱིས་བརླབ་པ་དང་། ཕྱག་རྒྱ་བཞིས་རྒྱས་གདབ་པ་རྣམས་བྱའོ། །ཨརྒྷཾ་ལ་སོགས་དབུལ་ཞིང་དེ་བཞིན་དུ། །བདེ་གཤེགས་གསུངས་པའི་མཆོད་པ་གང་ཡིན་བྱ། །ཞེས་བྱ་བ་ནི་ཕྱག་བཙལ་བ་དང་། མཆོད་པ་རྣམ་པ་ལྔས་

མཆོད་པ་དང་། ཕྱི་ནང་གི་མཆོད་པ་བརྒྱད་ཀྱིས་མཆོད་པ་དང་། མཆོད་པ་ཉི་ཤུས་མཆོད་པ་བྱ་སྟེ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མའི་དབུས་སུ་རང་གི་ཆོས་ཀྱི་ཡི་གེས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་མཐོང་སྟེ། ཡང་མཆོད་ཡོན་ཕུལ། འཐོར་འཐུང་གིས་སྔ་མ་བཞིན་དུ་

སྦྱིན་སྲེག་གི་ཡོ་བྱད་ཐམས་ཅད་བསང་གཏོར་བྱས་ལ། དགང་གཟང་དང་བླུགས་གཟར་ལག་ཏུ་ཐོགས་ཏེ། དེ་ནས་བྱིན་ཟ་ལ་ནི་བརྟག་པར་བྱ། །ཞེས་པ་ནི་བྱིན་ཟ་བརྟག་སྟེ། དབྱིབས་དང་ཁ་དོག་ལེགས་པར་བསམ་པའོ། །བསྲེག་བྱས་བཀང་སྟེ་སྦར་བར་བྱ་བའི་ཕྱིར། །ཞེས་པ་ནི་དགང་གཟར་

མར་གྱིས་བཀང་སྟེ་སྦར་བར་བྱའོ། །སྲེག་རྫས་ཀྱིས་མཆོད་པར་བྱའོ། །དེ་ནས་བསྲེག་བྱས་བཀང་སྟེ་རིམ་གྱིས་ནི། །རྒྱལ་ལ་སོགས་ལ་བརྒྱ་རྩ་བརྒྱད་དུ་བཏགས། །ཞེས་པ་ནི་དེ་ལས་དང་པོར་གཙོ་བོ་ལ་དབུལ་ལོ། །དེ་ནས་རྒྱལ་བ་རིགས་ལྔ་དང་། སེམས་དཔའ་བཅུ་དྲུག་ལ་བརྒྱ་རྩ་བརྒྱད་

དབུལ་ལོ། །དེ་ནས་སྦྱོང་བའི་སྔགས་ཀྱི་རྒྱལ་པོ་ལ། །བསྲེག་པར་བྱ་བ་ཉི་ཤུ་རྩ་གཅིག་དབུལ། །ཞེས་པ་ནི་རྫས་དེ་རྣམས་ནི་མེའི་ཞལ་དུ་བསྟབ་བོ། །ལྷག་མ་རྣམས་ལ་ནི་ཉི་ཤུ་རྩ་གཅིག་གིས་མཆོད་དོ། །དེ་ནས་བསྟོད་པས་བསྟོད་དོ། །དེ་ནས་གང་འདོད་པའི་དངོས་གྲུབ་

རྣམས་གསོལ་བ་གདབ་བོ། །དེ་ནས་བཟོད་པར་གསོལ་ཏེ་ཡི་གེ་བརྒྱ་པས་བྱའོ། །དེ་ནས་སྤྱན་དྲངས་པ་གཤེགས་སུ་གསོལ་ལོ། །དམ་ཚིག་སེམས་དཔའ་ལུས་ལ་བསྡུའོ། །དེ་ནས་སྤྱན་དྲངས་ཡོ་བྱད་ལན་གསུམ་དང་། །མཆོད་ཡོན་ལ་སོགས་པདྨའི་དཀར་ཞལ་མཆོད། །

ཅེས་བྱ་བ་དེ་ལས་ཡེ་ཤེས་ཀྱི་མེ་ལྷ་དེ་ཤར་ལྷོ་མཚམས་ནས་ཐབ་ནང་གི་རང་གི་ལུས་ལ་ཞུགས་པའི་ཕྱིར་སྤྱན་དྲངས་ཏེ། མེ་ལྷ་དེ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། ཡོ་བྱད་ལྷག་མ་རྣམས་ཀྱིས་ལན་གསུམ་གསུམ་དུ་སྦྱིན་སྲེག་བྱའོ། །དེའི་མཐའ་མར་ཡོན་བདག་གཡོན་དུ་བཞག་ལ་

เล่ม ๖๘ · หน้า 61a

སྒྲུབ་པ་པོས་དངོས་གྲུབ་གང་འདོད་པ་གསོལ་བ་གདབ་བོ། །དེ་ནས་བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ནི་གྲུབ་ལགས་ཀྱིས། །ཇི་བཞིན་དོན་དུ་སླར་གཤེགས་ལ། །སླར་ཡང་སེམས་ཅན་དོན་ལ་གཤེགས། །ཞེས་པས་གཤེགས་སུ་

གསོལ་ལོ། །ཕྱག་ན་རྡོ་རྗེ་པདྨའི་ཞགས་པ་བསྣམས། །ཞེས་བྱ་བ་ལ་སོགས་པ་ནི་ཡང་མེ་ཐབ་དང་ཡོ་བྱད་རྣམས་བསངས་ལ། བདག་དམ་ཚིག་སེམས་དཔར་བསྒོམས་པའི་ཐུགས་ཀར་ཡི་གེ་ཧཱུྃ་བསམས་པ་ལས། བདག་ཉིད་ཁྲོ་བོ་ཕྱག་ན་རྡོ་རྗེ་ཧཱུྃ་ཞེས་བྱ་བར་གྱུར་ཏེ་བཞིན་དང་

ཆ་ལུགས་ཁྲོ་བོའི་ཚུལ་ཅན་དུ་བསམ་མོ། །མདུན་དུ་མེ་ཐབ་ཏུ་ཡང་ཡི་གེ་ཧཱུྃ་ལས་རྡོ་རྗེ་སེམས་དཔར་གྱུར་ནས། རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་ཨོཾ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལཱརྐ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ་བི་དྲ་བ་བི་དྲ་བ། སརྦ་པཱ་པཾ་ནཱ་ཤ་ཡ་ནཱ་ཤ་ཡ་ཧ་ར་ཧ་ར་པྲཱ་ཎཱ་ན་ཧཱུྃ་ཕཊ་ཅེས་བརྗོད་པས་ཁྲོ་བོ་

ཁམས་གསུམ་རྣམ་པར་རྒྱལ་བའི་གཟུགས་སུ་གྱུར་ཏེ། སྐུ་མདོག་སྔོན་པོ་ཞལ་བགྲད་ཅིང་མཆེ་བ་གཙིགས་པ། ཕྱག་ན་རྡོ་རྗེ་དང་པདྨ་དང་རལ་གྲི་དང་ཞགས་པ་བསྣམས་པའོ། །ཞབས་ཀྱི་པདྨས་སྡིག་མནན་ཅིང་། །ཞེས་པ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཞབས་

ཀྱི་པདྨས་མ་ཧཱ་དེ་བ་མནན་པའོ། །སྐུ་ལ་སྦྲུལ་གྱིས་བརྒྱན་པ། སྐུ་སྨད་སྟག་གི་པགས་པས་དཀྲིས་པ་འཁོར་ཁྲོ་བོ་མང་པོས་བསྐོར་བ་ནི། །རྒྱན་རྣམས་ཀུན་གྱིས་ལེགས་བརྒྱན་པ། །ཞེས་པའོ། །རྫོགས་སངས་རྒྱས་ནི་དབུ་རྒྱན་མཐོ། །ཞེས་པ་ནི་རིགས་ལྔའི་སངས་རྒྱས་ཀྱིས་དབུ་

ལ་བརྒྱན་པའོ། །བསམས་སམ་ནི་ཏིང་ངེ་འཛིན་ནོ། །བྲིས་པ་ནི་མིག་གི་རྟེན་ཏོ། །དེ་ལྟར་ཁྲོ་བོ་དེ་བསྐྱེད་ལ་ཡེ་ཤེས་ཀྱི་ཁྲོ་བོ་ཡང་སྤྱན་དྲངས་ཏེ། བསྟིམས་ལ་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་དབུལ་ལོ། །དེ་ཡི་སྙིང་པོས་དེ་བཞིན་དུ། །ཞེས་བྱ་བ་ནི་དང་པོར་ཁྲོ་བོའི་

སྔགས་གོང་མས་མར་དང་ཡམ་ཤིང་ཕུལ་ལ། དེ་ནས་རྫས་རྣམས་གཅིག་ཏུ་བསྲེས་ཏེ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཏབ་ལ། ལག་པ་གཡོན་པ་ཁུ་ཚུར་བཅངས་ནས། བྲང་ལ་དཔུང་པ་དམ་དུ་བཅུམ་ལ་ལག་པ་གཡས་པས་སྦྱིན་སྲེག་བྱའོ། །རྣམ་པར་རྒྱལ་བའི་སྔགས་དང་

เล่ม ๖๘ · หน้า 61b

ཤི་བའི་མིང་སྤེལ་ལ་བརྒྱའམ་སྟོང་ངམ་བྱེ་བའི་ཚད་དུ་སྦྱིན་སྲེག་བྱའོ། །བར་བར་དུ་མིང་འདི་ཞེས་བྱ་བའི་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་ཏིལ་བསྲེག་གོ། །ཕྱི་མ་དཀྱུས་ན་གསལ་ལོ། །དེ་ནས་ཁྲོ་བོ་གཤེགས་སུ་གསོལ་ལ་བདག་ཉིད་

ཕྱག་རྒྱ་བཀྲོལ་ཞིང་ལུས་བསྲུང་བ་ལ་སོགས་པ་བྱའོ། །དེ་ནས་ཐལ་བར་གྱུར་པ་དང་། །ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་བསྲེགས་ནས་ཐལ་བར་གྱུར་པ་དང་། རྡོ་རྗེ་བསྡུ་བའི་སྔགས་སཾ་ཧ་ར་ཎ་བཛྲ་ཧཱུྃ་ཞེས་པའི་ཆོ་གས་བསྡུ་བར་བྱའོ། །དེ་ལྟར་རུས་པ་དང་ཐལ་བ་དེ་བསྡུས་ནས་སྣོད་གཙང་

མར་བཅུག་སྟེ། མཆོད་རྟེན་གདབ་པའི་ཕྱོགས་སུ་གཞག་གོ། སྔགས་ཀྱིས་བཏབ་པའི་དྲི་ཆུ་དང་། །ཞེས་པ་ལ་སོགས་པ་ནི་ག་བུར་ལ་སོགས་པའི་དྲི་ཆུ་དང་། བ་སྐྱེས་འོ་མ་ལ་སོགས་ཏེ་བའི་རྣམ་ལྔ་དང་། རུས་པ་ལ་ངན་སོང་སྦྱོང་བའི་སྔགས་འབུམ་ཡན་ཆད་བཟླས་ལ། གཟུགས་སུ་བྱ་བའམ་

ཞེས་པ་ནི་དཀྱིལ་འཁོར་གྱི་ལྷ་གང་ཡང་རུང་བར་བྱ་བའམ། ཡང་ན་ནི། མཆོད་རྟེན་གྱི་ནི་ལྷར་བྱས་ལ། །ཞེས་བྱ་བ་ནི་ཡང་ན་མཆོད་རྟེན་གྱི་གཟུགས་སུ་བྱས་ཏེ། གཅིག་གམ་གཉིས་སམ་གསུམ་མམ་ལྔའམ་ཡང་ན་བརྒྱ་རྩ་བརྒྱད་ཀྱི་བར་དུ་གདབ་བོ། །སྔགས་དང་ཕྱག་རྒྱས་གདབ་པར་བྱ། །

ཞེས་པ་ནི་ངན་སོང་སྦྱོང་བའི་སྔགས་དང་ཕྱག་རྒྱས་གདབ་བོ། །ཇི་ཙམ་དུ་སྔགས་གདབ་པ་ན་འབུམ་ཕྲག་གཉིས་ཀྱི་བར་དུ་བཟླས་ཞེས་སོ། །དེ་ནས་མཆོད་རྟེན་ལ་སོགས་པ་ལ་འབར་བར་གྱུར་ཏམ་ཡང་ན་སྐུའི་ཞལ་འཛུམ་པ་ལ་སོགས་པའི་མཚན་མ་བྱུང་བྱུང་དུ་བཟླས་སོ། །མཚན་མ་ནི་

དཀྱུས་ན་གསལ་ལོ། །ཅི་སྟེ་མཚན་མ་དེ་དག་ནི། །སྡིག་ཅན་བློ་ཡིས་མ་མཐོང་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་མ་དེ་དག་མ་ཐོབ་ན་འབུམ་ཕྲག་སྟོང་མན་ཆད་བཟླས་ཤིང་། ཇི་སྲིད་མཚན་མ་དགེ་བ་མ་བྱུང་གི་བར་དུ་དེ་བཞིན་གཤེགས་པ་རྣམས་མཆོད་ཅིང་རྩེ་གཅིག་

པའི་སེམས་ཀྱིས་མཉམ་པར་གཞག་ཅིང་བཟླས་བརྗེད་བྱའོ། །དེ་ལྟར་བཟླས་པའི་མཐར་མཚན་གཅིག་བཟླས་པ་རབ་ཏུ་བྱས་ན་ཤི་བ་དེ་ངེས་པར་སྡིག་པ་ལས་གྲོལ་ཞིང་མཚན་མ་བཟང་པོ་རྣམས་འབྱུང་བར་འགྱུར་རོ། །དེ་དག་ནི་རོའི་དབང་དུ་བྱས་པའི་རིམ་པ་སློབ་དཔོན་ཀུན་དགའ་སྙིང་པོས་

เล่ม ๖๘ · หน้า 62a

མཛད་པ་རྫོགས་སོ།། །།ཡང་ན་མེད་པར་གྱུར་ན་ཡང་། །ཞེས་བྱ་བ་ལ་སོགས་པས་ནི་རོ་མེད་པར་གྱུར་ན་མིང་ཙམ་གྱིས་རྣམ་པ་བཟུང་ནས། སྔགས་ལ་སོགས་པ་བཟླས་པ་དང་བདག་ལྷའི་སྐུར་བསྐྱེད་པ་དེས་ན་སྦྱོང་བའི་སྔགས་བཟླས་ཤིང་ཤི་བའི་མིང་ངམ་རུས་པ་དང་

སྤེལ་ཏེ་བཟླས་པའི་ཕྱིར་ན། ཟློས་ཤིང་བསྒོམས་པའི་ཚུལ་གྱིས་ནི། །མིང་ཙམ་ལེགས་པར་བྲིས་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀྱི་འོད་ཟེར་གྱིས་དམིགས་པར་བྱ་བའི་རྟེན་ཤོག་བུའམ་གྲོ་ག་ལ་བྲིས་ཏེ་དེ་ལ་བསྟིམས་པས་དེ་ལས་དང་ཉོན་མོངས་པའི་བག་

ཆགས་དག་པར་བྱེད་དེ། འཇིམ་པ་དང་བསྲེས་ཏེ་མཆོད་རྟེན་གྱི་ཕྲེང་བ་བྱ་བའམ། ཡང་ན་ལྷའི་གཟུགས་སུ་བྲིས་ཀྱང་རུང་སྟེ། སྡིག་པ་བསྲེག་པའི་སྦྱིན་སྲེག་གམ། །དབང་རྣམས་རྫོགས་པར་བསྐུར་ན་ཡང་། །གདོན་མི་ཟ་བར་མཐོ་རིས་སུ་སྐྱེའོ། །ཡང་ན་ཐལ་བ་ཉིད་དམ་རུས་པ་ལ།

ཡུངས་ཀར་རམ་བྱེ་མ་ལ་སོགས་པ་ལ་མིང་ནས་བརྗོད་ཅིང་སྔགས་བཟླས་ན་ཡང་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་རོ། །དེ་ལྟ་བུ་བྱས་པས་ཀྱང་ངན་སོང་ལས་ཐར་ཏེ་མཐོ་རིས་སུ་སྐྱེའོ། །ད་ནི་དགེ་བ་དང་ལྡན་པའི་ཇི་ལྟ་བུར་བྱས་པ་དེ་ཐམས་ཅད་སླ་བར་འགྱུར་བའི་གང་ཟག་གི་རིམ་པ་སྟོན་ཏེ། དགེ་

བའི་མཆོག་ནི་བསྐྱེད་པ་དང་། །བྱང་ཆུབ་ས་བོན་བསྐྱེད་པའི་བདག །ཅེས་གསུངས་ཏེ། དགེ་བ་ནི་ཆོས་སྤྱོད་བཅུའོ། །མཆོག་ནི་ཇི་ལྟར་དགེ་བ་བྱས་ཀྱང་དམིགས་པ་མེད་པར་བྱས་པའོ། །ཡང་ན་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ནི་མཆོག་སྟེ་དེ་བསྐྱེད་པའོ། །དེ་གང་དང་ལྡན་པ་

དེ་ནི་སངས་རྒྱས་འབྲས་བུ་རྒྱུར་ལྡན་པ་སྟེ་སངས་རྒྱས་ནི་རིགས་ལྔའོ། །འབྲས་བུ་ནི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའོ། །རྒྱུ་ནི་རང་གི་རྟོག་པའི་ཁྱད་པར་རོ། །དེ་གང་སྙམ་པ་ལ། སྦྱིན་པའི་ཕ་རོལ་ཕྱིན་པར་ལྡན། །ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སྦྱིན་པ་ནི་ཡོངས་སུ་གཏོང་བའི་

མཚན་ཉིད་དེ། དེ་ཡང་རྣམ་པ་བཞི་སྟེ། ཟང་ཟིང་དང་། མི་འཇིགས་པ་དང་། ཆོས་དང་། བྱམས་པའོ། །ཚུལ་ཁྲིམས་ནི་ཡང་དག་པའི་དོན་ལ་མི་འདའ་བའོ། །བསླབ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ། །བཟོད་པ་ནི་མི་འཁྲུགས་པའི་མཚན་ཉིད་དོ། །

เล่ม ๖๘ · หน้า 62b

དེ་ལ་ཡང་གཉིས་ཏེ། ཐེག་པ་ཆེན་པོའི་ཆོས་ཟབ་མོ་ལ་ཡིད་ཆེས་པའི་བཟོད་པ་དང་། གནོད་པ་བྱེད་པ་ལ་ཅི་མི་སྙམ་པའི་བཟོད་པའོ། །བརྩོན་འགྲུས་ནི་སྐྱོ་དུབ་མེད་པའི་མཚན་ཉིད་དེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་སོ། །བསམ་གཏན་ནི་ཆོས་ཉིད་ཀྱི་དོན་ལ་མཉམ་པར་

འཇོག་པའི་མཚན་ཉིད་དོ། །དེ་ལ་ཡང་གཉིས་ཏེ། ཆོས་ཉིད་ཀྱི་བསམ་གཏན་དང་ཏིང་ངེ་འཛིན་གྱི་བསམ་གཏན་ནོ། །ཤེས་རབ་ནི་སྤྱི་དང་རང་གི་མཚན་ཉིད་འབྱེད་པའི་མཚན་ཉིད་དོ། །དེ་ལ་ཡང་གཉིས་ཏེ་ཟག་པ་དང་བཅས་པའི་ཤེས་རབ་དང་། ཟག་པ་མེད་པའི་ཤེས་རབ་བོ། །དེ་ནི་རྒྱུ་སྟེ་རྒྱུ་

ཕ་རོལ་ཏུ་ཕྱིན་པ་དྲུག་གིས་འབྲས་བུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྐྱེ་བའི་ཕྱིར་རོ། །དེ་ལྟ་བུའི་སེམས་ནི་འཇིག་རྟེན་འདིའི་བདེ་བ་དང་ཡང་ལྡན་ལ། ཕྱི་མར་ཡང་མྱུར་དུ་ངན་སོང་ལས་ཐར་ཏེ་བྱང་ཆུབ་ཐོབ་པར་ཐེ་ཚོམ་མེད་དོ། །ད་ནི་དགེ་བའི་རྩ་བ་མ་བསྐྱེད་པས་མི་འགྲུབ་

པའི་དོན་སྟོན་ཏེ། དགེ་བའི་རྩ་བ་མ་བསྐྱེད་ལ། །མེད་པར་ལྟ་བ་གང་ཡིན་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བ་ནི་རྣམ་པར་དཀར་བའོ། །རྩ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །མ་བསྐྱེད་པ་ནི་མ་སྤེལ་བའོ། །མེད་པར་ལྟ་བ་ནི་རྒྱུ་དགེ་སྡིག་གཉིས་མེད་པར་ལྟ་

བ་དང་། འབྲས་བུ་བདེ་སྡུག་གཉིས་མེད་པར་ལྟ་བའོ། །བྱང་ཆུབ་ལམ་ལས་རྣམ་ལོག་པ་ནི་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ལས་ལོག་པའོ། །སངས་རྒྱས་ཀྱི་བསྟན་པ་ལ་ཞེ་སྡང་བྱེད་ཅིང་སྡིག་པའི་རང་བཞིན་དུ་མཐོང་བ་དང་། ཕ་དང་མ་ལ་སྙིང་རིང་ཞིང་བྱང་ཆུབ་ཀྱི་སེམས་

དང་མ་འབྲེལ་པ་རྣམས་ཀྱིས་འགྲུབ་པར་མི་འགྱུར་རོ་ཞེས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །དེ་ཡན་ཆད་དུ་སྦྱིན་སྲེག་གི་དོན་བསྟན་ཟིན་ཏོ། །ད་ནི་གོ་ཆའི་ཕན་ཡོན་སྟོན་ཏེ། དེ་ནས་བརྒྱ་བྱིན་ལ་སོགས་ལྷ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ནི་སྦྱིན་སྲེག་གི་མཇུག་བསྡུ་

བར་གསུངས་ཏེ། དེ་ནས་ནི་ཕན་ཡོན་གྱི་མགོ་འདྲེན་ཏོ། །བརྒྱ་བྱིན་ནི་ཡོན་བདག་ཡིན་པའི་ཕྱིར་དང་ལ་སྨོས་སོ། །ལྷ་ཐམས་ཅད་ནི་ནོར་བུ་དྲི་མ་མེད་པའི་འོད་ཐར་པ་ལས་སྔ་བའི་ཕྱིར་སྨོས་སོ། །དེ་ནས་དབང་པོར་བཅས་པ་ཡི། །ཞེས་པ་ནས། སྣ་ཚོགས་བྱུང་བ་འདི་ཅི་

เล่ม ๖๘ · หน้า 63a

ལགས། །ཞེས་བྱ་བའི་བར་གྱིས་ནི་ཡོན་ཏན་ལ་ངམ་སྟེ། མཆོད་པ་དུ་མས་མཆོད་ཅིང་བསྟོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། བདེ་བར་གཤེགས་པ་ངོ་མཚར་ཆེ་ལགས་སོ་ཞེས་པའི་བར་གྱིས་ནི། ནོར་བུ་དྲི་མ་མེད་པའི་འོད་ཀྱི་རྣམ་པར་ཐར་པ་བསྟན་ལ།

འཁོར་ངོ་མཚར་ཆེ་བ་ལ་དམ་པར་བསྟན་ཏོ། །དེ་ནས་བརྒྱ་བྱིན་ལ་སོགས་ལྷ། །ཞེས་པ་ནས། སྔགས་དང་འདྲ་བའི་འདྲེན་པ་མེད། །ཅེས་བྱ་བའི་བར་དཀོན་མཆོག་གསུམ་ལ་ཡོན་ཏན་གྱི་སྒོ་ནས་བསྟོད་པ་བསྟན་ཏོ། །དེ་ནས་ལྷའི་བུ་དེ་དག་གིས་ཞེས་པ་ནས། བལྟ་བར་འཚལ་ལོ་ཞེས་བྱ་བའི་བར་གྱིས་ནོར་བུ་

དྲི་མ་མེད་པའི་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་བལྟ་བར་འཚལ་ལོ་ཞེས་གསོལ་བ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ་ཞེས་པའི་བར་གྱིས་ནི་དེ་བཞིན་གཤེགས་པས་ནོར་བུ་དྲི་མ་མེད་པ་འོད་ཟེར་གྱི་ཕྲེང་བས་བསྐུལ་ནས་འོངས་པ་

བསྟན་ཏོ། །དེ་ནས་ལྷའི་བུ་དེ་ཉིད་ཅེས་པ་ནས། ཟིལ་གྱིས་མནན་ཏོ་ཞེས་པའི་བར་གྱིས་ནོར་བུ་དྲི་མ་མེད་པའི་འོད་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཟིལ་གྱིས་མནན་པར་བསྟན་ཏོ། །དེ་ནས་ལྷའི་བུ་དེ་ཞེས་པ་ནས་མྱུར་དུ་བཀྲོལ་ཞེས་པའི་བར་གྱིས་ནི་ཡ་མཚན་ཆེ་ནས་ཐུགས་རྗེ་ལ་ངམ་ནས་

བསྟོད་པ་བསྟན་ཏོ། །དེ་ནས་སྐད་ཅིག་མ་དེ་ཉིད་ཀྱི་ཚེ་ཞེས་པ་ནས། ཡ་མཚན་སྐྱེས་ཏེ་ཞེས་པའི་བར་གྱིས་ནི་རྣམ་པར་འཕྲུལ་པ་སྣ་ཚོགས་མཐོང་བ་བསྟན་ཏོ། །འདི་སྐད་ཅེས་སྨྲས་སོ་ཞེས་པ་ནས། ཚངས་སྦྱོད་ཚུལ་ཁྲིམས་དྲི་མེད་སྐྱེ་བསམ་ཡས། །ཞེས་པའི་བར་གྱིས་ནི་དེ་བཞིན་

གཤེགས་པའི་ཡོན་ཏན་གྱི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་དོན་ལ་ངམ་པ་བསྟན་ཏོ། །དེ་ནས་ལྷའི་བུ་དེ་དག་གིས་ཞེས་པ་ནས་བལྟ་བར་འཚལ་ལོ་ཞེས་བྱ་བའི་བར་གྱིས་ཞུ་བ་བསྟན་ཏེ། གསོལ་བ་གདབ་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཞེས་པ་ནས་མི་སྣང་བར་

གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི། སྣང་བར་བྱས་པའི་ཏིང་ངེ་འཛིན་བསྟན་ཏོ། །དེ་ནས་ནོར་བུ་དྲི་མ་མེད་པའི་འོད་ཅེས་པ་ནས། འདི་སྐད་གསོལ་ཏོ་ཞེས་པའི་བར་གྱིས་ནི་དེ་བཞིན་གཤེགས་པའི་སྤྱན་སྔར་འོངས་ནས་ཐམས་ཅད་ཟིལ་གྱིས་མནན་པ་བསྟན་ཏོ། །ཀྱེ་མ་སངས་རྒྱས་ཞེས་པ་ནས། སེམས་

เล่ม ๖๘ · หน้า 63b

ཅན་ལྷ་གནས་མྱུར་དུ་སྐྱེས། །ཞེས་པའི་བར་གྱིས་སྔགས་ཀྱི་ཡོན་ཏན་ཀུན་ལ་བསྟོད་པ་བསྟན་ཏོ། །དེ་ནས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དང་ཞེས་པ་ནས། དེ་བཞིན་དུ་སླར་སོང་ངོ་ཞེས་པའི་བར་གྱིས་དྲིན་ལ་ལན་གྱིས་བླན་པའི་ཕྱིར་མཆོད་པའི་ཁྱད་པར་གྱིས་མཆོད་ནས་རང་གི་

གནས་སུ་འགྲོ་བ་བསྟན་ཏོ། །དེ་ནས་བརྒྱ་བྱིན་དང་ཞེས་པ་ནས་བཤད་དུ་གསོལ་ཞེས་པའི་བར་གྱིས་ནི་ཕྱི་རབས་ཀྱི་སེམས་ཅན་ལ་ཕན་གདགས་པའི་ཕྱིར་ཞུ་བ་གསོལ་བ་བསྟན་ཏོ། །བརྒྱ་བྱིན་དང་ཞེས་པ་ནས་འགྲོ་བར་འགྱུར་རོ་ཞེས་པའི་བར་གྱིས་ནི་སྔགས་ཀྱི་དོན་འདི་ཐོས་པར་དཀའ་

བའི་ཆེ་བའི་ཡོན་ཏན་བསྟན་ཏོ། །དེ་ནས་བརྒྱ་བྱིན་དང་ཞེས་པ་ནས་རྣམ་པར་སྨིན་པ་ནི་ཅིར་འགྱུར་ཞེས་པའི་བར་གྱིས་ནི་སྣོད་དུ་གྱུར་པའི་ཐེག་པ་ཆེན་པོ་ལ་དད་པའི་རྣམ་པ་ཅིར་འགྱུར་བ་ཞུས་པ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་སྨོས་ཀྱང་ཅི་དགོས་ཞེས་པའི་བར་གྱིས་

ནི་ཐེག་པ་ཆེན་པོའི་རིགས་ཅན་གྱི་ཆེ་བའི་ཡོན་ཏན་གྱི་ཁྱད་པར་བསྟན་ཏོ། །དེ་ནས་བརྒྱ་བྱིན་དང་ཞེས་པ་ནས། བསྐྱབ་པར་བགྱི་ཞེས་པའི་བར་གྱིས་ནི་འཇིག་རྟེན་པའི་དཀྱིལ་འཁོར་རྣམས་ཀྱིས་ཐེག་པ་ཆེན་པོའི་ཆོས་འདི་གང་ན་སྤྱོད་པ་དེ་བསྲུང་ཞིང་བསྐྱབ་པའི་ཐབས་སྟོན་

ཏོ། །ལྷའི་དབང་པོ་ཞེས་པ་ནས། བག་ཡོད་པར་བྱོས་ལ་སྒྲུབས་ཤིག་ཅེས་པའི་བར་གྱིས་ནི་ཕྱི་རབས་ཀྱི་སེམས་ཅན་ལ་ཕན་པའི་གདམས་ངག་སྦྱིན་པ་སྟོན་ཏོ། །དེ་ཡན་ཆད་ཀྱིས་ནི་སྐུ་གསུམ་གྱི་གཙུག་ཏོར་གྱི་རྒྱུད་ལས་རྩ་བའི་རྒྱུད་དུ་གྱུར་པ་རྣམ་པར་སྣང་མཛད་ཀྱི་སྐུའི་རྒྱུད་

བཤད་པའོ། །དཔལ་རྣམ་པར་སྣང་མཛད་ཀྱི་རྩ་བའི་རྒྱུད་ཀྱི་བཤད་པ་གསལ་བའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། །།ད་ནི་རྐྱེན་སྦྱོང་བར་བྱེད་པའི་བཤད་པའི་རྒྱུད་ཕྱི་མའི་དོན་བཤད་པར་བྱ་སྟེ། དེ་ལ་ཡང་འཆད་པ་པོའི་

མཚན་ཉིད་དམ་རང་བཞིན་བསྟན་པ་འབྱུང་སྟེ། དེ་ཡང་དང་པོར་གླེང་གཞི་ནི་ཇི་ལྟ་བུ་ཡིན་ཞེ་ན། རྒྱུད་ཕྱི་མ་འདིའི་སྟོན་པ་ནི་གང་བདག་པོའི་སྐྱེས་བུ་ནི་གང་སྙམ་པ་ལ། འདིའི་འཆད་པ་པོའི་སྟོན་པ་ནི་དཔལ་ཕྱག་ན་རྡོ་རྗེའོ། །བདག་པོ་ནི་ཤཱཀྱ་ཐུབ་པ་དེ་ཉིད་དོ། །དེའི་དོན་བསྟན་པར་བྱ་

เล่ม ๖๘ · หน้า 64a

སྟེ། དེ་ཡང་དང་པོ་སྟོན་པ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་པ་ནི་ཡང་དག་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་ཕྱིན་ཅི་ལོག་གི་སྐྱོན་བཅོམ་པ་ཡིན་ལ། ལྡན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་

སྟོབས་དང་ལྡན་པའོ། །འདས་པ་ནི་མཐའ་གཉིས་ལས་འདས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་པ་ནི། བྱང་ཆུབ་ནི་གཟུང་འཛིན་གཉིས་སྤངས་ལ་མཁྱེན་པའི་ཡེ་ཤེས་དང་ལྡན་པའོ། །སེམས་ནི་གཉིས་སུ་མེད་པའི་དོན་ལ་སེམས་

པའོ། །དཔའ་ནི་དེའི་དོན་ལ་སྲན་ཚུགས་པའོ། །སེམས་ནི་ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་སེམས་ལ། དཔའ་ནི་འགྲོ་བའི་དོན་ལས་མི་ལྡོག་པའོ། །ཆེན་པོ་ནི་ཁྱད་པར་དུ་གྱུར་པའི་དོན་དང་ལྡན་པའོ། །ཕྱག་ན་རྡོ་རྗེ་ཞེས་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་

ལས་སྐྱེས་པའི་སེམས་དཔའ་དེས་སོ། །ཡང་ན་ཕྱག་ན་རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བའི་མཛོད་འཛིན་པ་དང་། བདུད་དང་དྲེགས་པ་ཅན་ཐམས་ཅད་འདུལ་བར་བྱེད་པའི་རྡོ་རྗེ་དེ་ཕྱག་ན་བསྣམས་པས་ན་ཕྱག་ན་རྡོ་རྗེའོ། །ཡང་ན་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱིས་མིང་གི་དབང་བསྐུར་བའོ། །དེ་ཇི་ལྟར་ཐུགས་ལས་བྱུང་ཞིང་དབང་བསྐུར་སྙམ་པའི་རྟོག་པ་བསལ་བའི་ཕྱིར། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ནམ་མཁའི་དབྱིངས་ཀྱི་རང་བཞིན་ལས་སྙིང་རྗེ་ཆེན་པོའི་ཐབས་ཁྲོ་བོའི་དམ་ཚིག་རྡོ་རྗེ་ཞེས་བྱ་

བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་རྡོ་རྗེ་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་ཕྱུང་ངོ་། །ཧཱུཾ་དེ་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་ཐམས་ཅད་པའི་སྙིང་པོ་རིག་པ་མཆོག་འདི་སྨྲས་སོ། །ཨོཾ་སུམྦྷ་ནི་སུམྦྷ་

ཧཱུཾ། གྲྀཧྣ་གྲྀཧྣ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་རཱ་ཛ་ཧཱུཾ་ཕཊ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་རྡོ་རྗེར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་བཀའ་ནོད་ཅིང་། ཟླ་བའི་དཀྱིལ་འཁོར་ལ་གནས་སོ། །དེ་ནས་ཐམས་ཅད་

เล่ม ๖๘ · หน้า 64b

འཇོམས་པའི་དབང་དང་། མིང་གི་དབང་བསྐུར་ཏེ། ཕྱག་ན་རྡོ་རྗེ་ཞེས་བཏགས་སོ། །བཅོམ་ལྡན་འདས་ཀྱི་མཐུས་བརྟག་པའི་རྒྱལ་པོ་བརྟག་པ་ཕྱི་མ་འདི་བཤད་དོ་ཞེས་པ་ནི། བཅོམ་ལྡན་འདས་ནི་བཤད་ཟིན་ཏོ། །མཐུས་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པས་སོ། །བརྟག་པ་ཕྱི་མ་

འདིས་ཞེས་བྱ་བ་ནི་བརྟག་པ་དང་པོ་རྩ་བའི་དཀྱིལ་འཁོར་ལས་མ་ཚང་བ་དང་། ཤཱཀྱ་ཐུབ་པའི་དཀྱིལ་འཁོར་ལ་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པའི་དཀྱིལ་འཁོར་རྩ་བའི་དཀྱིལ་འཁོར་གྱི་ཁྱད་པར་ལས་བྱུང་བའི་བཤད་པ་བསྟན་པའི་ཕྱིར་ན་དེ་བསྟན་པར་བྱའོ། །དཔའ་བོ་

གདན་ལས་བཞེངས་ནས་ནི། །ཞེས་བྱ་བ་ནི་དཔའ་བས་ན་དཔའ་བའོ། །ཇི་ལྟར་དཔའ་ཞེ་ན། ཁྲོ་བོ་འདོད་པའི་རྒྱལ་པོ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་ཕྱུང་སྟེ། འཇིག་རྟེན་གསུམ་གྱི་བདག་པོ་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་ཐམས་ཅད་ན་གནས་པའི་ཚོགས་ཀྱིས་

བསྐོར་བའི་དམ་ཚིག་གི་རྡོ་རྗེས་བཀུག་ནས་རི་རབ་རིའི་རྩེ་མོ་ན་རྡོ་རྗེ་དང་ནོར་བུ་རིན་པོ་ཆེ་ལས་བྱས་པ་ཁང་བུ་བརྩེགས་པ་དེའི་ཉེ་འཁོར་དུ་འཁོད་པར་གྱུར་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་རང་གི་ཐུགས་ཀ་ནས་རྡོ་རྗེ་བླངས་ཏེ་གསོར་ཞིང་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་རྣམས་དེ་

བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ལ་ཞུགས་ལ་ངའི་བཀའ་ཉོན་ཅིག །དེ་ནས་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི། ཕྱག་ན་རྡོ་རྗེས་གསུངས་པ། ཀུན་མཁྱེན་ཡེ་ཤེས་ཐོབ་བྱའི་ཕྱིར། །གྲོགས་པོ་རྣམས་ཀྱིས་

བསྒྲུབ་པར་གྱིས། །དེ་ནས་འཇིག་རྟེན་གསུམ་གྱི་བདག་པོ་ལྷ་ཆེན་པོ་དྲེགས་ཏེ་ཆེས་ཁྲོས་པར་སྟོན་ཞིང་འདི་སྨྲས་སོ། །ང་འཇིག་རྟེན་གསུམ་གྱི་བདག་པོ་ཡིན་ལ། །གནོད་སྦྱིན་ཁྱོད་ཀྱི་ངག་ཅིའི་ཕྱིར་ཉན། དེ་ནས་ཡང་ཕྱག་ན་རྡོ་རྗེས་རྡོ་རྗེ་གསོར་ཞིང་བཀའ་སྩལ་པ། སེམས་ཅན་

མ་རུངས་པ་རྣམས་དཀྱིལ་འཁོར་དུ་མྱུར་དུ་ཞུགས་ལ་ངའི་དམ་ཚིག་ལ་གནས་པར་གྱིས་ཤིག །དེ་ནས་ལྷ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་བུའི་སེམས་ཅན་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩོལ་བ་འདི་སུ་ཞིག །དེ་ནས་

เล่ม ๖๘ · หน้า 65a

བཅོམ་ལྡན་འདས་ཀྱིས་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་གསུམ་གྱི་ཚོགས་ཐམས་ཅད་ལ་བོས་ནས་འདི་སྐད་གསུངས་སོ། །གྲོགས་པོ་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། དམ་ཚིག་དང་སྡོམ་པ་ལ་གནས་པར་གྱིས་

ཤིག །ཕྱག་ན་རྡོ་རྗེ་ནི་གནོད་སྦྱིན་ཁྲོ་བོ་མ་རུངས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ། རྡོ་རྗེ་འབར་བས་ཁྱེད་རྣམས་བརླག་པར་བྱས་ས་རེ། དེ་ནས་དབང་ཕྱུག་ཆེན་པོ་འཁོར་མང་པོ་དང་བཅས་པས་འཇིགས་པའི་གཟུགས་དང་། མ་རུངས་པའི་རྟ་གད་དུ་དགོད་པ་རྣམས་བསྟན་ནས་

འདི་སྐད་སྨྲས་སོ། །ཀྱེ་ང་ནི་འཇིག་རྟེན་གསུམ་གྱི་བདག་པོ་ཡིན་ན་ང་ལ་ཁྱོད་ཅིའི་ཕྱིར་བཀའ་སྩལ། དེ་ནས་ཕྱག་ན་རྡོ་རྗེས་རྡོ་རྗེ་སྙེམས་པ་དང་བཅས་པས་གསོར་ཞིང་འཛུམ་སྟེ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ལུས་སྲུལ་པོ་མིའི་ཤ་ཟ་བ་ཟས་སུ་རོ་བསྲེགས་པའི་ཐལ་བ་ཟ་ཞིང་ཁ་

ཟས་དང་མལ་ཆ་དང་གོས་ཀྱང་དེ་ལ་བྱེད་པ་ཁྱེད་རྣམས་ངའི་བཀའ་བཞིན་བྱོས་ཤིག །དེ་ནས་དབང་ཕྱུག་ཆེན་པོས་འཇིག་རྟེན་གྱི་ཁམས་ཁྲོ་བོ་ཆེན་པོས་བཀང་སྟེ་འདི་སྐད་ཅེས་སྨྲས་སོ། ཁྱོད་ངའི་བཀའ་ཉོན་ལ་དམ་ཚིག་ཀྱང་ལོང་ཤིག་ཅེས་སོ། །དེ་བཅོམ་ལྡན་འདས་ཀྱིས་དེ་

བཞིན་གཤེགས་པའི་ཐུགས་ཀ་ནས་བྱུང་བའི་རྡོ་རྗེ་ཆེན་པོས་དམ་ཚིག་དྲན་པར་བྱས་སོ། །ཨོཾ་ནི་སུམྦྷ་བཛྲ་ཧཱུཾ་ཕཊ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་རྡོ་རྗེའི་སྙིང་པོ་འདི་བརྗོད་དོ། །ཧཱུྃ་དེ་ནས་དེ་བརྗོད་མ་ཐག་ཏུ་ཁམས་གསུམ་པ་ཐམས་ཅད་ཁ་སྦུབ་ཏུ་འགྱེལ་ཏེ་ཉམ་ཐག་

པའི་ཚིག་འབྱིན་ཅིང་ཕྱག་ན་རྡོ་རྗེ་ལ་སྐྱབས་སུ་དོང་ངོ་། །ལྷ་ཆེན་པོ་ཞེས་བྱ་བའི་ལྷ་དེ་དེ་ནས་ས་ལ་འགྱེལ་ཏེ་དྲན་པ་མེད་པར་གྱུར་ནས་ཤིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁམས་གསུམ་གྱི་

བདག་པོ་འདི་ལ་སྐྱབས་སྦྱིན་པར་བྱོས་ལ་མ་བསད་ཅིག །དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས། ཕྱག་ན་རྡོ་རྗེས་འདི་སྐད་གསུངས་སོ། །ལྷ་རྣམས་སྲོག་འདོད་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་དོང་ལ་ངའི་བཀའ་ཉོན་ཅིག །དེ་དག་གིས་གསོལ་པ། དཀོན་མཆོག་གསུམ་

เล่ม ๖๘ · หน้า 65b

ལ་སྐྱབས་སུ་མཆིའོ། །ཁྱོད་ཀྱིས་བསྟན་པའི་བཀའ་ནི་བདག་ཅག་གིས་འཚལ་ཏོ། །དེ་ནས་རྣམ་པར་སྣང་མཛད་ཀྱིས་དེ་དག་ལ་བོས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ལྷ་རྣམས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

ཡབ་པོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་དུ་བྱེད་པའོ། །དེ་བཞིན་གཤེགས་པའི་སྲས་ཀྱི་ཐུ་བོའོ། །སེམས་ཅན་འདུལ་བའི་ཁྲོ་བོའི་རྒྱལ་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའོ། །དེ་བས་ན་ཁྱེད་རྣམས་འདིའི་

དམ་ཚིག་ལ་གནས་པར་བྱོས་ཤིག་ཅེས་སོ། །དེ་ནས་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གི་སྲོག་ཡལ་བ་ལས་བསྐྱབ་ཏུ་གསོལ། །བདག་ཅག་ཀྱང་དེ་བཞིན་དུ་བགྱིད་ཅིང་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་གྲོགས་པོ་རྣམས་འདི་ཉིད་ལ་སྐྱབས་

སུ་དོང་ཤིག །འདི་ཉིད་ཀྱིས་ཀུན་དུ་སྐྱོབས་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །དེ་ནས་སྲིད་པ་གསུམ་གྱི་བདག་པོ་དེ་རྣམས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འཛིན་པ་དེ་ག་ལ་བ་དེར་ལོགས་སུ་བལྟས་ནས་ཉམ་ཐག་པའི་སྒྲ་ཆེན་པོ་མགྲིན་གཅིག་ཏུ་བྱུང་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་

ལྡན་འདས་འཆི་བའི་སྡུག་བསྔལ་འདི་ལས་ཀུན་དུ་བསྐྱབ་ཏུ་གསོལ། དེ་ནས་ཕྱག་ན་རྡོ་རྗེས་ཀྱེ་མ་རུངས་པ་རྣམས་ངའི་བསྟན་པ་ལ་ཞུགས་ཤིག །རྡོ་རྗེ་འབར་བ་འདིས་གཅིག་ཏུ་འབར་བར་བྱས་ནས་ཐམས་ཅད་བརླག་པར་བྱས་ས་རེ། དེ་དག་གིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །

ཁྱོད་ནི་ཀུན་དུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེམས་བསྐྱེད་པ་ཀུན་དུ་དུལ་བ། སེམས་ཅན་ཐམས་ཅད་ལ་ཕན་པར་བཞེད་པ། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྩོལ་བ་ལགས་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ཅག་བསྲེག་པར་འགྱུར། དེ་

ནས་ཕྱག་ན་རྡོ་རྗེས་བོས་ནས་ཁྱེད་ལྟ་བུའི་སེམས་ཅན་མ་རུངས་པ་རྣམས་སེམས་སྦྱང་བའི་ཕྱིར་ངའི་དམ་ཚིག་ལ་མནོས་ཤིག །གལ་ཏེ་མི་གནས་ན་ད་དུང་གནས་པར་བྱའོ། །གསོལ་པ་དེ་བཞིན་དུ་བགྱིའོ། །དེ་ནས་ཕྱག་ན་རྡོ་རྗེས་དབང་ཕྱུག་ཆེན་པོ་མ་གཏོགས་པ་གཞན་དག་དབུགས་

เล่ม ๖๘ · หน้า 66a

དབྱུང་ཞིང་བསླང་བའི་སྙིང་པོ་འདི་སྨྲས་སོ། །ཨོཾ་ཏིཥྛ་བཛྲ་དེ་སྨྲས་མ་ཐག་ཏུ་དབང་ཕྱུག་ཆེན་པོ་མ་གཏོགས་པ་དེ་ཐམས་ཅད་བརྒྱལ་བ་ལས་སེམས་དབུགས་ཕྱུང་སྟེ། ལྷའི་བདེ་བ་མྱོང་ཞིང་བག་ཚ་བ་དང་བ་སྤུ་ལོངས་པ་མེད་པར་གྱུར་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་

ལ་བལྟ་ཞིང་ལོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ལྷའི་བདག་པོ་ལྷ་ཆེན་པོ་འདི་མ་བསླངས་པར་འདིའི་སྲོག་ཆུད་གསན་ན་ཅི་རུང་། འདི་གསོས་ན་འདི་ཡང་སྐྱེས་བུ་དམ་པར་འགྱུར་རོ། །དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་དུ་བྱའོ་སྙམ་

ནས་ཤི་བ་སློང་བའི་སྙིང་པོ་འདི་སྨྲས་སོ། ཨོཾ་བཛྲ་ཨཱ་ཡུ་དེ་ནས་འདི་སྨྲས་མ་ཐག་ལྷ་ཆེན་པོའི་བདག་པོ་ཤི་བ་ལས་སོས་ཏེ་ལྡང་བར་འདོད་ན་ལྡང་བར་མ་ནུས་སོ། དེ་ནས་ལྷ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཅི་བདག་ཅག་འདི་ལྟ་བུས་འདུལ་ལམ། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་སྐྱེས་བུ་ཆེན་པོ་འདིའི་བཀའ་ཉན་པར་མི་འཇུག་ན། ཁྱོད་འདུལ་བ་འདི་ཉིད་ཡིན་གྱི་ང་ནི་མ་ཡིན་ནོ། །དབང་ཕྱུག་ཆེན་པོས་གསོལ་པ། ཅི་བཅོམ་ལྡན་འདས་ཁྱེད་ཀྱིས་མ་རུངས་པའི་སེམས་ཅན་འདི་ལས་སྐྱབས་མཛད་མི་སྤྱོད་དམ། བཀའ་སྩལ་

པ། ངས་འདི་ལ་བསྐྱབ་པར་མི་ནུས་སོ། །གསོལ་པ་ཅིའི་སླད་དུ། བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །གསོལ་པ། བཀའ་སྩལ་པའི་དོན་དེ་མ་འཚལ་ཏེ། ཁམས་གསུམ་པའི་བདག་པོ་དེ་བཞིན་གཤེགས་པ་རྣམས་

ལས་གཞན་པའི་བདག་པོ་མཆིས་པར་མ་འཚལ་ན་འདི་སུ་ལགས། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ཡང་ལྷ་ཆེན་པོ་ལ་བོས་ཏེ་འདི་སྐད་གསུངས་སོ། །ཀྱེ་མ་རུངས་པ་ངའི་བཀའ་མི་ཉན་ནམ། དེ་ནས་ལྷ་ཆེན་པོས་རྡོ་རྗེ་སེམས་དཔའི་ཚིག་ཐོས་ནས་འཁྲུག་ཅིང་ཁྲོས་པར་གྱུར་

ཏེ། དེ་ལྟར་འགྱེལ་བཞིན་དུ་ཡང་འཇིགས་པ་ཆེན་པོའི་གཟུགས་བསྟན་ཏེ། འདི་སྐད་ཅེས་སྨྲས་སོ། །ང་ཤི་བ་བཟོད་ཀྱི་ཁྱོད་ཀྱི་ངག་མི་ཉན་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་རབ་ཏུ་ཁྲོས་པར་གྱུར་པར་བསྟན་ཅིང་རང་གི་རྐང་པའི་མཐིལ་ནས་རྗེས་སུ་སྤྱོད་པ་འདི་ཕྱུང་ངོ་། །ཨོཾ་ཏ་ཀ་རི་ཤ་ན་བཛྲ་ཧཱུཾ་དེ་

เล่ม ๖๘ · หน้า 66b

ནས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་ནས་ཀུན་དུ་འབར་བའི་སྙིང་པོ་ཁྲོ་གཉེར་བྱས་ལ་མཆེ་བ་ལྷག་གེར་བྱས་པ། གདོང་ཆེན་པོ་རྡོ་རྗེའི་རྗེས་སུ་སྤྱོད་པ་བྱུང་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྤྱན་སྔ་ན་བཀའ་ནོད་ཅིང་འདུག་པར་གྱུར་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་དབང་ཕྱུག་ཆེན་པོ་སྦྱང་བ་འདི་སྐད་ཅེས་

གསུངས་སོ། །ཨོཾ་པ་ཏ་ཀ་རི་ཤ་ཡ། སརྦ་དྷ་ར་བཛྲ་དྷ་ར། ཨ་ནུ་ཙ་ར་ཀ་ཏ་ཀ་ཏ་བཛྲ་ཧཱུཾ་ཛཿདེ་ནས་དེ་སྐད་སྨྲས་པ་དང་། ལྷ་ཆེན་པོ་དང་ཨུ་མར་བཅས་ཏེ་རྐང་པ་གྱེན་ཀར་གཅེར་བུར་ཕྱུང་སྟེ། སྐྱེ་བོ་ཐམས་ཅད་ཀྱིས་གད་མོ་བགད་ཅིང་རྐང་པས་བཀུག་པས་རྡོ་རྗེའི་རྗེས་སུ་སྤྱོད་པ་བཀུག་སྟེ། བཅོམ་ལྡན་

འདས་ཕྱག་ན་རྡོ་རྗེའི་སྤྱན་སྔར་ཞབས་ཀྱི་དྲུང་དུ་གཞག་གོ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་མ་རུངས་པ་མཆིས་བྲང་དུ་བཅས་པ་འདི་ལ་ཅི་ལྟར་བགྱི་བཅོམ་ལྡན་འདས་ཀྱིས་བཛྲ་ཀརྨ་ཧོ་ཞེས་བཀའ་སྩལ་པ་དང་། དེ་ནས་ཕྱག་ན་རྡོ་རྗེས་ལྷ་

ཆེན་པོ་ཞབས་གཡོན་པས་མནན། ཞབས་གཡས་པས་ཨུ་མའི་སྟེང་དུ་མནན་ནས། རང་གི་སྙིང་པོ་སྨྲས་པ། ཨོཾ་བཛྲ་ཨཱ་བེ་ཤ་ཧ་ན་པྲ་ཊ་ན་ཏྲཊ། དེ་ནས་དེ་སྨྲས་མ་ཐག་ཏུ་ལྷ་ཆེན་པོ་ལ་བབས་ནས་རང་གི་ལག་པ་སྟོང་གིས་རང་གི་གདོང་པ་སྟོང་འཚོག་གོ། །དེ་ནས་རྡོ་རྗེ་ནོར་བུ་ལས་གྲུབ་པའི་ལྷའི་ཁང་ཁྱིམ་

ཕྱི་རོལ་ན་གནས་པའི་སྲིད་པ་གསུམ་ཐམས་ཅད་ཀྱིས་ངེད་ཀྱི་དབང་པོ་འདི་བདག་ཉིད་ཆེན་པོ་དེས་བཏུལ་ལོ་ཞེས་སྒྲ་ཆེར་ཕྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་ཆེན་པོ་ལ་ཐུགས་རྗེ་ཆེན་པོ་བསྐྱེད་དེ། ཨོཾ་བུདྡྷ་མཻ་ཏྲི་བཛྲ་རཀྵ་ཧཾ་ཞེས་གསུངས་སོ། །དེ་གསུངས་མ་ཐག་ཏུ་ལྷ་ཆེན་པོ་ལ་བབས་

པའི་སྡུག་བསྔལ་དེ་ཀུན་ཞི་སྟེ། ཡང་ཕྱག་ན་རྡོ་རྗེའི་ཞབས་མཐིལ་གྱིས་རེག་པས་ན་བདེ་བ་དང་། བླ་ན་མེད་པ་གྲུབ་པའི་དབང་དང་། ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་དང་། གཟུངས་དང་། མངོན་པར་ཤེས་པ་རྣམས་ཐོབ་ནས། དེ་བཞིན་གཤེགས་པ་ཉིད་དུ་གྲུབ་པའི་བར་དུ་གྱུར་ཏོ། །དེ་

ནས་ལྷ་ཆེན་པོ་ལ་བཅོམ་ལྡན་འདས་ཀྱི་ཞབས་མཐིལ་གྱིས་རེག་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། རྣམ་པར་ཐར་པའི་བདེ་བ་མྱོང་སྟེ། ལྷ་ཆེན་པོའི་ལུས་ཞབས་ལ་ཕུལ་བས་ན་དཔའ་བོའི་གདན་ནོ། །ལྷ་ཆེན་པོ་དེས་ཡང་འོག་གི་འཇིག་རྟེན་གྱི་

เล่ม ๖๘ · หน้า 67a

ཁམས་གངྒཱའི་ཀླུང་སུམ་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་ཁམས་ལས་འདས་པ་ན་ཐལ་བས་ཁེབས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེར་ཐལ་བའི་དབང་པོའི་དབྱངས་ཞེས་བྱ་བའི་དེ་བཞིན་གཤེགས་པར་སྐྱེས་སོ། །གདན་དེ་ལས་བཞེངས་ནས་ནི། །ཞེས་བྱ་

བ་ནི་རྒྱུད་འདི་བཤད་པར་བཞེད་པའོ། །དགྱེས་ཤིང་རྡོ་རྗེ་གསོར་ནས་ཀྱང་། །ཞེས་བྱ་བ་ནི་དགྱེས་ཤིང་ནི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཏེ། རྒྱུད་འདིའི་དོན་སྟོན་པར་དགྱེས་པའོ། །རྡོ་རྗེ་ནི་རིག་པ་སྟེ་ཡེ་ཤེས་ལྔའི་རང་བཞིན་ནོ། །གསོར་བ་ནི་ཕྲིན་ལས་སོ། །རྒྱུད་ཕྱི་མ་འདིའི་དོན་

སྟོན་པར་བྱེད་ཅེས་པའི་ཐ་ཚིག་གོ། །ཤཱཀྱ་ནི་ཤཱཀྱ་དབང་པོའི་ཉི་མའི་རིགས་ཅན་ཡིན་ལ། བདག་པོ་ནི་ཁམས་གསུམ་གྱི་བདག་པོའི་ཐ་ཚིག་གོ། །དགྱེས་མཛད་པ་ནི་རྒྱུད་ཀྱི་དོན་སྟོན་པའི་ཕྱིར་རོ། །ཐུབ་པའི་གཙོ་ལ་ཕྱག་འཚལ་ནས། །ཞེས་པ་ལ། ཐུབ་པ་ནི་ལུས་ངག་ཡིད་གསུམ་མོ། །

གཙོ་ལ་ནི་རྐང་གཉིས་ཐམས་ཅད་ཀྱིའོ། །དེ་ཡང་གསུངས་པ། རྐང་གཉིས་གཙོ་བོ་ཁྱོད་གཤེགས་འཚལ། ཞེས་པའོ། །ཕྱག་འཚལ་ནས་ཞེས་པ་ནི་ཡ་རབས་གོང་མའི་ཚུལ་དང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསྐྱེད་པའི་ཕྱིར་རོ། །དེས་ནི་སྟོན་པའི་རང་བཞིན་དང་གླེང་གཞི་བསྟན་པའོ། །ད་འདི་

ནས་ནང་སེམས་ཀྱི་དཀྱིལ་འཁོར་དང་། སྦྱོར་བ་དང་པོ་དང་། ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་བསྟན་ཏེ། སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ལ་སྒྲིབ་པ་ནི་ལྔ་སྟེ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་རྟོག་པའི་

བག་ཆགས་ཏེ། དེ་ཡང་ལས་ཀྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་། སྐྱེ་བའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་ལྔ་ནི་ཐམས་ཅད་དོ། །རྣམ་པར་དག་པ་ནི་གཉེན་པོ་ཡེ་ཤེས་ཀྱི་སྟོབས་ཀྱིས་མི་མཐུན་པ་ཟིལ་གྱིས་གནོན་པ་སྟེ། ཅིའི་ཕྱིར་ཞེ་ན། རྡོ་རྗེས་ཐམས་ཅད་

འཇོམས་པ་དང་འདྲ་བས་ན་ཉོན་མོངས་པའི་མཚན་མ་ཐམས་ཅད་འཇོམས་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་དེའི་ངང་ལས་མི་ལྡན་ཞིང་འཛིན་པའི་ཕྱིར་རོ། །སྙོམས་པར་ཞུགས་པ་ནི་གཉིས་སུ་མེད་པར་ཞུགས་པ་དང་། མི་མངའ་བར་སྙོམས་པར་ཞུགས་པའོ། །དེའི་དོན་ཡང་འདི་ལྟར་སྙེགས་ཏེ།

เล่ม ๖๘ · หน้า 67b

བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཐུགས་ཀར་ནང་སེམས་ཀྱི་འཁོར་ལོ་བསྐྱེད་ནས་སྤྲོ་བར་བྱའོ། །དེ་ཡང་ཀུན་དུ་བཟང་པོ་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ་ཅེས་པ་ལ་སོགས་པའི་སྔགས་ལས་རྫོགས་པའི་ཚུལ་དུ་ཤཱཀྱ་ཐུབ་པའི་

དཀྱིལ་འཁོར་བསྐྱེད་ནས། སྟོང་གསུམ་གྱི་འཇིག་རྟེན་དུ་ཁྱབ་པས་སེམས་ཅན་གྱི་ཁམས་གསུམ་གྱི་སྒྲིབ་པ་སྔ་མ་བཞིན་དུ་སྦྱངས་ནས་བྱིན་གྱིས་བརླབས་ཏེ། ནང་སེམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་རྣམ་པར་གྲོལ་བའི་ལམ་ལ་བཞག་པས་ཏིང་ངེ་འཛིན་དེ་ལ་སྙོམས་པར་

ཞུགས་པས་ན་དེ་ལ་དེ་སྐད་ཅེས་བྱའོ། །ད་ནི་མ་འོངས་པའི་སེམས་ཅན་གྱི་དོན་དུ་ངན་སོང་སྦྱོང་བ་ཞེས་པའི་རང་གི་སྙིང་པོ་འདི་ཉིད་ཀྱི་ཐུགས་ཀ་ནས་བྱུང་ངོ་ཞེས་བྱ་བ་ནི་གསུངས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་གྱི་དོན་སྟོན་ཏེ། རྗེས་སུ་འཇུག་པའི་རྣལ་

འབྱོར་པས་ནི་དང་པོར་སྤྲུལ་པའི་སྐུའི་རིགས་བཅོམ་ལྡན་འདས་གསུང་ཤཱཀྱ་ཐུབ་པའི་བཟླས་པ་དང་། བསྒྲུབ་པར་འདོད་པ་དེས་ཇི་ལྟར་བརྟག་པའི་ཡིད་དུ་འོང་བའི་གནས་དེར་སྡོམ་པ་གསུམ་ལ་གནས་པས་ཁྲུས་བྱས་ལ་འདུག་སྟེ། དང་པོར་མཚམས་ཀྱི་ཏིང་ངེ་འཛིན་ལ་གནས་པར་བྱ་སྟེ། དེ་བཞིན་

གཤེགས་པ་རྣམས་མདུན་དུ་དམིགས་ནས་དེ་དག་ལ་རིགས་ཀྱི་ཕྱག་བཞི་བྱས་ཏེ། མཆོད་པ་དང་སྡོམ་པ་ལ་སོགས་པ་ལ་གནས་པར་བྱས་པས་དང་པོར་ཆོས་ཉིད་རྣམ་པར་དག་པའི་སྔགས་ཀྱིས་སྟོང་པར་བྱིན་གྱིས་བརླབས་ནས། དེ་ནས་རྡོ་རྗེ་དྲིལ་བུའི་སྔགས་དང་ཕྱག་རྒྱས་སྡིག་པ་དྲལ་ཏེ། དེ་ནས་ཡེ་

ཤེས་དབབ་པར་བྱའོ། །དེ་ནས་མངོན་པར་བྱང་ཆུབ་པ་ལྔ་བསྒོམ་པར་བྱ་སྟེ། དེ་ཡང་ཇི་ལྟར་བསྒོམ་པར་བྱ་ཞེ་ན་སེམས་སོ་སོར་རིག་པ་ལས་མངོན་པར་བྱང་ཆུབ་པ་དང་། སེམས་བསྐྱེད་པ་ལས་མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་སྐུ་ལས་མངོན་པར་བྱང་ཆུབ་པ་དང་། དེ་ཉིད་བརྟན་པར་བྱས་པ་ལས་མངོན་

པར་བྱང་ཆུབ་པ་དང་། སྐུ་ཕྱག་རྒྱ་ཆེན་པོ་ལས་མངོན་པར་བྱང་ཆུབ་པའོ། །དེ་ལ་སེམས་སོ་སོར་རིག་པ་ལས་མངོན་པར་བྱང་ཆུབ་པ་ནི། འདི་ཉིད་ལས་ཀྱང་། ཆོས་རྣམས་ཐམས་ཅད་དངོས་མེད་པར། །སེམས་ཀྱིས་བསྒོམ་པར་བྱ་བ་ནི། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །ཞེས་

เล่ม ๖๘ · หน้า 68a

གསུངས་པའི་ཕྱིར་ན། དང་པོར་སྟོང་པ་ལས་སེམས་སོ་སོར་རིག་པ་སྟེ་ཕྱིའི་ཡུལ་དུ་གྱུར་པ་འདི་དག་དབང་པོ་ལས་འདས་པ་ཕུང་པོ་རྣམ་པར་དག་པ་གཟུང་འཛིན་སྤངས་པ་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཡང་མ་གྱུར་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་བསྒོམ་མོ། །ནང་འཛིན་པའི་སེམས་

ཀྱི་མཚན་ཉིད་ནི་དངོས་པོའི་མཚན་མ་དང་བྲལ་བ་རང་བཞིན་གྱིས་འོད་གསལ་བའི་ངོ་བོ། ཨ་ཞེས་པ་ལས་ཨཱ་ལི་ཡི་གེ་བཅུ་གཉིས་སུ་སྣང་བ་དེ་བཞིན་གཤེགས་པའི་ས་བཅུ་གཉིས་ཀྱི་རང་བཞིན་སྟོང་པ་བཅུ་དྲུག་གི་རང་བཞིན་ལས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམ་མོ། །དེ་ཡང་རྒྱུད་ཆེན་

པོ་ལས། གང་འདི་ཟླ་བ་རྫོགས་པ་ནི། །དག་ཅིང་གསལ་ལ་རྙོག་པ་མེད། །དེ་བཞིན་ཚོགས་ནི་རྫོགས་པའི་ཕྱིར། །སེམས་ནི་ཟླ་བ་རྒྱས་པ་འདྲ། །ཞེས་གསུངས་པ་ཡིན་ནོ། །དེ་སྐྱེད་པར་བྱེད་པའི་སྔགས་ནི། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི་ཞེས་པའོ། །དེ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་

སྟེ། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བརྗོད་པས། ཨ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་རྒྱུ་འབྲས་ཀྱི་ཉོན་མོངས་པ་རྣམས་བཅོམ་སྦྱངས་ཏེ། སླར་འདུས་ནས་ཨ་ལ་ཐིམ་པས་དེ་ཉིད་དང་ཀཱ་ལི་སུམ་ཅུ་

སྐར་མའི་རྣམ་པ་ལས་ཟླ་བའི་དཀྱིལ་འཁོར་ཆེན་པོའི་གཟུགས་གཉིས་པ་ཉིད་དུ་གྱུར་ཏོ། །དེ་ཡང་གསུངས་པ། ཟླ་བའི་དབུས་སུ་ཟླ་བ་ཡི། །དཀྱིལ་འཁོར་གཉིས་པ་མཐོང་བ་ཡིན། །ཞེས་སོ། །དེ་ནས་ཟླ་བའི་དཀྱིལ་འཁོར་དེའི་དབུས་སུ་ཆོས་ཀྱི་ཡི་གེ་ཧྲཱིཿཞེས་བྱ་བ་བཞག་སྟེ།

དེའི་མཐའ་མ་ན་ཚུར་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ་དེའི་མཐའ་ན་གོང་གི་སྒྲ་དབྱངས་ཀྱི་ཡི་གེ་དང་ལྡན་པའོ། །ཨོཾ་ཏིཥྛ་བཛྲ་པདྨ་ཞེས་བརྗོད་པས་དེ་འཕྲོས་འདུས་པ་ལས་ཡི་གེའི་ཕྲེང་བ་འོད་དུ་ཞུ་སྔགས་ལ་ཐིམ། སྔགས་ཀྱི་ཕྲེང་བ་འོད་དུ་ཞུ་བས་དབུས་ཀྱི་ཧྲཱིཿལ་ཐིམ། ཧྲཱིཿའོད་དུ་ཞུ་ནས་འདུས་

ཤིང་ལྡེམ་པར་གྱུར་པ་ལས། རྡོ་རྗེ་དང་པདྨར་གྱུར་པར་བསྒོམ་མོ། །དེ་ཡང་ཐབས་དང་ཤེས་རབ་ཀྱི་རང་བཞིན་རྡོ་རྗེ་དང་པདྨའོ། །པདྨ་ནི་གསུང་གི་རིགས་ཀྱི་རྟགས་ཀྱི་ཕྱག་རྒྱ་སྟེ་ཐབས་སོ། །རྡོ་རྗེར་བསྒོམས་པས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པའི་དམིགས་སུ་མེད་པས་གསུངས་ཏེ། དེ་

เล่ม ๖๘ · หน้า 68b

ཡང་། །པདྨ་ཐབས་ཀྱི་རང་བཞིན་ཏེ། །སྟོང་པ་ཉིད་ནི་རྡོ་རྗེར་བཤད། །ཅེས་སོ། །དེ་ནས་ཡང་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་ཐམས་ཅད་བསྡུས་ནས་རྡོ་རྗེ་པདྨ་ལ་ཐིམ་

པར་བྱ་སྟེ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པས་བརྟན་པར་བྱས་སོ། །དེ་ཡང་། །དཀྱིལ་འཁོར་གཉིས་པའི་དབུས་སུ་ནི། །རྡོ་རྗེ་ཆེན་པོ་རྣམ་བསམས་ལ། །ཡུད་ཙམ་སོ་སོར་བརྟགས་པ་ནི། །ཐེག་པ་ཆེན་པོར་བརྟགས་པ་ཡིན། །ཞེས་གསུངས་པས་བརྟག་པར་བྱས་པའོ། །ཡང་

དེ་ལས་དེ་བཞིན་གཤེགས་པའི་སྐུ་ཕྲ་མོ་འཕྲོས་འདུས་པ་ལས་ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏཱ་སྟ་ཐ་ཧཾ་ཞེས་བརྗོད་པ་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་ཏེ་བཞུགས་སོ། །ཡང་དེ་ཉིད་ཀྱི་ཐུགས་ཀར་ཀུན་དུ་བཟང་པོ་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གོང་གི་

སྔགས་དེ་ཉིད་ཕྲེང་བའི་ཚུལ་དུ་བཀོད་ལ། དེ་ལས་འོད་འཕྲོས་པས་རིགས་བཞིའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་རླབས་བསམ་གྱིས་མི་ཁྱབ་པ་བསྡུས་ནས་སླར་འདུས་པ་ལས་གནས་བཞིར་ཐིམ་སྟེ་སྙིང་གར་ནི་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཁར་ནི་ཧྲཱིཿལས་པདྨ། དཔྲལ་བར་སྭ་

ལས་རིན་པོ་ཆེ་ཟུར་གསུམ་པ། སྤྱི་བོར་ཧཾ་ལས་རྡོ་རྗེ་རྒྱ་གྲམ་བསྒོམ་མོ། །ཡང་འཕྲོ་འདུ་བྱས་པས་ནམ་མཁའ་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབུ་ལ་བསྐོན་པ་ལས་དབུས་སུ་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཐིམ། ཤར་དུ་མི་བསྐྱོད་པ་གླང་པོ་ཆེའི་སྟེང་ནས་གནོན་གྱི་ཕྱག་

རྒྱ་ཅན་ཐིམ། རིགས་ཕྱི་མ་ཡང་དེ་བཞིན་ཐིམ་མོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤཱཀྱའི་རྒྱལ་པོ་ཞེས་བདག་ལ་རྡོ་རྗེའི་མིང་གི་དབང་བསྐུར་བར་བསམ་མོ། །ཤཱཀྱ་ཐུབ་པ་དེ་ཡང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡོན་ན་པདྨ་དམར་པོ་བསྣམས་པ་གཡས་

བསྟོད་པས་འབྱེད་པ་ཁ་དོག་གསེར་བཙོ་མའི་མདོག་ལྟ་བུར་གནས་པ། རྡོ་རྗེ་དང་པདྨ་འདབ་མ་གྱེས་པའི་ཚུལ་གྱིས་འདོད་ཆགས་རྣམ་པར་དག་ཅིང་མི་ཆགས་པའི་ངོ་བོ་ཉིད་དུ་བལྟ་བས་ལྟ་བར་བདག་ཉིད་བསྒོམས་ཏེ། སྔགས་ཡ་ཐཱ་བཛྲ་དྷ་རྨཱཥྚ་ཨ་ཧཾ་དེ་ནས་བྱིན་གྱིས་བརླབས་ཏེ་ས་མ་ཡ་སྟྭཾ་ཞེས་པ་འདི་བརྗོད་

เล่ม ๖๘ · หน้า 69a

པས་རྒྱབ་ཏུ་ཟླ་བའི་དཀྱིལ་འཁོར་གྱི་འོད་ཀྱི་དཀྱིལ་འཁོར་བསམ་མོ། །དེ་ནས་དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་བསྒོམས་ཏེ། སྔགས་ནི་ཨོཾ་བཛྲ་སཱུརྱ་ཨོཾ་དེ་ནས་རང་ཉིད་ཀྱི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ལྷ་ཉི་ཤུ་རྩ་གཅིག་རྫོགས་པའི་ཚུལ་གྱིས་བསྐྱེད་དེ།

ཡང་དེའི་དབུས་སུ་ཤཱཀྱ་ཐུབ་པ་བདག་ཉིད་ཅི་འདྲ་བ་ཞིག་བསྐྱེད་ནས་དེ་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་བྷ་ག་ཝ་ཏེའི་སྔགས་རིང་། དེའི་སྟེང་དུ་རང་རང་གི་རྩ་བའི་སྔགས་རྣམས་བསམས་པ་ལ། དེ་ལས་འོད་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་

པས་སྡིག་སྒྲིབ་ཐམས་ཅད་སྦྱངས་ཁྱད་པར་དུ་ཡང་ངན་སོང་གསུམ་ལ་ཕོག་པས། ངན་སོང་གསུམ་པོའི་ཨོཾ་ད་ཧ་ད་ཧ་ཞེས་པ་ལ་སོགས་པ་དང་། ཨོཾ་པ་ཙ་པ་ཙ་ཞེས་པ་དང་། ཨོཾ་མ་ཐ་མ་ཐ་ཞེས་པ་ལ་སོགས་པས་སྡིག་པ་སྦྱངས་སོ། །ཨོཾ་བྷྲི་ཏ་བྷྲི་ཏ་དང་། ཨོཾ་ཏྲཱ་ཊ་ཏྲཱ་ཊ་ཞེས་བྱ་བ་དང་། བི་དྲ་བ་བི་དྲ་བ་ཞེས་བྱ་

བ་ལ་སོགས་པའི་སྔགས་ཀྱིས་ནི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ནས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པའོ། །དེ་ནས་དེ་དག་ཉེ་འཁོར་དུ་བཀུག་ནས། །ཨོཾ་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡ་ཧཱུྃ་གིས་གནས་ཉི་ཤུར་བྱིན་གྱིས་བརླབས་སོ། །དེ་ནས་ནང་སེམས་ཀྱི་དཀྱིལ་འཁོར་དུ་བཅུག་སྟེ། དབང་བསྐུར་

བས་རྣམ་པར་གྲོལ་བའི་ལམ་ཐོབ་པར་བྱས་ཏེ། ཕྱིར་སྙིང་ག་ནས་ཕྱུང་སྟེ་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ་མཆོད་པ་བསམ་ཀྱིས་མི་ཁྱབ་པས་མཆོད་དོ། །དེ་ནས་ཁམས་གསུམ་གྱི་ལྷ་ཀླུས་ཀྱང་མཆོད་ནས་བསྟོད་པ་དང་། ཡོན་ཏན་བསྔགས་པ་གོང་ལྟར་བརྗོད་དོ། །དེ་ནས་དེ་དག་གནས་སུ་དོང་

ངོ་། །དེ་ནས་ནང་སེམས་ཀྱི་དཀྱིལ་འཁོར་དེ་ལ་བསྟོད་པས་བསྟོད་དེ་ཕྱག་འཚལ་ལོ། །དེ་ནས་རང་གི་ལུས་ལ་གནས་ཉི་ཤུ་རྩ་གཅིག་ཏུ་ལྷ་ཉི་ཤུ་རྩ་གཅིག་པོ་ལུས་ལ་གསལ་བར་བལྟ་ཞིང་བརྟག་གོ། །དེ་ནི་སྦྱོར་བ་དང་པོ་དང་ནང་སེམས་ཀྱི་དཀྱིལ་འཁོར་གྱི་རིམ་པའོ།། །།ད་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་

གི་ཏིང་ངེ་འཛིན་སྟོན་ཏོ། །དེ་ཡང་དང་པོར་ཆོས་ཉིད་སྟོང་པ་ཉིད་བསྒོམ་པའི་ངང་ལས། དང་པོར་འོག་གི་ཕྱོགས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་ལཾ་ལས་གསེར་གྱི་ས་གཞི། དེའི་སྟེང་དུ་བཾ་ལས་ཆུའི་རྒྱ་མཚོ། དེའི་སྟེང་དུ་བཾ་ལས་པདྨ་འདབ་མ་བརྒྱད་པ་རྩ་བ་གསེར་གྱི་ས་གཞི་ལ་ཟུག་པ།

เล่ม ๖๘ · หน้า 69b

གསེར་གྱི་རུས་སྦལ་ལ་བརྟེན་ནས་རྩ་བ་ཆུ་སྲིན་ཆེན་པོའི་སོས་བཟུང་བ། དེའི་པདྨའི་སྡོང་པོ་ལ་ཡི་གེ་པྲ། དེའི་པདྨའི་གེ་སར་ལ་སུཾ་ལས་རིན་པོ་ཆེའི་རི་རབ་རྩེ་མོ་བཞི་པར་གྱུར། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྒྱ་གྲམ་རྩེ་མོ་གཉིས་དང་ལྡན་པ། དེ་ཡང་ཤར་དཀར་པོ། ལྷོ་སྔོན་པོ། ནུབ་དམར་

པོ། བྱང་ལྗང་གུ། དབུས་རིན་པོ་ཆེའི་མིག་མང་རིས་སུ་བྲིས་པ། སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་པ་དང་མཉམ་པ་ཞིག་བསྒོམ་པའི་སྟེང་དུ། བྷྲཱུྃ་ལས་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ་རྟ་བབས་དང་སྒོ་ཁྱུད་དུ་ལྡན་པ་ལ། ཏྭ་ར་ཎ་དང་ཆུ་སྲིན་གྱིས་བརྒྱན་པ་ལ། དེའི་དབུས་སུ་

གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ། འཁོར་ལོ་ཡང་ལྟེ་བ་དང་། རྩིབས་དང་མུ་ཁྱུད་གསུམ་ཡོད་དེ། ལྟེ་བས་ནི་ཉོན་མོངས་པ་སྦྱངས། རྩིབས་བརྒྱད་ཀྱིས་ནི་སྡུག་བསྔལ་རྣམས་སྦྱོང་། མཐའ་མའི་མུ་ཁྱུད་ཀྱིས་ནི་ལས་རྣམས་སྦྱོང་བ་སྟེ། དེ་ཡང་དབུས་འཁོར་ལོར་འདུག་པ་ནི་རྟེན་

འབྲེལ་བཅུ་གཉིས་སྦྱོང་བའོ། །དེ་ཇི་ལྟར་སྦྱོང་ཞེ་ན། རྟེན་འབྲེལ་ཡང་ཉོན་མོངས་པ་དང་། སྡུག་བསྔལ་དང་ལས་གསུམ་དུ་འདུས་ལ། འཁོར་ལོ་ཡང་ལྟེ་བ་དང་མུ་ཁྱུད་དང་རྩིབས་གསུམ་དུ་འདུས་སོ། །དེ་ལྟ་བུའི་འཁོར་ལོ་དེའི་ལྟེ་བའི་དབུས་སུ་སེང་གེ་བཞིའི་ཁྲི། དེའི་སྟེང་དུ་སྣ་ཚོགས་

པདྨ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་དང་ཧྲཱིཿདེའི་མཐའ་མ་ན་ཚུར་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཅེས་བྱ་བས་བསྐོར་བ། དེ་ལས་འོད་འཕྲོ་བ་དང་བསྡུ་བ་ལས་པདྨ་དང་རྡོ་རྗེ་སྟེ་པདྨ་འདབ་མ་བརྒྱད་གྱེན་དུ་བལྟས་པ་བརྒྱད་ཐུར་དུ་བལྟས་པ། རིགས་དང་ཐབས་དང་སྙིང་རྗེའི་ཆ་འཛིན་

པ། དེའི་སྟེང་དུ་རྡོ་རྗེ་སྟེ་སོ་སོར་བརྟགས་པའི་ཤེས་རབ་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་ཆ་འཛིན་པ་སྟེ། དེ་ལས་འོད་ཟེར་སྤྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་སྐུ་གསུང་ཐུགས་ཀྱི་དབྱིབས་ཐམས་ཅད་བསྡུས་ནས་ཐིམ་པས་དེ་ལ་སྐུར་གྱུར་པའི་རྐྱེན་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ཕཊ་ཅེས་པ་རྗོད་པ་དང་།

ཕྱག་ན་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ལས་ཤཱཀྱ་ཐུབ་པའི་སྐུར་གྱུར་ཏོ། །འདིར་ནི་སྔགས་འདིས་བསྐྱེད་དོ། །རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ཀྱི་སྒྲུབ་ཐབས་སུ་ནི་མུ་ནེ་མུ་ནེ་ཞེས་བྱ་བ་ལ་སོགས་པ་ལས་བསྐྱེད་དོ། །ད་ནི་འཁོར་གྱི་སྐུ་བསྐྱེད་དེ། དེ་ཡང་བདག་གིས་ནི་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ཀྱི་སྒྲུབ་ཐབས་

เล่ม ๖๘ · หน้า 70a

སུ་ནི་ཨོཾ་བཛྲ་ཧཱུྃ་ཕཊ་ཅེས་བྱ་བ་དང་། ཨོཾ་རཏ་ནོཏ་ཏྲ་ཏ་མ་ཏྲཾ་ཞེས་བྱ་བ་ལ་སོགས་པ་ལས་བསྐྱེད་དོ། །འདིར་ནི་འདི་ཉིད་ཀྱི་སྔགས་རྣམས་ལས་བསྐྱེད་པར་བྱའོ། །ཅིའི་ཕྱིར་རྒྱུད་མི་མཐུན་པའི་ཕྱིར་ན་སོམ་ཉི་ཟ་བར་མི་བྱའོ། །བདག་ཉིད་ཀྱི་ཐུགས་ཀར་ཀུན་དུ་བཟང་པོ་བྱང་ཆུབ་

ཀྱི་སེམས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨོཾ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་བཛྲ་ཧཱུྃ་ཕཊ་ཅེས་པའི་སྔགས་ཕྲེང་བའི་ཚུལ་དུ་བཀོད་ལ་འཕྲོས་ཤིང་འདུས་པ་ལས་རྡོ་རྗེ་རྩེ་ལྔ་པར་གྱུར་དེ་ལས་འོད་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་

རྡོ་རྗེའི་དབྱིངས་ཇི་སྙེད་པ་ཐམས་ཅད་བསྡུས་ནས་རྡོ་རྗེ་ལ་ཐིམ་པས་བརྟན་པར་གྱུར་ཏོ། །ཡང་དེ་ལས་སྐུ་ཕྲ་མོ་མང་པོ་འཕྲོས་ཤིང་འདུས་པ་ལས་རྡོ་རྗེ་སེམས་དཔའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཐུགས་ཀ་ན་ཞུགས་སོ། །ཡང་དེ་ཉིད་ཀྱི་ཐུགས་ཀར་ཟླ་

བའི་དཀྱིལ་འཁོར་གྱི་སྟེང་དུ་སྔགས་ཀྱི་ཕྲེང་བ་རྣམས་སྔ་མ་བཞིན་དུ་བཀོད་ལ་སྔགས་དེ་ཉིད་བརྗོད་པ་ལས་བསྐུལ་ཞིང་སྤྱན་དྲངས་པའི་ཚུལ་གྱིས་ཕྱིར་བཏོན་ཏེ། ཕྱོགས་བཅུར་སྤྲོས་པས་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་འགྲོ་བའི་དོན་མཛད་ནས་སླར་འདུས་པ་ལས་བདག་གི་མདུན་ན་བཀའ་ནོད་ཅིང་བཞུགས་པ་

ལ། དེ་ལ་ཆོ་འཕྲུལ་ཆེན་པོ་བཞིས་བྱིན་གྱིས་བརླབས་ཏེ། སྙིང་གར་རྡོ་རྗེ། ཁར་པདྨ། དཔྲལ་བར་རིན་པོ་ཆེ། སྤྱི་བོར་རྒྱ་གྲམ་བསམ་མོ། །དེ་ལ་ཡང་དབང་བསྐུར་ཏེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་དབུ་རྒྱན་ནམ་མཁའ་ལས་བྱུང་བ་མགོ་ལ་བསྐོན་ཏེ། བདག་གི་རྡོ་རྗེ་དང་དྲིལ་བུ་

གཉིས་སྲི་ཞུའི་ཚུལ་གྱིས་ལག་པར་བྱིན་ལ། རྡོ་རྗེ་སེམས་དཔའ་ཞེས་ལན་གསུམ་བརྗོད་དེ་མིང་གི་དབང་བསྐུར་ནས་ཉིད་ཀྱི་ཕྲིན་ལས་ཀྱིས་བཞུགས་ནས་འཁོར་ལོའི་ཤར་གྱི་རྩིབས་སུ་པདྨ་ཟླ་བའི་སྟེང་དུ་བཞུགས་སུ་གསོལ་ལོ། །གཞན་རྣམས་ལ་ཡང་དང་པོའི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་བཀོད་པའི་འཕྲོ་

འདུ་ལས་ཕྱག་མཚན་དུ་གྱུར་པ་དང་། དེ་བརྟན་པར་བྱས་པ་དང་། དེ་ལས་སྐུ་ཕྱག་རྒྱར་གྱུར་པ་དང་། དེ་སེམས་ཅན་གྱི་དོན་ལ་སྤྲོས་ནས་སླར་བྱོན་ཏེ་བདག་གི་མདུན་ན་གནས་པ་ལ་ཆོ་འཕྲུལ་ཆེན་པོ་བཞིས་བྱིན་གྱིས་བརླབས་པ་དང་། ནམ་མཁའ་ལས་བྱུང་བ་རིན་པོ་ཆེའི་དབུ་རྒྱན་མགོ་ལ་བསྐོན་པ་དང་།

เล่ม ๖๘ · หน้า 70b

ཕྱག་མཚན་ལག་ཏུ་བྱིན་པ་དང་། མིང་གི་དབང་བསྐུར་བ་བྱས་ལ་ཉིད་ཀྱི་ཕྲིན་ལས་ཀྱི་བཞུགས་ས་གང་ཡིན་པར་བཞུགས་སུ་གསོལ་ལོ། །དེ་དག་གིས་བསྐྱེད་ཅིང་སྐུ་འདོན་པའི་སྔགས་ནི་ཨོཾ་སརྦ་ཀརྨ་ཨཱ་བ་ར་ཎ་ནི་བྷསྨིཾ་ཀུ་རུ་ཧཱུྃ་ཕཊ་ཅེས་པ་ལས་རྒྱལ་བའི་གཙུག་ཏོར་སྐུ་མདོག་མཐིང་ག་ཕྱག་དྲུག་

པ་དང་པོ་གཉིས་རིན་པོ་ཆེའི་རྒྱལ་མཚན། གཡས་དབུས་མ་ན་ཞགས་པ་གཡོན་རྡོ་རྗེ་ཁུ་ཚུར་སྟཟུར་དུ་བསྟན་པ་སྟེ། ཞགས་པ་བེ་ཅོན་འཛིན་པ། གཡས་ཐ་མ་ན་རྡོ་རྗེ། གཡོན་ཐ་མ་ན་པདྨའི་སྟེང་ན་གཙུག་ཏོར་བསྣམས་པ་སྟེ། ལྷོའི་རྩིབས་སྟེང་དུའོ། །ཡང་གཙོ་བོའི་ཐུགས་ཀར་ཨོཾ་བྷཱུྃ་བི་ནཱ་ཤ་ཡ་ཨཱ་

པ་ར་ཎ་ནི་ཧཱུྃ་ཕཊ། དེ་ལས་ཕྱག་རྒྱ་འཁོར་ལོ། དེ་ལས་བརྟན་པ། དེ་ལས་སྐུ་ཕྱག་རྒྱའོ། །དེ་ཉིད་ཀྱི་ཐུགས་ཀར་སྔགས་བཀོད་པ་དང་། སྤྱན་དྲངས་པ་དང་། བཀའ་ནོད་པའི་ཚུལ་དུ་ཞུགས་པ་ལ་དབུ་རྒྱན་དང་དབང་བསྐུར་བ་ཡང་བྱ། ཕྱག་རྒྱ་བྱིན་པ་ནི་འཁོར་ལོ་བྱིན་ཏེ། གཙུག་ཏོར་འཁོར་ལོས་སྒྱུར་

བ་ཞེས་སོ། །དེ་ནས་ནུབ་ཀྱི་འཁོར་ལོའི་རྩིབས་ཀྱི་པདྨ་དང་ཟླ་བའི་སྟེང་དུ་སྐུ་མདོག་དམར་པོ་བཞུགས་སོ། །ཨོཾ་དྲུཾ་བི་ཤོ་དྷ་ཡ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ་ཅེས་པ་ལས་རྣམ་པར་རྒྱལ་བའི་གཙུག་ཏོར་སྐུ་མདོག་སེར་པོ་ཕྱག་བཞི་གཡས་ཀྱི་དང་པོ་ན་རྒྱལ་མཚན་གྱི་མགུལ་བ་དན་གྱིས་མཚན་པ་བསྣམས།

གཡོན་དང་པོ་ན་དབུ་རྒྱན། དེའི་འོག་མ་གཉིས་ཀྱི་གཡས་པས་ནི་དམ་པ་སྦྱིན་པའོ། །གཡོན་པས་ནི་པདྨའི་སྟེང་ན་གཙུག་ཏོར་བསྣམས་པའོ། །དེ་ནི་བྱང་གི་འཁོར་ལོའི་རྩིབས་སྟེངས་སུ་གནས་པའོ། །ཡང་ན་གཡོན་ནས་བསྐོར་བའོ། །ཨོཾ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་སརྦ་ཨ་བ་ར་ཎཱ་ནི་

ཧཱུྃ་ཕཊ་ཅེས་པ་ལས་གཟི་བརྗིད་གཙུག་ཏོར་སྐུ་མདོག་དམར་སྐྱ་ཕྱག་གཉིས་ན་ཉི་མ་རིན་པོ་ཆེས་མཚན་པ་བསྣམས་པ་མེའི་མཚམས་ན་བཞུགས་པའོ། །ཨོཾ་སུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ་ཅེས་པ་ལས་གཙུག་ཏོར་གདུགས་དཀར་པོ་སྐུ་མདོག་དཀར་པོ་ཕྱག་ན་གདུགས་དཀར་པོ་

བསྣམས་པ་དབང་ལྡན་གྱི་ཕྱོགས་སུའོ། །ཨོཾ་ཧཱུྃ་ཧ་ར་ཧ་ར་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ་ཅེས་པ་ལས་གཙུག་ཏོར་རྣམ་པར་མཐོང་བ་སྐུ་མདོག་དམར་སྐྱ་ཕྱག་གཡོན་སྙིང་གར་མཛུབ་མོ་བསྒྲེང་། གཡས་རལ་གྲི་བསྣམས་པ་ནུབ་བྱང་མཚམས་སུའོ། །ཨོཾ་ཧཱུྃ་ཕཊ་སརྦ་ཨཱ་བ་ར་ཎཱ་ནི་སྥོ་ཊ་ཡ་ཧཱུྃ་ཕཊ་ཅེས་པ་ལས།

เล่ม ๖๘ · หน้า 71a

གཙུག་ཏོར་རྣམ་པར་འཇོམས་པ་སྐུ་མདོག་ནག་པོ་གཡོན་མཛུབ་མོ་བསྒྲེངས། གཡས་བེ་ཅོན་བསྣམས་པ་ཡིད་ཙམ་ཁྲོས་པའོ། །དེ་ནས་དེ་དག་གི་ཡོ་བྱད་བཤད་ཅེས་པ་ནི་མཆོད་པའི་ལྷ་མོའོ། །ཨོཾ་སརྦྦ་ཨ་པཱ་ཡ་བི་ཤོ་དྷ་ནི་དྷ་མ་དྷ་མ་དྷུ་པ་ཡ་ཧཱུྃ་ཕཊ། ཅེས་པ་བདུག་པ་

མའོ། །ཨོཾ་སརྦ་དུརྒ་ཏི་བི་ཤོ་དྷ་ནི་པུཥྤ་བི་ལོ་ཀ་ནི་ཧཱུྃ་ཕཊ་ཅེས་པ་ལས་མེ་ཏོག་མའོ། །ཨོཾ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཛྙཱ་ཨཱ་ལོ་ཀ་ཀ་རི་ཧཱུྃ་ཕཊ་ཅེས་པ་ལས་མར་མེ་མའོ། །ཨོཾ་སརྦ་ཨ་པཱ་ཡ་ག་ཏི་བི་ན་ཤ་ནི་གནྡྷེ་པ་ཏི་ཧཱུྃ་ཕཊ་ཅེས་པ་ལས་དྲི་ཆབ་མའོ། །ཨོཾ་སརྦྦ་ན་ར་ཀ་ག་ཏི་ཨཱ་ཀཪྵ་ནི་ཧཱུཾ་ཛཿཕཊ་ཅེས་

པ་ལས་ལྕགས་ཀྱུའོ། །ཨོཾ་སརྦྦ་ན་ར་ཀ་ག་ཏི་ཨུཏྟ་ར་ནི་ཧཱུྃ་ཧཱུྃ་ཕཊ་ཅེས་པ་ལས་ཞགས་པའོ། །ཨོཾ་སརྦ་ཨ་པཱ་ཡ་བནྡྷ་མོ་ཙ་ནི་ཧཱུྃ་བཾ་ཕཊ་ཅེས་པ་ལས་ལྕགས་སྒྲོག་གོ། །ཨོཾ་སརྦ་ཨ་པཱ་ཡ་ག་ཏི་ག་ཧ་ན་བི་ནཱ་ཤ་ནི་ཧཱུྃ་ཧོཿཕཊ་ཅེས་པ་ལས་དྲིལ་བུའོ། །དེ་དག་ཐམས་ཅད་ཀྱང་སྐུ་མདོག་རྩ་བའི་རྒྱུད་

དུ་བསྟན་པ་བཞིན་ནོ། །དེ་ནས་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ་སྟེ། དེ་ནས་སྒོ་ཕྱེ་ལ་སྤྱན་དྲང་སྟེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ། བཛྲ་དྷརྨ་དྲྀ་ཤྱ་ཧོ་ཞེས་བྱ་བས་སོ། །དེ་ནས་མདུན་དུ་དམིགས་ལ། པདྨོ་སེམས་དཔའ་སེམས་དཔའ་ཆེ། །ཞེས་པ་ནས། ཐུབ་པ་ཆེན་པོ་བཤད་དུ་གསོལ། །ཞེས་བྱ་བའི་

བར་གྱིས་བསྟོད་དོ། །དེ་ནས་དགུག་གཞུག་དམ་ཚིག་གི་དཀྱིལ་འཁོར་ལ་བྱ། དེ་ནས་ཕྱག་རྒྱ་བཞིས་རྒྱས་གདབ་དབང་བསྐུར་བསྲུང་བ་བྱ། དེ་ནས་མཆོད་པས་མཆོད་ལ་ཡང་བསྟོད་པས་བསྟོད་དེ་འཛུབ་བྱའོ། །དེ་ནས་ཀྱེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཆེན་པོ་རྡོ་རྗེ་ཆོས། མ་ཧཱ་སུ་ཁ་བཛྲ་དྷརྨ་བཛྲ་ཛཿཧཱུྃ་

བཾ་ཧོཿསུ་ར་ཏ་སྟྭཾ་ཞེས་བརྗོད་དོ། །རྡོ་རྗེ་དྲིལ་བུ་བཟུང་ལ་བསྟོད་པ་བྱའོ། །དེ་ནས་དཀྱིལ་འཁོར་འོག་ནས་འབྱུང་བ་བཞིན་བསྡུའོ། །དེ་ནི་སྔོན་དུ་བསྙེན་པ་བྱ་བའི་ཆོ་གའོ།། །།ད་འདི་ནས་སློབ་དཔོན་གྱི་ལས་ཀྱི་རིམ་པའི་ཆོ་གའི་དོན་བསྟན་ཏེ། དེ་ནས་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ལ། དཀྱིལ་

འཁོར་ནི་གཙུག་ཏོར་དགུའོ། །བཤད་དེ་ཞེས་བྱ་བས་ནི་དེའི་དོན་སྟོན་པ་སྟེ། འདིར་ཡང་དེའི་དོན་ནི་འདི་ལྟར་ཤེས་པར་བྱ་སྟེ་དང་པོར་གཙུག་ལག་ཁང་ལ་སོགས་པའི་གནས་ཀྱི་བྱང་ཤར་མཚམས་སམ། ཤར་དུ་གཞོལ་བར་དང་པོར་ས་བརྟགས་པ་དེར། ས་སྣང་བ་ལ་སློང་པ་དང་། མི་སྣང་བ་ལ་

เล่ม ๖๘ · หน้า 71b

སློང་བ་བྱས་ལ། དེ་ནས་རྒྱལ་པོ་ལ་སོགས་པའི་ཁྲུ་ཚད་བརྟགས་པ་དེར། སའི་ལྟོ་འཕྱེ་བརྟག་པ་དང་། ལས་དང་བྱ་བས་སྦྱང་བ་དང་། ཏིང་ངེ་འཛིན་གྱིས་སྦྱང་བ་དང་། ས་གཞི་ཡོངས་སུ་བཟུང་བ་དང་། རྒྱས་པར་གཟུང་བ་ལ་སོགས་པ་བྱའོ། །དེ་ནས་སྟ་གོན་ལ་གནས་པ་

ཡང་བྱའོ། །དེ་ནས་ནང་པར་ཉི་མ་ཤར་ནས་ཐིག་གདབ་པར་བྱའོ། །འཁོར་ལོ་འདྲ་བའི་དཀྱིལ་འཁོར་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐིག་ཀྱང་ཡེ་ཤེས་ཀྱི་ཐིག་དང་ལས་ཀྱི་ཐིག་གོ། །དེ་ལ་ཡེ་ཤེས་ཀྱི་ཐིག་ནི་ཚོན་སྣ་ལྔ་རུ་བཙོས་པ་ཤིན་ཏུ་ལེགས་པར་བྱས་པ། དཀྱིལ་འཁོར་

གཞན་དུ་ལོངས་མ་སྤྱད་པ་འཇུར་མདུད་མེད་པ་དེ་བྱིན་གྱིས་བརླབས་ལ་ཐིག་གདབ་པར་བྱའོ། །ལས་ཀྱི་ཐིག་ནི་ཚོན་སྣ་ཚོགས་པ་དཀར་པོར་སྦངས་པ་དེས་ཐིག་གདབ་པར་བྱའོ། །དང་པོར་བཛྲ་དྷཱ་ཏུ་ཞེས་བྱ་བས་རྡོ་རྗེའི་ཚིག་གིས་བཟླས་ལ་བདག་ཤཱཀྱ་ཐུབ་པའི་གཟུགས་སུ་གྱུར་པར་བྱས་ནས། སྒྲུབ་

པའི་གྲོགས་མཆོག་གཙུག་ཏོར་རྣམ་པར་རྒྱལ་བའི་བཛྲ་ཀརྨ་ཞེས་བྱ་བས་སྤྲུལ་ལ་ཡང་བདག་ཉིད་བཛྲ་སཏྭ་ཞེས་བྱ་བས་རྡོ་རྗེ་གཙུག་ཏོར་དུ་བདག་ཉིད་བསམ་སྟེ་སྲད་བུ་བྲེ་བར་བྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སྲད་བུ་བཟུང་ལ་ཛཿཞེས་བྱ་བས་སྒྲུབ་པའི་གྲོགས་མཆོག་གཙུག་ཏོར་རྣམ་པར་རྒྱལ་བའི་གཟུགས་ཅན་

གྱི་ལག་ཏུ་གཏད་ལ་ཕྱོགས་ཐམས་ཅད་མཉམ་ཉིད་དུ་བསྒོམ་ཞིང་། ཤར་ཕྱོགས་སུ་བལྟས་ཏེ་རྡོ་རྗེ་སྲད་བུས་གདབ་པར་བྱའོ། །ཡང་སློབ་དཔོན་ལྷོ་རུ་འདུག་པས་བྱང་དུ་བལྟས་ཏེ་གཉིས་པ་གདབ་པར་བྱའོ། །དེ་ནས་མེའི་ཕྱོགས་ཆར་འདུག་ལ་བྱང་དུ་བལྟས་ཏེ་དཀྱིལ་འཁོར་གྱི་ཤར་དུ་

ཐིག་གདབ་པར་བྱའོ། །རླུང་གི་ཕྱོགས་སུ་གནས་ལ་ལྷོའི་ཕྱོགས་སུ་བལྟས་ཏེ་ནུབ་ཀྱི་ཐིག་གདབ་བོ། །དེ་ཉིད་དུ་འདུག་སྟེ་བྱང་གི་ཐིག་གདབ་བོ། །ཡང་མེའི་ཕྱོགས་སུ་འདུག་སྟེ། ལྷོའི་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་ཁ་ཁྱེར་གྱི་ཐིག་གདབ་པར་བྱ་སྟེ། དེ་ལ་རེ་ཞིག་སྒྲུབ་པའི་

གྲོགས་མཆོག་བསྐོར་ཕྱོགས་སུ་འགྲོ་བར་བྱའོ། །སྲད་བུའི་སྔགས་ནི་ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ་ཞེས་བྱ་བ་དང་། ཛྫཿཛྫཿཞེས་བྱ་བ་དང་། ཛྫཿགསུམ་གྱིས་སྒྲུབ་པའི་གྲོགས་མཆོག་གིས་དྲང་བར་བྱའོ། །དེ་ལ་སྒོ་ནི་ཆ་བརྒྱད་པའོ། །སྒོ་ཁྱུད་ནི་སྒོའི་ཕྱེད་ཀྱི་ཚད་དོ། །ཁ་ཁྱེར་ནི་

เล่ม ๖๘ · หน้า 72a

དེའི་ཕྱེད་ཀྱི་ཚད་དོ། །ཚོན་སྣ་ལྔ་ཡིས་ནི་ཁ་ཁྱེར་གྱི་ཕྱེད་དོ། །རྟ་བབས་ནི་སྒོའི་སུམ་འགྱུར་རོ། །འཁོར་ལོ་དྲ་བའི་དཀྱིལ་འཁོར་ལ། །ཞེས་བྱ་བ་ནི་ནང་གི་ཐིག་སྟེ། སེང་ལྡེང་གི་ཕུར་བུ་འོག་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་ལ་སྟེ་རྡོ་རྗེ་རྩེ་ལྔ་པའི་དབྱིབས་ཅན་གྱི་ཕུར་བུའི་

སྔགས་བཟླས་པས་བཏབ་ལ། དེ་ལ་བསྟོད་པའི་སྲད་བུས་ནང་གི་དཀྱིལ་འཁོར་དང་། ཕྱིའི་རྡོ་རྗེ་ཕྲེང་བ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་གཡས་ནས་བསྐོར་བས་ཐིག་གདབ་པར་བྱའོ། །དབུས་ཀྱི་ནི་ལྟེ་བ་དང་རྩིབས་སུ་བཅས་པ་རྩིབས་རྡོ་རྗེ་ར་བས་བསྐོར་བ་འཁོར་ལོའི་ནང་དུ་སྣ་

ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་དང་བཅས་པའོ། །རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ཀྱི་སྒྲུབ་ཐབས་ཀྱི་སྐབས་སུ་ནི་རྒྱན་གྱི་ལྷ་རྡོ་རྗེ་སེམས་མ་ལ་སོགས་པ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཚན་མ་ཡང་དགོད་པར་བྱའོ། །འཁོར་ལོའི་རྩིབས་ཀྱང་སྔོན་པོར་བྱའོ་ཞེས། རྒྱུད་ལས་འབྱུང་

བས་སོམ་ཉི་ཟ་བར་མི་བྱའོ། །སྐབས་འདིར་ནི་སེར་པོར་བྱའོ། །དེའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་དང་བཅས་པའོ། །དེ་ལ་ནི། ནང་གི་རིམ་པ་བྲིས་ནས་ཀྱང་། །ཞེས་སོ། །དེ་ནས་ཚོན་དགྱེ་བ་བརྩམ་པར་བྱ་སྟེ། ཚོན་རྣམས་ལ་ཡང་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿཞེས་པ་བསམས་ལ་དེ་ལས་འོད་

སྤྲོ་བ་དང་བསྡུ་བའི་བྱེ་བྲག་གིས་ཡེ་ཤེས་ཀྱི་ཚོན་བསྟིམ་པར་བྱའོ། །དེ་ནས་དབང་ལྡན་ནས་བརྩམས་ནས་དཀར་པོ་དང་དམར་པོ་དང་སྔོན་པོ་དང་ལྗང་གུ་དང་། ནང་དུ་སེར་པོར་ཤེས་པར་བྱའོ། །གཞན་རྣམས་ནི་རྩ་བའི་དཀྱིལ་འཁོར་ལྟར་རོ། །དེ་ནས་ལྷ་དགོད་པར་བྱ་སྟེ། ལྟེ་བའི་ནང་དུ་

ཤཱཀྱ་ཡི། །བདག་པོ་ཐུབ་པ་གཞག་པར་བྱ། །ཞེས་བྱ་བ་ལ་སོགས་པ་ནི་ལྟེ་བ་ནི་དབུས་ཀྱི་ལྟེ་བའོ། །བདག་པོ་སྟེ་གཙུག་ཏོར་དགུ་པའི་བདག་པོ་ཤཱཀྱའི་རིགས་སུ་སྐྱེས་པའི་ཤཱཀྱ་ཐུབ་པ་གཞག་པར་བྱའོ། །དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཕྱག་ན་རྡོ་རྗེ་སྟོབས་ཆེན་ནི་གང་

དུ་བཤད་ཟིན་ཏོ། །དཔའ་བོ་དེ་ཡི་སྤྱན་སྔར་བྲི། །ཞེས་བྱ་བ་ནི་ཤར་དུ་བྲི་བ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །རྒྱབ་ཏུ་འཁོར་ལོས་སྒྱུར་བ་ནི། །ཞེས་བྱ་བ་ནི་ནུབ་ཕྱོགས་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ལས་སྐུ་སྤྲུལ་ཏེ་དམ་པའི་ཆོས་ཀྱི་འཁོར་ལོ་ནི་འགྲོ་བའི་རྒྱུད་ལ་བསྐོར་ལ།

เล่ม ๖๘ · หน้า 72b

ཐུགས་རྗེ་ཐབས་ཀྱི་འཁོར་ལོ་ནི་ཁམས་གསུམ་གྱི་ནང་དུ་སྒྱུར་བའི་ཕྱིར་རོ། །གཡས་སུ་རྒྱལ་བའི་གཙུག་ཏོར་ཏེ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གཡས་ནི་ལྷོ་ཕྱོགས་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཁྱད་པར་ལས་ཉོན་མོངས་པའི་བདུད་ལས་རྒྱལ་བས་ན་རྒྱལ་བའི་གཙུག་ཏོར་རོ། །

གཡོན་དུ་རྣམ་པར་རྒྱལ་བ་བྲི། །ཞེས་པ་ནི་གཡོན་ནི་བཅོམ་ལྡན་འདས་ཀྱི་བྱང་ཕྱོགས་ཏེ། བྱ་བ་ནན་ཏན་གྱི་ཡེ་ཤེས་ནས་ཐུགས་རྗེས་སྐུ་སྤྲུལ་ཏེ། ཉོན་མོངས་པའི་མཚན་མའི་ཕྲག་དོག་ལས་རྒྱལ་བས་ན་རྣམ་པར་རྒྱལ་བའོ། །གཟི་བརྗིད་ཕུང་པོའི་མེ་ཡི་ཕྱོགས། །ཞེས་པ་ནི་ཐུགས་

ཆོས་ཉིད་ཞི་བའི་ངོ་བོ་ལས་བྱང་ཆུབ་སེམས་ཀྱི་ཡེ་ཤེས་ཀྱི་གཟི་བརྗིད་སྤུངས་པས་ཁམས་གསུམ་གྱི་ཉོན་མོངས་པ་བསྲེག་པའོ། །དབང་ལྡན་ཕྱོགས་སུ་གདུགས་དཀར་པོ། །ཞེས་པ་ནི་བྱང་ཤར་དུ་ཁམས་གསུམ་གྱི་ཉོན་མོངས་པའི་གདུང་བ་ཐུགས་རྗེ་ཆེན་པོའི་འོད་ཀྱིས་སེལ་བས་ན་གདུགས་དཀར་པོའོ། །རྣམ་

པར་འཐོར་བ་རླུང་གི་ཕྱོགས། །ཞེས་པ་ནི་རྣམ་པར་འཐོར་བ་ནི་རྣམ་པར་གཅོད་པ་སྟེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཅོད་པར་བྱེད་པས་རྣམ་པར་འཐོར་བའོ། །རྣམ་པར་འཇོམས་པ་བདེན་བྲལ་ཕྱོགས། །ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཡང་དག་པའི་ཡེ་ཤེས་ཆེན་པོས་འཇོམས་པས་

ན་དེ་སྐད་དོ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་དཀྱིལ་འཁོར་བྲི་བར་བྱ་བ་ལ་སོགས་པ་སྟེ། རྩ་བའི་དཀྱིལ་འཁོར་དང་འདྲ་བའོ། །དཔའ་བོ་ལྕགས་ཀྱུ་ཞགས་པ་དང་། །ཞེས་བྱ་བ་ལ་སོགས་པ་ནི་སྒོ་བ་བཞི་བྲི་བར་བྱའོ། །གྲྭ་ཡི་ཕྱོགས་ནི་ཞེས་བྱ་བ་ལ་སོགས་པས་ནི་

ཚུལ་ཁྲིམས་ཀྱི་བདུག་སྤོས་དང་། ཏིང་ངེ་འཛིན་གྱི་མེ་ཏོག་དང་། ཤེས་རབ་ཀྱི་མར་མེ་དང་། བྱང་ཆུབ་སེམས་ཀྱི་བདེ་བའི་དྲི་ཆབ་རྣམས་ནི་གྲུ་ཆད་ལ་བྲི་བར་བྱའོ། །དེ་ནི་དཀྱིལ་འཁོར་བྲི་བའི་ལས་སོ། །དེ་ནས་ཕྱོགས་བཞིར་ཡང་རྟ་བབས་བཞི་དང་། ཀ་བ་བརྒྱད་ཁྲུ་དྲུག་གམ་བདུན་གྱི་ཚད་ཙམ་

མམ། རིན་པོ་ཆེ་ལ་སོགས་པའི་རྒྱུ་ལས་བྱས་པའི་མེ་ཏོག་གི་ཕྲེང་བ་དང་། དར་ལ་སོགས་པས་བརྒྱན་པ་དགྲམ་མོ། །དཀྱིལ་འཁོར་གྱི་ཕྱི་རིམ་ཤར་ལ་སོགས་པའི་ཕྱོགས་ཀྱི་ཆར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྡོང་པོས་བརྒྱན་པ་དང་། དེ་བཞིན་གཤེགས་པའི་

เล่ม ๖๘ · หน้า 73a

གསང་བ་དང་། གསེར་འོད་དམ་པ་ཀློག་ཏུ་གཞུག་གོ། །ཆོས་སྨྲ་བ་འདི་དག་ཀྱང་སངས་རྒྱས་ལྟར་ཅི་ནུས་པས་མཆོད་པར་བྱའོ། །དེ་ལྟ་བུས་ནི་བགེགས་ཐམས་ཅད་ཉེ་བར་ཞི་བ་དང་དཀྱིལ་འཁོར་ཉེ་བར་གྲུབ་པར་འགྱུར་རོ། །ཕྱོགས་དང་མཚམས་སུ་སྤོས་སྣོད་བརྒྱད་དང་།

མར་མེ་ལ་སོགས་པ་ཡང་གཞག་པར་བྱའོ། །དེ་ནས་དགོངས་ཀའི་དུས་སུ་འཇུག་པར་བྱ་སྟེ། དེ་ནས་དྲི་ཞིམ་དྲི་ལ་སོགས། །རང་གི་ལུས་ནི་བཀྲུས་ནས་ཀྱང་། །རྡོ་རྗེ་འཛིན་མས་ཞུགས་ནས་ནི། །ཞེས་པ་ནི་དེ་ནས་དྲི་ཞིམ་དྲི་ནི་ཙནྡན་དང་། གུར་གུམ་ལ་སོགས་པའོ། །སྒྲུབ་པ་པོ་

རང་གི་ལུས་བཀྲུས་ནས་རྡོ་རྗེ་སེམས་མའི་དམ་ཚིག་གི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་བླངས་ལ། རྡོ་རྗེ་ཤུགས་ཀྱི་དཀྱིལ་འཁོར་དུ་འཇུག་པར་བྱ་ཞིང་བཛྲ་སཏྭ་ཧཱུཾ་ཞེས་ཀྱང་བརྗོད་པར་བྱའོ། །ཡང་དཀྱིལ་འཁོར་ཐམས་ཅད་ཀྱི་ལྷག་པ་དང་མ་ཚང་བའི་ཉེས་པ་ཐམས་ཅད་ཞི་བར་བྱ་བའི་ཕྱིར་བལྟས་ལ་རྡོ་རྗེ་དྲིལ་

བུ་དཀྲོལ་ཞིང་དཀྱིལ་འཁོར་ལན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྲེང་བ་དེ་ཕུལ་ནས་ཕྲེང་བ་དེ་གར་བྱས་ལ། བླངས་ལ་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་བུམ་པ་རྣམས་དཀྱིལ་འཁོར་དུ་བཞག་སྟེ་བུམ་པ་ཡང་རིགས་མི་མཐུན་པ་ལྔའོ། །ལས་ཐམས་ཅད་པའི་བུམ་པས་

དཀྱིལ་འཁོར་གྱི་ཡོ་བྱད་བསང་བ་དང་། ཁྲོ་བོ་རྣམ་པར་རྒྱལ་བས་སྡིག་པ་བཀྲུ་བར་བྱ་བ་དང་། ཁམས་གསུམ་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པའི་བུམ་པས་དབང་བསྐུར་བ་དང་། བུམ་པ་གང་བས་མཆོད་པ་དང་རྡོ་རྗེ་སེམས་དཔའི་བུམ་པས་བདག་ཉིད་དབང་བསྐུར་བའོ། །དེ་ནས་བདག་ཉིད་

ཀྱི་སྲུང་བའི་འཁོར་ལོས་བསྲུང་བ་བྱ་སྟེ། དཀྱིལ་འཁོར་མངོན་སུམ་ལྟར་དམིགས་ལ་མཆོད་པ་རྣམས་ཀྱིས་མཆོད་པ་དང་། ཕྱག་བཞི་ལ་སོགས་པ་སྔོན་དུ་འགྲོ་བ་དང་། སྡོམ་པ་གཟུང་བ་ལ་སོགས་པ་ལ་འཇུག་པར་བྱ་ཞིང་དབང་རྣམས་བླང་ངོ་། །དེ་ནས་སྡིག་པ་དྲལ་བ་དང་། ཡེ་ཤེས་དབབ་

པ་དང་། མངོན་པར་བྱང་ཆུབ་པ་ལ་སོགས་པས་སྐུ་བསྐྱེད་པ་དང་། ཆོ་འཕྲུལ་བཞིས་བྱིན་གྱིས་བརླབ་པ་ལ་སོགས་པ་སྔ་མ་བཞིན་དུ་བསྐྱེད་པ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་ཀྱང་སྔ་མ་བཞིན་དུ་བསྐྱེད་པར་བྱའོ། །བསྐལ་པ་བཟང་པོའི་སེམས་དཔའ་བཅུ་དྲུག་ནི་ངན་སོང་སྦྱོང་བའི་རྩ་བའི་

เล่ม ๖๘ · หน้า 73b

སྔགས་དང་། སརྦ་སཾ་སྐཱ་ར་ཞེས་པ་ལ་སོགས་པས་བསྐྱེད་པར་བྱའོ། །དེ་ནས་རྡོ་རྗེ་སེ་གོལ་གྱི་ཕྱག་རྒྱ་དང་། ཨོཾ་ཛཿཧཱུྃ་བཾ་ཧོཿབྷ་ག་བཱན་ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ། ས་མ་ཡ་སྟྭཾ་ཞེས་པས་ལྷ་ཐམས་ཅད་སྤྱན་དྲང་ངོ་། །དེ་ནས་མདུན་གྱི་ནམ་མཁའ་ལ་གཤེགས་པར་མོས་པ་བསྐྱེད་དེ། དེ་ནས་

སྒོ་དབྱེ་བའི་སྔགས་དང་ཕྱག་རྒྱས་སྒོ་ཕྱེ་ལ། ལྕགས་ཀྱུ་ལ་སོགས་པས་དགུག་པ་ལ་སོགས་པ་བྱའོ། །དེ་ནས་རྡོ་རྗེ་སེམས་དཔས་བསྲུངས་ལ། འོག་ནས་འབྱུང་བའི་ཕྱག་རྒྱ་བཞིས་རྒྱས་གདབ་བོ། །དེ་ནས་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་བྱ་ལ་ཕྱི་ནང་གི་མཆོད་པས་མཆོད་པའི་ཕྱིར་ན། མཆོད་

པ་བྱས་ནས་ཞེས་སོ། །དེའི་དོན་ཡང་འདི་ལྟར་སྙེག་སྟེ། རས་ཟུང་ཁྲིའམ་སྟོང་ངམ། འབུམ་མམ། བརྒྱའམ། བཅུའམ། ཡང་ན་སྤྱིར་ཐམས་ཅད་ལ་ཡང་ཟུང་གཅིག་དབུལ་ལོ། །གཞན་ཡང་མེ་ཏོག་དང་། སྤོས་དང་། མར་མེ་དང་། སྭཏི་ཀའི་ལྷ་བཤོས་ལ་སོགས་པ་

རང་རང་གི་སྔགས་ཀྱིས་བཏབ་པ་བརྒྱའམ། སྟོང་ངམ་ཁྲིའམ་བཅུ་ལས་ཉུང་བར་མི་བྱ་བར་དབུལ་ལོ། །གཞན་ཡང་རོལ་མོའི་ཆ་བྱད་སྟོང་ཕྲག་ཇི་སྙེད་ལ་ཡི་གེ་ཧཱུྃ་དང་རྡོ་རྗེ་ཁུ་ཚུར་གྱིས་བརྡུང་བའི་ཚུལ་གྱིས་དབུལ་བར་བྱའོ། །བཅུ་པོ་འདི་ལྟ་སྟེ། པི་ཝང་དང་། གླིང་བུ་དང་། རྔ་དང་།

ཅང་ཏེའུ་དང་། ཆ་ལོང་དང་། རྔ་བོ་ཆེ་དང་། རྫ་རྔ་དང་། རྔ་རིངས་དང་། གུན་རྫ་དང་། ཏི་མི་ལི་ལ་སོགས་པ་བརྡུང་བའི་ཚུལ་གྱིས་དབུལ་བར་བྱ་སྟེ། ཏིང་ངེ་འཛིན་གྱིས་ལཱ་སྱ་ལ་སོགས་པ་རྔ་བརྡུང་བའི་ཚུལ་གྱིས་མཆོད་པ་དང་། དྷཱུ་པེ་ལ་སོགས་པས་པི་ཝང་ལ་སོགས་པ་འབུད་པའི་ཚུལ་

གྱིས་མཆོད་དོ། །དེ་ནས་བསྟོད་པས་ཀྱང་བསྟོད་ད། །དེ་ནས་སྦྱིན་སྲེག་བྱ་སྟེ། གཙོ་བོ་ལ་ནི་སྦྱིན་སྲེག་བརྒྱ་རྩ་བརྒྱད་ཀྱིས་མཆོད་དོ། །ཕྱག་ན་རྡོ་རྗེ་ལ་སོགས་པ་ལ་ནི། བདུན་བདུན་གྱི་སྲེག་བླུགས་ཀྱིས་མཆོད་དོ། །དེ་ནས་ཕྱག་བྱས་ཏེ། བདག་ཉིད་འཇུག་པར་བྱ་བ་དེ་བཞིན་

དུ་བྱས་པ་ནི། སློབ་དཔོན་གྱི་ལས་ཀྱི་རིམ་པའོ། །དེ་བཞིན་དུ་བཅུག་སྟེ། དབང་བསྐུར་ན་ཞེས་བྱ་བས་ནི། སློབ་མ་གཞུག་ཅིང་དབང་བསྐུར་བའི་རིམ་པ་སྟོན་ཏེ། དེའི་དོན་ཡང་འདི་ལྟར་ཤེས་པར་བྱའོ། །དང་པོ་སློབ་དཔོན་གྱིས་དེ་བཞིན་གཤེགས་པ་

เล่ม ๖๘ · หน้า 74a

རྣམས་ལ་ཕྱག་འཚལ་ནས། །བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །ཞེས་པས་ཞུགས་ལ་དབང་གི་བཀའ་ནོད་པར་བྱའོ། །དེ་ནས་སློབ་མས་

ཀྱང་འདི་སྐད་གསོལ་བ་གདབ་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །ཞེས་སོ། །གང་དེའི་ཚེ་དུས་བྱས་པ་ཞིག་ཡིན་ན་ནི་དམ་ཚིག་སྦྱིན་པར་མི་བྱའོ། །སྡིག་

པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། སྐྱབས་སུ་འགྲོ་བ་དང་། ལམ་ལ་གནས་པ་དང་། ལུས་དབུལ་བ་ལ་སོགས་པ་བྱའོ། །དེ་ཡང་བར་མ་དོའི་ཤེས་པ་དེ་ལ་བཅུག་སྟེ། མེ་ཏོག་དོར་བ་དང་། དཀྱིལ་འཁོར་གྱི་ལྷ་རྣམས་ལྕགས་ཀྱུ་ནས་བརྩམས་ཏེ་བསྟན་པར་བྱའོ། །དབང་བསྐུར་ན་

ཞེས་བྱ་བ་ནི་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་བཞིན་དུ་འདིར་ཡང་དབང་བསྐུར་བ་ན་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཤི་བ་ལས་ནི་དང་པོར་ཁྲོ་བོ་རྣམ་པར་རྒྱལ་བའི་བུམ་པས་སྡིག་པའི་དྲི་མ་དག་པར་བཀྲུ་བ་དང་། རྩ་བའི་སྔགས་དང་ཡུངས་ཀར་རམ་བྱེ་མས་བྲབ་པ་དང་། ཕྱག་རྒྱས་

དབྲོག་པ་བྱས་ནས་གདོད་དབང་བསྐུར་བའི་ལས་བྱའོ། །དེ་ཡང་སྡིག་པ་བཀྲུ་བའི་དཀྱིལ་འཁོར་ནི་ལྷོའི་སྒོ་རུ་པདྨའམ་ཟླ་བའི་དཀྱིལ་འཁོར་ཁྲུ་གང་པའོ། །དབང་ནི་རྩ་བའི་དཀྱིལ་འཁོར་ཕྱེད་ལ་འཇུག་པའི་སྒོ་ལ་མངོན་དུ་ཕྱོགས་པས་ཚོན་སྣ་ལྔས་བྲིས་པར་དབང་བསྐུར་རོ། །དེ་ནི་ལྷོའི་སྒོར་

རོ། །གསོན་པོའི་དབང་ནི་ཤར་གྱི་སྒོ་ལ་སོགས་པར་རོ། །དབང་ནི་རྩ་བའི་དཀྱིལ་འཁོར་དུ་གསུངས་པས་བསྐུར་རོ། །ད་ནི་དབང་གི་ཕན་ཡོན་བསྟན་ཏེ་དཀྱུས་ན་གསལ་ལོ། །འདི་ནས་ཕྱག་རྒྱའི་ཚོགས་སྟོན་པར་བྱེད་དེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་སེང་

གེའི་ལྟ་སྟངས་ཀྱིས་བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ཏེ་ཞེས་བྱ་བ་ནི་ཞུམ་པ་མེད་པས་མི་འགྱུར་བར་བལྟ་བའོ། །ཕྱི་མ་ནི་གོ་སླའོ། །བཅོམ་ལྡན་ཕྱག་རྒྱ་དམ་པ་ཡི། །མཚན་ཉིད་དམ་པ་བཤད་པར་བགྱི། །ཞེས་པ་ནི་མི་འདའ་བའི་ཕྱིར་དང་འཁོར་དགར་གཞུག་པའི་ཕྱིར་རོ། །དེ་ཡང་ཆོས་

เล่ม ๖๘ · หน้า 74b

ཉིད་དེ་རྟོགས་པར་བྱ་བའི་ཕྱིར་དང་། ཕྱག་རྒྱས་དོན་མཚོན་པར་བྱེད་པའི་ཕྱིར་རོ། །བཤད་པར་བགྱིས་ཞེས་པ་ནི་དམ་བཅའོ། །ཐུགས་རྗེས་བསྐུལ་བའི་ཐུགས་མངའ་བའི། །རྒྱལ་བ་ཀུན་གྱིས་བྱིན་གྱིས་རློབས། །ཞེས་བྱ་བ་ནི་ཐུགས་རྗེས་བསྐུལ་བའི་ཐུགས་མངའ་བ་ནི་བཅོམ་

ལྡན་འདས་ཤཱཀྱ་ཐུབ་པས་ཕྱག་ན་རྡོ་རྗེ་ལ་ཕྱག་རྒྱ་འདི་བཤད་པར་བྱོས་ཤིག་པར་ཐུགས་དགོངས་ལ་མངའ་བའོ། །རྒྱལ་བ་ཀུན་གྱི་ཞེས་པ་ནི་ཤཱཀྱ་ཐུབ་པ་དང་རྣམ་པར་སྣང་མཛད་ལ་སོགས་པ་མ་ལུས་པ་ཀུན་ནོ། །བདག་གིས་ཇི་ལྟར་བསྟན་ཅིང་བཤད་པ་འདི་ལ་བྱིན་གྱིས་རློབ་ལ་ངེས་པར་གྲུབ་པར་

མཛོད་ཅིག་པའོ། །མཉམ་པར་གཞག་པས་དཔྲལ་བར་ནི། །ཞེས་བྱ་བ་ལ་སོགས་པ་ནི་སྐུ་བྱིན་གྱིས་བརླབས་པའི་ཕྱག་རྒྱ་སྟེ་ཐལ་མོ་སྤྱི་བོར་བཞག་པའོ། །དེར་འཁོར་ལོ་བསམ་མོ། །ཐལ་མོ་སྙིང་གར་སྦྱར་བ་ནི་མགྲིན་པར་བཞག་སྟེ། པདྨ་མགྲིན་ཕྱོགས་སུ་བསམ་པ་ནི་ངག་བྱིན་

གྱིས་བརླབས་པའོ། །རྡོ་རྗེ་ཐལ་མོ་སྦྱར་ནས་སྙིང་གར་གུང་མོ་བསྒྲེངས་ནས་བཞག་པ་ནི་ཐུགས་བྱིན་གྱིས་བརླབས་པ་སྟེ་སྙིང་གར་བསམ་པའོ། །ལག་པ་གཡོན་པ་ཐལ་མོ་པང་དུ་གན་རྐྱལ་དུ་བཞག་པ་དེའི་སྟེང་དུ་གཡས་པ་བཞག་སྟེ་མཐེ་བོང་ངོས་གཉིས་སྤྲད་པ་དེ་ལ་ཞི་བའི་ལྟ་བས་བལྟ་བ་འདི་

ནི་ཀུན་རིག་གི་དམ་ཚིག་གི་ཕྱག་རྒྱ་ཡིན་པར་བཤད་དོ། །འོག་མ་འདི་གཉིས་ནི་སྐུ་གསུམ་དུ་བསྡུ་བའི་ཕྱག་རྒྱའོ། །དེ་ཉིད་ལས་བཟློག་སྟེ་བྱ་བ་ཅན་ནི་ཐུགས་ཀྱི་རིགས་ཏེ། ཐལ་མོ་རྫོགས་པར་སྦྱར་བ་ལས་ཞེས་པ་ལ་སོགས་པ་ནི་གསུང་གིའོ། །དེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་སྟེ།

རྒྱུད་འདི་ཡང་སྐུ་གསུང་ཐུགས་ཀྱི་རྒྱུད་དོ། །སྤྱིའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྡོ་རྗེ་འདྲ་བར་བསྙམས་ལ་མཐེ་ཆུང་གཉིས་བརྐྱང་བ་ནི་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་སྟེ་རྡོ་རྗེ་གཙུག་ཏོར་གྱི་ཤར་ཕྱོགས་ཀྱིའོ། །དེ་ཉིད་ལས་མཐེ་བོང་མཐེ་ཆུང་དེ་བཞིན་དུ་བྱས་ལ་ཞེས་པ་ལ་སོགས་པ་ནི་རྩ་བའི་

དཀྱིལ་འཁོར་གྱི་ངན་སོང་སྦྱོང་བ་ལ་སོགས་པའི་འོ། །ཕྱག་རྒྱ་ནི་དཀྱུས་གསལ་ལོ། །སྙིམ་པ་བཟེད་པ་གྱེན་དུ་འཐོར་བ་ནི་བདུག་པ་མའིའོ་ཞེས་པ་ལ་སོགས་པ་མཆོད་པ་རྣམ་པ་དྲུག་གི་ཕྱག་རྒྱ་སྟེ་དཀྱུས་གསལ་ལོ། །རྡོ་རྗེ་བཅིང་བ་ལས་གུང་མོ་གཉིས་བསྙམས་པའི་ཚིགས་དང་པོ་བཅག་ལ་སོར་མོ་

เล่ม ๖๘ · หน้า 75a

ཐམས་ཅད་བརྐྱང་པ་ནི་རྣམ་པར་འཐོར་བའི་ཕྱག་རྒྱའོ་ཞེས་བྱ་བ་ནས། །གཡོན་པ་མི་འཇིགས་པ་སྦྱིན་པ་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱའོ་ཞེས་བྱ་བ་ཡན་ཆད་ཀྱིས་གཙུག་ཏོར་བརྒྱད་ཀྱི་ཕྱག་རྒྱ་བསྟན་པ་ཡིན་ནོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བརྐྱང་སྟེ།

རྡོ་རྗེ་འདྲ་བར་བྱས་པ་ནི་རྡོ་རྗེའི་ཕྱག་རྒྱའོ་ཞེས་པ་ལ་སོགས་པ་ནི་རྩ་བའི་དཀྱིལ་འཁོར་གྱི་སེམས་དཔའ་བཅུ་དྲུག་དང་། རྡོ་རྗེ་བདུག་པ་ལ་སོགས་པའི་གཉི་གའི་སྤྱིའི་ཕྱག་རྒྱ་བསྟན་ཏོ། །ལྷ་དེ་དག་ཐམས་ཅད་ཀྱི་ཐུགས་ཀར་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསམ་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྔགས་ནི་

དཀྱིལ་འཁོར་གང་དང་གང་གིས་རྩ་བའི་སྔགས་དེ་ལས་ས་མ་ཡ་སྟྭཾ་ཞེས་གདགས་པར་བྱའོ། །ལས་ཀྱི་ཕྱག་རྒྱ་ཐམས་ཅད་ལ་ནི་རྩ་བའི་སྔགས་ཀྱི་རྗེས་སུ་བཛྲ་ཀརྨ་ཞེས་གདགས་པར་བྱའོ། །ལྷ་དེ་དག་ཐམས་ཅད་ཀྱི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་རེ་བསམ་པར་བྱའོ། །ད་ནི་རས་ཀྱི་སྒྲུབ་པའི་རིམ་པ་བསྟན་ཏེ། །

སྐུ་གཟུགས་ཀྱི་ཆོ་ག་ཡང་འདིར་དེ་བཞིན་དུ་བྱ་སྟེ་ཞེས་པ་ནི། རྩ་བའི་རྒྱུད་དུ་གསུངས་པ་དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །ཅུང་ཟད་དུ་ནི་བཅོམ་ལྡན་འདས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས་བྲིའོ་ཞེས་པ་ནི་དབུས་ཀྱི་རྣམ་པར་སྣང་མཛད་གཟུགས་སྒྱུར་བའོ། །ཡང་ན་སྐུ་

གཟུགས་ནི་དཀྱིལ་འཁོར་གྱི་ཚུལ་དུ་བྲིས་པ་ནི་ཤཱཀྱ་ཐུབ་པའི་དཀྱིལ་འཁོར་གྱི་ཚུལ་དུ་བྲིས་ལ། རྩ་བའི་རྒྱུད་དུ་གསུངས་པ་ལྟར་རབ་ཏུ་གནས་པ་བྱས་ལ་མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་དེ། དེའི་སྤྱན་སྔར་འབུམ་ཙམ་ཞིག་སྔར་བསྙེན་པ་བྱས་ནས། ཕྲིན་ལས་བཞིའི་ལས་

ཐམས་ཅད་བྱའོ། །དེ་ནས་ཚངས་པ་ལ་སོགས་པའི་ལྷ་རྣམས་ཞེས་བྱ་བ་ནས། སྡུག་བསྔལ་གྱི་དབང་དུ་གྱུར་ཞེས་པའི་བར་གྱིས་ནི། ནོར་བུ་དྲི་མ་མེད་པའི་འོད་ཀྱིས་སྔོན་ལས་ཅི་བྱས་ཞུས་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། ཡང་དུས་ལས་འདས་སོ་ཞེས་པའི་བར་

གྱིས་ནི། ལས་ཀྱི་རྣམ་པར་སྨིན་པའི་རྒྱུ་བསྟན། ལན་ཅིག་ཅི་ཞིག་གི་རྐྱེན་གྱིས་ཞེས་པ་ནས། རང་རང་བདེ་བ་དང་ལྡན་པར་སྐྱེས་ཞེས་པའི་བར་གྱིས་ནི་མ་ངེས་པའི་དོན་བསྟན་ཏེ། འབྲས་བུ་ངན་སོང་དུ་སྐྱེ་བའི་རྒྱུ་ལས་རྐྱེན་དྲང་སྲོང་དང་ཕྲད་ནས་ལྷར་སྐྱེས་པའི་དོན་བསྟན་ཏོ། །ལྷའི་དབང་

เล่ม ๖๘ · หน้า 75b

པོ་ཉོན་ཅིག་ཅེས་པ་ནས། ལྷའི་འཁོར་འདི་དག་ཡིན་ནོ་ཞེས་པའི་བར་གྱིས་ནི་སྔོན་ལས་མཐུན་པའི་ཕྲིན་ལས་ཀྱི་འབྲེལ་པ་བསྟན་ཏོ། །དེས་ནི་གླེང་གཞི་འམ་རྒྱུ་བསྟན་པའོ།། །།ད་ནི་ཚེ་དཔག་མེད་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་དོན་བསྟན་ཏེ། དེ་ལ་ཚེ་ནི་ཡེ་ཤེས་སོ། །དཔག་མེད་ནི་དངོས་པོ་

ཐམས་ཅད་དང་བྲལ་བའོ། །ལས་ནི་དགེ་སྡིག་རྣམ་པ་གཉིས་སོ། །སྒྲིབ་པ་ནི་ནམ་མཁའ་དངས་པ་ལ་སྤྲིན་གྱིས་གཡོགས་པ་དང་འདྲ་བར་ཀུན་གཞི་ལ་རྟོག་པ་གློ་བུར་བས་སྒྲིབ་པའོ། །རྒྱུན་གཅོད་པ་ནི་གཉེན་པོ་ལས་ཀྱི་ཡེ་ཤེས་ཀྱིས་མི་མཐུན་པའི་ཕྱོགས་རྒྱུན་གཅོད་པའོ། །དཀྱིལ་ནི་དཔག་མེད་དེ་ཆོས་

ཉིད་དོ། །འཁོར་ནི་ཚེ་སྟེ་ཡེ་ཤེས་བཞིའི་འཁོར་རོ། །དེ་བཤད་པའི་ཕྱིར་ཞུ་བ་ལ་སོགས་པ་སྟོན་ཏོ། །དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི་བུ་རྣམས་ཞེས་བྱ་བའི་དོན་བཤད་ཟིན་ཏོ། །ཡིད་རབ་ཏུ་མགུ་ནས་ཞེས་པ་ནི་རྒྱུད་འདིའི་དོན་ཉིད་ལའོ། །རངས་པ་ནི་སེམས་ལ་བདེ་བ་ཐོབ་པའོ། །

བ་སྤུའི་བུ་ག་ནས་སྤུ་རྣམས་ལངས་པ་ཞེས་པ་ནི་ལུས་སེམས་བདེ་བའི་རྟགས་ཏེ། འབྲས་བུ་སངས་རྒྱས་ཀྱི་ས་ལ་དགའ་བ་བསྐྱེད་པའོ། །སྐྱེས་ནས་འདི་སྐད་ཅེས་རྒྱལ་བ་རྒྱལ་བ་ཞེས་པ་ལ་རྒྱལ་བ་ནི་ཆོས་ཉིད་དེ་ཡེ་ཤེས་ཀྱིས་རྟོགས་ནས་མཚན་མ་ལས་རྒྱལ་བས་ན་རྒྱལ་བའོ། །ཐུགས་རྗེས་འགྲོ་

བའི་དོན་མཛད་པས་འཁོར་བ་ལས་སྤྱོད་ལམ་གྱིས་རྒྱལ་བའོ། །ཕྱག་ན་རྡོ་རྗེ་ལ་མིང་བཅུས་མངོན་པར་བསྟོད་དེ་ཞེས་པ་ནི་ཕྱག་ན་རྡོ་རྗེ་གནོད་སྦྱིན་ཀུན་དུ་བཟང་པོ་ཡིན་པའི་ཕྱིར་ན་གནོད་སྦྱིན་གྱི་རིགས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །གསོལ་བ་གདབ་པོ་ཞེས་པ་ནི་ཚེ་དཔག་

མེད་ཀྱི་དཀྱིལ་འཁོར་བཤད་པར་གསོལ་བ་བཏབ་པའོ། །ཀོ་ཊ་ཀ་ཥ་ཞེས་པ་ནི་བཅོམ་ལྡན་འདས་མགོན་པོ་རྡོ་རྗེ་འཛིན་ཞེས་པ་སྟེ། ཁྱོད་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངའ་བརྙེས་པའི་རང་བཞིན་ནོ་ཞེས་པའི་དོན་ཏོ། །ཀོ་ཊ་བྷ་ཞེས་པ་ནི་ཁྱོད་ནི་གླང་པོའི་རྣ་བ་ཅན་ཞེས་པ་སྟེ། ཁྱོད་ཀྱི་ཤེས་རབ་ཀྱི་སྤྱི་དང་རང་གི་

མཚན་ཉིད་འབྱེད་པའི་དོན་ཏོ། །ཀོ་ཊ་ཀོ་ཊ་ཞེས་པ་ནི་ཁྱོད་ནི་བཟང་པོའི་རྒྱན་དང་ལྡན་པ་ཞེས་པ་སྟེ། ཁྱོད་ནི་ཐབས་དང་ལྡན་པས་འཁོར་བར་མི་གཏོང་བའི་དོན་ཏོ། །ཀོ་ལ་བཤྩ་ཞེས་པ་ནི་ཁྱོད་ནི་རྣམ་པར་གནོན་པའི་ཞེས་པ་སྟེ། ཁྱོད་ཀྱི་བཟོད་པ་ནི་གནོད་པས་མི་འཁྲུག་ཅིང་སྲན་ཚུགས་པའི་དོན་ཏོ། །ཀ་ཏི་ར་ག་ཞེས་

เล่ม ๖๘ · หน้า 76a

པ་ནི་ཡོན་ཏན་རིན་ཆེན་འབྱུང་གནས་ཁྱོད་ཅེས་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གཏོང་བའི་མཚན་ཉིད་དང་ལྡན་པའོ། །ཀོ་ལ་ཀྵ་ཞེས་པ་ནི་ཁྱོད་ནི་བདེན་པའི་སྤྲིན་ཡིན་ཏེ། ཁྱོད་ཀྱི་བདེན་པའི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་ནི་གཞན་གྱི་ཟིལ་གྱིས་མི་ནོན་པའི་རྟགས་སོ། །ཀོ་ལ་མ་

ཞེས་པ་ནི་ཁྱོད་ནི་གཟུགས་སྡུག་པ་ཡིད་ཀྱི་རྒྱན་ཞེས་པ་སྟེ། ཁྱོད་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་མི་ཉམས་པའི་དོན་ཏོ། །ཀོ་ལ་ཀོ་ལ་ཞེས་པ་ནི་ཁྱོད་ནི་མེ་ལྕེ་འབར་བ་ཅན་ཞེས་པ་སྟེ། ཁྱོད་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཡེ་ཤེས་པའི་རང་བཞིན་ཅན་ནོ། །ཀོ་ལ་པཉྩ་ཞེས་པ་ནི་ཁྱོད་ནི་ཡིད་

བཞིན་ནོར་བུ་སྟེ་ཞེས་པ་སྟེ། ཁྱོད་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱོ་དུབ་མེད་པའི་མཚན་ཉིད་དོ། །ཀ་ལི་སྟོ་ཐ་ཞེས་པ་ནི་ཁྱོད་ནི་གཟུགས་མཛེས་པ་ཡིན་ཞེས་པ་སྟེ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་མཐུན་པའི་ཡེ་ཤེས་ལ་དམིགས་པའོ། །ཨ་ཏི་ཞེས་བྱ་བ་ནི་ཡོན་ཏན་བཅུས་བསྟོད་པ་རྫོགས་

པར་བྱ་བའོ། །དེ་ནས་གསོལ་བ་གདབ་པ་དང་རྗེས་སུ་གནང་བ་ནི་གོ་སླའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པས་ཁྱད་པར་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་ནང་སེམས་ཀྱི་ཏིང་ངེ་འཛིན་ལ་ཞུགས་པའོ། །དེ་ཡང་ཇི་ལྟར་

ཡིན་ཞེ་ན་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པས་ཁྱབ་པས་ཞུགས་སོ། །ཇི་ལྟར་ཞུགས་སྙམ་པ་ལ་སྔགས་འདི་རྣམས་ཀྱིས་ཉིད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཉིད་ཀྱི་དཀྱིལ་འཁོར་འདི་བསྐྱེད་དོ། །བསྐྱེད་ནས་དེ་ལ་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་ཐམས་ཅད་

ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱས་ནས་ནང་སེམས་ཀྱི་དཀྱིལ་འཁོར་དུ་བཅུག་སྟེ། འོག་གི་དབང་རྣམས་བསྐུར་བས་བདེ་འགྲོ་ལྷའི་འཇིག་རྟེན་ལ་སོགས་པར་སྐྱེས་སོ། །སེམས་ཅན་ཚེ་ཟད་པ་རྣམས་ཚེ་འཕེལ་བར་བྱས་སོ། །དེ་ནས་མ་འོངས་པའི་རྗེས་སུ་འཇུག་པའི་རྣལ་འབྱོར་པ་ལ་ཕན་གདགས་པའི་

ཕྱིར་དང་། སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་འདིའི་ཆོ་འཕྲུལ་དང་སྔགས་ཀྱི་དོན་ཡང་སྟོན་ཏོ། །དེའི་དོན་ཡང་འདི་ལྟར་ཤེས་པར་བྱ་སྟེ། དང་པོར་བདག་གི་གནས་ཡིད་དུ་འོང་བར་བདེ་བའི་སྟན་ལ་འདུག་སྟེ་ཁྲུས་བྱས་ལ་ཆོས་ཐམས་ཅད་བདག་མེད་པར་བསྒོམས་ཏེ། ཁྲོ་བོ་མེ་ལྟར་འབར་བ་

เล่ม ๖๘ · หน้า 76b

ཡི་གེ་ཧཱུྃ་ལས་བསྐྱེད་དེ་ཁ་ལ་བྱིན་གྱིས་བརླབས་ནས། རྡོ་རྗེ་ཕྲེང་བའི་དབང་བླང་སྟེ། བགེགས་བསྐྲད་པ་ནི་ཧཱུྃ་བཞི་པས་བྱ་སྟེ། ཕྱོགས་བཅུའི་བགེགས་བསྲུང་བ་ལ་སོགས་པ་ཁྲོ་བོ་རྣམས་ཀྱིས་བྱའོ། །དེ་ནས་སྔགས་དང་ཕྱག་རྒྱ་ལས་ཁྲོ་བོའི་སྐུ་བྱུང་སྟེ། ཀུན་ཀྱང་ནག་པོར་འདུག་པ་ཕྱག་གཉིས་པ་རང་གི་

ཕྱག་རྒྱ་བཅིང་བ་དང་ལྡན་པར་བསྒོམ་པའམ། ཡང་ན་ཞལ་གསུམ་ཕྱག་དྲུག་པ་རང་རང་ཕྱོགས་ཀྱི་ཁ་དོག་དང་ལྡན་པ། ཕྱག་དང་པོ་གཉིས་རང་གི་ཕྱག་རྒྱ་འཛིན་པ་ཕྱག་བཞི་ན་ཐོད་དབྱུག་དང་རྡོ་རྗེ་དང་དབྱུག་པ་དང་། བ་དན་དང་མཆེ་བ་དང་། རྡོ་རྗེ་དྲིལ་བུ་ལ་སོགས་པ་བསྣམས་པ། ཕྱག་རྒྱ་ཐམས་ཅད་

འཆོལ་བར་བསྣམས་པའོ། །སྤྲུལ་པའི་ཁྲོ་བོ་ཡིན་པས་མ་ངེས་པར་ཇི་ལྟ་བ་བཞིན་བསྣམས་པའོ། །ཐ་མ་གཉིས་ན་ཕུར་པ་དང་ཐོ་བའོ། །དེ་ནས་རྡོ་རྗེ་དང་དྲ་བ་དང་ར་བ་ཡང་བྱའོ། །དེ་ནས་སྔོན་དུ་འགྲོ་བའི་ཡན་ལག་བྱས་ལ་སྡིག་པ་དྲལ་ཞིང་ཡེ་ཤེས་དབབ་པ་བྱས་ནས་

མངོན་པར་བྱང་ཆུབ་པ་ལྔས་དབུས་ཀྱི་གཙོ་བོའི་སྐུ་བསྐྱེད་པར་བྱ་སྟེ། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི་ཞེས་བརྗོད་པས་ཆོས་ཐམས་ཅད་ཟག་པ་མེད་པའི་གཏན་ཚིགས་ཀྱིས་སྟོང་པ་ཉིད་ནམ་མཁའ་དང་འདྲ་བ་བསྒོམས་ལ། སེམས་ཀྱི་མཚན་ཉིད་ཟླ་བ་ཚེས་གཅིག་པ་ལྟ་བུའི་རྣམ་པར་མོས་པར་བྱའོ། །དེ་ནས་

བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱའོ། །ཨོཾ་བོདྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བརྗོད་པས་ཟླ་བའི་དཀྱིལ་འཁོར་དེ་ཉིད་འོད་འཕྲོ་བ་དང་འདུ་བའི་སྦྱོར་བས། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་ཇི་ལྟར་ལས་སུ་བྱས་པ་བཞིན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་བྱང་ཆུབ་

ཀྱི་མཚན་མ་སྟོན་ཀའི་ཟླ་བ་ཉ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལྟར་དང་ཞིང་རྙོག་པ་མེད་པར་མོས་པར་བྱ་སྟེ། ཡུན་རིང་དུ་བསྒོམ་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨཱ་ཡུར་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏ་པྲ་ཙ་ཡ་ཀ་ནི་སྭཱ་ཧཱ། ཞེས་པའི་

སྔགས་ཀྱི་ཡི་གེ་གཡས་ཕྱོགས་ནས་ཕྲེང་བའི་ཚུལ་དུ་བཀོད་པ་ལས། ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བ་དང་། འདུ་བའི་ཚུལ་གྱིས་ཏིཥྛ་བཛྲ་ཞེས་བརྗོད་པ་ལས་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པར་གྱུར་ནས་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བསྒོམ་སྟེ། དེའི་བུམ་པའི་དཀྱིལ་དུ་ཡང་ཡི་གེ་ཧཱུྃ་གིས་མཚན་པ་སྟེ་

เล่ม ๖๘ · หน้า 77a

དེ་ནི་ཡེ་ཤེས་ལྔའི་རང་བཞིན་གྱིས་བྱང་ཆུབ་ཀྱི་སེམས་བདག་གིས་རྟོགས་པའོ། །དེ་ནས་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པས་རྡོ་རྗེ་དེ་ལས་ཡེ་ཤེས་ཀྱི་རྡོ་རྗེའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་མང་པོ་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེའི་རིགས་དང་། རིན་

པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་སུ་བཞུགས་པ་རྣམས་ཀྱི་སྐུ་དང་། གསུང་དང་ཐུགས་ཀྱི་རྡོ་རྗེ་ཐམས་ཅད་བསྡུས་ཏེ་རྡོ་རྗེ་ལ་ཐིམ་པས་བརྟན་པར་བྱས་སོ། །དེ་ནས་ཨོཾ་ཡ་ཐཱ་བཛྲ་སཏྭ་ཏ་ཐཱ་ཨ་ཧཾ་ཞེས་བརྗོད་པས་ཡེ་ཤེས་རྡོ་རྗེ་དེ་ལས་དེ་བཞིན་གཤེགས་པའི་སྐུ་ཕྲ་མོ་མང་པོ་འཕྲོས་པས་

ཕྱོགས་བཅུར་སངས་རྒྱས་ཀྱི་མཛད་པ་མ་ལུས་པར་རྫོགས་པར་མཛད་ནས། སླར་འདུས་ནས་རྡོ་རྗེ་ལ་ཐིམ་པས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་ཏེ། སྐུ་མདོག་དཀར་པོ་ཟླ་བ་རྒྱས་པ་ལྟ་བུའི་ཞལ་འཛུམ་པའི་མདངས་དང་ལྡན་པར་བསྒོམ་མོ། །དེ་ནས་ཡང་ཐུགས་ཀར་ཟླ་བའི་སྟེང་དུ། ཧཱུྃ་ཏྲཱཾ་ཧྲཱིཿ

ཨཿབཀོད་པ་ལས་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབ་བོ། །དེ་ལྟར་བདག་ཉིད་བསྐྱེད་ནས་ནང་སེམས་ཀྱི་དཀྱིལ་འཁོར་ནི་འོག་གིས་སྔགས་རྣམས་ལས་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་བསྐྱེད་དེ། དེ་རྣམས་ཀྱི་ཐུགས་ཀར་ཡང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྔགས་ཀྱི་ཕྲེང་བ་རྣམས་བསམས་ཏེ། འོད་ཟེར་འཕྲོ་

བ་དང་འདུ་བའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་དག་པར་བྱས་ཏེ། ཁྱད་པར་དུ་ཡང་ངན་སོང་གསུམ་གྱི་རྟོག་སྒྲིབ་སྦྱངས་ནས་ནང་སེམས་ཀྱི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བས་རྣམ་པར་གྲོལ་བའི་ལམ་ལ་བཞག་སྟེ། ཁྱད་པར་དུ་ཡང་

སེམས་ཅན་ཚེ་ཐུང་བ་རྣམས་ཚེ་བསྲིངས་ནས་རིམ་གྱིས་སངས་རྒྱས་ཀྱི་ས་ལ་གནས་པར་བྱས། དེ་ནས་སེམས་ཅན་ཐམས་ཅད་དང་ལྷ་དང་ཀླུ་ལ་སོགས་པས་ཀྱང་མཆོད་ཅིང་བསྟོད་ནས་དེ་ཉིད་དུ་མི་སྣང་བར་གྱུར། དེ་ནས་ལྷ་དེ་དག་དང་སྔགས་ཀྱི་ཕྲེང་བ་དེ་ཐུགས་ཀའི་རྡོ་རྗེ་ལ་འདུས་པས་བརྟན་ཞིང་མི་གཡོ་

བར་བསམ་མོ། །དེ་ནི་སྦྱོར་བ་དང་པོ་དང་སེམས་ཀྱི་ཏིང་ངེ་འཛིན་ནོ།། །།ད་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་བསྐྱེད་པར་བྱ་སྟེ། གཞལ་ཡས་ཁང་བསྐྱེད་པའི་ཐབས་ནི་ཤཱཀྱ་ཐུབ་པའི་དཀྱིལ་འཁོར་ལས་ཤེས་པར་བྱའོ། །དེ་ཡང་ཁྱད་པར་ནི་ནང་གི་འཁོར་ལོའི་རྩིབས་བཞི་པ་རིམ་པ་གསུམ་དང་ལྡན་

เล่ม ๖๘ · หน้า 77b

པར་ཤེས་པར་བྱའོ། །གདན་ནི་སེང་གེ་དང་གླང་པོ་ཆེ་ལ་སོགས་པ་དེའི་སྟེང་ན་པདྨ་དང་ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་བདག་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཐབས་ཀྱི་བདག་པོ་བསམ་སྟེ། བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཀུན་དུ་བཟང་པོ་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་

ཨོཾ་ཨ་མི་ཏེ་ཨ་མི་ཏ་ཨ་མི་ཏོད་བྷ་བེ། ཨ་མི་ཏ་སམྦྷ་ཝེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་བི་ཀྲཱནྟ་ག་མི་ནི། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་ཡི་གེ་རྣམས་ཕྲེང་བའི་ཚུལ་དུ་བཀོད་ལ། དེ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་ཞིང་འདུ་བའི་ཚུལ་གྱིས་ཡི་གེའི་ཕྲེང་བ་ལ་ཐིམ་པ་

ལས་པདྨ་དམར་པོར་གྱུར། དེ་ནས་ཡང་འོད་ཟེར་འཕྲོ་བ་དང་འདུ་བའི་ཚུལ་གྱིས་རིགས་བཞིའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་ཐམས་ཅད་འདུས་ཏེ། པདྨ་ལ་ཐིམ་པས་པདྨ་བརྟན་པར་བྱས་སོ། །དེ་ནས་སྐུ་ཕྲ་མོ་མང་དུ་འཕྲོས་པས་སངས་རྒྱས་ཀྱི་མཛད་པས་འགྲོ་བའི་དོན་བྱས་ཏེ། སླར་འདུས་

པ་ལས་པདྨ་ལ་ཐིམ་པས་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་ཏེ་ཐུགས་ཀར་བཞུགས་པར་བསམ། ཡང་དེའི་ཐུགས་ཀར་སྔགས་ཀྱི་ཕྲེང་བ་སྔ་མ་བཞིན་དུ་བཀོད་པ་ལས། སྔགས་བརྗོད་པ་ཙམ་གྱིས་བསྐུལ་བའི་ཚུལ་དུ་ཐུགས་ཀ་ནས་སྤྱན་དྲངས་ཏེ་ཕྱོགས་བཅུར་

འཕྲོས་པས་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་འགྲོ་བའི་དོན་མཛད་དེ་ལྷར་འདུས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཀའ་ནོད་པའི་ཚུལ་དུ་བཞུགས་པ་ལ། ཆོ་འཕྲུལ་ཆེན་པོ་བཞིས་བྱིན་གྱིས་བརླབས། ཡེ་ཤེས་ཀྱི་དབུ་རྒྱན་གྱིས་དབང་བསྐུར་ཏེ་ཚེ་དཔག་ཏུ་མེད་པ་ཞེས་ལན་གསུམ་བོས་

ཏེ། མིང་གི་དབང་བསྐུར་ནས་ལས་ལ་དགོད་པ་ནི་འཁོར་ལོའི་ནུབ་ཕྱོགས་ཀྱི་རྩིབས་ལ་བཞུགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན། པྲ་ཏི་ཧ་ན། སརྦ་

ཀརྨ་ཨཱ་བ་ར་ཎ་པ་རི་པ་ར་ཎི་མེ་སརྦ་སཏྭཱ་ནཱཾ་སྭཱཧཱ་ཞེས་པས་སྔགས་ཀྱི་ཕྲེང་བའི་ཚུལ་དུ་བཀོད་པ་ལས། ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པ་ལས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་དང་སྡུག་བསྔལ་སྦྱངས་ཤིང་ཞི་བར་བྱས་ཏེ། སླར་འདུས་པ་ལས་ཡིག་འབྲུ་རྣམས་ལ་ཐིམ་པས་རྡོ་རྗེ་དམར་པོ་ལ་ཧཱུྃ་གིས་

เล่ม ๖๘ · หน้า 78a

མཚན་པར་གྱུར་ཏེ། དེ་ལས་འཕྲོས་ཤིང་འདུས་པའི་ཚུལ་གྱིས་ཚེ་བརྟན་པར་བྱས་སོ། །དེ་ལས་སྐུ་ཕྲ་མོ་མང་པོ་འཕྲོས་ཤིང་འདུས་པའི་ཚུལ་དུ་ཐིམ་པ་ལས་མགོན་པོ་མི་འཁྲུགས་པའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་ཏེ་ཐུགས་ཀ་ནས་བཞུགས་སོ། །ཡང་དེའི་ཐུགས་ཀར་ཟླ་བ་ལ་

ཡི་གེའི་ཕྲེང་བ་སྔ་མ་བཞིན་དུ་བཀོད་པ་ལས། བརྗོད་པ་ཙམ་གྱིས་བསྐུལ་བར་ཕྱོགས་བཅུར་འཕྲོས་ཏེ། སླར་འདུས་པ་ལས་བདག་གི་མདུན་ན་བཀའ་ནོད་པའི་ཚུལ་དུ་གནས་པ་ལ། ཆོ་འཕྲུལ་ཆེན་པོ་བཞིས་བྱིན་གྱིས་བརླབས་པ་དང་། ཡེ་ཤེས་ལྔའི་དབུ་རྒྱན་གྱི་དབང་བསྐུར་བ་དང་། མི་

འཁྲུགས་པ་ཞེས་ལན་གསུམ་བོས་ཏེ། མིང་གི་དབང་བསྐུར་ནས་ཉིད་ཀྱི་ལས་ཀྱི་བཞུགས་གནས་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་རྩིབས་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་སུ་གསོལ་ལོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་རཏྣེ་

རཏྣེ། མ་ཧཱ་རཏྣེ། རཏྣ་ཀི་ར་ཎེ། རཏྣ་མཱ་ལཱ་བི་ཤུདྡྷེ་ཤོདྷ་ཡ་སརྦ་པཱ་པཾ་ཧཱུྃ་ཏྲཱཊ་ཅེས་པའི་སྔགས་ཀྱི་ཡི་གེའི་ཕྲེང་བ་བཀོད་པ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྡུག་བསྔལ་ཐམས་ཅད་སྦྱངས་ཤིང་བསལ་ནས་སླར་འདུས་པ་ལས་རིན་པོ་ཆེ་འབར་བ་ཁ་དོག་

སྔོན་པོར་གནས་པར་གྱུར་ཏེ། དེ་ལས་འོད་འཕྲོས་ཤིང་འདུས་པ་ལས་བརྟན་པར་གྱུར། དེ་ལས་དེ་བཞིན་གཤེགས་པའི་སྐུ་ཕྲ་མོ་མང་པོ་འཕྲོས་པས་འགྲོ་བའི་དོན་མཛད། བདུད་ཀྱི་གནས་ཐམས་ཅད་བཅོམ་ནས་སླར་འདུས་པ་ལས་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཀྱི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་ཏེ།

ཐུགས་ཀར་བཞུགས་སོ། །ཡང་དེའི་ཐུགས་ཀའི་ཟླ་བ་ལ་སྔགས་ཀྱི་ཕྲེང་བ་སྔ་མ་བཞིན་དུ་བཀོད་པ་ལས་བརྗོད་པའི་ཚུལ་གྱིས་བསྐུལ་བས་ཕྱོགས་བཅུར་འཕྲོས་ཏེ། སངས་རྒྱས་ཀྱི་མཛད་པས་འགྲོ་བའི་དོན་མཛད་ནས་སླར་འདུས་ཏེ། བདག་གི་མདུན་ན་བཀའ་ནོད་པའི་ཚུལ་དུ་གནས་པ་

ལ་ཆོ་འཕྲུལ་ཆེན་པོ་བཞིས་བྱིན་གྱིས་བརླབས། དབུ་རྒྱན་གྱི་དབང་བསྐུར་རིན་པོ་ཆེ་འབར་བ་ལག་ཏུ་བྱིན་ཏེ། རིན་ཆེན་འབྱུང་ལྡན་ཞེས་བོས་ནས་མིང་གི་དབང་བསྐུར་ནས་ཉིད་ཀྱི་བཞུགས་གནས་འཁོར་ལོའི་ལྷོ་ཕྱོགས་ཀྱི་རྩིབས་ལ་རྟའི་གདན་སྟེང་ན་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཞུགས་སུ་གསོལ་ལོ། །

เล่ม ๖๘ · หน้า 78b

ཡང་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ་སརྦ་ཨཱ་བ་ར་ཎ་བི་ན་ཤ་ནི་ཧ་ར་ཧ་ར་ཧཱུྃ་ཕཊ་ཅེས་པས་སྔགས་ཀྱི་ཕྲེང་བའི་ཚུལ་དུ་བཀོད་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་གཡོ་བ་དང་། ནང་བཅུད་ཀྱི་འཇིག་རྟེན་འགུལ་བ་དང་།

ལས་དང་ཉོན་མོངས་པ་ཐམས་ཅད་ཞི་བར་བྱས་ཏེ། རྨད་ཀྱི་ཡ་མཚན་དུ་འཇིག་རྟེན་དུ་སྣང་བར་བྱས་ནས་སླར་འདུས་པ་ཡི་གེ་ལ་ཐིམ་པ་ལས་རྡོ་རྗེ་རྒྱ་གྲམ་དུ་གྱུར་ཏེ། དེ་འཕྲོ་འདུ་ལས་བརྟན་པར་གྱུར་ཏོ། །དེ་འཕྲོ་འདུ་ལས་བཅོམ་ལྡན་འདས་གདོན་མི་ཟ་བའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་ཏེ་ཐུགས་ཀ་ན་བཞུགས་

པར་བསམ་མོ། །ཡང་དེའི་ཐུགས་ཀར་ཟླ་བའི་སྟེང་དུ་སྔགས་ཀྱི་ཡི་གེ་ཕྲེང་བ་རྣམས་སྔ་མ་བཞིན་དུ་བཀོད་པ་ལས་བརྗོད་པ་ཙམ་གྱིས་བསྐུལ་བའི་ཚུལ་གྱིས་སྤྱན་དྲངས་ནས་ཐུགས་ཀ་ནས་བཏོན་ཏེ། ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཀྱི་མཛད་པ་མཛད་དེ། སླར་བྱོན་ནས་བཀའ་ནོད་པའི་ཚུལ་

དུ་བཞུགས་པ་ལ་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་དང་། མིང་ནས་བོས་པ་ལ་སོགས་པ་བྱས་ནས། ཉིད་ཀྱི་ལས་ཀྱི་བཞུགས་གནས་བྱང་ཕྱོགས་ཀྱི་འཁོར་ལོའི་རྩིབས་ཐོག་ཏུ་ནམ་མཁའ་ལྡིང་གི་སྟེང་ན་སྣ་ཚོགས་པདྨ་དང་ཟླ་བའི་གདན་སྟེང་ན་བཞུགས་པར་བསམ་མོ། །དེ་ལ་ཁ་ཅིག་

ན་རེ་རྒྱུད་དཀྲུགས་པས་སྔགས་ཀྱི་རིམ་པ་ལྟར་མི་བསྐྱེད་དེ། ལྷའི་རིམ་པ་ལྟར་བསྐྱེད་པར་བྱའོ་ཞེས་ཀྱང་ཟེར་རོ། །འོ་ན་འདིར་ཕྱག་ན་རྡོ་རྗེའི་འཁོར་དུ་རིགས་བཞིའི་སངས་རྒྱས་བྱ་བ་མི་འགལ་ལམ་ཞེ་ན། འདིའི་སྐབས་སུ་ཕྱག་ན་རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་དུ་བཟང་པོ་བྱང་ཆུབ་ཀྱི་སེམས་

ཀྱི་རང་བཞིན་དེ་བཞིན་གཤེགས་པའི་ས་བཅུ་གཉིས་སུ་བྱིན་གྱིས་བརླབས་ཤིང་དབང་བསྐུར་བས་བདུད་དང་འཆི་བདག་ཐམས་ཅད་འཇོམས་པར་བྱེད་པའི་མཐུ་དང་ལྡན་པ་ཡིན་པས་འགལ་བ་མེད་དོ། །དཀྱིལ་འཁོར་འདིའི་དྷཱུ་པེ་ལ་སོགས་པ་ནི་གཞན་དུ་ཤེས་པར་བྱའོ། །དེ་ནི་དཀྱིལ་འཁོར་རྒྱལ་པོ་

མཆོག་གོ། དེ་ནས། །རྡོ་རྗེ་སློབ་དཔོན་སེམས་དཔའ་ཆེ། །རྡོ་རྗེ་ལྕགས་ཀྱུ་བཅིངས་ནས་ནི། །སེ་གོལ་མང་པོ་གདབ་བྱས་ནས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ཨོཾ་བཛྲ་ས་མ་ཡ་ཛ་ཛཿཧཱུྃ་བཾ་ཧོཿཞེས་བརྗོད་དོ། །དེ་ནས་ཕྱག་ན་རྡོ་རྗེ་ཡིས། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་། །མིང་བརྒྱ་རྩ་བརྒྱད་

เล่ม ๖๘ · หน้า 79a

དམ་པ་ནི། །ལན་ཅིག་རབ་ཏུ་བརྗོད་པར་བྱ། །དེ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཤིང་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་པ་དང་ར་བ་དང་དྲ་བ་བྱས་ཏེ། དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་གྱིས་

དཀྱིལ་འཁོར་གྱི་སྒོ་བཅད་ནས་ཡི་གེ་གཉིས་ཀྱིས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུང་ལ་མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་བ་དང་། ཛཿཧཱུྃ་བཾ་ཧོཿབྷ་ག་བཱན་བཛྲ་ཨེ་ཧྱེ་ཧི་ས་མ་ཡ་སྟྭཾ་ཞེས་བརྗོད་པར་བྱ་ཞིང་རང་རང་གི་སྔགས་ཀྱི་མཐར་ཡང་དག་པར་བསྐུལ་ལ་དམ་ཚིག་གི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱ་

རང་རང་གི་ལྕེ་ལ་རྡོ་རྗེ་བསམ་པ་དང་། ལས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོས་ཀྱང་རྒྱས་གདབ་བོ། །དེ་ནས་མཆོད་པས་མཆོད་པ་དང་། ཕྱི་ནང་གསང་བའི་མཆོད་པས་ཀྱང་མཆོད་དོ། །དེ་ནས་བཟླས་པ་ལ་སོགས་པ་བྱ་སྟེ། དེ་འདྲ་ཟླ་བའམ་ལོའི་བར་དུ་ཇི་སྲིད་གནང་བ་ཐོབ་ཐོབ་ཀྱི་བར་དུ་

བྱའོ། །དེ་ནི་གཉེན་པའི་ལས་སོ། །ད་ནི་དཀྱིལ་འཁོར་གྱི་ལས་ལ་འཇུག་པར་བྱ་སྟེ། ས་སྦྱང་ཞིང་གཟུང་བ་དང་། གཉིས་པ་སྟ་གོན་ལ་གནས་པ་ཀུན་བྱས་ལ། དེ་ཡང་ཐིག་གདབ་པ་དང་། ཚོན་བྱིན་གྱིས་བརླབས་པ་ཀུན་གོང་ལྟར་བྱས་ལ། དེ་ནས་དཀྱིལ་འཁོར་གྱི་དབྱིབས་ནི།

དེ་ནས་དཀྱིལ་འཁོར་འདི་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་བརྟན་ཏེ། དཀྱུས་གསལ་ལོ། །དེ་ཡི་དབུས་སུ་གཙོ་བོ་ནི། །ཕྱག་ན་རྡོ་རྗེ་སྟོབས་ཆེན་ཏེ། །ཞེས་པ་ལ་སོགས་པ་ནི་ལྷ་དགོད་པའི་རིམ་པ་སྟོན་ཏེ་དཀྱུས་གསལ་ལོ། །དེ་ནས་རྣལ་འབྱོར་ཅན་ཉིད་ཞུགས། །ཞེས་པས་ནི་རྣལ་འབྱོར་པ་བདག་

ཉིད་ཞུགས་པར་བྱས་ཏེ་སྔ་མ་བཞིན་ནོ། །སྔགས་ཀྱི་ལྷ་རྣམས་སྤྱན་དྲངས་ཏེ། །ཞེས་པ་ལ་སོགས་པ་ནི་སྔོན་དུ་འགྲོ་བ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག་ཡན་ཆད་བྱས་ནས་སྤྱན་དྲངས་པའོ། །དེ་ནས་གོང་ལྟར་ལས་ལ་སྦྱོར་བ་བཞིན་དུ་བཟླས་པ་ཡན་ཆད་བྱའོ། །འདི་ནས་སློབ་མ་གཞུག་པར་བྱ་བ་སྟོན་ཏེ།

འཆི་བདག་སྦྲུལ་གྱི་འཇིགས་པ་རྣམས། །ཞེས་པ་ལ་སོགས་པ་སྟེ། འཆི་བདག་ནི་གཤིན་རྗེའི་དབང་དུ་བྱའོ། །སྦྲུལ་ནི་ལུས་གཟུང་བའོ། །རྣམས་ནི་ཤུ་བ་དང་། གཡན་པ་ལ་སོགས་པའོ། །དེས་ནི་ཟིན་པའི་སེམས་ཅན་རྣམས་ནི་འཆི་བདག་ལ་སོགས་པ་གཞོམ་པར་བྱ་བའི་

เล่ม ๖๘ · หน้า 79b

ཕྱིར་དཀྱིལ་འཁོར་དེར་གཞུག་པར་བྱའོ། །དེ་ནས་སློབ་མ་ཁྲུས་བྱས་ཏེ། གོ་ཆ་བསྐོན་ཏེ། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཞེས་པ་དང་རྡོ་རྗེ་ཏི་རཱིནྟི་རིའི་ཕྱག་རྒྱ་སོར་མོ་རྣམས་ནང་དུ་བསྣོལ་ལ་མཐེ་བོང་གཉིས་གཤིབས་ཏེ་མནན་པའི་ཕྱག་རྒྱ་དེས་རིན་པོ་ཆེའི་ཏོག་གམ། མེ་ཏོག་གི་ཕྲེང་བ་ཐོགས་པའི་སློབ་མས་དང་པོར་

སློབ་དཔོན་ལ་ཕྱག་བཙལ་ཏེ། གསོལ་བ་གདབ་བོ། །དེ་ནས་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གསོལ་བ་གདབ་པ་དང་། སྡོམ་པ་གཟུང་བ་ལ་སོགས་པ་བྱས་ཏེ། དེ་ནས་སློབ་དཔོན་གྱིས་སློབ་མ་དེ་རྡོ་རྗེ་སེམས་

དཔའི་རང་བཞིན་དུ་བསྐྱེད་དེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ས་མཱ་ཡ་ཧཱུྃ་ཞེས་པ་ལ་སོགས་པས་སོ། །དེ་ནས་ཡེ་ཤེས་དབབ། དེ་ལ་ཡང་སློབ་དཔོན་གྱི་དབབ་པ་དང་།

རིགས་ཀྱི་དབབ་པ་དང་། དེ་བཞིན་གཤེགས་པས་དབབ་པ་དང་། སྦྱིན་སྲེག་གི་དབབ་པའོ། །དེས་ཀྱང་དབབ་པར་མ་གྱུར་ན་དབང་བསྐུར་བར་མི་བྱའོ། །དེ་ནས་མིག་གི་སྣང་བ་དྲིས་ཏེ། དེ་ནས་འདིས་གདོང་གཡོགས་དགྲོལ་བར་བྱ་སྟེ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །

ཞེས་པ་ལ་སོགས་པ་བརྗོད་ལ། ཨོཾ་བཛྲ་ཧཱ་སྱོད་གྷ་ཊ་ཡ་ཧཱུྃ་ཞེས་སོ། །དེ་ནས་དཀྱིལ་འཁོར་བསྟན་ཏེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཞེས་པ་ལ་སོགས་པ་དང་། ཨོཾ་བཛྲ་པཱ་ཤྱཧོ་ཞེས་པས་རྡོ་རྗེ་ལྕགས་ཀྱུ་ནས་ཕྱག་ན་རྡོ་རྗེའི་བར་བསྟན་ཏོ། །དེ་ནི་འཇུག་པའི་རིམ་པའོ།། །།

དེ་ནས་འདིས་དབང་བསྐུར་བར་བྱ་སྟེ། དང་པོར་སློབ་དཔོན་གྱིས་སློབ་མ་དེ་ཟླ་བའི་དཀྱིལ་འཁོར་དུ་གཞག་སྟེ། དང་པོར་ནི་བུམ་པའི་དབང་ངོ་། །དེ་ནས་དབུ་རྒྱན་གྱི་དབང་ངོ་། །དེ་ནས་ཅོད་པན་དང་ཕྲེང་བའི་དབང་ངོ་། །དེ་ནས་རྡོ་རྗེའི་དབང་ངོ་། །དེ་ནས་དྲིལ་བུའི་དབང་ངོ་། །དེ་ནས་མིང་གི་དབང་ངོ་། །

དེ་རྣམས་ནི་རིག་པའི་དབང་སྟེ། དེ་ནས་ཕྱིར་མི་ལྡོག་པའི་དབང་བསྐུར་བར་བྱ་སྟེ། རྩ་བའི་དཀྱིལ་འཁོར་ལས་ཁྲུ་དོ་དོར་བར་དཀྱིལ་འཁོར་ཕྱོགས་བཞིར་བྱ་བ་དང་། དབང་བསྐུར་བ་ལ་སོགས་པ་ནི་རྩ་བའི་དཀྱིལ་འཁོར་དུ་དྲངས་པས་འདིར་སྨོས་དབང་བསྐུར་བའི་ཆོ་གའོ། །དེ་ནས་སྒྲུབ་པ་སྦྱིན་ཏེ། ལྷའི་རྣལ་འབྱོར་

เล่ม ๖๘ · หน้า 80a

གྱི་རིམ་པ་སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་རྒྱལ་པོ་མཆོག་ཇི་ལྟར་བྱ་བའི་རིམ་པ་དང་། ཚེ་བསྲིང་པའི་རིམ་པ་འདིར་བྱིན་ནོ། །ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨ་ཞེས་པས་སྦྱིན་ནོ། །ད་ནི་འདི་ནས་རས་རིས་ཀྱི་སྒྲུབ་པ་བསྟན་ཏེ། རས་ལེགས་པར་བྱས་པ་ལ་བཅོམ་

ལྡན་འདས་རྡོ་རྗེ་ཚེ་དཔག་མེད་ཟླ་བའི་འོད་ཅན་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ། འཁོར་ལོས་སྒྱུར་བའི་ཆ་བྱད་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟེ། རྣ་རྒྱན་དང་། མགུལ་རྒྱན་དང་། སེ་མོ་དོ་དང་། དོ་ཤལ་དང་། རིན་པོ་ཆེའི་ཟེའུ་དང་། དར་དཔྱངས་ཀྱིས་བཅིངས་ལ། ཕྱག་གཉིས་པ་གཡོན་མི་

འཇིགས་པ་དང་། གཡས་མཆོག་སྦྱིན་པའི་ཚུལ་ལས་བདུད་རྩི་འཛག་པ་བྲི། །དེའི་འོག་ཏུ་སྒྲུབ་པ་པོ་ཐལ་མོ་སྦྱར་བ་གདོང་གྱེན་དུ་བལྟ་བ། བཅོམ་ལྡན་འདས་ཀྱི་ཕྱག་གི་བདུད་རྩི་ལས་དངོས་གྲུབ་ནོད་པའོ། །དེ་ལ་རབ་ཏུ་གནས་པ་ལ་སོགས་པ་གོང་ལྟར་བྱས་ནས་མཆོད་པ་བྱ་སྟེ། བསྙེན་པ་དེའི་སྤྱན་སྔར་འབུམ་

བཟླས་ལ་བཟོད་པ་བསྒྲུབ་པ་ལ་འཇུག་པར་བྱའོ། །སྒྲུབ་པ་ནི་གནས་ཡིད་དུ་འོང་བར་དང་པོ་ཉ་ལ་མགོ་བཙུགས་ལ་སྒྲུབ་པ་པོ་འདོན་པ་ཡང་ཕྱི་དེ་ཉའི་བར་དུ་བསྒྲུབ་པར་བྱའོ། །མཆོད་པ་ཆེན་པོ་བྱས་ལ་ཞེས་པ་ནི་ཕྱི་ནང་གསང་བའི་མཆོད་པ་བྱས་པའོ། །དེ་ནས་རྫས་ནི་བ་དམར་སེར་གྱི་འོ་མའམ། མར་

སར་པའམ། ཏིལ་མར་རམ། ཆུའམ། ཞོའམ། འོ་མའམ། ཆང་ངམ། ཁྲག་གམ། ཞག་གམ། ཀླད་པ་ལ་སོགས་པ་ལ་བསྒྲུབ་པར་བྱའོ། །དེ་ནས་རྡོ་རྗེ་དང་བཅས་པའི་ལག་པ་གཡོན་པས་མནན་ལ་བཟླས་པ་མཚན་མ་བྱུང་བྱུང་དུ་བཟླས་པར་བྱའོ། །མཚན་མ་ནི་དཀྱུས་གསལ་ལོ། །མཚན་

མ་བྱུང་བ་དང་དངོས་གྲུབ་བརྟག་པར་བྱ་བའི་ཕྱིར་མཚན་ཅིག་ཐོག་ཐག་བཟླས་པར་བྱའོ། །དེ་ནས་དངོས་གྲུབ་བླང་བར་བྱ་སྟེ། ནང་པར་སྔར་བསྲུང་བ་ལ་སོགས་པ་བྱས་ན་ཞེས་པ་ནི། གཞན་གྱིས་དབྲོག་པར་མི་ནུས་པར་བྱ་བའི་ཆེད་དུ་ཁྲོ་བོ་མེ་ལྟར་འབར་བས་བསྲུང་བར་བྱའོ། །དེ་ནས་དངོས་གྲུབ་བླང་བར་བྱ་བ་ནི་

བདག་ཉིད་ལྷའི་སྐུར་གསལ་བ་དང་། རྫས་བདུད་རྩིར་སྦྱང་བའོ། །དེ་འཐུངས་སམ་ཟོས་ན་འོག་གི་ཡོན་ཏན་རྣམས་འབྱུང་ངོ་། །ཡོན་ཏན་ནི་དཀྱུས་གསལ་ལོ། །དེ་ནི་ཚེ་དཔག་མེད་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་བཤད་པའོ།། །།ད་ནི་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་གི་དོན་བསྟན་ཏེ། དེ་ལ་རྒྱལ་

เล่ม ๖๘ · หน้า 80b

པོ་ཆེན་པོ་བཞིའི་དཀྱིལ་འཁོར་ནི། འཇིག་རྟེན་པའི་དྲི་ཟ་དང་། གྲུལ་བུམ་དང་། ཀླུ་དང་། གནོད་སྦྱིན་གྱི་འཁོར་ཞི་བར་བྱ་བའི་ཕྱིར་གསུངས་ཏེ། དེ་ནས་རྒྱལ་པོ་ཆེན་པོ་བཞིས་ཞེས་པ་ནི་དེ་ནས་ནི་ཚེ་དཔག་མེད་ཀྱི་རྟིང་ཐོགས་སུ་འབྱུང་བ་ལ་བྱའོ། །རྒྱལ་པོ་ཆེན་པོ་བཞི་ནི་ལྷའི་རྒྱལ་པོ་ཡིན་པའི་ཕྱིར་རོ། །

བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་ཞེས་པ་ལ་སོགས་པ་ནི་ཞུ་བ་དང་གནང་བ་བསྟན་ཏེ། དཀྱུས་གསལ་ལོ། །བྱིན་གྱིས་བརླབས་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའི་སྐབས་སུ་དབང་བསྐུར་བ་དང་། མིང་བཏགས་པའོ། །གནང་བ་ནི་ཕུལ་ཅིག་པའོ། །དེ་ནས་སྙིང་པོ་ཕུལ་བ་ནི་དཀྱུས་སུ་གསལ་ལོ། །

ད་ནི་རྒྱལ་པོ་ཆེན་པོ་བཞིའི་བསྐྱེད་ཐབས་ནི་འདིར་འདི་ལྟར་ཤེས་པར་བྱ་སྟེ། དེ་ཡང་དང་པོར་སྔོན་དུ་འགྲོ་བའི་ཡན་ལག་དང་། རྡོ་རྗེ་བཅིངས་པ་དང་། རྡོ་རྗེ་དྲལ་བ་ལ་སོགས་པ་སྔོན་དུ་བྱས་པ་ལྟར་བྱས་ལ། མངོན་པར་བྱང་ཆུབ་པ་ལྔས་དབུས་ཀྱི་གཙོ་བོ་བསྐྱེད་པར་བྱ་སྟེ། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི་

ཞེས་བརྗོད་དེ། གཟུང་བ་དང་འཛིན་པར་བརྟགས་པའི་ཕྱི་ནང་གི་དངོས་པོ་ཐམས་ཅད་རྣམ་པར་དག་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་ཇི་ལྟ་བུའི་དངོས་པོ་ཡང་མ་གྲུབ་སྟེ། སེམས་ཉིད་འོད་གསལ་བའི་ངོ་བོ་ཟླ་བ་ཚེས་གཅིག་པ་ལྟ་བུའི་ངོ་བོར་བསྒོམ་པར་བྱའོ། །དེ་ནས་ཨོཾ་བོདྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བརྗོད་

པས་ཟླ་བའི་དཀྱིལ་འཁོར་དེ་འཕྲོ་བ་དང་འདུ་བའི་ཚུལ་གྱིས་སྟོང་པ་ཉིད་ཀྱི་དོན་ལ་འདྲིས་ཤིང་གོམས་པའི་རྟགས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ཞིག་རྫོགས་པར་བསྒོམ་མོ། །དེ་ནས་ཟླ་བའི་དཀྱིལ་འཁོར་དེའི་དབུས་སུ་ཡི་གེ་ཧཱུྃ་བཀོད་ལ། ཨོཾ་བཛྲ་ཏིཥྛ་ཞེས་བརྗོད་པས་ཧཱུྃ་དེ་ལས་འོད་འཕྲོས་པ་དང་འདུ་བའི་ཚུལ་གྱིས་

ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པར་གྱུར་ཏོ། །དེའི་འཕྲོ་འདུ་ལས་རིགས་བཞིའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འདུས་ཏེ། རྡོ་རྗེ་དེ་ལ་ཐིམ་པར་གྱུར་པས་བརྟན་པར་བྱས་སོ། །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དེ། དེ་ནས་ཡང་བརྟན་པར་གྱུར་པའི་རྡོ་རྗེ་དེ་ལས་དེ་བཞིན་གཤེགས་

པའི་སྐུ་ཕྲ་མོ་མང་དུ་འཕྲོས་ཤིང་འདུས་པ་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་ཏེ། སྐུ་མདོག་དཀར་པོ་ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་འགྱེད་པའི་ཚུལ་གྱིས་ཐུགས་ཀར་འཛིན་པ། གཡོན་དྲིལ་བུ་དཀུར་བརྟེན་པར་གྱུར་ཏོ། །དེ་ནས་དེའི་གནས་བཞི་པོ་དག་ཏུ་བྱིན་གྱིས་བརླབས་

เล่ม ๖๘ · หน้า 81a

ནས་དབང་བསྐུར་རོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་བསྐྱེད་པར་བྱ་སྟེ། དེ་ཡང་དང་པོར་སྟོང་པ་ཉིད་དུ་བསྒོམས་ནས། དེ་ནས་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། ནང་ལེའུ་ཚེ་གནས་པའམ། འཁོར་ལོ་རྩིབས་བཞི་པ་བསམས་ལ་དེའི་དབུས་སུ་བདག་ཉིད་

ཕྱག་ན་རྡོ་རྗེའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་བཻ་ཞེས་པའོ། །དེའི་མཐའ་མར་ཨོཾ་བཻ་ཤྲ་བ་ཎ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་ཕྲེང་བ་བཀོད་ལ། དེ་ལས་འོད་ཟེར་འཕྲོས་པས་ཚད་མེད་པ་བཞི་དང་། བསྡུ་བ་རྣམ་པ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་བྱས་ནས་སླར་འདུས་ཏེ།

སྔགས་ཀྱི་ཡི་གེ་ལ་ཐིམ་པས་རིན་པོ་ཆེའི་བེ་ཅོན་དུ་གྱུར་ཏོ། །དེ་འཕྲོ་འདུ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྐུར་གྱུར་ཏེ། སྐུ་མདོག་སེར་པོ། ཕྱག་གཡས་ན་བེ་ཅོན། གཡོན་ན་རིན་པོ་ཆེས་གང་བའི་ནེའུ་ལེའི་རྐྱལ་བུ་ཐོགས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྐུ་ལུས་སྦོམ་ཞིང་

གསུས་པ་ཆེ་བ་སྟེ། བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་སེང་གེའི་ཁྲི་སྟེང་ན་པདྨའི་གདན་ལ་བཞུགས་པའོ། །གཡས་གཡོན་ན་བུམ་པ་མཛེས་པ་རེ་ཡང་བསམ་མོ། །དེ་ནས་རིན་པོ་ཆེའི་ཆུ་འབབ་པའོ། །ཡང་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཟླ་བའི་སྟེང་དུ། ཨོཾ་ཌྷི་ཞེས་པའི་མཐའ་མ་

ན་ཚུར་ཨོཾ་ཌྷཱི་ཏ་རཱཥྚ་ཡེ་སྭཱཧཱ་ཞེས་པའི་སྔགས་ཀྱི་ཡི་གེའི་ཕྲེང་བས་བསྐོར་བ་བསྒོམས་ལ། དེའི་འཕྲོ་འདུ་ལས་པི་ཝང་དུ་གྱུར་ཏོ། །དེ་ལས་ཡུལ་འཁོར་སྲུང་གི་སྐུར་གྱུར་ཏེ། ལུས་རན་ཞིང་མཛེས་པ་སྐུ་མདོག་ནི་ལྗང་གུ་སྟེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་ན་པི་ཝང་བརྡེབས་པ་ལ་བརྩོན་པ་སྟེ།

བཅོམ་ལྡན་འདས་ཀྱི་མདུན་དུ་སེང་གེའི་ཁྲི་སྟེང་དུ་བཞུགས་སུ་གསོལ་ལོ། །ཡང་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཟླ་བའི་སྟེང་དུ་ཨོཾ་བི་ཞེས་པའི་མཐའ་མ་ན་ཚུར་ཨོཾ་བི་རུ་ཌྷ་ཀ་ཡེ་སྭཱ་ཧཱ་ཞེས་པའི་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམ་མོ། །དེའི་འཕྲོ་འདུ་ལས་རལ་གྲི། དེ་ལས་འཕགས་སྐྱེས་

པོའི་སྐུར་གྱུར་ཏེ། སྐུ་མདོག་སྔོན་པོ་ཡིད་ཙམ་ཁྲོས་པས་ཕྱག་ན་རལ་གྲི་ཐོགས་པ་བཅོམ་ལྡན་འདས་ཀྱི་གཡས་ལོགས་ཀྱི་སེང་གེའི་ཁྲི་སྟེང་དུ་བསམ་མོ། །ཡང་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཟླ་བར་ཨོཾ་ཀྵཿདེའི་མཐའ་མ་ན་ཚུར་ཨོཾ་བི་རུ་པཱ་ཀྵ་ཡེ་སྭཱ་ཧཱ་ཞེས་པའི་སྔགས་ཀྱི་ཕྲེང་བས་བསྐོར་

เล่ม ๖๘ · หน้า 81b

བར་བསམ་མོ། །དེའི་འཕྲོ་འདུ་ལས་ཞགས་པ་རྡོ་རྗེས་མཚན་པའོ། །དེ་ལས་རྒྱལ་པོ་མིག་མི་བཟང་གི་སྐུར་གྱུར་ཏེ། སྐུ་མདོག་ནི་དམར་སྐྱ་ལ་ཕྱག་ན་རྡོ་རྗེས་མཚན་པའི་ཞགས་པ་བསྣམས་པ་སྦྲུལ་མགོ་བདུན་གྱིས་དབུ་ལ་ཐོད་ཐབས་སུ་བརྒྱན་པའོ། །མིག་རྩ་དམར་ཞིང་འབུར་བ་སྟེ།

བཅོམ་ལྡན་འདས་ཀྱི་རྒྱབ་ཏུ་གང་ན་སེང་གེའི་ཁྲི་ལ་བཞུགས་པར་བསྒོམ་མོ། །དེ་ནས་དྷཱུ་པེ་ལ་སོགས་པ་དང་། སྒོ་བ་ཡང་གོང་ལྟར་བསྐྱེད་ལ། དེ་ལ་ལ་ལ་དག་འཇིག་རྟེན་པའི་འཁོར་དུ་འཇིག་རྟེན་ལས་འདས་པ་མི་རིགས་སོ་ཞེ་ན། དེ་ནི་འཇིག་རྟེན་པའི་དབུས་ཀྱི་གཙོ་བོ་འཇིག་རྟེན་

ལས་འདས་པས་མཛད་པས་འདི་ཡང་འགལ་བ་མེད་དོ་ཞེས་སོ། །དེ་ནས་བཅོམ་ལྡན་འདས་སྤྱན་དྲང་ངོ་། །སྤྱན་དྲང་བའི་སྔགས་ནི་ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན་ས་མཱ་ཛ་ཛཿཧཱུྃ་བཾ་ཧོཿཞེས་པས་སོ། །དེ་ནས་རྒྱལ་པོ་བཞི་སྤྱན་དྲང་ངོ་། །དེ་ནི་རང་གི་རྩ་བའི་སྔགས་ཀྱིས་སོ། །དེ་ནས་

འོག་ནས་འབྱུང་བའི་དམ་ཚིག་གི་ཕྱག་རྒྱ་བསྟན་ཏོ། །དེ་ནས་མཆོད་པ་ལྔ་ལ་སོགས་པས་མཆོད་པའི་ཕྱིར། ཆོ་ག་བཞིན་དུ་མཆོད་པར་བྱ། །ཞེས་སོ། །མཆོད་པའི་སྒྲས་བསྟོད་པ་དང་བཟླས་པ་ཡན་ཆད་བྱའོ། །བཟླས་པ་ནི་གཙོ་བོའི་དང་པོ་རང་རང་གི་རྩ་སྔགས་སོ། །དཀྱིལ་འཁོར་

བྲི་བ་དང་། དབང་བསྐུར་བ་དང་། དེའི་ཡོན་ཏན་ནི་དཀྱུས་ཉིད་གསལ་ལོ། །འོན་ཀྱང་དབང་བསྐུར་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་ངོ་། །འཇིག་རྟེན་ལས་འདས་པའི་དབང་ནི་ཕྱག་ན་རྡོ་རྗེའི་བུམ་པ་ལ་སོགས་པས་དབང་བསྐུར་བའོ། །བུམ་པའི་ཟླས་དྲངས་

པས་རིག་པའི་དབང་དང་། ཕྱིར་མི་ལྡོག་པའི་དབང་རྣམས་སོ། །འཇིག་རྟེན་པའི་དབང་ནི་རྒྱལ་པོའི་བུམ་པ་ལ་སོགས་པའོ། །བུམ་པས་སྣ་དྲངས་ལ་རྒྱལ་པོ་བཞིའི་རྫས་ཀྱིས་ཀྱང་དབང་རྣམས་བསྐུར་རོ། །དེ་ལྟར་ནི་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་ཀ་ལ་ཤེས་པར་བྱའོ། །རྒྱལ་

པོ་བཞིའི་སྒྲུབ་པ་བཤད་ཟིན་ཏོ། །དེ་ནས་འདི་ནས་ཕྱོགས་སྐྱོང་བའི་དཀྱིལ་འཁོར་བཤད་དེ། དེ་ནས་ཕྱོགས་བཅུ་སྐྱོང་བ་རྣམས་ཀྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་རྒྱལ་པོ་བཞིའི་དཀྱིལ་འཁོར་ཞེས་པ་ནས་བར་ཅིས་ཀྱང་མ་ཆོད་པའོ། །ཕྱོགས་སྐྱོང་བ་རྣམས་ཀྱིས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด