རྣམ་པར་སྣང་མཛད་མངོན་པར་རྫོགས་པ་བྱང་ཆུབ་པའི་རྒྱུད་ཀྱི་ཚིག་འགྲེལ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) བཻ་རོ་ཙ་ནཱ་བྷི་སཾ་བོ་དྷི་ཏནྟྲ་སྱ་སད་བྲྀཏྟི་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๖๙ · หน้า 261a
༄༅༅། །རྒྱ་གར་སྐད་དུ། བཻ་རོ་ཙ་ནཱ་བྷི་སཾ་བོ་དྷི་ཏནྟྲ་སྱ་སད་བྲྀཏྟི་ནཱ་མ། བོད་སྐད་དུ། རྣམ་པར་སྣང་མཛད་མངོན་པར་རྫོགས་པ་བྱང་ཆུབ་པའི་རྒྱུད་ཀྱི་ཚིག་འགྲེལ་ཞེས་བྱ་བ། བཅོམ་ལྡན་འདས་ཀྱིས་ཐོག་མ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེས་
འདུལ་བའི་འགྲོ་བ་རྣམ་པ་གཉིས་སུ་གཟིགས་ཏེ། དམིགས་པ་དང་བཅས་པ་ལ་མོས་པ་གཙོ་བོར་གྱུར་པ་དང་། ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་གཙོ་བོར་གྱུར་པའོ། །འདུལ་བའི་འགྲོ་བ་དེ་རྣམས་ལ་ཡང་སྤྱོད་པ་རྣམ་པ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་འཇུག་ཅིང་སྤྱོད་པ་དང་། སྔགས་ཀྱི་སྒོ་
ནས་འཇུག་ཅིང་སྤྱོད་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་འཇུག་ཅིང་སྤྱོད་པ་ལ་ཡང་རྣམ་པ་གཉིས་ཏེ། དམིགས་པ་དང་བཅས་པ་ལ་མོས་པ་གཙོ་བོར་གྱུར་པ་དང་། ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་གཙོ་བོར་གྱུར་པ་སྟེ། དེ་ལ་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་འཇུག་ཅིང་སྤྱོད་པའི་གདུལ་བའི་འགྲོ་བ་
དམིགས་པ་དང་བཅས་པ་ལ་མོས་པ་གཙོ་བོར་གྱུར་པ་རྣམས་ཀྱི་དོན་དུ་འདུལ་བ་དང་། མདོ་སྡེ་དང་། མངོན་པའི་ཆོས་རྣམས་དང་། དེ་བཞིན་དུ་གཞན་ཡང་ཐེག་པ་ཆེན་པོའི་མདོ་སྡེ་ཁྱིམ་བདག་དཔའ་བོ་ལ་སོགས་པ་བསྟན་ཏོ། །དེ་བཞིན་དུ་ཟབ་ཅིང་རྒྱ་ཆེ་ལ་མོས་པའི་འདུལ་བའི་འགྲོ་བ་རྣམས་ཀྱི་
དོན་དུ་ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་སྡོང་པོ་བཀོད་པ་དང་། ས་བཅུ་དང་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་སོགས་པ་རྣམས་བསྟན་ཏོ། །དེ་བཞིན་དུ་སྔགས་ཀྱི་སྒོ་ནས་འཇུག་ཅིང་སྤྱོད་པའི་གདུལ་བའི་འགྲོ་བ་རྣམས་ལ་ཡང་རྣམ་པ་གཉིས་ཏེ། དམིགས་པ་དང་བཅས་པ་ལ་མོས་པ་གཙོ་བོར་གྱུར་པ་དང་། ཟབ་
ཅིང་རྒྱ་ཆེ་བ་ལ་མོས་པ་གཙོ་བོར་གྱུར་པ་སྟེ། དེ་ལ་དམིགས་པ་དང་བཅས་པ་ལ་མོས་པ་གཙོ་བོར་གྱུར་པ་རྣམས་ཀྱི་དོན་དུ། འཕགས་པ་ལེགས་པར་གྲུབ་པའི་རྒྱུད་དང་། རིག་འཛིན་གྱི་སྡེ་སྣོད་ལ་སོགས་པ་བྱ་བའི་རྒྱུད་རྣམས་བསྟན་ཏོ། །དེ་བཞིན་དུ་ཟབ་ཅིང་རྒྱ་ཆེ་བས་འདུལ་བའི་འགྲོ་བ་རྣམས་
ཀྱི་དོན་དུ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལ་སོགས་པ་བསྟན་ཏེ། དམིགས་པ་དང་བཅས་པ་ལ་གཙོ་བོར་གྱུར་པ་ཞེས་པ་ཡང་ཟབ་ཅིང་རྒྱ་ཆེ་བ་ལ་མ་མོས་ཤིང་མི་སྤྱོད་པ་མ་ཡིན་མོད་ཀྱི། དམིགས་པ་དང་བཅས་པ་ལ་སྤྱོད་པར་མོས་པའི་ཤས་ཆེ་བ་ལ་བྱའོ། །ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་
เล่ม ๖๙ · หน้า 261b
གཙོ་བོར་གྱུར་པ་རྣམས་ལ་ཡང་དམིགས་པ་དང་བཅས་པའི་སྤྱོད་པ་མ་ཡིན་མོད་ཀྱི། ཟབ་ཅིང་རྒྱ་ཆེ་བ་ལ་སྤྱོད་པའི་ཤས་ཆེ་བ་སྟེ། དེ་ལྟ་བུ་ཡིན་པར་ནི་གསལ་པོར་འཕགས་པ་དེ་ཉིད་བསྡུས་པ་ལ་སོགས་པ་ནང་གི་རྣལ་འབྱོར་གཙོ་བོར་གྱུར་པ་མ་ཡིན་མོད་ཀྱི། ཕྱིའི་སྤྱོད་པ་རྣམས་ཀྱང་མེད་པ་
མ་ཡིན་ནོ། །དེ་བཞིན་དུ་བྱ་བའི་རྒྱུད་རྣམས་ཀྱང་ཕྱིའི་སྤྱོད་པ་གཙོ་བོར་གྱུར་པ་ཡིན་མོད་ཀྱི། ནང་གི་སྤྱོད་པ་ཡང་མེད་པ་མ་ཡིན་ཏེ། རིག་འཛིན་གྱི་སྡེ་སྣོད་ལ་སོགས་པར་རྣམ་པར་ཐར་པའི་སྒོ་རྣམ་པ་གསུམ་ལ་གཞོལ་བ་ལ་སོགས་པ་གསུངས་པ་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་
འཇུག་ཅིང་སྤྱོད་པ་རྣམས་ལ་ཡང་ཇི་ལྟར་རིགས་པར་སྦྱར་བར་ཤེས་པར་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་རྒྱུད་འདི་ཡང་ཐབས་དང་ཤེས་རབ་གཙོ་བོར་གྱུར་པ་རྣལ་འབྱོར་གྱི་རྒྱུད་ཡིན་མོད་ཀྱི། བྱ་བ་ལ་མོས་པའི་
གདུལ་བྱའི་འགྲོ་བ་རྣམས་གཟུང་བའི་ཕྱིར་བྱ་བའི་རྒྱུད་ཀྱི་རྗེས་སུ་མཐུན་པའི་སྤྱོད་པ་དག་ཀྱང་བསྟན་པས་བྱ་བའི་རྒྱུད་དམ། གཉིས་ཀའི་རྒྱུད་ལྟ་བུར་སོ་སོར་བརྟགས་ཤིང་གྲགས་སོ། །དེ་ལ་བཅོམ་ལྡན་འདས་ཀྱི་རྒྱུད་འདི་ཡང་གདུལ་བའི་འགྲོ་བ་རབ་དང་འབྲིང་དང་ཐ་མ་སྟེ་རྣམ་པ་གསུམ་གྱི་
དོན་དུ་བསྟན་ཏེ། མགོ་སྨོས་པས་གོ་བ་དང་། དོན་རྣམ་པར་ཕྱེ་བས་གོ་བ་དང་། ཚིག་ལྷུར་ལེན་པའི་གདུལ་བའི་འགྲོ་བ་རྣམས་སོ། །དེ་ལ་མགོ་སྨོས་པས་གོ་བ་ནི་ཤེས་རབ་མཆོག་ཏུ་རྣོ་ཞིང་ཐོས་པ་མང་བ་དང་ལྡན་པས་རྒྱུད་འདིའི་མཚན་དོན་དང་རྗེས་སུ་མཐུན་པ་རྣམ་པར་སྣང་མཛད་མངོན་པར་
རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཞེས་བྱ་བའི་མཚན་ཙམ་ཐོས་པས་རྒྱུད་འདིའི་དོན་ཐམས་ཅད་གོ་བར་འགྱུར་ཏེ། རྣམ་པར་སྣང་མཛད་ཅེས་བྱ་བའི་ཚིག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་སྐུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་
ཡོངས་སུ་རྫོགས་པ་ཐམས་ཅད་མཁྱེན་པའི་རང་བཞིན་དུ་ཤེས་སོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་པ་ལ་མངོན་པར་བྱང་ཆུབ་པ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། དེ་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ནམ་མཁའ་ལྟ་བུའི་མཚན་ཉིད་དུ་ཐུགས་སུ་ཆུད་
เล่ม ๖๙ · หน้า 262a
པའོ། །རྣམ་པར་སྤྲུལ་པ་ཞེས་བྱ་བའི་ཚིག་གིས་ཀྱང་དེ་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཚེ་ན། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ཆོས་ཉིད་ཀྱིས་ཐོབ་པ་ལྷུན་གྱིས་གྲུབ་པ་ཉིད་དུ་སྐུ་མི་ཟད་པའི་རྒྱན་གྱིས་སུས་ཀྱང་ཟིལ་གྱིས་མི་ནོན་པ་ཉིད་དུ་ཁམས་གསུམ་ཐམས་
ཅད་དུ་ཁྱབ་པ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ལ་སོགས་པས་ཇི་ལྟར་སྣོད་དུ་གྱུར་པའི་སེམས་ཅན་གང་གིས་འདུལ་བའི་སྐུས་དོན་མཛད་པ་སྟེ། སངས་རྒྱས་ཀྱི་སྐུས་འདུལ་བའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་སྐུར་སྟོན་པ་ནས་ཉན་ཐོས་དང་རང་སངས་རྒྱས་དང་བརྒྱ་བྱིན་དང་ཚངས་པ་
ལ་སོགས་པའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་དེ་རྣམས་ཀྱི་ཚུལ་བསྟན་ཅིང་དོན་མཛད་པ་དང་། དེ་བཞིན་དུ་གསུང་མི་ཟད་པའི་རྒྱན་གྱིས་ཀྱང་ཁམས་གསུམ་ཐམས་ཅད་དུ་སངས་རྒྱས་ཀྱི་གསུང་དམ་པས་ཁྱབ་པར་ཆོས་སྟོན་པ་དང་། དེ་བཞིན་དུ་ཐུགས་མི་ཟད་པའི་རྒྱན་གྱིས་
ཀྱང་རྣམ་པ་དང་བཅས་པའི་ཡིད་ལས་བྱུང་བའི་དབང་ཆེན་དང་ཆུའི་དཀྱིལ་འཁོར་ལ་སོགས་པའི་རྣམ་པར་བསྟན་པར་གོ་བའོ། །དེ་བཞིན་དུ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཚིག་གིས་ཀྱང་དེ་ལྟར་རྣམ་པར་སྤྲུལ་པ་སྐུ་གསུང་ཐུགས་མི་ཟད་པའི་རྒྱན་གྱིས་ཁམས་གསུམ་ཐམས་ཅད་དུ་ཁྱབ་པར་
བསྟན་པ་དེ་ནི་ཀུན་དུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་གྱི། གདུལ་བའི་འགྲོ་བ་འོག་མ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས། སྐུ་ལ་སོགས་པ་མི་ཟད་པའི་རྒྱན་དེ་ཉིད་གདུལ་བའི་འགྲོ་བ་དེ་རྣམས་ཀྱི་དོན་དུ་རྒྱུད་འདིར་དཀྱིལ་འཁོར་
དང་སྔགས་དང་ཕྱག་རྒྱའི་སྒོ་ནས་ལུས་ངག་ཡིད་ཀྱི་མཚན་མར་གྱུར་པ་བསྟན་པ་སྟེ། བྱིན་གྱིས་རློབ་པ་ཞེས་པ་ནི་དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱའི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་ཆ་ལུགས་དང་རང་བཞིན་དུ་ལྷག་པར་གཞག་ཅེས་པའི་དོན་ཏོ། །དེ་ལྟར་རྣམ་པར་སྣང་མཛད་མངོན་པར་
རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཞེས་པ་དོན་དང་རྗེས་སུ་མཐུན་པའི་མཚན་ཙམ་གྱིས་མགོ་སྨོས་པས་གོ་བའི་གདུལ་བྱ་རྣམས་ཀྱིས་དོན་འདི་ལྟ་བུར་གོ་སྟེ། དེ་དག་གི་དོན་དུ་རྒྱུད་འདིའི་མཚན་ཙམ་སྨོས་པར་ཤེས་པར་བྱའོ། །དེ་ལྟར་ཤེས་པ་འབའ་ཞིག་མ་ཡིན་གྱི།
เล่ม ๖๙ · หน้า 262b
གཞན་ཡང་རྒྱུད་འདིའི་འབྲེལ་པ་དང་། བརྗོད་པར་བྱ་བ་བསྟན་པ་དང་དགོས་པ་ཡང་བསྟན་པར་ཤེས་པར་བྱ་སྟེ། རྒྱུད་འདི་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་སྐུ་མི་ཟད་པ་ལ་སོགས་པའི་རྒྱུད་དང་འབྲེལ་པར་བལྟ་སྟེ། རང་བཞིན་གྱི་དཀྱིལ་འཁོར་འདི་ནི་རྒྱུད་
འདིའི་རྒྱུ་ཡིན་ལ་རྒྱུད་འདི་ནི་དེའི་འབྲས་བུར་ཤེས་པར་བྱ་སྟེ་དེ་ནི་འབྲེལ་པའོ། །དེ་བཞིན་དུ་རྒྱུད་འདིར་དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱའི་སྒོ་ནས་ལུས་དང་ངག་དང་ཡིད་ཇི་ལྟ་བ་བཞིན་དུ་བསྟན་པས་རང་བཞིན་གྱི་དཀྱིལ་འཁོར་གྱི་ཚུལ་ཇི་ལྟ་བུ་ཡིན་པ་རྒྱུད་འདིས་མཚོན་པར་ཤེས་པར་བྱ་སྟེ། དེ་བས་ན་
རྒྱུད་འདི་ནི་རྗོད་པར་བྱེད་པ་དང་། བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་ནི་བརྗོད་པར་བྱ་བའོ། །དེ་ལ་དགོས་པ་ནི་རྒྱུད་འདིར་ཇི་སྐད་དུ་བཤད་པའི་རིམ་གྱིས་སྒྲུབ་པའི་སྤྱོད་པས་རང་གི་ལྷག་པའི་ལྷ་མཉེས་པར་བྱས་ནས་ལྷ་དང་མིའི་ལོངས་སྤྱོད་དང་། རལ་གྲི་དང་རིག་འཛིན་ལ་སོགས་པ་མངོན་
པར་མཐོ་བའི་མཚན་ཉིད་ཐོབ་པ་ནི་དངོས་དང་བརྒྱུད་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མཁྱེན་རབ་དམ་པས་བླ་ན་མེད་པའི་ཐམས་ཅད་མཁྱེན་པར་གྱུར་པ་ནི་དགོས་པ་དེའི་ཡང་དགོས་པར་ཤེས་པར་བྱའོ། །དོན་རྣམ་པར་ཕྱེ་བས་གོ་བའི་གདུལ་བ་རྣམས་ཀྱིས་ནི། དོན་དེ་དང་རྗེས་སུ་མཐུན་པའི་
མཚན་ཙམ་སྨོས་པས་རྒྱུད་ཀྱི་དོན་ཤེས་པར་མི་ནུས་ཏེ། དེ་བས་ན་དེ་དག་གི་དོན་དུ་རྒྱུད་ཀྱི་དོན་རྣམས་རྣམ་པར་ཕྱེ་སྟེ་བཤད་པ་ནི་རྣམ་པར་སྣང་མཛད་ཀྱི་རྒྱུད་དང་། རང་བཞིན་དང་འབྲས་བུ་དང་དེའི་མངོན་པར་བྱང་ཆུབ་པའི་རྒྱུ་དང་རང་བཞིན་དང་འབྲས་བུ་ལ་སོགས་པ་བཤད་པ་སྟེ། དེ་ལ་རྣམ་པར་སྣང་མཛད་ཀྱི་
རྒྱུ་བཤད་པ་ནི། འཇིག་རྟེན་པའི་སེམས་ཀྱི་རིམ་པ་བརྒྱད་ལ་སོགས་པ་དང་། མོས་པས་སྤྱོད་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་སའི་རིམ་པས་ཀུན་དུ་སངས་རྒྱས་པའི་སའི་བར་དུ་ནི་རྣམ་པར་སྣང་མཛད་ཀྱི་རྒྱུ་བཤད་པའོ། །རང་བཞིན་བཤད་པ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་རྣམ་པ་
བཞིའི་མཚན་ཉིད་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་བཤད་པ་སྟེ། གང་གི་ཕྱིར་རྒྱུད་འདིར་སྤྲུལ་པའི་སྐུ་རྣམ་པ་གཉིས་སུ་བརྟགས་ནས་སྐུ་བཞིར་བཤད་པ་ཡིན་ནོ། །ལུས་དང་ངག་དང་ཡིད་མི་ཟད་པའི་རྒྱན་རྣམ་པར་སྤྲུལ་པས་ཁམས་གསུམ་ཐམས་ཅད་ཁྱབ་པ། སེམས་ཅན་དང་སེམས་
เล่ม ๖๙ · หน้า 263a
ཅན་མ་ཡིན་པའི་ལུས་ལ་སོགས་པར་སྣོད་དུ་གྱུར་པ་ཇི་ལྟར་སྣང་བ་དེ་ནི་དེའི་འབྲས་བུ་བཤད་པའོ། །མངོན་པར་བྱང་ཆུབ་པའི་རྒྱུ་ཡང་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ། །མཐར་ཐུག་པ་ནི་ཐབས་སོ་ཞེས་པ་ལ་སོགས་པའོ། །རང་བཞིན་ཡང་དེ་ལ་བྱང་ཆུབ་གང་ཞེ་ན། གང་
རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ་ཞེས་པ་ལ་སོགས་པ་ཇི་སྐད་དུ་གསུངས་པའོ། །དེ་བཞིན་དུ་དེའི་རྣམ་པར་སྤྲུལ་པ་དང་། བྱིན་གྱིས་རློབ་པ་དག་ཀྱང་བཤད་པར་བྱ་སྟེ་ཞིབ་ཏུ་ནི་བསྡུས་པའི་དོན་ཉིད་དུ་བཤད་པས་འདིར་མ་སྨོས་སོ། །ཚིག་ལྷུར་ལེན་པའི་གདུལ་བའི་འགྲོ་
བ་རྣམས་ཀྱིས་དེ་ལྟར་རྒྱུ་དང་རང་བཞིན་དང་འབྲས་བུ་ལ་སོགས་པ་རྣམ་པར་ཕྱེ་སྟེ། བཤད་ཀྱང་ཚིག་དང་དོན་རྣམས་ཞིབ་ཏུ་མི་གོ་སྟེ། དེ་བས་ན་དེ་དག་གི་དོན་དུ་ཚིག་རེ་རེ་ནས་སྤྲོས་ཤིང་རྒྱས་པར་བཤད་པའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱིན་གྱིས་རློབ་པ་ཞེས་པ་ལ་སོགས་པ་རྒྱུད་
འདིའི་ཐོག་མ་ནས་མཇུག་གི་བར་དུ་སྤྲོས་ཏེ་བཤད་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱིན་གྱིས་རློབ་པ་རྡོ་རྗེ་ཆེན་པོ་རྒྱ་ཆེ་བ་ལ་སོགས་པ་རྒྱུད་འདི་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་བཅུ་གཅིག་བསྟན་པ་འདི་ལྟ་སྟེ། སྤོང་བ་ཕུན་
སུམ་ཚོགས་པ་དང་། གནས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་དང་། མཐུ་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་གྱི་ཐབས་ཕུན་སུམ་ཚོགས་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་། རང་བཞིན་ཕུན་སུམ་ཚོགས་
པ་དང་། བྱང་ཆུབ་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་། རང་བཞིན་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་ཀྱི་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཕུན་སུམ་ཚོགས་པའོ། །དེ་ལ་བཅོམ་ལྡན་འདས་ཞེས་པའི་ཚིག་གིས་སྤོང་བ་ཕུན་སུམ་ཚོགས་པ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པའི་མཚན་ཉིད་དོ། །
གནས་ཕུན་སུམ་ཚོགས་པ་ནི་ཡོན་ཏན་རྣམ་པ་བརྒྱད་དང་ལྡན་པ་སྟེ། དེ་ལ་འདིར་གནས་ཕུན་སུམ་ཚོགས་པ་བརྒྱད་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལྷག་པར་གནས་པ་ཕུན་སུམ་ཚོགས་པ་དང་། སྲ་ཞིང་རྒྱ་ཆེ་བ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་ཆེན་པོ་ཐུགས་སུ་ཆུད་པའི་གནས་ཕུན་སུམ་ཚོགས་
เล่ม ๖๙ · หน้า 263b
པ་དང་། རྡོ་རྗེ་འཛིན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མངོན་པར་འདུ་བ་ཕུན་སུམ་ཚོགས་པ་དང་། སྔ་ཁང་གི་རྩེ་མོ་རྒྱ་ཆེ་བ་ཕུན་སུམ་ཚོགས་པ་དང་། ཁ་དོག་ཕུན་སུམ་ཚོགས་པ་དང་། དབྱིབས་ཕུན་སུམ་ཚོགས་པ་དང་། གདན་ཕུན་སུམ་ཚོགས་པ་རྣམས་སོ། །དེ་ལ་དེ་བཞིན་གཤེགས་པ་
བྱིན་གྱིས་རློབ་པ་ཞེས་པའི་ཚིག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ལྷག་པར་གནས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །རྡོ་རྗེ་ཆེན་པོ་རྒྱ་ཆེ་བ། །ཞེས་པའི་ཚིག་གིས་སྲ་ཞིང་རྒྱ་ཆེ་བ་ཕུན་སུམ་ཚོགས་པའོ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཞེས་པས་ནི་བྱང་ཆུབ་ཆེན་པོ་ཐུགས་སུ་ཆུད་པའི་གནས་ཕུན་
སུམ་ཚོགས་པའོ། །རྡོ་རྗེ་འཛིན་ཐམས་ཅད་འདུ་བ། །ཞེས་པས་ནི་རྡོ་རྗེ་འཛིན་པའི་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འདུ་བ་ཕུན་སུམ་ཚོགས་པའོ། །དེ་བཞིན་གཤེགས་པའི་མོས་པས་རྣམ་པར་རོལ་པ་མཐའ་དང་དབུས་མེད་ཅིང་རྩེ་མོ་མཐོ་བ་ཞེས་པས་ནི་སྔ་ཁང་གི་རྩེ་མོ་རྒྱ་ཆེ་བ་ཕུན་སུམ་ཚོགས་
པའོ། །རིན་པོ་ཆེའི་རྒྱལ་པོས་ཤིན་ཏུ་ལེགས་པར་བརྒྱན་པ་འབྱུང་བ་ཞེས་པས་ནི་ཁ་དོག་ཕུན་སུམ་ཚོགས་པའོ། །ཁང་བཟངས་ཆེན་པོ་རིན་པོ་ཆེའི་རྒྱལ་པོའི་ཞེས་པས་ནི་དབྱིབས་ཕུན་སུམ་ཚོགས་པའོ། །བྱང་ཆུབ་སེམས་དཔའི་ལུས་ཀྱི་སེང་གེའི་ཁྲི་ལ་བཞུགས་ཞེས་པས་ནི་གདན་ཕུན་སུམ་ཚོགས་པ་སྟེ།
དེ་དག་ནི་ཕུན་སུམ་ཚོགས་པ་རྣམ་པ་བརྒྱད་དང་ལྡན་པ་སྟེ་གཉིས་པའོ། །འཁོར་ཕུན་སུམ་ཚོགས་པ་ནི་རྡོ་རྗེ་འཛིན་ནམ་མཁའ་དྲི་མ་མེད་པ་ཞེས་པ་ནས་ཀུན་དུ་བཟང་པོ་དང་། བྱམས་པ་དང་། འཇམ་དཔལ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་པ་ལ་སོགས་པས་རིག་པར་བྱ་སྟེ་དེ་དག་གིས་
བསྐོར་ཞིང་མདུན་དུ་བྱས་པའོ། །སྟོན་པ་ཕུན་སུམ་ཚོགས་པ་ནི་ལུང་དང་རྟོགས་པའི་ཆོས་སྟོན་པ་སྟེ། དེ་ཡང་དེ་བཞིན་གཤེགས་པའི་ཉི་མ་དུས་གསུམ་ལས་འདས་པར་བྱིན་གྱིས་བརླབས་ནས། སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་ཀྱི་གཞི་ཞེས་བྱ་བའི་ཆོས་ཀྱི་སྒོའི་ཆོས་སྟོན་ཏོ་ཞེས་པའི་
ཚིག་གིས་སོ། །མཐུ་ཕུན་སུམ་ཚོགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པའི་གཙོ་བོ་རྣམས་ཀྱིས་མ་ཐོབ་པའི་རྣལ་འབྱོར་གྱི་སྤྲུལ་པ་ཐོབ་པ་སྟེ་སྐབས་དེར། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་པ་དེ་དག་དང་། གསང་བ་པའི་བདག་པོ་ལ་སོགས་
เล่ม ๖๙ · หน้า 264a
པ་རྡོ་རྗེ་འཛིན་པ་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱི་རླབས་ཀྱིས་སྐུ་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་སོ། །དེ་བཞིན་དུ་གསུང་དང་ཐུགས་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་ཏེ་ཞེས་
བྱ་བ་གསུངས་སོ། །གཞན་གྱི་དོན་གྱི་ཐབས་ཕུན་སུམ་ཚོགས་པ་ནི་སྐབས་དེ་ཐམས་ཅད་དུ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི་ཕྲིན་ལས་ཐམས་ཅད་དང་། གསུང་གི་ཕྲིན་ལས་ཐམས་ཅད་དང་། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཀུན་དུ་གསང་
སྔགས་ཀྱི་ཚུལ་གྱི་ཚིག་དག་གིས་ཆོས་སྟོན་པར་མཐོང་བ་ཞེས་པ་ནས་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་རབ་ཏུ་སིམ་པར་བགྱིད་པ་ལགས་ན་ཞེས་བྱ་བའི་བར་གྱིས་གསུངས་སོ། །གཞན་ཡང་རྒྱུད་འདིར་བཤད་པ་ཐམས་ཅད་ཀྱིས་ཇི་ལྟར་རིགས་པར་
བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྒྱུ་ཕུན་སུམ་ཚོགས་པ་དང་། རང་བཞིན་ཕུན་སུམ་ཚོགས་པ་དང་། དེའི་བྱང་ཆུབ་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་། རང་བཞིན་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་ཀྱི་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་རང་བཞིན་ཕུན་སུམ་ཚོགས་པ་སྟེ། སྔར་བཤད་
ཟིན་པས་འདིར་མ་བཤད་དོ། །དེ་ལྟ་བས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་བཅུ་གཅིག་གིས་ནི་རྒྱུ་འདི་ཐམས་ཅད་བསྡུས་པར་བལྟའོ། །མདོ་སྡེ་དང་རྒྱུད་གཞན་དག་ཏུ་འདི་སྐད་བདག་གིས་ཐོས་པ་འབྱུང་ལ། རྒྱུད་འདིར་མ་སྨོས་པ་ནི་སྟོན་པ་དང་དུས་དང་
གནས་ངེས་པ་དང་ཉན་པ་དང་སྡུད་པར་མཛད་པའི་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་རྟོགས་པ་གཙོ་བོར་གྱུར་པའི་ཕྱིར་འདི་སྐད་བདག་གིས་ཐོས་པ་མ་སྨོས་ཏེ། རྒྱུད་འདི་བཤད་པ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་སྐུ་མངོན་
པར་བྱང་ཆུབ་པའི་སྐུའི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་ཀྱི་སྙིང་པོར་རྟག་ཏུ་བཞུགས་པས་བཤད་དེ། དུས་དང་གནས་དེ་ཉིད་ན་ངེས་པར་བཞུགས་པས་དུས་གཅིག་གི་ཚེ་ཞེས་པ་མ་སྨོས་སོ། །ཉན་པ་པོ་ཡང་ཀུན་དུ་བཟང་པོ་ལ་སོགས་པ་དེ་རྣམས་ཐོས་པ་སྙིང་པོར་གྱུར་པ་མ་ཡིན་གྱི། རྟོགས་པ་གཙོ་
เล่ม ๖๙ · หน้า 264b
བོར་གྱུར་པས་འདི་སྐད་བདག་གིས་ཐོས་ཞེས་མ་སྨོས་སོ། །མདོ་སྡེ་དང་གཞུང་གཞན་དག་ཏུ་སྨོས་པ་ནི་བཅོམ་ལྡན་འདས་ལོངས་སྤྱོད་རྫོགས་པའི་སྐུ་དུས་དང་གནས་མ་ངེས་པ་ན་ཡང་བཞུགས་ཏེ། བར་བར་ནི་འོག་མིན་གྱི་གནས་ན་བཞུགས་ཤིང་ཆོས་འཆད། རེས་འགའ་ནི་རི་རབ་ཀྱི་རྩེ་མོ་ན་
བཞུགས་ཤིང་ཆོས་འཆད་པ་དང་། དེ་བཞིན་དུ་སྤྲུལ་པ་ཡང་རེས་འགའ་ནི་རྒྱལ་པོའི་ཁབ་ན་བཞུགས། རེས་འགའ་ནི་མཉན་དུ་ཡོད་པ་ལ་སོགས་པའི་གནས་ན་བཞུགས་ཤིང་ཆོས་འཆད་པ་དེ་དེ་ལྟར་གནས་དང་དུས་མ་ངེས་པས་དུས་གཅིག་གི་ཚེ་ན་ཞེས་སྨོས་ལ། ཉན་པ་པོ་ཡང་འཕགས་པ་
ཉན་ཐོས་ལ་སོགས་པ་ཐོས་པ་སྙིང་པོར་གྱུར་པ་སྟེ། རྟོགས་པ་གཙོ་བོར་གྱུར་པ་མ་ཡིན་པས་ན་འདི་སྐད་བདག་གིས་ཐོས་པ་ཞེས་མ་སྨོས་སོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་བཅུ་གཅིག་ཀྱང་རྣམ་པ་བཞིར་བསྡུས་ཏེ། བཞི་གང་ཞེ་ན། སྐྱེས་བུ་
དང་གནས་དང་འཁོར་དང་དགོས་པའོ། །དེ་ལ་བཅོམ་ལྡན་འདས་ཞེས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་ཡན་ཆད་དཔྱིས་ཕྱིན་པར་ཤེས་རབ་ཀྱིས་བཤིག་སྟེ་མེད་པར་བྱས་པ་ནི་བཅོམ་པའོ། །གཉིས་སུ་ན་བདུད་རྣམས་བཅོམ་པ་ལ་ཡང་བྱ་སྟེ། མདོར་ན་ཉོན་མོངས་པ་དང་
ཤེས་བྱའི་སྒྲིབ་པ་སྤངས་པ་ཡང་མངོན་པར་བྱང་ཆུབ་པའི་སྐུ་ལ་བྱ་སྟེ། དེས་ནི་སྐྱེས་བུའི་ཆེ་བའི་བདག་ཉིད་བསྟན་པ་སྟེ། སྐྱེས་བུའི་ཆེ་བ་བསྟན་པ་དེ་ཡང་ཆོས་ཉན་པའི་སེམས་ཅན་ཆོས་ཀྱི་རྗེས་སུ་འབྲང་བ་དང་། དད་པའི་རྗེས་སུ་འབྲང་བ་རྣམ་པ་གཉིས་ལས་ཆོས་ཀྱི་རྗེས་སུ་འབྲང་བ་ནི་འཆད་
པའི་སྐྱེས་བུ་ལ་མི་རྟོག་པར་ཆོས་བཟང་ངན་རྟོག་པས་དེར་ཟད་ལ། དད་པའི་རྗེས་སུ་འབྲང་བ་ནི་འཆད་པའི་སྐྱེས་བུ་བཙན་པས་དེ་འདི་ལ་ཡིད་ཆེས་པའི་ཕྱིར་དགོས་པའི་དགོས་པར་གྱུར་པའི་སྐྱེས་བུ་བཙན་པ་དེ་བསྟན་ཏོ། །གནས་ཕུན་སུམ་ཚོགས་པ་ཡང་དད་པའི་རྗེས་སུ་འབྲང་བའི་འགྲོ་བ་གཟུང་བའི་
ཕྱིར་ཏེ། གནས་དེ་ལྟ་བུ་ན་བཞུགས་པས་བཅོམ་ལྡན་འདས་ཀྱི་ཆེ་བའམ་བཙུན་པ་བསྟན་པས་སོ། །འཁོར་ཕུན་སུམ་ཚོགས་པ་ཡང་གཅིག་པུར་མི་བཞུགས་ཀྱི་འཁོར་དེ་ལྟ་བུས་བསྐོར་ཅིང་བཞུགས་སོ་ཞེས་པས་བཅོམ་ལྡན་འདས་ཀྱི་ཆེ་བའམ་བཙུན་པར་བསྟན་པ་ཡིན་ནོ། །དེའི་སྐྱེས་བུ་བཙན་པར་
เล่ม ๖๙ · หน้า 265a
བསྟན་པ་ན། དད་པས་རྗེས་སུ་འབྲང་བའི་འགྲོ་བ་དོགས་པ་མེད་པར་སྐྱེས་བུ་དེ་ལྟ་བུ་ལ་མཉམ་པར་སྤྲོ་བས་དད་པའི་རྗེས་སུ་འབྲང་བའི་སེམས་ཅན་གཟུད་པའི་ཕྱིར་བསྟན་ཏོ། །གནས་བཤད་པ་ཡང་རྣམ་པ་གསུམ་གྱི་ཕྱིར་ཏེ་སྐྱེས་བུ་བཙན་པ་དང་། གནས་དེ་ལྟ་བུའི་ཡོན་ཏན་སྒྲུབ་པ་
པོས་རྗེས་སུ་དྲན་པར་བྱས་ན་འགྲུབ་པའི་ཕྱིར་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔས་བཅགས་པའི་གནས་དེ་མཆོད་རྟེན་དུ་འགྱུར་བའི་ཕྱིར་རོ། །སྐྱེས་བུ་བཙན་པ་ནི་གོང་དུ་བཤད་ཟིན་ཏོ། །འཁོར་ཕུན་སུམ་ཚོགས་པ་ཡང་རྣམ་པ་གསུམ་སྟེ། སྐྱེས་བུ་བཙན་པ་དང་དེ་ལྟ་བུའི་བྱང་ཆུབ་སེམས་
དཔའ་དང་རྡོ་རྗེ་འཛིན་པ་ནམ་མཁའ་དྲི་མ་མེད་པ་ལ་སོགས་པ་ཆོས་ཉན་པ་དང་འཛིན་པའི་མཆོག་ཏུ་བསྟན་པ་དང་། ཉན་པའི་མཆོག་དེ་དག་བཞུགས་པས་སྡུད་པར་མཛད་པའི་བྱང་ཆུབ་སེམས་དཔའི་དབང་དུ་གྱུར་པར་བསྟན་པའོ། །སྐྱེས་བུ་ནི་སྔར་བཤད་ཟིན་ཏོ། །དགོས་པ་ནི་རྒྱུད་འདིར་རྣམ་པར་སྣང་མཛད་
མངོན་པར་བྱང་ཆུབ་པའི་རྒྱུད་དང་། རང་བཞིན་དབང་ཆེན་དང་ཆུ་ལ་སོགས་པའི་དཀྱིལ་འཁོར་སྒྲུབ་པ་དང་། ལས་བཤད་པའི་རིམ་པ་བཞིན་དུ་བསྒྲུབས་ནས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདེ་བ་ཐོབ་པར་དགོངས་པའི་ཕྱིར་རོ། །དེ་ལྟར་ཕུན་སུམ་ཚོགས་པ་རྣམ་པ་བཅུ་གཅིག་པོ་བཞི་པོ་
འདིར་བསྡུས་སོ། །དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱིན་གྱིས་རློབ་པ་ཞེས་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ན་གནས་པ་ལ་བྱ་སྟེ། བྱིན་གྱིས་རློབ་པ་ཞེས་པའི་ཚིག་ནི་གནས་པའི་དོན་ཏོ། །སྐབས་འདིར་བྱང་ཆུབ་ཀྱི་སྙིང་པོ་ན་འདས་
པ་དང་མ་འོངས་པ་དང་ད་ལྟར་གྱི་སངས་རྒྱས་ཐམས་ཅད་གནས་པས་སངས་རྒྱས་མང་པོ་གནས་པར་འགྱུར་བའི་དོགས་པ་བསལ་བ་ལ་སོགས་པ་ནི་བསྡུས་པའི་དོན་ཉིད་དུ་ཞིབ་ཏུ་བཤད་པས་འདིར་མ་སྨོས་སོ། །རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་དེ་ཉིད་ཕལ་པ་མ་ཡིན་གྱི་མཆོག་གམ་དམ་པ་ལ་ཆེན་པོ་ཞེས་བྱའོ། །རྒྱ་
ཆེ་བ་ནི་རྡོ་རྗེ་དང་ལྡན་པའི་ཁང་པ་དེ་ནི་ཡངས་ཤིང་རྒྱ་ཆེ་བའམ་རྡོ་རྗེ་དེ་དག་ཉིད་གྲངས་མང་བ་ལ་བྱའོ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཞེས་བྱ་བ་ནི་དེ་ལ་ཆོས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དོ། །དབྱིངས་ནི་རང་བཞིན་ཏེ་ཕུང་པོ་ལ་སོགས་པའི་ཆོས་ཀུན་རྫོབ་པའི་མཚན་ཉིད་རིགས་པས་བརྟག་མི་བཟོད་པ་སྟེ།
เล่ม ๖๙ · หน้า 265b
སྟོང་པ་ཉིད་ནི་དེ་དག་གི་རང་བཞིན་ཏེ། སྟོང་པའི་རང་བཞིན་ཁོང་དུ་ཆུད་པ་ནི་ཕོ་བྲང་ངམ་འབྱུང་བ་ཞེས་བྱའོ། །རྡོ་རྗེ་འཛིན་ཐམས་ཅད་འདུ་བ་ཞེས་པ་དེ་ལ་རྡོ་རྗེ་ནི་ཡང་དག་པ་མ་ཡིན་པའི་ལྟ་བ་འཇོམས་པའི་ཤེས་རབ་སྟེ། ཤེས་རབ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་རྡོ་རྗེ་འཛིན་པའོ། །འདུ་བའི་
ཚིག་ནི་གནས་ཕུན་སུམ་ཚོགས་པའི་སྐབས་སུ་བཤད་ཟིན་ཏོ། །རྡོ་རྗེ་འཛིན་མ་ཡིན་པའི་བྱང་ཆུབ་སེམས་དཔའ་ཡང་དེར་མི་འདུ་བ་ནི་མ་ཡིན་མོད་ཀྱི། འདིར་སྔགས་བཤད་པའི་སྐབས་ཡིན་པས་རྡོ་རྗེ་འཛིན་པ་གཙོ་བོར་སྨོས་སོ། །རྡོ་རྗེ་འཛིན་པ་ཡང་རྣམ་པ་གསུམ་གྱི་ཕྱིར་འཛིན་ཏེ། སོ་སོའི་རྣམ་པར་ཐར་
པའི་སྒོ་སྟོན་པ་དང་། རིག་པའི་བརྟུལ་ཞུགས་དང་མཆོད་པའི་ཡན་ལག་ཏུ་འགྱུར་བའི་ཕྱིར་འཛིན་པའོ། །ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་ཨུཏྤལ་དང་པདྨོ་ལ་སོགས་པ་འཛིན་པ་ཡང་སོ་སོའི་རྣམ་པར་ཐར་པའི་སྟོན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་མོས་
པས་རྣམ་པར་རོལ་པ་ཞེས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེ་ལྟ་བུའི་གནས་ལ་སོགས་པར་མོས་ཤིང་སྨོན་པ་ལས་ཇི་ལྟར་སྨོན་པ་བཞིན་དུ་ཐོབ་ནས་སྤྱོད་པ་ནི་རོལ་པའོ། །མཐའ་དང་དབུས་མེད་ཅིང་རྩེ་མོ་མཐོ་བ་ཞེས་པ་ནི་མཐའ་གཉིས་དམིགས་སུ་མེད་པས་ན་དབུས་ཀྱང་དམིགས་སུ་མེད་པའོ། །རྩེ་
མོ་མཐོ་བ་ནི་དེ་བཞིན་གཤེགས་པའི་དབུའི་གཙུག་ཏོར་དང་འདྲ་སྟེ་རྩེ་མོ་ལྟར་མི་སྣང་བ་ལ་བྱའོ། །རིན་པོ་ཆེའི་རྒྱལ་པོས་ཤིན་ཏུ་ལེགས་པར་བརྒྱན་པ་འབྱུང་བ་ཞེས་པ་ནི་ཁ་དོག་ཕུན་སུམ་ཚོགས་པ་སྟེ་སྔ་ཁང་དེ་ཉིད་རིན་པོ་ཆེས་སྤྲས་པ་ལ་བྱའོ། །ཁང་བཟངས་ཆེན་པོ་རིན་པོ་ཆེའི་རྒྱལ་པོའི་ནང་ན་
ཞེས་པ་ནི་དབྱིབས་བཤད་པའོ། །བྱང་ཆུབ་སེམས་དཔའི་ལུས་ཀྱི་སེང་གེའི་ཁྲི་ལ་བཞུགས་ཞེས་པ་ནི་སྔོན་གྱི་སྨོན་ལམ་གྱིས་སེང་གེའི་ལུས་སུ་གྱུར་ཅིང་སེང་གེའི་ཁྲི་བྱེད་པའམ། བྱང་ཆུབ་སེམས་དཔའི་ལུས་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་གདན་དུ་བྱེད་དེ་སེང་གེའི་བྱ་བ་བྱེད་པ་ལ་བྱའོ། །བཅོམ་ལྡན་
འདས་གནས་དེ་ལྟ་བུ་ན་བཞུགས་པ་ཡང་འཁོར་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་ནམ་མཁའ་དྲི་མ་མེད་པ་ལ་སོགས་པ་འདི་རྣམས་དང་བཞུགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་དོན་དང་རྗེས་སུ་མཐུན་པའི་མཚན་ཅན་ཤ་སྟག་གཞུང་ལས་འབྱུང་བས་བསྐོར་ཞིང་མདུན་གྱིས་བལྟས་པ་ལ་ཆོས་འཆད་
เล่ม ๖๙ · หน้า 266a
དོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཉི་མ་དུས་གསུམ་ལས་འདས་པར་བྱིན་གྱིས་བརླབས་ནས་སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་ཀྱི་གཞི་ཞེས་བྱ་བའི་ཆོས་ཀྱི་སྒོའི་ཆོས་སྟོན་ཏོ་ཞེས་པ་ཆོས་ཀྱང་རྣམ་པ་གཉིས་ཏེ། རྟོགས་པའི་ཆོས་དང་ལུང་གི་ཆོས་སོ། །དེ་ལ་རྟོགས་པའི་ཆོས་ཀྱང་
རྣམ་པ་གཉིས་ཏེ། དོན་དམ་པ་དང་ཀུན་རྫོབ་པའོ། །དོན་དམ་པ་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་སྟོང་པའི་རང་བཞིན་ནོ། །ཀུན་རྫོབ་ཀྱི་ཆོས་ནི་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་མི་ཟད་པའི་རྒྱན་གྱིས་ཁམས་གསུམ་ཁྱབ་པར་སྟོན་པའོ། །ལུང་གི་ཆོས་ནི་མདོ་སྡེ་དང་ཚིགས་སུ་བཅད་པ་ལ་སོགས་
པ་གསུང་རབ་ཡན་ལག་བཅུ་གཉིས་སོ། །དེ་རྣམས་ལས་གང་བཤད་ཅེ་ན། སྐབས་འདིར་ལུང་གི་ཆོས་རྒྱུད་འདི་ཉིད་བཤད་པ་སྟེ། དེ་ཡང་གང་ཞེ་ན། སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་ཀྱི་གཞི་ཞེས་བྱ་བའི་ཆོས་ཀྱི་སྒོའི་ཆོས་སྟོན་ཏོ་ཞེས་གསུངས་ཏེ། དེ་ལ་སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་
ཅེས་པ་མཉམ་པ་གསུམ་གྱིས་རིག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོས་སེམས་ཅན་གྱི་ལུས་དང་ངག་དང་ཡིད་ཇི་སྙེད་པ་དེ་སྙེད་དུ་ཁྱབ་པས་མཉམ་པ་ཉིད་དོ། །གཉིས་སུ་ན་བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོས་སེམས་ཅན་གྱི་དོན་དུ་སྦྱོར་བ་ན།
དེ་བཞིན་གཤེགས་པའི་སྐུའི་འཁོར་ལོས་གསུང་དང་ཐུགས་ཀྱི་བྱ་བ་ཡང་བྱེད། གསུང་གི་འཁོར་ལོས་ཀྱང་སྐུ་དང་ཐུགས་ཀྱི་བྱ་བ་ཡང་བྱེད། ཐུགས་ཀྱི་འཁོར་ལོས་ཀྱང་སྐུ་དང་གསུང་གི་བྱ་བ་ཡང་བྱེད་དེ། དེ་ལྟར་མཚུངས་པར་བྱེད་པས་ན་མཉམ་པ་ཉིད་དོ། །གསུམ་དུ་ན་དེ་བཞིན་གཤེགས་པའི་སྐུ་ལ་སོགས་པ་
དང་། སེམས་ཅན་གྱི་ལུས་དང་ངག་དང་ཡིད་སྟོང་པ་ཉིད་ཀྱི་རང་བཞིན་དུ་དབྱེར་མེད་ཅིང་རོ་གཅིག་པས་ན་མཉམ་པ་ཉིད་དོ། །ཆོས་ཀྱི་སྒོ་ཞེས་པ་ནི་དེ་ལྟ་བུའི་སྐུ་དང་གསུང་ཐུགས་མཉམ་པ་ཉིད་ཀྱི་གཞི་དེ་བཤད་པས་རྟོགས་པའི་ཆོས་ལ་འཇུག་པར་གྱུར་པའི་སྒོ་ཡིན་པས་སྒོ་ཞེས་གསུངས་སོ། །དེ་བཞིན་དུ་ལུང་གི་ཆོས་
གཞན་རྣམས་ཀྱང་རྟོགས་པའི་ཆོས་ལ་འཇུག་པའི་སྒོ་ལྟ་བུར་རིག་པར་བྱའོ། །དེ་ལ་ཆོས་འཆད་པ་ཡང་སྐུ་བཞི་གང་གིས་འཆད་ཅེ་ན། ཆོས་ཀྱི་སྐུ་དང་བྱང་ཆུབ་ཀྱི་སྙིང་པོ་ན་བཞུགས་པའི་སྐུ་ནི་མི་གཡོ་བ་ཉིད་ཚིག་ཏུ་བརྗོད་པ་ལས་འདས་པས་ན་ཚིག་གིས་ཆོས་མི་འཆད་དེ། དེའི་བྱིན་རླབས་ཀྱིས་ལོངས་སྤྱོད་རྫོགས་པ་
เล่ม ๖๙ · หน้า 266b
དང་སྤྲུལ་པའི་སྐུས་འཆད་དོ། །དེ་ལ་སྐབས་འདིར་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་སྐུས་སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་ཀྱི་གཞི་ཞེས་བྱ་བའི་ཆོས་ཀྱི་སྒོ་འཆད་དེ། དེ་ཡང་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཉི་མ་དུས་གསུམ་ལས་འདས་པར་བྱིན་གྱིས་བརླབས་ནས་
འཆད་དེ། ཆོས་ཀྱི་སྐུ་དེ་ཉི་མ་ལྟ་བུར་སྣང་བའི་རང་བཞིན་ཡིན་པས་ན་དེ་བཞིན་གཤེགས་པའི་ཉི་མ་ཞེས་བྱ་ལ། ཆོས་ཀྱི་སྐུ་ཉི་མ་དང་ཟླ་བ་ལ་སོགས་པའི་དུས་ལས་འདས་ཏེ། དེ་བས་ན་དུས་གསུམ་ལས་འདས་པ་ཞེས་གསུངས་པ་ཡིན་ནོ། །དུས་གསུམ་ལས་འདས་པ་ནི་འདས་པའི་དུས་དང་། ད་ལྟར་གྱི་དུས་དང་མ་
འོངས་པའི་དུས་ལས་འདས་པའོ། །དེ་དག་གིས་ནི་སྟོན་པ་ཕུན་སུམ་ཚོགས་པ་བཤད་པ་ཡིན་ནོ། །མཐུ་ཕུན་སུམ་ཚོགས་པ་བཤད་པ་ནི་གཞུང་ལས་དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་པ་དེ་དག་དང་། །གསང་བ་པའི་བདག་པོ་ལ་སོགས་པ་རྡོ་རྗེ་འཛིན་དེ་དག་ཅེས་པ་ནས་གསང་སྔགས་ཀྱི་ཚུལ་གྱི་
ཚིག་རྣམ་པར་དག་པའི་ཚིག་དག་གིས་ཆོས་སྟོན་པ་དག་ཀྱང་མཐོང་ངོ་ཞེས་པའི་བར་དུ་འབྱུང་བ་སྟེ། དེ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱི་རླབས་ཀྱིས་སྐུ་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་སོ་ཞེས་པ་དེ་ལ་ཀུན་དུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་
རྣམས་ས་བཅུ་ལ་སོགས་པ་རབ་ཏུ་ཐོབ་པ་ན་རང་གི་ཏིང་ངེ་འཛིན་དང་རྣམ་པར་ཐར་པའི་སྒོ་ནས་མཐུ་དང་རྫུ་འཕྲུལ་འབྱིན་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་བརྒྱན་པ་ལ་སོགས་པ་བྱས་པས་མགུ་ཞིང་དེ་ལས་གཞན་པའི་བྱ་བ་མེད་དོ་སྙམ་པའི་བློ་སྐྱེ་བ་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཔལ་བེའུའི་
འོད་མཆོག་བཀྱེ་བས་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་གཙུག་ཏུ་ཕོག་སྟེ། དེའི་བྱིན་གྱི་རླབས་ཀྱིས་ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་སོ། །དེ་བཞིན་དུ་
གསུང་དང་ཐུགས་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཡང་ཞུགས་ཏེ། དེ་ལ་མཉམ་པ་ཉིད་ནི་གོང་དུ་བཤད་པ་རྣམ་པ་གསུམ་མོ། །བཀོད་པ་ནི་སྐབས་འདིར་རྣམ་པ་སྣ་ཚོགས་སུ་བལྟའོ། །མི་ཟད་པ་ནི་ཆོས་ཀྱི་སྐུའི་བྱིན་གྱི་རླབས་ཀྱིས་སྐུ་ལ་སོགས་པ་དེ་དག་ནམ་འཁོར་བ་ཡོད་
เล่ม ๖๙ · หน้า 267a
ཀྱི་བར་དུ་གནས་པའོ། །མཛོད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དེ་ཉིད་ལ་བྱ་སྟེ། སྐུ་དེ་ལས་ཇི་ལྟར་འདུལ་བ་དང་རྗེས་སུ་མཐུན་པའི་སྐུ་ལ་སོགས་པའི་འཁོར་ལོ་ཟད་མི་ཤེས་པ་འབྱུང་བའི་ཕྱིར་ལ། སྐུ་ལ་སོགས་པའི་འཁོར་ལོ་དེ་དག་ཉིད་སུས་ཀྱང་ཟིལ་གྱིས་མི་ནོན་
པར་རང་གི་བྱ་བ་ལ་འཇུག་པས་ནི་རྣམ་པར་བསྒྱིངས་པའོ། །འོན་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་འམ་གསུང་ངམ་ཐུགས་ལ་ནི་འཇུག་པའམ་ལྡོག་པ་ཡང་མི་དམིགས་སོ་ཞེས་པ་ལ་འགའ་ཞིག་རྟོག་པ་སྐྱེ་སྟེ། གདུལ་བྱའི་འགྲོ་བ་ནི་རྣམ་པ་བཞི་སྟེ། ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་
སྤངས་པའི་རྣམ་པར་རྟོག་པ་དར་ལ་ཙམ་གྱིས་བསྒྲིབས་པའི་ལྷག་མ་ལུས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། མོས་པ་རྣམ་པར་དག་པ་སྤྱོད་པའི་ས་མངོན་དུ་བྱས་པ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་ཉོན་མོངས་པའི་སྒྲིབ་པ་སྤངས་ལ། ཤེས་བྱའི་སྒྲིབ་པ་མ་སྤངས་པ་ཕྱོགས་གཅིག་པ་རྣམས་
དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་སྤངས་པའི་འགྲོ་བ་སྣ་ཚོགས་པ་རྣམས་སོ། །དེ་བས་ན་བཅོམ་ལྡན་འདས་ཀྱི་སྐུ་ལ་འཇུག་པ་དང་ལྡོག་པ་མི་དམིགས་ཏེ། རྣམ་པར་མི་རྟོག་ན་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་དུ་འགྱུར་གྱི། འོག་མ་རྣམས་ཀྱི་སྤྱོད་ཡུལ་དུ་འགྱུར་
རམ་མི་འགྱུར་སྙམ་དུ་དོགས་པ་སྐྱེ་ན། དེའི་ལན་ནི་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པ་ཉིད་ཀྱི་ཚེ་ན་རྣམ་པར་མི་རྟོག་པར་སྔོན་གྱི་སྨོན་ལམ་གྱི་ཤུགས་དང་། ཆོས་ཉིད་ཀྱི་ལྷུན་གྱིས་གྲུབ་པ་ཉིད་དུ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུས་ཇི་ལྟར་སྣོད་དུ་གྱུར་པའི་སེམས་ཅན་གྱི་དོན་ཐམས་ཅད་དུ་
མཛད་དེ། དེ་བས་ན་གཞུང་ལས་ཐམས་ཅད་དུ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི་ཕྲིན་ལས་ཐམས་ཅད་དང་། གསུང་གི་ཕྲིན་ལས་ཐམས་ཅད་དང་། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཀུན་དུ་གསང་སྔགས་ཀྱི་ཚུལ་གྱི་ཚིག་འདི་དག་གིས་ཆོས་སྟོན་པར་
མཐོང་ཞེས་གསུངས་པ་ཡིན་ཏེ། དེ་ལ་མཐོང་བ་ནི་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་པའི་སྤྱོད་ཡུལ་དུ་གྱུར་པ་སྟེ། དེ་ཡང་རྣམ་པ་ཐམས་ཅད་དུ་མཐོང་བ་ནི་མ་ཡིན་མོད་ཀྱི། རང་གི་མཐུ་དང་སྤྱོད་ཡུལ་ཤས་ཆེ་ཆུང་གིས་བཅོམ་ལྡན་འདས་ཀྱི་སྐུ་ལ་སོགས་པའི་འཁོར་ལོ་མཐོང་བའམ་རྟོགས་པ་
เล่ม ๖๙ · หน้า 267b
ལ་བྱ་སྟེ། རྣམ་པ་ཐམས་ཅད་དུ་རྟོགས་ཤིང་མཐོང་ན་དེ་བཞིན་གཤེགས་པ་དང་བྱེ་བྲག་མེད་པར་གྱུར་པའི་ཕྱིར་རོ། །དེས་ན་འཕགས་པ་ཀུན་དུ་བཟང་པོ་ལ་སོགས་པ་དེ་རྣམས་ཉིད་བཤད་པའི་ཆོས་སུ་འཇུག་པའི་ཞར་ལ་སྔགས་རྒྱུད་དང་རྟོག་པ་ལ་སོགས་པའི་ཆོས་ཀྱི་བདག་ཉིད་རྣམས་ལ་ཞུགས་ནས་
བཤད་པའི་ཆོས་ཀྱི་རིམ་པར་བསྡུ་བར་མཛད་པས་ཇི་ལྟར་རྗེས་སུ་རྟོགས་པ་དེ་བསྟན་པར་ཡང་གསུངས་པ་ཡིན་ཏེ། ཐམས་ཅད་དུ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི་ཕྲིན་ལས་ཐམས་ཅད་དང་། གསུང་གི་ཕྲིན་ལས་ཐམས་ཅད་དང་ཐུགས་ཀྱི་ཕྲིན་ལས་ཐམས་ཅད་སེམས་ཅན་གྱི་ཁམས་ཐམས་ཅད་ལ་
ཀུན་དུ་གསང་སྔགས་བཤད་པར་བྱ་བ་སྟེ། ཐམས་ཅད་དུ་ཞེས་པ་ལ་དུས་ཞེས་ཁོང་ནས་དབྱུང་ངོ་། །དེས་ན་ཚིག་གི་དོན་ནི་འདི་ལྟ་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་དུས་དང་བྱང་ཆུབ་ཐོབ་པའི་དུས་སུ་ཤེས་པའོ། །དེ་ཅི་འདྲ་བ་ཞིག་གིས་ཤེ་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི་ཕྲིན་ལས་ཐམས་
ཅད་དང་། གསུང་གི་ཕྲིན་ལས་ཐམས་ཅད་དང་། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཅེས་གསུངས་པ་ཡིན་ཏེ། དེ་ལ་འདིར་སྐུའི་ཕྲིན་ལས་ལ་སོགས་པའི་ཚིག་གིས་བཅོམ་ལྡན་འདས་ཀྱི་ས་དང་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་པ་དང་། དེ་བཞིན་དུ་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་པ་སྐུ་དང་གསུང་དང་ཐུགས་ཀྱི་བྱ་བ་སྟེ་
ནན་ཏན་ནོ། །དེས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ལ་མཐུའི་ཁྱད་པར་བསགས་པ་གང་ཡིན་པ་དེ་ལ་ཕྲིན་ལས་ཞེས་བརྗོད་དོ། །དེ་ལྟ་བུའི་མཐུའི་མཚན་ཉིད་ལས་ཀྱི་དཀྱིལ་འཁོར་གྱི་ལྷའི་གཟུགས་སུ་གྱུར་པའི་སྤྱོད་པ་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཀུན་དུ་གསང་སྔགས་ཀྱི་ཚུལ་གྱི་ཚིག་དག་
གིས་ཆོས་སྟོན་པར་མཐོང་ཞེས་གསུངས་པ་ཡིན་ནོ། །དེ་ལ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཞེས་པ་ནི། འཇིག་རྟེན་གྱི་ཁམས་རབ་འབྱམ་ན་འགྲོ་བ་རིགས་དྲུག་ཏུ་གཏོགས་པའི་སེམས་ཅན་ལས་དང་ཉོན་མོངས་པའི་དབང་གིས་ཚེ་ཐོབ་པ་རྣམས་ལ་ཞེས་དགོངས་སོ། །ཀུན་དུ་ཞེས་པ་ནི་འཇིག་རྟེན་གྱི་
ཁམས་རབ་འབྱམ་ཐམས་ཅད་དུ་ཤེས་པར་བྱའོ། །གསང་སྔགས་ཀྱི་ཚུལ་གྱི་ཚིག་དག་གིས་ཆོས་སྟོན་པ་ཞེས་པ་དེ་ལ་ཤེས་པ་དང་སྐྱོབ་པར་ལྡན་པའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་སྔགས་སུ་གསུངས་ལ། དེ་དག་གི་རྣམ་པར་ཐར་པའི་སྒོ་ལ་སོགས་པའི་ཚིག་རྣམས་དང་། དེར་བྱིན་
เล่ม ๖๙ · หน้า 268a
གྱིས་བརླབ་པའི་ཡི་གེ་དང་ཚིག་རྣམས་ཀྱང་སྔགས་ཀྱི་ཚིག་ཏུ་གསུངས་སོ། །སྔགས་དེ་རྣམས་ཀྱི་རྒྱུ་དང་རང་བཞིན་དང་འབྲས་བུ་ཐོབ་པའི་ཐབས་ལམ་ནི་ཚུལ་ཏེ། དེ་གོ་ཞིང་རྟོགས་པར་བྱེད་པའི་ཆོས་ཀྱི་ཚིག་གོ། །དེ་ཉིད་ལ་སྔགས་ཀྱི་ཚིག་ཅེས་ཀྱང་གསུངས་སོ། །བཅོམ་ལྡན་འདས་ཀྱི་ཕྲིན་
ལས་སྔགས་ལ་སོགས་པའི་ལྷར་སྣང་བར་གྱུར་པ་དེ་རྣམས་ཀྱིས་གསང་སྔགས་ཀྱི་ཚུལ་གྱི་མཚན་ཉིད་བཤད་པའི་ཆོས་སྟོན་པར་ཀུན་དུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་མཐོང་ངོ་ཞེས་པའོ། །འདིས་ནི་དོན་རྣམ་པ་གསུམ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་ལ་
སོགས་པའི་ཕྲིན་ལས་རྣམས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་ལྷའི་གཟུགས་སུ་གྱུར་པ་དང་། དེ་ཡང་ཇི་ལྟར་སྣོད་དུ་གྱུར་པའི་གདུལ་བྱའི་འགྲོ་བ་འདུལ་ནུས་པས་རྗེས་སུ་མཐུན་པ་དང་། དེ་སྟོན་པའི་ཆོས་སྔགས་ཀྱི་ཚིག་ཏུའོ། །དོན་འདི་ཡང་བཅོམ་ལྡན་འདས་ཀྱིས་རྒྱུད་འདིར་གཞུང་འདི་གསལ་བར་བསྟན་ཏེ། དེ་
གསུངས་པ། བཅོམ་ལྡན་འདས་ཀྱི་རང་གི་སྐུ་ལ་སོགས་པ་ལས་ཀྱི་ལྷའི་གཟུགས་སུ་གྱུར་པའི་ཕྱིར་དེ་བཞིན་གཤེགས་པའི་ཐོགས་པ་མེད་པའི་སྟོབས་བཅུའི་མོས་པ་ལས་དུ་མའི་ཁ་དོག་དང་དབྱིབས་སུ་བཀོད་པའི་བདག་གི་ངོ་བོ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་སྦྱིན་པ་དང་། ཚུལ་ཁྲིམས་
དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསོད་ནམས་ལས་གྲུབ་པའི་ལུས་འབྱུང་ངོ་ཞེས་པ་ལ་སོགས་པའོ། །དེ་ཡང་བཅོམ་ལྡན་འདས་ཀྱི་སྐུ་ལ་སོགས་པའི་ལས་རྣམས་ལྷ་ལ་སོགས་པའི་གཟུགས་སུ་གྱུར་པ་དེ་ནི་ཅི་ཡང་རུང་བ་མ་ཡིན་གྱི། སེམས་ཅན་འདུལ་
ནུས་པར་སྣང་བའི་རང་བཞིན་ཁོ་ན་སྟེ། གང་གསུངས་པ། བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེ་ཉིད་ཀྱི་ཚེ། སེམས་ཅན་གྱི་ཁམས་མ་ལུས་པ་ངེས་པར་འབྱུང་བར་བྱེད་པའི་སྒོ་སྤུའི་བུ་ག་ཐམས་ཅད་ནས་བསམ་པ་ཇི་ལྟ་བ་བཞིན་ལས་དང་ཚེ་དང་རྣམ་པར་སྨིན་པའི་འབྲས་བུ་ཟ་བ་དང་ཟར་འཇུག་
པའི་གཟུགས་དང་། ཁ་དོག་དང་། དབྱིབས་དང་། ང་རོ་དང་། འགྲོ་བ་དང་། སྤྱོད་པ་དང་ངེས་པའི་ཚིག་བརྗོད་པ་སེམས་ཅན་ཐམས་ཅད་སོ་སོ་སོ་སོར་ཡང་དག་པར་མགུ་བར་བྱེད་པ་ཆོས་ཀྱི་དབྱིངས་ཀྱིས་རྣམ་པར་བསྐྱེད་པའི་སྐུ་རྣམས་བྱུང་བར་གྱུར་ཏོ། །བྱུང་ནས་ཀྱང་ནམ་མཁའ་དང་མཉམ་པའི་འཇིག་རྟེན་གྱི་
เล่ม ๖๙ · หน้า 268b
ཁམས་རབ་འབྱམ་རྣམས་སུ་སྒྲ་དབྱངས་གཅིག་གིས་ཆོས་ཀྱི་དབྱིངས་ཁྱབ་པར་རྣམ་པར་རིག་པར་བྱེད་པ། དེ་བཞིན་གཤེགས་པ་འབྱུང་བར་འགྱུར་བའི་ཚིགས་སུ་བཅད་པ་འདི་སྒྲོགས་པར་གྱུར་ཏོ་ཞེས་པ་ལ་སོགས་པ་དང་། དེ་བཞིན་དུ་དེ་དག་གིས་བཤད་པའི་ཚིག་སྔགས་ལ་སོགས་པར་བྱ་བའི་ཕྱིར་
དང་། དེར་བྱིན་གྱིས་བརླབ་པའི་ཕྱིར་གསུངས་པ། ཇི་ལྟར་ན་དེ་བཞིན་གཤེགས་པ་རྣམས་གསང་སྔགས་ཀྱི་ཚུལ་ཡིག་འབྲུ་དག་ཏུ་བྱིན་གྱིས་བརླབ་ཅེ་ན། གསང་བ་པའི་བདག་པོ་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་ཡང་དག་པར་བསྒྲུབ་པའི་བདེན་པའི་ཚིག་
གང་ཡིན་པ་དང་། འཕགས་པའི་བདེན་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་བདུན་དང་། ཚངས་པའི་གནས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་
པ་བཅོ་བརྒྱད་གང་དག་ཡིན་པ་དང་། གསང་བ་པའི་བདག་པོ་མདོར་ན་དེ་བཞིན་གཤེགས་པ་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ཡིན་པ་དེ་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་དང་། སྔོན་གྱི་སྨོན་ལམ་མཁྱེན་པའི་སྟོབས་དང་། ཆོས་ཀྱི་དབྱིངས་ཀྱི་བྱིན་
གྱིས་བརླབས་ནས་སེམས་ཅན་རྣམས་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་གསང་སྔགས་ཀྱི་ཆོ་ག་ཡང་དག་པར་རབ་ཏུ་སྟོན་ཏོ་ཞེས་པ་ལ་སོགས་པའོ། །དེ་ལ་ཆོས་ཀྱི་སྐུ་རྟོག་པ་ཐམས་ཅད་རབ་ཏུ་མེད་པར་གནས་པ་ལས་ཇི་ལྟར་ན་དེ་བཞིན་གཤེགས་པ་དེ་ལྟ་བུའི་སྔགས་ཀྱི་ལྷ་ཚོགས་འབྱུང་བར་འགྱུར་ཞེས་འགའ་ཞིག་
སྨྲ་ན་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་གསུངས་ཏེ། ལུས་ཀྱི་བྱེ་བྲག་ཇི་སྙེད་པ། །བརྗོད་པ་ལས་ནི་མང་དུ་འགྱུར། །དེ་བཞིན་སྔགས་ཀྱི་མགོན་པོ་ཡི། །བྱེ་བྲག་དག་ཀྱང་གྲངས་མེད་གསུངས། །ཇི་ལྟར་ཡིད་བཞིན་ནོར་བུ་ནི། །དཔལ་ལྡན་འདོད་པའི་དོན་སྒྲུབ་པ། །དེ་བཞིན་འཇིག་རྟེན་སྒྲོན་མ་ཡི། །སྐུ་ཡང་དོན་
རྣམས་ཐམས་ཅད་སྒྲུབ། །གསང་བ་པའི་བདག་པོ་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པ་ཇི་ལྟར་དགོས་པ་ཐམས་ཅད་མངོན་པར་སྒྲུབ་ཅེ་ན། གསང་བ་པའི་བདག་པོ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་ནི་སེམས་ཅན་ཡང་མ་ཡིན། སྲོག་ཀྱང་མ་ཡིན། ཤེད་ལས་སྐྱེས་པ་ཡང་མ་ཡིན། བྱེད་པ་པོ་
เล่ม ๖๙ · หน้า 269a
ཡང་མ་ཡིན། ཚོར་བ་པོ་ཡང་མ་ཡིན། གཟུང་བ་ཡང་མ་ཡིན། འཛིན་པ་ཡང་མ་ཡིན་ཞིང་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་མོད་ཀྱི། འོན་ཀྱང་སེམས་ཅན་གྱི་ཁམས་མ་ལུས་པ་རྣམ་པར་འགྲོ་བ་དང་འོང་བ་ལ་སོགས་པ་ཐམས་ཅད་བྱེད་དེ། འདི་ལ་ནི་དོགས་པ་མེད་དོ། །
དེ་བཞིན་རྣམ་པར་མི་རྟོག་པའི། །ཐམས་ཅད་མཁྱེན་པ་གནས་མེད་འདི། །འགྲོ་བ་རྣམས་ཀྱི་ཕྱི་དང་ནང་། །ཐམས་ཅད་ངེས་པ་ཉིད་དུ་སྒྲུབ། །ཅེས་སོ། །གསུང་འདི་ལ་ཡང་བཅོམ་ལྡན་འདས་ཀྱི་དགོངས་པ་འདི་ལྟ་བུ་ཡིན་པར་ཁོང་དུ་ཆུད་དེ། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ལ་རྣམ་པར་གནས་པ་ལ་རྣམ་པར་
རྟོག་པ་མེད་ཀྱང་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ལྷའི་ལུས་ལ་སོགས་པ་ཐམས་ཅད་དུ་རབ་ཏུ་སྣང་ན། དེ་ལ་རྣམ་པར་རྟོག་པའི་གོ་སྐབས་ག་ལ་ཡོད་ཅེས་སོ། །སེམས་ཅན་ལས་ཀྱི་ཚེ་རྣམ་པར་བསྐྱེད་པ་རྣམས་ཞེས་པ་ནས། རྣམ་པར་དག་པའི་ཚིག་དག་གིས་ཆོས་སྟོན་པ་དག་ཀྱང་མཐོང་ངོ་ཞེས་པའི་བར་བཤད་པར་བྱ་
སྟེ། དེ་ལ་རྡོ་རྗེ་འཛིན་པ་དང་། ཀུན་དུ་བཟང་པོ་དང་། ཕྱག་ན་པདྨོའི་ལུས་དང་འདྲ་བ་ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་བྱིན་གྱི་རླབས་སེམས་ཅན་ལས་ཀྱི་ཚེ་བསྐྱེད་པ་རྣམས་དང་། ལས་ཀྱི་ཚེ་བཀག་བ་རྣམས་ཡང་སྲིད་པའི་མྱུ་གུ་མངོན་པར་བསྐྱེད་
པའི་ཕྱིར་ཆོས་འཆད་དོ། །དེ་ལ་ལས་ཀྱིས་རྣམ་པར་བསྐྱེད་པ་ནི། མོས་པས་སྤྱོད་པའི་ས་ན་གནས་པ་ན་སེམས་གསུམ་སྦྱོང་བ་དང་ས་བཅུ་ལ་སོགས་པའི་ཡོན་ཏན་ཇི་ལྟ་བུ་ཡིན་པ་དེ་ངེས་པར་ཤེས་ཤིང་དེ་ལ་མོས་པས་ཉོན་མོངས་པ་ཀུན་ནས་མི་ལྡང་བར་རྣམ་པར་མནན་ཏེ། སེམས་སྦྱང་བ་ལ་
སོགས་པའི་དགེ་བའི་ལས་ཀྱི་དབང་གིས་ཇི་ལྟར་སྨོན་པ་བཞིན་དུ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་གང་འདོད་པར་སྐྱེ་བ་ནི་ལས་ཀྱི་ཚེ་རྣམ་པར་སྐྱེད་པ་ཡིན་ལ། དེ་ཡང་སེམས་དང་པོ་བསྐྱེད་པ་ནས་ས་བཅུ་པའི་བར་དུའོ། །དེ་ལ་སེམས་དང་པོ་བསྐྱེད་པ་ནི་ས་དང་པོ་རབ་ཏུ་དགའ་བ་ལ་བྱའོ། །
ལས་ཀྱི་ཚེ་བཀག་པ་ནི་འཕགས་པ་ཉན་ཐོས་ཉོན་མོངས་པའི་སྒྲིབ་པ་སྤངས་པ་རྣམས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ཚེ། པདྨོ་དམ་པའི་སྙིང་པོ་ལ་བསྐལ་པ་བརྒྱད་ཅུར་གནས་ནས། ཚེ་འགོག་པར་བྱེད་པ་དེ་ལ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་ཚེ་འགོག་པ་དེ་ལས་
เล่ม ๖๙ · หน้า 269b
བཟློག་སྟེ། ཡང་སྲིད་པའི་མྱུ་གུ་བསྐྱེད་ནས་ས་བཅུ་ལ་འཇུག་པ་དང་རྫོགས་པར་བྱ་བའི་ཕྱིར་ཆོས་འཆད་དོ། །འདི་ཉིད་ལ་ཡོངས་སུ་རྫོགས་པར་བྱ་བ་ཞེས་པ་ནི། སྔགས་ཀྱི་ཚིག་རྣམ་པར་དག་པ་འདི་ཉིད་ཀྱིས་ཞེས་བྱ་བར་དགོངས་ཏེ། སྔགས་ཀྱི་ཚིག་རྣམ་པར་དག་པ་ཞེས་པ་ནི་ཕྱག་ན་པདྨོ་
དང་ཕྱག་ན་རྡོ་རྗེ་ལ་སོགས་པའི་སྲས་སུ་གྱུར་པའི་སེམས་ཅན་རྣམས་དང་། ལས་ཀྱི་ཚེ་བཀག་པའི་སེམས་ཅན་རྣམས་ནི་སེམས་ཅན་ཕལ་པ་བཞིན་དུ་ཉོན་མོངས་པའི་དབང་དུ་མི་འགྲོ་ལ། དེ་རྣམས་ལ་ཆོས་བཤད་པ་ཡང་ས་དང་པོ་ནས་བརྩམས་ནས་ས་བཅུ་རྫོགས་པར་བྱ་བའི་ཕྱིར་རྣམ་
པར་དཀར་བའི་ཆོས་ཤ་སྟག་ཡིན་པས་སྔགས་ཀྱི་ཚིག་རྣམ་པར་དག་པའོ། །གཞུང་ལས། དེ་ནས་ཡང་བཅོམ་ལྡན་འདས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་འཁོར་འདུས་པ་དེ་ཉིད་ན་འདུག་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། བཅོམ་ལྡན་འདས་
ཡེ་ཤེས་འདིའི་རྒྱུ་ནི་གང་། རྩ་བ་ནི་གང་། མཐར་ཐུག་པ་ནི་གང་ལགས་ཞེས་པའི་བར་དུ་འབྱུང་བ་ལ། བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ལས་བྱུང་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སེམས་ཅན་རྣམས་ལ་རྣམ་པར་ཕྱེ་སྟེ་ཚུལ་སྣ་ཚོགས་དང་། ཐབས་
སྣ་ཚོགས་ཀྱིས་བཤད་པ་དེ་དག་ཇི་ལྟར་མཐོང་བ་བཅོམ་ལྡན་འདས་ལ་སླར་བཟླས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའི་རྒྱུ་དང་རྩ་བ་དང་མཐར་ཐུག་པ་དྲིས་པ་ཡིན་གྱི། ཇི་ལྟར་ཞེས་པ་དང་འོག་ནས་འབྱུང་བའི་ཚིག་རྣམས་ནི་དྲི་བ་མ་ཡིན་ཏེ། དེ་རྣམས་བདག་གིས་ཇི་ལྟར་རྟོགས་པ་རྣམས་
གསོལ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་དང་རྩ་བ་དང་མཐར་ཐུག་པ་དྲི་བའི་སྤྱིར་སྨོས་པའོ། །དེ་ལ་བཅོམ་ལྡན་འདས་དང་དེ་བཞིན་གཤེགས་པ་ནི་གོང་དུ་བཤད་ལ། དགྲ་བཅོམ་པ་ནི་ཉོན་མོངས་པའི་དགྲ་བཅོམ་པའམ་མཆོད་པར་འོས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་
རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཞེས་པ་ནི་སྙིང་པོ་བྱང་ཆུབ་ན་ཡང་དག་པར་བཞུགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཀུན་རྫོབ་དང་དོན་དམ་པ་རྣམ་པ་གཉིས་ཏེ། ཀུན་རྫོབ་ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་
เล่ม ๖๙ · หน้า 270a
པ་རྣམ་པ་ཐམས་ཅད་མཁྱེན་པའོ། །དོན་དམ་པ་ནི་སྟོང་པ་ཉིད་དུ་མཁྱེན་པའོ། །རྣམ་པར་ཕྱེ་སྟེ་ཞེས་པ་ནི་སོ་སོར་བཤགས་པའི་དོན་ཏེ་ཐམས་ཅད་མཁྱེན་པར་རོ་གཅིག་ཏུ་གྱུར་ཅིང་རྫོགས་པའི་མཚན་ཉིད་ནི་འོག་ནས་འཆད་དོ། །མི་དང་ལྷར་སྐྱེ་བ་ལ་སོགས་པ་འཇིག་
རྟེན་པའི་དགེ་བ་བཅུ་གྲུབ་པ་དང་། ཉན་ཐོས་ལ་སོགས་པ་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པའི་ཆའོ། །ཇི་ལྟར་ཞེ་ན། འཇིག་རྟེན་པའི་བསོད་ནམས་ཀྱང་ཐམས་ཅད་མཁྱེན་པར་འགྱུར་བའི་བརྒྱུད་པའི་རྒྱུ་སྟེ། ཐམས་ཅད་མཁྱེན་པའི་ཆ་ཤས་ཡོད་པས་ན་རྒྱུར་འགྱུར་ལ། གཞན་ཡང་དངོས་དང་
བརྒྱུད་པ་ནས་བརྒྱུད་པའི་རང་བཞིན་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་ཚོགས་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བསགས་པ་དེ་ལྷུན་གྱིས་གྲུབ་པ་ཉིད་དུ་སེམས་ཅན་རྣམས་ལ་རྣམ་པར་ཕྱེ་བ་ནི་ཚུལ་ལ་སོགས་པ་སྣ་ཚོགས་སུ་བསྟན་པ་སྟེ། དེ་ལ་ཚུལ་སྣ་
ཚོགས་ཞེས་པ་ནི། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པའི་ཚུལ་ཞེས་པ་ནས་མངོན་པར་ཤེས་པ་ལྔའི་ཚུལ་གྱི་བར་ཏེ། དེ་རྣམས་སོ་སོའི་རྣམ་པར་གྲོལ་བའི་ལམ་ལ་བྱའོ། །བསམ་པ་སྣ་ཚོགས་ཤེས་པ་ནི་ཁ་ཅིག་ལ་ནི་ལྷར་སྐྱེ་བར་བྱ་བ་ཞེས་པ་ནས་མིའམ་ཅིའི་བར་དུ་སྐྱེ་བར་བྱ་བའི་ཕྱིར་ཆོས་སྟོན་ཞེས་
པའི་བར་ཏེ། དེ་རྣམས་སུ་སྐྱེ་བར་འདོད་པའི་བསམ་པ་དང་རྗེས་སུ་མཐུན་པར་ཆོས་འཆད་པ་ལ་བྱའོ། །ཐབས་སྣ་ཚོགས་ཀྱི་ཚུལ་གྱིས་ཆོས་སྟོན་ཞེས་པ་ནི། དེ་ལ་སེམས་ཅན་ལ་ལ་སངས་རྒྱས་ཀྱིས་གདུལ་བར་བྱ་བ་དག་གིས་ནི་སངས་རྒྱས་ཀྱི་གཟུགས་སུ་མཐོང་ཞེས་པ་ནས་སྤྱོད་ལམ་རྣམ་པ་སྣ་ཚོགས་སུ་
བཞུགས་པར་མཐོང་ལ་ཞེས་པའི་བར་ཏེ། ཚུལ་སྣ་ཚོགས་དང་བསམ་པ་སྣ་ཚོགས་འཆད་པ་ཡང་ཐབས་ཡིན་མོད་ཀྱི། དེ་དག་ཉིད་སངས་རྒྱས་ལ་སོགས་པའི་སྐུས་སེམས་ཅན་དེ་དག་གི་རང་རང་གི་སྐད་ཀྱི་ཚུལ་དུ་སྨྲ་ཞིང་། སོ་སོའི་སྤྱོད་ལམ་དུ་རྣམ་པར་གནས་པར་སྟོན་པས་ན་ཐབས་ཀྱི་ཡང་ཐབས་
སུ་བལྟའོ། །སྤྱོད་ལམ་རྣམ་པ་སྣ་ཚོགས་སུ་ཞེས་པ་ནི་སངས་རྒྱས་དང་ཉན་ཐོས་ལ་སོགས་པས་འདུལ་བའི་སེམས་ཅན་དེ་དག་གི་སྤྱོད་ལམ་དང་རྗེས་སུ་མཐུན་པའི་གཟུགས་སུ་འགྱུར་ཞིང་སྟོན་པ་ལ་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་འདི་ལྟར། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་
เล่ม ๖๙ · หน้า 270b
བའི་རོར་རོ་གཅིག་པ་ལགས་སོ་ཞེས་པ་ནི་དེ་ལྟར་ཚུལ་སྣ་ཚོགས་དང་། བསམ་པ་དང་ཐབས་སྣ་ཚོགས་ཀྱི་སྒོ་ནས་རྣམ་པ་ཐ་དད་པ་དུ་མར་སྤྲོས་པ་ཡང་ཐུན་མོང་དུ་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ། རྟོག་པའི་བག་ཆགས་ཀྱི་གནས་ལས་ཤིན་ཏུ་འདས་པའི་མཚན་
ཉིད་དུ་རོ་གཅིག་ཏུ་འགྱུར་བ་ནི། དཔེར་ན་བུ་རམ་ཤིང་རྣམ་པ་མང་པོའི་ཁུ་བ་ལས་བུ་རམ་དུ་བྱས་ན་བུ་རམ་ཤིང་དེ་རྣམས་ཀྱི་སོ་སོའི་རོར་དབྱེར་མེད་དེ་རོ་གཅིག་པ་དང་འདྲའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན། ནམ་མཁའི་ཁམས་ནི་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ་ཞེས་པ་
ནས་ལྷ་དང་བཅས་པའི་འཇིག་རྟེན་རབ་ཏུ་སིམ་པར་བགྱིད་པ་ལགས་ཞེས་པའི་བར་གྱིས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའི་རང་བཞིན་ཕུན་སུམ་ཚོགས་པ་དང་མངོན་པར་མཐོ་བའི་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་སྤོང་བ་ཕུན་སུམ་ཚོགས་པ་དང་། ངེས་པར་ལེགས་པ་ཐོབ་པའི་གཞན་གྱི་དོན་
ཕུན་སུམ་ཚོགས་པ་ཐོབ་པར་དཔེ་དག་གིས་བསྟན་ཏེ། དཔེ་དག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ལྷུན་གྱིས་གྲུབ་པ་ཉིད་དུ་རྣམ་པར་མི་རྟོག་མི་དཔྱོད་པར་ཚུལ་སྣ་ཚོགས་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པར་ཡང་བསྟན་ཏོ། །དེ་ལ་ནམ་མཁའི་དཔེས་
ནི་རང་བཞིན་ཕུན་སུམ་ཚོགས་པ་བསྟན་ཏེ། ནམ་མཁའ་ཇི་ལྟར་རྟོག་པ་དང་དཔྱོད་པའི་བག་ཆགས་ཀྱི་གནས་མེད་པ་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ལ་རྟོག་པ་དང་རྣམ་པར་རྟོག་པ་མེད་དེ། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་མེད་ཅེས་པའི་དོན་ཏོ། །དེ་ལ་དེ་ལྟར་ཐམས་ཅད་མཁྱེན་པའི་
ཡེ་ཤེས་རྣམ་པར་མི་རྟོག་ཅིང་སེམས་པ་མེད་པ་ཡིན་ན། སེམས་པ་མེད་པར་ཇི་ལྟར་ལུས་ལ་སོགས་པའི་རྒྱུན་འབྱུང་ཞིང་སེམས་ཅན་གྱི་དོན་བྱེད་སྙམ་དུ་དོགས་པ་ལ་སའི་དཔེས་རྣམ་པར་མི་རྟོག་བཞིན་དུ་མངོན་པར་མཐོ་བའི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བྱེད་པར་བསྟན་ཏེ། དེ་ལ་ས་ནི་རྟོག་པ་དང་རྣམ་པར་
རྟོག་པ་མེད་བཞིན་དུ་རྩ་བ་དང་འབྲས་བུ་དང་། མེ་ཏོག་ལ་སོགས་པས་སེམས་ཅན་ཐམས་ཅད་ཀྱི་གསོས་སུ་འགྱུར་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་རྟོག་པ་དང་རྣམ་པར་རྟོག་པ་མེད་བཞིན་དུ་སྔགས་ཀྱི་ལྷ་ལ་སོགས་པའི་སྒོར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་ཀྱང་སྔགས་ཀྱི་ལྷ་
เล่ม ๖๙ · หน้า 271a
ལ་སོགས་པ་བསྙེན་ཅིང་བཟླས་པ་ལ་སོགས་པའི་སྒོ་ནས་མཉེས་པར་བྱས་པས་མངོན་པར་མཐོ་བའི་མཚན་ཉིད་མི་དང་ལྷའི་ལོངས་སྤྱོད་ལ་སོགས་པ་ཐོབ་པར་འགྱུར་རོ། །མེའི་དཔེས་ནི་སྤོང་བ་ཕུན་སུམ་ཚོགས་པ་བསྟན་ཏེ། ཇི་ལྟར་མེས་རྩི་ཤིང་ལ་སོགས་པ་ཐམས་ཅད་
བསྲེགས་ཀྱང་སྲེག་པར་འགྱུར་བའི་མཐུ་མི་ཟད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་མི་ཤེས་པའི་བུད་ཤིང་ཐམས་ཅད་སྲེག་སྟེ། རྒྱུའི་ཚེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རིམ་གྱིས་མི་ཤེས་པ་ལ་སོགས་པ་ཉོན་མོངས་པ་མི་མཐུན་པའི་ཕྱོགས་རྣམས་
སེལ་ཞིང་མེད་པར་བྱེད་པ་ནི་བུད་ཤིང་སྲེག་པའོ། །གཉིས་སུ་ན་འབྲས་བུའི་ཚེ་ཐམས་ཅད་མཁྱེན་པ་ཉིད་ནི་མི་ཤེས་པ་མེད་པའི་མཚན་ཉིད་ཡིན་པས་ན་མི་ཤེས་པའི་བུད་ཤིང་སྲེག་པའི་རང་བཞིན་ནོ། །དེས་གོང་མའི་སྤོང་བ་ཕུན་སུམ་ཚོགས་པ་དེ་ཉིད་ཀྱང་དེས་བག་ཆགས་ཐམས་ཅད་མ་ལུས་པར་སྤོང་ངོ་། །
ཞེས་རླུང་གི་དཔེ་འོག་མས་བསྟན་ཏེ། དེ་བས་ན་རླུང་གི་ཁམས་ནི་རྡུལ་ཐམས་ཅད་སེལ་བར་བགྱིད་པ་ལགས་སོ་ཞེས་གསུངས་སོ། །དེ་ལ་རྡུལ་ནི་ཕྲ་བའི་མཚན་ཉིད་དེ། དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མི་ཤེས་པའི་བག་ཆགས་ཕྲ་མོའི་མཐར་ཐུག་པ་སྤངས་པ་ལ་བྱའོ། །ཆུའི་དཔེས་ནི་ངེས་
པར་ལེགས་པའི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། ཇི་ལྟར་ཆུ་དེས་ཚ་བ་ལ་སོགས་པས་གདུངས་པའི་སེམས་ཅན་གྱི་ལུས་སིམ་པར་བྱེད་པ་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་གདུངས་
པ་ཞི་བར་བྱེད་པ་ངེས་པར་ལེགས་པའི་མཚན་ཉིད་མྱ་ངན་ལས་འདས་པ་ལ་སྦྱོར་ཞིང་རྫོགས་པར་བྱེད་པས་ན། ལྷ་དང་བཅས་པའི་འཇིག་རྟེན་རབ་ཏུ་སིམ་པར་བགྱིད་པ་ལགས་ཞེས་པའོ། །དེ་དག་ནི་ཐམས་ཅད་མཁྱེན་པའི་ཚུལ་སྔོན་ཆད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལས། ཕྱག་ན་རྡོ་རྗེ་བདག་ཉིད་
ཀྱིས་འདི་ལྟར་རྟོགས་སོ་ཞེས་གསོལ་བ་སྟེ་བདག་ཉིད་ཀྱིས་རྟོགས་པར་བསྟན་པ་ཡང་ཆོས་གསུང་བ་པོ་སྤྲོ་བ་བསྐྱེད་པའི་ཕྱིར་ཡིན་ནོ། །དེ་དག་གི་རང་བཞིན་དེ་ལྟར་རྟོགས་མོད་ཀྱི་དེ་དག་གི་རྒྱུ་གཙོ་བོའི་རྒྱུ་དང་། རྒྱུའི་རྒྱུ་དང་མཐར་ཕྱིན་པར་བྱེད་པའི་རྒྱུ་གང་ལགས་ཞེས་དྲིས་པ་ནི་འདིའི་རྒྱུ་ནི་གང་། རྩ་བ་ནི་གང་། མཐར་
เล่ม ๖๙ · หน้า 271b
ཐུག་པ་ནི་གང་ལགས་ཞེས་བྱ་བ་ཡིན་ནོ། །དེ་ལ་འཕགས་པ་ཕྱག་ན་རྡོ་རྗེས་ཚུལ་སྣ་ཚོགས་ལ་སོགས་པ་དང་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་རོར་རོ་གཅིག་པར་རྟོགས་པ་དེ་ཅི་རྟོགས་པའི་ཤེས་རབ་ཀྱིས་སམ། ཐོས་པའི་ཤེས་རབ་ཀྱིས་ཤེས། གལ་ཏེ་རྟོགས་པའི་ཤེས་རབ་ཀྱིས་ཤེས་ན་ནི་དེ་བཞིན་
གཤེགས་པ་དང་ཁྱད་པར་མེད་ལ། ཐོས་པའི་ཤེས་རབ་ཀྱིས་ཤེས་ན་ཡང་སེམས་ཅན་ཐ་མལ་པ་དང་འདྲ་བར་འགྱུར་རོ་སྙམ་དུ་དོགས་ན། ལན་ནི་ཤེས་རབ་དེ་གཉི་གས་ཤེས་པ་ལ་ཉེས་པ་མེད་དེ། བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པའི་རྒྱན་ལ་སོགས་པ་ལ་འཇུག་པ་ན་རང་གི་མཐུ་དང་འཚམ་པའི་སྤྱོད་ཡུལ་གྱིས་
ཤེས་ཀྱི། བཅོམ་ལྡན་འདས་ལྟར་རྣམ་པ་ཐམས་ཅད་དུ་ཤེས་པ་ནི་མ་ཡིན་པས་ཁྱད་པར་མེད་པར་མི་འགྱུར་ལ་ཐོས་པ་ཡང་རྟོགས་པ་གཙོ་བོར་གྱུར་པ་ཡིན་གྱི། སེམས་ཅན་ཐ་མལ་པ་ལྟར་ཐོས་པ་ཙམ་གཙོ་བོར་གྱུར་པ་མ་ཡིན་པས་སེམས་ཅན་ཐ་མལ་པ་དང་ཁྱད་པར་མེད་པར་མི་འགྱུར་རོ། །གཉིས་སུ་ན་
རྟོགས་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་དུ་ཤེས་ན་ཡང་ཉེས་པ་མེད་དེ་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་ཕ་རོལ་གྱི་སེམས་ཤེས་པ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམ་པ་ཐམས་ཅད་དུ་ཤེས་པར་འགྱུར་རོ། །དེ་ལ་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་ཐམས་ཅད་མཁྱེན་པའི་ཡེ་
ཤེས་དེའི་རྒྱུ་དང་རྩ་བ་དང་མཐར་ཐུག་པ་དྲིས་པ་ལ་ལེགས་སོ་ཞེས་བྱ་བའི་ཚིག་ལན་གསུམ་གསུངས་པ་ལས་སྔ་མ་ནི་དོན་བཟང་པོ་དྲིས་པས་མཉེས་ཤིང་བསྟོད་པའི་ཚིག་ཡིན་ལ། གཉིས་པ་ནི་དྲི་བའི་ཚིག་དེ་ཉིད་ལེགས་པ་ལ་བྱ་ཞིང་། ཐ་མ་གཅིག་ནི་ཕྱག་ན་རྡོ་རྗེ་ལ་བྱ་སྟེ། དེ་ལྟ་བུའི་དོན་བཟང་པོ་
འདྲི་ཞིང་སེམས་ཅན་ལ་ཕན་གདགས་པའི་ཕྱིར་དྲིས་པ་ལེགས་སོ་ཞེས་གསུངས་པའོ། །ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་ཅེས་བྱ་བས་ནི་སྣོད་བཞི་ལས་བཟློག་པར་གསུངས་ཏེ། ཉོན་ཅིག་ཅེས་པ་ནི་སྣོད་ཁ་སྦུབ་པ་ལས་བཟློག་པའོ། །ལེགས་པར་ཞེས་པ་ནི་སྣོད་གློ་རྡོལ་ཅན་ལས་བཟློག་
པའོ། །ཤིན་ཏུ་ཞེས་པ་ནི་སྣོད་མི་གཙང་བ་ལས་བཟློག་པའོ། །ཡིད་ལ་ཟུང་ཤིག་ཅེས་པས་ནི་སྣོད་ཞབས་རྡོལ་ལས་བཟློག་པའོ། །རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ། །མཐར་ཐུག་པ་ནི་ཐབས་སོ་ཞེས་པ་དེ་ལ་བྱང་ཆུབ་ཀྱི་སེམས་ལ་ཡང་རྣམ་པ་གཉིས་ཏེ། བྱང་ཆུབ་ཀྱི་ཕྱིར་སེམས་
เล่ม ๖๙ · หน้า 272a
པ་དང་། བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་སོ། །བྱང་ཆུབ་ཀྱི་ཕྱིར་སེམས་པ་ནི་སྨོན་པ་དང་འཇུག་པའི་སེམས་དག་ཀྱང་ཡིན་མོད་ཀྱི་སྐབས་འདིར་དང་པོའི་བྱང་ཆུབ་ཀྱི་སེམས་ལ་བྱ་སྟེ། ས་དང་པོའི་སེམས་དེ་མངོན་པར་བྱང་ཆུབ་པའི་སྙིང་པོར་སྦྱོར་བའི་ཕྱིར་རོ། །བྱང་ཆུབ་ཀྱི་རང་བཞིན་
གྱི་སེམས་ཀྱང་འདི་ལྟ་སྟེ། ས་དང་པོའི་བྱང་ཆུབ་ཀྱི་སེམས་དེ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་རང་བཞིན་ཡིན་པས་མངོན་པར་བྱང་ཆུབ་པའི་སེམས་དང་རང་བཞིན་གཅིག་པའི་ཕྱིར་རོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུའི་གཙོ་བོར་རིག་པར་བྱའོ། །སྙིང་རྗེ་
ནི་རྩ་བ་སྟེ། སེམས་ཅན་སྡུག་བསྔལ་བས་གདུངས་པ་ལས་བྲལ་བའི་ཕྱིར་སྙིང་རྗེའི་སྒོ་ནས་སྨོན་ལམ་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ། དེ་བས་ན་སྙིང་རྗེ་དེ་བྱང་ཆུབ་ཀྱི་སེམས་ཀྱི་རྩ་བར་གྱུར་པས་ན་རྒྱུའི་ཡང་རྒྱུར་བལྟའོ། །གཉིས་སུ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྟན་པར་གནས་པར་བྱེད་
པའི་ཕྱིར་རྩ་བ་ཞེས་བྱ་སྟེ། ཐུགས་རྗེའི་གཟུངས་ཀྱིས་ལྷག་མ་མ་ལུས་པའི་མྱ་ངན་ལས་མི་འདའ་བར་དུས་ཐམས་ཅད་དུ་མི་གནས་པའི་མྱ་ངན་ལས་འདས་པར་གནས་ཤིང་ཀུན་རྫོབ་དང་དོན་དམ་པའི་ཡེ་ཤེས་བརྟེན་པ་སྟེ་སྡོང་པོའི་རྩ་བ་ལྟར་བརྟེན་པར་བྱེད་པས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩ་བའོ། །མཐར་
ཐུག་པ་ནི་ཐབས་སོ་ཞེས་པ་ལ། ཐབས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྫོགས་པར་སྦྱོར་བའི་མཐར་ཐུག་པར་དེ་དག་གིས་སྟོན་པས་ན་མཐར་ཐུག་པར་བལྟའོ། །དེ་ལ་ཐམས་ཅད་མཁྱེན་པའི་རྒྱུ་བྱང་ཆུབ་ཀྱི་སེམས་སོ་ཞེས་བྱ་ན། བྱང་ཆུབ་ཉིད་གང་ཡིན་མི་
ཤེས་པ་བསྟན་པའི་ཕྱིར། གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་གང་ཞེ་ན་ཞེས་བྱ་བ་ནས་འདི་ལྟ་སྟེ་ནམ་མཁའི་མཚན་ཉིད་དོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །གོང་དུ་བྱང་ཆུབ་ཀྱི་སེམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུར་བཤད་པ་དེའི་བྱང་ཆུབ་ཀྱི་རང་བཞིན་བཤད་པ་ལ་བྱའོ། །གསང་བ་
པའི་བདག་པོ་དེ་ལ་བྱང་ཆུབ་གང་ཞེ་ན། གང་གི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ་ཞེས་པ་ལ་གང་ཞེ་ན་ཞེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའི་བྱང་ཆུབ་རྣམས་ལས་གང་ཡིན་ཞེས་པ་ལ་མི་བྱའི་བྱང་ཆུབ་དེ་ཅི་འདྲ་བ་ཞིག་ཡིན་ཞེས་པ་ལ་བྱའོ། །རང་གི་སེམས་ཡང་དག་པ་ཇི་
เล่ม ๖๙ · หน้า 272b
ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ནི་སྦྱོར་བའི་སེམས་ཀྱིས་བུམ་པ་ལ་སོགས་པའི་རྣམ་པར་མཐོང་བ་དེ་སེམས་ཀྱི་སྐད་ཅིག་མ་ཕྱི་མས་བུམ་པ་ལ་སོགས་པའི་རྣམ་པ་དེ་ཡང་དག་པ་མ་ཡིན་པར་སུན་ཕྱུང་ནས་དེ་ལྟར་གཟུང་བའི་ཆ་སུན་ཕྱུང་སྟེ་མེད་ན་འཛིན་པའི་ཆ་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟར་གཟུང་བ་དང་འཛིན་
པའི་རང་བཞིན་དང་བྲལ་བ་ཡོངས་སུ་དག་པ་རྣམ་པ་མེད་པ་རང་བཞིན་གྱིས་དག་པར་ཤེས་པ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །དེ་བཞིན་དུ་གཞུང་གཞན་ལས་ཀྱང་། ཡེ་ཤེས་བཞི་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་བྱང་ཆུབ་ཏུ་བཤད། མེ་ལོང་ལྟ་བུའི་ཡེ་ཤེས་དང་སོ་
སོར་རྟོག་པ་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བཤད་པར་རིག་པར་བྱའོ། །དེ་ལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་པ་ལ་བླ་ན་མེད་པ་ནི་བྱང་ཆུབ་དེའི་གོང་ན་དེ་ལས་ལྷག་པའི་བྱང་ཆུབ་གཞན་མེད་པའོ། །ཡང་དག་པར་བྱང་ཆུབ་པ་ནི་ཕྱིན་ཅི་མ་ལོག་
པར་བྱང་ཆུབ་པ་ལ་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་དག་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་ཀྱང་ཤེས་བྱའི་སྒྲིབ་པ་མ་སྤངས་པས་ཕྱོགས་གཅིག་ཕྱིན་ཅི་ལོག་པ་ནི་མ་ཡིན་གྱི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀ་སྤངས་པས་ཡང་དག་པར་བྱང་ཆུབ་པའོ། །རྫོགས་པར་བྱང་ཆུབ་པ་ནི་ཀུན་ཏུ་བྱང་
ཆུབ་པ་ཞེས་བྱ་སྟེ་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པའི་བག་ཆགས་ཀྱི་མཐར་ཐུག་པ་མ་ལུས་པར་སྤངས་པས་ན་ཀུན་དུ་བྱང་ཆུབ་པ་ཞེས་བྱའོ། །གཉིས་སུ་ན་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ནི་ཀུན་རྫོབ་དང་དོན་དམ་པའི་ཆོས་རྣམས་རྣམ་པ་ཐམས་ཅད་དུ་སྟོང་པར་ཤེས་པ་ལ་བྱའོ། །གསང་
བ་པའི་བདག་པོ་དེ་ལ་ཆོས་ནི་རྡུལ་ཙམ་ཡང་མེད་ཅིང་མི་དམིགས་སོ་ཞེས་པ་ནི། བྱང་ཆུབ་དེ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། གཟུང་བ་དང་འཛིན་པའི་ཆོས་ཀྱི་རང་བཞིན་བག་ཆགས་ཙམ་ཡང་མེད་པས་བྱང་ཆུབ་དེ་ཉིད་འཛིན་པའི་རང་བཞིན་དུ་མེད་ཅིང་དམིགས་སུ་མེད་དོ་ཞེས་པ་ནི་དམིགས་པའི་ཡུལ་
མ་ཡིན་པས་གཟུང་བའི་རང་བཞིན་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་དེ་ནི་ནམ་མཁའི་མཚན་ཉིད་དེ། །ཞེས་པ་ནི་དེ་ལ་ནམ་མཁའི་མཚན་ཉིད་ནི་རྟག་པ་དང་མི་འགྱུར་བ་དང་སྟོང་པ་ལ་སོགས་པའི་མཚན་ཉིད་ཀྱང་ཡིན་མོད་ཀྱི། སྐབས་འདིར་གཟུང་བ་དང་འཛིན་པ་རང་བཞིན་མེད་པ་ལ་བྱ་སྟེ། དེ་བས་
เล่ม ๖๙ · หน้า 273a
ན་དེ་བསྟན་པའི་ཕྱིར་དེ་ལ་བྱང་ཆུབ་པར་བྱེད་པ་ཡང་མེད་ལ། བྱང་ཆུབ་པར་བྱ་བ་འགའ་ཡང་མེད་དོ་ཞེས་གསུངས་ཏེ། བྱང་ཆུབ་པར་བྱེད་པ་ནི་འཛིན་པའོ། །བྱང་ཆུབ་པར་བྱ་བ་ནི་གཟུང་བ་སྟེ། བྱང་ཆུབ་དེ་ལ་གཟུང་བ་དང་འཛིན་པ་གང་ཡང་མེད་པའི་ཕྱིར་རོ། །
དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ལ་མཚན་ཉིད་མེད་པའི་ཕྱིར་ཏེ་ཞེས་པ་ནི་བྱང་ཆུབ་དེ་སྔོན་པོ་དང་སེར་པོ་ལ་སོགས་པའི་ཁ་དོག་དང་དབྱིབས་ལ་སོགས་པའི་རྣམ་པའི་མཚན་མ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱང་མཚན་ཉིད་མེད་ཅེས་པ་ལ་སོགས་པ་ལ་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་
སུ་ཤེས་པ་དེ་བྱང་ཆུབ་པོ་ཞེས་བཤད་ན། སེམས་ལས་གཞན་པའི་ཆོས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་མ་ཡིན་ནམ་ཞེ་ན། ཇི་ལྟར་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ཤིང་མཚན་ཉིད་མེད་པ་ལ་སོགས་པར་བཤད་པ་བཞིན་དུ་ཆོས་ཐམས་ཅད་ཀྱང་མཚན་ཉིད་མེད་དེ་ནམ་
མཁའ་བཞིན་ཞེས་པའོ། །ཡང་ན་ཆོས་ཐམས་ཅད་མཚན་ཉིད་མེད་པ་ནམ་མཁའི་མཚན་ཉིད་དེ་ཉིད་བྱང་ཆུབ་མཚན་ཉིད་མེད་པའོ་ཞེས་བཤད་དོ། །དེ་ལ་ཆོས་ནི་སེམས་ལས་གཞན་པའི་ཕུང་པོ་ལ་སོགས་པའོ། །འདི་ལྟ་སྟེ་ནམ་མཁའི་མཚན་ཉིད་དོ་ཞེས་པ་ནི་ནམ་མཁའ་ལ་མཚན་ཉིད་མེད་
པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ནི་གང་ནས་ཡོངས་སུ་བཙལ་བར་བགྱི། གང་གིས་ནི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བགྱི་ལགས་ཞེས་པ་ནས། གསང་བ་པའི་བདག་པོ་འདི་ནི་
བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་སྒོ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཆོས་སྣང་བའི་ཚུལ་དང་པོ་སྟེ་ཞེས་པའི་བར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། བྱང་ཆུབ་མངོན་པར་རྫོགས་པར་བྱ་བའི་ཕྱིར་འཇུག་པའི་ཐབས་དྲིས་པ་དང་། དེ་གཉིས་རང་གི་སེམས་ལས་བཙལ་བའི་
ཐབས་བསྟན་པ་ལ་བྱའོ། །དེ་ལ་ཐམས་ཅད་མཁྱེན་པ་གང་ནས་བཙལ་བ་དང་། གང་གིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་པ་ནི་དེ་ལ་ཇི་ལྟར་འཇུག་ཅེས་དྲིས་པའོ། །བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ནི་རང་གི་སེམས་ལས་ཡོངས་སུ་བཙལ་བར་བྱའོ་ཞེས་པ་ནི་ནམ་རང་གི་སེམས་
เล่ม ๖๙ · หน้า 273b
ཉིད་གཟུང་བ་དང་འཛིན་པའི་རང་བཞིན་གྱི་རྣམ་པར་རྟོག་པ་འཕྲོ་བའི་བག་ཆགས་སྤངས་ཏེ་རྣམ་པར་དག་པ་ན། རང་བཞིན་གྱིས་འོད་གསལ་བ་སོ་སོ་རང་གིས་རིག་པ་མི་གཡོ་བ་ཡེ་ཤེས་ཀྱི་སྣང་བའི་མཚན་ཉིད་བྱང་ཆུབ་དང་ཐམས་ཅད་མཁྱེན་པའི་རང་བཞིན་དུ་འགྱུར་ཞེས་པའི་དོན་ཏོ། །སེམས་ལ་ཇི་ལྟར་བརྟགས་
པས་དོན་དེ་ཤེས་པར་འགྱུར་ཞེ་ན། དེ་ལ་རྟོག་པའི་གང་ཟག་ཀྱང་རྣམ་པ་གཉིས་ཏེ། དབང་པོ་ལས་འདས་པའི་ཡེ་ཤེས་དང་ལྡན་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འོག་མའི་ལྟ་བ་ཅན་འགྲོ་བ་ཐ་དད་པ་རྣམས་སོ། །དེ་ལ་འགྲོ་བ་ཐ་དད་པས་བརྟགས་པ་ནི་དེའི་ནང་ན་ཡང་མེད་ཕྱི་རོལ་ན་
ཡང་མེད་གཉིས་ཀའི་བར་ན་ཡང་མི་དམིགས་སོ་ཞེས་གསུངས་ཏེ། ཕྱི་ནི་གཟུང་བ། ནང་ནི་འཛིན་པ། བར་ནི་དེ་གཉིས་ཀའི་བར་དེ་ན་ཡང་སེམས་མི་དམིགས་སོ་ཞེས་པའོ། །དབང་པོ་ལས་འདས་པའི་ཡེ་ཤེས་དང་ལྡན་པ་རྣམས་ཀྱིས་ཀྱང་སེམས་ཁ་དོག་དང་། དབྱིབས་དང་། ཁམས་དང་། རྒྱུད་
དང་། གནས་པ་སྟེ་རྣམ་པ་ལྔའི་དངོས་པོར་མི་དམིགས་ཏེ་དེ་བས་ན་སྔོན་པོར་མ་ཡིན་ཞེས་པ་ནས་ལུས་ལ་མ་ཡིན་ཡིད་ལ་མི་གནས་སོ་ཞེས་པའི་བར་དུ་གསུངས་ཏེ། མ་གཟིགས་ཞེས་པ་ནི་འདས་པ་དང་། མི་དམིགས་ཞེས་པ་ནི་ད་ལྟར་གྱི་དུས་ན་ཡང་མ་གཟིགས་པའོ། །གཟིགས་པར་མི་འགྱུར་ཞེས་པ་ནི་
མ་འོངས་པའི་དུས་ན་ཡང་གཟིགས་པར་མི་འགྱུར་བའོ། །སྔོན་པོར་མ་ཡིན་ཞེས་པ་ནས་ཤེལ་གྱི་ཁ་དོག་ཏུ་མ་ཡིན་ཞེས་པའི་བར་དུ་ནི་སེམས་དེ་ཁ་དོག་གི་རྣམ་པར་མཐོང་བའི་ཡུལ་མ་ཡིན་པ་ལ་བྱའོ། །ཐུང་ངུར་མ་ཡིན་ཞེས་པ་ནས། སྐྱེས་པར་མ་ཡིན་མ་ནིང་དུ་མ་ཡིན་ནོ་ཞེས་པའི་བར་དུ་དབྱིབས་ཀྱི་རྣམ་པར་མཐོང་
བ་མ་ཡིན་པ་ལ་བྱའོ། །འདོད་པའི་ཁམས་ཀྱི་རང་བཞིན་མ་ཡིན། གཟུགས་ཀྱི་ཁམས་ཀྱི་རང་བཞིན་མ་ཡིན། གཟུགས་མེད་པའི་ཁམས་ཀྱི་རང་བཞིན་མ་ཡིན་ཞེས་པ་ནི་ཁམས་ཀྱི་རྣམ་པར་མཐོང་བ་མེད་པ་ལ་བྱའོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་ཞེས་པ་ནས། སེམས་ཅན་རིས་མཐུན་པའི་རང་བཞིན་
ཡང་མ་ཡིན་ནོ་ཞེས་པའི་བར་དུ་རྒྱུད་ཀྱི་མཐོང་བ་མེད་པ་ལ་བྱའོ། །སེམས་དེ་ནི་མིག་ལ་མི་གནས་ཞེས་པ་ནས་ཡིད་ལ་མི་གནས་སོ་ཞེས་པའི་བར་དུ་དབང་པོ་དྲུག་ལ་སེམས་གནས་པར་མཐོང་བ་མེད་པ་ལ་བྱའོ། །ཁ་དོག་དང་དབྱིབས་ལ་སོགས་པ་དེ་རྣམས་ཀྱི་རྣམ་པར་སྣང་བ་ན་སེམས་དེ་གཟུང་བ་དང་འཛིན་པའི་
เล่ม ๖๙ · หน้า 274a
རང་བཞིན་དང་མ་བྲལ་བས་དྲི་མ་དང་བཅས་པ་ཡིན་ཏེ། དེ་ལྟར་དྲི་མ་དང་བཅས་པས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཡིན་ནོ། །དེ་བས་ན་དྲི་མ་དེ་དག་ཐམས་ཅད་ཡོངས་སུ་དག་པའི་སེམས་དེ་ནི་ཐམས་ཅད་མཁྱེན་པ་སྟེ་དེའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། སེམས་
དེ་ནི་ནམ་མཁའི་མཚན་ཉིད་དེ་ཞེས་གསུངས་ཏེ། ནམ་མཁའི་མཚན་ཉིད་ནི་རྟོག་པ་དང་རྣམ་པར་རྟོག་པ་སྤངས་པ་སྟེ་ནམ་མཁའི་མཚན་ཉིད་དེ་དང་འདྲ་བས་ན། དེའི་ཕྱིར་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ་ཞེས་གསུངས་པ་ཡིན་ཏེ། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་
པ་སྤངས་པ་ཞེས་པའི་དོན་ཏོ། །དེ་ལྟར་ན་སེམས་ནི་ནམ་མཁའི་མཚན་ཉིད་དང་འདྲ་བའི་ཕྱིར་བྱང་ཆུབ་ཀྱང་དེ་ཉིད་ཡིན་ཏེ། ནམ་མཁའི་རང་བཞིན་གང་ཡིན་པ་དེ་ནི་སེམས་ཀྱི་རང་བཞིན་ནོ། །སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་རང་བཞིན་ཏེ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་
སེམས་དང་བྱང་ཆུབ་རྣམས་གཟུང་བ་དང་འཛིན་པའི་རང་བཞིན་གཉིས་སུ་མེད་དེ། གསང་བ་པའི་བདག་པོ་དེ་ལྟར་ན་སེམས་དང་ནམ་མཁའི་དབྱིངས་དང་བྱང་ཆུབ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་སྙིང་རྗེའི་རྩ་བ་ཅན་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་
ཡོངས་སུ་གཟུང་བ་སྟེ་ཞེས་པ་ནི་དེ་ལྟ་བུའི་སེམས་ཀྱི་རང་བཞིན་གཟུང་བ་དང་འཛིན་པའི་བག་ཆགས་ཀྱང་མེད་པ། བྱང་ཆུབ་དང་ཐམས་ཅད་མཁྱེན་པའི་མཚན་ཉིད་དེའི་རྩ་བ་ནི་སྙིང་རྗེ་སྟེ་བརྟན་པར་བྱེད་པའོ། །དེ་ལ་སྦྱོར་བར་བྱེད་པའི་ཐབས་ནི་ཕ་རོལ་ཏུ་ཕྱིན་པ་སྟེ་ཡོངས་སུ་གཟུང་བ་ནི་ཐམས་ཅད་མཁྱེན་
པའི་ཡེ་ཤེས་དེ་སྐྱོང་བའི་རྒྱུར་ཤེས་པར་བྱའོ། །གསང་བ་པའི་བདག་པོ་དེ་བས་ན་རྣམ་གྲངས་འདིས་ཀྱང་ཞེས་པ་ནས་རིག་པར་བྱའོ་ཞེས་པའི་བར་ནི་གོང་དུ་བྱང་ཆུབ་གང་ཞེ་ན། གང་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ་ཞེས་པ་དང་། བྱང་ཆུབ་དང་ཐམས་ཅད་མཁྱེན་པ་
ཉིད་ནི་རང་གི་སེམས་ལས་ཡོངས་སུ་བཙལ་བར་བྱའོ་ཞེས་གསུངས་པ་དང་། སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ཏེ་ཞེས་པ་ལ་སོགས་པ་གསུངས་པ་དེ་རྣམ་གྲངས་གཅིག་སྟེ། གཉིས་ཀ་ཡང་བྱང་ཆུབ་དང་ཐམས་ཅད་མཁྱེན་པའི་རྒྱུ་སྟོན་པའི་ཚིག་གི་རྣམ་གྲངས་སུ་རིག་པར་བྱའོ། །
เล่ม ๖๙ · หน้า 274b
སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྟོགས་པའི་ཆོས་དང་ལུང་གི་ཆོས་བྱང་ཆུབ་སེམས་དཔའི་འཁོར་ལ་གང་དང་གང་བཤད་པ་རྣམས་ནི་ཚིག་ལ་སོགས་པའི་སྒོ་ཐ་དད་ཀྱང་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་དང་། རང་གི་སེམས་ཡོངས་སུ་ཤེས་པར་བྱ་བའི་དོན་རྣམ་པ་གཉིས་ཀྱི་
ཕྱིར་ཏེ་གཞན་གྱི་ཕྱིར་དུ་ནི་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའི་འཁོར་གྱི་ནང་དུ་ཆོས་གང་དང་གང་སྟོན་པ་དེ་དག་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་དག་པར་བྱ་བ་དང་། སེམས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཡིན་པར་རིག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་བྱང་
ཆུབ་ཀྱི་སེམས་རྣམ་པར་དག་པ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་པའི་བྱང་ཆུབ་ཀྱི་སེམས་དེ་གཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་བའི་ཕྱིར་དག་པའོ། །སེམས་ཡོངས་སུ་ཤེས་པ་ནི་གང་སེམས་ཀྱི་ངོ་བོ་ཤེས་པ་དེའི་རྒྱུས་ས་དང་པོ་ཐོབ་པར་བྱེད་པ་མོས་པས་སྤྱོད་པའི་དུས་ཀྱི་སེམས་
བསྐྱེད་པ་དེ་ལ་བྱ་སྟེ་དེ་དག་གི་ཕྱིར་ཆོས་བཤད་ཅེས་པའི་དོན་ཏེ། བྱང་ཆུབ་ཀྱི་སེམས་ཉིད་ལ་སྦྱོར་བར་བྱེད་པའོ། །དེ་ལྟར་སེམས་ཡོངས་སུ་གཟུང་བར་བྱ་བ་ཡང་ཁ་དོག་ལ་སོགས་པའི་རྣམ་པར་ཤེས་པར་བྱ་བ་མ་ཡིན་གྱི། རྣམ་པའི་རང་བཞིན་ཐམས་ཅད་ལས་འདས་པའི་རང་བཞིན་དུ་སྟེ།
བྱང་ཆུབ་ནི་གཟུང་བ་དང་འཛིན་པའི་ཆ་དང་བྲལ་བ་རྣམ་པར་དག་པ་ཙམ་གྱི་རང་བཞིན་དུ་ཡང་མ་ཡིན་ཏེ། ཇི་ཙམ་དུ་མཚན་མར་གྱུར་པ་དེ་དག་ཐམས་ཅད་དུ་རང་གི་སེམས་དེ་ཤེས་པར་མི་བྱ་ཞིང་བཙལ་དུ་མི་རྙེད་པར་འདི་ལྟ་སྟེ། རྣམ་པར་རམ། ཁ་དོག་ཏུའམ་ཞེས་པ་ནས་རྣམ་པ་ཐམས་ཅད་ཀྱི་བར་དུ་
ཡོངས་སུ་བཙལ་ཀྱང་མི་དམིགས་པ་ཡིན་ཏེ་ཞེས་པའི་བར་གྱིས་གསུངས་ཏེ། ཁ་དོག་དང་དབྱིབས་ལ་སོགས་པའི་རྣམ་པ་དེ་དག་རེ་རེ་ནས་སྨོས་པ་ཡང་གང་དང་གང་ལ་ཆགས་པའི་གནས་རྣམས་ལ་རིག་པའི་གཞུང་གིས་བརྟགས་ན་དངོས་པོ་ཡོད་པ་མ་ཡིན་ཏེ། ཁ་དོག་དང་གཟུགས་ལ་སོགས་པ་དེ་
དག་བརྟག་པ་ཡང་ཁ་དོག་དང་གཟུགས་ལ་སོགས་པ་དེ་དག་སེམས་ལ་ཐ་མི་དད་དེ། སེམས་ཀྱི་སྣང་བ་ཡིན་ན་ནི་སེམས་ཉིད་ཀྱང་གཟུགས་ཅན་དུ་འགྱུར་ལ། ཇི་ཙམ་དུ་གཟུགས་དང་ལྡན་པ་དེ་དག་ཐམས་ཅད་ནི་རྡུལ་ཕྲན་གྱི་ཆས་གཞིག་ན་ཡོད་པར་མི་འགྱུར་རོ། །ཁ་དོག་ལ་སོགས་པ་དེ་
เล่ม ๖๙ · หน้า 275a
དག་སེམས་ལས་ཐ་དད་ན་ཡང་དེ་དག་རྡུལ་ཕྲན་གྱི་ཆས་གཞིག་ན་ཡོད་པར་མ་གྲུབ་པས་གཟུགས་མེད་ན་གཟུགས་ཀྱི་རྣམ་པར་སྐྱེ་བའི་རྣམ་པར་ཤེས་པ་མི་སྐྱེ་སྟེ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་གཞན་ཡང་ཕྱི་རོལ་གྱི་ཡུལ་སུན་ཕྱུང་སྟེ་དམིགས་སུ་མེད་
པས་ན། ཡུལ་མེད་པར་སེམས་དང་སེམས་ལས་བྱུང་བ་མི་སྲིད་པས་མི་དམིགས་སོ། །གསང་བ་པའི་བདག་པོ་འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་སྒོ་ཞེས་བྱ་བའི་ཆོས་སྣང་བའི་ཚུལ་དང་པོ་སྟེ་ཞེས་པ་ནི། མོས་པས་སྤྱོད་པའི་ས་ན་སེམས་དེ་ལྟ་བུའི་
ཚུལ་དུ་ཡོངས་སུ་ཤེས་པ་དེ་ནི་ས་དང་པོའི་བྱང་ཆུབ་ཀྱི་སེམས་དང་། མངོན་པར་བྱང་ཆུབ་པ་དང་ཐམས་ཅད་མཁྱེན་པ་སྟེ་རྣམ་པ་གསུམ་གྱི་རྒྱུར་བཤད་པ་ཡིན་ནོ། །དེ་ལ་ས་དང་པོའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་མཚན་ཉིད་ལ་འཇུག་པའི་སྒོ་ཡིན་པས་བྱང་ཆུབ་ཀྱི་སེམས་རྣམ་པར་
དག་པའི་སྒོ་ཞེས་གསུངས་སོ། །ཆོས་སྣང་བའི་སྒོ་ཞེས་བྱ་བ་ལ་ཆོས་ནི་མྱ་ངན་ལས་འདས་པ་གཟུང་བ་དང་འཛིན་པ་དང་བྲལ་བ་སྟེ། སྣང་བ་ནི་མཁྱེན་ཞེས་པའི་དོན་ཏེ་སྙིང་པོ་བྱང་ཆུབ་ཉིད་ཡིན་ལ། དེ་འཐོབ་པའི་རྒྱུའམ་སྒོ་ཡང་སེམས་ཡིན་ཞེས་པའོ། །ཆོས་སྣང་བའི་ཚུལ་ཞེས་པ་
ལ་ཆོས་ནི་མྱ་ངན་ལས་འདས་པ་སྟེ་སྐད་ཅིག་མ་དང་པོ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་མངོན་པར་བྱང་ཆུབ་ནས་སྐད་ཅིག་མ་གཉིས་པ་ལ་མེ་ལོང་ལྟ་བུ་དང་། སོ་སོར་རྟོག་པ་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་ཐམས་ཅད་མཁྱེན་པའི་མཚན་ཉིད་ཐོབ་སྟེ་ཀུན་རྫོབ་དང་དོན་དམ་པའི་ཚུལ་དུ་
ཐམས་ཅད་མཁྱེན་པའོ། །དང་པོ་ཞེས་པ་ནི་སྐད་ཅིག་མ་དང་པོ་ལ་བྱང་ཆུབ་ཐོབ་པ་ལ་བྱའོ། །གང་ལ་གནས་ན་བྱང་ཆུབ་སེམས་དཔའ་རྣམས་ཚེགས་ཆུང་ངུས་སྒོམ་པ་ཐམས་ཅད་སྤོང་བའི་ཏིང་ངེ་འཛིན་འཐོབ་ཅིང་ཞེས་པ་ལ་སོགས་པ་ནི་དེ་ལྟ་བུར་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་
ཡོངས་སུ་ཤེས་པ་ལ་གནས་པའི་རྗེས་སུ་བསྔགས་པ་གསུངས་པ་ཡིན་ཏེ། གང་ལ་གནས་ན་བྱང་ཆུབ་སེམས་དཔའ་རྣམས་ཞེས་པ་ནི་རང་གི་སེམས་གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་མི་མཐོང་བས་གནས་པ་ལ་བྱ་སྟེ། དེ་ལྟར་གཟུང་བ་དང་འཛིན་པའི་རང་བཞིན་དུ་མ་མཐོང་བའི་
เล่ม ๖๙ · หน้า 275b
སེམས་ནི་རྣམ་པར་དག་པ་སྟེ། དེ་ལྟར་སེམས་རྣམ་པར་དག་ན་ལྷུན་གྱིས་གྲུབ་པ་ཉིད་དུ་ཉོན་མོངས་པའི་སྒྲིབ་པ་དང་ལས་ཀྱི་སྒྲིབ་པ་དང་། སྐྱེ་བའི་སྒྲིབ་པ་ལ་སོགས་པ་ཐམས་ཅད་སྤོང་བའི་གཉེན་པོར་གྱུར་པའི་ཏིང་ངེ་འཛིན་རབ་ཏུ་འཐོབ་པར་འགྱུར་ཏེ། དེ་བས་ན་ཚེགས་ཆུང་
ངུས་སྒྲིབ་པ་ཐམས་ཅད་སྤོང་བའི་ཏིང་ངེ་འཛིན་འཐོབ་ཅིང་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུའི་སེམས་རྣམ་པར་དག་པ་ལ་རབ་ཏུ་གནས་པར་གྱུར་ན་སྒྲིབ་པ་ཐམས་ཅད་བསལ་བས་སངས་རྒྱས་ཐམས་ཅད་ལ་མངོན་སུམ་དུ་ཆོས་ཉན་ཞིང་བསྙེན་བཀུར་བྱེད་པ་དང་མངོན་པར་ཤེས་པ་ལྔ་ཐོབ་པ་སྟེ་
ལྷའི་མིག་གིས་ལམ་རིང་པོ་ན་འདུག་པའི་གཟུགས་ཀྱང་རི་དང་རྩིག་པ་ལ་སོགས་པ་ལ་ཐོགས་པ་མེད་པར་མཐོང་ལ། ལྷའི་རྣ་བས་ལམ་རིང་པོ་ན་འདུག་པའི་སྒྲ་ཡང་རི་དང་རྩིག་པ་ལ་སོགས་པས་མི་སྒྲིབ་པར་ཐོས་ཤིང་། གཞན་གྱི་སེམས་འདོད་ཆགས་དང་བཅས་པའམ་འདོད་ཆགས་དང་བྲལ་བ་ལ་
སོགས་པ་ཤེས་པ་དང་། ཚེ་རབས་སྔ་མ་ལ་ཡང་ཅི་བྱེད་པ་དང་གནས་གང་དུ་གནས་པ་རྗེས་སུ་དྲན་ཞིང་རྫུ་འཕྲུལ་གྱི་རྐང་པ་ལ་སོགས་པ་འཐོབ་པའོ། །མཐའ་ཡས་པའི་མི་དང་ལྷ་ལ་སོགས་པའི་ཚིག་ཤེས་པའི་གཟུགས་ཀྱིས་མཐའ་ཡས་པའི་བྱ་ལ་སོགས་པའི་དབྱངས་ཀྱི་ང་རོ་ལས་དོན་སྟོན་
པའི་གཟུངས་དང་འབྲུག་གི་སྒྲ་དང་། སེམས་ཅན་མ་ཡིན་པའི་སྒྲ་ས་གཡོ་བ་དང་ཆུ་ལ་སོགས་པ་མཐའ་ཡས་པའི་སྒྲ་ལས་སྒྲ་དེ་དག་གིས་དོན་ཅི་སྟོན་པ་རྟོགས་པའི་གཟུངས་ཐོབ་སྟེ། སེམས་ཅན་གྱི་བསམ་པ་རྗེས་སུ་ཤེས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་
གྱིས་བརླབས་པས་ཁམས་གསུམ་དུ་འཁོར་བ་ན་ཡང་ཐོབ་པའི་ཆོས་ལས་ཉམས་པར་མི་འགྱུར་བ་དང་། མ་ཐོབ་པ་ཡང་ཐོབ་པར་འགྱུར་ཞིང་འཁོར་བ་ཇི་སྲིད་བར་སེམས་ཅན་གྱི་དོན་བྱ་བ་དག་ལ་ཡོངས་སུ་སྐྱོ་བར་མི་འགྱུར་རོ། །དེའི་ཕྱིར་སངས་རྒྱས་ཐམས་ཅད་དང་ལྷན་ཅིག་འགྲོགས་
པ་འཐོབ་པར་འགྱུར། མངོན་པར་ཤེས་པ་ལྔ་དག་ཀྱང་འཐོབ་པར་འགྱུར། སྐད་དང་སྒྲ་དང་དབྱངས་མཐའ་ཡས་པའི་གཟུངས་ཀྱང་འཐོབ་པར་འགྱུར། སེམས་ཅན་གྱི་བསམ་པ་རྗེས་སུ་ཤེས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་འཁོར་བ་ན་
เล่ม ๖๙ · หน้า 276a
ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་འགྱུར། སེམས་ཅན་གྱི་དོན་བྱ་བ་དག་ལ་ཡོངས་སུ་སྐྱོ་བར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདུས་མ་བྱས་པའི་ཚུལ་ཁྲིམས་ལ་རབ་ཏུ་གནས་པ་ཞེས་པ་ནི་སྟོང་པ་ཉིད་རབ་ཏུ་རྟོགས་པ་ལ་གནས་པས་སྟོང་པ་
ཉིད་ཀྱི་ངང་ཚུལ་དུ་གྱུར་པ་ཡིན་གྱི་སེམས་ཅན་དོན་བྱེད་ཀྱང་ཚུལ་ཁྲིམས་དང་། དགེ་བའི་ཚུལ་ཁྲིམས་དང་། སྡོམ་པ་ལ་སོགས་པ་ཀུན་རྫོབ་ཀྱི་ཚུལ་ཁྲིམས་ལ་ནི་མི་བྱའོ། །ལོག་པར་ལྟ་བ་རྣམ་པར་སྤངས་བ་ནི་མུ་སྟེགས་ལ་སོགས་པའི་ལྟ་བ་རྣམས་དང་བྲལ་བ་ལ་བྱ་ལ། ཡང་དག་
པར་ལྟ་བ་རྟོགས་པ་ཁོང་དུ་ཆུད་པ་ནི་དེ་ལྟར་ལོག་པའི་ལྟ་བ་སྤངས་པས་ཡང་དག་པའི་ལྟ་བ་རྟོགས་པ་ཞེས་བྱའོ། །གསང་བ་པའི་བདག་པོ་གཞན་ཡང་སྒྲིབ་པ་ཐམས་ཅད་སྤོང་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་པ་ནི་དེ་ལྟ་བུའི་ཏིང་ངེ་འཛིན་སྔར་ཐོབ་ནས་ཐོས་པ་
ཙམ་དུ་མ་ཟད་ཀྱི་ཏིང་ངེ་འཛིན་ཉིད་དང་ལྡན་པར་གནས་པ་ལ་བྱའོ། །མོས་པའི་སྟོབས་བསྐྱེད་པས་ཚེགས་ཆུང་ངུས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ་ཞེས་པ་ནི། གཟུང་བ་དང་འཛིན་པ་རབ་ཏུ་སྤང་བ་རང་བཞིན་གྱིས་འོད་གསལ་བའི་སེམས་བྱང་ཆུབ་ཀྱི་མཚན་ཉིད་
དེ་ལྟ་བུ་ལྷག་པར་མོས་པའི་མཐུ་བསགས་པས་སངས་རྒྱས་ཀྱི་ཆོས་རྟོགས་པ་དང་ལུང་གི་མཚན་ཉིད་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་། སྐུའི་འཁོར་ལོ་ལ་སོགས་པའི་ཆོས་རྣམས་མ་བསྒྲུབས་ཀྱང་ཐོབ་པར་འགྱུར་བའོ། །གསང་བ་པའི་བདག་པོ་མདོར་ན་རིགས་ཀྱི་བུ་འམ།
རིགས་ཀྱི་བུ་མོ་དེ་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ་ཞེས་པ་ནི་དེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་ཡོན་ཏན་སོ་སོ་ནས་བརྗོད་ན་བསྐལ་པར་ཡང་མི་རྫོགས་ཏེ། བརྗོད་ཀྱིས་མི་ལང་བས་ཚད་འདི་ཙམ་མོ་ཞེས་གཟུང་དུ་མེད་དེ། མདོར་ན་
ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་ཞུས་པ་ཞེས་པ་ནས། ཐུབ་པ་ཆེན་པོས་བསྟན་དུ་གསོལ། ཞེས་པའི་བར་གྱིས་ནི་གོང་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་དང་། བྱང་ཆུབ་ཀྱི་སེམས་ཀྱི་
เล่ม ๖๙ · หน้า 276b
མཚན་ཉིད་ཞིབ་དུ་བཤད་དེ། བྱང་ཆུབ་ཀྱི་སེམས་དེ་ལྟ་བུ་ལ་གནས་པའི་ཏིང་ངེ་འཛིན་ཐོབ་པའི་ཡོན་ཏན་གྱི་ཚད་ཀྱང་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཞེས་གསུངས་ནས། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཇི་ལྟར་སྐྱེ་བར་འགྱུར་བ་དང་། བྱང་ཆུབ་ཀྱི་སེམས་དེའི་མཚན་ཉིད་ཅི་འདྲ་བར་ཤེས་པར་
བྱ་བ་ལ་སོགས་པ་དྲིས་པ་སྟེ་དེ་ཡང་ཇི་ལྟ་བུ་སྙམ་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་ཏུ་སེམས་སྐྱེས་པ་ཞེས་བགྱི་བ་ལགས་ཞེས་པ་ལ་སོགས་པ་སྟེ་སྤྱིར་ན་སྐྱེས་པ་དང་སྐྱེ་བ་ཞེས་བྱ་བ་གཉིས་ཏེ། དེ་ལ་སྐྱེ་བ་ཞེས་བྱ་བ་ནི་མིང་ཙམ་སྟེ་བུ་མངལ་དུ་ཞུགས་པ་ལྟ་བུའོ། །སྐྱེས་ཞེས་བྱ་བ་
ནི་སྐྱེས་པར་བཏགས་པའི་དོན་ཏེ་དཔེར་ན་བུ་བཙས་པ་དངོས་ལྟ་བུའོ། །དེ་བས་ན་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཙམ་དྲིས་པ་མ་ཡིན་གྱི། ས་དང་པོའི་སེམས་བྱང་ཆུབ་ཀྱི་མཚན་ཉིད་དུ་ཡོངས་སུ་རྫོགས་པར་སྐྱེས་པ་དྲིས་པ་ལ་བྱའོ། །བྱང་ཆུབ་ཏུ་ཞེས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་སྐྱེ་བ་ལ་
བྱ་སྟེ། དེ་ཡང་ས་དང་པོའི་སེམས་ཀྱི་མཚན་ཉིད་བླ་ན་མེད་པའི་བྱང་ཆུབ་དང་རང་བཞིན་གཅིག་པའོ། །ས་གོང་མ་ལ་སོགས་པས་རིམ་གྱིས་རྫོགས་པར་བྱེད་པ་ཡང་རང་བཞིན་དེ་ལས་ཐ་དད་པ་མ་ཡིན་གྱི། རང་བཞིན་དེ་ཉིད་ལས་མི་མཐུན་པ་དང་གཉེན་པོ་ལ་སོགས་པ་ལྡོག་པའི་སྒོ་ནས་
མིང་གཞན་དུ་བཏགས་པ་ཙམ་དུ་ཟད་དེ། དཔེར་ན་གསེར་ཉིད་ལས་རྒྱན་ལ་སོགས་པར་བྱས་ན་རང་བཞིན་གཅིག་ཀྱང་མིང་གི་རྣམ་གྲངས་མང་པོར་ཐོགས་པ་དང་འདྲའོ། །དེ་བས་ན་བྱང་ཆུབ་ཀྱི་རང་བཞིན་ས་དང་པོའི་བྱང་ཆུབ་ཀྱི་སེམས་དེ་ལ་བྱ་བ་ཡིན་གྱི། སྨོན་པ་དང་འཇུག་པའི་སེམས་
ཀྱང་བྱང་ཆུབ་ཀྱི་ཕྱིར་སེམས་པ་ཡིན་མོད་ཀྱི། ས་དང་པོའི་བྱང་ཆུབ་ཀྱི་སེམས་ལྟར་བླ་ན་མེད་པའི་བྱང་ཆུབ་དང་རང་བཞིན་མི་གཅིག་པས་དེ་དག་ལ་ནི་མི་བྱའོ། །ཡང་རྣམ་པ་གཅིག་ཏུ་ན་ལན་བཀའ་སྩལ་པ་ནས་དང་པོའི་མཚན་ཉིད་ཀྱི་བྱང་ཆུབ་གསུངས་པས་ན་གཞན་མ་ཡིན་པར་མངོན་ནོ། །བྱང་
ཆུབ་འབྱུང་བའི་སེམས་སྐྱེས་པའི། །མཚན་ཉིད་ཇི་ལྟར་འཚལ་བར་བགྱི། །ཞེས་པ་ནི་ས་དང་པོའི་བྱང་ཆུབ་ཀྱི་སེམས་དེ་ལས་བླ་ན་མེད་པའི་བྱང་ཆུབ་འབྱུང་བས་དེ་ནི་བྱང་ཆུབ་འབྱུང་བ་ཞེས་བྱ་སྟེ། བྱང་ཆུབ་འབྱུང་བའི་སེམས་དེ་སྐྱེ་བའི་མཚན་ཉིད་བསོད་ནམས་ཆེན་པོའི་སྙིང་པོ་ནས་ནམ་མཁའ་
เล่ม ๖๙ · หน้า 277a
བཞིན་དུ་ཚད་མེད་པ་ལ་སོགས་པ་ལ་དྲིས་པ་ལ་བྱའོ། །སེམས་མཁྱེན་པ་ནི་རྣམས་ཀྱི་མཆོག །དཔའ་ཆེན་ཡེ་ཤེས་ལས་བྱུང་བ། །ཞེས་པ་ནི་བཅོམ་ལྡན་འདས་ལ་ཡོན་ཏན་གྱི་སྒོ་ནས་བསྟོད་པ་སྟེ་བཅོམ་ལྡན་འདས་ནི་འཇིག་རྟེན་དང་། ཉན་ཐོས་དང་རང་སངས་རྒྱས་
རྣམས་ཀྱི་སེམས་མཁྱེན་པའི་མཆོག་ཡིན་པའི་ཕྱིར་དང་། ལོངས་སྤྱོད་རྫོགས་པའི་སྐུ་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ལས་བྱུང་བས་ན་ཡེ་ཤེས་ལས་བྱུང་བ་ཞེས་གསུངས་སོ། །ཇི་སྙེད་ཅིག་ལས་འདས་ནས་ནི། །སྐྱེ་བར་འགྱུར་བ་བསྟན་དུ་གསོལ། །ཞེས་པ་ནི་འཇིག་རྟེན་པའི་སེམས་
གྲངས་དུ་ཞིག་འདས་ནས་བྱང་ཆུབ་ཀྱི་སེམས་དེ་སྐྱེ་ཞེས་དྲིས་པ་སྟེ། སེམས་བརྒྱ་དྲུག་ཅུ་པོ་ལས་འདས་ནས་སྐྱེ་བ་ལ་བྱ་སྟེ། སེམས་སྐྱེས་ཞེས་པ་མ་ཡིན་གྱི་སྐྱེ་བ་ཙམ་ལ་བྱའོ། །མགོན་པོས་སེམས་ཀྱི་མཚན་ཉིད་དང་། །དུས་ཀྱང་རྒྱ་ཆེར་བཤད་དུ་གསོལ། །ཞེས་པ་ནི་སེམས་བརྒྱ་དྲུག་ཅུ་པོ་དེ་དག་གི་
མཚན་ཉིད་འདོད་ཆགས་ཀྱི་སེམས་དང་། ཞེ་སྡང་གི་སེམས་དང་ཞེས་པ་ལ་སོགས་པ་དང་། སེམས་བརྒྱ་དྲུག་ཅུ་པོ་དེ་དག་ལས་འདས་ནས་ཀྱང་བསྐལ་པ་ལ་སོགས་པ་ཇི་སྲིད་ཅིག་ན་བྱང་ཆུབ་ཀྱི་སེམས་དེ་སྐྱེ་བར་འགྱུར་ཞེས་དུས་དྲིས་པའོ། །དེ་དག་བསོད་ནམས་ཅི་འདྲ་དང་། །སྤྱོད་པ་ཅི་འདྲར་
འགྱུར་བ་དང་། །ཞེས་པ་ནི་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེའི་བསོད་ནམས་ཇི་ལྟ་བུ་དང་། སྤྱོད་པ་ཅི་འདྲ་བ་ཞིག་སྤྱད་པས་ན་བྱང་ཆུབ་ཀྱི་སེམས་དེ་ཐོབ་ཅེས་པའོ། །སེམས་ལ་སེམས་ཀྱི་ཁྱད་པར་ཡང་། །ཐུབ་པ་ཆེན་པོས་བསྟན་དུ་གསོལ། །ཞེས་པ་ནི་སེམས་ཅན་དབང་པོ་རྣོན་པོས་ཆོས་ལ་
བདག་མེད་པར་རྟོགས་ནས་འཇུག་པ་དང་། འཕགས་པ་ཉན་ཐོས་ལ་སོགས་པ་དབང་པོ་རྟུལ་པོ་རྒྱུན་དུ་ཞུགས་པ་ལ་སོགས་པའི་ས་བརྒྱད་བསྒོམས་ནས་འཇུག་པའི་ཁྱད་པར་དྲིས་པ་ལ་བྱའོ། །དེ་ལ་སེམས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སྤྱི་ལ་བྱའོ། །བཅོམ་ལྡན་རྣམ་སྣང་མཛད་ཆེན་གྱིས། །ཞེས་
པ་ནས། བྱང་ཆུབ་ཕྱིར་ནི་དང་པོར་འདོད། །ཅེས་པའི་བར་གྱིས་གོང་དུ་ཕྱག་ན་རྡོ་རྗེས་དྲིས་པའི་ལན་བཀའ་སྩལ་པ་སྟེ། བུ་ཞེས་པ་ནི་ཕྱག་ན་རྡོ་རྗེ་ཆོས་ཀྱི་དབྱིངས་ལས་སྐྱེས་པས་ན་བཅོམ་ལྡན་འདས་ཀྱི་སྲས་སོ། །ཆེར་འབྱུང་ཞེས་པ་ནི་སེམས་རྒྱུད་ཀྱི་མཚན་ཉིད་དེ། སེམས་ཀྱི་རྒྱུད་དེ་ལས་བྱང་
เล่ม ๖๙ · หน้า 277b
ཆུབ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་འབྱུང་བའི་ཕྱིར་རོ། །ལེགས་སོ་ཞེས་པ་ནི་དེ་ལྟ་བུའི་དོན་བཟང་པོ་དྲིས་པ་ཉིད་ལེགས་པ་དང་། ཕྱག་ན་རྡོ་རྗེ་དགའ་བ་སྐྱེད་པའི་ཕྱིར་གསུངས་སོ། །ཐེག་པ་ཆེན་པོའི་གོ་འཕང་མཆོག །ཅེས་པ་ནི་སེམས་ཀྱི་རྒྱུད་དེ་ཐེག་པ་གསུམ་གྱི་ནང་ན་མཆོག་སྟེ་དམ་པའོ། །སེམས་ཀྱི་རྒྱུད་ཀྱི་
མཚན་ཉིད་ནི། །ཞེས་པ་ནི་ཡོན་གྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པའི་སེམས་ཀྱི་མཚན་ཉིད་བཤད་ཀྱིས་ཉོན་ཅིག་ཅེས་སྦྱར་རོ། །རྫོགས་སངས་རྒྱས་ཀྱི་གསང་བའི་མཆོག །ཅེས་པ་ནི་དེ་ལྟ་བུའི་སེམས་རྣམ་པར་དག་པ་ཐམས་ཅད་མཁྱེན་པ་དང་མངོན་པར་བྱང་ཆུབ་པའི་རང་བཞིན་དེ་སེམས་ཅན་ཕལ་ཆེར་གྱི་སྤྱོད་ཡུལ་
མ་ཡིན་པ་དང་། སྣོད་མ་ཡིན་པ་ལ་མི་བསྟན་པའི་ཕྱིར་གསང་བ་ཞེས་བྱའོ། །རྟོག་གེ་ཀུན་གྱིས་མི་ཤེས་པ། །ཞེས་པ་ནི་སྟོང་པའི་མཚན་ཉིད་ཀྱི་སེམས་དེ་མངོན་སུམ་དང་རྗེས་སུ་དཔག་པའི་རིགས་པའི་སྒོ་ནས་ཇི་ལྟ་བ་བཞིན་དུ་མི་རྟོགས་པའོ། །ཡིད་གཅིག་བསྡུས་ལ་མཉེན་པར་གྱིས། །ཞེས་པ་ནི་མ་ཡེངས་
པར་ཉོན་ཅིག་པའོ། །སེམས་ནི་བརྒྱ་རྩ་དྲུག་ཅུ་ལས། །འདས་ནས་སྐྱེ་བར་འགྱུར་ཞེས་སྦྱར་ཏེ། འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་ལས་འདས་ནས་ཆོས་ལ་བདག་མེད་པར་རྟོགས་ཏེ་མོས་པས་སྤྱོད་པའི་ས་ལ་སེམས་གསུམ་རྣམ་པར་བསྒོམ་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་རྣམ་པར་སྤྱོད་པ་དང་། བསྡུ་བའི་
དངོས་པོ་རྣམ་པ་བཞི་བྱས་ནས་མོས་པས་སྤྱོད་པའི་ས་ལས་འཕར་ཏེ། ས་རབ་ཏུ་དགའ་བའི་སེམས་ཡེ་ཤེས་ཀྱི་ས་ལ་ཞུགས་པ་ལ་བྱ་སྟེ། ཇི་སྙེད་ཅིག་ལས་འདས་ནས་ནི། སྐྱེ་བར་འགྱུར་ཞེས་དྲིས་པའི་ལན་ནོ། །བསོད་ནམས་ཆེས་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བསོད་ནམས་ཆེན་པོའི་རྒྱུ་ལས་སྐྱེས་པའོ། །
སྙིང་པོ་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་སྟེ། དཔེར་ན་ཙནྡན་དང་སེང་ལྡེང་གི་སྙིང་པོ་ལྟར་མཆོག་དམ་པ་ལ་བྱའོ། །བྱང་ཆུབ་ཉིད་ཀྱི་ཕྱིར་བྱང་ཆུབ་འབྱུང་བ་ཞེས་སྦྱར་ཏེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་ན་བྱང་ཆུབ་ཀྱི་སེམས་དེ་ལས་སེམས་འབྱུང་བ་ལ་བྱའོ། །ནམ་མཁའ་ལྟ་བུར་དཔག་མེད་ཅིང་། །ཞེས་པ་ནི་
བྱང་ཆུབ་ཀྱི་སེམས་དེའི་ཡོན་ཏན་ལ་སོགས་པ་ཚད་བཟུང་ཞིང་དཔག་ཏུ་མེད་པའམ་རྣམ་པ་མེད་པས་འདི་ཙམ་མོ་ཞེས་ཚད་གཟུང་དུ་མེད་དེ་ནམ་མཁའ་དང་འདྲ་བ་ལ་བྱའོ། །གོས་པ་མེད་པར་ཇི་བཞིན་གནས། །ཞེས་པ་ནི་དེ་ལྟ་བུའི་སེམས་ནམ་མཁའི་མཚན་ཉིད་ལ་གློ་བུར་གྱི་ཉོན་མོངས་པའི་བག་ཆགས་ཀྱིས་མ་གོས་པ་སྟེ། །
เล่ม ๖๙ · หน้า 278a
དེ་ལྟར་གློ་བུར་གྱི་ཉོན་མོངས་པའི་མཚན་མའི་དབང་དུ་མ་གྱུར་པས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་དུ་གནས་པ་ལ་བྱའོ། །ཆོས་ཀུན་གྱིས་ནི་མི་བསྒུལ་ཏེ། །དཔག་མེད་ཡེ་ཤེས་ཀྱིས་བསྒྲུབས་པ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེ་ཚད་མེད་པའི་ཡེ་ཤེས་ལས་བྱུང་བ་ལ་བྱའོ། །ཡང་དག་རྫོགས་
སངས་རྒྱས་སྟོན་པ། །ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱས་པ་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྤྱད་པ་ལས་བྱུང་སྟེ། དེའི་སྤྱོད་པ་ཅི་འདྲར་འགྱུར་བ་དང་ཞེས་དྲིས་པའི་ལན་ནོ། །བྱང་ཆུབ་ཕྱིར་ནི་དང་པོར་འདོད། །ཅེས་པ་ནི་ས་དང་པོའི་བྱང་ཆུབ་ཀྱི་སེམས་ལ་བྱ་སྟེ། དེ་རྣམས་
ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་དང་རང་བཞིན་བཤད་པའོ། །གསང་བ་པའི་བདག་པོ་དེ་ལ། འཁོར་བ་ཐོག་མ་མེད་པ་ནས། །བྱིས་པ་སོ་སོའི་སྐྱེ་བོ་རྣམས། །ཞེས་པ་ནས། འཇིག་པས་སྟོང་ཉིད་ཤེས་པར་བྱ། །ཞེས་པའི་བར་གྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱུ་བཤད་པ་ཡིན་ཏེ་རྒྱུ་དེ་ཡང་རྣམ་པ་གཉིས་སོ། །
དེ་ལ་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ཀྱི་ཉེ་བར་ལེན་པའི་རྒྱུའོ། །གཞན་ས་དང་ཕ་རོལ་ཏུ་ཕྱིན་པ་ནི་ལྷན་ཅིག་བྱེད་པའི་རྒྱུའོ། །དེ་ལྟ་བས་ན་སོ་སོའི་སྐྱེ་བོ་ལ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་གཞུང་ལུགས་ཤེས་པ་དང་མི་ཤེས་པའོ། །དེ་ལ་བྱིས་པ་ནི་ངན་པར་སྨྲ་བ་དང་། ངན་པར་བྱེད་
པ་དང་། ངན་པར་སེམས་པ་སྟེ། དེ་དག་ནི་རང་གི་གཞུང་ལུགས་ཀྱང་མི་ཤེས་པའོ། །དེ་ལས་གཞན་པ་ནི་རང་རང་གི་གཞུང་ལུགས་ཤེས་པ་འཕགས་པའི་ལམ་ཐོབ་པ་ལ་བྱ་སྟེ། དེ་དག་འཁོར་བ་ན་སྡུག་བསྔལ་གསུམ་གྱིས་གདུངས་ནས་གདུངས་པ་དེ་ལས་ཐར་པའི་ཕྱིར་བདག་དང་བདག་གིར་བརྟགས་པ་དེ་དག་ལ་བརྟེན་ནས་
སྦྱིན་པ་ལ་སོགས་པ་བྱས་ཏེ་ཐར་བར་རེ་བའོ། །བདག་དང་བདག་གི་བ་ལ་མངོན་པར་ཆགས་ནས་བདག་ཏུ་འཛིན་པ་གྲངས་མེད་པ་ལ་རྟོག་པ་དེ་དག་ཀྱང་བདག་ཅེས་པའི་རང་བཞིན་ཅི་འདྲ་བ་མ་དཔྱད་པར་ཆགས་པ་སྐྱེ་བ་ནི་རང་རང་གི་གཞུང་ལུགས་མི་ཤེས་པའི་བྱིས་པ་རྣམས་སོ། །རང་རང་གི་གཞུང་ལུགས་ཤེས་པ་དེ་རྣམས་ཀྱང་
སོ་སོའི་བདག་ཏུ་བརྟགས་པ་དེ་ལ་བརྟེན་པ་ནི་གཞན་དག་ནི་དུས་ལས་བྱུང་བ་དང་ཞེས་པ་ནས་བརྗོད་པར་བྱ་བ་དང་། བརྗོད་པར་བྱ་བ་མ་ཡིན་པར་རྟོག་སྟེ་ཞེས་པའི་བར་དུའོ། །དེ་དག་ནི་འཇིག་རྟེན་པ་རྣམས་ཀྱི་སོ་སོའི་བདག་ཏུ་བརྟགས་པ་སྟེ། ཇི་སྐད་དུ་སྨོས་པའི་བདག་དང་བདག་གི་ངོ་བོ་དེ་དག་གིས་བདག་ཅག་འགྲོ་བ་རྣམས་བསྐྱེད་དེ། །
เล่ม ๖๙ · หน้า 278b
དེ་དག་ཉིད་ཀྱིས་འཇིག་པར་ཡང་བྱེད་པར་རྟོག་གོ། །གསང་བ་པའི་བདག་པོ་བདག་གི་ཁྱད་པར་དེ་ལྟ་བུ་ལ་སོགས་པ་ཞེས་པ་ནི་གོང་དུ་སྨོས་པའི་བདག་གི་དངོས་པོ་རྣམས་ལ་བྱའོ། །ཐར་པ་འདོད་པས་ཞེས་པ་དེ་ལྟ་བུར་བདག་ཏུ་བརྟགས་པ་ཉིད་ལ་བརྟེན་ནས་ཐར་བ་རེ་བའོ། །རྣལ་འབྱོར་འདོད་པའི་རྣལ་འབྱོར་པ་དག་གིས་
ཞེས་པ་ནི་འཇིག་རྟེན་པའི་ཚུལ་དུ་ལུས་ངག་ཡིད་གསུམ་ཡུལ་ལ་འཇུག་པ་ལས་འགོག་པ་དང་། དངོས་པོ་གང་ལ་དམིགས་པ་དེ་ལ་སེམས་རྩེ་གཅིག་ཏུ་དམིགས་པ་འཛག་པ་ནི་རྣལ་འབྱོར་ཏེ། ལུས་ངག་ཡིད་གསུམ་ཡུལ་ལ་མི་འཇུག་པར་འགོག་པའི་རྣལ་འབྱོར་འདོད་པ་རྣམས་ཀྱིས་དེ་ལྟ་བུའི་བདག་རྣམས་རབ་ཏུ་རྟོག་
པ་ལ་བྱའོ། །བྱིས་པ་སོ་སོའི་སྐྱེ་བོ་ཕྱུགས་དང་མཚུངས་པ་རྣམས་ཞེས་པ་ནི་རང་གི་གཞུང་ལུགས་མི་ཤེས་པ་ལ་བྱ་སྟེ། ཕྱུགས་དང་མཚུངས་པ་ཞེས་པ་ནི་ངན་པར་སྨྲ་བ་དང་། ངན་པར་སེམས་པ་དང་། ངན་པར་བྱེད་པའི་དཔེ་སྟེ་ཕྱུགས་ནི་ཟ་བ་དང་། གཡེམ་པ་དང་འཇིགས་པ་ལས་བསམ་པ་གཞན་མེད་དེ།
བྱིས་པ་རྣམས་ཀྱང་དེ་ལྟ་བུའི་མཚན་ཉིད་དང་ལྡན་པས་ཕྱུགས་དང་མཚུངས་ཞེས་པའོ། །བརྒྱ་ལམ་ན་རེས་འགའ་ཞིག་ལ་ཞེས་པ་དེ་ལྟ་བུའི་བྱིས་པ་ཕྱུགས་དང་མཚུངས་པ་འཁོར་བ་ན་འཁྱམས་པ་ན་ཆོས་ཀྱི་འདུ་ཤེས་འབྱུང་བ་ནི་དཀོན་པའི་མཆོག་སྟེ། ཆོས་ཀྱི་འདུ་ཤེས་སྐྱེ་བ་ཡང་སྨྱུང་བར་གནས་ནས་བསོད་ནམས་
སུ་འགྱུར་བ་ལ་བྱ་སྟེ། སྨྱུང་བར་གནས་པ་དེ་ཙམ་གྱིས་སེམས་མགུ་སྟེ་སྨྱུང་བར་གནས་པ་ཉིད་ལ་ཡང་དང་ཡང་དུ་དུས་དུས་སུ་སྒོམ་པར་བྱེད་དེ། དེ་བས་ན་སྨྱུང་བར་གནས་པ་ལ་གནས་པར་བྱའོ་ཞེས་དེ་ཙམ་ཞིག་སེམས་ལ་བྱས་ནས་མགུ་བ་བསྐྱེད་ཅིང་ཕྱི་ཕྱིར་དེ་ཉིད་ལ་གོམས་པར་བྱེད་དེ་ཞེས་གསུངས་པ་ཡིན་ནོ། །
གསང་བ་པའི་བདག་པོ་དེ་ནི་དགེ་བའི་ལས་སྐྱེ་བའི་ས་བོན་ལྟ་བུ་སྟེ། སེམས་དང་པོའོ་ཞེས་པ་ནི་སེམས་བདུན་པའི་ཚེ་ཚུལ་ཁྲིམས་བསྲུངས་པའི་དགེ་བ་འབྱུང་བའི་ས་བོན་དུ་གྱུར་པ་ལ་བྱའོ། །དེ་ལ་འགའ་ཞིག་སྨྱུང་བར་གནས་པ་ནི་བརྟུལ་ཞུགས་ཀྱི་མཚན་ཉིད་དེ་ཉོན་མོངས་པའི་ཕྱོགས་གཅིག་ཡིན་ན་ཇི་ལྟར་དགེ་
བའི་ས་བོན་དུ་འགྱུར་སྙམ་དུ་དོགས་པ་སྐྱེ་བ་ལ། དོགས་པ་བསལ་བ་ནི་སྨྱུང་བར་བྱས་པའི་འོག་ཏུ་མཆོད་པ་དང་སྦྱིན་པའི་སེམས་འབྱུང་བ་སྟེ། སྨྱུང་བ་དེ་ནི་སྦྱིན་པ་ལ་སོགས་པའི་དགེ་བའི་དེ་མ་ཐག་པའི་རྐྱེན་བྱེད་པས་ཉེས་པ་མེད་དོ། །སྦྱིན་པ་ལ་སོགས་པ་དེ་དག་ཀྱང་ཟག་པ་དང་བཅས་
เล่ม ๖๙ · หน้า 279a
པའི་དགེ་བ་ལ་བྱའོ། །དེའི་རྒྱུ་ཉིད་ཀྱིས་སྦྱིན་པ་སྦྱིན་པར་བྱེད་དེ་ཞེས་སྦྱར་ཏེ། མཚན་མ་དང་བཅས་པའི་ཉི་མ་ཞེས་པ་སྨྱུང་བར་བྱད་པ་དེ་ཉིད་ལ་གོམས་པར་བྱེད་པའི་རྒྱུས་ཟླ་བ་དང་སྐར་མ་དང་ཉི་མ་ལ་སོགས་པ་བཟང་པོའི་ཉིན་པར་ཕ་མ་ལ་སོགས་པའི་གཉེན་རྣམས་ལ་སྦྱིན་པར་བྱེད་པ་ནི་
ཚུལ་ཁྲིམས་བསྲུངས་པའི་དགེ་བ་ལས་འབྱུང་བའི་མྱུ་གུར་བལྟའོ། །དེ་ནས་གཞན་ཡང་སྦྱིན་པ་དེ་ཉིད་མི་ཤེས་པ་དག་ལ་ཡང་སྦྱིན་པར་བྱེད་ཅེས་པ་ནི་སྦྱིན་པ་སྟེ་མ་ལ་གོམས་པའི་མཐུས་གཉེན་མ་ཡིན་པ་གཞན་ལ་ཡང་སྦྱིན་པ་སྟེ། དེ་ཡང་དགེ་བ་བཅུའི་ལས་འབྱུང་བའི་སྡོང་བུ་ལྟ་བུར་བལྟའོ། །དེ་
ནས་གཞན་ཡང་སྦྱིན་པ་དེ་ཉིད་སྣོད་དུ་རུང་བ་ཡོངས་སུ་ཚོལ་ཞིང་སྦྱིན་པར་བྱེད་དེ་ཞེས་པ་ནི་ཕ་དང་མ་དང་། མཁན་པོ་དང་སློབ་དཔོན་དང་བྲམ་ཟེ་རིག་བྱེད་བཞི་པོ་རྫོགས་པར་ཤེས་པ་ལ་སྦྱིན་ན་དེ་དག་ནི་སྦྱིན་གནས་ཏེ། བསོད་ནམས་མཐའ་མེད་པར་འགྱུར་བས་སྦྱིན་པའི་སྣོད་དོ་སྙམ་ནས་སྦྱིན་པར་བྱེད་
པ་དེ་ཡང་དགེ་བའི་ལས་འབྱུང་བའི་རྒྱུ་སྟེ་ལོ་མ་ལྟ་བུར་བལྟའོ། །དེ་ནས་གཞན་ཡང་སྦྱིན་པ་དེ་ཉིད་བླ་མའམ་རོལ་མོ་མཁན་དག་ལ་དགའ་བཞིན་དུ་སྦྱིན་པར་བྱེད་དེ་ཞེས་པ་དེ་ནི་སྦྱིན་པ་དེ་ནི་སྔ་མ་ལས་རྒྱ་ཆེ་སྟེ། སྣོད་ལ་ཡང་མི་རྟོག་པར་བླ་མ་དང་རོལ་མོ་མཁན་ལ་སོགས་པ་ལ་སེམས་དགའ་བར་སྦྱིན་
པས་དངོས་པོ་ལ་མ་ཆགས་པར་སྦྱིན་པ་སྟེ། དེ་ཡང་དགེ་བའི་ལས་འབྱུང་བའི་རྒྱུ་སྟེ་མེ་ཏོག་ལྟ་བུར་བལྟའོ། །དེ་ནས་གཞན་ཡང་སྦྱིན་པ་དེ་ཉིད་ཡིད་དགའ་བ་དག་ལ་སྦྱིན་པར་བྱེད་དེ་ཞེས་པ་ནི་ཟས་འདོད་པ་ལ་ཟས། གོས་འདོད་པ་ལ་གོས་ལ་སོགས་པ་ཅི་འདོད་པ་རྣམས་སྦྱིན་པ་ལ་བྱ་
སྟེ། །དེ་ཡང་དགེ་བའི་ལས་འབྱུང་བའི་འབྲས་བུར་བལྟའོ། །དེ་ནས་གསང་བ་པའི་བདག་པོ། གཞན་ཡང་མཐོ་རིས་སུ་སྐྱེ་བར་བྱ་བའི་ཕྱིར་ཚུལ་ཁྲིམས་བསྲུང་སྟེ་ཞེས་པ་ནི་དེ་ལྟ་བུའི་སྦྱིན་པ་རྣམས་བྱས་ནས་ལུས་ཀྱི་ལས་གསུམ་དང་། ངག་གི་ལས་བཞི་དང་། ཡིད་ཀྱི་ལས་གསུམ་གྱི་སྒོ་
ནས་མི་དགེ་བ་འབྱུང་བ་སྤོང་བའི་མཚན་ཉིད་ཀྱི་ཚུལ་ཁྲིམས་བསྲུངས་ནས་དེའི་འབྲས་བུ་མངོན་པར་མཐོ་བའི་མཚན་ཉིད་ལྷ་ལ་སོགས་པའི་ལོངས་སྤྱོད་མཐོ་རིས་སུ་སྐྱེ་བའི་ཕྱིར་ཏེ་ལོངས་སྤྱོད་དེ་ཉིད་གསོས་སུ་འགྱུར་བ་ལ་བྱའོ། །དེ་ནས་ཡང་གསང་བ་པའི་བདག་པོ། གཞན་ཡང་སེམས་དེ་ལྟ་བུ་ཉིད་
เล่ม ๖๙ · หน้า 279b
ཀྱིས་འཁོར་བར་རྒྱུ་བ་ནི་དགེ་བའི་བཤེས་གཉེན་ལ་ལ་ཞིག་ལས་ཚིག་འདི་སྐད་ཐོས་ཏེ་ཞེས་པ་དེ་ལྟ་བུར་སྦྱིན་པ་བྱེད་ཅིང་ཚུལ་ཁྲིམས་བསྲུང་བ་ལ་མཁན་པོ་འཇིག་རྟེན་པའི་གཞུང་ལུགས་ཤེས་པ་འགའ་ཞིག་གིས་དགེ་བའི་བཤེས་གཉེན་བྱས་ཏེ། རང་གི་སྟོན་པའི་ལྷ་ལ་བརྟེན་དུ་བཅུག་པ་སྟེ། །
དགེ་བའི་བཤེས་གཉེན་དེས་ཀྱང་ལྷ་རྣམས་ཀྱི་རང་བཞིན་བསྟན་པ་ནི། ལྷ་འདི་དག་ནི་ལྷ་ཆེན་ཏེ། །ཐམས་ཅད་ལ་ནི་བདེ་བ་སྟེར། །དེ་ལ་ཁྱོད་ཀྱིས་གུས་མཆོད་དང་། །ཐམས་ཅད་གྲུབ་པ་ཉིད་དུ་འགྱུར། །ཞེས་པ་ནས། དེ་བཞིན་ལྷ་དང་དྲང་སྲོང་མཆོག །རིག་བྱེད་རིག་བྱེད་སྐྱེས་བུ་ཡིན། །ཞེས་
པའི་བར་དུའོ། །མཁས་པའི་མཆོད་པ་གྱིས་ཤིག་ཅེས། །ཞེས་པ་ནི་དེ་ལྟར་གོང་དུ་མིང་གིས་སྨོས་པའི་ལྷ་དེ་རྣམས་གང་ལ་དད་པ་ལ་སྟོན་པ་དང་མཆོད་པའི་གནས་སུ་བྱས་ན་ལྷ་དེ་རྣམས་ཀྱིས་བདེ་བ་སྟེར་བ་དང་བསམ་པ་ཐམས་ཅད་འགྲུབ་པར་བྱེད་དོ་ཞེས་བསྟེན་པའོ། །དེ་ལས་དེ་
འདྲའི་ཚིག་ཐོས་ནས། །ཡིད་ནི་ཡང་དག་མགུ་གྱུར་ཏེ། །དེའི་ཚེ་རབ་ཏུ་གུས་ལྡན་པས། །དེ་དག་ལ་ནི་ནན་ཏན་བྱེད། །ཅེས་པ་ནི་དེ་ལྟར་དགེ་བའི་བཤེས་གཉེན་གྱིས་ལྷ་རྣམས་བསྟན་པ་ཐོས་ནས་བྱིས་པ་དེ་ལ་ཡིད་མགུ་བ་སྐྱེས་ཏེ། དེ་ནས་ལྷ་དེ་དག་ལ་བརྟེན་པ་དང་མཆོད་པ་ནན་ཏན་
བྱེད་ཅིང་ལྷ་དེ་རྣམས་ལ་རབ་ཏུ་དད་པ་དང་ལྡན་པར་འགྱུར་བའོ། །གསང་བ་པའི་བདག་པོ་འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་འཁོར་བ་ནི་ཀུན་དུ་འཁྱམས་པ་རྣམས་ཀྱི་དབུགས་ཕྱིན་པའི་མཆོག་ཡིན་ཏེ། འདི་ནི་སྟོབས་སུ་གྱུར་པ་སྟེ་སེམས་བརྒྱད་པར་རྒྱལ་བ་རྣམས་ཀྱིས་བཤད་དོ་ཞེས་པ་ནི་དེ་ལྟ་
བུའི་བྱིས་པ་སོ་སོའི་སྐྱེ་བོ་ཐ་དད་པ་རྣམས་འཁོར་བ་ན་སྐྱབས་དང་མགོན་མེད་པར་འཁྱམས་པ་ལས་དགེ་བའི་བཤེས་གཉེན་རྣམས་ཀྱིས་སྐྱབས་དང་མགོན་དེ་དག་བསྟན་པས་བྱིས་པ་དེ་རྣམས་ཀྱིས་སྐྱབས་དང་མགོན་རྙེད་དེ་དབུགས་ཕྱིན་པ་ནི་བརྟན་པོར་གྱུར་པས་དགེ་བའི་སྟོབས་སུ་
གྱུར་པའོ་ཞེས་པའོ། །དེ་ནས་གསང་བ་པའི་བདག་པོ་གཞན་ཡང་ཁྱད་པར་རྟོགས་པ་ཇི་སྐད་དུ་ཡོངས་སུ་གྲགས་པའི་ཁྱད་པར་དེ་དང་དེ་དག་ལ་ཁྱད་པར་དུ་གནས་པ་རྣམས་ལ་འབའ་ཞིག་པ་ཉིད་ཀྱི་དོན་དུ་བློ་སྐྱེ་ཤིང་དེ་ཡང་ཡོད་དོ་ཞེས་སྟོང་པ་ཉིད་ཁོ་ན་ལ་དངོས་པོར་སེམས་ཏེ། སྔར་བདག་
เล่ม ๖๙ · หน้า 280a
གི་ངོ་བོ་སྨོས་པ་རྣམས་དང་སྟོན་པའི་ལྷ་རྣམས་ཀྱི་རང་བཞིན་ཇི་སྐད་སྨོས་པ་བཞིན་དུ་ཤེས་ནས་བདག་ཏུ་བརྟགས་པ་དང་ལྷ་དེ་རྣམས་ལ་བརྟེན་ཏེ། ལྷ་དེ་རྣམས་ཀྱིས་བསྟན་པའི་གཞུང་གིས་ལས་དང་ཉོན་མོངས་པ་སྤངས་ནས་དག་པའི་བདག་ཏུ་རྟོག་པ་ཡིན་ཏེ། དག་པ་དེ་ཡང་
སྟོང་པ་ཉིད་མྱ་ངན་ལས་འདས་པ་ཡིན་ནོ་སྙམ་པའི་བློ་སྐྱེ་བ་སྟེ། སྟོང་པ་ཉིད་ལ་བདེ་བ་དང་སྡུག་བསྔལ་མྱོང་བར་བྱེད་པའི་རང་བཞིན་གྱི་བདག་ཅེས་པའི་དངོས་པོ་ཉུངས་འབྲུ་ཙམ་མམ། སྤུའི་ཉག་མ་ལ་སོགས་པ་ཙམ་དུ་ཡོད་པར་རྟོག་སྟེ་དེ་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བདག་དང་ལྷ་
རྣམས་ལ་བརྟེན་ནས་རང་གི་རྣམ་པར་གྲོལ་བ་ཚོལ་བ་སྟེ། རྣམ་པར་གྲོལ་བར་ཚོལ་བའི་བདེ་བ་དེ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བརྒྱུད་པའི་རྒྱུར་བལྟའོ། །དབང་ཕྱུག་ཆེན་པོ་དང་ཚངས་པ་ལ་སོགས་པའི་ལྷ་དེ་རྣམས་ཀྱང་སྤྱིར་སེམས་ཅན་རྣམ་པ་གཉིས་ཏེ། ལས་ལས་སྐྱེས་པ་དང་། ཡེ་
ཤེས་ཀྱི་སེམས་ཅན་ནོ། །དེ་ལ་སྐབས་འདིར་ནི་ལྷ་དེ་རྣམས་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་འཁྱམས་པ་རྣམས་ལ་སོ་སོའི་མྱ་ངན་ལས་འདས་པའི་ལམ་སྟོན་པ་པོ་སྟེ། ལམ་དེ་སྟོན་པ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་མཁྱེན་ནས་ཐོབ་པའི་རྒྱུར་སྦྱོར་བ་ཡིན་པས་དབང་པོ་དང་བརྒྱ་བྱིན་
ལ་སོགས་པའི་ལྷ་དེ་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལས་སྤྲུལ་པའི་ཡེ་ཤེས་ཀྱི་སེམས་ཅན་དུ་བལྟའོ། །གསང་བ་པའི་བདག་པོ། །དེ་དག་གིས་ནི་སྟོང་པ་ཉིད་རབ་ཏུ་མི་ཤེས་སོ་ཞེས་པ་ནི་སྟོང་པ་ཉིད་ལ་འབའ་ཞིག་པ་ཞེས་བྱ་བའི་བདག་གི་ངོ་བོར་བརྟགས་པས་སྟོང་པར་མི་འགྱུར་
ཏེ། ཇི་ཙམ་དུ་དངོས་པོར་བརྟགས་པ་དེ་ཙམ་དུ་ཡོད་པའི་མཐའ་འཛིན་པས་སྟོང་པ་ཉིད་ཤེས་པར་མི་འགྱུར་རོ་ཞེས་པའོ། །དེ་བས་ན་སྟོང་པ་ཉིད་ནི་དངོས་པོ་ཅན་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་གཉིས་ཀ་ཡང་མ་ཡིན་ཏེ། དེ་ལ་རྟོག་པའམ་
མི་རྟོག་པ་ཡང་མེད་ན་དེ་ལ་ཇི་ལྟར་སྟོང་པ་ཞེས་བཏགས་པར་བྱ་ཞེས་སྟོང་པའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་གསུངས་པ་ཡིན་ནོ། །དེ་ལ་དངོས་པོ་ཡང་མ་ཡིན་ཞེས་པ་ནི་བྱིས་པ་རྣམས་ཀྱིས་ཇི་ལྟར་བདག་ཏུ་བརྟགས་པའི་དངོས་པོ་མ་ཡིན་པའོ། །དངོས་པོ་མེད་པ་ཡང་མ་ཡིན་ཞེས་པ་ནི་དེ་ལྟ་བུ་ཡོད་
เล่ม ๖๙ · หน้า 280b
པའི་དངོས་པོ་སྤངས་པའི་གཞན་ཞིག་ཀྱང་མ་ཡིན་པའོ། །ཡོད་པ་ཡང་མ་ཡིན་ཞེས་པ་ནི་སྟོང་པ་ཉིད་ལ་དེ་ལྟ་བུའི་དངོས་པོ་མེད་པའོ། །མེད་པ་ཡང་མ་ཡིན་ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དུ་མེད་པ་མ་ཡིན་པའོ། །གཉིས་ཀ་ཡང་མ་ཡིན་ཞེས་པ་ནི་ཡོད་མེད་གཉིས་ལས་གཞན་ན་ཡང་མེད་པའོ། །
དེ་ལ་རྟོག་པའམ་མི་རྟོག་པ་ཡང་མེད་ན། དེ་ལ་ཇི་ལྟར་སྟོང་པ་ཞེས་བཏགས་པར་བྱ་ཞེས་པ་ནི་དེ་ལྟར་ཡོད་པ་དང་མེད་པ་མ་ཡིན་པས་སྟོང་པ་ཉིད་ལ་དངོས་པོར་གདག་ཏུ་མེད་ཅེས་པའོ། །དོན་འདི་ཉིད་ཚིགས་སུ་བཅད་པས་གསུངས་པ། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་མྱ་ངན་འདས་
མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་སྟོང་ཉིད་ཤེས་པར་བྱ། །ཞེས་པ་སྟེ། གང་དག་སྟོང་ཉིད་མི་ཤེས་པ། །ཞེས་པ་ནི་སྟོང་པ་ཉིད་ལ་དངོས་པོར་བརྟགས་པ་ན་སྟོང་པ་ཉིད་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པར་མི་ཤེས་པ་སྟེ། དེ་དག་གིས་ནི་ཆོས་ཀྱི་དབྱིངས་ཞི་བ་མྱ་ངན་
ལས་འདས་པ་རྣམས་ཀྱང་ཤེས་པར་མི་ནུས་པ་ལ་བྱའོ། །སྟོང་པ་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། དངོས་པོ་དང་དངོས་པོ་མེད་པས་བསྡུས་པའི་དངོས་པོ་དང་བྲལ་བས་ཤེས་པར་ནུས་ཏེ། དེ་བས་ན་དངོས་དང་དངོས་མེད་པ། འཇིག་པས་ཞེས་གསུངས་པ་ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་
འདས་ལ་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་པ། བཅོམ་ལྡན་འདས་སེམས་ཀྱི་ཁྱད་པར་དེ་དག་བཤད་དུ་གསོལ་ཞེས་པ་ནི་སྔར་སེམས་ཀྱི་ཁྱད་པར་བརྒྱ་དྲུག་ཅུ་ལས་འདས་ནས་བྱང་ཆུབ་ཀྱི་སེམས་སྐྱེའོ་ཞེས་གསུངས་ན། སེམས་ཀྱི་ཁྱད་པར་དེ་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་པ་བཤད་དུ་གསོལ་
ཞེས་པ་ལ་བྱའོ། །དེ་སྐད་ཅེས་གསོལ་པ་ཞེས་པ་ནས། ཉོན་ཅིག་ཅེས་པའི་བར་དུ་གསོལ་བའི་ལེན་བཤད་པར་གནང་བའོ། །དེ་དག་བཤད་པ་ཡང་གསང་བ་པའི་བདག་པོ། །དེ་ལ་སེམས་ནི་འདོད་ཆགས་ཀྱི་སེམས་དང་། འདོད་ཆགས་དང་བྲལ་བའི་སེམས་དང་ཞེས་པ་ནས་བུ་ག་ལྟ་བུའི་
སེམས་དང་སྐྱེ་བར་གྱུར་པའི་སེམས་སོ་ཞེས་པའི་བར་རོ། །སེམས་དེ་རྣམས་བཤད་པ་ཡང་མིང་དང་། མཚན་ཉིད་དང་སྤོང་བ་དང་ལམ་གྱི་སྒོ་ནས་བཤད་པར་ཤེས་པར་བྱ་ལ། སེམས་དེ་རྣམས་ཀྱི་རང་བཞིན་ཡང་རྣམ་པ་བཞི་སྟེ། ཉོན་མོངས་པ་ཅན་དང་། དགེ་བ་དང་། མི་དགེ་བ་དང་། །
เล่ม ๖๙ · หน้า 281a
ལུང་དུ་མ་བསྟན་པའོ། །དེ་ལ་སེམས་དེ་རྣམས་ལས་འདའ་བར་བྱ་བ་ཡང་སྤྱིར་ན་སྔགས་ཀྱི་སྒོ་ནས་སྤྱོད་པ་ལ་རྣམ་པ་གཉིས་ཏེ། གྲུབ་པ་དང་། དམ་ཚིག་ཅན་ནོ། །དེ་ལ་གྲུབ་པ་ནི་མོས་པས་སྤྱོད་པའི་ས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་གང་དུ་འདོད་པར་འཕར་བས་
རིམ་པ་དང་བསྐལ་པའི་ཚིགས་ཀྱང་མེད་དོ། །དམ་ཚིག་ཅན་ལ་ཡང་རྣམ་པ་གཉིས་ཏེ། དབང་པོ་རྟུལ་པོ་དང་རྣོན་པོའོ། །དེ་ལ་དབང་པོ་རྟུལ་པོ་ནི་ཐོག་མར་འཇིག་རྟེན་པའི་ལམ་སྟོང་པ་ཉིད་འབའ་ཞིག་པར་བློ་སྐྱེས་པ་ལས་འཕར་ནས་གང་ཟག་ལ་བདག་མེད་པར་རྟོགས་ཏེ་སེམས་འདི་རྣམས་
ཀྱང་སྡུག་བསྔལ་བ་ཉིད་དང་། མི་རྟག་པ་ཉིད་དང་། སྟོང་པ་ཉིད་དང་། བདག་མེད་པར་རྟོགས་ཏེ། སྤོང་བ་གོམས་པར་བྱེད་ན་འཇིག་རྟེན་པའི་ལམ་ནས་བརྩམས་ཏེ་བསྐལ་པ་གསུམ་གྱི་བར་དུ་གང་ཟག་ལ་བདག་མེད་པར་བསྒོམས་ཏེ། དེ་ནས་ཕུང་པོ་ལ་ཡོད་དོ་སྙམ་པའི་བློ་སྐྱེ་བ་དེ་ཡང་སུན་ཕྱུང་ནས་ཕུང་
པོ་ལ་སོགས་པ་སྒྱུ་མ་དང་སྨིག་རྒྱུ་ལྟ་བུར་ཆོས་ལ་བདག་མེད་པར་རྟོགས་ཏེ། སེམས་གསུམ་སྒོམ་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་སྤྱོད་པའི་མཚན་ཉིད་མོས་པས་སྤྱོད་པའི་ས་ལ་འཇུག་གོ། །དབང་པོ་རྣོན་པོ་ནི་ཐོག་མ་ཉིད་ནས་གང་ཟག་དང་ཆོས་གཉི་ག་ལ་བདག་མེད་
པར་རྟོགས་པས་སེམས་དེ་རྣམས་ཀྱང་སྒྱུ་མ་དང་སྨིག་རྒྱུའི་ཚུལ་གྱིས་སྤོང་ཞིང་སེམས་གསུམ་པོ་སྒོམ་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་རྣམ་པར་སྤྱོད་པའི་རིམ་གྱིས་མོས་པས་སྤྱོད་པའི་ས་དེ་བསྐལ་པ་གཅིག་གིས་རྫོགས་ནས་བསྐལ་པ་དེའི་བཞི་ཆ་གཅིག་གིས་ཡེ་ཤེས་ཀྱི་ས་ལ་འཇུག་
གོ། །མོས་པས་སྤྱོད་པའི་ས་ལ་ཞུགས་ནས་ནི་དབང་པོ་རྣོ་རྟུལ་གཉིས་ཀ་ཡང་མོས་པས་སྤྱོད་པའི་ས་དེ་བསྐལ་པ་གཅིག་གིས་རྫོགས་པར་བྱེད་པ་དང་། ཡེ་ཤེས་ཀྱི་ས་ལ་བསྐལ་པ་བཞི་ཆ་གཅིག་གིས་འཇུག་པར་འདྲའོ། །སེམས་ཀྱི་དངོས་པོ་དྲུག་ཅུ་རྣམས་ལས་བརྒྱ་དྲུག་ཅུར་འཕེལ་བ་
ཡང་སྒྲིབ་པའི་ཆ་ཕྲ་རགས་གསུམ་དུ་ཕྱེ་སྟེ་གསུམ་པོ་དེ་རྣམས་རེ་རེ་ཞིང་ཡང་གསུམ་གསུམ་དུ་ཕྱེ་བས་རྣམ་པ་དགུར་བལྟའོ། །དེ་ལ་སྒྲིབ་པ་ཆེན་པོའི་ཆེན་པོ་ལ་སེམས་གཅིག་སྤོང་ལ་ཆེན་པོའི་འབྲིང་པོ་ལ་ནི་གཉིས་སྤོང་། ཆེན་པོའི་ཆུང་ངུ་ལ་ནི་གསུམ་སྤོང་། འབྲིང་གི་ཆེན་པོ་ལ་ནི་བཞི་སྤོང་།
เล่ม ๖๙ · หน้า 281b
འབྲིང་གི་འབྲིང་ལ་ནི་ལྔ་སྤོང་། འབྲིང་གི་ཆུང་ངུ་ལ་ནི་དྲུག་སྤོང་། ཆུང་ངུའི་ཆེན་པོ་ལ་བདུན་སྤོང་། ཆུང་ངུའི་འབྲིང་ལ་བརྒྱད་སྤོང་། འོག་ནས་འབྱུང་བའི་ཚུལ་གྱིས་དེ་ལྟར་སེམས་བརྒྱ་དྲུག་ཅུ་མོས་པས་སྤྱོད་པའི་ས་ནས་བསྐྱོད་ཅིང་མོས་པས་སྤྱོད་པའི་ས་དེ་རྫོགས་པར་བྱེད་དོ། །དེ་ལ་
དགུ་པོ་རྣམས་ཀྱི་ཐ་མ་ཆུང་ངུའི་ཡང་ཆུང་ངུ་ནི་མོས་པས་སྤྱོད་པའི་ས་ནས་འཕར་ནས་སྤོང་སྟེ་ཡེ་ཤེས་ཀྱི་ས་ལ་འཇུག་པར་ཤེས་པར་བྱའོ། །དེ་ལ་འདོད་ཆགས་ཀྱི་སེམས་གང་ཞེ་ན་ཆགས་པ་ཅན་ཆོས་ཀུན་དུ་བསྟེན་པའོ་ཞེས་པ་ནི་འདོད་ཆགས་དང་ལྡན་པའི་སེམས་ལ་བྱ་སྟེ། དེ་ཡང་དགེ་བ་དང་། མི་
དགེ་བ་དང་། ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟེན་པའི་ཆོས་རྣམ་པ་བཞི་ལས་ཇི་ལྟར་རིགས་པར་ཆགས་ནས་བསྙེན་པ་ལ་ཤེས་པར་བྱ་སྟེ། ལྷ་ལ་སོགས་པ་ལ་དད་ཅིང་མཆོད་པར་བྱ་བ་ལ་ཞེན་ནས་མཆོད་པ་ལ་སོགས་པའི་ལས་དེ་དག་བྱེད་པ་ནི་ཆགས་པ་ཅན་ཆོས་ཀུན་དུ་བསྟེན་པ་
ཞེས་བྱ་སྟེ་དགེ་བའོ། །དེ་བཞིན་དུ་བུད་མེད་ལ་སོགས་པ་ལ་ཞེན་ནས་དེའི་བྱ་བ་བྱེད་པ་ནི་ཆགས་པ་ཅན་ཆོས་བསྟེན་པ་སྟེ་ཉོན་མོངས་པ་ཅན་གྱི་སེམས་སོ། །མ་བྱིན་པར་ལེན་པ་དང་བརྫུན་དུ་སྨྲ་བ་ལ་ཆོས་སུ་ཞེན་ནས་དེ་དག་གི་བྱ་བ་བྱེད་པ་ནི་ཆགས་པ་ཅན་ཆོས་བསྟེན་པ་སྟེ་མི་དགེ་བའི་སེམས་སོ། །
བཟོ་ལ་སོགས་པའི་ཆོས་ལ་ཞེན་ནས་དེ་དག་གི་བྱ་བ་བྱེད་པ་ནི་ཆགས་པ་ཅན་ཆོས་བསྟེན་པ་སྟེ་ལུང་དུ་མ་བསྟན་པའོ། །དེ་ལྟར་ཚུལ་འདིས་སེམས་གཞན་རྣམས་ལ་ཡང་ཇི་ལྟར་རིགས་པར་དགེ་བ་དང་མི་དགེ་བ་དང་། ཉོན་མོངས་པ་ཅན་དང་ལུང་མ་བསྟན་པར་སྦྱར་བར་བྱའོ། །འདོད་ཆགས་དང་བྲལ་
བའི་སེམས་གང་ཞེ་ན། འདོད་ཆགས་དང་བྲལ་བའི་ཆོས་ཀུན་དུ་བསྟེན་པའོ་ཞེས་པ་ནི་གོང་དུ་སྨོས་པའི་ཆོས་རྣམ་པ་བཞི་ལ་མ་ཆགས་པའམ་མ་མོས་ཀྱང་ཆོས་ཉིད་ཀྱི་སྤྱོད་པའམ། གཞན་གྱི་དབང་དུ་མི་སྤྱོད་བཞིན་དུ་དེ་དག་གི་བྱ་བ་བྱེད་པ་ནི་འདོད་ཆགས་དང་བྲལ་བའི་ཆོས་ཀུན་དུ་བསྟེན་པའོ། །
ཞེ་སྡང་གི་སེམས་གང་ཞེ་ན། སྡང་བས་ཆོས་ཀུན་དུ་བསྟེན་པའོ་ཞེས་པ་ནི་ཞེ་སྡང་དང་ལྡན་པའི་སེམས་ཏེ་གོང་དུ་སྨོས་པའི་ཚུལ་གྱིས་དགེ་བ་དང་མི་དགེ་བ་ལ་སོགས་པར་རིག་པར་བྱའོ། །བྱམས་པའི་སེམས་གང་ཞེ་ན། བྱམས་པ་དང་ལྡན་པའི་ཆོས་ཀུན་དུ་བསྟེན་པའོ་ཞེས་པ་ནི་བྱམས་པ་དང་
เล่ม ๖๙ · หน้า 282a
ལྡན་པའི་སེམས་ཏེ་དགེ་བ་དང་མི་དགེ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །གཏི་མུག་གི་སེམས་གང་ཞེ་ན་གང་མི་དཔྱོད་པར་ཆོས་བསྟེན་པའོ་ཞེས་པ་ནི་གཏི་མུག་དང་ལྡན་པའི་སེམས་སོ། །ཤེས་རབ་ཀྱི་སེམས་གང་ཞེ་ན། ཁྱད་པར་ལས་ཁྱད་པར་གཞན་རྟོགས་པར་བྱ་
སྟེ་ཆོས་བསྟེན་པའོ་ཞེས་པ་ནི་ཤེས་རབ་དང་ལྡན་པའི་སེམས་ཏེ་ཁྱད་པར་ལས་ཞེས་པ་ནི་ཤེས་རབ་མ་ཐོབ་པ་ལས་ཤེས་རབ་ཐོབ་པ་ལ་བྱའོ། །ཁྱད་པར་གཞན་ཞེས་པ་ནི་ཤེས་རབ་དེ་ཐོབ་པ་ལས་ཤེས་རབ་མཆོག་ཁྱད་པར་དུ་རྟོགས་པ་ལ་བྱའོ། །གཏན་ལ་ཕབ་པའི་སེམས་གང་ཞེ་ན། བཀའ་
དང་བླ་མའི་ཚིག་བཞིན་བྱེད་པ་ཉིད་དོ་ཞེས་པ་ནི། རྒྱལ་པོ་ལ་སོགས་པའི་བཀའ་དང་། སློབ་དཔོན་ལ་སོགས་པའི་ལུང་མི་བྱར་མི་རུང་སྟེ། ངེས་པར་བྱ་བའི་ཆོས་དེ་བྱེད་པའོ། །ཐེ་ཚོམ་གྱི་སེམས་གང་ཞེ་ན། ཇི་ལྟར་ཡོངས་སུ་གཟུང་བ་ངེས་པ་དག་ལ་སོམ་ཉི་བསྟེན་པ་དག་གོ་ཞེས་པ་ནི་
ཐེ་ཚོམ་དང་ལྡན་པའི་སེམས་ཏེ་སྔར་ཕྱིན་ཅི་མ་ལོག་པར་ཟིན་པ་ལ་ཕྱིས་བདག་ཉིད་ཀྱིས་ཐེ་ཚོམ་བསླང་སྟེ་དོགས་པ་སྐྱེ་བར་བྱེད་པ་ནི་དེའི་ཆོས་ལ་བརྟེན་པའོ་ཞེས་བྱའོ། །མུན་པར་འགྱུར་བའི་སེམས་གང་ཞེ་ན་སོམ་ཉི་མེད་པ་ལ་སོམ་ཉིར་ཤེས་པའོ་ཞེས་པ་ནི་མུན་པ་ལྟ་བུའི་སེམས་ཏེ་ཇི་ལྟར་མུན་
པའི་ནང་ན་བུམ་པ་ལ་སོགས་པ་ཡོད་ཀྱང་གསལ་བར་མི་སྣང་བས་ཡོད་དམ་མེད་ཐེ་ཚོམ་ཟ་བ་སྟེ། དེ་བཞིན་དུ་དངོས་པོ་ཕྱིན་ཅི་མ་ལོག་པ་ལ་མ་རིག་པའི་མུན་པས་བསྒྲིབས་པས་ཐེ་ཚོམ་སྐྱེ་བའི་སེམས་ནི་མུན་པ་དང་འདྲའོ། །སྣང་བར་གྱུར་པའི་སེམས་གང་ཞེ་ན། སོམ་ཉི་མེད་པ་ལ་
སོམ་ཉི་མེད་པར་བསྟེན་པའོ་ཞེས་པ་ནི་སྣང་བའི་རང་བཞིན་དུ་གྱུར་པའི་སེམས་ཏེ་ཇི་ལྟར་ནམ་མཁའ་སྣང་བ་ལ་རྫས་ཀྱི་དངོས་པོ་གསལ་བར་སྣང་བ་བཞིན་དུ་སྣང་བའི་རང་བཞིན་གྱི་གཟུགས་དེ་ཡང་དེས་ཤེས་པར་བྱ་བའི་དངོས་པོ་ཐེ་ཚོམ་མེད་བཞིན་དུ་སྤྱོད་པ་ནི་སོམ་ཉི་མེད་པར་ཆོས་བསྟེན་
པའོ། །སྡུད་པའི་སེམས་གང་ཞེ་ན། དུ་མ་གཅིག་ཏུ་བྱེད་པའོ་ཞེས་པ་ནི་སྡུད་པའི་རང་བཞིན་གྱི་སེམས་ཏེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རང་གི་མཚན་ཉིད་སོ་སོ་བ་ལས་སྟོང་པ་དང་བདག་མེད་པ་ལ་སོགས་པ་སྤྱིའི་མཚན་ཉིད་གཅིག་ཏུ་སྡུད་པའོ། །འཐབ་
เล่ม ๖๙ · หน้า 282b
པའི་སེམས་གང་ཞེ་ན། ཕན་ཚུན་རྩོད་པ་ཉིད་དོ་ཞེས་པ་ནི་འཐབ་མོ་ཅན་གྱི་སེམས་ཏེ། མི་མཐུན་པའི་མུ་རེ་རེ་གཟུང་ཞིང་རྩོད་པའི་ཆོས་རེ་རེ་བསྟེན་པའོ། །རྩོད་པའི་གང་ཞེ་ན་གང་བདག་ཉིད་དང་བདག་ཉིད་དུ་རྩོད་པའོ་ཞེས་པ་ནི་རྩོད་པའི་རང་བཞིན་གྱི་སེམས་ཏེ་གཞན་དང་ཕན་ཚུན་དུ་
མི་མཐུན་པའི་ཕྱོགས་གཟུང་ཞིང་མི་རྩོད་པར་བདག་རང་གི་སེམས་ལ་སུན་འབྱིན་པའམ་དཔྱོད་པ་ལྟ་བུའོ། །མི་རྩོད་པའི་སེམས་གང་ཞེ་ན། མཉམ་པས་མཚུངས་པར་བལྟ་བའོ་ཞེས་པ་ནི་རྩོད་པ་མེད་པའི་རང་བཞིན་གྱི་སེམས་ཏེ་དངོས་པོ་གང་ཡང་རུང་བ་ལ་གཞན་དང་ལྟ་བ་མཐུན་པས་མཚུངས་
པར་སྤྱོད་དེ་རྩོད་པ་མེད་པའི་ཆོས་བསྟེན་པར་བྱེད་པའོ། །ལྷའི་སེམས་གང་ཞེ་ན། ཡིད་ཀྱིས་བདག་ཉིད་ལ་རློམ་སེམས་སུ་བྱེད་པའོ་ཞེས་པ་ནི་ལྷ་ལྟ་བུའི་སེམས་སམ། ལྷའི་ཕྱིར་སེམས་པ་སྟེ། ལྷ་ལྟ་བུར་སེམས་པ་ནི་ཇི་ལྟར་ལྷ་རྣམས་བདག་ནི་ལྷ་ཡིན་ནོ་སྙམ་དུ་སེམས་པ་བཞིན་དུ་
སེམས་དེ་ཡང་བདག་ཉིད་གང་ཡིན་པ་དེ་ཡིན་ནོ་སྙམ་དུ་སེམས་པའོ། །ལྷའི་ཕྱིར་སེམས་པ་ནི་བདག་གིས་ལྷར་འགྱུར་བར་བྱའོ་སྙམ་དུ་སེམས་པའོ། །ལྷ་མ་ཡིན་གྱི་སེམས་གང་ཞེ་ན་གང་འཁོར་བ་ཉིད་ལ་སྨོད་པའོ་ཞེས་པ་ནི་ལྷ་མ་ཡིན་ལྟ་བུའི་སེམས་ཏེ། དེ་ལྟར་ལྷ་མ་ཡིན་དེ་ལ་སོགས་
པའི་དངོས་པོ་ཐམས་ཅད་ལ་སྨོད་པར་བྱེད་པ་དེ་བཞིན་དུ་སེམས་དེ་ཡང་འཁོར་བ་ལ་སྨོད་པར་བྱེད་པའི་ཆོས་བསྟེན་པའོ། །ཀླུའི་སེམས་གང་ཞེ་ན། གང་ལོངས་སྤྱོད་ཆེན་པོ་ཉིད་དུ་བྱ་བའི་ཕྱིར་སེམས་པའོ་ཞེས་པ་ནི་ཀླུ་ལྟ་བུའི་སེམས་ཏེ་ཇི་ལྟར་ཀླུ་ཕྱུག་པོ་ལ་མགོ་མང་པོ་ཡོད་དེ། མགོ་མང་
པོ་ལོངས་སྤྱོད་ཆེ་བར་ཤེས་པ་དེ་བཞིན་དུ་སེམས་དེ་ཡང་ལོངས་སྤྱོད་ཆེན་པོ་ལ་སྤྱོད་པའི་ཆོས་བསྟན་པའོ། །དེ་ལ་ཀླུའི་མགོ་མང་པོ་ལོངས་སྤྱོད་ཀྱི་དཔེར་ཇི་ལྟར་འགྱུར་ཞེ་ན། རྒྱ་གར་སྐད་དུ་ལོངས་སྤྱོད་ལ་བྷོ་ག །ཀླུའི་མགོ་ལ་ཡང་བྷོ་ག་ཞེས་བྱ་སྟེ། སྐད་ཀྱང་མཐུན་ལ་དོན་དུ་ཡང་ཀླུ་མགོ་
མང་པོ་དེ་ཕྱུག་པས་ལོངས་སྤྱོད་ཆེན་པོ་ལ་ལོངས་སྤྱོད་དོ། །དེ་བཞིན་དུ་སེམས་དེ་ཡང་ལོངས་སྤྱོད་ཆེན་པོའི་ཆོས་ལ་བསྟེན་པར་བྱེད་པས་ཀླུ་ལྟ་བུའི་སེམས་ཞེས་བྱའོ། །མིའི་སེམས་གང་ཡིན་ཞེ་ན། དེ་ཉིད་ཀྱི་དོན་དུ་སེམས་པའོ་ཞེས་པ་ནི་མིའི་ལོངས་སྤྱོད་འདོད་པའི་ཡོན་ཏན་གྱི་ཆོས་
เล่ม ๖๙ · หน้า 283a
ལ་བསྟེན་པར་བྱེད་པའོ། །བུད་མེད་ཀྱི་སེམས་གང་ཞེ་ན། འདོད་པ་ཁོ་ནའི་ཕྱིར་ཆོས་བསྟེན་པའོ་ཞེས་པ་ནི་བུད་མེད་ལྟ་བུའི་སེམས་ཏེ། བུད་མེད་ནི་འདོད་ཆགས་ཀྱི་ཡུལ་དུ་གྱུར་པའི་ཆོས་རྣམས་འཐོབ་པར་བྱ་བའི་ཕྱིར་ཆོས་དེ་དག་གི་བྱ་བ་བྱེད་དེ། དེ་བཞིན་དུ་སེམས་དེ་ཡང་
འདོད་པའི་ཡུལ་རྣམས་ཐོབ་པར་བྱ་བའི་ཕྱིར་ཆོས་དེ་དག་ལ་བསྟེན་པར་བྱེད་དོ། །དབང་ཕྱུག་གི་སེམས་གང་ཞེ་ན། གང་བདག་གིས་ཐམས་ཅད་བསམ་མོ་སྙམ་དུ་རློམ་སེམས་སུ་བྱེད་པའོ་ཞེས་པ་ནི་དབང་ཕྱུག་ལྟ་བུའི་སེམས་ཏེ། དབང་ཕྱུག་ནི་འཇིག་རྟེན་ཐམས་ཅད་ཀྱི་སྐྱེ་བ་དང་འཇིག་པ་
ནི་བདག་གིས་བྱས་སོ་བར་སེམས་སོ། །དེ་བཞིན་སེམས་དེ་ཡང་བདག་གིས་མ་བྱས་པ་རྣམས་ཀྱང་བདག་གིས་བྱས་སོ་བའི་ཆོས་བསྟེན་པར་བྱེད་པའོ། །དབང་ཕྱུག་ནི་ལྷ་ཆེན་པོ་ལ་བྱའོ། །ཚོང་པའི་སེམས་གང་ཞེ་ན་གང་བསྡུ་བ་བྱས་ཏེ་རྣམ་པར་སྤེལ་ནས་ཕྱིས་བསྟན་པའོ་ཞེས་པ་ནི་ཚོང་པ་ལྟ་
བུའི་སེམས་ཏེ། ཚོང་པ་ནི་འཚོང་ཞིང་ཉོ་བའི་ཆོས་རྣམས་རིན་ཆུང་བའི་དུས་ན་ཀུན་བསྡུས་ནས་ནམ་རིན་ཆེ་བ་ན་དེ་དག་ཐམས་ཅད་སླར་སྤེལ་ཞིང་འཚོང་བར་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་སྔར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་རྣམས་མི་རྟག་པ་དང་། སྡུག་བསྔལ་ལ་སོགས་པའི་
ཆོས་ཀྱིས་དེ་རྣམས་ཉིད་ཇི་ལྟར་རིགས་པར་སྤོང་བའི་ཆོས་བསྟེན་པར་བྱེད་པའོ། །ཞིང་པའི་སེམས་གང་ཞེ་ན། གང་ཐོས་པ་རྣམ་པ་དུ་མ་ཚོལ་ཞིང་ཕྱིས་བསྟེན་པའོ་ཞེས་པ་ནི་ཞིང་པ་ལྟ་བུའི་སེམས་ཏེ། སྔར་ཞིང་ཐོག་རྣམས་བསྡུས་ནས་ཕྱིས་ཞིང་ཐོག་དེ་རྣམས་ཉིད་ལ་བཟའ་བ་དང་བཏུང་བ་
ལ་སོགས་པའི་བྱ་བ་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་སྔར་ཆོས་རྣམས་མང་དུ་ཐོས་པར་བྱས་ཏེ་བསགས་ནས་ཕྱིས་ཇི་ལྟར་ཐོས་པའི་ཆོས་དེ་རྣམས་སེམས་པ་དང་བསྒོམ་པ་ལ་སོགས་པའི་ཆོས་བསྟེན་པར་བྱེད་པའོ། །ཆུ་བོའི་སེམས་གང་ཞེ་ན། གང་མཐའ་གཉིས་ལ་མི་ལྟོས་ཤིང་བསྟེན་
པའོ་ཞེས་པ་ནི་ཆུ་བོ་ལྟ་བུའི་སེམས་ཏེ། ཆུ་བོ་ནི་མཐའ་གཉིས་མི་མཐོ་བར་དབུས་ཀྱི་གཞུང་བཞིན་ལས་འབབ་པའོ། །དེ་བཞིན་དུ་སེམས་དེ་ཡང་རྟག་པ་དང་ཆད་པའི་མཐའ་གཉིས་སྤོང་བར་བྱེད་པའི་ཆོས་བསྟེན་པའོ། །ཡང་ན་ཆུ་བོ་མཐའ་གཉིས་ལ་ལྟོས་ཤིང་འབབ་པ་དེ་བཞིན་དུ།
เล่ม ๖๙ · หน้า 283b
སེམས་དེ་ཡང་རྟག་པ་དང་ཆད་པའི་མཐའ་བཟུང་ཞིང་དེའི་ཆོས་བསྟེན་པར་བྱེད་པ་ལ་ཡང་བྱའོ། །ལྟེང་ཀའི་སེམས་གང་ཞེ་ན། གང་སྲིད་པས་བསྟེན་པའོ་ཞེས་པ་ནི་ལྟེང་ཀ་ལྟ་བུའི་སེམས་ཏེ། ལྟེང་ཀ་དེ་ནི་གཞན་ལས་འབབ་པའི་ཆུ་རྣམས་བསོགས་ལ་བདག་ལས་གར་ཡང་མི་
འཛག་སྟེ། དེ་བཞིན་དུ་སེམས་དེ་ཡང་གཞན་གྱི་ཐམས་ཅད་ནི་སྡུད་ལ། བདག་ལས་གང་ཅི་ཡང་མི་གཏོང་བའི་ཆོས་བསྟེན་པའོ། །ཁྲོན་པའི་སེམས་གང་ཞེ་ན། གང་མི་ཟབ་པ་ལ་ཟབ་པར་སེམས་པའོ་ཞེས་པ་ནི་ཁྲོན་པ་ལྟ་བུའི་སེམས་ཏེ། ཁྲོན་པ་ཆུས་གང་བ་ནི་མི་ཟབ་
ཀྱང་གཏིང་དཔག་ཏུ་མི་མངོན་པས་ཟབ་པ་དང་འདྲ་སྟེ། དེ་བཞིན་དུ་སེམས་དེ་ཡང་ཟབ་མོའི་བློ་མ་ཡིན་པ་ལ་ཟབ་སྙམ་དུ་སེམས་པའི་ཆོས་བསྟེན་པའོ། །ཀུན་དུ་བསྲུང་བའི་སེམས་གང་ཞེ་ན། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་སྙམ་དུ་སེམས་པའོ་ཞེས་པ་ནི་བསྲུང་བར་གྱུར་པའི་
སེམས་ཏེ། བདག་གིས་ཇི་ལྟར་ཐོས་ཤིང་ཟིན་པ་དེ་ཉིད་མ་ནོར་བའོ་སྙམ་ནས་བརྟན་པར་བཟུང་སྟེ་གཞན་གྱིས་ཟིན་ཅིང་རྟོགས་པ་དེ་མ་ཡིན་པ་སྙམ་དུ་ཆོས་བསྟེན་པའོ། །སེར་སྣའི་སེམས་གང་ཞེ་ན། བདག་ཉིད་བསྟེན་ཅིང་གཞན་ལ་མི་སྟེར་བའོ་ཞེས་པ་ནི་སེར་སྣ་ཅན་གྱི་སེམས་ལ་བྱ་སྟེ་ཇི་
ལྟར་གྲགས་པའོ། །བྱི་བའི་སེམས་གང་ཞེ་ན། གང་མཆོད་པ་ལ་ལྟོས་ཏེ་བསྟེན་པའོ་ཞེས་པ་ནི་བྱི་བ་ལྟ་བུའི་སེམས་ཏེ་བྱི་བ་ལ་སོགས་པ་འཛིན་པ་ན་མཆོང་ཞིང་འཛིན་ཏེ། དེ་བཞིན་དུ་སེམས་དེ་ཡང་འཕགས་པའི་ལམ་ལ་སོགས་པ་ཐོབ་པར་བྱེད་པ་ནི་འཇུག་པའི་དུས་ལས་འཕར་བ་སྟེ། །
རིམ་པ་དེས་འཕར་བའོ། །ཁྱིའི་སེམས་གང་ཞེ་ན་གང་ཆུང་ངུས་ཀྱང་མགུ་བར་འགྱུར་བའོ་ཞེས་པ་ནི་ཁྱི་ལྟ་བུའི་སེམས་ཏེ། ཁྱི་ནི་ཆུང་ངུས་ཀྱང་མགུ་བའོ། །དེ་བཞིན་དུ་སེམས་དེ་ཡང་གང་ཡང་རུང་བའི་དངོས་པོ་ཆུང་ངུས་མགུ་བར་བྱེད་པའི་ཆོས་བསྟེན་པར་བྱེད་པའོ། །ནམ་མཁའ་
ལྡིང་གི་སེམས་གང་ཞེ་ན། གང་ཕྱོགས་འཛིན་པས་ཆོས་ལ་བརྟེན་པའོ་ཞེས་པ་ནི་ནམ་མཁའ་ལྡིང་ལྟ་བུའི་སེམས་ཏེ། ནམ་མཁའ་ལྡིང་ནི་ཀླུ་ལ་སོགས་པ་འཛིན་པ་ན་འདབ་མས་རྡོབ་ཅིང་འཛིན་ཏེ། དེ་བཞིན་དུ་སེམས་དེ་ཡང་གང་བདག་གི་ཡིན་པ་དེའི་ཕྱོགས་འཛིན་པའི་ཆོས་བསྟེན་
เล่ม ๖๙ · หน้า 284a
པར་བྱེད་དོ། །ནམ་མཁའ་ལྡིང་གི་འདབ་མས་རྡོབ་ཅིང་སྦྲུལ་འཛིན་པ་དེ་ཇི་ལྟར་ཕྱོགས་འཛིན་པའི་དཔེར་འགྱུར་ཞེ་ན། རྒྱ་གར་སྐད་དུ་འདབ་མ་ལ་པཀྵ་ཞེས་བྱ། ཕྱོགས་ལ་ཡང་པཀྵ་ཞེས་བྱ་སྟེ། དེ་ལྟར་སྐད་གཅིག་ལ་དོན་དུ་ཡང་ནམ་མཁའ་ལྡིང་གིས་ཀླུ་དེ་བདག་
གིར་བྱེད་པའི་ཕྱིར་འཛིན་ལ། ཕྱོགས་སུ་གྱུར་པ་ཡང་བདག་གིར་བྱ་བའི་དངོས་པོའི་དོན་ལ་ཕྱོགས་འཛིན་པས་མཐུན་ནོ། །བྱི་བའི་སེམས་གང་ཞེ་ན། བཅིངས་པ་ཐམས་ཅད་བཅད་པའི་ཕྱིར་སེམས་པའོ་ཞེས་པ་ནི་བྱི་བ་ལྟ་བུའི་སེམས་ཏེ་བྱི་བ་ནི་བཅིངས་པ་ཐམས་ཅད་གཅོད་ཅིང་གྲོལ་བར་
བྱེད་པའོ། །དེ་བཞིན་དུ་སེམས་དེ་ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཆིངས་མ་དགྲོལ་བའི་ཆོས་བསྟེན་པར་བྱེད་པའོ། །གླུའི་སེམས་གང་ཞེ་ན། བདག་གི་དབྱངས་སྒྲ་སྣ་ཚོགས་ཀྱི་གླུས་སེམས་ཅན་རྣམས་གཟུད་པར་བྱའོ་སྙམ་པའོ་ཞེས་པ་ནི་གླུ་ལྟ་བུའི་སེམས་ཏེ། ཇི་ལྟར་གླུ་
དེས་སེམས་ཅན་རྣམས་དགའ་ཞིང་འདུ་བ་དེ་བཞིན་དུ་སེམས་དེ་ཡང་བདག་གིས་གང་དང་རྗེས་སུ་མཐུན་པའི་སྒྲ་སྐད་ཀྱི་དབྱངས་མང་པོས་སེམས་ཅན་རྣམས་གང་ལ་དད་པ་ལ་གཟུང་ངོ་སྙམ་པའི་ཆོས་བསྟེན་པར་བྱེད་པའོ། །གར་གྱི་སེམས་གང་ཞེ་ན། བདག་གིས་རྫུ་འཕྲུལ་སྣ་ཚོགས་
ཀྱིས་གཞན་དག་ཡང་དག་པར་འཛིན་དུ་གཞུག་གོ་སྙམ་དུ་སེམས་པའོ་ཞེས་པ་ནི་གར་བྱ་བའི་སེམས་ཏེ། གར་ཞེས་བྱའི་ཚིག་ནི་ལུས་གཡོ་བའི་དོན་ཡིན་ལ། གར་གཅིག་པུར་མ་ཟད་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་ལུས་ཀྱི་རྫུ་འཕྲུལ་ཐམས་ཅད་ཀྱང་ལུས་གཡོ་བ་ཡིན་ཏེ། དེ་ལྟ་
བས་ན་ལུས་ཀྱི་རྫུ་འཕྲུལ་དེ་དག་གིས་སེམས་ཅན་རྣམས་རྫུ་འཕྲུལ་སྣ་ཚོགས་སྦྱོར་བར་བྱེད་པའི་ཆོས་བསྟེན་པའོ། །སིལ་སྙན་གྱི་སེམས་གང་ཞེ་ན། བདག་གིས་ཆོས་ཀྱི་རྔ་བརྡུང་ངོ་སྙམ་པའོ་ཞེས་པ་ནི་སིལ་སྙན་གྱི་ཕྱིར་སེམས་པ་སྟེ། ཆོས་རྔ་བསྒྲགས་ཤིང་འཆད་པར་བྱ་བའི་ཆོས་
བསྟེན་པར་བྱེད་པའི་སེམས་སོ། །ཁྱིམ་གྱི་སེམས་གང་ཞེ་ན། བདག་གིས་ལུས་ཀུན་དུ་བསྲུང་བའི་ཕྱིར་བསྟེན་པའོ་ཞེས་པ་ནི་ཁྱིམ་ལྟ་བུའི་སེམས་ཏེ། ཁྱིམ་ནི་རྫས་ལ་སོགས་པ་ཆུད་མི་ཟ་བར་བཟུང་ཞིང་སྐྱོང་བར་བྱེད་དེ། དེ་བཞིན་དུ་སེམས་དེ་ཡང་བདག་གི་ལུས་བསྲུང་བའི་ཆོས་བསྟེན་
เล่ม ๖๙ · หน้า 284b
པར་བྱེད་པའོ། །སེང་གེའི་སེམས་གང་ཞེ་ན་གང་ཐམས་ཅད་ཟིལ་གྱིས་གནོན་པས་བསྟེན་པའོ་ཞེས་པ་ནི་སེང་གེ་ལྟ་བུའི་སེམས་ཏེ། སེང་གེ་ནི་བདག་གི་སྒྱུ་རྩལ་གྱིས་བྱོལ་སོང་ཐམས་ཅད་ཟིལ་གྱིས་གནོན་པ་དེ་བཞིན་དུ་སེམས་དེ་ཡང་བདག་གིས་ཡང་ཤེས་ཤིང་གྲགས་པའི་ཕྱོགས་ཀྱིས་གཞན་
རྣམས་ཟིལ་གྱིས་གནོན་པའི་ཆོས་བསྟེན་པའོ། །འུག་པའི་སེམས་གང་ཞེ་ན། གང་མཚན་མོ་སེམས་པའོ་ཞེས་པ་ནི་འུག་པ་ལྟ་བུའི་སེམས་ཏེ། འུག་པ་ནི་བདག་གི་ཟས་ཚོལ་བ་ལ་སོགས་པ་བྱ་བ་ཐམས་ཅད་མཚན་མོ་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་བདག་གི་བྱ་བ་རྣམས་མཚན་མོ་
བྱེད་པའི་ཆོས་བསྟེན་པའོ། །བྱ་རོག་གི་སེམས་གང་ཞེ་ན། གང་ཐམས་ཅད་དུ་སྐྲག་པས་སེམས་པའོ་ཞེས་པ་ནི་བྱ་རོག་ལྟ་བུའི་སེམས་ཏེ་བྱ་རོག་ནི་ཀུན་གྱིས་འཇིགས་ཤིང་བརྟབས་བཞིན་དུ་རང་གི་བྱ་བ་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་གང་གིས་དངོས་པོ་སྤྱད་པ་ཐམས་ཅད་ལ་བག་ཚ་ཞིང་བརྟབས་
པའི་ཆོས་བསྟེན་པར་བྱེད་པའོ། །སྲིན་པོའི་སེམས་གང་ཞེ་ན། གང་དགེ་བ་དང་མི་དགེ་བ་རྣམས་སྒྲུབ་པའོ་ཞེས་པ་ནི་སྲིན་པོ་ལྟ་བུའི་སེམས་ཏེ། སྲིན་པོ་ནི་སྔོན་དགེ་བ་ལ་སོགས་པ་སྤྱད་པའི་རྒྱུས་བདག་མཐུ་དང་ལྡན་པར་གྱུར་ལ། མཐུ་དེས་གསོད་པ་ལ་སོགས་པ་མི་དགེ་བའི་ཆོས་རྣམས་
སྤྱད་དེ་སེམས་དེ་ཡང་དེ་ལྟ་བུའི་ཆོས་བསྟེན་པར་བྱེད་པའོ། །ཚེར་མའི་སེམས་གང་ཞེ་ན། གང་ཐམས་ཅད་དུ་འགྱོད་པ་སེམས་པའོ་ཞེས་པ་ནི་ཚེར་མ་ལྟ་བུའི་སེམས་ཏེ། ཚེར་མ་ནི་འཛུགས་ཤིང་གནོད་པར་བྱེད་པའོ། །དེ་བཞིན་དུ་སེམས་དེ་ཡང་བྱས་པའི་དངོས་པོ་ལ་འགྱོད་པ་སྐྱེ་སྟ་འགྱོད་པ་
དེ་ཉིད་ཡང་དང་ཡང་དུ་ཡིད་ལ་བྱེད་ཅིང་ཟུག་རྔུར་གྱུར་པའི་ཆོས་བསྟེན་པའོ། །ས་འོག་གི་སེམས་གང་ཞེ་ན། ས་འོག་གི་དོན་དུ་སེམས་པའོ་ཞེས་པ་ནི་ས་འོག་གི་ཕྱིར་སེམས་པ་སྟེ་ས་འོག་ཏུ་སོང་ནས་དེའི་བྱ་བ་བྱེད་པའི་ཆོས་བསྟེན་པའོ། །རླུང་གི་སེམས་གང་ཞེ་ན། གང་ཐམས་ཅད་དུ་ཐམས་
ཅད་སྒྲུབ་པའོ་ཞེས་པ་ནི་རླུང་ལྟ་བུའི་སེམས་ཏེ། རླུང་ནི་རེས་འགའ་མེའི་ནང་དུ་ཞུགས། རེས་འགའ་ཆུ་ལ་སོགས་པའི་ནང་དུ་ཞུགས་པ་དེ་བཞིན་དུ། སེམས་དེ་ཡང་རེས་འགའ་དགེ་བའི་ནང་དུ་ཞུགས་ནས་དཀྲུགས་ཏེ་མི་དགེ་བར་བྱེད། རེས་འགའ་ནི་མི་དགེ་བའི་ནང་དུ་ཞུགས་ཏེ་དགེ་བར་བྱེད་དེ།
เล่ม ๖๙ · หน้า 285a
མདོར་ན་ཀུན་གྱི་ནང་དུ་འཇུག་ལ་ཀུན་ལ་ཡང་མི་གནས་པར་བྱེད་པའི་ཆོས་བསྟེན་པར་བྱེད་པའོ། །ཆུའི་སེམས་གང་ཞེ་ན། གང་མི་དགེ་བའི་སེམས་ཐམས་ཅད་བཀྲུ་བའི་ཕྱིར་བསྟེན་པའོ། །མེའི་སེམས་གང་ཞེ་ན། གང་དཀའ་ཐུབ་ཉིད་ཀྱིས་གདུང་བར་བྱེད་པའོ་ཞེས་པ་ནི་མེ་
ལྟ་བུའི་སེམས་ཏེ། མེ་ནི་རང་གི་ཚ་བས་གདུང་བར་བྱེད་དེ་དེ་བཞིན་དུ་སེམས་དེ་ཡང་རང་གི་དཀའ་ཐུབ་ཀྱིས་ལུས་དང་སེམས་གདུངས་ཤིང་སྨ་འབབ་པར་བྱེད་པའི་ཆོས་བསྟེན་པའོ། །མེ་དཀའ་ཐུབ་ཀྱི་དཔེར་ཇི་ལྟར་འགྱུར་ཞེ་ན། རྒྱ་གར་སྐད་དུ་ཚ་བ་ལ་ཏ་པ་ཞེས་བྱ། དཀའ་ཐུབ་ལ་ཡང་ཏ་པ་ཞེས་
བྱ་སྟེ་སྐད་མཐུན་པས་དཔེར་བྱའོ། །འདམ་གྱི་སེམས་གང་ཞེ་ན་གང་བདག་གི་ཉེས་པས་གཞན་ལ་སྐུད་པའོ་ཞེས་པ་ནི་འདམ་ལྟ་བུའི་སེམས་ཏེ་འདམ་ནི་བདག་གི་ངོ་བོ་ངན་པ་དེ་གཞན་ལ་བསྒོས་ནས་ཆགས་པར་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་རང་གི་ཉེས་པ་གཞན་ལ་གོས་པར་བྱེད་པའི་
ཆོས་བསྟེན་པར་བྱེད་པའོ། །རྙོག་པའི་སེམས་གང་ཞེ་ན། གང་ཕ་རོལ་གྱི་ཉེས་པ་འཛིན་པས་སེམས་ལ་རྙོག་པ་སྐྱེས་པའོ་ཞེས་པ་ནི་རྙོག་པ་ལྟ་བུའི་སེམས་ཏེ། གཞན་གྱི་ཉེས་པས་བདག་གི་སེམས་འཁྲུགས་པར་བྱེད་པའོ། །ཚོན་རྩིའི་སེམས་གང་ཞེ་ན། གང་དེ་ལ་ཆགས་པ་ཉིད་དུ་བསྟེན་པའོ་
ཞེས་པ་ནི་ཚོན་རྩི་ལྟ་བུའི་སེམས་ཏེ། ཚོན་དཀར་པོའམ་དམར་པོ་ལ་སོགས་པའི་ཁ་དོག་ནི་གང་ལ་བསྐུས་པ་དེ་ཚོན་དེ་ཉིད་ཀྱི་རང་བཞིན་དུ་འགྱུར་ཏེ། དེ་བཞིན་དུ་སེམས་དེ་ཡང་དངོས་པོ་གང་བསམས་པ་དེ་ལ་ཞེན་ནས་ཇི་ལྟར་བསམས་པ་དེའི་རང་བཞིན་དུ་འགྱུར་བའི་ཆོས་བསྟེན་པའོ། །ཤིང་
ལེབ་ཀྱི་སེམས་གང་ཞེ་ན། གང་དགེ་བ་གཞན་སྤོང་བས་བསྟེན་པའོ་ཞེས་པ་ནི་ཤིང་ལེབ་ལྟ་བུའི་སེམས་ཏེ། ཤིང་ལེབ་ནི་མཚོན་ལ་སོགས་པ་གཞན་རྣམས་ཀྱིས་མི་ཕིགས་པར་སྐྱོབ་པའི་བྱ་བ་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་དགེ་བ་གཅིག་སྤྱད་པས་དགེ་བ་གཞན་སྒྲིབ་པར་བྱེད་པའི་
ཆོས་བསྟེན་པར་བྱེད་པའོ། །ནོར་བའི་སེམས་གང་ཞེ་ན། གཞན་གཟུང་ཞིང་གཞན་ཁོ་ནར་སེམས་པའོ་ཞེས་པ་ནི་ནོར་བའི་རང་བཞིན་གྱི་སེམས་ཏེ་གང་གི་དངོས་པོ་ཟིན་ཏེ་ནོར་ནས་གཞན་ཡིན་སྙམ་དུ་སེམས་པའོ། །དུག་གི་སེམས་གང་ཞེ་ན། གང་ཤིན་ཏུ་དངོས་པོ་མེད་པ་ཉིད་
เล่ม ๖๙ · หน้า 285b
སེམས་པའོ་ཞེས་པ་ནི་དུག་ལྟ་བུའི་སེམས་ཏེ། དུག་ནི་གང་གིས་ཟིན་ན་ཤི་སྟེ་མེད་པར་འགྱུར་བའོ། །དེ་བཞིན་དུ་སེམས་དེ་ཡང་གང་ལྟ་བ་ལ་སོགས་པའི་ཉོན་མོངས་རྣམས་སྤངས་ནས་སླར་མི་སྐྱེ་བས་མེད་པར་བྱེད་པའོ། །ཞགས་པའི་སེམས་གང་ཞེ་ན་གང་ཐམས་ཅད་དུ་བདག་
ཉིད་བཅིངས་ཤིང་འདུག་པའོ་ཞེས་པ་ནི་ཞགས་པ་ལྟ་བུའི་སེམས་ཏེ། ཞགས་པ་ནི་འཆིང་བའི་བྱ་བ་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་བདག་ཉིད་འཆིང་བར་བྱེད་པའི་ཆོས་བསྟེན་པར་བྱེད་པའོ། །ལྕགས་སྒྲོག་གི་སེམས་གང་ཞེ་ན། གང་རྐང་པ་གཉིས་ལ་འདུག་སྟེ་སེམས་
པའོ་ཞེས་པ་ནི་ལྕགས་སྒྲོག་ལྟ་བུའི་སེམས་ཏེ་ལྕགས་སྒྲོག་ནི་རྐང་པ་གཉིས་འཛིན་པར་བྱེད་དེ། དེ་བཞིན་དུ་སེམས་དེ་ཡང་ཡོད་པ་དང་མེད་པའི་ཚིག་གི་མཐའ་གཉིས་འཛིན་པའི་ཆོས་བསྟེན་པའོ། །དེ་ལྕགས་སྒྲོག་གིས་རྐང་པ་གཉིས་འཛིན་པ་སེམས་ཀྱིས་མཐའ་གཉིས་སུ་
འཛིན་པའི་དཔེར་ཇི་ལྟར་འགྱུར་ཞེ་ན། རྒྱ་གར་སྐད་དུ་རྐང་པ་ལ་པཱ་ད་ཞེས་བྱ། ཚིག་ལ་ཡང་པཱ་ད་ཞེས་བྱ་སྟེ་མཐུན་ནོ། །སྤྲིན་གྱི་སེམས་གང་ཞེ་ན། གང་ཆུ་དག་ལ་སེམས་པའོ་ཞེས་པ་ནི་སྤྲིན་ལྟ་བུའི་སེམས་ཏེ། སྤྲིན་ནི་ཆུ་འདུ་ཞིང་ཆུའི་བྱ་བ་བྱེད་དེ་དེ་བཞིན་དུ་སེམས་དེ་ཡང་ཆུའི་
བྱ་བ་བྱེད་པའི་ཆོས་བསྟེན་པའོ། །ཞིང་གི་སེམས་གང་ཞེ་ན་རང་གི་ལུས་ཉིད་ཡོངས་སུ་སྦྱོང་བར་བྱེད་པའོ་ཞེས་པ་ནི་ཞིང་ལྟ་བུའི་སེམས་ཏེ། ཞིང་ནི་འབྲུ་ལ་སོགས་པ་སྐྱེ་བར་བྱ་བའི་ཕྱིར་རྨོས་པ་ལ་སོགས་པའི་བྱི་དོར་གྱི་ལས་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་བདག་གི་ལུས་བཟང་
པོར་བྱ་བའི་ཕྱིར་ཁྲུས་དང་བྱུག་པ་དང་། རྒྱན་ལ་སོགས་པས་བདག་གི་ལུས་བརྒྱན་པར་བྱེད་པའི་ཆོས་བསྟེན་པའོ། །ལན་ཚྭའི་སེམས་གང་ཞེ་ན། གང་ཞིག་གང་གིས་སེམས་པར་བྱེད་པ་དེ་ལ་ཡང་སེམས་པར་བྱེད་པའོ་ཞེས་པ་ནི་ལན་ཚྭ་ལྟ་བུའི་སེམས་ཏེ། བུམ་པ་ལ་སོགས་པའི་
སྣོད་ཀྱི་ནང་དུ་ལན་ཚྭ་གཞན་ན་སྣོད་དེ་ཡང་ལན་ཚྭས་ཟོས་ནས་བྱང་སྟེ་རྡོལ་པ་དང་ལན་ཚྭའི་རོར་འགྱུར་རོ། །དེ་བཞིན་དུ་སེམས་དེས་ཀྱང་གང་གི་དངོས་པོ་ལ་དམིགས་ཤིང་རྟོག་ལ། རྟོག་པའི་སེམས་དེ་ཉིད་ཀྱིས་སྐད་ཅིག་མ་ཕྱི་མའི་ཆ་ལ་རྟོག་པ་དེས་སུན་ཕྱུང་ནས་མེད་པར་བྱེད་པའི་ཆོས་
เล่ม ๖๙ · หน้า 286a
བསྟེན་པར་བྱེད་པའོ། །སྤུ་གྲིའི་སེམས་གང་ཞེ་ན། གང་རབ་ཏུ་བྱུང་བ་ཙམ་ལ་བསྟེན་པའོ་ཞེས་པ་ནི་སྤུ་གྲི་ལྟ་བུའི་སེམས་ཏེ། སྤུ་གྲི་ནི་རབ་ཏུ་བྱུང་བའི་སྐྲ་འདྲེག་པ་ཙམ་གྱི་བྱ་བ་བྱེད་དེ། རབ་ཏུ་བྱུང་བ་ལས་གཞན་ནན་ཏན་ནི་མི་བྱེད་དོ། །དེ་བཞིན་དུ་སེམས་
དེ་ཡང་རབ་ཏུ་བྱུང་ཏེ། སྐྲ་བྲེགས་ནས་རབ་ཏུ་བྱུང་བ་ཙམ་ལ་གནས་ཀྱི་རབ་ཏུ་བྱུང་བའི་བསླབ་པའི་ནན་ཏན་ཚུལ་ཁྲིམས་བསྲུང་པ་ལ་སོགས་པ་མི་བྱེད་པའོ། །རི་རབ་ལྟ་བུའི་སེམས་གང་ཞེ་ན། གང་མཐོ་བར་གྱུར་ནས་སེམས་པའོ་ཞེས་པ་ནི་རི་རབ་ལྟ་བུའི་སེམས་ཏེ། རི་རབ་ནི་དཔག་
ཚད་སྟོང་ཕྲག་བརྒྱད་བཅུར་གྱེན་དུ་མཐོ་ཞིང་འཕགས་ཏེ། དེ་བཞིན་དུ་སེམས་དེ་ཡང་བདག་གི་ཡོན་ཏན་གྱིས་ཀུན་ནས་འཕགས་སོ་སྙམ་ནས་འགྱིང་ཞིང་ཆེ་བར་བྱེད་པའི་ཆོས་བསྟེན་པར་བྱེད་དོ། །རྒྱ་མཚོ་ལྟ་བུའི་སེམས་གང་ཞེ་ན། གང་རང་གི་ལུས་ཉིད་ལ་མཆོག་ཏུ་འཛིན་ཅིང་འདུག་
པའོ་ཞེས་པ་ནི་རྒྱ་མཚོ་ལྟ་བུའི་སེམས་ཏེ། རྒྱ་མཚོ་ནི་རང་གི་རླབས་ཀྱིས་བདག་ཉིད་ལ་རློབ་ཅིང་རེག་པར་བྱེད་པའོ། །དེ་བཞིན་དུ་སེམས་དེ་ཡང་བདག་ཉིད་ཀྱི་ལུས་ལ་མི་རྟག་པ་དང་སྟོང་པ་ལ་སོགས་པར་རྟོག་གོ། །ཕུག་ལྟ་བུའི་སེམས་གང་ཞེ་ན། གང་སྔར་ངེས་པར་གྱུར་པ་ལ་གྱིས་དེ་
ཉིད་ཀྱིས་འགྱུར་བར་བསྟེན་པའོ་ཞེས་པ་ནི་ཕུག་ལྟ་བུའི་སེམས་ཏེ། ཕུག་ནི་སྒོ་ན་ཆུང་ངུར་ངེས་པ་ལས་ཕུག་གི་ནང་ནི་སྒོ་ལས་རྣམ་པ་དུ་མར་ཆེ་བར་འགྱུར་རོ། །དེ་བཞིན་དུ་སེམས་དེ་ཡང་སྔར་བདག་ཉིད་ཚུལ་ཁྲིམས་དང་། ཡོན་ཏན་དང་ལྡན་པ་ངེས་པར་གནས་པ་ལས་ཚུལ་ཁྲིམས་དང་
ཡོན་ཏན་དེ་ཉིད་ཀྱིས་དྲེགས་ནས་དེའི་གཞིས་ང་རྒྱལ་བྱེད་ཅིང་འགྱུར་བའོ། །དེ་ལ་སྐྱེ་བ་གྱུར་པའི་སེམས་གང་ཞེ་ན། གང་གི་སེམས་གང་ཁོ་ན་དང་སྐྱེས་པ་དེ་ཁོ་ན་དང་ལྷན་ཅིག་འགྲོ་བའོ་ཞེས་པ་ནི་སྐྱེ་བར་གྱུར་པའི་རང་བཞིན་གྱི་སེམས་ཏེ། སྔོན་དགེ་བ་དང་མི་དགེ་བ་གང་ཡང་རུང་བ་ལ་
སྤྱད་པའི་བག་ཆགས་ཡོད་པས་གང་དུ་སྐྱེས་ན་ཡང་བག་ཆགས་དེ་ཉིད་དང་ལྷན་ཅིག་ཏུ་སྐྱེའོ། །ཡང་ན་སྔོན་གྱི་དགེ་བ་དང་མི་དགེ་བའི་ལས་གང་ཡང་རུང་བའི་རྣམ་པར་སྨིན་པའི་འབྲས་བུ་མི་འདྲ་བའི་སྐྱེ་བ་རྙེད་ནས་དེ་ལྟ་བུ་དང་ལྷན་ཅིག་ཏུ་སྐྱེ་བ་སྟེ། དཔེར་ན་ཚེ་རབས་སྔ་མ་ལ་སྲོག་
เล่ม ๖๙ · หน้า 286b
གཅོད་པ་གོམས་ཤིང་མང་དུ་བྱས་པས་ཚེ་ཕྱི་མ་ལ་ནད་མང་ཞིང་ཚེ་ཐུང་བར་འགྱུར་བ་སྟེ་དེ་བཞིན་དུ་དགེ་བ་ལ་ཡང་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་བསྐལ་པ་གསུམ་གྱིས་འདས་ནས་འཇིག་རྟེན་ལས་འདས་པའི་སེམས་སྐྱེ་སྟེ་ཞེས་པ་ལ། འཇིག་རྟེན་
ལས་འདས་པའི་སེམས་ཀྱང་རྣམ་པ་གཉིས་ཏེ། གང་ཟག་ལ་བདག་མེད་པར་རྟོགས་པའི་སེམས་ཟག་པ་མེད་པ་རྣམ་པ་དང་བཅས་པའི་སེམས་དང་ཆོས་ལ་བདག་མེད་པར་རྟོགས་པའི་སེམས་ཟག་པ་མེད་པ་རྣམ་པ་མེད་པ་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ལ་སྐབས་འདིར་འཇིག་
རྟེན་ལས་འདས་པའི་ཤེས་པ་ནི་གང་ཟག་རྣམས་ཀྱིས་ཤེས་པར་ནུས་སམ་ཞེ་ན། དེ་ནི་རྟོག་གེ་པ་དེ་དག་གིས་ནི་མི་ནུས་ཏེ་དེ་བས་ན། རྟོག་གེ་ཀུན་གྱིས་ཤེས་པར་དཀའ། །ཞེས་གསུངས་པ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་སྔོན་བསྟན་པའོ། །ཞེས་པ་ནི་དེ་ལྟར་རྟོག་གེ་པ་རྣམས་ཀྱིས་
ཀྱང་ཤེས་པར་མི་ནུས་ན་སུས་ཤེས་པར་ནུས་ཤེ་ན། རྟོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་ཏེ་གསུངས་པའོ་ཞེས་པའོ། །སངས་རྒྱས་རྣམས་ཀྱིས་སྔོན་ཞེས་པ་ནི་ད་ལྟར་འབའ་ཞིག་གིས་བཤད་པ་མ་ཡིན་གྱི། སྔོན་གྱི་སངས་
རྒྱས་རྣམས་ཀྱིས་ཀྱང་ཚུལ་འདི་ལྟར་མཁྱེན་ནས་བཤད་པའོ་ཞེས་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་རྣམས་མཁྱེན་པ་གཅིག་པར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། ཆོས་ཀྱི་སྐུ་དང་འགྲོ་བའི་དོན་མཛད་པར་གཅིག་པས་མཉམ་པ་ཉིད་
ཀྱི་ཕྱིར་རོ། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །ཞེས་པ་ནི་དེ་ལྟར་ཟབ་ཅིང་ཞི་བའི་གང་ཟག་ལ་བདག་མེད་པར་རྟོགས་དེ་ཉོན་མོངས་པ་ཉེ་བའི་ཉོན་མོངས་པ་དང་བྲལ་བའོ་ཞེས་པའོ། །གསང་བ་པའི་བདག་པོ། དེ་ལ་འཇིག་རྟེན་ལས་འདས་པའི་སེམས་ལ་གནས་པ་རྣམས་ལ་ཡང་ཕུང་པོ་ལ་
ཡོད་དོ་སྙམ་པའི་བློ་ཉེ་བར་སྐྱེའོ་ཞེས་པ་ནི་དེ་ལྟར་གང་ཟག་ལ་བདག་མེད་པ་རྣམ་པ་དང་བཅས་པ་ཟབ་ཅིང་ཞི་བ་འཇིག་རྟེན་ལས་འདས་པའི་སེམས་ལ་གནས་པ་ན་གོང་དུ་སྨོས་པའི་ཚུལ་གྱིས་ཕུང་པོ་ཙམ་ཞིག་ཡོད་པར་རྟོག་གི། གང་ཟག་ལ་ནི་བདག་མེད་པར་རྟོགས་ཏེ་དེ་ནི་བསྐལ་པ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด