རྣམ་པར་སྣང་མཛད་མངོན་པར་རྫོགས་པ་བྱང་ཆུབ་པའི་རྒྱུད་ཀྱི་ཚིག་འགྲེལ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) བཻ་རོ་ཙ་ནཱ་བྷི་སཾ་བོ་དྷི་ཏནྟྲ་སྱ་སད་བྲྀཏྟི་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๗๐ · หน้า 1b

༄༅༅། །ད་ནི་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དེར་ཞུགས་པ་རྣམས་ཀྱི་རྗེས་སུ་བསྔགས་པ་བཤད་དེ། དེ་ཡང་དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་

སྐད་ཅེས་གསོལ་ཏོ་ཞེས་པ་ནས། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཉིད་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་བལྟ་བར་བགྱི་བ་ལགས་སོ་ཞེས་པའི་བར་ཏེ།

བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་འདིའི་དམ་ཚིག་ལ་བཞུགས་པར་གྱུར་པ་དེའི་བསོད་ནམས་ཇི་ཙམ་ཞིག་མངོན་པར་

འདུས་བགྱིས་པར་རིག་པར་བགྱི་ཞེས་པ་ནི་དཀྱིལ་འཁོར་དུ་ཞུགས་ཤིང་དམ་ཚིག་མནོས་པ་འབའ་ཞིག་ལ་མི་བྱའི། དེ་བཞིན་གཤེགས་པའི་སྐུ་ལ་སོགས་པ་མཉམ་པ་ཉིད་མི་ཟད་པའི་རྡོ་རྗེའི་རྒྱན་དེ་དག་གིས་བྱིན་

གྱིས་བརླབས་པར་གྱུར་པ་སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་དང་། ཡི་གེའི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དང་། གསང་བའི་དཀྱིལ་འཁོར་རྣམས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་མཚན་མར་

เล่ม ๗๐ · หน้า 2a

གྱུར་པ་སྟེ། དེ་དག་ཉིད་ལ་དམ་ཚིག་གསུམ་ཞེས་བྱའོ། །དམ་ཚིག་ལ་ཞུགས་པ་ཞེས་པ་དེའི་རྒྱུ་དང་རང་བཞིན་དང་འབྲས་བུ་ལ་སྦྱོར་བར་ཤེས་པ་ཞེས་པ་སྟེ། དེ་དག་ཤེས་ཡང་རྒྱུ་ཤེས་པ་ནི་སྐུ་མི་ཟད་པ་ལ་

སོགས་པའི་རྡོ་རྗེའི་རྒྱན་གྱི་རྒྱུ་བྱང་ཆུབ་ཀྱི་སྙིང་པོ་ཡིན་པར་ཤེས་པའོ། །རང་བཞིན་ཤེས་པ་ནི་སྐུ་ཟད་པ་ལ་སོགས་པ་ཉིད་ཤེས་པའོ། །འབྲས་བུ་ལ་སྦྱོར་བ་ནི་གསང་སྔགས་ཀྱི་སྤྱད་པ་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་འགྱུར་པའམ། ཇི་

ལྟར་བསམས་པ་འགྲུབ་པ་ལ་སོགས་པ་འཐོབ་པར་ཤེས་ནས་དེ་ལ་སྦྱོར་བ་སྟེ། དེ་ལྟ་བུར་ཞུགས་པར་གྱུར་པ་དེའི་བསོད་ནམས་ཇི་ཙམ་ཞིག་མངོན་པར་འདུས་བྱས་པ་ཞེས་ཞུས་པའོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དེ་

བཞིན་གཤེགས་པ་ལས་བྱུང་བའི་བསོད་ནམས་མངོན་པར་འདུས་བྱས་པ་ཇི་ཙམ་པ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་མངོན་པར་འདུས་བྱས་པ་དེ་ཙམ་དུ་རིག་པར་བྱའོ་ཞེས་པ་ནི་ས་དང་པོའི་སེམས་བསྐྱེད་པ་ནས་ས་བཅུ་

གཅིག་ཏུ་འགྱུར་བའི་བསོད་ནམས་མངོན་པར་འདུས་བྱས་པ་དང་མཉམ་མོ་ཞེས་པ་སྟེ། ཅིའི་ཕྱིར་ཞེ་ན། དམ་ཚིག་དེ་ལྟ་བུ་ལ་ཞུགས་པ་ནི་མོས་པས་སྤྱོད་པ་ནས་ཞུགས་ན་མཐའ་དེ་བཞིན་གཤེགས་པའི་བར་འགྱུར་བའི་ཕྱིར་རོ། །རིགས་ཀྱི་

เล่ม ๗๐ · หน้า 2b

བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པའི་ཞལ་དང་ཐུགས་ལས་སྐྱེས་པའི་སྲས་ཡིན་པར་རིག་པར་བྱའོ་ཞེས་པ་ལ་ཞལ་ནས་སྐྱེས་པ་ནི་འཇུག་པའི་སྒོ་ནས་སྐྱེས་པ་སྟེ། ཞལ་ནི་མོས་པས་སྤྱོད་པའི་ས་ལ་སོགས་པ་སྟེ། དེ་དག་མོས་པས་སྤྱོད་པའི་ས་ལ་ཞུགས་པའི་ཕྱིར་རོ། །

སྐྱེས་པ་ནི་དེ་བཞིན་གཤེགས་པར་འཇུག་པའོ། །ཐུགས་ལས་སྐྱེས་པའི་སྲས་ཞེས་པ་ནི་དེ་བཞིན་གཤེགས་པའི་སྤྱོད་པ་དང་མཐུན་པར་སྤྱོད་པའི་ཕྱིར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཕྱོགས་གང་ན་གནས་པ་དེར་དེ་བཞིན་གཤེགས་པས་ཆེན་པོ་དགོངས་མི་དགོས་

པར་འགྱུར་རོ་ཞེས་པ་ནི་དེ་དག་གང་ན་འཁོད་པ་སེམས་ཅན་གྱི་དོན་སྤྱད་པ་སྟེ། ས་ཕྱོགས་དེ་བཞིན་གཤེགས་པས་སེམས་ཅན་གྱི་དོན་སྤྱད་པ་ཆེན་པོ་མི་དགོས་སོ་ཞེས་པའོ། །མགྲིན་གཅིག་ཏུ་ཞེས་པ་ནི་དུས་གཅིག་ཏུ་སྨྲས་པ་དང་། སྨྲ་བའི་ཚིག་གཅིག་པ་དང་། སྨྲ་བར་བྱ་བའི་དོན་

གཅིག་པ་དང་། སྒྲ་གཅིག་ཏུ་འབྱིན་པའོ། །ད་ནི་དཀྱིལ་འཁོར་ལ་སོགས་པ་བསྲུང་བ་ལ་སོགས་པ་རྣམས་འཆད་དེ། སྔགས་དེ་རྣམས་ཀྱང་དེ་བཞིན་གཤེགས་པའི་གསུང་གི་འཁོར་ལོས་ཁམས་གསུམ་དུ་ཁྱབ་པའི་བྱིན་གྱི་རླབས་སུ་གྱུར་པ་སྟེ། དེ་ནས་ཡང་བཅོམ་ལྡན་འདས་

རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་ལྡན་པའི་འཁོར་དེ་དག་ལ་གཟིགས་ནས་ཞེས་པ་ནས་དུས་གསུམ་དུ་ཆགས་པ་མེད་པའི་སྟོབས་དང་ལྡན་པའི་གསང་སྔགས་ཀྱི་ཚིག་དག་ཡོད་དོ་ཞེས་བྱ་བའི་བར་ནི་ཁྱད་པར་དེ་ལྟ་བུ་དང་ལྡན་པའི་གསང་སྔགས་ཀྱི་ཚིག་ཡོད་ཀྱིས་བཤད་དོ་ཞེས་

པའི་ཚིག་ཁོང་ནས་དབྱུང་བར་རིག་པར་བྱའོ། །མཐའ་ཡས་པར་འཇུག་པ་རྒྱ་ཆེན་པོ་ལས་འབྱུང་བ་ཞེས་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་འཇུག་པ་ཞེས་པའོ། །སྣ་ཚོགས་ཀྱི་གཟུགས་ཀྱི་ནོར་བུ་དང་འདྲ་བ་ཞེས་པ་ནི་ཡིད་བཞིན་གྱི་ནོར་བུ་དེ་གཟུགས་སྣ་ཚོགས་སུ་

སྣང་ལ། སེམས་ཅན་གྱིས་ཅི་འདོད་པ་ཐོབ་པའི་བྱ་བ་སྣ་ཚོགས་བྱེད་དེ། དེ་བཞིན་དུ་རིག་པའི་རྒྱལ་མོ་འདི་ཡང་སེམས་ཅན་རྣམས་ཀྱི་དོན་དུ་གཟུགས་སྣ་ཚོགས་སྟོན་ཅིང་བྱ་བ་སྣ་ཚོགས་བྱེད་ཅེས་པའོ། །བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་ཞེས་པ་ནི་དེ་བཞིན་

เล่ม ๗๐ · หน้า 3a

གཤེགས་པའི་གསུང་དེ་ཚད་མེད་པའི་བསོད་ནམས་ཀྱི་ཚོགས་བསགས་པ་ལས་བྱུང་བའི་ཕྱིར་རོ། །ཐོགས་པ་མེད་པའི་རྟོགས་པ་ལ་གནས་པ་ཞེས་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ཡེ་ཤེས་ཀྱི་སྒྲིབ་པ་མེད་པར་མཁྱེན་ཞེས་པ་སྟེ། དེ་བས་ན་དུས་

གསུམ་དུ་ཆགས་པ་མེད་པའི་སྟོབས་དང་ལྡན་པའི་གསང་སྔགས་ཀྱི་ཚིག་ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ལྗགས་ཀྱི་དབང་པོ་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་ཞེས་པ་ནས། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པའི་བར་གྱིས་རིག་པའི་རྒྱལ་

མོ་དེ་ཡོངས་སུ་བསྒྲགས་པའི་ཕྱིར་ཏིང་ངེ་འཛིན་ལ་ཞུགས་པ་སྟེ། དེ་ལྟར་ཏིང་ངེ་འཛིན་དུ་ཞུགས་པ་ཡང་། བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལྟ་བུ་ཞིག་ལ་ཞུགས་ཀྱིས། ངོ་མཚར་བ་ཞིག་འབྱུང་ངོ་སྙམ་ནས་སེམས་ཅན་རྣམས་ལྟ་བ་དང་ཉན་པ་ལ་གཟུད་པར་བྱ་བའི་ཕྱིར་རོ། །ལྗགས་

ཀྱི་དབང་པོ་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པ་རྣམ་པར་སྤྲུལ་པས་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ཀུན་དུ་གཡོགས་ནས་ཞེས་པ་ནི་ཏིང་ངེ་འཛིན་དེར་འཇུག་པའི་ཕྱིར་དེ་བཞིན་གཤེགས་པས་བསྐལ་པ་དུ་མར་བདེན་པའི་ཚིག་བསགས་པ་ལས་བྱུང་བ་དེ་བཞིན་གཤེགས་པའི་སྐྱེས་བུ་

ཆེན་པོའི་མཚན་ལྗགས་རྒྱ་ཆེ་བ་སྲབ་པ་ཁ་དོག་ཟངས་འདྲ་བ་དེས་ཁྱབ་པར་བྱས་ཞེས་པའོ། །རྒྱ་ཆེན་པོ་ཞེས་པ་ནི་ཏིང་ངེ་འཛིན་དེའི་ཁྱད་པར་ཏེ། ཁམས་གསུམ་ཐམས་ཅད་དུ་ཁྱབ་པར་བྱེད་པའི་ཕྱིར་རོ། །ཡོངས་སུ་དག་པ་ཞེས་པ་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་མེད་པའོ། །

ཆོས་ཀྱི་རྒྱལ་མཚན་ཞེས་པ་ནི་རྒྱལ་མཚན་ལྟར་གཞན་ལས་འཕགས་པའི་ཆོས་སྟོན་པར་བརྗོད་པའོ། །ཏོག་ཅེས་པ་ནི་ཏིང་ངེ་འཛིན་དེ་ཉིད་སྔགས་ཀྱི་ཚིག་སྟོན་པའི་མཚན་ཉིད་དོ། །རྩེ་མོ་ལ་ལྟ་བ་ཞེས་པ་ནི་ཁམས་གསུམ་ཐམས་ཅད་གཟིགས་པས་ན་རྩེ་མོ་ལྟར་མཐོ་བ་སྟེ། དེ་དག་ནི་

ཏིང་ངེ་འཛིན་གྱི་ཁྱད་པར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཀྱི་དབྱིངས་ཁྱབ་པ་ཞེས་པ་ནི་ཁམས་གསུམ་ཐམས་ཅད་ཁྱབ་པ་ཞེས་པའོ། །དེ་བས་ན་སེམས་ཅན་གྱི་ཁམས་མ་ལུས་པ་རྣམས་ཡོངས་སུ་བསྐྱབ་པ་ཞེས་བྱ་སྟེ། བཅོམ་ལྡན་འདས་དེ་ལྟ་བུའི་

เล่ม ๗๐ · หน้า 3b

སྒྲ་འབྱིན་པ་རིག་སྔགས་ཀྱི་རྒྱལ་མོ་གསུངས་སོ་ཞེས་སྦྱར་རོ། །སངས་རྒྱས་མཁས་པ་ཐམས་ཅད་ཀྱིས། །རིག་སྔགས་འདི་གསུངས་སོད་ལ་ནི། །ཞེས་པ་ནས། སྲིན་པོ་འཇིགས་པའི་གཟུགས་ཅན་ནི། །དེ་དག་ཐམས་ཅད་འཇིག་པར་འགྱུར། །ཞེས་པའི་བར་གྱིས་རིག་

པའི་རྒྱལ་མོ་དེ་མཐུ་རྗེས་སུ་བསྔགས་པ་སྟེ། སེམས་ཅན་ཐམས་ཅད་བསྲུང་བ་དང་། །བསྐྱབ་ཅིང་སྤ་བའི་ཕྱིར་གསུངས་ཏེ། །ཞེས་པ་ནི། བསྲུང་བ་ནི་གནོད་པ་ཆུང་ངུ་ལས་བསྲུང་བའོ། །སྦ་བ་ནི་གནོད་པ་འབྲིང་པོ་ལས་སྦ་བའོ། །བསྐྱབ་པ་ནི་གནོད་པ་ཆེན་པོ་ལས་སེམས་

ཅན་རྣམས་སྐྱོབ་པར་བྱེད་པའོ། །གང་གི་སྙིང་ལ་སྲུང་གནས་པ། །དེ་དག་ལ་ནི་འཇིགས་པ་མེད། །ཅེས་པ་ནི་སེམས་ཅན་གང་རིག་པའི་རྒྱལ་མོ་འདི་སྙིང་ལ་དྲན་ན་དེ་ལ་འཇིགས་པ་མེད་དོ་ཞེས་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་རྒྱ་ཆེན་པོར་བྱིན་གྱིས་བརླབས་

ནས་ཞེས་པ་ནས་དེ་བཞིན་གཤེགས་པའི་ལྗགས་ཀྱིའོ་ཞེས་པའི་བར་གྱིས་དཀྱིལ་འཁོར་དུ་དགོས་པའི་སྔགས་རྣམས་བཤད་པ་སྟེ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས་ཞེས་པ་ལ། ཆོས་ཀྱི་དབྱིངས་ལ་ཡང་རྣམ་པ་གཉིས་ཏེ།

ཟབ་པ་དང་རྒྱ་ཆེ་བའོ། །དེ་ལ་ཟབ་པ་ནི་བྱང་ཆུབ་ཀྱི་སྙིང་པོའི་རང་བཞིན་ནོ། །རྒྱ་ཆེ་བ་ནི་སྐུ་ལ་སོགས་པ་མི་ཟད་པའི་རྡོ་རྗེའི་རྒྱན་གྱི་འཁོར་ལོ་སྟེ། སྐུ་ལ་སོགས་པ་མི་ཟད་པའི་འཁོར་ལོ་དེ་ཉིད་བྱིན་གྱིས་བརླབས་ནས་ཞེས་པའོ། །དེའི་ཚེ་ཆོས་ཀྱི་མཛོད་ཀྱི་སྙིང་པོ་ཅན་ཞེས་བྱ་བའི་ཏིང་

ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནི་ཏིང་ངེ་འཛིན་དེའི་བྱེ་བྲག་སྟེ། ཆོས་ཀྱི་མཛོད་ཅེས་པ་ནི་དམ་ཚིག་གི་སྔགས་ལ་སོགས་པ་དེ་ལས་འབྱུང་བའི་ཕྱིར་རོ། །སྙིང་པོ་ཞེས་པ་ནི་འབྱུང་བའི་གནས་ཏེ་སྔགས་དེ་རྣམས་འབྱུང་བའི་གནས་དེ་ཡིན་ནོ་ཞེས་པའོ། །དམ་ཚིག་ལ་འཇུག་པའི་རིག་

སྔགས་འབྱུང་ངོ་ཞེས་པ་ལ་དམ་ཚིག་ཅེས་པ་ནི་ཀུན་དུ་འགྲོ་བའམ། རྟོག་པ་སྟེ་དེ་ཡང་སྐུ་ལ་སོགས་པ་མི་ཟད་པའི་རྡོ་རྗེའི་རྒྱན་ཏེ་དེ་རྟོག་པ་ལ་འཇུག་པ་ནི་རིག་པ་འདི་ལྟ་སྟེ། འཇུག་པ་ཡང་མ་ཐོབ་པར་འཇུག་པ་དང་། ཐོབ་ནས་ཞིག་སྟེ་འཇུག་པའོ། །དེ་ལ་མ་ཐོབ་པར་

เล่ม ๗๐ · หน้า 4a

འཇུག་པ་ནི་དཀྱིལ་འཁོར་མ་མཐོང་བ་དང་པོར་རིག་པ་འདི་བླངས་ཏེ་འཇུག་པའོ། །བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་པ་རྣམས་ཀྱང་རིག་པ་དེ་བརྗོད་པ་ཙམ་གྱིས་རང་བཞིན་གྱིས་དཀྱིལ་འཁོར་དེ་མཐོང་བར་འགྱུར་རོ། །ཐོབ་ནས་ཞིག་སྟེ་འཇུག་པ་

ནི་དཀྱིལ་འཁོར་དུ་ཞུགས་ཟིན་པ་བར་གཞན་གྱིས་མཆོད་ནས་དམ་ཚིག་གི་སྔགས་འདོན་པའོ། །སྔགས་དེ་འདོན་པ་ཡང་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་གསུམ་གྱི་འཁོར་ལོའི་ཡོན་ཏན་གསང་བ་དེ་ཐོས་པའོ། །དེ་ནས་དེ་མ་ཐག་ཏུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་བྱང་ཆུབ་

སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་དམ་ཚིག་ལ་འཇུག་པའི་རིག་སྔགས་ཀྱི་སྒྲ་ཞེས་པ་ལ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཅེས་པ་ནི་འདུལ་བའི་འགྲོ་བ་ཕལ་རྣམས་ལའོ། །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་ཞེས་པ་ནི་ཀུན་དུ་བཟང་པོ་ལ་

སོགས་པའི་འཁོར་རྣམས་ལའོ། །གང་ཞིག་ཐོས་ནས་མཁས་པ་རྣམས་ཆོས་ཐམས་ཅད་ལས་འདའ་བར་མི་འགྱུར་ཞེས་པ་ལ་དམ་ཚིག་ནི་མཁས་པ་རྣམས་ཀྱིས་ཐོས་ནས་ལུང་གི་ཆོས་དང་རྟོགས་པའི་ཆོས་གཉིས་ལས་མི་འདའ་བ་སྟེ། ལུང་གི་ཆོས་ལས་མི་འདའ་བ་ནི་དམ་པའི་ཆོས་

ཡོངས་སུ་མི་གཏོང་བ་ལ་སོགས་པའི་དམ་ཚིག་རྣམས་མི་འདྲལ་བའོ། །རྟོགས་པའི་ཆོས་ལས་མི་འདའ་བ་ནི་རང་བཞིན་གྱི་དཀྱིལ་འཁོར་དེ་ཡིད་ལ་བྱེད་པ་མི་གཏོང་བའོ། །ཆོས་ཀྱི་དབྱིངས་ཀུན་དུ་འབྱུང་བའི་གསང་སྔགས་ནི་འཇུག་པ་སྟེ་སློབ་མའམ། བདག་ཀྱང་རུང་སྟེ་སྟོང་པ་ཉིད་དུ་བསྒྱུར་

བའོ། །རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་པའི་སྔགས་ནི་གནས་པ་སྟེ། ཡེ་ཤེས་ལྔའི་རང་བཞིན་ནམ། རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུར་གནས་པའོ། །རྡོ་རྗེ་གོ་ཆའི་སྔགས་ནི་ལྡང་བ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པའི་བྱམས་པ་ཆེན་པོའི་གོ་ཆ་བགོས་པའོ། །དེ་བཞིན་

གཤེགས་པའི་སྤྱན་གྱི་སྔགས་ནི་སློབ་མ་མིག་གཡོགས་བཀྲོལ་ཏེ་དཀྱིལ་འཁོར་བལྟར་གཞུག་པའོ། །བྱུག་སྤོས་ཀྱི་སྔགས་ནི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་རྣམ་པར་དག་པའི་ཡོན་ཏན་ལས་གྱུར་པའོ། །མེ་ཏོག་གི་སྔགས་ནི་བྱམས་པ་ཆེན་པོའི་ཡོན་ཏན་ལས་གྱུར་པའོ། །བདུག་སྤོས་

เล่ม ๗๐ · หน้า 4b

ཀྱི་སྔགས་ནི་ཆོས་ཀྱི་དབྱིངས་དང་རྗེས་སུ་མཐུན་པའི་ཡེ་ཤེས་ཀྱི་ཉོན་མོངས་པ་ལ་སོགས་པ་བསྲེགས་པའི་ཡོན་ཏན་ལས་གྱུར་པའོ། །མར་མེའི་སྔགས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་འོད་འབར་བ་ནམ་མཁའ་བཞིན་དུ་རྒྱ་ཆེ་བར་སྣང་བ་ལས་གྱུར་པའོ། །མཆོད་ཡོན་གྱི་སྔགས་

ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནམ་མཁའ་དང་མཉམ་ཞིང་མི་མཉམ་པ་ལས་བྱུང་བའོ། །གཙུག་ཏོར་གྱི་སྔགས་ནི་དེ་བཞིན་གཤེགས་པའི་སྤྱི་གཙུག་བལྟར་མི་སྣང་བ་ནམ་མཁའ་ལྟར་མཐའ་མེད་པ་ལས་བྱུང་བའོ། །དེ་བཞིན་གཤེགས་པའི་གོ་ཆའི་སྔགས་ནི་དེ་བཞིན་ཉིད་ཐོབ་པར་

བྱེད་པའི་ལམ་གྱི་ཡེ་ཤེས་འབར་བ་དེས་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་དག་སྲེག་པར་བྱེད་པ་ལས་བྱུང་བའོ། །ཀུན་དུ་འབར་བའི་སྔགས་ནི་འོད་ཀྱི་དཀྱིལ་འཁོར་ཏེ། དེ་ཡང་ལམ་གྱི་ཤེས་རབ་འབར་བས་ཤེས་བྱ་དང་། ཉོན་མོངས་པའི་སྒྲིབ་པ་སྲེག་པར་བྱེད་པ་ལས་བྱུང་བའོ། །དེ་

བཞིན་གཤེགས་པའི་ལྗགས་ཀྱི་སྔགས་ནི་བདེན་པའི་ཚིག་གི་ཆོས་ལ་གནས་པ་ལས་བྱུང་བ་སྟེ། དེ་བཞིན་གཤེགས་པའི་སྤྱན་དང་གཙུག་ཏོར་ལ་སོགས་པའི་སྔགས་དེ་རྣམས་འོག་ནས་འབྱུང་བའི་ཕྱག་རྒྱ་དང་ལྡན་པར་བྱ་སྟེ། སློབ་དཔོན་ཉིད་དེ་བཞིན་གཤེགས་པའི་སྐུར་བསྒྱུར་ན་ཡང་

སྔགས་དེ་རྣམས་ཀྱིས་བསྒྱུར་བར་བྱའོ། །ནམ་སྙིང་པོ་འབྲུ་གཅིག་པ་ལས་བསྒྱུར་ན་ནི་འདི་རྣམས་ཀྱང་མི་དགོས་སོ། །སློབ་མ་དབང་བསྐུར་བ་ན་ཡང་བུམ་པའི་ཆུས་བཀྲུས་པའི་འོག་ཏུ་སྔགས་དེ་རྣམས་ཕྱག་རྒྱ་དང་བཅས་པར་སྦྱར་རོ། །བཅོམ་ལྡན་འདས་ཇི་ལྟར་ན་དཀྱིལ་འཁོར་བྲི་བའི་

ཚེ་ན་ནི་བགེགས་རྣམས་ཞི་བར་འགྱུར་བ་ལགས་ཞེས་པ་ནི་ཐོག་མ་དཀྱིལ་འཁོར་འདྲི་བ་སྟེ། སྦྱོར་བའི་ཚེ་དང་བྲིས་ནས་སློབ་མ་ལ་སོགས་པ་གཟུད་པའི་ལས་བྱེད་པའི་ཚེ་དང་། སློབ་མ་ལ་སོགས་པ་བཙུད་ཟིན་པའི་ཚེ་བགེགས་བྱུང་ན་ཇི་ལྟར་བགྱི་ཞེས་ཞུས་པའོ། །གསང་སྔགས་སྒྲུབ་པའི་ཚེ་ན་

ཡང་། །ལོག་འདྲེན་རྣམས་ནི་མ་མཆིས་འགྱུར། །ཞེས་པ་ནི་དཀྱིལ་འཁོར་མ་བྲིས་ཀྱང་རུང་སྟེ། སྤྱིར་སྔགས་སྒྲུབ་པ་ལ་བགེགས་བྱུང་ན་ཇི་ལྟར་ཞི་བར་བགྱི་ཞེས་པའོ། །གསང་སྔགས་རྣམས་ཀྱང་ཇི་ལྟར་བསྒྲུབ། །ཅེས་པ་ནི་གསང་སྔགས་ཀྱི་སྒྲུབ་པ་བཟླས་པའི་ཡན་ལག་བཞི་ལ་

เล่ม ๗๐ · หน้า 5a

སོགས་པ་ཇི་ལྟར་བགྱི་ཞེས་པའོ། །དེ་ཡི་འབྲས་བུ་ཅི་འདྲར་འགྱུར། །ཞེས་པ་ནི་གསང་སྔགས་བསྒྲུབས་ན་དེའི་འབྲས་བུ་ཅི་འདྲ་བར་འགྱུར་ཞེས་པའོ། །བགེགས་ནི་རང་གི་སེམས་ལས་བྱུང་། །ཞེས་པ་ནས། ཚངས་པའམ་འོན་ཏེ་བརྒྱ་བྱིན་ཡང་། །དེ་ཡི་མོད་ལ་མྱུར་དུ་

འཚིག །ཅེས་པའི་བར་གྱིས་བགེགས་ཞི་བར་བྱ་བ་བཤད་པ་སྟེ། དེ་ཡང་མཚན་མ་མེད་པ་དང་མཚན་མ་དང་བཅས་པའོ། །མཚན་མ་མེད་པ་ནི་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །མཚན་མ་དང་བཅས་པ་ནི་འཕགས་པ་མི་གཡོ་བའི་གཟུགས་སུ་བསྒྱུར་ཅིང་སྔགས་དང་ཕྱག་རྒྱ་དང་

དཀྱིལ་འཁོར་དུ་ལྡན་པར་སྦྱར་བའོ། །སྔོན་ཆད་སེར་སྣ་བསྟན་པའི་ཕྱིར། །བགེགས་ནི་རང་གི་སེམས་ལས་བྱུང་། །དེ་ཡི་རྒྱུ་ནི་གཞིག་པའི་ཕྱིར། །ཞེས་པ་ནས། བྱང་ཆུབ་སེམས་ཞེས་བཤད་པ་ཡིན། །ཞེས་པའི་བར་ནི་བགེགས་ནི་ཆོས་དང་ཟང་ཟིང་གཞན་ལ་མི་གཏོང་བར་

འཇུངས་པ་ལས་བརྟེན་པའི་བག་ཆགས་རང་གི་སེམས་ལ་བསགས་པ་ལས་གྱུར་ཏེ་བགེགས་དེའི་རྒྱུ་ནི་སེར་སྣ་ཡིན་ནོ། །དེ་གཞིག་པའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་བྱང་ཆུབ་ཀྱི་སྙིང་པོའི་རང་བཞིན་གོམས་པར་བྱ་བ་སྟེ། སྟོང་པ་ཉིད་གོམས་པར་བྱས་ན་སེར་སྣའི་དངོས་པོའམ།

བགེགས་ཀྱི་དངོས་པོ་དག་དམིགས་སུ་མེད་པའི་སྒོ་ནས་ཞི་བར་འགྱུར་རོ། །གང་ཏུ་སེམས་དང་སེམས་བྱུང་བའི། །ཞེས་པ་ནས། སྤྲོས་པ་ཐམས་ཅད་འགག་འགྱུར་བ། །ཞེས་པའི་བར་ནི་བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱི་ཁྱད་པར་ཏེ། བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པར་རྟོག་པ་ལ་

སོགས་པ་སྤོང་ཞིང་འགོག་པའི་རང་བཞིན་ནོ་ཞེས་པའོ། །སྔགས་པས་བྱང་ཆུབ་སེམས་དྲན་ཞིང་། །མི་གཡོ་བ་ནི་ཡིད་ལ་བཟླས། །དེ་ཡི་ཕྱག་རྒྱ་བཅིངས་ནས་ནི། །བགེགས་རྣམས་ཐམས་ཅད་འཇིག་པར་འགྱུར། །ཞེས་པ་ནི་བགེགས་བསལ་བའི་ཐབས་གཉིས་པ་སྟེ། སྔགས་

པས་བྱང་ཆུབ་ཀྱི་སེམས་དྲན་པར་བྱས་ནས་འཕགས་པ་མི་གཡོ་བའི་སྔགས་ཡིད་ལ་བཟླས་པར་བྱ་སྟེ། དེའི་སྙིང་གར་རླུང་གི་དཀྱིལ་འཁོར་གྱི་ནང་ན་ཡི་གེ་ཧཾ་འདུག་པར་བསམས་ཏེ་ཡི་གེ་ཧཾ་གི་སྒྲས་ཆོས་ཐམས་ཅད་རྒྱུ་དང་འབྲས་བུ་མི་དམིགས་པ་ནི་བྱང་ཆུབ་ཀྱི་སེམས་དྲན་པའོ། །སྔགས་ཟློས་

เล่ม ๗๐ · หน้า 5b

པ་ནི་ཡིད་ལ་མི་གཡོ་བར་ཟློས་པ་སྟེ། དེ་ལྟར་སྔགས་དེ་ཕྱག་རྒྱ་དང་ལྡན་པར་བཟླས་ནས་བསྡིགས་ན་བགེགས་དེ་འབྱེར་བར་འགྱུར་རོ། །གསང་བ་པའི་བདག་པོ་དེ་ལ་རླུང་བཅིང་བ་ཉོན་ཅིག་ཅེས་པ་ནས། སྔོན་གྱི་རྒྱལ་བ་རྣམས་ཀྱིས་བཤད། །ཅེས་པའི་བར་ནི་རླུང་བཅིང་པའི་ཆོ་ག་སྟེ། བདག་

ཡི་གེ་ཨ་ལས་རྣམ་པར་སྣང་མཛད་དུ་བསྒྱུར་ནས་ཡིད་ལ་འཕགས་པ་མི་གཡོ་བའི་སྙིང་པོ་ཧཾ་བསམ་ཞིང་རླུང་གི་ཕྱོགས་སུ་དྲིའི་ཐིག་ལེ་བདུན་བྱ་བ་ནི་རླུང་གི་རྒྱལ་པོ་འཁོར་དང་བཅས་པ་སྟེ། འཁོར་དྲུག་གིས་མཐའ་བསྐོར་ནས་རྒྱལ་པོ་ཉིད་དབུས་སུ་གཞག་ལ་ཀུན་ཀྱང་རི་དགས་

ལ་ཞོན་པ་ཁ་དོག་སྔོན་པོར་བསམས་ཏེ། དེའི་སྟེང་དུ་ཁམ་ཕོར་གྱིས་བཀབ་ལ། ཁམ་ཕོར་དེ་རི་རབ་ཏུ་བསམས་ཏེ་དེའི་སྟེང་དུ་ཡི་གེ་ཨཾ་བསམ་ཞིང་ཨཾ་ལས་དབང་ཆེན་གྱི་དཀྱིལ་འཁོར་གསེར་གྱི་ཁ་དོག་འདྲ་བ་ཤིན་ཏུ་ཁྲོ་བར་བསམ་མོ། །སེམས་དཔའ་ཆེན་པོ་ཆུ་ཡི་ཡང་། །

ཞེས་པ་ནས། ཕྱོགས་ཀུན་ནས་ནི་ལངས་པའི་སྤྲིན། །དེ་མ་ཐག་ཏུ་འཇིག་པར་འགྱུར། །ཞེས་པའི་བར་གྱིས་ནི་ཆུའི་བགེགས་བསལ་བ་སྟེ། བདག་ཉིད་ཡི་ག་ར་ལས་འཕགས་པ་མི་གཡོ་བ་མདོག་དམར་པོ་འབར་བར་བསམས་ལ་སྤྲིན་གྱི་གཟུགས་ས་ལ་བྲིས་ཏེ་དེ་རལ་གྲིའི་ཕྱག་

རྒྱས་གཏུབས་ན་འཇིག་པར་འགྱུར་རོ། །ཡང་ན་སྔགས་པ་མི་གཡེང་པས། །དེ་དག་ཕུར་བུས་གདབ་བྱས་ཏེ། །མཁས་པ་རྡོ་རྗེར་གྱུར་ནས་སུ། །ཐམས་ཅད་རྡོ་རྗེའི་ཕུར་བུས་གདབ། །ཡང་ན་བགེགས་རྣམས་ཐམས་ཅད་ནི། །ཞི་བར་བྱ་བ་ཡང་བཤད་དེ། །ཞེས་པ་ནི་ཆུའི་བགེགས་

དེ་ཉིད་བསལ་བའི་ཕྱིར་གཞན་གསུངས་པ་སྟེ། བདག་ཉིད་ཕྱག་ན་རྡོ་རྗེར་བསྒྱུར་ལ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིངས་ནས་ཕྱག་རྒྱའི་རྩེ་སྤྲིན་གྱི་གཟུགས་ལ། ཕུར་བུས་གདབ་པའི་ཐབས་སུ་བཙུགས་ན་ཞི་བར་འགྱུར་རོ། །ཡང་ན་བགེགས་སུ་གྱུར་པ་ཀུན་ཞི་བར་འགྱུར་བར་བྱ་བར་

ཡང་བཤད་དོ། །སྔགས་པ་དཀྱིལ་འཁོར་དབུས་གནས་ནས། །ཞེས་པ་ནས། དོགས་པ་མེད་པར་འཆི་བར་འགྱུར། །ཞེས་པའི་བར་གྱིས་བགེགས་ཞི་བར་བྱེད་པའི་ཐབས་གཞན་གསུངས་པ་སྟེ། སྔགས་པ་འཕགས་པ་མི་གཡོ་བའི་གཟུགས་སུ་བསྒྱུར་ནས་དེའི་སྔགས་བཟླས་པར་

เล่ม ๗๐ · หน้า 6a

བྱ་སྟེ། འཕགས་པ་མི་གཡོ་བར་བསྒྱུར་བའི་སྙིང་གར་རླུང་གི་དཀྱིལ་འཁོར་བསམས་ཏེ་དེ་ལ་སྔགས་གནས་པར་བསམ་ཞིང་སྔགས་པ་ཉིད་དཀྱིལ་འཁོར་ཆེན་པོའི་སྒོ་ཁྱུད་ཀྱི་ནང་དུ་འདུག་ལ་དེར་བགེགས་ཀྱི་གཟུགས་བྲིས་ཏེ། དེའི་སྤྱི་བོར་རྐང་པ་གཡོན་པས་བཙིར་

ན་བགེགས་ཞི་བར་འགྱུར་རོ། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །ཞེས་པ་ནས། དེ་ཡི་མོད་ལ་མྱུར་དུ་འཚིག །ཅེས་པའི་བར་གྱིས་ཀྱང་བགེགས་བསལ་བའི་ཐབས་གཞན་བཤད་པ་སྟེ། བགེགས་ཀྱི་གཟུགས་བྱས་ལ་དུག་དང་སྐེ་ཚེ་བསྲེས་པས་བསྐུས་ཏེ་མེ་ལ་བསྐམས་ན་

བགེགས་ཞི་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང་རང་རང་གི་གནས་ལ་གནས་ནས་དོན་ཐམས་ཅད་བ་སྒྲུབ་པར་བགྱིའོ་ཞེས་པའི་བར་ནི་

སྔར་བགེགས་བསལ་བ་བཤད་པའི་སྐབས་སུ་འཕགས་པ་མི་གཡོ་བ་རླུང་གི་ཁ་དོག་ཏུ་གནས་ཏེ་བསྐྲད་པ་དང་། མེའི་ཁ་དོག་ཏུ་བསྒྱུར་ཏེ་བགེགས་བསྐྲད་པ་དང་། ཁམ་ཕོར་ལ་དབང་ཆེན་གྱི་དཀྱིལ་འཁོར་བསམས་ནས་རླུང་བཅིང་བར་བཤད་པའི་དོན་ཕྱག་ན་རྡོ་རྗེས་མཇལ་བ་ནི་ཞི་བ་དང་

རྒྱས་པའི་ལས་བྱ་བ་རྣམས་ལ། ལྷ་རྣམས་རང་རང་གི་དཀྱིལ་འཁོར་ལ་གནས་ནས་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་པར་མཇལ་ཏེ། དེ་ཅིའི་སླད་དུ་ཞེ་ན། དམ་ཚིག་གི་ཚུལ་གྱིས་དེ་ལྟ་བུ་ཡིན་ཏེ་ལྷ་རྣམས་རང་རང་གི་དཀྱིལ་འཁོར་ལ་གནས་པར་སྦྱར་ན་གང་དུ་བསམས་པ་དེ་བྱིན་

གྱིས་ཀྱང་རློབ་པ་ལས་གང་བྱ་བ་རྣམས་ཀྱང་དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་བཞིན་དུ་བྱེད་པར་འགྱུར་ཏེ། དེ་བས་ན་སྔགས་པ་རྣམས་ཀྱང་ལྷའི་ཁ་དོག་ཅི་འདྲ་བར་དེར་བསྒྱུར་ཏེ་ལས་རྣམས་བྱ་བར་མཇལ་ཏོ་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

གསང་བ་པའི་བདག་པོ་དེ་དེ་བཞིན་ཏེ། དེ་སྐད་སྨྲས་པ་དེ་དེ་བཞིན་ནོ་ཞེས་པ་ནི་ཕྱག་ན་རྡོ་རྗེས་མཇལ་བ་དེ་ཕྱིན་ཅི་མ་ལོག་པར་མཇལ་ཏོ་ཞེས་པའོ། །གང་གིས་ཁ་དོག་གང་གསུངས་པ། །དེ་ཉིད་དེ་ཡི་དཀྱིལ་འཁོར་ཏེ། ཞེས་པ་ནི་ལྷ་རྣམས་ཀྱི་ཁ་དོག་ཅི་འདྲ་བ་དེའི་དཀྱིལ་འཁོར་

เล่ม ๗๐ · หน้า 6b

ཡང་དེ་འདྲ་བར་བྱའོ་ཞེས་པ་སྟེ། ལྷའི་ཁ་དོག་སེར་པོ་ནི་དབང་ཆེན་གྱི་དཀྱིལ་འཁོར་ལ་སྦྱར་བར་བྱ་ཞིང་། ལྷའི་ཁ་དོག་དཀར་པོ་ནི་ཆུའི་དཀྱིལ་འཁོར་ལ་སྦྱར་བར་བྱ། ལྷའི་ཁ་དོག་དམར་པོ་ནི་མེའི་དཀྱིལ་འཁོར་ལ་སྦྱར་བར་བྱ་ལ། ལྷའི་ཁ་དོག་སྔོན་པོ་དང་ནག་པོ་ནི་རླུང་གི་དཀྱིལ་འཁོར་

ལ་སྦྱར་བར་བྱ་སྟེ། དེ་རྣམས་ནི་སོ་སོའི་དཀྱིལ་འཁོར་མཐའ་གཅིག་ཏུའོ། །དེ་ལས་མཆོད་པའི་ཡོ་བྱད་ལ་སོགས་པས་གཞན་དུ་བསྒྱུར་ན་རྒྱལ་བའི་ལྷ་ཡང་ཞི་བར་འགྱུར། ཞི་བ་ཡང་ཁྲོ་བོ་ལ་སོགས་པར་དགོས་པའི་དབང་གིས་བསྒྱུར་དུ་རུང་བར་ཤེས་པར་བྱའོ། །ལྷ་ལ་ལ་ནི་

ཁ་དོག་ཐམས་ཅད་དང་ལྡན་པ་སྟེ། དཔེར་ན་འཕགས་མ་སྒྲོལ་མ་ལ་སོགས་པ་ཁ་དོག་ལྗང་གུ་ཡིན་པས་ཁ་དོག་ཐམས་ཅད་དང་ལྡན་པ་སྟེ། དཀྱིལ་འཁོར་ཀུན་དང་ལས་ཐམས་ཅད་བྱེད་པར་ཤེས་པར་བྱའོ། །དེ་བཞིན་དུ་དགོས་པའི་དབང་གིས་མཆོད་པའི་ཡོ་བྱད་ལ་སོགས་པས་

བསྒྱུར་ན་རང་བཞིན་སོ་སོར་ངེས་པ་ལས་ཀྱང་ལས་ཐམས་ཅད་བྱེད་པར་ཤེས་པར་བྱའོ། །དེ་ལ་གསང་བ་པའི་བདག་པོ་མ་འོངས་པའི་དུས་ན་སེམས་ཅན་བློ་ཞན་པ་ཞེས་པ་ནས། དེས་སེམས་ཅན་རྣམས་ལ་ཕན་པར་བཞེད་ནས་འདི་དག་ཐམས་ཅད་བཤད་དོ་ཞེས་བྱ་བར་ནི་མི་ཤེས་སོ་

ཞེས་པའི་བར་གྱིས་ནི་ལྷ་རྣམས་ཀྱི་ཁ་དོག་གང་ཡིན་པ་དཀྱིལ་འཁོར་ཡང་དེ་ཡིན་པར་གསུངས་པ་ན། དབང་ཆེན་དང་མེའི་དཀྱིལ་འཁོར་ལ་སོགས་པ་ནི་འཇིག་རྟེན་པའི་རྒྱུད་ལ་ཡོད་ཀྱི་འཇིག་རྟེན་ལས་འདས་པའི་རྒྱུད་བྱ་བའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་ཀུན་ལས་མི་འབྱུང་བས་ན་འདི་

ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་ཟེར་ཏེ། གང་འཇིག་རྟེན་གྱི་རྒྱུད་རྣམས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པས་སེམས་ཅན་རྣམས་སོ་སོའི་དད་པ་དང་རྗེས་སུ་མཐུན་པར་བཤད་དོ་ཞེས་མི་ཤེས་པའི་ཕྱིར་རོ་ཞེས་པ་སྟེ། དེ་ཅིའི་ཕྱིར་དེ་ལྟར་མི་ཤེས་

ཤེ་ན། བློ་ཞན་ཅིང་དད་པ་ཆུང་བ་ལ་སོགས་པའི་ཉེས་པས་བསྐལ་པའི་ཕྱིར་རོ། །ཆོས་རྣམས་ཀྱི་ནི་ཆོས་ཀྱི་མཚན། །བླུན་པོ་དེས་ནི་དེ་མི་ཤེས། །ཆོས་རྣམས་ཀུན་གྱི་མཚན་ཉིད་ནི། །སྟོང་པ་ཉིད་དུ་ཡང་དག་གསུངས། །ཞེས་པ་ནི་དེ་དག་ནི་བདག་ཉིད་ཀྱང་མ་རུང་ལ་གཞན་ཡང་

เล่ม ๗๐ · หน้า 7a

ཕུང་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་དང་སྦྱར་རོ། །སྔགས་པ་རྟག་ཏུ་དེར་གནས་ནས། །རབ་ཏུ་ངེས་པར་ལས་བྱའོ། །ཞེས་པ་ནི་སྔགས་པས་སྟོང་པ་ཉིད་ལ་གནས་ནས་ཞི་བ་ལ་སོགས་པའི་ལས་བྱའོ་ཞེས་པ་སྟེ། སྟོང་པ་ཉིད་ལ་གནས་ནས་ལས་བྱ་བ་ཡང་གཅིག་

ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་ནས་དེ་ཉིད་ཀྱིས་གྲུབ་པ་ཐོབ་པར་འགྱུར་བའོ། །གཅིག་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱས་ནས་དེ་ལས་ལངས་ཏེ་བཟླས་ལ་སོགས་པ་བྱས་ནས་གྲུབ་པ་ཐོབ་པའོ། །དེ་དག་ནི་བགེགས་ཞི་བར་བྱ་བའི་སྐབས་སོ།། །།

ད་ནི་ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་རྣམས་ཐོག་མ་མོས་པས་སྤྱོད་པའི་ས་ལ་ཞུགས་པའི་ཚེ་རང་རང་གིས་རྣམ་པར་གྲོལ་བའི་སྒོ་གསང་སྔགས་ཀྱི་ཚིག་བསྟན་པ་དེ་ཉིད་ལ་གོམས་པར་བྱས་པས་ས་བཅུ་དང་ས་བཅུ་གཅིག་ལ་སོགས་པ་ཡོངས་སུ་རྫོགས་པའི་རང་

རང་གི་རྣམ་པར་ཐར་པའི་སྒོ་ཇི་ལྟར་རྟོགས་པའི་གསང་སྔགས་རྣམས་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དུ་དགོད་པའི་ཕྱིར་སྨྲ་བར་འདོད་ནས་བཅོམ་ལྡན་འདས་ལ་གསོལ་བ་སྟེ། དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ་རྡོ་རྗེ་འཛིན་པ་དེ་དག་ཅེས་ལ་སོགས་པས་སོ། །དེ་ནས་བཅོམ་ལྡན་

འདས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་དང་རྡོ་རྗེ་འཛིན་དེ་དག་ལ་མི་ཉམས་པའི་ཆོས་ཉིད་དུ་བྱིན་གྱིས་བརླབས་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་མི་འགོང་བའམ། སྤོབས་པ་སྐྱེ་བར་བྱིན་གྱིས་བརླབས་ཞེས་པའོ། །སངས་རྒྱས་ཀྱི་རྒྱན་ཞེས་པ་ནི་བྱང་ཆུབ་

སེམས་དཔའ་ཀུན་དུ་བཟང་པོ་ཏིང་ངེ་འཛིན་དུ་ཞུགས་ན་སྤུའི་ཁུང་བུ་རེ་རེ་ནས་སངས་རྒྱས་རེ་རེ་འབྱུང་སྟེ། དེ་ལྟར་ལུས་ལས་སངས་རྒྱས་གྲངས་མེད་པ་འབྱུང་བར་འགྱུར་བ་དེ་ཉིད་ལ་རྒྱན་ཞེས་བྱའོ། །དེ་བཞིན་དུ་ཏིང་ངེ་འཛིན་རྣམས་བྱང་ཆུབ་སེམས་དཔའ་སོ་སོའི་ཡོན་ཏན་དང་རྗེས་

སུ་མཐུན་པར་ཤེས་པར་བྱ་སྟེ། དེ་བཞིན་དུ་གསང་སྔགས་རྣམས་ཀྱང་དེ་བཞིན་གཤེགས་པའི་ཡོན་ཏན་ལས་བྱུང་ཞིང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་སོ་སོའི་རྣམ་པར་གྲོལ་བའི་སྒོ་སྟེ། དེ་དག་ཉིད་ཀྱི་ཚིག་ཏུ་བྱིན་གྱིས་བརླབས་པར་ཤེས་པར་བྱའོ། །དེ་ནས་ཡང་

เล่ม ๗๐ · หน้า 7b

བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་གཟིགས་ནས་ཞེས་པ་ནས། རྣམ་རྟོག་རྣམ་པར་སྤངས་ཏེ་སྤྱད་པ་སྤྱོད་པར་གྱིས་ཞེས་པའི་བར་དུ་སྔར་ཡི་གེ་ཨ་རྣམ་པ་བཞི་བྱང་ཆུབ་དང་སྤྱོད་པ་དང་ཀུན་དུ་སངས་རྒྱས་པ་དང་མྱ་ངན་ལས་འདས་པའི་ཏིང་ངེ་འཛིན་གྱི་སྒོ་

གསོད་པ་སྟེ། དེ་ཉིད་ཀྱི་དོན་བྱང་ཆུབ་དང་སྤྱོད་པ་དང་ཀུན་དུ་སངས་རྒྱས་པ་དང་མྱ་ངན་ལས་འདས་པའི་རང་བཞིན་ཡང་བསྟན་པ་སྟེ། དེ་བསྟན་པ་ཡང་འདུལ་བའི་འགྲོ་བ་རྣམས་ལ་ལ་ནི་ཡི་གེ་ཨ་ལ་སོགས་པའི་ཡིག་འབྲུའི་སྒོ་ནས་གོམས་པར་བྱེད་ལ། ལ་ལ་ནི་དེའི་དོན་གྱི་སྒོ་ནས་གོམས་པར་བྱེད་

དེ། དེ་བས་ན་དོན་འདི་བསྟན་པས་བྱང་ཆུབ་ལ་སོགས་པའི་རང་བཞིན་ཁོང་དུ་ཆུད་པར་བྱ་བར་དོན་གྱི་སྒོ་ནས་བསྟན་ཏོ། །རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དུས་གསུམ་མཐའ་ཡས་པའི་སྒོ་ངེས་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པའི་ཆོས་ཀྱི་ཚིག་རྣམས་གསུངས་སོ་ཞེས་པ་

ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དུས་གསུམ་མཐའ་ཡས་པའི་སྒོ་ངེས་པའི་ཡེ་ཤེས་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་བྱ་སྟེ། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་པ་ནི་ཡེ་ཤེས་རྣམ་པར་མི་རྟོག་ཀྱང་སྨོན་ལམ་གྱི་ཤུགས་ཀྱིས་སྐུ་མི་ཟད་པའི་རྡོ་རྗེའི་རྒྱན་ལ་སོགས་

པ་ཐམས་ཅད་དུ་ཁྱབ་པར་སེམས་ཅན་ཐམས་ཅད་ལ་རྗེས་སུ་མཐུན་པའི་དོན་བྱེད་དོ་ཞེས་པའོ། །དུས་གསུམ་མཐའ་ཡས་པའི་སྒོ་ངེས་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་ཞེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན་རྣམ་པ་མང་པོའི་སྒོ་ནས་

སྟོང་པ་ཉིད་དུ་འཇུག་ཅིང་ཡེ་ཤེས་ངེས་པར་བྱེད་པའོ། །ཡོངས་སུ་རྫོགས་པར་བྱེད་པའི་ཚིག་རྣམས་ཡོངས་སུ་ཞེས་པ་ནི་ཡེ་ཤེས་དེ་ཉིད་ཡོངས་སུ་རྫོགས་པར་བྱེད་པའི་ཚིག་སྟེ། དེ་ཡང་། མཁའ་ལྟར་དྲི་མེད་ངོ་བོ་ཉིད་མེད་པ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཏེ། དེ་རྣམས་

ཀྱི་དོན་ཁོང་དུ་ཆུད་ན་ཡེ་ཤེས་དེ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །དེ་ལ། མཁའ་ལྟར་དྲི་མེད་ངོ་བོ་ཉིད་མེད་པ། །ཞེས་པ་ནི་བྱང་ཆུབ་ཀྱི་རང་བཞིན་ཏེ་ཇི་ལྟར་ནམ་མཁའ་ལ་རྡུལ་ལ་སོགས་པའི་སྒྲིབ་པའི་དྲི་མ་མེད་ཅིང་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་དུ་གཟུང་དུ་མེད་པ་དེ་བཞིན་དུ་བྱང་ཆུབ་ཀྱི་

เล่ม ๗๐ · หน้า 8a

རང་བཞིན་ལ་ཡང་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པའི་དྲི་མ་མེད་ཅིང་དེའི་རྣམ་པ་ཡེ་ཤེས་ཀྱི་གཟུང་དུ་མེད་པའོ་ཞེས་པའོ། །རྣམ་མང་ཡེ་ཤེས་སྣ་ཚོགས་སྦྱིན་པར་བྱེད། །ཅེས་པ་ནི་སྤྱོད་པའི་རང་བཞིན་ཏེ། མངོན་པར་བྱང་ཆུབ་པ་ཉིད་ཀྱི་ཚེ་ན་སྔོན་གྱི་སྨོན་ལམ་གྱི་

ཤུགས་ཀྱིས་མི་ཟད་པ་ལ་སོགས་པའི་རྡོ་རྗེའི་རྒྱན་རྣམས་སེམས་ཅན་རྣམ་པ་མང་པོ་ལ་ཇི་ལྟར་རྗེས་སུ་མཐུན་པར་ལུང་གི་ཆོས་དང་རྟོགས་པའི་ཆོས་དག་སྟོན་ཏེ། ཆོས་དེ་དག་བསྟན་ན་སེམས་ཅན་རྣམ་པ་སྣ་ཚོགས་པ་དེ་རྣམས་ཀྱིས་ཡེ་ཤེས་ཐོབ་པར་འགྱུར་བའི་ཕྱིར་རོ། །གཉིས་སུ་ན་རྒྱུའི་

ཆོ་གའི་སྤྱོད་པ་ལ་ཡང་བྱ་སྟེ། རྣམ་པར་དག་པའི་ཆོས་དེ་ཉིད་ལ་འཇུག་པའི་ཚེ་ཀུན་རྫོབ་དང་དོན་དམ་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་རྟག་ཏུ་སྟོང་པ་ཉིད། །ཅེས་པ་ནི་ཀུན་དུ་སངས་རྒྱས་པའི་རང་བཞིན་ལ་བྱ་སྟེ། ཕྱི་གཟུང་བར་བྱ་བའི་ཆོས་རྣམས་ཀྱང་རང་

བཞིན་མེད་ན། འཛིན་པར་བྱེད་པའི་ཡེ་ཤེས་ཀྱང་མེད་དེ། དེ་ལྟར་གཟུང་བ་དང་འཛིན་པའི་ཆ་གཉིས་ཀ་སྤངས་པའི་རང་བཞིན་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་བྱའོ། །རྐྱེན་ལ་རག་ལས་ཟབ་ཅིང་བལྟ་བར་དཀའ། །ཞེས་པ་ནི་མྱ་ངན་ལས་འདས་པའི་རང་

བཞིན་ལ་བྱ་སྟེ། རྐྱེན་ལ་རག་ལས་ཞེས་པ་ནི་གཞན་གྱི་དབང་གི་མཚན་ཉིད་ཀྱི་ཡེ་ཤེས་མར་མེའི་རྒྱུན་དང་འདྲ་བ་སྐད་ཅིག་མའི་རྒྱུན་མི་འཆད་པར་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་ཞེས་པའོ། །ཟབ་ཅིང་བལྟ་བར་དཀའ་ཞེས་པ་ནི་ཟབ་པ་ནི་གཟུང་བ་དང་འཛིན་པའི་ཆ་གཉིས་

སྤངས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་བས་ན་སྟོང་པ་ཉིད་ཀྱི་རང་བཞིན་དེ་ལ་སྔོན་པོ་ལ་སོགས་པའི་རྣམ་པ་མེད་པས་བལྟ་བར་དཀའ་ཞེས་པའོ། །ཁྱད་པར་འགྲོ་བ་རྣམས་ལ་རྟག་པ་རུ། །ཞེས་པ་ནས། དེ་ལས་གོ་འཕང་རྙེད་དཀའ་གཞན་མེད་དོ། །ཞེས་པའི་བར་ནི་བྱང་ཆུབ་ཀྱི་རང་

བཞིན་རྣམ་པར་དག་པའི་ཆོས་ཉིད་དེ་ལ་འཇུག་ཅིང་གོམས་པར་བྱེད་པ་དེའི་འབྲས་བུ་ཐོབ་པའི་རིམ་པ་བཤད་པ་སྟེ། ཁྱད་པར་འགྲོ་བ་རྣམས་ལ་རྟག་པ་རུ། །རྣམ་པར་བསམས་པའི་འབྲས་བུ་མཆོག་སྦྱིན་བྱེད། །ཅེས་པ་ནི་རྣམ་པར་དག་པའི་ཆོས་ཉིད་དེ་ལ་ཉན་པ་དང་བསམས་པ་

เล่ม ๗๐ · หน้า 8b

དང་གོམས་པར་བྱས་ན་འཇིག་རྟེན་གྱི་རྒྱལ་པོ་དང་ལོངས་སྤྱོད་ལ་སོགས་པ་བདེ་བའི་མཆོག་ཐོབ་པར་འགྱུར་རོ་ཞེས་པའོ། །ཇི་ལྟར་ནམ་མཁའ་ཆགས་མེད་སྤྱོད་ཡུལ་ཅན། །འགྲོ་བ་ཀུན་གྱི་གནས་སུ་གྱུར་པ་ལྟར། །དེ་བཞིན་རྣམ་པར་དག་པའི་ཆོས་ཉིད་འདི། །སྲིད་གསུམ་མ་ལུས་འབྱོར་པ་

འབྱུང་བར་བྱེད། །ཅེས་པ་ནི་རྣམ་པར་དག་པའི་ཆོས་ཉིད་དེ་ལ་མོས་པས་སྤྱོད་པའི་ས་ལ་གནས་ནས་གོམས་པར་བྱས་ན་ཁམས་གསུམ་གྱི་དབང་པོ་མངོན་པར་མཐོ་བའི་མཚན་ཉིད་ཐོབ་པར་འགྱུར་རོ་ཞེས་པ་སྟེ། རྣམ་པར་དག་པའི་ཆོས་རྣམ་པར་མི་རྟོག་ཀྱང་དེ་ལྟ་བུའི་འབྲས་བུ་འབྱུང་སྟེ་

དག་པ་ནི་དཔེར་ན་ནམ་མཁའ་རྣམ་པར་མི་རྟོག་ཀྱང་འགྲོ་བ་ཐམས་ཅད་ཀྱི་གནས་བྱེད་པ་བཞིན་དུ་རྣམ་པར་དག་པའི་ཆོས་ཉིད་དེ་ཡང་རྣམ་པར་མི་རྟོག་བཞིན་དུ་ཁམས་གསུམ་གྱི་འབྱོར་པ་འབྱུང་བར་བྱེད་དེ། དེ་བས་ན། ཇི་ལྟར་ནམ་མཁའ་ཆགས་མེད་སྤྱོད་ཡུལ་ཅན། །འགྲོ་བ་ཀུན་གྱི་

གནས་སུ་འགྱུར་བ་ལྟར། །དེ་བཞིན་རྣམ་པར་དག་པའི་ཆོས་ཉིད་འདི། །སྲིད་གསུམ་མ་ལུས་འབྱོར་པ་འབྱུང་བར་བྱེད། །ཅེས་གསུངས་པ་ཡིན་ནོ། །མཆོག་སྐྱེས་མཁས་པ་གང་ཞིག་འདིར་སྤྱོད་ན། །རྒྱལ་བ་ཀུན་དང་སྤྱོད་ཡུལ་གཅིག་པར་འགྱུར། །ཞེས་པ་ནི་ས་རབ་ཏུ་དགའ་བ་

ལ་གནས་པ་རྣམས་ཀྱིས་གོམས་པར་བྱས་ན་དེའི་འབྲས་བུ་སངས་རྒྱས་རྣམས་དང་སྤྱོད་ཡུལ་གཅིག་པར་འགྱུར་རོ། །རྒྱལ་བས་ཇི་སྐད་གསུངས་པའི་ཆོས་ཉིད་ནི། །ཤིན་ཏུ་རྣམ་དག་ཐམས་ཅད་སྣང་བྱེད་པ། །དེ་ལས་གོ་འཕང་རྙེད་དཀའ་གཞན་མེད་དོ། །ཞེས་པ་ནི་སངས་རྒྱས་ཐོབ་

པ་ནི་འབྲས་བུ་སྟེ། སངས་རྒྱས་པ་ལ་རྙེད་པར་དཀའ་བ་གཞན་མེད་ཅིང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཁྱབ་པར་སྣང་བར་མཛད་པའི་ཕྱིར་རོ། །རྒྱལ་བས་ཇི་སྐད་གསུངས་པའི་ཆོས་ཉིད་ནི། །ཤིན་ཏུ་རྣམ་དག་ཅེས་པ་ནི་དེ་ལྟ་བུའི་ཆོས་ཉིད་

རྣམ་པར་དག་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ་ཞེས་པ་ནི་སྡུད་པ་པོའི་ཚིག་གོ། །ཡངས་པའི་ཆོས་ནི་ཟབ་ལ་འགྲིབ་མེད་ཅིང་། །མཉམ་མེད་འཇིག་རྟེན་ཕན་བྱེད་དེ་ལ་ནི། །རྣམ་དག་རྣམ་པར་སྦྱངས་ཏེ་སྤྱད་པར་གྱིས། །ཞེས་པ་ལ་དེ་ལྟ་བུའི་རང་བཞིན་གྱི་ཆོས་དེ་

เล่ม ๗๐ · หน้า 9a

ལ་རྣམ་པར་རྟོག་པ་སྤངས་ཏེ་སྤྱད་པར་གྱིས་ཤིག་ཅེས་པའོ། །ཡངས་པའི་ཆོས་ནི་ཟབ་ལ་འགྲིབ་མེད་ཅིང་། །ཞེས་པ་ནི་ཆོས་ཉིད་རྣམ་པར་དག་པ་དེ་རྒྱ་ཆེ་ཞིང་མི་འགྱུར་བར་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་པས་འགྲིབ་པའམ། འགོག་པ་མེད་ཅེས་པ་སྟེ། ཆོས་

ཉིད་དེའི་རང་བཞིན་སྤྱིར་བསྟན་པའོ། །གསང་བ་པའི་བདག་པོ་དེ་ལ་འདོད་པའི་ཁམས་ཀྱི་དབང་ཕྱུག་ལ་མྱོས་པར་བྱེད་པ་ཞེས་བྱ་བའི་རིག་སྔགས་ཡོད་དེ་ཞེས་པ་ནས། འདི་ལྟ་སྟེ་དཔེར་ན་གསང་སྔགས་ཀྱིས་ནི་མེའི་ཚ་བ་མེད་པར་བྱས་ནས་གྲང་བར་བྱེད་པར་འགྱུར་རོ། །རིགས་ཀྱི་བུ་

དག་དཔེའི་ཚིག་འདི་རྣམས་ཀྱིས་གསང་སྔགས་ཀྱི་མཐུ་ལ་མངོན་པར་དད་པར་བྱའོ་ཞེས་པའི་བར་གྱིས་སྔགས་ཀྱི་རྒྱུ་དང་རང་བཞིན་དང་མཐུ་དང་འབྲས་བུ་རྣམས་བཤད་ལ། རྒྱུ་དང་རང་བཞིན་ནི་གོང་དུ་ཡི་གེ་ལ་སོགས་པའི་ནང་དུ་བཤད་དོ། །སྐབས་འདིར་ནི་སྔགས་ཀྱི་མཐུ་བསྟན་

པར་བཤད་དེ། དེ་ཡང་སྒྲུབ་པ་པོ་ཡིད་གཉིས་དང་ཐེ་ཚོམ་ཅན་གང་དག་བསྒྲུབ་པ་ལ་ཐེ་ཚོམ་དུ་གྱུར་པ་དང་། གྲུབ་པ་ཐོབ་བམ་མི་ཐོབ་སྙམ་དུ་ཐེ་ཚོམ་ཟ་བ་འོག་ནས་འབྱུང་བའི་སྔགས་ཀྱི་མཐུ་རྣམས་བསྟན་པས་བསལ་ཏེ། དེ་ལ་རབ་ནི་འདོད་པའི་ཁམས་ཀྱི་དབང་ཕྱུག་ཆེན་པོའི་རིག་

སྔགས་ཀྱིས་ལྷའི་བུ་ཐམས་ཅད་སྤྱོད་པར་འགྱུར་བ་དང་གཟུགས་ཁམས་ཀྱི་དབང་ཕྱུག་ཆེན་པོ་ལ་ཡིད་མགྱོགས་ཞེས་བྱ་བའི་རིག་སྔགས་ལས་བྱུང་བའི་མཐུ་སྟེ་གཉིས་བཤད་དོ། །མིག་འཕྲུལ་མཁན་གྱི་སྔགས་ཀྱིས་སྤྱོད་པ་དང་ལྷ་མ་ཡིན་གྱི་སྔགས་ཀྱིས་སྒྱུ་མ་ལ་སོགས་པ་རྣམས་མཐུ་

འབྲིང་དུ་བཤད་དོ། །དུག་དང་རིམས་ལ་སོགས་པ་མེད་པར་བྱེད་པ་དང་མ་མོ་རྣམས་ཀྱི་སྔགས་ཀྱིས་འཆི་བར་བྱེད་པ་དང་། མེའི་ཚ་བ་མེད་པར་བྱས་ནས་གྲང་པོར་བྱེད་པ་རྣམས་མཐུ་ཐ་མར་བཤད་དོ། །གསང་བ་པའི་བདག་པོ་དེ་ལ་འདོད་པའི་ཁམས་ཀྱི་དབང་ཕྱུག་ལ་མྱོས་པར་བྱེད་པ་

ཞེས་བྱ་བའི་རིག་སྔགས་ཡོད་དེ་ཞེས་པ་ནི་འདོད་པ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ལ་སྤྱོད་པའོ། །ཁམས་ཀྱི་དབང་ཕྱུག་ལ་ཞེས་པ་ནི་འདོད་པའི་ཁམས་ཀྱི་ལྷའི་གནས་རིམ་པ་དྲུག་གི་དབང་ཕྱུག་ལ་མོས་པར་བྱེད་པ་ཞེས་བྱ་བའི་རིག་སྔགས་ཡོད་དེ། ཁམས་དེར་སྐྱེས་པ་

เล่ม ๗๐ · หน้า 9b

རྣམས་རང་བཞིན་གྱི་རིག་སྔགས་དང་ལྡན་པས་རིག་སྔགས་དེ་བསམས་པའམ། བརྗོད་པ་ཙམ་གྱིས་འདོད་པ་ལྔའི་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །དེས་འདོད་པ་ན་སྤྱོད་པའི་ལྷའི་བུ་ཐམས་ཅད་མྱོས་པས་བརྒྱལ་བར་བྱེད་ཅིང་ཞེས་བྱ་བ་ལ་མྱོས་པ་ཞེས་པ་ནི་མི་དྲན་ཞིང་དབང་པོ་མི་

གསལ་བར་གྱུར་པ་ནི་མ་ཡིན་གྱི་རིག་སྔགས་དེའི་མཐུས་ལྷའི་བུ་རྣམས་འདོད་པ་ལྔའི་ལོངས་སྤྱོད་ལ་ཆགས་ཤིང་ཞེན་པར་འགྱུར་ཏེ། འདོད་པའི་དབང་དུ་གྱུར་པས་ན་འདོད་པས་མྱོས་པ་ཞེས་བྱའོ། །མེ་ཏོག་མང་པོ་སྣ་ཚོགས་དང་ལྡན་པའི་ས་ཕྱོགས་ཉམས་དགའ་བ་རྣམས་ཀྱང་

སྟོན་ཞེས་པ་ནི་དེ་ལ་མེ་ཏོག་སྣ་ཚོགས་ནི་ལྡུམ་ར་དང་མེ་ཏོག་གི་ཚལ་དང་ཡིད་དུ་འོང་བའི་སྐྱེད་མོས་ཚལ་དང་། མེ་ཏོག་དང་ཚལ་དེ་དག་ཀྱང་དྲི་ཞིམ་ཞིང་ཁ་དོག་ཤིན་ཏུ་མཛེས་པས་བརྒྱན་པའོ། །ས་ཕྱོགས་ཉམས་དགའ་བའི་ར་བ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ལྡིང་ཁང་ལ་སོགས་

པ་སྟོན་པའོ། །ཡོངས་སུ་སྤྱད་པ་དང་ཉེ་བར་སྤྱད་པ་རྣམ་པ་ཐ་དད་པ་སྣ་ཚོགས་རྣམས་ཀྱང་མངོན་པར་སྤྲུལ་ནས་ཞེས་པ་ནི་འདོད་པ་རྣམ་པ་ལྔའི་ལོངས་སྤྱོད་དང་ཉེ་བར་སྤྱད་པ་སྟེ། བཟའ་བའི་ཁ་ཟས་དང་ལྷའི་གོས་རབ་ཏུ་བཟང་ཞིང་འཇམ་པ་ལ་སོགས་པ་རྣམས་སོ། །མངོན་པར་སྤྲུལ་པ་

ནི་གནས་དེ་ན་ལྷའི་བུ་རྣམས་རང་རང་གི་རིག་སྔགས་ཀྱི་མཐུས་འདོད་པ་རྣམ་པ་ལྔའི་ལོངས་སྤྱོད་འབྱུང་བ་ལ་བྱའོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཡང་སྦྱིན་ལ་བདག་ཉིད་ཀྱང་ཡོངས་སུ་སྤྱོད་དོ་ཞེས་པ་དེ་ལ་གཞན་འཕྲུལ་དབང་བྱེད་ཅེས་པ་ནི་རང་གི་མཐུ་ལས་འདོད་པ་

རྣམ་པ་ལྔའི་ལོངས་སྤྱོད་འབྱུང་བ་རྣམས་ལྷའི་བུ་མོ་རྣམས་ལའང་སྦྱིན་ལ་དེ་དག་ཀྱང་ཡོངས་སུ་སྤྱོད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་སོགས་པ་ཡིད་བཞིན་དུ་སྤྱོད་ཀྱང་བདག་ཉིད་དེ་ལ་མ་ཆགས་པར་སྤྱོད་དོ། །འདི་ལྟ་སྟེ། ལྷའི་དབང་

ཕྱུག་ཆེན་པོ་ལ་ཡིད་མགྱོགས་ཞེས་བྱ་བའི་རིག་སྔགས་ཡོད་དེ་ཞེས་བྱ་བ་ནི་རིག་སྔགས་དེ་བསམས་པ་ཙམ་གྱིས་སེམས་ཅན་གྱི་དོན་བྱ་བ་དང་ཇི་ལྟར་འདོད་པའི་གནས་དེ་དག་ཏུ་སྐད་ཅིག་ཡུད་ཙམ་གྱིས་ཕྱིན་པར་འགྱུར་བས་ན་ཡིད་མགྱོགས་ཞེས་བྱའོ། །དེས་སྟོང་གསུམ་གྱི་སྟོང་ཆེན་

เล่ม ๗๐ · หน้า 10a

པོའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་གྱི་དགོས་པ་བྱེད་ཅིང་ཞེས་པ། དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་ནི་སྟེང་འོག་ཀུན་ལ་བྱ་བའམ། དེ་མ་ཡིན་པར་གཟུགས་ཀྱི་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་བྱ་ལ། སྟོང་གསུམ་ནི་གཞུང་ལས་

གྲགས་པའོ། །སེམས་ཅན་གྱི་དགོས་པ་ནི་གཟུགས་ཀྱི་སེམས་ཅན་རྣམས་ལ་རིག་སྔགས་དེའི་མཐུས་འོག་ནས་འབྱུང་བའི་ལོངས་སྤྱོད་ལ་སོགས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །ཉེ་བར་སྤྱད་པ་དང་ཡོངས་སུ་སྤྱད་པ་ཐམས་ཅད་ཀྱང་མངོན་པར་སྤྲུལ་ནས་ཞེས་པ་ནི་དེ་ལ་ཁ་ཟས་ཁམ་གྱིས་ཟ་བ་

དང་དྲི་ལ་སོགས་པ་ཁྱད་པར་དུ་མི་སྤྱོད་ལ། ལོངས་སྤྱོད་གཞན་ནི་ལྷག་མ་དང་འདྲའོ། །གནས་གཙང་མའི་རིགས་ཀྱི་ལྷའི་བུ་རྣམས་ལ་ཡང་སྦྱིན་ལ་བདག་ཉིད་ཀྱང་ཀུན་དུ་སྤྱོད་དོ་ཞེས་པ་གཟུགས་ཀྱི་ཁམས་དེ་ན་གཙང་མའི་རིགས་ཀྱི་ལྷ་རྣམས་ལ་ཡང་སྦྱིན་ལ། བདག་ཉིད་ཀྱང་རིག་སྔགས་

ཀྱི་མཐུ་ལས་བྱུང་བའི་ལོངས་སྤྱོད་ལ་སྤྱོད་པའོ། །འདི་ཡན་ཆད་ནི་རིག་སྔགས་ཀྱི་མཐུ་རབ་ཏུ་བསྟན་པ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་མིག་འཕྲུལ་མཁན་ནི་གསང་སྔགས་རྣམས་ཀྱིས་ཀུན་དགའི་ར་བ་དང་མཚོ་དང་འབབ་ཆུ་དང་མི་ལ་སོགས་པ་རྣམ་པ་ཐ་དད་པ་སྣ་ཚོགས་སྟོན་ཏོ་ཞེས་པ་ནི་

མིག་འཕྲུལ་གྱི་སྔགས་ཀྱི་མཐུ་བཤད་དེ་དེ་ཡང་གང་ཞེ་ན། མིག་འཕྲུལ་གྱི་སྔགས་མཁན་ནི་གསང་སྔགས་རྣམས་ཀྱིས་ཞེས་པ་ནི་དབང་པོ་ལ་སོགས་པའི་ལྷ་རྣམས་དང་ལྷ་མ་ཡིན་འཐབ་པའི་ཚེ་ན། སྔགས་ཀྱིས་གྲངས་མེད་པའི་ལྷའི་དབང་པོ་རྣམས་སུ་སྤྲུལ་ནས་ལྷ་མ་ཡིན་རྣམས་ཀྱི་མིག་

བསླུ་བ་དང་། གང་ལ་བརྒལ་པའི་གཏོལ་མེད་པར་མིག་འཕྲུལ་གྱི་མཐུས་བྱེད་པའོ། །མིག་འཕྲུལ་གྱི་སྔགས་ཀྱི་མཐུ་ལས་ཀུན་དགའི་ར་བ་བཟང་པོ་དང་། མཚོ་དང་འབབ་ཆུ་དང་མི་ལ་སོགས་པ་སྔགས་ཀྱི་མཐུས་མངོན་པར་སྤྱོད་ཅིང་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན་ལྷ་མ་ཡིན་རྣམས་ནི་

གསང་སྔགས་ཀྱིས་སྒྱུ་མ་རྣམས་སྟོན་ཏོ་ཞེས་པ་ནི་ལྷ་མ་ཡིན་གྱི་སྔགས་ཀྱི་མཐུ་བཤད་དེ། དེ་ཡང་གང་ཞེ་ན། ལྷ་མ་ཡིན་དང་དབང་པོ་ལ་སོགས་པའི་ལྷ་རྣམས་འཐབ་པའི་ཚེ་ན་ལྷ་མ་ཡིན་གྱི་སྔགས་ཀྱི་མཐུས་ལྷ་མ་ཡིན་གྲངས་མེད་པར་སྤྲུལ་པ་དང་། སྒྲ་གཅན་གྱི་གཟུགས་ལྷ་མ་ཡིན་

เล่ม ๗๐ · หน้า 10b

གྱི་གནས་ནས་རིའི་རྒྱལ་པོ་རི་རབ་ལས་འཕགས་པའི་ལུས་སུ་གྱུར་ནས་ལྷ་རྣམས་སྐྲག་པ་དང་མཐུས་བྱིན་གྱིས་བརླབས་པའི་སྒྱུ་མ་རྣམས་སྟོན་པའོ། །གོང་དུ་དབང་པོ་ལ་སོགས་པའི་མི་འཕྲུལ་གྱི་སྔགས་ཀྱི་མཐུ་བཤད་པ་དང་། ལྷ་མ་ཡིན་གྱི་སྔགས་ཀྱི་མཐུ་བཤད་པ་གཉིས་ནི་མཐུ་འབྲིང་

པོ་བཤད་པ་ཟིན་ནོ། །འདི་ལྟ་སྟེ་དཔེར་ན་གསང་སྔགས་དག་གིས་ནི་དུག་དང་རིམས་ལ་སོགས་པ་མེད་པར་འགྱུར་རོ་ཞེས་པ་ནི། མི་རྣམས་ཀྱི་སྔགས་ཀྱི་མཐུ་བཤད་དེ། དེ་ཡང་གང་ཞེ་ན། དེ་སྔགས་དེ་ཉིད་ཀྱི་མཐུས་དུག་ཐམས་ཅད་དང་རིམས་ལ་སོགས་པའི་ནད་ཐམས་ཅད་མེད་པར་བྱེད་

པ་ལ་བྱའོ། །འདི་ལྟ་སྟེ་དཔེར་ན་མ་མོ་ཞེས་བྱ་བའི་ལྷ་མོ་རྣམས་ནི་གསང་སྔགས་ཀྱིས་སེམས་ཅན་རྣམས་ལ་ནད་འགོ་བ་གཏོང་ངོ་ཞེས་པ་ནི་མ་མོ་བདུན་པོ་རྣམས་ཀྱི་གསང་སྔགས་ཀྱི་མཐུ་བཤད་དེ། དེ་ཡང་གང་ཞེ་ན། དབང་པོ་ལ་སོགས་པའི་ལྷ་རྣམས་དང་ལྷ་མ་ཡིན་རྣམས་འཐབ་པའི་

ཚེ་ལྷ་རྣམས་ཀྱིས་ལྷ་མ་ཡིན་ཐོབ་པར་མ་གྱུར་ན་དབང་པོ་དང་ཚངས་པ་ལ་སོགས་པ་སོ་སོ་ལས་མ་མོ་ཞེས་པའི་ལྷ་མོ་བདུན་སྤྲུལ་ཏེ། ལྷ་མོ་བདུན་པོ་དེ་རྣམས་ཀྱིས་མཚོན་གྱིས་བཏབ་པའི་ཁྲགས་ལ་མ་ལྷུང་བར་འཐུངས་པ་དང་གདོང་ལྷ་མ་ཡིན་རྣམས་ཞི་བར་འགྱུར་བ་ལ་ཡང་བྱ་ལ། བདུན་

པོའི་གསང་སྔགས་དེས་གནོད་པའི་ལས་རྣམས་བྱེད་པའི་ཚེ་མ་མོ་རྣམས་ཀྱི་སྔགས་ཀྱི་ཚིག་བཞིན་བྱས་ན་སེམས་ཅན་འཆི་བར་བྱེད་པ་དང་ལྷ་དང་ལྷ་མ་ཡིན་དུ་འཐབ་པའི་ཚེ་འཇིག་རྟེན་ན་སེམས་ཅན་དགེ་བའི་སྤྱོད་པ་མང་ཞིང་བསོད་ནམས་ཆེ་ན་ལྷ་རྣམས་རྒྱལ་བར་འགྱུར་ལ། དགེ་བ་སྤྱོད་པ་ཉུང་

ཞིང་མཐུ་ཆུང་ན་ལྷ་མ་ཡིན་རྣམས་རྒྱལ་བར་འགྱུར་ཏེ། དེ་ལ་ལྷ་རྣམས་རྒྱལ་བར་གྱུར་ན་གང་ཟླ་བ་དང་ཉི་མ་གཟས་ཟིན་པའི་དངོས་གྲུབ་རྣམས་ཀྱང་འཐོབ། ལྷ་མ་ཡིན་རྣམས་རྒྱལ་ན་སེམས་ཅན་གྱི་ཁམས་སུ་སྔགས་ཀྱི་མཐུས་སེམས་ཅན་རྣམས་འཆི་བར་བྱེད་པའི་རིམས་རྣམས་འབྱུང་བར་

བྱེད་པའོ། །འདི་ལྟ་སྟེ་དཔེར་ན་གསང་སྔགས་ཀྱིས་ནི་མེའི་ཚ་བ་མེད་པར་བྱས་ནས་གྲང་བར་བྱེད་པར་འགྱུར་རོ་ཞེས་པ་ནི་སྔགས་ཀྱི་མཐུས་མེ་འབར་བའི་ནང་དུ་ཞུགས་ཀྱང་ཚིག་པ་དང་གདུང་བ་ལ་སོགས་པ་མེད་ཅིང་ཆུའི་ནང་དུ་འགྲོ་བ་དང་འདྲ་སྟེ་གྲང་བར་འགྱུར་རོ། །རིགས་ཀྱི་བུ་དག་

เล่ม ๗๐ · หน้า 11a

དཔེའི་ཚིག་འདི་རྣམས་ཀྱིས་གསང་སྔགས་ཀྱི་མཐུ་ལ་མངོན་པར་དད་པར་བྱའོ་ཞེས་པ་ནི་གོང་དུ་མཐུ་རབ་འབྲིང་རྣམ་པ་གསུམ་བསྟན་པ་ལ་གང་མ་དད་པ་རྣམས་དད་པར་འགྱུར་བ་དང་། །ཐེ་ཚོམ་དང་ཡིད་གཉིས་ཟ་བ་རྣམས་ཀྱི་ཐེ་ཚོམ་བསལ་ནས་གསང་སྔགས་ཀྱི་མཐུ་ལ་མངོན་

པར་དད་པར་བྱའོ་ཞེས་བསྐུལ་བའོ། །གསང་སྔགས་ཀྱི་མཐུ་དེ་ཡང་གསང་སྔགས་རྣམས་ལས་བྱུང་བ་ཡང་མ་ཡིན་ཞེས་པ་ནས། རྟག་ཏུ་རྒྱུན་མི་འཆད་པར་གསང་སྔགས་ཀྱི་ཚུལ་གྱི་རྗེས་སུ་འཇུག་པར་བྱའོ་ཞེས་པའི་བར་གྱིས་སྔགས་ཀྱི་རང་བཞིན་བཤད་དེ། དེ་ཡང་གང་ཞེ་ན།

གསང་སྔགས་ཀྱི་མཐུ་དེ་ཡང་གསང་སྔགས་རྣམས་ལས་བྱུང་བ་ཡང་མ་ཡིན་པ་ནི། གསང་སྔགས་ཀྱི་མཐུ་དེ་གསང་སྔགས་ཀྱི་ཡིག་འབྲུ་ལས་བྱུང་བ་ཡང་མ་ཡིན་ཏེ། གལ་ཏེ་གསང་སྔགས་ཀྱི་ཡིག་འབྲུ་ལ་ཡོད་ན་ནི་གསང་སྔགས་ཀྱི་གླེགས་བམ་ལ་སོགས་པ་རྐུན་པོས་ཀྱང་མི་

ཐོབ། མེས་ཀྱང་ཚིག་པར་མི་འགྱུར་ཏེ་དེ་བས་ན་སྔགས་ཀྱི་ཡིག་འབྲུ་ལས་མཐུ་འབྱུང་བ་ཡང་མ་ཡིན་ནོ། །རྫས་ལ་འཇུག་པ་ཡང་མ་ཡིན་ཞེས་པ་ནི་རལ་གྲི་དང་འཁོར་ལོ་དང་། རིལ་བུ་ལ་སོགས་པའི་རྫས་རྣམས་ལ་སྟེ། རྫས་དེ་རྣམས་ལ་གསང་སྔགས་ཀྱི་མཐུ་ཞུགས་

ནས་གྲུབ་པར་འབྱུང་བ་ཡང་མ་ཡིན་ཞེས་པའོ། །སྦྱོར་བ་པོ་ལས་དམིགས་པ་ཡིན་ཞེས་པ་ནི་སྒྲུབ་པ་ལ་འཇུག་པའི་སྦྱོར་བ་དེ་ཉིད་ལས་གསང་སྔགས་ཀྱི་མཐུ་འབྱུང་བ་ཡང་མ་ཡིན་ཏེ། གལ་ཏེ་སྒྲུབ་པ་ལ་འཇུག་པ་ལས་བྱུང་བ་ཡིན་ན་ནི་གྲུབ་ཟིན་པ་ཡིན་པས་མི་དགོས་སོ་ཞེས་པའོ། །

རིགས་ཀྱི་བུ་དག་འོན་ཀྱང་གསང་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་ཆོས་ཉིད་འབྱུང་བ་ལས་འདའ་བར་ཡང་མི་འགྱུར་ཏེ། དུས་གསུམ་ལས་འདས་པའི་ཕྱིར་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་བསམ་གྱིས་མི་ཁྱབ་པ་ལས་མངོན་པར་གྲུབ་པའི་ཕྱིར་རོ་ཞེས་པ་ན་དེ་བཞིན་གཤེགས་པ་

རྣམས་འཇིག་རྟེན་དུ་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ་གསང་སྔགས་ཀྱི་ཆོས་ཉིད་ནི་ཐམས་ཅད་དུ་གནས་པའོ་ཞེས་བཤད་དེ། རིགས་ཀྱི་བུ་དག་ཀྱང་གསང་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་ཆོས་འབྱུང་བ་ལས་འདའ་བར་ཡང་མི་འགྱུར་ཏེ། དུས་གསུམ་ལས་འདས་པའི་ཕྱིར་ཞེས་པ་ནི་

เล่ม ๗๐ · หน้า 11b

དུས་གསུམ་སྟེ་སྔ་མ་འདས་པའི་དུས་ན་གྲུབ་པའི་རང་བཞིན་ཡིན་ན་ནི་མ་འོངས་པ་དང་ད་ལྟར་གྱི་དུས་ན་གྲུབ་པར་མི་འགྱུར་ལ། གལ་ཏེ་མ་འོངས་པའི་དུས་དང་ད་ལྟར་གྱི་དུས་ན་གྲུབ་པའི་རང་བཞིན་ཡོད་ན་ནི་སྔ་མ་འདས་པའི་དུས་ན་ཡང་གྲུབ་པར་མི་འགྱུར་ཏེ། དེ་བས་ན་སྔགས་གྲུབ་པའི་རང་

བཞིན་ནི་དུས་གསུམ་གང་ལ་ཡང་གནས་པ་མ་ཡིན་པའི་ཕྱིར་དུས་གསུམ་ལས་འདས་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་བསམ་གྱིས་མི་ཁྱབ་པ་ལས་མངོན་པར་གྲུབ་པའི་ཕྱིར་རོ་ཞེས་པ་ནི་དཔེར་ན་མེ་ཏོག་སྣ་ཚོགས་དང་འདྲ་སྟེ། ས་བོན་དང་མྱུ་གུ་དང་ལོ་མའི་ཚེ་ཁ་དོག་སྔོན་པོ་

ལ་སོགས་པ་གཞན་ལ། མེ་ཏོག་དུ་གྱུར་པའི་ཚེ་ཁ་དོག་གཞན་དུ་གྱུར་པ་ལྟ་བུས་རྩྭ་རྩུབ་མོ་དང་སྔོན་པོ་ལ་སོགས་པ་ཟོས་ཀྱང་འོ་མ་འཇམ་ཞིང་དཀར་བའི་རང་བཞིན་དུ་གྱུར་པ་ལྟ་བུ་སྟེ། དེ་ལྟ་བས་ན་སྔགས་ཀྱི་དངོས་གྲུབ་ནི་གང་ལ་ཡང་མི་གནས་མོད་ཀྱི་ཟབ་མོ་བསམ་གྱིས་མི་ཁྱབ་

པའི་ཆོས་ཉིད་དང་རྒྱུ་དང་རྐྱེན་གཅིག་ཏུ་ཚོགས་པ་སྔགས་ཀྱི་ཆོས་ཉིད་ཀྱིས་བྱིན་གྱི་རླབས་ལས་གྲུབ་པ་རབ་འབྲིང་རྣམ་པ་གསུམ་ལ་སོགས་པ་ཐོབ་པར་འགྱུར་རོ། །སྔགས་ཀྱིས་བྱིན་གྱིས་བརླབས་པའི་ཆོས་ཉིད་ལས་འབྱུང་བ་ལས་འདའ་བར་ཡང་མི་འགྱུར་ཏེ་ཞེས་པ་ནི་བྱིན་གྱིས་རློབ་

པ་ཡང་མི་འགྱུར་བར་བཤད་དེ། དེ་ལ་བྱིན་གྱིས་བརླབས་ཞེས་པ་གང་གྲུབ་པ་ཉིད་ལ་ཆོས་ཉིད་ཀྱིས་བྱིན་གྱིས་རློབ་ཅིང་གྲུབ་པ་ཐོབ་པ་དེ་དག་བརྟན་ཞིང་མི་འགྱུར་བའོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆོས་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་དུ་རྟོགས་པར་བྱའོ་ཞེས་གསུངས་པ་

ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་དུས་གསུམ་དུ་ཆགས་པ་མེད་པའི་སྟོབས་ཀྱི་གཞི་བྱིན་གྱིས་རློབ་པ་ཞེས་པ་ནས། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོའི་ཚིག་གིས་མཚན་པ་རྣམ་པར་རིག་པའི་དབྱངས་ཀྱི་སྒྲ་གཅིག་ནས་གཅིག་ཏུ་མངོན་པར་གྲག་གོ་ཞེས་པའི་བར་

གྱིས་བྱང་ཆུབ་ཀྱི་རང་བཞིན་ཡན་ལག་བཞི་དང་ལྡན་པའི་རྟེན་སྟོན་པའི་ཡི་གེ་ཨ་རྣམ་པ་བཞི་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། ཨ་རྣམ་པ་བཞི་སྔར་ཡང་བཤད་ན། ཅིའི་ཕྱིར་འདིར་ཡང་བཟླས་ཏེ་གསུངས་ཤེ་ན། སྔར་བཤད་པ་ནི་དོན་དམ་པའི་ཏིང་ངེ་འཛིན་གྱི་སྒོར་

เล่ม ๗๐ · หน้า 12a

གྱུར་པའི་ཡིག་འབྲུ་རེ་རེ་བ་སྤྱིར་བཤད་པ་སྟེ། འདིར་ཡང་བཟླས་ཏེ་གསུངས་པ་ནི་གསང་སྔགས་སྒྲུབ་པས་དེའི་དོན་བསྒོམ་ཞིང་བཟླས་པར་བྱ་བའི་ཕྱིར་ཁྱད་པར་དུ་གསུངས་པ་ཡིན་ནོ། །དེ་ལ་དུས་གསུམ་དུ་ཆགས་པ་མེད་པའི་སྟོབས་ཀྱི་གཞི་བྱིན་གྱིས་རློབ་པ་དེ་

བཞིན་གཤེགས་པའི་གནས་བསམ་གྱིས་མི་ཁྱབ་པའི་རྒྱན་རྣམ་པར་དག་པའི་སྙིང་པོ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནི་ཨ་རྣམ་པ་བཞི་པོ་དེ་གསུངས་པའི་ཕྱིར་བཅོམ་ལྡན་འདས་ཏིང་ངེ་འཛིན་དུ་ཞུགས་པ་སྟེ། དེ་རྣམས་ཀྱིས་ཀྱང་དོན་དམ་པ་དང་ཀུན་རྫོབ་ཀྱི་

དོན་རྣམ་པ་གཉིས་སྟོན་ཏེ། དེ་ལ་དོན་དམ་པ་སྟོན་པ་ནི་ཡི་གེ་ཨ་དེའི་སྒོ་ནས་དེ་བཞིན་ཉིད་སྟོན་པའོ། །ཀུན་རྫོབ་ཏུ་སྟོན་པ་ནི་ཡི་གེ་ཨ་དེ་ལས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་འབྱུང་བར་བསྟན་པ་སྟེ། གང་གི་ཕྱིར་ཡི་གེ་བརྒྱ་བའི་ལེའུ་ཨ་འདི་རྣམས་ལས་ཀ་ལ་སོགས་པ་

སུམ་ཅུ་རྩ་གཉིས་སྤྲོས་པར་བཤད་དེ་ཡི་གེ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སུ་བལྟའོ་ཞེས་འབྱུང་བའི་ཕྱིར་རོ། །ཏིང་ངེ་འཛིན་འདི་ལས་དོན་རྣམ་པ་གཉིས་སུ་སྟོན་པའོ། །དེ་ལ་དུས་གསུམ་དུ་ཆགས་པ་མེད་པའི་སྟོབས་ཀྱི་གཞི་ཞེས་པ་ནི་དོན་

དམ་པ་ནི་དེ་བཞིན་ཉིད་དེ་ཡི་གེ་ཨ་རྣམས་ཀྱི་རྟེན་དུ་བསྟན་པར་བྱ་བ་སྟེ། དུས་གསུམ་དུ་ཆགས་པ་མེད་པའི་སྟོབས་ཞེས་པ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་མི་འགྱུར་བར་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་པས་ནམ་མཁའ་དང་འདྲ་བ་སྟེ་དུས་གསུམ་དུ་ཐོགས་པ་མེད་པའི་མཐུ་དང་ལྡན་པ་

ཞེས་པའོ། །གཞི་ཞེས་པ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། ཡི་གེ་ཨའི་འབྲུར་བྱིན་གྱིས་རློབ་པ་སྟེ། འཁོར་བའི་མཐའ་ཇི་སྲིད་ཀྱི་བར་དུ་ཡི་གེ་ཨ་རྣམས་སུ་ལྷག་པར་གནས་ཞེས་པའི་དོན་ཏེ་དེ་ནི་དོན་དམ་པ་བསྟན་པའོ། །དེ་བཞིན་གཤེགས་པའི་གནས་བསམ་གྱིས་མི་

ཁྱབ་པའི་རྒྱན་རྣམ་པར་དག་པ་ཞེས་པ་ནི་ཀུན་རྫོབ་ཏུ་ཡི་གེ་ཨ་ལས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམས་བྱུང་བར་བསྟན་པ་སྟེ། དེ་བཞིན་གཤེགས་པའི་གནས་བསམ་གྱིས་མི་ཁྱབ་པ་ཞེས་པ་ནི་དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་སྟེ། དེ་བཞིན་གཤེགས་པའི་

เล่ม ๗๐ · หน้า 12b

སྐུ་ལས་རྫུ་འཕྲུལ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་འབྱུང་བའི་ཕྱིར་རོ། །རྒྱན་ཞེས་པ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམས་ཏེ་མཚན་དེ་རྣམས་ཏེ་དེ་ཨ་བཞི་པོ་འདི་ལས་བྱུང་བས་ན་རྒྱན་ཞེས་པ་ཨ་འདི་རྣམས་ཉིད་ལ་བྱའོ། །རྣམ་པར་དག་པ་ཞེས་པ་ནི་མཚན་སུམ་ཅུ་རྩ་

གཉིས་པོ་དེ་རྣམས་ཡུལ་ན་གནས་པ་དང་གསལ་བ་ནང་ཀུན་དུ་རྫོགས་པས་ན་རྣམ་པར་དག་པ་ཞེས་བྱའོ། །སྙིང་པོ་ཅན་ཞེས་པ་ནི་འབྱུང་བའི་གནས་ཞེས་པའི་དོན་ཏེ། དེ་ལྟ་བུའི་དོན་དམ་པ་དང་ཀུན་རྫོབ་ཀྱི་དོན་སྟོན་ཅིང་འབྱུང་བའི་ཡི་གེ་ཨ་རྣམ་པ་བཞི་པོ་ཏིང་ངེ་འཛིན་འདི་ལས་བྱུང་བས་ན་

ཏིང་ངེ་འཛིན་དེ་དུས་གསུམ་དུ་ཆགས་པ་མེད་པའི་སྟོབས་ཀྱི་གཞི་བྱིན་གྱིས་རློབ་པ་དེ་བཞིན་གཤེགས་པའི་གནས་བསམ་གྱིས་མི་ཁྱབ་པའི་རྒྱན་རྣམ་པར་དག་པའི་སྙིང་པོ་ཅན་ཞེས་བྱའོ། །ཆོས་ཀྱི་དབྱིངས་མ་ལུས་པ་ཇི་སྙེད་ཡོད་པ་རྣམ་པར་རིག་པར་བྱེད་པའི་སྒྲ་རྣམས་ལས་ཆོས་ཀྱི་

དབྱིངས་ཀྱི་གནས་ཀྱི་སྟོབས། མི་མཉམ་པ་དང་མཉམ་པའི་སྟོབས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མོས་པ་ལས་བྱུང་བ་གནས་སྐབས་བཞི་དབྱངས་གཅིག་ལས་བྱུང་བས་ཆོས་ཀྱི་དབྱིངས་ཐམས་ཅད་ཁྱབ་པར་བྱས་ཏེ་ནམ་མཁའ་དང་མཉམ་པར་གྱུར་ནས་བྱུང་བ་ཞེས་

པ་ལ། ཆོས་ཀྱི་དབྱིངས་མ་ལུས་པ་ཇི་སྙེད་ཡོད་པ་རྣམ་པར་རིག་པར་བྱེད་པའི་སྒྲ་ཞེས་པ་ནི་གནས་སྐབས་བཞི་དབྱངས་གཅིག་ལས་བྱུང་བ་ཞེས་པ་དང་འབྲེལ་ཏེ། ཨ་བཞི་པོ་འདི་མ་སྐྱེས་པའི་སྒྲ་འབྱུང་བ་ལས་རྣམ་པར་རིག་པས་ན་བུམ་པ་ལ་སོགས་པའི་ཆོས་རྣམས་ཀྱི་ཚིག་ཐམས་

ཅད་ཀྱང་མ་སྐྱེས་པའི་ཚིག་ཏུ་འདུ་བར་འགྱུར་བའི་ཨ་བཞི་པོ་ཆོས་ཀྱི་དབྱིངས་ཀྱི་གནས་ཀྱི་སྟོབས་ཞེས་བྱ་བ་ལ་སོགས་པས་བྱེ་བྲག་ཏུ་གསུངས་ཏེ། ཨ་དེ་རྣམས་ཆོས་ཀྱི་དབྱིངས་ཀྱི་ཚིག་ཏུ་གྱུར་པས་ན་ཆོས་ཀྱི་དབྱིངས་ཀྱི་གནས་ཞེས་བྱའོ། །སྟོབས་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་

ཚིག་ལས་གཞན་དུ་མི་འགྱུར་བས་མཐུ་དང་ལྡན་པའི་ཕྱིར་རོ། །མི་མཉམ་པ་དང་མཉམ་པའི་སྟོབས་ཞེས་པ་ནི་དེ་དག་མཐུ་ཕུན་སུམ་ཚོགས་པར་བསྟན་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མོས་པ་ལས་བྱུང་བ་ཞེས་པ་ནི་དེ་བཞིན་གཤེགས་པས་རྒྱུའི་ཚེ་ན་ཡང་དག་

เล่ม ๗๐ · หน้า 13a

པར་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་རྣམས་ལ་མོས་པ་ཇི་ལྟ་བ་བཞིན་དུ་མངོན་པར་བྱང་ཆུབ་པའི་ཚེ་ན་ཡོངས་སུ་རྫོགས་གྱུར་པ་དེ་ལས་ཡི་གེ་ཨ་བཞི་པོ་འདི་འབྱུང་བའི་ཕྱིར་རོ། །དབྱངས་གཅིག་ལས་བྱུང་བས་ཞེས་པ་ནི་བུམ་པ་ལ་སོགས་པའི་སོ་སོའི་ཚིག་རྣམས་མ་

སྐྱེས་པའི་སྒྲ་གཅིག་པུ་ལས་བྱུང་བའི་ཕྱིར་རོ། །ཆོས་དབྱིངས་ཐམས་ཅད་ཁྱབ་པར་བྱས་ཏེ་ནམ་མཁའ་དང་མཉམ་པར་གྱུར་ནས་ཞེས་པ་ནི་མ་སྐྱེས་པའི་སྒྲས་ཆོས་ཀྱི་དབྱིངས་ཐམས་ཅད་ནམ་མཁས་ཁྱབ་པ་དང་འདྲ་བར་བྱས་ནས་ཞེས་པའམ། ཆོས་ཀྱི་དབྱིངས་ནམ་མཁའི་མཐའ་དང་

མཉམ་པར་བྱས་ནས་ཞེས་པ་སྟེ། ཆོས་ཀྱི་དབྱིངས་ཞེས་པ་འདི་ཡང་འཇིག་རྟེན་གྱི་ཁམས་རྣམས་སུ་རིག་པར་བྱའོ། །ཡི་གེ་ཨ་ནི་བྱང་ཆུབ་ཀྱི་རང་བཞིན་ཏེ་རྣམ་པ་བཞི་ནི་བྱང་ཆུབ་དེ་ཡན་ལག་བཞི་དང་ལྡན་པ་སྟེ་བྱང་ཆུབ་དང་། སྤྱོད་པ་དང་། ཀུན་དུ་སངས་རྒྱས་པ་དང་།

མྱ་ངན་ལས་འདས་པ་རྣམས་སུ་རེག་པ་བཞིན་དུ་བལྟ་བར་བྱའོ། །དེ་དག་བྱུང་མ་ཐག་ཏུ་དེ་ནས་ཡང་ཆོས་ཀྱི་དབྱིངས་ཐམས་ཅད་ངེས་པར་སྒྲོགས་པའི་སྒོ་དག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོའི་ཚིག་གིས་མཚན་པ་རྣམ་པར་རིག་པའི་དབྱངས་ཀྱི་སྒྲ་གཅིག་ནས་གཅིག་ཏུ་

མངོན་པར་གྲག་གོ་ཞེས་པ་ནི་སྙིང་པོ་དེ་རྣམས་གསུངས་པ་དང་འཇིག་རྟེན་གྱི་ཆོས་རྣམས་ཀྱི་སྒྲ་ལས་དེ་བཞིན་གཤེགས་པའི་ཚིག་གིས་མཚན་པ་མ་བྱུང་མ་སྐྱེས་པའི་སྒྲ་སྒྲོགས་པ་བྱུང་ངོ་། །བྱང་ཆུབ་སེམས་དཔས་དེ་ཐོས་ནས། །ཞེས་པ་ནས། ནང་གི་བདག་ཉིད་རྣམ་དག་པས། །རྟག་ཏུ་

མངོན་པར་བརྩོན་པར་བྱ། །ཞེས་པའི་བར་གྱིས་དེ་ལྟར་མ་སྐྱེས་པའི་སྒྲ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོས་ནས་ངོ་མཚར་དུ་གྱུར་ཏེ་དེའི་རྗེས་སུ་བསྔགས་པ་བཅོམ་ལྡན་འདས་ལ་སླར་གསོལ་པའོ། །དེ་ནས་ཡང་དག་པར་རྫོགས་པའི་

སངས་རྒྱས་ཀྱི་སྙིང་པོ་རྣམས་སྒྲུབ་པ་འབྱུང་སྟེ་ཞེས་པ་ནས་ནམ་མཚན་མ་བྱུང་གི་བར་ཇི་སྲིད་དུ་འདུག་པར་བྱའོ་ཞེས་པའི་བར་གྱིས་སྒྲུབ་པའི་སྔོན་རོལ་དུ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་བ་བཤད་དེ། དེ་ཡང་སྐྱེད་མོས་ཚལ་ལམ་གཙུག་ལག་ཁང་ལ་སོགས་པའི་གནས་མིང་སྨོས་

เล่ม ๗๐ · หน้า 13b

པའམ། དེ་ལས་གཞན་པའི་གནས་བདག་ཉིད་སེམས་གང་དུ་དགའ་བར་འདུག་སྟེ་བསྒོམ་མོ། །དེ་ལ་སྐྱེད་མོས་ཚལ་དང་ཕུག་ནི་ལུས་དབེན་པར་བྱ་བའི་གནས་སོ། །གཙུག་ལག་ཁང་ནི་སེམས་དབེན་ན་ལུས་མི་དབེན་ཀྱང་བླ་སྟེ་སེམས་དབེན་པའི་གནས་སོ། །ཡིད་གང་དུ་དབེན་པ་

དེར་ཞེས་པ་གནས་དེ་དག་ལས་གཞན་པ་ཡང་རུང་སྟེ། སེམས་གང་དུ་དབེན་པ་དེ་གཙོ་བས་དེར་འདུག་སྟེ། མཚན་མ་བྱུང་གི་བར་དེ་སྲིད་དུ་འདུག་པར་བྱའོ་ཞེས་འབྲེལ་ཏོ། །མཚན་མ་ཡང་སྐབས་འདིར་ནི་སྔགས་བཟླས་པ་ལས་ནད་མེད་པ་དང་བྲུ་བ་མི་ཚ་བ་ལ་སོགས་པ་བྱུང་བ་ལ་མི་

བྱའི། བསམ་གཏན་ལ་སེམས་བརྟན་ཞིང་མི་འབྱུང་བར་གྱུར་པ་ལ་བྱའོ། །དེ་ནས་སྙིང་པོ་དེ་དག་ལས་གང་ཡང་རུང་བ་ཅིག་གཟུང་སྟེ་ཞེས་པ་ནས་ནམ་མཁའ་ལྟར་གཟོད་མ་ནས་ཞི་བ་སྟེ། དེ་ལ་སྒྲ་གནས་པར་བསམ་ཞིང་མཉམ་པར་གཞག་པས་བཟླས་བརྗོད་བྱའོ་ཞེས་པའི་བར་གྱིས་གོང་

དུ་སྨོས་པའི་ཚུལ་གྱིས་བྱང་ཆུབ་ཀྱི་སེམས་གོམས་པར་བྱ་སྟེ། མཚན་མ་བྱུང་ནས་རང་གི་ལྷའི་གཟུགས་སུ་སྦྱར་བ་གོམས་པར་བྱ་བ་དང་དེའི་སྙིང་གར་མེ་ལོང་གི་དཀྱིལ་འཁོར་ལ་སངས་རྒྱས་ཀྱི་སྐུ་བསམ་པ་དང་། སངས་རྒྱས་ཀྱི་སྐུའི་སྙིང་གར་ཡང་ཟླ་བའི་དཀྱིལ་འཁོར་དང་བཟླས་པའི་

སྔགས་བསམས་ཏེ། དེའི་རིམ་པ་ཡང་འདིའོ། །ཨ་རྣམ་པ་བཞི་ལས་གང་ཡང་རུང་བ་ཅིག་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་བསམས་ལ། ཨ་དེའི་སྒྲ་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པའོ་ཞེས་པ་ལ་དམིགས་ཤིང་རང་གི་ཕུང་པོ་ལྔ་གཟོད་མ་ནས་མ་བྱུང་མ་སྐྱེས་པའི་སྦྱོར་

བའམ། རྡུལ་ཕྲན་དུ་ཞིག་པ་ལ་སོགས་པའི་སྦྱོར་བས་སྟོང་པ་ཉིད་དུ་གཞིག་སྟེ། ཟླ་བའི་དཀྱིལ་འཁོར་ལ་ཨ་གནས་པ་ཙམ་འབའ་ཞིག་ཡོད་པར་བསམས་ཏེ། དེ་ནས་ཟླ་བའི་དཀྱིལ་འཁོར་དང་ཨ་ཉིད་ཀྱང་གོང་མའི་ཚུལ་གྱིས་དམིགས་སུ་མེད་པར་བཤིག་སྟེ་ཇི་ཙམ་འདོད་ཀྱི་

བར་དུ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱའོ། །དེ་ནས་སྙིང་རྗེའི་དབང་གིས་ཏིང་ངེ་འཛིན་དེ་ལས་ལངས་ཏེ་སྒྱུ་མ་ལྟ་བུར་མོས་པའི་ཚུལ་གྱིས་ཨ་དེ་སྙིང་གའི་ཕྱོགས་སུ་བསམས་ནས་དེ་ལས་འོད་སྤྲོ་ཞིང་བསྡུ་བའི་སྦྱོར་བས་རང་གི་ལྷའི་གཟུགས་སུ་བསྒྱུར་བར་བྱ་སྟེ། དེ་ཡང་ཐེ་

เล่ม ๗๐ · หน้า 14a

ཚོམ་མེད་པར་རང་གི་ལྷའི་གཟུགས་སུ་སྣང་བར་འགྱུར་གྱི་བར་དུའོ། །དེ་ལ་སྤྱིར་ལྷའི་གཟུགས་སུ་བསྒྱུར་བ་ལ་ཡང་རྣམ་པ་གསུམ་སྟེ། གཅིག་ནི་ཕྱག་རྒྱ་དང་སྔགས་སྦྱར་བས་ལྷའི་གཟུགས་དེ་བདག་གོ་སྙམ་པར་མོས་པ་ཙམ་མོ། །གཉིས་པ་ནི་རྟག་ཏུ་གོམས་

པའི་དབང་གིས་རང་གི་ལུས་ལྷའི་གཟུགས་སུ་ཐེ་ཚོམ་མེད་པར་གསལ་བར་སྣང་བའོ། །གསུམ་པ་ནི་སྦྱོར་བའི་མཐུས་རང་གི་ལུས་བརྗེས་ཏེ་ལྷའི་ལུས་སུ་གྱུར་པའོ། །དེ་ལ་སྐབས་འདིར་ནི་རྟག་ཏུ་གོམས་པའི་དབང་གིས་རང་གི་ལུས་ལྷའི་གཟུགས་སུ་གསལ་བར་སྣང་བ་ལ་བྱའོ། །དེ་

ལྟར་རང་གི་ལུས་ལྷའི་གཟུགས་སུ་བསྒྱུར་ནས་དེའི་སྙིང་པོ་ཨ་ཅིག་བསམས་ཏེ། ཨ་དེ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱ་ཟླ་བའི་དཀྱིལ་འཁོར་མེ་ལོང་དང་འདྲ་བར་བསམས་ཏེ་དེ་ཡང་ཤིན་ཏུ་གསལ་བ་དྲི་མ་མེད་པར་བསམ་མོ། །དེའི་དབུས་སུ་ཡི་གེ་ཨ་ལས་བཅོམ་ལྡན་འདས་རྣམ་

པར་སྣང་མཛད་ཀྱི་སྐུར་གྱུར་པར་བསམས་ཏེ། དེ་བས་ན། གཞི་གཉིས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ལོང་གི་དཀྱིལ་འཁོར་དེ་ཉིད་ཀྱི་ནང་ན་པདྨའི་རྒྱལ་པོ་ལ་བཞུགས་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཞེས་པ་ལ་སོགས་པ་གསུངས་པ་ཡིན་ཏེ། ཕུག་

གི་ནང་ན་བཞུགས་པ་ལྟ་བུ་ཞེས་པ་ནི་མེ་ལོང་གི་དཀྱིལ་འཁོར་གྱི་ནང་ན་བཞིན་གྱི་གཟུགས་བརྙན་སྣང་བ་ལྟར་དེ་བཞིན་ཉིད་ཀྱི་ནང་ན་ཉེ་བར་འདུག་པར་བསམས་ཏེ་ཞེས་པའོ། །དེ་ནས་དེ་བཞིན་གཤེགས་པའི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསམས་ཏེ་དེའི་དབུས་སུ་བཟླས་པར་བྱ་

བའི་སྔགས་བསམས་ནས་དེ་ཟློས་ཤིང་སྔོན་དུ་བསྙེན་པ་འབུམ་བྱ་སྟེ། དེ་བས་ན། དེ་ནས་སྔོན་དུ་བསྙེན་པ་ནི། །འབུམ་ཕྲག་གཅིག་ཏུ་བྱ་བར་བཤད། །ཅེས་གསུངས་པ་ཡིན་ནོ། །དེ་ནས་ཟླ་བ་གཉིས་པ་ལ། །མེ་ཏོག་དྲི་ལ་སོགས་པ་དབུལ། །ཞེས་པ་ནི་སྔར་འབུམ་ཕྲག་

གཅིག་གི་གྲངས་སུ་བཟླས་ལ། དེ་ནས་ཟླ་བ་གཉིས་ཀྱི་དང་པོ་སྔ་དྲོ་དང་ཕྱི་དྲོ་ལ་མེལ་ཐུན་རེ་རེ། ཉི་མ་གུང་ལ་མེལ་ཚེ་ཐུན་ཕྱེད་བཟླས་པའི་སྦྱོར་བས་དུས་ཆད་པ་སྟེ། སྔར་ཚིག་འབུམ་གྱི་གྲངས་སུ་ཟློས་པ་དང་། ཟླ་བ་གཉིས་དུས་སུ་ཟློས་པ་ལས་ཟླ་བ་ཕྱི་མ་གཅིག་ལ་ནི་དྲི་དང་

เล่ม ๗๐ · หน้า 14b

མེ་ཏོག་ལ་སོགས་པའི་མཆོད་པ་མི་བྱ་བར་བཟླས་ཏེ་དང་པོ་སེམས་མ་གོམས་པ་ལ་ཕྱིའི་མཆོད་པ་ལ་སོགས་པས་སེམས་ཡོངས་སུ་དོགས་པའི་ཕྱིར་རོ། །ཟླ་བ་ཕྱི་མ་གཉིས་པ་ལ་ནི་གོམས་ཤིང་བརྟན་པར་གྱུར་པས་ཕྱིའི་མཆོད་པ་ལ་སོགས་པས་ཡེངས་བར་མི་འགྱུར་བའི་ཕྱིར་རོ། །

སེམས་ཅན་རྣམས་ལ་རྣམ་མང་པོའི། །ཕན་པ་ཉེ་བར་སྒྲུབ་བྱེད་ཅིང་། །ཞེས་པ་ནི། །ད་ནི་དཔའ་བོ་ཆེན་པོའི་སྙིང་པོ་འབྲུ་རྣམ་པ་ལྔ་རྣམས་སྒྲུབ་པ་དང་ས་རྣམས་བཤད་དེ། དེ་ལ་སྤྱིར་དེ་བཞིན་གཤེགས་པའི་རྒྱུ་དང་འབྲས་བུའི་ཡོན་ཏན་མོས་པས་སྤྱོད་པའི་ས་ནས་བརྩམས་ཏེ་ཀུན་

དུ་སངས་རྒྱས་པར་གྱུར་གྱི་བར་དུ་ཅི་བསགས་པ་རྣམས་སྡུད་པའི་སྒོར་གྱུར་པ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །དེ་ལ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ནི་དེ་བཞིན་ཉིད་སྟོང་པའི་

མཚན་ཉིད་དུ་ཤེས་པ་ཕྲ་མོ་ཡང་སྤངས་པ་འོག་མིན་གྱི་གནས་སུ་མངོན་པར་བྱང་ཆུབ་པའོ། །ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ནི་ཀུན་དུ་སངས་རྒྱས་པའི་མཚན་ཉིད་ཆོས་རྣམས་སྒྱུ་མའི་རང་བཞིན་དུ་ཡང་མེད་པས་ཆོས་རྣམས་སྟོང་པའོ་སྙམ་པའི་འདུ་ཤེས་ཙམ་

གྱི་བག་ཆགས་ཕྲ་མོ་ལྷག་མ་ལུས་པར་འདོད་པའི་ཁམས་སུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་བྱང་ཆུབ་ནས་བདུད་རྣམ་པ་བཞི་བཏུལ་བའོ། །དེ་ལ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་སྙིང་པོ་ནི་ཨ་རྣམ་པ་བཞི་སྟེ། དེ་རྣམས་ཀྱི་སྒྲུབ་པ་ལ་སོགས་པ་ནི་བཤད་

ཟིན་ཏོ། །འདིར་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་སྙིང་པོ་བདུད་བཞི་འཇོམས་པའི་ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱི་སྒྲུབ་པ་དང་ལས་རྣམས་འཆད་དེ། དེ་ཡང་། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་

གཟིགས་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལ་ཡི་གེ་ཨ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་ནས་བདུད་བཞི་བཅོམ་པ་དང་ཏིང་ངེ་འཛིན་དེ་རྣམས་ཉིད་དབང་ཆེན་

เล่ม ๗๐ · หน้า 15a

ལ་སོགས་པའི་དཀྱིལ་འཁོར་བཞིར་བྱིན་གྱིས་བརླབ་པའི་རིམ་པ་ཡང་འདི་ལྟ་སྟེ། ཡི་གེ་ཨ་ནི་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པར་རྟོགས་པའི་ཏིང་ངེ་འཛིན་གྱི་སྒོ་སྟོན་པ་སྟེ། དེའི་སྒོ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་མ་

སྐྱེས་པར་རྟོགས་ཏེ་དམིགས་སུ་མེད་པས་ཕུང་པོའི་བདུད་བཅོམ་པའོ། །ཡི་གེ་བ་ནི་ཆོས་ཐམས་ཅད་ངག་གི་ལམ་དང་བྲལ་བར་སྟོན་པའི་ཏིང་ངེ་འཛིན་གྱི་སྒོ་སྟེ། ངག་གི་ལམ་ནི་རྣམ་པར་རྟོག་པ་མེད་པར་རྟོགས་ཏེ་རྟོག་པ་མེད་པས་ལྷའི་བུའི་བདུད་བཅོམ་པའོ། །དེ་ལྟར་ཕུང་པོ་ལ་

སོགས་པའི་ཆོས་རྣམས་དང་། དེ་ལ་དམིགས་པའི་རྣམ་པར་རྟོག་པ་མེད་ན་དེ་དག་ལ་ཆགས་པར་འགྱུར་བ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམ་པར་དག་པ་ཡི་གེ་རའི་སྒོ་ནས་མཚོན་ཏེ། །ཆོས་ཐམས་ཅད་རྡུལ་དང་བྲལ་བར་རྟོགས་སོ། །རྡུལ་ཞེས་བྱ་བ་ནི་ཉོན་

མོངས་པ་ལ་བྱ་སྟེ་དེས་ཉོན་མོངས་པའི་བདུད་བཅོམ་པའོ། །ཡི་གེ་ཧ་ནི་ཆོས་ཐམས་ཅད་རྒྱུ་དང་བྲལ་བར་རྟོགས་པའི་ཏིང་ངེ་འཛིན་གྱི་སྒོ་སྟེ། ཉོན་མོངས་པ་ལས་ལས་དང་སྐྱེ་བ་འབྱུང་ལ། ཉོན་མོངས་པ་མེད་ན་ལས་དང་སྐྱེ་བ་ཡང་མི་འབྱུང་། སྐྱེ་བ་མ་བྱུང་ན་འཆི་བར་ཡང་མི་

འགྱུར་ཏེ་དེ་ལྟར་རྟོགས་པས་འཆི་བའི་བདུད་བཅོམ་པའོ། །དེ་ལྟར་ཆོས་རྣམས་གཟོད་མ་ནས་མ་སྐྱེས་པ་ལ་སོགས་པའི་ཚུལ་གྱིས་སྟོང་པ་ཉིད་ཀྱི་རང་བཞིན་དུ་རྟོགས་པའི་སྒོ་ནི་ཡི་གེ་ཁ་སྟེ་ཆོས་ཐམས་ཅད་ནམ་མཁའ་དང་འདྲའོ་ཞེས་བསྟན་པའོ། །དེ་ལྟར་ཏིང་ངེ་འཛིན་དེ་རྣམས་ལ་

ཀུན་རྫོབ་ཏུ་ཡང་ཡི་གེ་ཨ་ལ་སོགས་པ་རེ་རེ་ལས་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་དུ་ཡང་སྦྱར་ཏེ། ཡི་གེ་ཨའི་སྒོ་ནས་ཞུགས་པའི་ཏིང་ངེ་འཛིན་གྱིས་ཕུང་པོའི་བདུད་བཅོམ་སྟེ། ཕུང་པོ་ནི་སྲ་ཞིང་ཁུར་ཁྱེར་ནུས་པའོ། །དེ་བཞིན་དུ་དེ་དང་རྗེས་སུ་མཐུན་པར་ཡི་གེ་ཨ་དེ་ལས་སའི་

དཀྱིལ་འཁོར་དུ་གྱུར་ཏེ། ས་ཡང་སྲ་ཞིང་ཁུར་ཁྱེར་བཟོད་པའོ། །ཡི་གེ་བ་ལས་རྣམ་པར་རྟོག་པ་དང་བྲལ་བའི་ཏིང་ངེ་འཛིན་གྱི་སྒོར་གྱུར་ཏེ། དེ་ནི་རྟོག་པ་ལ་སོགས་པའི་དྲི་མ་དག་པར་བྱེད་པའོ། །དེ་བཞིན་དུ་ཡི་གེ་བ་ལས་ཆུའི་དཀྱིལ་འཁོར་དུ་གྱུར་པ་དེ་དང་རྗེས་སུ་མཐུན་པར་

เล่ม ๗๐ · หน้า 15b

དྲི་མ་དག་པར་བྱེད་པའོ། །ཡི་གེ་ར་ལས་ཆོས་ཐམས་ཅད་རྡུལ་དང་བྲལ་བའི་ཏིང་ངེ་འཛིན་དུ་གྱུར་ཏེ། དེ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྲེག་པར་བྱེད་པའོ། །དེ་བཞིན་དུ་དེ་དང་རྗེས་སུ་མཐུན་པར་ཡི་གེ་ར་ལས་མེའི་དཀྱིལ་འཁོར་དུ་གྱུར་ཏེ། མེ་ནི་ཐམས་

ཅད་སྲེག་ཅིང་མེད་པར་བྱེད་པའོ། །དེ་བཞིན་དུ་ཡི་གེ་ཧ་ལས་ཆོས་ཐམས་ཅད་རྒྱུ་དང་བྲལ་བའི་ཏིང་ངེ་འཛིན་གྱི་སྒོར་གྱུར་ཏེ། དེ་ནི་ཉོན་མོངས་པའི་རྒྱུ་ལས་བྱུང་བའི་ལས་ལ་སོགས་པ་འཐོར་བར་བྱེད་པའོ། །དེ་བཞིན་དུ་ཡི་གེ་ཧ་ལས་རླུང་གི་དཀྱིལ་འཁོར་དུ་གྱུར་པ་ཡང་དེ་དང་རྗེས་

སུ་མཐུན་ཏེ། རླུང་ནི་ཐམས་ཅད་འཐོར་བའམ། འཇིག་པར་བྱེད་པའི་རང་བཞིན་ནོ། །ཡི་གེ་ཁ་ལས་ཆོས་ཐམས་ཅད་སྟོང་པ་ནམ་མཁའི་རང་བཞིན་དུ་རྟོགས་པའི་ཏིང་ངེ་འཛིན་གྱི་སྒོར་གྱུར་ཏེ། དེ་བཞིན་དུ་ཡི་གེ་ཁ་ལས་ནམ་མཁའི་དཀྱིལ་འཁོར་དུ་གྱུར་པ་ཡང་ནམ་མཁའི་

རང་བཞིན་དུ་མཐུན་ཏེ་དེ་དག་ནི་སྤྱིའི་དོན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ལས་བྱུང་བ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ལས་བྱུང་བ་ཞེས་པ་སྟེ། ཨ་ལ་སོགས་པའི་སྟོང་པ་ཉིད་དེ་དག་ཉིད་ལ་བྱའོ། །ལས་དང་བྱ་བས་རྣམ་པར་རོལ་པ་ཞེས་བྱ་བ་ནི་གྲུབ་པ་ར་བ་ལ་

སོགས་པ་དང་། ཞི་བ་ལ་སོགས་པའི་ལས་རྣམས་བྱེད་པའོ། །སྤྱོད་པའི་རོལ་མོ་ཞེས་པ་ནི་རོལ་མོ་མཁན་དང་འདྲ་བ་སྟེ། རོལ་མོ་མཁན་ནི་གར་ལ་སོགས་པའི་རོལ་མོ་སྣ་ཚོགས་སྟོན་པ་དེ་བཞིན་དུ་སྙིང་པོ་འདི་རྣམས་ཀྱང་གྲུབ་པ་དང་ལས་སྣ་ཚོགས་སྟོན་པའི་ཕྱིར་རོ། །ཁམས་བཞི་

ཡང་དག་པར་བསྡུ་བས་བསྡུས་པ་ཞེས་པ་ནི་སྙིང་པོ་འདི་རྣམས་ལས་ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་ཀྱི་དཀྱིལ་འཁོར་རྣམས་བྱུང་བའི་ཕྱིར་རོ། །ནམ་མཁའ་ལྟར་ཀུན་དུ་ཁྱབ་པ་ཞེས་པ་ནི་འདི་ལྟར་ནམ་མཁའ་ཐམས་ཅད་དུ་ཁྱབ་པ་དེ་བཞིན་དུ་སྙིང་པོ་དེ་རྣམས་ཀྱིས་ཀྱང་

ཐམས་ཅད་དུ་ཁྱབ་པ་སྟེ། དེ་དག་ནི་སྙིང་པོ་དེ་རྣམས་ཀྱི་རང་བཞིན་བསྟན་པའོ། །མཐོང་བ་དང་མ་མཐོང་བའི་འབྲས་བུ་མང་བ་ཞེས་པ་ནི་མཐུ་བསྟན་པ་སྟེ། མཐོང་བ་ནི་རིག་འཛིན་ལ་སོགས་པར་དངོས་སུ་བསྒྱུར་བའོ། །མ་མཐོང་བ་ནི་སངས་རྒྱས་ལ་སོགས་པའི་འབྲས་བུ་ཉིད་

เล่ม ๗๐ · หน้า 16a

ནས་ཐོབ་པ་སྟེ་དེ་ལྟ་བུའི་འབྲས་བུ་མཆོག་སྦྱིན་པར་བྱེད་པ་ཞེས་པའོ། །ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མངོན་སུམ་པ་ཞེས་པ་ནི་དེ་དག་གི་སྤྱོད་ཡུལ་དུ་གྱུར་པ་ཞེས་པ་སྟེ། ཉན་ཐོས་རྣམས་ཀྱང་ཟད་པར་ས་དང་ཟད་པར་ཆུ་ལ་

སོགས་པའི་ཏིང་ངེ་འཛིན་མངོན་དུ་བྱེད་དེ། དེ་ཡང་དཀྱིལ་འཁོར་འདི་དག་གི་རང་བཞིན་ཡིན་པའི་ཕྱིར་ལ། བྱང་ཆུབ་སེམས་དཔའ་ཡང་ས་གཞི་ཐམས་ཅད་རིན་པོ་ཆེ་ལ་སོགས་པས་བཀང་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་ལ་སོགས་པ་ཡང་དཀྱིལ་འཁོར་འདི་

དག་རང་བཞིན་ཡིན་པའི་ཕྱིར་རོ། །གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་པ་ནི་བསྟན་པ་འདི་ལ་ཞུགས་པ་རྣམས་གྲུབ་པ་ལ་སོགས་པ་འཐོབ་པའི་སྒོ་ནས་རེ་བ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །

ལས་སྣ་ཚོགས་དང་ལྡན་པ་ནི་གདོན་དང་དུག་ལ་སོགས་པ་སེལ་བའི་ལས་སྣ་ཚོགས་དང་ལྡན་པའོ། །སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་ཞེས་པ་ནི་བསྟན་པ་འདིར་ཞུགས་པ་དང་མ་ཞུགས་པ་གཉིས་ཀའི་སེམས་ཅན་ལ་ཕན་འདོགས་པའོ། །ལག་ན་རྡོ་རྗེ་དེ་ལ་སྤྱོད་པའི་རོལ་

མོ་ལས་དང་བྱ་བས་མངོན་པར་གྲུབ་པའི་འབྲས་བུ་ཕལ་ཆེ་བ་ལུས་ཅན་ཀུན་གྱི་མངོན་སུམ་པ་གང་ཞེ་ན་ཞེས་པ་ནི་གོང་དུ་སྨོས་པ་དེ་དག་ཉིད་དངོས་སུ་བསྟན་པའི་ཕྱིར་གང་ཞེ་ན་ཞེས་གསུངས་པའོ། །ཆོ་ག་ཤེས་པས་ཐོག་མར་ནི། །བདག་གི་དེ་ཉིད་རིམ་བཞིན་བྱ། །ཞེས་པ་ནས། འདི་བདག་

ཉིད་ནི་རྒྱལ་མཆོག་ཏུ། །བསྒྱུར་ན་སྨོས་ཀྱང་ཅི་ཞིག་དགོས། །ཞེས་པའི་བར་གྱིས་སྔགས་པས་བདག་གི་དེ་ཁོ་ན་ཉིད་ལ་སྦྱར་བ་དང་། དེའི་རྗེས་སུ་སྔགས་པ་འཆད་དེ། སྔགས་པས་བདག་གི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་སྔོན་དུ་བྱས་ནས་དེ་ནས་སྔགས་ཀྱི་ཡི་གེ་རྣམས་ལུས་ལ་སོ་

སོའི་གནས་སུ་བཀོད་དེ་དབང་ཆེན་གྱི་དཀྱིལ་འཁོར་ལ་སོགས་པར་བསྒྱུར་ནས་དེ་དག་གི་སྒྲུབ་པ་དང་ལས་ལ་སོགས་པ་ལ་འཇུག་གོ། །རིམ་པ་དེ་ལྟ་བུར་འཇུག་པ་ཡང་སྔོན་སངས་རྒྱས་བཅོམ་ལྡན་འདས་ཆོས་རྣམས་གདོད་མ་ནས་མ་སྐྱེས་པ་སྟོང་པའི་རང་བཞིན་དུ་མངོན་པར་བྱང་ཆུབ་

เล่ม ๗๐ · หน้า 16b

ནས་དེའི་འོག་ཏུ་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྐུ་མི་ཟད་པ་ལ་སོགས་པའི་རྒྱན་རྣམས་ཀུན་རྫོབ་ཀྱི་ཚུལ་དུ་འཇིག་རྟེན་ཐམས་ཅད་དུ་ཁྱབ་པར་སྟོན་ཏེ། དེ་བས་ན་སྔགས་པས་ཀྱང་ཐོག་མར་བདག་གི་དེ་ཁོ་ན་ཉིད་སྟོང་པར་དམིགས་པ་བྱས་ནས་ཕྱིས་ཡི་གེ་དགོད་པ་དང་བཟླས་པ་ལ་སོགས་

པ་བྱའོ། །དེ་ལ། ཆོ་ག་ཤེས་པས་ཐོག་མར་ནི། །བདག་གི་དེ་ཉིད་རིམ་བཞིན་བྱ། །ཞེས་པ་ནས། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །བདག་གི་དེ་ཉིད་ཡིན་པར་གསུངས། །ཞེས་པའི་བར་ནི་བདག་གི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཏེ། བདག་གི་དེ་ཁོ་ན་ཉིད་ཅེས་པ་ནི་

སྔགས་མཁན་རང་གི་ལུས་ཀྱང་ཡི་གེ་ཨའི་སྒོ་ནས་གདོད་མ་ནས་མ་བྱུང་མ་སྐྱེས་པར་སྟོང་པར་བཤིག་སྟེ། དེ་ནས་ཨ་ལས་དབང་ཆེན་གྱི་དཀྱིལ་འཁོར་ཁ་དོག་ཤིན་དུ་སེར་ཞིང་ལྕི་བ་བསམས་ཏེ། དེའི་སྟེང་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་དེ་ལྟ་བུར་བདག་ཉིད་ཀྱི་

ལུས་ལ་བསམས་ཏེ། དེ་བས་ན། ཆོ་ག་ཤེས་པས་ཐོག་མར་ནི། །བདག་གི་དེ་ཉིད་ཇི་བཞིན་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བདག་གི་དེ་ཉིད་རིམ་བཞིན་བྱ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བསྒོམ་པ་བྱས་ཤིང་ལྷའི་གཟུགས་སུ་སྒྲུབ་པ་ལ་སོགས་པ་རིམ་པ་

བཞིན་དུ་བྱའོ་ཞེས་པའོ། །སྔགས་པ་སྔ་མ་བཞིན་འདུག་ལ། །ཞེས་པ་ནི་གོང་དུ་དེ་བཞིན་གཤེགས་པའི་སྙིང་པོ་བཤད་པའི་རིམ་པ་བཞིན་དུ་འདུག་ནས་ཞེས་པའོ། །དེ་བཞིན་གཤེགས་པ་དྲན་བྱས་ཏེ། །ཞེས་པ་ནི་བཟླས་པ་ལ་སོགས་པའི་ལས་རྣམས་བྱ་བ་ན་དེ་བཞིན་གཤེགས་

པ་མདུན་དུ་བསམས་ནས་བྱ་སྟེ། སྔགས་དང་པོ་ལ་སོགས་པ་དམིགས་པའི་ཡུལ་ཡིན་པའི་ཕྱིར་རོ། །གཉིས་སུ་ན་དེ་བཞིན་གཤེགས་པའི་དུམ་བུ་བསམས་ན་བགེགས་མེད་པའི་ཕྱིར་རོ། །བདག་ཉིད་ཨ་ཞེས་བྱ་བ་ནི། །ཀླད་ཀོར་དང་བཅས་རྒྱས་བྱས་ལ། །ཞེས་པ་ནི་བདག་ཉིད་

ཡི་གེ་ཨ་ལས་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསམས་ཏེ། ཀླད་ཀོར་གྱིས་ནི་འཛིན་པར་བྱེད་པའི་ཡེ་ཤེས་ཀྱང་སྟོང་པ་ཉིད་དུ་སྟོན་པ་སྟེ་གཟུང་བ་དང་འཛིན་པ་མེད་པར་སྟོང་པའི་རང་བཞིན་དུ་བསྒྱུར་བར་བྱའོ་ཞེས་པའོ། །ཐམས་ཅད་སེར་ཞིང་ཤིན་ཏུ་བཟང་། །གྲུ་བཞི་རྡོ་རྗེས་མཚན་བྱས་ཏེ། །

เล่ม ๗๐ · หน้า 17a

ཞེས་པ་ནི་སྟོང་པའི་རང་བཞིན་དུ་གྱུར་པ་དེ་ལས་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་ཤིན་ཏུ་སེར་བ་རྡོ་རྗེའི་མཚན་མས་མཚན་པ་བསམ་མོ་ཞེས་པའོ། །སྔགས་པས་དེར་གནས་རྫོགས་པ་ཡི། །སངས་རྒྱས་ཀུན་གྱི་གཙོ་བོ་བསམ། །ཞེས་པ་ནི་དཀྱིལ་འཁོར་དེའི་

སྟེང་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུར་བསམས་ཏེ། དེ་ཡང་བདག་གི་ལུས་ཉིད་དེ་ལྟར་བསམ་པར་ཤེས་པར་བྱའོ། །ནམ་ཞིག་སྔགས་པ་བདག་གིས་ནི། །དེ་ཉིད་དོགས་པ་མེད་གྱུར་པ། །ཞེས་པ་ནི་བདག་གིས་དེ་ཁོ་ན་ཉིད་སྟོང་པར་དམིགས་པ་དང་ལྷའི་གཟུགས་སུ་

གསལ་བར་སྣང་བ་ཐེ་ཚོམ་མེད་པར་གྱུར་ན་ཞེས་པ་སྟེ། སྟོང་པ་ཉིད་དུ་ཐེ་ཚོམ་མེད་པར་གྱུར་པ་ཡང་ཏིང་ངེ་འཛིན་དག་པ་དང་། རྣམ་པ་དང་བྲལ་བ་དང་རྣམ་པར་རྟོག་པ་ཐམས་ཅད་སྤོང་བ་ཡང་དག་པ་ཉིད་དུ་ཐེ་ཚོམ་མེད་པའོ། །ལྷའི་གཟུགས་སུ་གསལ་བར་སྣང་བ་ཐེ་ཚོམ་པ་མེད་པ་ཡང་

ཏིང་ངེ་འཛིན་དག་པ་དང་ལྷའི་གཟུགས་སུ་ཀུན་དུ་གསལ་བ་དང་རྣམ་པར་རྟོག་པ་སྤོང་བ་ན་ཡང་དག་པར་ཐེ་ཚོམ་མེད་པའོ། །ནམ་ཞིག་སྔགས་པ་རབ་ཏུ་མོས་པའི་སེམས་ཀྱིས་ཐེ་ཚོམ་མེད་པའོ། །ནམ་ཞིག་སྔགས་པ་རབ་ཏུ་མོས་པའི་སེམས་ཀྱིས་ཐེ་ཚོམ་མེད་པར་གྱུར་ན་འོག་ནས་འབྱུང་བའི་

རྗེས་སུ་བསྔགས་པ་རྣམས་ཐོབ་སྟེ། དེའི་ཚེ་འཇིག་རྟེན་ཐམས་ཅད་ལ་ཕན་པ་བྱེད་པ་ཉིད་དུ་འགྱུར་ཞེས་པ་ནི་གྲུབ་པ་ལ་སོགས་པ་ཐོབ་པའི་སྒོ་ནས་སེམས་ཅན་རྣམས་ལ་ཕན་གདགས་ནུས་ཏེ། དེ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །ངོ་མཚར་སྣ་ཚོགས་དག་དང་ལྡན། །མིག་འཕྲུལ་

ཅན་གྱི་གནས་ལ་འདུག །ཅེས་པ་ནི་རིག་འཛིན་ལ་སོགས་པའི་གྲུབ་པ་ཐོབ་ནས་མིག་འཕྲུལ་མཁན་དང་འདྲ་བར་རྫུ་འཕྲུལ་ངོ་མཚར་སྣ་ཚོགས་པ་རྣམས་བྱེད་ནུས་པར་འགྱུར་ཞེས་པ་སྟེ་མཐུ་ཕུན་སུམ་ཚོགས་པའོ། །སྔགས་པ་ནམ་ཞིག་མཉམ་གཞག་ན། །སྲིད་པ་རབ་ཏུ་དོག་པ་ན། །ཐོག་

མེད་དུས་ནས་མི་ཤེས་པས། །བསགས་པའི་ལས་དེ་ཀུན་ཟད་གྱུར། །ཞེས་པ་ནི་རྣལ་འབྱོར་དེ་ལྟ་བུ་ལ་མཉམ་པར་གཞག་ན་ཐོག་མ་མེད་པའི་དུས་ནས་མ་རིག་པའི་དབང་གིས་འཁོར་བ་དོག་པ་རྣམས་སུ་མི་དགེ་བ་དང་ཉོན་མོངས་པའི་ལས་བསགས་པ་དེ་དག་ཐམས་ཅད་བྱང་བར་འགྱུར་རོ་ཞེས་

เล่ม ๗๐ · หน้า 17b

པ་སྟེ། དེ་ནི་སྤོང་བ་ཕུན་སུམ་ཚོགས་པའོ། །བླ་ན་མེད་པའི་བྱང་ཆུབ་སེམས། །སེམས་དེ་ནམ་ཞིག་སྒོམ་བྱེད་པ། །དེ་ཚེའང་སྔགས་པ་རྣལ་འབྱོར་པ། །ཆུ་ཡིས་པདྨ་ལྟ་བུར་ནི། །དགེ་དང་མི་དགེའི་འབྲས་འབྱུང་བའི། །ལས་ཀྱིས་རྟག་པར་མི་གོས་ན། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེ་

སྟོང་པའི་མཚན་ཉིད་ཡིན་པས་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུས་མི་གོས་ཏེ་དགེ་བ་ལ་སོགས་པའི་འབྲས་བུས་དངོས་པོ་རྣམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་ལ་མི་དགེ་བའི་འབྲས་བུས་མི་གོས་པ་ནི་རིགས་ན་དགེ་བའི་འབྲས་བུས་མི་གོས་ན་ཚུལ་ཁྲིམས་བསྲུངས་པ་ལ་སོགས་

པའི་འབྲས་བུ་ཡང་མེད་དམ་ཞེ་ན། བྱང་ཆུབ་ཀྱི་སེམས་ནི་སྟོང་པའི་རང་བཞིན་ཡིན་པས་དགེ་བ་དག་དམིགས་སུ་མེད་པར་འགྱུར་མོད་ཀྱི། དེ་ལས་ལངས་ནས་ཕྱིས་རྣལ་འབྱོར་པ་བདག་ཉིད་འཚང་རྒྱ་བའི་རྒྱུར་གྱུར་པའི་ལུས་དང་ལོངས་སྤྱོད་ལ་སོགས་པ་དང་ལྡན་པར་ཤོག་ཤིག་ཅེས་སྨོན་ལམ་

བཏབ་པས་དགེ་བའི་ལས་ཀྱི་འབྲས་བུའི་བག་ཆགས་སླར་བརྟ་བར་འགྱུར་རོ། །འདི་བདག་ཉིད་ནི་རྒྱལ་མཆོག་ཏུ། །བསྒྱུར་ན་སྨོས་ཀྱང་ཅི་ཞིག་དགོས། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་འབའ་ཞིག་བསྒོམས་པས་ཀྱང་དེ་ལྟར་འགྱུར་ན་བྱང་ཆུབ་ཀྱི་སེམས་བསྒོམས་པའི་རྣལ་འབྱོར་པ་དེ་བདག་ཉིད་སངས་

རྒྱས་ཀྱི་སྐུར་བསྒྱུར་བ་ན་མི་དགེ་བ་ལ་སོགས་པའི་ལས་ཀྱིས་མི་གོས་པར་འགྱུར་བ་ལྟ་ཅི་སྨོས་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བདུད་བཞི་ལས་རྒྱལ་བ་རྡོ་རྗེ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་པ་ནི་བཅོམ་ལྡན་འདས་ཏིང་ངེ་

འཛིན་དེ་ལ་ཞུགས་ནས་བདུད་བཞི་ལས་རྒྱལ་བར་བྱེད་པ་དང་། རྡོ་རྗེ་རྣམ་པར་རོལ་པའི་སྔགས་རྣམས་འབྱུང་བས་ན་ཏིང་ངེ་འཛིན་དེ་ལ་བདུད་བཞི་ལས་རྒྱལ་བ་རྡོ་རྗེ་རྣམ་པར་རོལ་པ་ཞེས་བྱའོ། །དེ་ལ་བདུད་བཞི་ལས་རྒྱལ་བ་ཞེས་བྱ་བ་ནི་སྤོང་བ་ཕུན་སུམ་ཚོགས་པའོ། །རྡོ་རྗེ་རྣམ་པར་རོལ་པ་

ཞེས་པ་ནི་རྡོ་རྗེ་དང་འདྲ་བར་ཅིས་ཀྱང་མི་ཚུགས་པར་རྣམ་པར་སྤྲུལ་པ་སྟེ་མཐུ་ཕུན་སུམ་ཚོགས་པའོ། །དེ་བས་ན་རྡོ་རྗེ་ཡི་གེའི་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཡི་གེའི་ཚིག་འདི་རྣམས་གསུངས་སོ་ཞེས་སྦྲེལ་ཏེ། བདུད་བཞི་ལས་རྒྱལ་བར་བྱེད་པ་ཞེས་པ་ནི་སྔར་བཞིན་ནོ། །

เล่ม ๗๐ · หน้า 18a

རྒྱུད་དྲུག་ལས་རྣམ་པར་གྲོལ་བར་བྱེད་པ་ཞེས་པ་ཡི་གེ་རྣམས་ཀྱི་སྒོ་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་ཞུགས་ན་རྒྱུད་དྲུག་ལ་སོགས་པ་ཐམས་ཅད་དམིགས་སུ་མེད་པར་རྟོགས་པས་རྒྱུད་དྲུག་ལས་རྣམ་པར་གྲོལ་བར་བྱེད་པའོ། །གཉིས་སུ་ན་ཡི་གེ་དེ་རྣམས་ཀྱི་སྒོ་ནས་དབང་

ཆེན་ལ་སོགས་པའི་དཀྱིལ་འཁོར་དུ་སྦྱར་ཞིང་རིག་འཛིན་ལ་སོགས་པའི་གྲུབ་པ་ཐོབ་ནས་རིམ་གྱིས་ས་གོང་མ་ལ་འཕར་བས་ན་རྒྱུད་དྲུག་ལས་རྣམ་པར་གྲོལ་བར་བྱེད་པའོ་ཞེས་པ་ནི་སྔགས་དེ་རྣམས་ཀྱིས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་

བྱེད་པ་ཞེས་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ། གོང་མའི་རིམ་གྱིས་ཞུགས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །སྔགས་ཀྱི་ཡིག་འབྲུ་རྣམས་ལས་བདུད་བཞི་འཇོམས་པའི་ཏིང་ངེ་འཛིན་དང་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་དུ་བསྒྱུར་བའི་

རིམ་པ་ནི་གོང་དུ་བཤད་ཟིན་ཏོ། །དེ་ནས་ཡང་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་འཛིན་དེ་དག་དང་ཞེས་པ་ནས། དེས་ནི་གསང་སྔགས་སྤྱོད་པ་ཡི། །ཐེག་ཆེན་བླ་ན་མེད་པ་ལས། །སེམས་ཅན་རྣམས་ནི་དགའ་བཞིན་དུ། །མཐོང་བའི་ཆོས་ལ་གནས་པར་འགྱུར། །ཞེས་པའི་བར་གྱིས་

བཅོམ་ལྡན་འདས་ཀྱིས་སྔགས་གསུངས་པ་ན་ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་སྔགས་དེ་རྣམས་ཀྱི་མཐུ་དང་ཡོན་ཏན་རྣམས་ཁོང་དུ་ཆུད་ནས་ངོ་མཚར་གྱུར་ཏེ་སྔགས་དེ་རྣམས་ཀྱི་རྗེས་སུ་བསྔགས་པ་རྟོགས་ནས་གནས་སོ་སོར་དགོད་པ་དང་ཆོ་ག་རྣམས་བཤད་པར་གསོལ་

པ་སྟེ། བྱང་ཆུབ་སེམས་དཔའ་སྐྱོབ་རྣམས་དང་། །སངས་རྒྱས་ཀུན་གྱི་ནོར་གྱི་དབྱིག །ཅེས་པ་ནི་སྙིང་པོ་འདི་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནོར་གྱི་དབྱིག་གོ་ཞེས་པའོ། །འདིས་ནི་གང་དག་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་སྐྱོབ་རྣམས་དང་། །རང་སངས་

རྒྱས་དང་ཉན་ཐོས་པ། །མཁས་པ་དེ་དག་འཇིག་རྟེན་འདིར། །སངས་རྒྱས་ཡེ་ཤེས་བླ་མེད་པ། །དཔེ་མེད་ཡེ་ཤེས་ཐོབ་ནས་སུ། །རྫུ་འཕྲུལ་སྣ་ཚོགས་རྣམ་འཕྲུལ་བས། །ས་སྟེང་ཀུན་དུ་རྣམ་པར་སྤྱོད། །ཅེས་པ་ནི་སྙིང་པོ་འདི་རྣམས་ཀྱི་མཐུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་

เล่ม ๗๐ · หน้า 18b

ཀྱང་རྫུ་འཕྲུལ་སྣ་ཚོགས་སྤྱོད། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ཏིང་ངེ་འཛིན་གྱིས་ནམ་མཁའ་སྟོང་པ་ལ་གནས་པར་བསམས་ཏེ་དེ་ལ་སྤྱོད་ལམ་བཞིས་གནས་པ་དང་། སྨད་ནས་ཆུ་འབྱུང་ཞིང་སྟོད་ནས་མེ་འབར་བ་དང་། རླུང་གི་དཀྱིལ་འཁོར་བསམས་ནས་རི་ལ་སོགས་པ་

ཡང་འཇིག་པར་བྱེད་པ་ལ་སོགས་པའི་རྫུ་འཕྲུལ་སྣ་ཚོགས་སྤྱོད་དོ་ཞེས་པའོ། །སངས་རྒྱས་ཡེ་ཤེས་བླ་མེད་པ། །དཔེ་མེད་ཡེ་ཤེས་ཐོབ་ནས་སུ། །ཞེས་པ་ནི་དེ་ལྟར་རྫུ་འཕྲུལ་སྣ་ཚོགས་པ་སྤྱོད་ནས་ཀྱང་སྙིང་པོ་འདི་རྣམས་ཀྱི་མཐུས་རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་

རོ་ཞེས་པའོ། །དེ་བས་འདི་དག་སོ་སོ་ཡི། །ཆོ་ག་རྒྱས་པ་དག་དང་ལས། །སྣ་ཚོགས་དགོད་པ་ཐམས་ཅད་ཀྱང་། །བསྟན་པ་འདི་ལ་བཤད་དུ་གསོལ། །ཞེས་པ་ནི་སྔགས་དེ་རྣམས་ལས་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་དུ་བསྒྱུར་བའི་ཆོ་ག་དང་སོ་སོར་དགོད་པ་དང་ལས་ཀྱི་སྤྱོད་

པ་རྣམས་བསྟན་པ་འདིར་བཤད་དུ་གསོལ་ཞེས་པའོ། །དེས་ནི་གསང་སྔགས་སྤྱོད་པ་ཡི། །ཐེག་ཆེན་བླ་ན་མེད་པ་ལ། །སེམས་ཅན་རྣམས་ནི་དགའ་བཞིན་དུ། །མཐོང་བའི་ཆོས་ལ་གནས་པར་འགྱུར། །ཞེས་པ་ནི་དེ་དག་བཤད་པ་ཡང་སེམས་ཅན་རྣམས་མཐོང་བའི་ཆོས་ལ་མངོན་

པར་མཐོ་བའི་བདེ་བ་ཐོབ་པར་བྱ་བའི་ཕྱིར་དེ་རྣམས་བཤད་དུ་གསོལ་བ་སྟེ་བཤད་པའི་དགོས་པ་བསྟན་པའོ། །ད་ནི་གོང་དུ་སྔགས་བཤད་པ་དེ་རྣམས་ཀྱི་སོ་སོའི་ལས་རྣམས་བཤད་དེ། ལས་དེ་རྣམས་ཀྱང་སྔགས་པ་བདག་ཉིད་ཡི་གེ་ཨ་ལས་སྔར་བཤད་པ་བཞིན་དུ་སྟོང་པ་ཉིད་དུ་བསམས་

ཏེ་དེ་ནས་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དབང་ཆེན་ལ་བཞུགས་པར་བསམ་ཞིང་ལུས་ཀྱི་ནང་དུ་ཡང་དབང་ཆེན་གྱི་དཀྱིལ་འཁོར་བསམས་ལ་དེར་ཡི་གེ་རྣམས་རིམ་པ་བཞིན་དུ་བསམས་ཏེ། དེ་བས་ན། དེའི་ཚེ་ས་གཞི་རྡོ་རྗེ་ཆེན་པོར་བྱིན་གྱིས་བརླབས་ཏེ་ཉིད་

ཀྱི་སྐུ་ལས་བྱང་ཆུབ་ཀྱི་སྙིང་པོ་ཅན་ཉེ་བར་བསྟན་པར་བཤད་ནས་གསུངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ་ས་གཞི་རྡོ་རྗེ་ཆེན་པོར་བྱིན་གྱིས་བརླབས་ཏེ་ཞེས་པ་ནི་སྐུ་དབང་ཆེན་གྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ་ཞེས་པའོ། །ཉིད་ཀྱི་སྐུ་ལས་བྱང་ཆུབ་ཀྱི་སྙིང་པོ་ཅན་ཉེ་བར་

เล่ม ๗๐ · หน้า 19a

བསྟན་པ་ཞེས་པ་ནི་དེ་ལྟར་དབང་ཆེན་གྱི་དཀྱིལ་འཁོར་དུ་བསྒྱུར་བ་ལ་ཨ་ལ་སོགས་པའི་ཡི་གེ་རྣམས་དགོད་པར་བསྟན་པ་སྟེ་ཡི་གེ་དེ་རྣམས་ཉིད་མངོན་པར་བྱང་ཆུབ་པའི་ཏིང་ངེ་འཛིན་གྱི་སྒོ་ཡིན་པས་བྱང་ཆུབ་ཀྱི་སྙིང་པོ་ཅན་ཞེས་བྱ་སྟེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་དབང་ཆེན་གྱི་

དཀྱིལ་འཁོར་དུ་སྔར་བྱིན་གྱིས་བརླབས་ནས་ཕྱིས་ཡི་གེ་རྣམས་དགོད་པར་བསྟན་པ་ཡང་མ་འོངས་པའི་འགྲོ་བ་རྣམས་ཀྱིས་ཀྱང་ཚུལ་འདི་ལྟར་བྱའོ་ཞེས་བསྟན་པའོ། །ཨ་ནི་མཆོག་ཏུ་ཤེས་བྱ་བ། །དབང་ཆེན་དཀྱིལ་འཁོར་བསྟན་པ་སྟེ། །ཕྱི་རོལ་དང་ནི་ནང་དུ་ཡང་། །རྡོ་རྗེའི་དཀྱིལ་འཁོར་ཤེས་

པར་བྱ། །ཞེས་པ་ནི་གོང་དུ་བཤད་པའི་རིམ་པས་བདག་གི་ལུས་སངས་རྒྱས་ཀྱི་སྐུ་དབང་ཆེན་གྱི་དཀྱིལ་འཁོར་དང་བཅས་པར་བསམ་མོ་ཞེས་པའོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་ཏེ། རྡོ་རྗེའི་མཚན་མས་མཚན་པའོ། །དེར་འདུག་ནས་ནི་ཐམས་ཅད་བསམ། །

ཞེས་པ་ནི་དེ་ལས་ཡི་གེ་ཨ་ལ་སོགས་པ་རྣམས་རིམ་པ་བཞིན་དུ་བསམ་མོ་ཞེས་པའོ། །རྣལ་འབྱོར་གནས་ཞེས་བཤད་པ་ཡིན། །ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པའི་སྐུ་དེ་རྣལ་འབྱོར་གྱི་གནས་ཡིན་པས་རྣལ་འབྱོར་གནས་ཞེས་པའོ། །ཨ་ནི་སྲོག་གི་དམ་པ་སྟེ། །འགུགས་

པར་བྱེད་པའི་མཆོག་ཏུ་བཤད། །ཅེས་པ་ནི་སྔགས་པ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་ནས་ཡི་གེ་ཨ་དེ་ཁ་དོག་གསེར་བཙོ་མ་ལྟ་བུ་ནང་གི་དཀྱིལ་འཁོར་དབུགས་ཀྱི་རླུང་གིས་གྱེན་དུ་ཕུལ་བར་བསམས་ལ། བདག་གི་སྣའི་བུ་ག་ནས་བྱུང་སྟེ་ཕ་རོལ་པོ་ནད་པའི་སྣའི་བུ་གར་ཞུགས་ནས་ཁོང་ཐམས་

ཅད་དུ་ཁྱབ་པ་ནི་ཆུའི་ནང་དུ་རས་བཏིང་བའམ། །གཡག་རྔ་བཀྲམ་པ་དང་འདྲ་བར་བསམས་ཏེ་སླར་ཡིད་ཀྱིས་ཨ་དེ་དབུགས་དང་བཅས་པར་དྲང་བར་བསམས་ཏེ་རས་སམ་གཡག་རྔ་ཆུ་ནང་དུ་བཀྲམ་པའི་དཔུང་ནས་བཟུང་ནས་དྲངས་ན་ཞུམ་པར་འགྱུར་པ་དེ་ལྟར་བསམས་ནས་དེས་ནད་ཐམས་ཅད་ཨའི་

རང་བཞིན་ལ་བསྡུས་ཏེ་སླར་ཡང་ནད་པའི་སྣ་ནས་འབྱུང་སྟེ། བདག་གི་ཁོང་དུ་ཞུགས་པར་བསམ་མོ། །དེ་བཞིན་དུ་ལན་མང་དུ་གོམས་པར་བྱས་ན་ཐམས་ཅད་འགུགས་པར་འགྱུར་རོ། །དེ་བཞིན་དུ་སེམས་དྲངས་ན་ཡང་ཨ་དེ་སྔ་མ་བཞིན་དུ་རླུང་དང་བཅས་པ་བདག་གི་ལུས་ལས་ཕ་རོལ་གྱི་ལུས་

เล่ม ๗๐ · หน้า 19b

ལ་འཇུག་པར་བསམས་ཏེ། ཁྱད་པར་དུ་བདག་གི་དབུགས་དང་ཕ་རོལ་གྱི་དབུགས་གཉིས་འདྲེས་ཏེ་གཅིག་ཏུ་གྱུར་པར་བསམས་ནས་ཨ་སྔ་མ་བཞིན་དུ་སླར་དྲངས་ན་དབང་དུ་འགྱུར་རོ། །དེ་བཞིན་དུ་ཨ་དེས་བསྡུ་བར་བྱ་བའི་མིག་ལ་སོགས་པའི་དབང་པོའི་རྒྱུད་ལ་ཁྱབ་པར་བསམས་ཏེ་སླར་

དྲངས་ན་རྐང་པས་འོང་བར་འགྱུར་རོ། །ཡང་སྔ་མ་བཞིན་དུ་བསམས་ཏེ་ཨ་དེས་བསྒྲུབ་པར་བྱ་བའི་ལུས་ཀྱི་ནད་ཐམས་ཅད་དུ་ཁྱབ་པར་བསམས་ཏེ་སླར་དྲངས་ན་གོང་བུ་འགུགས་པར་འགྱུར་རོ། །ནམ་ཞིག་ཀླད་ཀོར་གྱིས་སེལ་བར་འགྱུར། །ཞེས་པ་བསྡུ་བའོ། །སྔགས་པ་ནམ་ཞིག་ཟླ་

གཅིག་ཏུ། །ཞེས་པ་ནས། ལྷ་དང་ལྷ་མིན་རྣམས་ཀྱིས་ཀྱང་། །མི་བྱེད་ཤིན་ཏུ་བརྟག་པར་འགྱུར། །ཞེས་པའི་བར་གྱིས་བཟླས་པ་ལས་བྱུང་བའི་གྲུབ་པ་བཤད་དེ། བདག་གི་ལུས་སྔ་མ་བཞིན་དུ་བསྒྱུར་ནས་སྔ་དྲོ་མེལ་ཚེ་ཐུན་གཅིག །གུང་ལ་མེ་ལ་ཚེ་ཐུན་ཕྱེད་དུ་བཟླས་པ་ཟླ་

གཅིག་གི་བར་དུ་བྱས་ན་མ་རིག་པ་བསལ་བར་འགྱུར་ཞིང་ལྷ་དང་ལྷ་མ་ཡིན་ལ་སོགས་པས་ཀྱང་མི་ཚུགས་པར་འགྱུར་ཞེས་པའོ། །བདག་གི་རྙེད་པ་འགྲུབ་བྱའི་ཕྱིར། །རྒྱས་པའི་ལས་ནི་གང་ཅུང་ཟད། །དེ་ཀུན་རྟག་ཏུ་སྔགས་པ་ཡིས། །དཀྱིལ་འཁོར་གྱི་ནི་དབུས་སུ་བྱ། །ཞེས་པ་ནི་

རྒྱས་པའི་ལས་དང་བདག་གི་ལོངས་སྤྱོད་བསྒྲུབ་པ་ལ་སོགས་པ་ཡང་དཀྱིལ་འཁོར་ལ་གནས་ཏེ། སྒྲུབ་པ་པོ་ཞེས་པའོ། །གསེར་གྱི་ཁ་དོག་འབར་དང་བཅས། །ཐོར་ཚུགས་དབུ་རྒྱན་འཆང་བ་ཡི། །རྫོགས་པའི་སངས་རྒྱས་ཏིང་འཛིན་བཞུགས། །དབང་ཆེན་གྱི་ནི་གཞི་

ཞེས་བྱ། །ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་ལ་བཅོམ་ལྡན་འདས་ཀྱི་སྐུ་འདི་ལྟ་བུར་བཞུགས་པར་བསམ་ཞེས་པའོ། །རྡོ་རྗེ་པདྨ་རལ་གྲི་དང་། །ཞེས་པ་ནས། དབང་ཆེན་དུ་ནི་བསྒོམས་ཏེ་བསྒྲུབ། །ཅེས་བྱ་བའི་བར་གྱིས་རྡོ་རྗེ་ལ་སོགས་པའི་རྫས་དེ་རྣམས་སྔགས་པ་དབང་ཆེན་གྱི་

དཀྱིལ་འཁོར་ལ་གནས་ནས་རྒྱུད་གཞན་དག་ལས་འབྱུང་བའི་རིམ་གྱིས་བསྒྲུབ་པོ་ཞེས་པའོ། །མནན་པ་དག་ཀྱང་བཤད་པར་བྱ། །འདི་ནི་ཁྱེད་ཀྱིས་མཉམ་གཞག་ཉོན། །ཞེས་པ་ནས། དེ་ནི་མི་གཡོ་གནས་པར་འགྱུར། །ཞེས་པའི་བར་གྱིས་ཕ་རོལ་གྱི་རྒོལ་བ་ལ་སོགས་པ་མནན་

เล่ม ๗๐ · หน้า 20a

པར་བྱ་བ་སྟེ། སྔགས་པས་སྔ་མ་བཞིན་དུ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པར་བསམས་ནས་མནན་པར་བྱ་བའི་སྤྱི་བོར་རི་རབ་ཤིན་ཏུ་སེར་ཞིང་ལྕི་བ་རྩེ་མོ་བརྒྱད་པ་བསམས་ཏེ། དེའི་སྟེང་དུ་པདྨོ་བསམ་ཞིང་པདྨའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་བསམས་ལ། སྟེང་དུ་ཨ་དེ་ལས་

བཅོམ་ལྡན་འདས་ཀྱི་སྐུ་བསམས་ཏེ་མནན་པར་བྱ་བ་རྣམས་ཀྱི་སྤྱི་བོ་ནོན་པར་བསམས་ན་ཐམས་ཅད་མི་གཡོ་བར་འགྱུར་རོ་ཞེས་པའོ། །སྨན་ལ་ཡང་ནི་ལན་བརྒྱ་རུ། །ཞེས་པ་ནས། སྔོན་གྱི་ལས་ལས་བྱུང་བ་ཡི། །དེ་ཡི་ནད་རྣམས་འབྱང་བར་འགྱུར། །ཞེས་པའི་བར་ནི་བདག་སྔ་མ་བཞིན་དུ་

བསམས་ཏེ་སྨན་ལ་ལན་བརྒྱ་བསྔགས་ནས་ནད་པ་ལ་བླུད་ན་ནད་འཚོ་བར་འགྱུར་རོ་ཞེས་པའོ། །དེ་ནས་གཞན་ཡང་ངེས་པ་ཡིས། །ཞེས་བྱ་བ་ནས། ཀླད་ཀྱི་འཁོར་དང་བཅས་བྱས་ན། །སེལ་བར་བྱེད་པའི་མཆོག་ཏུ་འགྱུར། །ཞེས་པའི་བར་གྱིས་པའི་སྒྲུབ་པ་རྣམས་བཤད་པ་སྟེ། ཡི་གེ་

བ་བསམས་པ་ཡང་དབང་ཆེན་གྱི་དཀྱིལ་འཁོར་དུ་བསམས་པ་ནི་སྔ་མ་བཞིན་ཏེ། དེ་ལས་ཁྱད་པར་དུ་ན་ནང་གི་དབང་ཆེན་གྱི་དཀྱིལ་འཁོར་ལྟེ་བའི་ཐད་ཀར་བསམ་མོ། །གངས་དང་འོ་མ་དུང་འདྲ་བ། །ལྟེ་བའི་དབུས་ནས་བྱུང་བ་སྟེ། །པདྨ་དཀར་པོ་དམ་པ་ནི། །དེ་ཡི་དབུས་ན་རབ་ཏུ་གནས། །

མགོན་པོ་དམ་པ་རབ་ཏུ་ཞི། །ཞེས་པ་ནས། གདུང་བ་ཐམས་ཅད་ཞི་བྱེད་པ། །སྨུག་ཟིལ་འདུས་པའི་ནང་ན་གནས། །ཞེས་པའི་བར་གྱིས་བའི་ལས་གཅིག་བཤད་པ་སྟེ། བདག་ཉིད་དབང་ཆེན་གྱི་དཀྱིལ་འཁོར་དུ་གྱུར་ནས་ནང་གི་རྡོ་རྗེའི་དཀྱིལ་འཁོར་ལྟེ་བའི་ཐད་ཀར་བསམས་ཏེ་དེའི་

སྟེང་དུ་པདྨ་དཀར་པོ་ཁ་བ་དང་འོ་མ་དང་དུང་འདྲ་བ་ལྟེ་བའི་ནང་ནས་བྱུང་བ་འདུག་པར་བསམས་ཤིང་པདྨའི་སྟེང་དུ་ཡི་གེ་བ་སྟོན་གྱི་ཟླ་བའི་ཁ་དོག་འདྲ་བ་བསམས་ལ་བ་ལས་ཆུ་རྒྱུན་དགུ་འབྱུང་བས་སྒོར་བ་ཆུའི་དཀྱིལ་འཁོར་ཟླ་བའི་འོད་འདྲ་བ་དེའི་གཞིར་གྱུར་པ་ཡང་བསམས་ལ། ཡི་གེ་བ་དེ་ཡང་

བུམ་པ་འདྲ་བ་སྨུག་པའི་ཟིལ་པ་དཀར་པོ་འདུས་པ་འདྲ་བའི་ནང་ན་འདུག་པ་བསམས་ཏེ། བདག་གི་ལུས་ཀྱི་ནད་ཐམས་ཅད་ཁྱབ་པར་བསམས་ན་གདུག་པ་དང་ཚ་བའི་རིམས་ལ་སོགས་པ་ཐམས་ཅད་འབྱང་བར་འགྱུར་རོ། །དེ་བཞིན་དུ་བདག་གི་ལུས་དབང་ཆེན་གྱི་དཀྱིལ་འཁོར་ལ་

เล่ม ๗๐ · หน้า 20b

འདུག་པར་བསམས་ལ་གཞན་གྱི་ལུས་ལ་ཡང་བ་དེ་དེ་བཞིན་དུ་བསམས་ན་གདུག་པ་དང་ཚ་བའི་རིམས་ལ་སོགས་པ་འབྱང་བར་འགྱུར་རོ། །འོ་མ་མུ་ཏིག་ཕྲེང་དཀར་དང་། །ཞེས་པ་ནས། སྔགས་པས་ཡིད་ལ་བསམས་ན་ནི། །གདུང་བ་ཀུན་ལས་ཐར་བར་འགྱུར། །ཞེས་པའི་བར་གྱིས་བའི་

ལས་གཞན་བཤད་དེ། ཡི་གེ་བ་དེ་སྔ་མ་བཞིན་དུ་བསམས་ནས་སྨུག་ཟིལ་མེད་པར་བ་དེ་ལས་ཆུ་རྒྱུན་དཀར་པོ་བྱུང་སྟེ། ཆུ་རྒྱུན་དེས་བ་དེ་ལ་བསྐོར་ནས་འཁྱིལ་བར་འདུག་པར་བསམས་ལ། དེ་བདག་གི་དབུགས་ཀྱིས་བསྐྱོད་ནས་རང་གི་ལུས་ཐམས་ཅད་དུ་ཁྱབ་པར་བསམས་ན་དེ་གདུང་བ་

ལ་སོགས་པའི་ནད་རྣམས་ཞི་བར་འགྱུར་རོ། །དེ་བཞིན་དུ་ཕ་རོལ་ལ་བསམས་ན་ཡང་གདུང་བ་ལ་སོགས་པའི་ནད་རྣམས་དེ་ལྟ་བུར་ཞི་བར་འགྱུར་རོ། །མཉམ་པར་གཞག་པ་དངོས་འདི་རྣམས། །དཀྱིལ་འཁོར་འདིར་ནི་བསྒྲུབ་པར་བྱ། །ཞེས་པ་ནས། དཀྱིལ་འཁོར་དཔལ་དང་ལྡན་པ་

འདི། །ཞི་བར་བྱེད་པར་བསམ་པ་འདི། །ཞེས་པའི་བར་གྱིས་བའི་དཀྱིལ་འཁོར་གྱི་རྣལ་འབྱོར་ལ་གནས་ནས་རྡོ་རྗེ་ལ་སོགས་པ་དང་རྫས་མིང་གིས་སྨོས་པ་དེ་རྣམས་བསྒྲུབས་ན་ཚེ་རིང་བ་ལ་སོགས་པའི་གྲུབ་པ་རྣམས་ཐོབ་པར་འགྱུར་ཏེ། རིམ་པ་བཞིན་དུ་སྦྱར་བར་བྱའོ། །ཀླད་ཀྱི་ཀོར་དང་

བཅས་བྱས་ནས། །སེལ་བར་བྱེད་པའི་མཆོག་ཏུ་འགྱུར། །ཞེས་པ་ནི་ནད་པའི་ལུས་ལ་བ་དེ་ཀླད་ཀོར་དང་བཅས་པར་བསམས་ན་བ་ནི་གཟུང་བའི་ཆོས་ཐམས་ཅད་སྟོང་པར་བྱེད་ལ། ཀླད་ཀོར་ནི་འཛིན་པ་ཐམས་ཅད་སྟོང་པར་སྟོན་པར་བྱེད་ལ། དེ་ལྟར་ལུས་དེ་གཟུང་བ་དང་འཛིན་པ་གཉིས་ཀ་དང་བྲལ་

ཏེ་སྟོང་པས་ནད་ཀྱང་སྟོང་པའི་རང་བཞིན་དུ་འདུས་ནས་མེད་པར་འགྱུར་བའོ། །ར་ཞེས་བྱ་བ་ཡང་དག་མཆོག །ཅེས་པ་ནས། མེ་དང་ལྷན་ཅིག་འདི་སྦྱར་ན། །ཞེས་པའི་བར་གྱིས་རའི་སྒྲུབ་པ་དང་ལས་རྣམས་བཤད་དེ། ར་ཞེས་བྱ་བ་ཡང་དག་མཆོག །ཅེས་པ་ནི་ཆོས་ཐམས་ཅད་རྡུལ་དང་བྲལ་

བའི་ཏིང་ངེ་འཛིན་སྟོང་པའི་རང་བཞིན་མཆོག་གི་དེ་བཞིན་ཉིད་དེ་རའི་ཡི་གེ་དེས་སྟོན་པས་ན་མཆོག་གི་དེ་བཞིན་ཉིད་ཅེས་བྱ་སྟེ་དོན་དམ་པའི་མཚན་ཉིད་དོ། །འོད་ཅན་རྣམས་ཀྱི་འོད་ཅེས་བྱ། །ཞེས་པ་ནི་འོད་ཅན་ནི་ཉི་མ་དང་ཟླ་བ་དང་སྐར་མ་ལ་སོགས་པ་སྟེ། འོད་ཅན་དེ་རྣམས་ཀྱི་ནང་ན་མེའི་འོད་

เล่ม ๗๐ · หน้า 21a

མཆོག་ཡིན་ལ། ཡི་གེ་ར་ནི་མེའི་ས་བོན་ཡིན་པས་འོད་ཅན་རྣམས་ཀྱི་མཆོག་ཅེས་བྱ་སྟེ་ཀུན་རྫོབ་ཀྱི་རང་བཞིན་བསྟན་པའོ། །དེས་ནི་ལས་རྣམས་གང་ཅུང་ཟད། །མཚམས་མེད་ལྔ་ལས་བྱུང་བ་ཡང་། །རྣལ་འབྱོར་ཤིན་ཏུ་མཉམ་བཞག་ནས། །བསམས་ན་དེ་ཀུན་ཟད་

པར་འགྱུར། །ཞེས་པའི་བར་གྱིས་ནི་དེ་བསྒོམས་པའི་འབྲས་བུ་བསྟན་པ་སྟེ། ཆོས་ཐམས་ཅད་རྡུལ་དང་བྲལ་བ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམས་ན་མི་དགེ་བ་བཅུ་ལ་སོགས་པའི་ལས་རྣམས་དང་མཚམས་མེད་པ་ལ་སོགས་པ་དམིགས་སུ་མེད་པས་དེ་དག་གི་འབྲས་བུ་ཟད་ཅིང་འབྱུང་བར་

མི་འགྱུར་རོ། །ཡིད་འོང་ཐམས་ཅད་རབ་ཏུ་དམར། །གྲུ་གསུམ་པ་ཡི་ཚུལ་དུ་གནས། །ཞི་བ་འབར་བའི་ཕྲེང་བས་འཁྲིགས། །སུམ་མདོའི་རིས་མཚན་སྙིང་གར་གཞག །ཅེས་པ་ནི་མེའི་དཀྱིལ་འཁོར་གྱི་མཚན་ཉིད་དེ་སྙིང་གར་ནང་གི་རྡོ་རྗེའི་དཀྱིལ་འཁོར་གྱི་སྟེང་དུ་གྲུ་གསུམ་ཤིན་ཏུ་

དམར་བ་འགྲེང་བུར་འདུག་པ་གྲུ་གསུམ་གྱི་མཚན་མས་བཏབ་པར་བསམ་མོ་ཞེས་པའོ། །རྣལ་འབྱོར་པ་ནི་དེར་འདུག་ནས། །ར་ནི་ཀླད་ཀོར་བཅས་པར་བསམ། །ཞེས་པ་ནི་མེའི་དཀྱིལ་འཁོར་གྱི་མཚན་ཉིད་ཀྱི་དབུས་ན་ཡི་གེ་ར་ཁ་དོག་དམར་པོ་ཀླད་ཀོར་དང་བཅས་པ་འགྲེང་བུར་འདུག་པར་

བསམ་ཞེས་པ་སྟེ། ཀླད་ཀོར་དང་བཅས་པ་ནི་ཀུན་དུ་སངས་རྒྱས་པའི་སྙིང་པོ་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བར་སྟོན་པ་ཡིན་ལ། དེ་བཞིན་དུ་ཡི་གེ་བ་ཡང་ཀླད་ཀོར་མེད་ཀྱང་ཀུན་དུ་སངས་རྒྱས་པའི་སྙིང་པོ་ཡིན་པས་བའི་བུ་ག་ཉིད་ཀླད་ཀོར་ལྟ་བུར་འཛིན་པ་མེད་པར་སྟོན་

པར་བལྟའོ། །མི་འཇིག་པས་ནི་ཅི་རིགས་པར། །དངོས་པོ་འདི་དག་དེར་བསྒྲུབ་པོ། །ཞེས་པ་ནས། མེ་དང་ལྷན་ཅིག་འདིར་སྦྱར་ན། །དེ་དག་ཐམས་ཅད་བྱེད་པར་འགྱུར། །ཞེས་པའི་བར་གྱིས་ཡི་གེ་རའི་སྒྲུབ་པ་དང་ལས་རྣམས་བཤད་དེ། སྔགས་པ་རའི་དཀྱིལ་འཁོར་ལ་གནས་ནས་སྒྲུབ་པ་

མིང་གིས་སྨོས་པ་རྣམས་རྒྱུད་དང་རྟོག་པ་གཞན་ལས་བྱུང་བའི་ཆོ་གས་རྫས་ཀྱི་མཚན་མ་དང་བཅས་པའམ། མཚན་མ་མེད་པས་བསྒྲུབས་ན་ཉི་མ་ལ་སོགས་པ་གྲུབ་སྟེ་ཅི་བསྒོ་བ་ཉན་ཏོ། ཧ་ཞེས་བྱ་བ་དམ་པ་མཆོག །ཅེས་པ་ནས། རྒྱུ་ཀུན་དམིགས་སུ་མེད་སྒོ་ནས། །བདུད་ལས་རྣམ་པར་

เล่ม ๗๐ · หน้า 21b

རྒྱལ་བར་བྱེད། །ཅེས་པའི་བར་གྱིས་ཡི་གེ་ཧའི་སྒྲུབ་པ་དང་ཡོན་ཏན་དང་དཀྱིལ་འཁོར་ལ་སོགས་པ་བཤད་པ་སྟེ། ཧ་ཞེས་བྱ་བ་དམ་པ་མཆོག །ཅེས་པ་ནི་ཆོས་ཐམས་ཅད་རྒྱུ་དང་བྲལ་བར་སྟོན་པའི་རང་བཞིན་ཡིན་པས་དེ་ཁོ་ན་ཉིད་ཀྱི་མཆོག་ཅེས་པའོ། །རླུང་ནི་ཐམས་ཅད་ཡང་དག་འབྱུང་། །

ཞེས་པ་ནི་རླུང་གི་དཀྱིལ་འཁོར་ལས་འབྱུང་བའམ། དེ་ལས་རླུང་གི་དཀྱིལ་འཁོར་འབྱུང་བས་སོ། །རྒྱུ་དང་ལས་དང་འབྲས་བུ་དང་། །གང་གིས་ས་བོན་རྣམས་སྐྱེ་བ། །འདི་ནི་ཀླད་ཀོར་བཅས་སྦྱར་ན། །དེ་དག་ཐམས་ཅད་འཇིག་པར་བྱེད། །ཅེས་པ་ནི་དེའི་རང་བཞིན་བསྒོམས་པའི་འབྲས་བུ་

བསྟན་པ་སྟེ། ཧ་ཞེས་པ་ཀླད་ཀོར་དང་བཅས་པར་བསམས་པས་ཆོས་ཐམས་ཅད་རྒྱུ་དང་བྲལ་བའི་ཚུལ་གྱིས་གཟུང་བ་དང་འཛིན་པ་གཉིས་ཀ་དམིགས་སུ་མེད་དེ། །རྒྱུ་ཞེས་པ་ནི་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་རྣམས་སོ། །ལས་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བ་དང་མི་དགེ་

བ་ལ་སོགས་པ་རྣམས་སོ། །འབྲས་བུ་ནི་ལས་དེ་དག་གི་རྣམ་པར་སྨིན་པ་ངན་སོང་དང་བདེ་འགྲོ་ལ་སོགས་པའོ། །གང་གིས་ས་བོན་རྣམས་སྐྱེ་བ། །ཞེས་པ་ནི་རྒྱུ་དང་ལས་དེ་དག་གིས་སླར་ཡང་ཕུང་པོ་རྣམས་སྐྱེ་བ་སྟེ་དེ་དག་ཐམས་ཅད་དམིགས་སུ་མེད་པར་སྟོན་པས་ན་འཇིག་པར་བྱེད་དོ་ཞེས་

པའོ། །དེ་ཡི་གཟུགས་ཀྱང་བཤད་པ་ནི། །ཁ་དོག་གནག་ལ་འོད་པོ་ཆེ། །མི་བཟད་འབར་བའི་ཕྲེང་བ་འཁྲིགས། །ཀུན་དུ་ཡང་ནི་རྣམ་པར་འཕྲོ། །ཞེས་པ་ནི་ཡི་གེ་ཧ་ཉིད་གཟུགས་བསྟན་པ་སྟེ། དེ་ཡང་རླུང་གི་དཀྱིལ་འཁོར་གྱི་སྟེང་ན་གནས་པར་བསམས་ཏེ་རླུང་གི་དཀྱིལ་འཁོར་

ཡང་། མཁས་པས་སྨིན་མའི་མཚམས་སུ་ནི། །དཀྱིལ་འཁོར་ལ་ནི་གནས་པར་བསམ། །ཞེས་པ་ནས། སྔགས་པས་དེར་གནས་བསམ་པར་བྱ། །ཞེས་པའི་བར་གྱིས་གསུངས་པ་ཡིན་ཏེ། གཡོ་བ་ནི་རླུང་གི་རང་བཞིན་གཡོ་བས་བསམ་མོ། །ཡི་གེ་རབ་ཏུ་མི་འགྱུར་བ། །སྔགས་པས་དེར་

གནས་བསམ་པར་བྱ། །ཞེས་པ་ལ་ཡི་གེའི་རང་བཞིན་སྔར་བཤད་ཟིན་མོད་ཀྱི། ཡི་གེའི་སྒྲའི་རྗེས་ལ་མི་འགྱུར་བ་ཞེས་ཡང་བཟླས་ཏེ་གསུངས་པ་ནི་རབ་ཏུ་གོམས་པའི་མཐུས་ཡི་གེ་མི་འགྱུར་བར་བསམ་ཞེས་པའོ། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །གང་གིས་མཐོང་བ་ཁོ་ན་ལ། །

เล่ม ๗๐ · หน้า 22a

ཞེས་པ་ནས། སྔགས་པས་མཉམ་པར་གཞག་པ་ཡིས། །དཀྱིལ་འཁོར་གནས་ན་དེ་ཀུན་བྱེད། །ཅེས་པའི་བར་གྱིས་ནི་སྔགས་པ་རླུང་གི་དཀྱིལ་འཁོར་ལ་གནས་ནས་མིང་གིས་སྨོས་པའི་དངོས་པོ་དེ་རྣམས་རྒྱུན་གཞན་ལས་བྱུང་བའི་ཆོ་ག་བཞིན་དུ་བསྒྲུབ་པར་བྱའོ་

ཞེས་པ་སྟེ། ཡི་གེ་ཅི་ཡིན་ཡང་རུང་གཞི་ནི་རྩིས་མགོ་གཅིག་སྟེ། དབང་ཆེན་གྱི་དཀྱིལ་འཁོར་གྱི་དབུས་སུ་བསམ་ཞིང་བདག་ཉིད་ཀུན་དུ་སངས་རྒྱས་པའི་སྐུར་བསྒྱུར་བ་དང་། ནང་གི་རྡོ་རྗེའི་དཀྱིལ་འཁོར་ལ་ཡི་གེ་བ་ལ་སོགས་པ་གང་བསམས་པའི་གནས་དེ་ཉིད་དུ་སྤོ་ཞིང་བསམ་པ་དང་

ལས་སུ་བྱ་བ་རྣམས་མ་གཏོགས་པར་སྒྲུབ་པ་རྣམས་ལ་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པ་བཅིངས་ཏེ། སྔོན་དུ་བསྙེན་པ་ཟླ་བ་གཅིག་ཏུ་དུས་གསུམ་དུ་བྱ་བ་དང་། མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་གཉི་གས་སྒྲུབ་ཏུ་རུང་བ་ནི་ཀུན་ལ་སོ་སོར་སྦྱར་བར་བྱའོ། །འདིས་ནི་སྙིང་པོ་བྱང་ཆུབ་འདིར། །

བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །རྒྱུ་ཀུན་དམིགས་སུ་མེད་སྒོ་ནས། །བདུད་ལས་རྣམ་པར་རྒྱལ་བར་བྱེད། །ཅེས་པ་ནི་ཡི་གེའི་མཐུ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཡི་གེ་འདིའི་སྒོ་ནས་ཆོས་ཐམས་ཅད་རྒྱུ་དང་བྲལ་བར་རྟོགས་པས་བདུད་བཞི་རྣམ་པར་བཅོམ་

སྟེ། མངོན་པར་བྱང་ཆུབ་པ་ཐོབ་བོ་ཞེས་པའོ། །རྒྱུ་མེད་པས་ན་འབྲས་བུའང་མེད། །ཅེས་པ་ནས། གོ་འཕང་དམ་པ་སྒྲུབ་པར་བྱེད། །ཅེས་པའི་བར་གྱིས་ཡི་གེ་ཁཾ་གི་རང་བཞིན་དང་སྒྲུབ་པ་བཤད་པ་སྟེ། ལས་ཀྱང་ཡོད་པ་མ་ཡིན་ཏེ། །དངོས་པོ་དེ་གསུམ་མེད་པས་ན། །སྟོང་པའི་

ཡེ་ཤེས་འཐོབ་པར་འགྱུར། །ཞེས་པ་ནི་རྒྱུ་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་དང་དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་དང་། བདེ་འགྲོ་དང་ངན་འགྲོ་ལ་སོགས་པའི་འབྲས་བུ་རྣམས་ཡི་གེ་ཁཾ་གཟུང་བ་དང་འཛིན་པ་སྟོང་པར་སྟོན་པའི་སྒོ་ནས་དམིགས་སུ་མེད་ཅེས་པའོ། །

རྫོགས་པའི་སངས་རྒྱས་མཐུ་ཆེན་གྱི། །དེའི་གཟུགས་ཡང་དག་བཤད་པ་ནི། །ཀླད་ཀོར་བཅས་དང་ལྡན་པ་སྟེ། །ཁཾ་ནི་སྟོང་པའི་མཆོག་ཅེས་བྱ། །ཞེས་བྱ་བ་ནི་ཡི་གེ་དེའི་རང་བཞིན་གསུངས་པ་སྟེ། ཡི་གེ་ཁཾ་དེ་གཟུང་བ་དང་འཛིན་པ་གཉིས་ཀ་དང་བྲལ་བར་སྟོན་པས་སྟོང་པའི་མཆོག་

เล่ม ๗๐ · หน้า 22b

ཅེས་བྱའོ། །རལ་གྲིའི་ཕྱག་རྒྱ་ལྡན་པ་ཡིས། །བསྒྲུབ་པར་བྱ་བ་ངེས་པར་བསྒྲུབ། །རལ་གྲི་ཞགས་པ་འཁོར་ལོ་དང་། །ལྕགས་མདའ་དེ་བཞིན་ཐོ་བ་སྟེ། །རྫས་དེ་རྣམས་དང་ལྡན་ན་ནི། །གོ་འཕང་དམ་པ་སྒྲུབ་པར་བྱེད། །ཅེས་པ་ནི་སྔགས་པ་རྣམས་རྣལ་འབྱོར་གྱི་སྟན་ལ་གནས་ནས་སྤྱི་བོར་ཡི་

གེ་ཁཾ་བསམས་ཏེ། ཐམས་ཅད་ནམ་མཁའི་རང་བཞིན་དུ་བསམས་ནས་ཡི་གེ་ཁཾ་འབའ་ཞིག་ཁ་དོག་ནམ་མཁའ་དང་འདྲ་བར་བསམས་ལ་རལ་གྲིའི་ཕྱག་རྒྱ་བཅིངས་ཏེ་སྔ་མ་བཞིན་དུ་བཟླས་ན་མིང་གིས་སྨོས་པ་རྣམས་འགྲུབ་པར་འགྱུར་རོ། །བདག་ཉིད་ཨ་ཞེས་བྱ་བའི་རང་གི་ངོ་བོར་བསྒྱུར་ནས་

ཕྱི་དང་ནང་དུ་བཅས་པའི་དངོས་པོ་ཐམས་ཅད་ལ་མི་ལྟ་བར་གྱུར་ཅིང་ཞེས་པ་ནས། དེ་ལྟ་བུ་ལ་སོགས་པ་དག་ནི་ཡིད་ལས་བྱུང་བ་ཡིན་ནོ་ཞེས་པའི་བར་ནི་སྔགས་པས་རྣལ་འབྱོར་གྱི་སྟན་སྔ་མ་བཞིན་དུ་བསྒོམས་པ་ལས་ཁྱད་པར་དུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀུན་ནས་

མི་ལྡང་བར་ནུས་ཀྱི་བར་དུ་བདག་གི་དེ་ཁོ་ན་སྟོང་པར་བསྒོམ་པ་གོམས་པར་བྱས་ནས། ཨ་ལ་སོགས་པའི་སྙིང་པོ་རྣམས་སྒྲུབ་པ་དང་ལས་རྣམས་ཕྱི་རོལ་གྱི་རྫས་ལ་མི་ལྟོས་པར་སྒྲུབ་པ་བཤད་པ་སྟེ། བདག་ཉིད་ཨ་ཞེས་བྱ་བའི་རང་གི་ངོ་བོར་བསྒྱུར་ནས་ཕྱི་དང་ནང་དུ་བཅས་པ་དངོས་པོ་ཐམས་ཅད་

ལ་མི་ལྟ་བར་གྱུར་ཅིང་ཞེས་པ་ནི་ཨ་ལ་སོགས་པའི་རང་བཞིན་དུ་བསྒྱུར་ཏེ། ཕྱི་རོལ་གྱི་གཟུགས་ལ་སོགས་པའི་དངོས་པོ་རྣམས་དང་། ནང་གི་གཟུགས་ཡོད་པའི་བློ་མི་སྐྱེ་ཞིང་དངོས་པོ་རྣམས་ལ་མ་ཆགས་པར་བྱས་ལ་ཨ་དེ་བསྒྲུབས་ན་དེའི་འབྲས་བུ་བོང་བ་དང་གསེར་དུ་ཡང་མི་འབྱེད་

དེ། ཇི་ལྟར་རྡོ་བ་དང་བོང་བ་ལ་ཆགས་པ་མི་སྐྱེ་བ་དེ་བཞིན་དུ་གསེར་ལ་ཡང་ཆགས་པ་མི་སྐྱེ་སྟེ། འདོད་ཆགས་དང་ཞེ་སྡང་མངོན་དུ་མི་ལྡང་བ་དང་མི་དགེ་བ་བཅུའི་ལས་བྱས་པའི་སྡིག་པའི་འབྲས་བུའི་དབང་དུ་མི་འགྱུར་བ་སྟེ། དེ་བས་ན། དེ་ཚེ་དེ་ནི་དག་གྱུར་པ། །ཐུབ་པ་རྫོགས་པའི་སངས་

རྒྱས་བཞིན། །དེས་ནི་ལས་རྣམས་ཐམས་ཅད་ནུས། །ཞེས་པ་ནི་གྲུབ་པ་རབ་འབྲིང་ལ་སོགས་པ་འགྲུབ་ཅིང་ཞི་བ་ལ་སོགས་པའི་ལས་རྣམས་ནུས་ཞེས་པའོ། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །ཞེས་པ་ནི་ལས་དེ་དག་བྱེད་པ་ན་མ་ཚང་བའམ་འཁྲུལ་པ་ལ་སོགས་པའི་ཉེས་པ་མེད་པར་

เล่ม ๗๐ · หน้า 23a

བྱེད་ནུས་པར་འབྱུང་ཞེས་པའོ། །དེ་ནས་གཞན་སྔགས་རྣལ་འབྱོར་ལ། །ཞེས་པ་ནས། གང་གི་དེ་དག་འཐུང་བའམ། །ལག་པས་ཀྱང་ནི་རེག་ཀྱང་རུང་། །དེ་ཀུན་ངེས་པར་བྱང་ཆུབ་ཏུ། །འགྱུར་ཏེ་འདི་ལ་དོགས་པ་མེད། །ཅེས་པའི་བར་གྱིས་བ་ཡིག་གི་རྣལ་འབྱོར་

ཏེ། སྔགས་པ་རྣལ་འབྱོར་གྱི་སྟན་ལ་གནས་ནས་ཡི་གེ་བ་ལས་ཆུའི་དཀྱིལ་འཁོར་ལ་སོགས་པ་སྔ་མ་བཞིན་དུ་བསམས་ལ། ཁྱད་པར་དུ་ན་བ་ལས་ཆུའི་རྒྱུན་འབྱུང་བ་དང་ཆུའི་དཀྱིལ་འཁོར་གྱིས་བདག་གི་ལུས་སྤྱི་བོ་ནས་རྟིང་པའི་བར་དུ་རྒྱས་པར་གང་བར་བསམས་ཏེ། དེ་ལྟར་བརྟན་

པར་ཡིད་ཆེས་པ་ན་ཆུ་དེ་དག་ཐམས་ཅད་བ་སྤུའི་བུ་ག་ནས་ཕྱིར་བྱུང་སྟེ། བདག་གི་ལུས་ཀྱི་ཐོན་ཀོར་དང་ཁང་པ་ལ་སོགས་པ་ཀུན་དགའ་ར་བ་ར་བསམས་ལ་རིམ་གྱིས་གཙུག་ཁང་དང་ཡུལ་ལ་སོགས་པ་ཐམས་ཅད་དུ་གང་བར་བསམས་ན་ཆུ་དེ་ལ་སེམས་ཅན་སྐལ་བ་དང་ལྡན་པ་གང་གིས་

འཐུངས་སམ། རེག་པ་ན་དེ་ལྟར་འཐུངས་པ་དང་རེག་པའི་སྤྱོད་ཡུལ་དུ་གྱུར་པ་དེ་ནི་སེམས་ཅན་ཕལ་པ་དེ་དང་མི་འདྲ་བར་སྐལ་བ་དང་ལྡན་པར་མངོན་པར་བྱང་ཆུབ་ཏུ་ངེས་པར་འགྱུར་རོ་ཞེས་པའོ། །ཡན་ལག་ཀུན་དུ་ར་ཞེས་པ། །ཞེས་པ་ནས། བཏང་ན་ར་ཡིས་རྣམ་སྤྲུལ་པས། །

སྔགས་པ་འདོད་པ་བཞིན་དུ་བྱེད། །ཅེས་པའི་བར་གྱིས་རའི་རྣལ་འབྱོར་ཏེ། ཡན་ལག་ཀུན་དུ་ར་ཞེས་པ། །འབར་བའི་ཕྲེང་བ་ཞི་བས་འཁྲིགས། །ཀུན་དུ་རྣམ་པར་འཕྲོ་བ་ནི། །ཤིན་ཏུ་རྣམ་པར་གཞག་པས་བསམ། །ཞེས་པ་ནི་སྔགས་པ་རྣལ་འབྱོར་གྱི་སྟན་ལ་སྔ་མ་

བཞིན་དུ་གནས་ནས་སྙིང་གར་ཡི་གེ་ར་མེའི་དཀྱིལ་འཁོར་ལ་གནས་པར་བསམས་ཏེ། འབར་བའི་འོད་འཕྲོས་པས་ལུས་ཀྱི་ནད་ཐམས་ཅད་ཁྱབ་པར་གང་བར་བསམས་ནས་དེ་ལྟར་བརྟན་པར་གྱུར་པ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་བྱུང་སྟེ་རིམ་གྱིས་གྲོང་ཁྱེར་དང་ཡུལ་ལ་སོགས་པ་ཐམས་

ཅད་མེའི་འོད་འཕྲོ་བའི་སྣང་བས་གང་བར་བསམས་ཏེ། དེ་བས་ན། དེ་ཚེ་རྣལ་འབྱོར་པ་ཡི་ཕྱིར། །འབར་བ་ཀུན་དུ་སྣང་བྱེད་པ། །བཏང་ན་ཞེས་གསུངས་པ་ཡིན་ནོ། །ར་ཡི་རྣམ་པས། སྔགས་པ་འདོད་པ་བཞིན་དུ་བྱེད། །ཅེས་པ་ནི་རྣལ་འབྱོར་དེ་ལྟར་བྱས་ན་ར་ལས་མེ་བྱུང་བ་དེས་སྔགས་

เล่ม ๗๐ · หน้า 23b

པ་ཇི་ལྟར་འདོད་པ་བཞིན་དུ་བྱེད་པར་འགྱུར་རོ་ཞེས་པའོ། །ར་ཞེས་བྱ་བ་རོ་སྟོད་དུ། །བ་ཞེས་བྱ་བ་ལྟེ་བ་ཁུང་། །འབར་བ་དང་ནི་ཆུ་འབབ་པ། །དེ་ཚེ་ཅིག་ཅར་སྟོན་པར་འགྱུར། །ཞེས་པ་ནི་ར་དང་བ་གཅིག་དུས་གཅིག་ཏུ་སྦྱར་བ་སྟེ། སྔགས་པ་སྔ་མ་བཞིན་དུ་རྣལ་འབྱོར་གྱི་སྟན་ལ་གནས་ནས་

སྙིང་གར་ཡི་གེ་ར་མེའི་དཀྱིལ་འཁོར་ལ་གནས་པར་བསམས་ཏེ་ལྟེ་བའི་ཁུང་དུ་སྔ་མ་བཞིན་དུ་ཡི་གེ་བ་ཆུའི་དཀྱིལ་འཁོར་ལ་གནས་པར་བསམས་ན་དུས་གཅིག་ཏུ་ར་ལས་མེ་འབྱུང་བ་དང་བ་ལས་ཆུ་འབབ་པའི་ཆོ་འཕྲུལ་ཅན་དུ་འགྱུར་རོ། །དམྱལ་བ་གྲང་བའི་སྡུག་བསྔལ་རྣམས། །རས་ནི་

ཤིན་ཏུ་ཞི་བར་བྱེད། །ཅེས་པ་ནི་ར་འབའ་ཞིག་སྔ་མ་བཞིན་དུ་མེའི་དཀྱིལ་འཁོར་ལ་གནས་ནས་བསྒྲིབས་ཏེ་བསྒྲུབས་ན་གྲུབ་པའི་མེ་དེ་སེམས་ཅན་དམྱལ་བའི་སྟེང་གི་བར་སྣང་ལ་གནས་ནས་ལུས་ལས་མེ་བྱུང་སྟེ་སེམས་ཅན་དམྱལ་བ་ཐམས་ཅད་ཁྱབ་པར་བྱས་གྲང་བས་སྒྲིབས་ཤིང་སྡུག་བསྔལ་

བའི་སེམས་ཅན་དེ་རྣམས་མེ་དེས་ཞི་བར་ནུས་ཞེས་པའོ། །སྔགས་པ་སྔགས་ཀྱི་ཚུལ་གནས་པས། །བས་ཀྱང་ཚ་བ་ལ་སོགས་ཞི། །ཞེས་པ་ནི་སྔགས་པ་སྔ་མ་བཞིན་དུ་རྣལ་འབྱོར་གྱི་སྟན་ལ་གནས་ནས་ཡི་གེ་བ་སྔ་མ་བཞིན་དུ་ཆུའི་དཀྱིལ་འཁོར་ལ་གནས་པར་བསམས་ཏེ། བ་ལས་ཆུ་བྱུང་

བ་ཡང་སྔ་མ་ལྟར་བསམས་ནས་བདུད་རྩིའི་ཆུ་དེས་ཚ་བས་གདུངས་པའི་སེམས་ཅན་དམྱལ་བ་དེ་དག་ཐམས་ཅད་བསིལ་བར་འགྱུར་ཏེ། ཞི་བར་བྱ་བའི་ཐབས་ནི་མེའི་རྣལ་འབྱོར་དང་མཐུན་ནོ། །ཧ་ཞེས་བྱ་བ་བ་དན་བཅས། །ར་ཞེས་བྱ་བའི་འོག་ཏུ་གཞག །སྡིག་དང་ལྡན་པའི་མི་

རྣམས་ཀྱང་། །དེ་ཡི་ལས་རྣམས་མྱུར་དུ་སྒྲུབ། །ཅེས་པ་ནི་མེ་དེ་ལས་ལ་སྦྱར་བ་ན་མེ་མི་འབར་ཞིང་ལས་སུ་རུང་བར་མ་གྱུར་ན་མེའི་དཀྱིལ་འཁོར་དེའི་འོག་ཏུ་ཡི་གེ་ཧ་རླུང་གི་དཀྱིལ་འཁོར་ལ་གནས་པ་བསམས་ཏེ་རླུང་དེས་བསྐྱོད་པར་བསམས་ན་མེ་དེ་ལས་གང་ལ་སྦྱར་བ་དེ་ངེས་པར་བྱེད་

དོ་ཞེས་པའོ། །སྡིག་དང་ལྡན་པའི་མི་རྣམས་ཀྱང་། །ཞེས་པ་ནི་སྡིག་པ་དང་ལྡན་པའི་མིས་སྦྱར་ན་ཡང་འགྲུབ་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པ་སྟེ། ངེས་པར་ལས་བྱེད་པའི་ཚིག་བསྟན་པ་ཡིན་ལ། རྣལ་འབྱོར་པ་ནི་ཕྱི་དང་ནང་གི་དངོས་པོ་ལ་མི་བལྟ་ཞིང་ཀུན་ནས་ལྡང་བ་དང་བྲལ་བས་

เล่ม ๗๐ · หน้า 24a

བསྒོམ་པར་བྱ་བ་ཡིན་པ་སྡིག་པ་དང་ལྡན་པར་མི་སྤྱོད་དོ། །སྔགས་པ་དབང་ཆེན་ལ་འདུག་ནས། །ཆུ་ཡི་ལས་ནི་བརྩམ་པར་བྱ། །སེལ་བ་ལ་སོགས་ཐམས་ཅད་ཀྱང་། །བྱེད་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་ནས་ཆུའི་

ལས་བྱར་རུང་བར་བཤད་པ་སྟེ། སྔགས་པ་སྔ་མ་བཞིན་དུ་རྣལ་འབྱོར་གྱི་སྟན་ལ་གནས་ནས་ཡི་གེ་ཨ་དབང་ཆེན་གྱི་དཀྱིལ་འཁོར་ལ་སྔ་མ་བཞིན་དུ་བསམས་ཏེ། ཡི་གེ་བས་སྒྲུབ་པར་བྱེད་པའི་ལས་རྣམས་བྱེད་དོ་ཞེས་པའོ། །དེ་ལ་བ་ལས་ཆུས་ཐམས་ཅད་དུ་གང་བར་བྱ་བ་ནི་མ་གཏོགས་ཏེ།

ཆུས་ཐམས་ཅད་དུ་གང་བར་བྱས་ན་དབང་ཆེན་གྱི་དཀྱིལ་འཁོར་དེ་ཉིད་ཆུའི་དཀྱིལ་འཁོར་དུ་གྱུར་པས་དབང་ཆེན་གྱི་དཀྱིལ་འཁོར་དུ་མི་འགྱུར་བའི་ཕྱིར་རོ། །སེལ་བ་ལ་སོགས་ཐམས་ཅད་ཀྱང་། །བྱེད་འགྱུར་ཞེས་པ་ནི་ཡི་གེ་ཨ་དེ་ནད་པ་ལ་སོགས་པའི་སྤྱི་བོར་བསམས་ལ། དེའི་འོད་

སེར་པོ་འཕྲོ་བ་ཞི་བའི་རང་བཞིན་གྱིས་སྤྱི་བོ་ནས་རྟིང་པའི་བར་དུ་མཐར་ཕྱི་ནང་ཁྱབ་པར་སོང་བས་བཀྲུས་པར་བསམས་ན་ནད་ཀྱང་དེ་བཞིན་དུ་འདག་པར་འགྱུར་ཞེས་པའོ། །དེ་བཞིན་དུ་ནམ་ཡི་གེ་བའི་སྦྱོར་བ་བྱེད་པ་ན། ཡང་ནད་པའི་སྤྱི་བོར་བ་དེའི་ཆུའི་དཀྱིལ་འཁོར་ལ་སོགས་པ་སྔ་མ་

བཞིན་དུ་བསམས་ལ་བུམ་པ་ཁ་སྦུབ་པའི་ཁ་ནས་བདུད་རྩིའི་ཆུ་དཀར་པོ་བབ་པར་བསམས་ཏེ། ཆུ་དེས་སྤྱི་བོ་ནས་རྟིང་པའི་བར་དུ་མཐར་གྱིས་ཕྱི་ནང་དང་བཅས་པར་བཀྲུས་པར་བསམས་ན་ནད་ཐམས་ཅད་འབྱང་བར་འགྱུར་རོ། །སྦྱོར་བ་དེ་ནི་སྤྱིའི་ཆོ་ག་སྟེ། །གཞན་དག་ཏུ་ཡང་སྦྱར་བར་

བྱའོ། །རླུང་ནི་ཀུན་དུ་འགྲོ་བར་གསུངས། །ཞེས་པ་ནས། ལྷ་ཡི་རྣ་བ་ཐོབ་པར་འགྱུར་རོ། །ཞེས་པའི་བར་གྱིས་ཡི་གེ་ཧ་དེ་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ཀུན་གྱི་ལས་བྱེད་པར་བཤད་པ་སྟེ། དེ་ལ། རླུང་ནི་ཀུན་དུ་འགྲོ་བར་གསུངས། །ཞེས་པ་ནི་ཡི་གེ་ཧ་དེ་རླུང་གི་རང་བཞིན་

ཏེ། དེ་ནི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ཀུན་དུ་གཏོགས་ཞེས་བྱ་སྟེ། དབང་ཆེན་གྱི་དཀྱིལ་འཁོར་དབྱིབས་གྲུ་བཞི་དང་ཆུའི་དཀྱིལ་འཁོར་ཟླུམ་པོ་ལ་སོགས་པའི་དབྱིབས་སོ་སོར་འབྱེད་པ་ཡང་རླུང་ཡིན་པའི་ཕྱིར་ཏེ། དེ་བས་ན། ཐམས་ཅད་འཇིག་པར་བྱེད་པའང་དེ། །རྣམ་པ་

เล่ม ๗๐ · หน้า 24b

སྣ་ཚོགས་ཐ་དད་པའི། །ལས་རྣམས་དབྱེ་བ་ལས་བྱུང་བ། །གཟུགས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །ཞེས་པ་དང་འབྲེལ་ཏེ། རྣམ་པ་ཐ་དད་པ་ནི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ཁ་དོག་སེར་པོ་དང་། དམར་པོ་དང་། དཀར་པོ་ལ་སོགས་པའི་རྣམ་པ་ཐ་དད་པའོ། །སྣ་ཚོགས་ལས་

རྣམས་ཞེས་པ་ནི་དཀྱིལ་འཁོར་དེ་རྣམས་ཀྱི་སོ་སོའི་ལས་སྣ་ཚོགས་པ་ཞེས་པའོ། །དབྱེ་བ་ལས་བྱུང་བ་ཞེས་པ་ནི་དབང་ཆེན་དང་ཆུའི་དཀྱིལ་འཁོར་ལ་སོགས་པ་སོ་སོ་བ་རྣམས་ཞེས་པའོ། །ཆོ་ག་འདི་ཡིས་རབ་ཏུ་བྱ། །ཞེས་པ་ནི་ཡི་གེ་ཧའི་ཆོ་གས་བྱ་ཞེས་པའོ། །གཟུགས་ཀྱི་

དཀྱིལ་འཁོར་དབུས་སུ་ནི། །ཞེས་པ་སྔགས་པ་ལྷའི་གཟུགས་སུ་བསྒྱུར་ཏེ་དབང་ཆེན་གྱི་དཀྱིལ་འཁོར་རྣལ་འབྱོར་གྱི་སྟན་ལ་གནས་ཞེས་པ་སྟེ། མདོར་ན་ཡི་གེ་ཨ་དང་བ་ལ་སོགས་པ་སོ་སོའི་དཀྱིལ་འཁོར་དུ་ཡི་གེ་ཧ་བསམས་ཏེ་སྦྱོར་བ་བྱས་ན་ཨ་ལ་སོགས་པའི་ལས་རྣམས་བྱེད་

པར་འགྱུར་རོ་ཞེས་པའོ། །ཡིད་ཡོངས་སུ་སྦྱོར་ཞིང་བཟླས་བརྗོད་བྱས་ན་ཡིད་རྣམ་པར་དག་པར་འགྱུར་རོ་ཞེས་པ་ཡིད་ནི་རྣམ་པ་དང་བཅས་པའི་སེམས་ཏེ་སྙིང་གར་མེ་ལོང་གི་དཀྱིལ་འཁོར་བསམས་ལ། དེའི་དབུས་ན་ཡི་གེ་ཧ་དེ་མེ་ལོང་གི་གཟུགས་བརྙན་བཞིན་དུ་བསམས་ཏེ་

བཟླས་ན་ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །ལུས་ཡང་བར་གོམས་པར་བྱེད་ཅིང་འཆག་བཞིན་དུ་བཟླས་བརྗོད་བྱས་ན་རྫུ་འཕྲུལ་གྱི་རྐང་པ་འཐོབ་པར་འགྱུར་རོ་ཞེས་པ་ནི་སེམས་ལ་བདག་གིས་ས་ཤིང་བལ་ལྟ་བུར་ཡང་བའམ། །ནམ་མཁའ་ལ་འཕུར་ཏེ་འགྲོ་བ་སྙམ་དུ་སེམས་

ཤིང་འཆག་པའི་ཚེ་ཡི་གེ་ཧ་བཟླས་ན་རྫུ་འཕྲུལ་གྱི་རྐང་པ་ཐོབ་ཅིང་ནམ་མཁའ་ལ་འགྲོ་བར་འགྱུར་རོ་ཞེས་པའོ། །ཙོག་པུར་འདུག་ལ་ཨ་ཞེས་བྱ་བ་རྣམ་པར་གཞག་སྟེ་ཟླ་བ་གཅིག་ཏུ་བཟླས་བརྗོད་བྱས་ན་ལྷའི་རྣ་བ་ཐོབ་པར་འགྱུར་རོ་ཞེས་པ་ནི་སྔགས་པ་ཙོག་པུར་བྱས་ཏེ་ཡི་གེ་ཨ་ཞེས་བྱ་བ་

རྣ་བར་གཞག་ལ་ཟླ་བ་གཅིག་ཏུ་བཟླས་ན་ལྷའི་རྣ་བ་ཐོབ་པར་འགྱུར་རོ་ཞེས་པའོ། །གསང་བ་པའི་བདག་པོ་དངོས་གྲུབ་གྱི་གོ་འཕང་དེ་ལྟ་བུ་ལ་སོགས་པ་དག་ནི་ཡིད་ལས་བྱུང་བ་ཡིན་ནོ་ཞེས་པ་ནི་གོང་དུ་སྨོས་པའི་དངོས་གྲུབ་དེ་རྣམས་ཕྱི་རོལ་དང་ནང་དུ་མི་རྟོག་པར་གྱུར་པས་བསྒོམས་པའི་ཡིད་

เล่ม ๗๐ · หน้า 25a

ལས་བྱུང་ཞེས་པའོ། །གསང་བ་པའི་བདག་པོ་རྣམ་པར་བསམས་པ་ཙམ་ཁོ་ནས་དངོས་པོ་གཟུགས་ཅན་མ་ཡིན་པ་ཞེས་བྱ་བ་ནས། དེ་བས་ཀུན་མཁྱེན་དངོས་གྲུབ་དང་། །གོ་འཕང་མཆོག་ཀྱང་བསྒྲུབ་པར་བྱ། །ཞེས་པའི་བར་གྱིས་སྤྱིར་སྔགས་ཀྱི་དངོས་གྲུབ་རྣམས་སེམས་

ཀྱིས་བསམས་པ་དང་། ཚིག་ཏུ་བརྗོད་པ་དང་དེ་བཞིན་གཤེགས་པའི་བྱིན་རླབས་ལས་བྱུང་བར་བསྟན་པ་སྟེ། དངོས་པོ་གཟུགས་ཅན་མ་ཡིན་པ་རྣམས་ཀྱི་འདུ་བྱེད་རྣམ་པ་ཐ་དད་པ་སྣ་ཚོགས་རྣམ་པར་བསམས་པ་ཙམ་ཁོ་ནས་འབྱུང་ངོ་ཞེས་སྦྲེལ་ཏེ། དངོས་པོ་གཟུགས་ཅན་མ་ཡིན་

པ་ཞེས་པ་ནི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་གཟུགས་མེད་པ་རྣམས་ལས་སོ། །མདོར་ན་ཕྱི་རོལ་གྱི་དངོས་པོ་རྣམས་མེད་པར་སེམས་ཀྱིས་བསམས་པ་ཙམ་ལས་དངོས་གྲུབ་རྣམ་པ་མང་པོ་སྣ་ཚོགས་པ་གཟུགས་དང་ལྡན་པ་རྣམས་འབྱུང་བར་འགྱུར་རོ་ཞེས་པའོ། །ལས་ཐམས་ཅད་པའི་

ས་བོན་གྱི་བྱ་བ་ཚིག་ཏུ་བརྗོད་པ་ཙམ་ལས་འབྱུང་ཞེས་པ་ནི་ཧ་ལ་སོགས་པའི་ཡི་གེ་རྣམས་ཀྱི་སྒྲ་བརྗོད་པ་ཙམ་ལས་ཧ་ལ་སོགས་པའི་ཡི་གེ་འབྲུ་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་གྱི་ས་བོན་དུ་འགྱུར་བ་ཡང་རབ་དང་འབྲིང་ལ་སོགས་པའི་གྲུབ་པ་དང་ཞི་བ་ལ་སོགས་པའི་ལས་

རྣམས་བྱེད་པར་འགྱུར་བ་འབྱུང་ངོ་ཞེས་པའོ། །གསང་བ་པའི་བདག་པོ་གཞན་ཡང་དེ་བཞིན་གཤེགས་པ་ནི་ཞེས་པ་ནས། །གཟུགས་བརྙན་ལྟ་བུར་བཞུགས་སོ་ཞེས་པའི་བར་གྱིས་ཐམས་ཅད་དུ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པར་བཤད་པ་སྟེ། དེ་བཞིན་གཤེགས་པ་དེ་

བྱིན་གྱིས་རློབ་པ་ཡང་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་གདུལ་བའི་འགྲོ་བ་སོ་སོའི་ཇི་ལྟར་དད་པ་དང་རྗེས་སུ་མཐུན་པ་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར་འགྱུར་བ་སེམས་ཅན་རེ་རེའི་མདུན་ན་ཡང་གཟུགས་བརྙན་ལྟ་བུར་བཞུགས་ཏེ་ཟླ་བ་ནམ་མཁའ་ལ་འདུག་ཀྱང་གཟུགས་བརྙན་

མཚོ་དང་རྫིང་བུ་དང་ཆུ་སྣོད་ལ་སོགས་པ་ཐམས་ཅད་དུ་སྣང་བར་འགྱུར་བ་དང་འདྲའོ། །དེ་ལྟར་སེམས་ཀྱིས་བསམས་པ་ཙམ་དང་ཚིག་ཏུ་བརྗོད་པ་ཙམ་དང་། དེ་བཞིན་གཤེགས་པའི་བྱིན་རླབས་ལས་གྲུབ་པ་རྣམ་པ་མང་པོ་སྣ་ཚོགས་པ་རྣམས་འབྱུང་བ་ལ་ལྟོས་ཞེས་པའོ། །དེ་བཞིན་གཤེགས་པ་

เล่ม ๗๐ · หน้า 25b

དེ་ནི་རྣམ་པར་མི་རྟོག་ཅེས་པ་ནས། ཆོས་དང་ཆོས་མ་ཡིན་པ་རྣམ་པར་སྤངས་ཀྱང་ཞེས་པའི་བར་ནི་དེ་བཞིན་གཤེགས་པ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་མདུན་ན་གནས་ཀྱང་རྣམ་པར་རྟོག་པ་ལ་སོགས་པའི་དངོས་པོ་འདི་རྣམས་དང་བྲལ་ཞེས་པ་སྟེ། དེ་ལ་རྣམ་པར་མི་རྟོག་ཅེས་པ་ནི་དེ་བཞིན་

གཤེགས་པ་དེ་ངས་སེམས་ཅན་འདི་རྣམས་ཀྱི་དོན་བྱའོ་སྙམ་པའི་རྣམ་པར་རྟོག་པ་དེ་མི་འཛིན་ཞེས་པའོ། །ཡིད་ཀྱི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་ཞེས་པ་ནི་ཡིད་ནི་རྣམ་པ་དང་བཅས་པའི་སེམས་དེ་ལས་འདས་པའོ། །བྱ་བ་དང་ལས་དང་ཞེས་པ་ནི་ལུས་ངག་ཡིད་གསུམ་གྱི་

སྒོ་ནས་སྤྱོད་པའི་བྱ་བ་དང་ལས་རྣམས་དང་བྲལ་ལོ་ཞེས་པའོ། །ཆོས་དང་ཆོས་མ་ཡིན་པ་རྣམས་སྤངས་ཞེས་པ་ནི་ཆོས་ནི་དགེ་བ་བཅུའི་ལས་ཀྱི་ལམ་དང་། ཆོས་མ་ཡིན་པ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་སྟེ། དེ་དག་གི་དངོས་པོ་རྣམས་སྤངས་སོ་ཞེས་པའོ། །གསང་སྔགས་སྤྱོད་པ་ལས་

བྱུང་པའི། །ཐམས་ཅད་མཁྱེན་པའི་གོ་འཕང་སྩོལ། །ཞེས་པ་ནི་དེ་ལྟར་དངོས་པོ་དེ་རྣམས་སྤངས་ཀྱང་མངོན་པར་ཤེས་པ་ལྔ་ལ་སོགས་པའི་དངོས་པོ་རྣམས་སྔགས་ཀྱི་སྤྱོད་པའི་སྒོ་ནས་ཐོབ་པར་བྱེད་དོ་ཞེས་པའོ། །དེ་བས་ཀུན་གྱིས་དངོས་གྲུབ་དང་། །གོ་འཕང་མཆོག་ཀྱང་བསྒྲུབ་པར་

བྱ། །ཞེས་པ་ནི་དེ་ལྟ་བས་ན་མངོན་པར་ཤེས་པ་ལྔ་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་མཆོག་ཀྱང་བསྒྲུབ་པར་བྱའོ་ཞེས་པའོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །ཞེས་པ་ནས། སྔགས་པ་གསང་སྔགས་གནས་འདུག་པ། །ཡིད་ནི་དེ་ལྟར་ཤེས་ནས་སུ། །ཞེས་པའི་བར་

གྱིས་སྔར་ཕྱི་དང་ནང་གི་བཟླས་པའི་ཡན་ལག་བཞི་དང་། དཔའ་བོ་ཆེན་པོའི་སྙིང་པོ་ལྔའི་བཟླས་པའི་ཡན་ལག་གསུམ་སྔར་བཤད་པ་རྣམས་ཀྱང་དེ་བཞིན་གཤེགས་པའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་བཟླས་པར་བྱ་བའི་སྔགས་དགོད་པ་དང་། དབང་ཆེན་ལ་སོགས་པའི་དཀྱིལ་

འཁོར་རྣམས་ལ་བཟླས་པར་བྱ་བའི་སྔགས་རྣམས་བཀོད་དེ་བཟླས་པ་བྱའོ་ཞེས་མདོ་ཙམ་དུ་གསུངས་ལ། ཟླ་བའི་དཀྱིལ་འཁོར་དང་བཟླས་པའི་སྔགས་རྣམས་ཟློས་པ་ཉིད་ཀྱི་ཚེ་ན་གསལ་བར་སྣང་བར་བསམ་པའི་ཐབས་ཞིབ་ཏུ་མ་གསུངས་ཀྱང་དེ་དག་གསལ་བར་སྣང་བའི་ཡོངས་སུ་སྦྱང་

เล่ม ๗๐ · หน้า 26a

བའི་སྒོ་བཤད་པ་དང་ནང་གི་བཟླས་པའི་ཡན་ལག་བཞི་སྦྱོར་བ་ལ་བདག་གི་སྙིང་གར་དེ་བཞིན་གཤེགས་པའི་སྐུ་མེ་ལོང་གི་དཀྱིལ་འཁོར་གྱི་ནང་ན་བཞུགས་པར་བསམ་པ་ཡང་མདོ་ཙམ་དུ་གསུངས་ཀྱི་གསལ་བ་ཉིད་དུ་མ་བཤད་པས་དེ་ཡང་སྔགས་ཟློས་པའི་ཚེ་ན་

སེམས་ལ་གསལ་བར་སྣང་བར་བྱ་བ་བཤད་པ་སྟེ། དེ་ལ། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །ངོ་མཚར་གྱུར་ནས་མིག་བགྲད་དེ། །ཞེས་པ་ནི་གོང་དུ་དཔའ་བོ་ཆེན་པོའི་སྙིང་པོ་རྣམས་བཤད་པ་ཐོས་ཤིང་རྟོགས་ནས་ངོ་མཚར་དུ་གྱུར་པའོ། །དེ་ཚེ་རྡོ་རྗེ་འོད་ཟེར་ནི། །མེ་སྟག་

འཕྲོ་བ་འདྲ་གསོར་ཞིང་། །སངས་རྒྱས་ཞིང་ནི་འདི་ཐམས་ཅད། །ཀུན་དུ་སྣང་བར་བྱས་ནས་སུ། །ཞེས་པ་ནི་དེ་ལྟར་ངོ་མཚར་དུ་གྱུར་ཏེ་དགའ་བའི་ཤུགས་ཀྱིས་རྡོ་རྗེ་གསོར་ཞིང་རྡོ་རྗེའི་འོད་ཟེར་མེ་སྟག་འཕྲོ་བ་དང་འདྲ་བས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་སྟེ་སྣང་བར་

གྱུར་པའོ། །གཉིས་སུ་ན་དེ་ལྟར་རྡོ་རྗེ་གསོར་བ་ཡང་མ་འོངས་པའི་འགྲོ་བ་རྣམས་སྔགས་ཀྱི་སྤྱོད་པ་ལ་དད་པ་བསྐྱེད་པ་སྟེ་སྔགས་ཀྱི་ཕྱག་རྒྱ་རྡོ་རྗེ་གསོར་བས་སངས་རྒྱས་ཀྱི་ཞིང་ཐམས་ཅད་འོད་ཀྱིས་ཁྱབ་པ་མཐོང་ན་དད་པ་སྐྱེ་བའི་ཕྱིར་རོ། །སྔགས་ཀྱི་འཇུག་པ་བཤད་ལགས་

ན། །འཇུག་པ་དེ་ཡང་མ་རྟོགས་ན། །གསང་སྔགས་གང་ནས་འོང་བ་དང་། །གང་དུ་འགྲོ་བ་གཙོ་ཁྱོད་ཀྱིས། །དེ་ཀུན་བདག་ལ་བཤད་དུ་གསོལ། །ཞེས་པ་ནི་སྔར་བཟླས་པའི་ཡན་ལག་བཞི་ལ་སོགས་པ་གསུངས་པ་ན་ཟླ་བའི་དཀྱིལ་འཁོར་ལ་སྔགས་དགོད་པར་བྱ་བ་

བཤད་པ་རྣམས་ཟློས་པ་ཉིད་ཀྱི་ཚེ་བདག་གི་སྙིང་ག་ནས་དེ་བཞིན་གཤེགས་པའི་སྙིང་གར་འགྲོ་བ་དང་དེ་བཞིན་གཤེགས་པའི་སྙིང་ག་ནས་དབུགས་སླར་སྡུད་པར་བསམ་ཞིང་བདག་གི་སྙིང་གར་དམིགས་པ་ན་གང་ནས་འོང་བའི་གནས་བདག་གིས་གསལ་བར་མ་དམིགས་ན་གནས་

དེ་དང་དེ་དག་ཇི་ལྟར་དམིགས་པར་བགྱི་བ་བཤད་དུ་གསོལ་ཞེས་པའོ། །གོ་འཕང་དམ་པ་ཁྱོད་ལས་མེད། །ཁྱོད་ནི་ཇི་ལྟར་ཆུ་རྣམས་ཀྱི། །རྒྱ་མཚོ་བཞིན་དུ་ཆོས་ཀུན་གནས། །ཞེས་པ་ནི་བཅོམ་ལྡན་འདས་ལ་བསྟོད་པའི་ཚིག་སྟེ། ཆོས་ཀུན་གྱི་གནས་ཞེས་པ་ནི་ཁྱོད་ནི་

เล่ม ๗๐ · หน้า 26b

ལུང་གི་ཆོས་དང་རྟོགས་པའི་ཆོས་ཀྱི་གནས་སོ། །ཆུ་རྣམས་ཀྱི་རྒྱ་མཚོ་བཞིན་ཞེས་པ་ནི་དེའི་དཔེ་སྟེ། ཆུ་ཐམས་ཅད་ཀྱི་གནས་ཀྱང་རྒྱ་མཚོ་ཡིན་པ་དང་འདྲའོ་ཞེས་པའོ། །སེམས་དཔའ་ཆེན་པོ་དཀྱིལ་འཁོར་གྱི། །གནས་ནི་ཡིད་ཅེས་བཤད་པ་ཡིན། །ཞེས་པ་ནི་གོང་དུ་ཕྱག་ན་རྡོ་རྗེས་

གསོལ་པའི་དོན་སྔགས་རྣམས་ཀྱི་གནས་དཀྱིལ་འཁོར་རྣམས་ཡིན་པར་གསུངས་པ་ཡང་ཡིད་ཡིན་པར་བཤད་དེ། །ཡིད་ཅེས་པ་ནི་རྣམ་པ་དང་བཅས་པའི་སེམས་ཏེ། ནམ་བདག་གི་སེམས་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་རྣམ་པར་སྣང་བར་གྱུར་པ་དེ་ཉིད་གནས་ཞེས་བཤད་

དོ་ཞེས་པ་སྟེ། མདོར་ན་སྔགས་ཟློས་པར་བྱེད་པའི་ཚེ་རབ་ཏུ་གོམས་པའི་མཐུས་བདག་གི་སེམས་ཉིད་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་རྣམ་པར་གསལ་བར་སྣང་བར་བྱའོ། །དེ་བས་ན། སྙིང་ནི་གསང་སྔགས་གནས་ཡིན་པར། །ཤེས་ན་འབྲས་བུ་ཐོབ་པར་འགྱུར། །ཞེས་

གསུངས་པ་ཡིན་ཏེ་བདག་གི་སེམས་ཉིད་སྔགས་རྣམས་ཀྱི་གནས་སུ་ཤེས་ན་ཏིང་ངེ་འཛིན་གྲུབ་ཅིང་སེམས་སྦྱངས་པའི་མཚན་མ་ཡིན་པས་དེ་ནས་ཇི་ལྟར་བསམས་པའི་གྲུབ་པ་ལ་སོགས་འཐོབ་པར་འགྱུར་རོ་ཞེས་པའོ། །དཀར་པོ་སེར་པོ་དམར་པོ་གང་། །ཡིད་ཀྱིས་སེམས་པར་བྱེད་

པ་སྟེ། །དེ་ལ་ཡོངས་སུ་སྤྱོད་པ་གང་། །དེ་ནི་སེམས་ཀྱིས་བྱེད་པ་ཡིན། །ཞེས་པ་ནི། སེམས་དཔའ་ཆེན་པོ་དཀྱིལ་འཁོར་གྱི། །གནས་ནི་ཡིད་ཅེས་བཤད་པ་ཡིན། །ཞེས་པའི་འགྲེལ་པའི་ཚིག་སྟེ་ཡིད་ཇི་ལྟར་གནས་ཡིན་པ་དང་དཀྱིལ་འཁོར་ཡང་གང་རྣམས་ཡིན་པ་བསྟན་

པ་སྟེ། དབང་ཆེན་དང་ཆུའི་དཀྱིལ་འཁོར་དཀར་པོ་དང་སེར་པོ་དང་དམར་པོ་ལ་སོགས་པ་རྣམས་ཡིད་ཀྱིས་བསམས་པ་སྟེ། དེ་རྣམས་བྱེ་བྲག་ཏུ་འབྱེད་ཅིང་ཡོངས་སུ་གཅོད་པར་བྱེད་པ་ནི་སེམས་ཡིན་ཏེ། སེམས་ཀྱིས་དཀྱིལ་འཁོར་དེ་རྣམས་གང་ཡང་རུང་བ་ཞིག་བསམས་ནས་

གོམས་པའི་མཐུས་བདག་གི་སེམས་དཀྱིལ་འཁོར་གྱི་རྣམ་པ་ཉིད་དུ་གྱུར་ན་སེམས་དེ་ལ་གནས་ཞེས་བྱའོ། །སེམས་ནི་མགུ་ནས་ངེས་གྱུར་པ། །དེ་ནི་སྙིང་ཞེས་བཤད་པ་ཡིན། །ཞེས་པ་ནི། སྙིང་ནི་གསང་སྔགས་གནས་ཡིན་པར། །ཤེས་ན་འབྲས་བུ་ཐོབ་པར་འགྱུར། །

เล่ม ๗๐ · หน้า 27a

ཞེས་གོང་དུ་བཤད་པའི་འབྲེལ་པ་སྟེ་བདག་གི་སེམས་དཀྱིལ་འཁོར་གྱི་རྣམ་པར་ཞེན་པར་འགྱུར་ཏེ། དེ་ལས་མི་འགྱུར་ཞིང་རྩེ་གཅིག་པར་འགྱུར་ན་དེས་སེམས་ངེས་པར་མགུ་བ་ཡིན་ཏེ་དེ་ལྟ་བུའི་ཚུལ་དུ་སེམས་མགུ་བར་གྱུར་པ་དེ་ནི་སྔགས་རྣམས་ཀྱི་གནས་

སྙིང་ཡིན་པར་ཤེས་པར་བྱའོ། །དེར་གནས་པ་ཡི་གསང་སྔགས་རྣམས། །འབྲས་བུ་རྒྱ་ཆེན་སྟེར་བར་འགྱུར། །ཞེས་པ་ནི་དེ་ལྟར་རང་གི་སེམས་ཉིད་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་རྣམ་པར་གྱུར་ཏེ་སྔགས་རྣམས་ཀྱང་དེ་ལ་གནས་པར་སྣང་ཞིང་སེམས་ཙམ་དུ་ཤེས་ན་

སྔགས་དེ་རྣམས་འབྲས་བུ་རྒྱ་ཆེར་སྟེར་རོ་ཞེས་པའོ། །དེ་རུ་པདྨ་བསམ་པ་ནི། །འདབ་མ་བརྒྱད་པ་ཟེ་བར་བཅས། །ཞེས་པ་ནས། སྔགས་པ་གསང་སྔགས་གནས་འདུག་པས། །ཡིད་ནི་དེ་ལྟར་ཤེས་ནས་སུ། །ཞེས་པའི་བར་གྱིས་ནང་གི་བཟླས་པ་ཡན་ལག་བཞི་

སྔར་བཤད་པ་ན་བདག་གི་ལུས་ལྷར་བསྒྱུར་བའི་སྙིང་ག་ན་དེ་བཞིན་གཤེགས་པའི་སྐུ་མེ་ལོང་གི་དཀྱིལ་འཁོར་གྱི་ནང་ན་གནས་པ་བསམ་པ་དེ་ཉིད་ཞིབ་ཏུ་བཤད་པ་སྟེ། དེ་རུ་པདྨ་བསམ་པ་ནི། །འདབ་མ་བརྒྱད་པ་ཟེ་བར་བཅས། །ཨ་ཞེས་བྱ་བ་འབར་ཕྲེང་འཁྲུགས། །བཟང་པོ་དེ་

རུ་གནས་པ་ནི། །ཞེས་པ་རང་གི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པ་དེར་པདྨོ་དང་ཨ་བསམ་མོ་ཞེས་པའི་ཨ་དེ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུར་བསམ་པ་ནི། །ཞི་བ་ཀུན་དུ་རྣམ་པར་གཡོ། །ཞེས་པ་སྲོག་དང་བཅས་པ་འདྲ་བར་བསམ་མོ་ཞེས་

པའོ། །གཙོ་བོ་སྣ་ཚོགས་གཟུགས་མངའ་བ། །ཞེས་པ་ནི་སྐུ་མི་ཟད་པའི་རྒྱན་ལ་སོགས་པ་རྣམས་དུ་མར་འབྱུང་བའི་རང་བཞིན་ཅན་ཞེས་པའོ། །སྣང་བ་ཀུན་དུ་སྟོན་པ་ནི། །ཞེས་པ་སེམས་ཅན་ཐམས་ཅད་ཀྱི་མདུན་ན་གནས་པར་སྟོན་པའོ། །མེ་ལོང་ཕུག་ན་གནས་པ་བཞིན། །ཞེས་

པ་ནི་སྔར་བཤད་ཟིན་ཏོ། །ཆུ་ཡི་ཟླ་བའི་རྣམ་པ་བཞིན། །ཞེས་པ་ནི་དཔེ་སྟེ་ཟླ་བ་དེ་ཆུའི་ནང་ན་གཟུགས་འབྱུང་བར་བྱེད་པ་དང་འདྲའོ། །ཡིད་ནི་དེ་ལྟར་ཤེས་ནས་སུ། །ཞེས་པ་ནི་སྔགས་པས་རང་གི་ཡིད་དེ་བཞིན་གཤེགས་པའི་སྐུ་དེ་ལྟ་བུའི་རྣམ་པར་ཤེས་པར་བྱའོ་ཞེས་པའོ། །

เล่ม ๗๐ · หน้า 27b

དེ་ལྟར་དེ་བཞིན་གཤེགས་པའི་སྐུའི་བྱེ་བྲག་བཤད་པ་དེ་རྣམས་ཀྱང་རྣལ་འབྱོར་པས་ཚུལ་དེ་ལྟར་བསྒོམ་པར་བྱ་བ་བསྟན་པའི་ཞར་ལ་དེ་བཞིན་གཤེགས་པའི་སྐུ་གསུམ་ཆར་ལ་བསྟོད་པ་ཡང་བསྟན་ཏེ། ཨ་ཞེས་བྱ་བ་དེ་རུ་གནས། །ཞེས་པ་ནི་ཆོས་ཀྱི་སྐུའི་རང་བཞིན་དུ་བསྟན་ཞིང་བསྟོད་

པའོ། །འབར་ཕྲེང་འཁྲུག་ཅེས་པ་ནས། གཙོ་བོ་སྣ་ཚོགས་གཟུགས་མངའ་བ། །ཞེས་པའི་བར་གྱིས་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་དུ་བསྟོད་པའོ། །སྣང་བ་ཀུན་དུ་སྟོན་པ་ནི། །ཆུ་ཡི་ཟླ་བའི་རྣམ་པ་བཞིན། །ཞེས་པ་ནི་སྤྲུལ་པའི་སྐུའི་རང་བཞིན་དུ་བསྟོད་པའོ། །

དེ་ནས་སྔགས་པས་སྟོད་དུ་ཡང་། །ཞེས་པ་ནས། སངས་རྒྱས་ཡེ་ཤེས་མཆོག་གྱུར་པ། །ཞེས་པའི་བར་ནི་རྣལ་འབྱོར་གྱི་སྟན་ལ་གནས་པ་ལས་ཀླད་དུ་ཡང་ཡི་གེ་ཨཾ་ཤིན་ཏུ་དཀར་བ་བསམས་ལ་མིག་གི་ནང་དུ་ཡི་གེ་ར་བསམས་ཏེ། ཡི་གེ་དེའི་འོད་ཀྱིས་སྙིང་ག་ན་དེ་བཞིན་

གཤེགས་པའི་སྐུ་བསམས་པ་དེ་སྣང་བར་བསམས་པ་དང་། དེ་རྣམས་བསམས་ནས་ཀྱང་ཡི་གེ་རའི་གནས་མིག་གཉིས་སུ་ཡི་གེ་ལ་བསམས་ཏེ་ལའི་སྒྲའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་མཚན་ཉིད་མེད་པར་སྟོན་པ་ལ་དམིགས་ནས་ཐམས་ཅད་སྟོང་པའི་རང་བཞིན་དུ་བསམས་

པ་དང་སླར་ཡང་ཨ་ལ་སོགས་པའི་ཡི་གེ་དག་བསམས་པ་ལས་དངོས་གྲུབ་ཏུ་འགྱུར་བ་དང་དེའི་རྗེས་སུ་བསྔགས་པ་རྣམས་འཆད་དེ། ཡི་གེ་དེ་རྣམས་དེ་ལྟར་བསམས་པ་དང་དེ་སེམས་ཡོངས་སུ་སྦྱང་བ་དང་། དེ་རྣམས་ཀྱིས་རྣལ་འབྱོར་པས་གྲུབ་པ་འཐོབ་པའི་ཕྱིར་རོ། །དེ་ལ་

སེམས་ཅན་སུ་སྦྱོང་བའི་རིམ་པ་ཡང་ཐོག་མ་ཉིད་བདག་གི་ལུས་ཡི་གེ་ཨ་ལ་སོགས་པའི་སྒོ་ནས་མ་སྐྱེས་ཤིང་མ་བྱུང་བའི་སྟོང་པར་གཤིག་སྟེ། དེ་ནས་སླར་ཡང་ཡི་གེ་ཨ་བསམས་ཏེ་དེ་ལས་སྔར་བཤད་པའི་རིམ་པ་བཞིན་དུ་ཕྱི་དང་ནང་གི་དབང་ཆེན་གྱི་རྡོ་རྗེའི་དཀྱིལ་འཁོར་

དང་བཅས་པའི་ལྷའི་གཟུགས་སུ་བདག་གི་ལུས་བསྒྱུར་ཏེ་ནང་གི་དཀྱིལ་འཁོར་གྱི་དབུས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྔར་བཤད་པའི་ཚུལ་བཞིན་དུ་བསམས་ལ། དེ་ནས་ཀླད་པའི་ནང་དུ་ཡི་གེ་ཨ་ཤིན་ཏུ་དཀར་བ་བསམ་ཞིང་མིག་གཉིས་སུ་བསམས་ཏེ་ར་དེ་

เล่ม ๗๐ · หน้า 28a

ཡང་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་ཤིན་ཏུ་དཀར་བ་དེའི་འོད་ཀྱིས་སླར་སྙིང་ག་ན་བཅོམ་ལྡན་འདས་ཀྱི་སྐུ་མེ་ལོང་གི་ནང་ན་བཞུགས་པ་དང་འདྲ་བ་ལ་གསལ་བར་སྣང་བར་བྱའོ། །དེ་ནས་དེའི་འོད་ཀྱིས་སླར་ཡང་སྟོད་དུ་བསམས་ནས་ཡི་གེ་ཨ་དེ་ཤིན་ཏུ་གསལ་བར་སྣང་བར་བྱ་

སྟེ། དེ་ལྟར་གསལ་བ་བརྟན་པར་གྱུར་པ་དང་སླར་ཡང་ཡི་གེ་རའི་གནས་མིག་གཉིས་སུ་ཡི་གེ་ལ་ཀླད་ཀོར་དང་བཅས་པར་བསམས་ལ། དེའི་སྒྲའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་མཚན་ཉིད་དང་བྲལ་བ་ལ་དམིགས་པས་ཡི་གེ་ཨ་ལ་སོགས་པ་སྔར་བསམས་པ་ཐམས་ཅད་སྟོང་པར་བསམ་

མོ། །དེ་ལྟར་སྟོང་པར་བསམས་པ་ཡང་བརྟན་པར་གྱུར་ནས་ཡང་དག་གི་སེམས་དབང་དུ་གྱུར་པར་བྱ་བའི་ཕྱིར་སྔ་མའི་རིམ་པ་བཞིན་དུ་རྣལ་འབྱོར་གྱི་སྟན་དང་བཅོམ་ལྡན་འདས་ཀྱི་སྐུ་སྙིང་གར་བསམས་པ་དང་། ཀླད་པར་ཨ་བསམས་པ་རྣམས་སྔ་མའི་རིམ་པ་བཞིན་དུ་བྱའོ། །དེ་བཞིན་དུ་

ཡང་དང་ཡང་དུ་ཡི་གེ་ལ་བསམས་ནས་སྟོང་པར་བྱ་བ་དང་སླར་བཅོམ་ལྡན་འདས་ཀྱི་གཟུགས་དང་ཨ་ལ་སོགས་པ་བསམས་པ་དང་སྟོང་པར་བྱ་བ་དག་སེམས་དབང་དུ་བྱ་བའི་ཕྱིར་ལན་མང་དུ་གོམས་པར་བྱ་སྟེ་དེ་བས་ན། དེ་ནས་སྔགས་པས་སྟོད་དུ་ཡང་། །ཀླད་པའི་རྒྱས་ཀྱི་དབུས་སུ་ནི། །

ཀླད་ཀོར་བཅས་པའི་མཚན་མ་ཅན། །ཨེ་ཞེས་བྱ་བ་དང་དེ་ཉིད་ཀྱི་བྱེ་བྲག །ཤེལ་དང་ཟླ་བ་གངས་འདྲ་བ། །དྲི་མེད་དག་པ་མཐོང་བ་ནི། །ཞི་བ་ཆོས་ཀྱི་རང་བཞིན་སྐུ། །ཐམས་ཅད་ཀྱི་ནི་གཞི་ཞེས་བྱ། །ཞེས་གསུངས་པ་ཡིན་ཏེ་བསམ་པའི་ཐབས་ནི་གོང་དུ་བཤད་ལ། ཡི་གེའི་དོན་ནི་

ཨ་ཤེལ་དང་ཟླ་བ་ལྟ་བུར་དཀར་བ་ཀླད་ཀོར་དང་བཅས་པ་བསམས་ཏེ་དེ་ནི་ཆོས་ཀྱི་སྐུའི་རང་བཞིན་དུ་ཤེས་པར་བྱའོ། །དེ་བས་ན། ཐམས་ཅད་ཀྱི་ནི་གཞི་ཞེས་བྱ། །ཞེས་པ་སྟེ་ཆོས་ཀྱི་སྐུ་ནི་ཐམས་ཅད་ཀྱི་གཞི་སྟེ་ཆོས་ཀྱི་སྐུའི་དབང་གིས་ཐམས་ཅད་འབྱུང་བའི་ཕྱིར་རོ། །གཉིས་སུ་ན་ཨེ་

དེ་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་ཐམས་ཅད་ཀྱི་གཞི་ཞེས་བྱའོ། །དེ་ལས་གསང་སྔགས་དངོས་གྲུབ་ནི། །སྣ་ཚོགས་གཟུགས་ཅན་ཐོབ་པར་འགྱུར། །དེ་བཞིན་གཤེགས་པའི་གནས་མཐོང་ན། །མཐོ་རིས་དང་ནི་བྱང་གྲོལ་ཐོབ། །ཅེས་པ་ནི་དེ་ལྟར་སེམས་ཡོངས་སུ་སྦྱངས་ནས་ཨ་དེ་

เล่ม ๗๐ · หน้า 28b

ཀླད་པའི་ནང་དུ་བསམས་ཏེ་རིག་འཛིན་ལ་སོགས་པའི་གྲུབ་པ་ཐོབ་པར་འགྱུར་རོ་ཞེས་པའོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། དངོས་གྲུབ་སྒྲུབ་པའི་དེ་ཁོ་ན་ཉིད་རིམ་པར་ཕྱེ་བ་རྒྱས་པའོ།། །།ད་ནི་ལྷའི་

རང་བཞིན་གྱི་ཏིང་ངེ་འཛིན་བཤད་དེ། དེ་ལ་ལྷའི་རང་བཞིན་ཡང་འོག་ནས་འབྱུང་བའི་ཚུལ་གྱིས་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། རྣམ་པ་དྲུག་པོ་དེ་དག་ཀྱང་གཟུགས་དང་ཕྱག་རྒྱ་ལ་སོགས་པ་ཡིན་ལ། ལྷའི་རང་བཞིན་དེ་རྣམས་ནི་སྔར་བཤད་པའི་ཡན་ལག་རྣམ་པ་བཞི་ལ་སོགས་

པས་བཤད་ཟིན་པ་དག་ཡིན་ཏེ། དེ་ཡང་ཕྱི་རོལ་དུ་དེ་བཞིན་གཤེགས་པའི་སྐུ་ལ་དམིགས་པ་དང་། བདག་ཉིད་ལྷའི་གཟུགས་སུ་བསྒྱུར་བ་ནི་གཟུགས་ཀྱི་ལྷའི་རང་བཞིན་ནོ། །ཟླ་བའི་དཀྱིལ་འཁོར་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱར་གྱུར་པའི་ལྷའི་རང་བཞིན་ནོ། །ཟླ་བའི་དཀྱིལ་

འཁོར་ལ་ཡིག་འབྲུ་དགོད་པ་ནི་སྒྲའི་ལྷའི་རང་བཞིན་ནོ། །བདག་ལྷར་བསྒྱུར་བ་ནི་ཨུ་ཏ་པ་ལ་སོགས་པ་རྣམ་པར་གྲོལ་བའི་ཕྱག་རྒྱ་ནི་གཟུགས་དང་བཅས་པའི་ཕྱག་རྒྱའི་ལྷའི་རང་བཞིན་ནོ། །ཕྱག་རྒྱ་དེ་ཉིད་ལག་པའི་ཕྱག་རྒྱར་བསྒྱུར་ཏེ། ལྷའི་སྐུར་བྱིན་གྱིས་བརླབ་པ་དང་བསྲུང་བ་ལ་

སོགས་པ་བྱ་བ་ནི་གཟུགས་དང་བཅས་པ་མ་ཡིན་པའི་ཕྱག་རྒྱའི་ལྷའི་རང་བཞིན་ནོ། །དྲུག་པ་ནི་ཡོངས་སུ་དག་པའི་ལྷའི་རང་བཞིན་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་སྟེ། ལྷའི་རང་བཞིན་དེ་སྔར་མ་བཤད་པས་སྐབས་འདིར་བཤད་པར་བྱ་བ་དང་ལྷའི་རང་བཞིན་ལྔ་པོ་ལྔར་བཤད་

པ་རྣམས་ཀྱང་བཟླས་པའི་ཡན་ལག་ཙམ་དུ་ཤེས་ཀྱི། ལྷའི་རང་བཞིན་ཡིན་པར་མི་ཤེས་ཏེ་ཕྱག་རྒྱ་ལ་སོགས་པ་དེ་རྣམས་ཀྱང་ལྷའི་རང་བཞིན་ཡིན་པར་བསྟན་པའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ལ་

སོགས་པ་ནས། ལྷའི་གཟུགས་བྱིན་གྱིས་བརླབ་པ་བཤད་དུ་གསོལ་ཞེས་པའི་བར་ཏེ། འོག་ནས་འབྱུང་བའི་ལྷའི་གཟུགས་སུ་བྱིན་གྱིས་རློབ་པར་འགྱུར་བ་དེ་བཤད་དུ་གསོལ་ཞེས་པ་སྟེ། གཟུགས་ཞེས་པའི་ཚིག་ནི་ལྷའི་རང་བཞིན་ཞེས་པའི་དོན་ཏོ། །ལྷའི་རང་བཞིན་དེ་བཤད་པར་

เล่ม ๗๐ · หน้า 29a

གསོལ་བ་དེ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། ལྷའི་གཟུགས་གང་གིས་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལྷའི་གཟུགས་ལ་དམིགས་ནས་བདག་ཉིད་རང་གི་ལྷའི་གཟུགས་སུ་བསྒྱུར་བས་ཐེ་ཚོམ་མ་མཆིས་

པར་དངོས་གྲུབ་འཐོབ་པར་འགྱུར་བ་ཞེས་གསུངས་ཏེ། དེ་ལ་ལྷའི་གཟུགས་ལ་དམིགས་ནས་ཞེས་པ་ནི་ཕྱི་རོལ་གྱི་དེ་བཞིན་གཤེགས་པའི་སྐུ་དང་། དེ་ལ་ཟླ་བའི་དཀྱིལ་འཁོར་སྔགས་དང་བཅས་པའི་ལྷའི་རང་བཞིན་ལ་དམིགས་ནས་ཞེས་པའོ། །བདག་ཉིད་རང་གི་ལྷའི་གཟུགས་སུ་

བསྒྱུར་བས་ཞེས་པ་ནི་ཞི་བ་དང་རྒྱས་པ་དང་། རབ་དང་འབྲིང་ལ་སོགས་པའི་གྲུབ་པ་དང་ལས་ལ་ལྷའི་གཟུགས་སུ་བསྒྱུར་བས་ཞེས་པའོ། །ཐེ་ཚོམ་མ་མཆིས་པར་དངོས་གྲུབ་འཐོབ་པར་འགྱུར་ཞེས་པ་ནི་ལྷའི་རང་བཞིན་དེ་རྣམས་བཤད་པས་ཤེས་པར་གྱུར་ན་ཐེ་ཚོམ་མེད་པས་ཇི་ལྟར་

བསམས་པའི་དོན་འགྲུབ་པར་འགྱུར་བའི་ཕྱིར་ལྷའི་རང་བཞིན་དེ་རྣམས་བཤད་དུ་གསོལ་ཞེས་སྦྱར་རོ། །གསང་བ་པའི་བདག་པོ་དེ་ལ་ལྷའི་གཟུགས་ནི་རྣམ་པ་གསུམ་སྟེ། ཡི་གེ་དང་། ཕྱག་རྒྱ་དང་། གཟུགས་སོ་ཞེས་པ་ལ་ལྷའི་གཟུགས་རྣམ་པ་གསུམ་ནི་ལྷའི་རང་བཞིན་རྣམ་པ་

གསུམ་ཞེས་པའོ། །ཡི་གེ་ཞེས་པ་རང་བཞིན་མི་འགྱུར་བ་ཞེས་པའི་ཚིག་སྟེ་དེ་ཡང་གང་ཞེ་ན། །དེ་ལ་ཡི་གེ་ལ་ཡང་རྣམ་པ་གཉིས་ཏེ། སྒྲ་དང་བྱང་ཆུབ་ཀྱི་སེམས་སོ་ཞེས་པའོ། །དེ་ལ་སྒྲ་ནི་སྔགས་ཀྱི་ཡིག་འབྲུ་སྟེ་སྒྲ་དེས་ཀུན་རྫོབ་དང་དོན་དམ་པའི་ལྷ་རྣམས་ཀྱི་རྣམ་པར་གྲོལ་བ་

སྟོན་པ་ལས་རང་བཞིན་གཞན་དུ་མི་འགྱུར་བས་ན་མི་འགྱུར་བ་ཞེས་བྱ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་ཡེ་ནས་གནས་པ་སྟེ། དེ་ཡང་འདི་ལྟར། གསང་སྔགས་རྣམས་ཀྱི་གསང་སྔགས་ཀྱི་ཆོས་ཉིད་དོ་ཞེས་ཇི་སྐད་དུ་

གསུངས་པ་ལས་སོ། །བྱང་ཆུབ་ཀྱི་སེམས་ནི་ཟླ་བའི་དཀྱིལ་འཁོར་ལ་བྱ་སྟེ། དེ་བཞིན་ཉིད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་དེ་ཟླ་བའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་སྟེ། ཟླ་བའི་དཀྱིལ་འཁོར་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱས་བཏབ་པའི་ཕྱིར་རོ། །བྱང་ཆུབ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด