ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) ཀྲོ་དྷ་བི་ཛ་ཡ་ཀལྤ་གུ་ཧྱ་ཏནྟྲ་སྱ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๗๐ · หน้า 237b

ལས་གཞན་པའི་ལས་ཞེས་པའོ། །གཞོན་ནུ་མཚན་དང་ལྡན་གྱུར་ཅིང་། །ཞེས་པ་སྤྱིའི་མཚན་ཉིད་བཟང་པོ་དང་ལྡན་པ་ལ་བྱའོ། །སྣོད་ལ་དབབ་པའི་བྱིས་པ་གཞོན་ནུའི་མཚན་ཉིད་འདི་འདྲ་བ་དང་ལྡན་པ་ལ་བྱའོ། །ཡན་ལག་ཚང་ཞེས་པ་གཞོན་ནུ་དེ་བཞེས་པའོ། །བཀྲུས་ཏེ་

བརྒྱན་ཞེས་པ་གོས་དང་མེ་ཏོག་གིས་སོ། །བ་ལས་བྱུང་བའི་ལྔ་ཡང་བླུད། །ཅེས་པ་སྔགས་ཀྱིས་བཏབ་སྟེ་གཞོན་ནུ་དེ་ལ་བླུད་ཅེས་པའོ། །དེ་ཡི་འོག་ཏུ་སྨྱུང་བྱས་ཏེ། །ཞེས་པ་ལ་སོགས་པ་དེ་ལྟ་བས་ན་ཆོ་ག་དེ་ལྟར་བྱས་ཏེ། ཞག་གཅིག་གི་སྔོན་རོལ་ནས་གཞོན་ནུ་དེ་སྨྱུང་

བ་བྱེད་དུ་བཅུག་ལ། སང་ནང་པར་ལྟ་བུ་གཞོན་ནུ་དེ་ཁྲུས་བྱས་ལ། ཙནྡན་དཀར་པོ་དང་། གུར་གུམ་དུ་སྦྱར་བའི་བྱུག་སྤོས་ཀྱི་རི་ལུས་བྱུགས་ལ་གོས་བཟང་པོ་དང་མེ་ཏོག་ལ་སོགས་པའི་རྒྱན་སྡུག་གུ་བཟང་པོས་བརྒྱན་པར་བྱའོ། །དེ་ལྟར་མཆོད་པ་བྱས་པ་ནི། །ཞེས་པ་

དེ་ལྟར་གཞོན་ནུ་དེ་ལ་མཆོད་པ་བྱས་ནས་ཞེས་པའོ། །ཁྲོ་བོ་ལ་ཡང་མཆོད་པ་བྱས་ནས་ཞེས་པར་སྦྱར་རོ། །གཞོན་ནུ་དེ་ཤར་ཕྱོགས་སུ་ཁ་བསྟན་ཏེ་ཞེས་པའོ། །ཆོ་ག་བཞིན་དུ་ཞེས་པ་ཀུ་ཤའི་སྟན་ལ་གཞོན་ནུ་དེ་བཞག་ལ་ཞེས་པའོ། །དེ་ཡི་ལག་པ་གཉིས་ཀར་ཡང་། །ཞེས་

པ་གཞོན་ནུ་དེ་ལག་པ་གཉིས་སྙིམ་པ་ཟེད་དུ་བཅུག་ལ་མེ་ཏོག་བཟང་པོ་ལ་ཙནྡན་དཀར་པོས་གཏོར་བའི་མེ་ཏོག་སྙིམ་པར་སྦྱིན་ནོ་ཞེས་པའོ། །ཨ་ག་རུ་ནག་པོའི་བདུག་པ་སྦྱིན། དེས་ནི་མྱུར་དུ་སྔགས་བརྗོད་དེ། །ཞེས་པ་གཞོན་ནུ་དེ་ལ་ཨ་ག་རུ་ནག་པོའི་བདུག་པས་བདུག་

གོ། །དེ་ལྟར་བྱས་པའི་འོག་ཏུ་བར་གཞན་གྱིས་མཆོད་པར་མྱུར་དུ་སྔགས་པ་དེ་རྩ་བའི་སྔགས་བྷཉྫ་ཧཱུཾ་ཞེས་པ་དང་། ཕཊ་ཅེས་བྱ་བའི་བར་དུ་ཆེ་གེ་མོ་ཞིག་གྲྀ་ཧ་དེ་ཤ་ཧཱུཾ་ཕཊ་བཟླས་ཤིང་གང་བ་ཅེས་པའོ། །སྒྲུབ་པས་ཆོ་ག་འདི་ཡིས་ནི། །ཞེས་པ་སྒྲུབ་པ་པོས་གོང་དུ་གསུངས་པའི་ཆོ་ག་

སྣོད་ལ་དབབ་པའི་ཆོ་ག་བྱས་ཏེ་སྣོད་ལ་དབབ་པའི་ལས་བྱའོ་ཞེས་པའོ། །སྣོད་ལ་དབབ་གྱུར་དེ་ནས་ནི། །དགེ་དང་མི་དགེ་དྲི་བར་བྱ། །ཞེས་པ་གཞོན་ནུ་དེ་ལ་འབབ་པར་འགྱུར་ཏེ། ལྷ་འདྲེ་གང་འབབ་པའི་མཚན་མ་དེ་བརྟགས་པ་ནི་སྤྱིའི་གཞུང་སྦྱར་ཞིང་ལས་བྱའོ་ཞེས་པའོ། །

เล่ม ๗๐ · หน้า 238a

དེ་ལྟར་བྱུང་དང་ཞེས་སྔ་མ་ནས་འདས་ཕྱི་མ་སྣོད་དེ་མ་ཕྱུང་དེ་ལྟར་སྡོད་དེ་སྨྲ་བར་བྱེད་དེ། སེམས་ཅན་ཆེན་པོ་འདི་གྱིས་ལ། །ཞེས་པའོ། །འདི་ནི་མིན་ཞེས་ཟློག་པར་བྱེད། །ཅེས་པ་མི་རུང་གིས་མ་བྱེད་ཅིག་ཅེས་ཟློག་པར་བྱེད་ཅེས་པའོ། །ཚང་བར་བྱེད་ཅེས་པ་ལྷག་ཆད་སྐང་བར་བྱེད་ཅེས་

པའོ། །དེ་ནས་ཁྲོ་བོ་མཆོག་དེ་ལ། །ཞེས་པ་གང་འདྲི་བ་རྣམས་བྲིས་ཟིན་ནས་དེའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་དེ་ལ་ཨརྒྷ་དབུལ་ཞེས་པའི་དོན་ཏོ། །མེ་ཏོག་ལྡན་པའི་ཨརྒྷ་དབུལ། །ཞེས་པ་དེ་ཡང་སྣོད་ཉིད་ཁྲོ་བོའི་རྒྱལ་པོ་ཡིན་པས་སྣོད་ནས་ཨརྒྷ་དབུལ་བར་བྱའོ། །དེ་ནས་

བདེ་གཤེགས་བསྟན་པ་ཡིས། །དམ་ཚིག་དག་ཅེས་པ་དེའི་འོག་ཏུ་དེ་བཞིན་གཤེགས་པས་གསུངས་པའི་དམ་ཚིག་གི་སྔགས་ཡི་གེ་བཅུ་བདུན་པ་བརྗོད་པར་བྱའོ། །དེའི་འོག་ཏུ་ག་ཛ་ག་ཛ་ཞེས་བརྗོད་པར་བྱའོ། །ཁྲོ་བོའི་རྒྱལ་པོ་དེ། དེ་བཏང་ནས་ནི་ས་ལ་

འགྱེལ། །ཞེས་པའོ། །བཞུད་པར་འགྱུར་ཞེས་པ་ཁྲོ་བོའི་རྒྱལ་པོ་དེ་ཡང་ཞེས་པའོ། །དེ་ནས་སྣོད་ནི་བསླང་ནས་སུ། །ཞེས་པ་གཞོན་ནུ་ས་ལ་འགྱེལ་པ་དེ་བསླང་ནས་ཁྲུས་བྱའོ། །ཟན་ཟ་བར་བཅུག་ཅེས་པ་གཞོན་ནུ་དེ་ཁ་ཟས་ཟོས་ནས་ཀྱང་ཞེས་པའོ། །མཆོད་

པ་བྱས་ཞེས་པ་ཁ་ཟས་ཀྱིས་མཆོད་ཅེས་པའོ། །སླར་བཏང་ངོ་ཞེས་པ་ཇི་སྐད་བཤད་པའི་ཆོ་ག་རྣམས་ཀྱིས་ཞེས་པའོ། །སྣོད་ལ་དབབ་པར་བྱས་ནས་ནི། །ཞེས་པ་ལ་སོགས་པ་གཞོན་ནུ་ལ་སྔར་ཕབ་ནས། འོག་ནས་འབྱུང་བའི་ལས་རྣམས་ལས་གང་དང་གང་བྱས་ན་ལས་དེ་དག་

གྲུབ་པར་འགྱུར་བའི་ལས་ཟིན་པ་དེ་ནས་ལས་དེ་བྱ་བར་རུང་ན་གདོད་ལས་བྱའོ། །ནད་པ་ལ་སྔགས་གདབ་པ་ལ་སོགས་པ་སྔགས་ཀྱི་ཆོ་ག་བྱའོ། །ཆོ་ག་ལ་ཡང་ཆོ་ག་འདི་སྦྱར་བར་བྱའོ། །རྒྱལ་པོ་དབང་དུ་བྱེད་པར་འདོད་ན། །དེ་ཚེ་རི་མོའི་སྤྱན་སྔ་རུ། །ཞེས་པ་དབང་དུ་བྱ་

བའི་ཚེ་རི་མོའི་སྤྱན་སྔར་སྐྱང་ནུལ་བྱ་སྟེ་བསྟར་བའི་སྟེང་དུ་དུར་ཁྲོད་ཀྱི་ཐལ་བ་སྐམ་པོ་དེའི་ཕྱེ་མས་རྒྱལ་པོ་དེའི་སྐུ་གཟུགས་བྲིས་ལ་སྔགས་དང་ཕྱག་རྒྱས་བཀུག་སྟེ། གཅིག་ཏུ་བྱས་པ་དེའི་སྙིང་གར་སྐྱིལ་མོ་ཀྲུང་དུ་འདུག་སྟེ་ཡིད་ཀྱིས་མ་ཡེངས་པར་ཁྲི་བྱའོ། །འདིར་ཡང་

เล่ม ๗๐ · หน้า 238b

དེར་སྔགས་བཟླས་པའི་བསྐུལ་ཚིག་ཀྱང་འདི་ལྟར་བཅུག་སྟེ་བཟླས་སོ། །དེ་ཡི་མིང་ནི་ཆོ་ག་བཞིན། །ཞེས་པ་ལ་སོགས་པ་རྩ་བའི་སྔགས་ཀྱི་མཐའ་བྷཉྫ་ཧཱུཾ་ཞེས་བྱ་བའི་མིང་བཅུག་སྟེ། མ་ཤ་མ་ན་ཡ་སྭཱ་ཧཱ། ཞེས་བརྗོད་དོ། །ཕཊ་ཀྱི་སྐྱིན་པར་ཡང་སྭཱ་ཧཱ་བྱིན་ཏེ་བཟླས་

པའོ། །འདི་ནི་ཁྲོ་བོས་དབང་དུ་བྱ་བའི་སྦྱོར་བ་བཤད། དེ་ནས་མཛའ་སྡུག་སྐྱེ་བོ་བཏང་། །ཞེས་པ་ལ་སོགས་པ་དེ་ནས་རྒྱལ་པོ་དེ་དབང་དུ་འགྱུར་ཏེ། དབང་དུ་བྱས་ནས་ཀྱང་རྒྱལ་པོ་དེ་རང་གི་སྣ་ཆེན་དང་ཕལ་པ་དག་ལ་མི་ཕྱོགས་པར་རྒྱལ་པོ་ཉིད་ནོར་དག་གིས་ཐེ་ཚོམ་

མེད་པར་བྲན་བཞིན་དུ་ལེགས་པར་བྱེད་དོ་ཞེས་པའོ། །དེ་བཞིན་བཟླས་པ་ཁྲི་བྱས་ན། །བྲམ་ཟེ་དག་ཀྱང་དབང་དུ་འགྱུར། །ཞེས་པ་གོང་དུ་བཤད་པའི་ཆོ་ག་བཞིན་དུ་བྱས་ནས་བསྐུལ་ཚིག་དང་ལྡན་པར་བཟླས་པ་ཁྲི་བྱས་ན་བྲམ་ཟེ་དབང་དུ་འགྱུར་རོ། །བྲམ་ཟེ་དག་

ཀྱང་བདག་ཀྱང་སྨྲང་འདོན་པ་གཞན་ཡང་འདོན་དུ་འཇུག་པ་ལ་སོགས་པའི་ཆོ་ག་དྲུག་དང་ལྡན་པས་བྲམ་ཟེའོ། །དེ་བཞིན་རིགས་གསུམ་ལ་ཡང་ཆོ་ག་བཞི་དང་གཉིས་དང་། གཅིག་དང་ལྡན་པར་སྤྱོད་པ་དང་ལྡན་པའི་རིགས་འོག་མ་གསུམ་མོ། །དམངས་རིགས་ལྟ་

བུ་ནི་ཕན་ཆད་ན་ཡང་ཞང་བློན་ཚོང་པ་ཡི་གེ་པ་དག་ལ་བྱ་སྟེ། འདི་དང་སྦྱར་ན་བོད་ཡུལ་ན་རྒྱལ་པོ་མན་ཆད་ཀུན་ཀྱང་དམངས་རིགས་སུ་ཉེའོ། །རྗེའུ་རིགས་དམངས་རིགས་མ་ལུས་པ། །ཞེས་པ་རྒྱལ་རིགས་ཀྱང་ཞེས་འབྱུང་སྟེ། ཕལ་པ་མ་ལུས་པ་ཐམས་ཅད་ལ་བྱ་ཞེས་

པའོ། །དྲུག་སྟོང་དག་གིས་ངེས་པར་འགྱུར། །ཞེས་པ་བསྐུལ་ཚིག་དང་ལྡན་པ་དག་དྲུག་སྟོང་དུ་བཟླས་ན་ཐེ་ཚོམ་མེད་པར་དབང་དུ་འགྱུར་རོ། །བུད་མེད་རྣམས་དང་བུ་མོ་ལ། །ཞེས་པ་སྔར་བཤད་པའི་ཆོ་ག་བཞིན་དུ་ཞེས་པའོ། །དེ་ནས་གཅིག་གི་གཟུགས་

བརྙན་ནི། །ཞེས་པ་མཛའ་བོ་གཉིས་ལས་གང་ཡང་རུང་བའི་གཟུགས་བྲིའོ། །སྙིང་ག་རུ་ཞེས་པ་སྔ་མ་བཞིན་དུ་བྱ་ཞེས་པའོ། །རྐང་པ་གཅིག་བཞག་ཙོག་པུར་འདུག །ཅེས་པ་རྐང་པ་གཡོན་པས་སྙིང་གར་མནན་ནས་སྔགས་པ་ཉིད་ཀྱང་ཙོག་ཙོག་པོར་འདུག་གོ་ཞེས་

เล่ม ๗๐ · หน้า 239a

པའོ། །དེ་ཡི་མིང་མཐར་སྦྱར་ནས་ཞེས་པ་རྩ་བའི་སྔགས་ཀྱི་མཇུག་ཏུ་ཞེས་པ། ཁྲོ་བོ་གཤིན་རྗེ་གཤེད་བཟླས་པས། །ཞེས་པ་རྩ་བའི་སྔགས་ལ་བྱའོ། །འདི་ལ་སྔར་འགྱུར་ཕཊ་ཅེས་བྱ། །ཞེས་པ་རྩ་བའི་སྔགས་ཀྱི་མཇུག་ཏུ་གཞུག་པར་བྱའོ། །དེ་ལྟར་སྡང་བར་བྱ་བ་

འདི། །ཞེས་པ་དེ་ལྟར་སྡང་བར་བྱ་བ་འདི་ལ་འབུམ་བཟླས་པར་བྱའོ། །དེ་ནས་སེམས་ཅན་རབ་འཇུག་པར། །ཞེས་པ་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པའོ། །དགྲ་ཡི་གཟུགས་བརྙན་མིང་སྨོས་ན། །དུར་ཁྲོད་ཐལ་བས་བྲིས་ནས་སུ། །ཞེས་པ་སྔར་བཤད་པ་བཞིན་དུ་

དགྲའི་གཟུགས་དུར་ཁྲོད་ཀྱི་ཐལ་བ་སྐམ་པོས་བྲི་བར་བྱའོ། །དེ་ལྟར་གཟུགས་བརྙན་བྲི་བའི་ཚེ་ཡང་དགྲ་དེའི་མིང་ནས་སྨོས་ཤིང་བྲིའོ། །དེ་ནས་སེང་ལྡེང་ཕུར་བུ་ལ། །ཞེས་པ་ཕུར་བུ་ཟུར་གསུམ་པ་ཞེས་སོ། །དེ་ཡི་སྙིང་གར་བཏབ་ནས་སུ། །ཞེས་པ་དགྲའི་གཟུགས་བརྙན་

དེའི་སྙིང་གར་གདབ་ཅེས་པའོ། །རྩ་བའི་སྔགས་ཀྱི་ཐ་མར་མིང་བཅུག་སྟེ་ཞེས་པའོ། །ཆེ་གེ་མོ་ཞིག་སོད་ཅིག་ཅེས། །ཞེས་པ་ལ་སོགས་པ་རྩ་བའི་སྔགས་བྷཉྫ་ཧཱུཾ་ཞེས་པའི་འོག་ཏུ་ཆེ་གེ་མོ་ཞིག་གྷ་ཏ་ཡ་ཧཱུཾ་ཕཊ་ཅེས་བྱ་བའི་ཚུལ་དུ་བསྐུལ་ཚིག་བཅུག་སྟེ་ཁྲི་བཟླས་

ཏེའོ། །གལ་ཏེ་དེ་ལྟར་བཟླས་བྱས་ན། །བྱ་བ་ནི་ཆོ་ག་དེ་ཡིས་ཞེས་པའོ། །འདི་ལ་རྣམ་པར་དཔྱད་མི་དགོས། །ཞེས་པ་འདི་ལ་འགྲུབ་མི་འགྲུབ་ཐེ་ཚོམ་ཟ་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །རྟག་ཏུ་བདེ་གཤེགས་བསམ་པར་བྱ། །ཞེས་པ་སྔགས་པ་རྟག་ཏུ་བྱང་ཆུབ་སེམས་

དང་ལྡན་པ་ལ་བྱའོ། །བསམ་པ་གདུག་པར་ཡོང་མི་བྱ། །ཞེས་པ་གོང་དུ་བཤད་པ་ལྟ་བུའི་ཁྲོ་བོ་ལ་ཡང་མི་བྱའོ། །དེ་ཡི་སྙིང་ལ་སྡུག་བསྔལ་དག །བསྐྱེད་ནས་གདུལ་བ་མ་གཏོགས་ཏེ། །ཞེས་པ་འོ་ན་དེ་དག་ཡང་མི་བྱའམ་ཞེ་ན་མ་ཡིན་ཏེ། དཀོན་མཆོག་གསུམ་ལ་གནོད་པ་དེ་གདུལ་

བའི་ཕྱིར་ཆོ་ག་དྲག་པོ་དེ་དག་བྱ་བ་ནི་མ་གཏོགས་ཏེ། དེ་ལྟ་བུ་དག་ལ་རེ་ཞིག་ནད་ལ་སོགས་པའི་སྡུག་བསྔལ་འདུལ་བའི་ཕྱིར་དྲག་པོ་བྱའོ་ཞེས་སོ། །ཞི་བ་དག་གི་ཆོ་ག་ཡིས། །དེ་ནས་ཞི་བ་དགེ་བར་བྱ། །ཞེས་པ་དེ་ལྟར་དྲག་ཤུལ་སྤྱད་པའི་ལས་གོང་དུ་བཤད་པ་རྣམས་ཀྱི་ཆོ་ག་དེ་ལྟ་བུ་

เล่ม ๗๐ · หน้า 239b

སྔར་བརྟུལ་ནས་ཕྱིས་ཞི་བའི་ཆོ་ག་བྱའོ། །ཞི་བའི་ཆོ་ག་བྱ་ན་ཡང་ཐལ་བའི་གཟུགས་བརྙན་དེ་ཕྱིས་ལ་ཕུར་བུ་ཡང་ཕྱུང་སྟེ་འོ་མས་བཀྲུའོ། །ཞི་བའི་བསྐུལ་ཚིག་དང་ལྡན་པར་སྔགས་བརྒྱ་རྩ་བརྒྱད་ཙམ་དུ་བཟླས་པ་བྱའོ་ཞེས་པའི་ཐ་ཚིག་གོ། །མངོན་པར་སྤྱོད་པ་སྤང་མི་བྱ། །ཞེས་

པ་སྔགས་པས་དྲག་ཤུལ་སྤྱོད་པའི་ལས་དེ་སྤོང་མི་བྱའོ་ཞེས་པའི་ཐ་ཚིག་གོ། །སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར། །བདེ་གཤེགས་བསམ་པས་བྱ་བར་བསྟན། །སེམས་ཅན་སྡིག་པ་ཆེ་བ་རྣམས་ལ་སྙིང་རྗེ་སྐྱེད་པ་ནི་བདག་ཉིད་ངན་སོང་སོང་ཡང་བླའི། སེམས་ཅན་

སྡིག་པོ་ཆེ་དེ་མི་བཏང་ངོ་ཞེས་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱས་ནས་སེམས་ཅན་མ་རུངས་པ་དེ་ལྟ་བུ་དག་གི་ཕྱིར་དྲག་ཤུལ་སྤྱོད་པའི་ལས་བྱ་བར་བསྟན་ཏོ། །དེ་བཞིན་གཤེགས་པས་ཅི་གསུངས་པའི། །ཞེས་པ་དེ་བཞིན་གཤེགས་པས་ཇི་སྐད་

གསུངས་པའི་དངོས་གྲུབ་རྣམས་ཞེས་པའོ། །དེ་བཞིན་དངོས་གྲུབ་མེད་པ་ཡི། །ཞེས་པ་ཡོན་ཏན་ལ་བྱ་ཞེས་པའོ། །དངོས་གྲུབ་འདོད་པ་ཐོབ་འདོད་ན། །ཞེས་པ་སྒྲུབ་པ་པོས་དངོས་གྲུབ་དེ་དག་ཐོབ་པར་འདོད་ན་དེ་ལྟར་དྲག་ཤུལ་སྤྱོད་པའི་ལས་མི་བྱའོ་ཞེས་སོ། །

བདེ་གཤེགས་བསམ་པ་གང་མེད་པ། །ཞེས་བྱང་ཆུབ་ཀྱི་སེམས་དང་མི་ལྡན་ན། དངོས་གྲུབ་ཐོབ་པར་མི་འགྱུར་རོ། །ཐོབ་ན་ཡང་ཉམས་པར་འགྱུར་རོ། །དེ་ནི་དངོས་གྲུབ་ཉམས་པར་འགྱུར། །ཞེས་པའོ། །མདོར་ན་བྱང་ཆུབ་སེམས་མེད་པར། །ཞེས་པ་ལ་སོགས་པར་

བྱང་ཆུབ་སེམས་དང་མི་ལྡན་ན། བརྟུལ་ཞུགས་དང་བཅས་པའི་དངོས་གྲུབ་མཆོག་ཇི་སྐད་གསུངས་པ་རྣམས་འགྲུབ་པར་མི་འགྱུར་རོ་ཞེས་པའོ། །གང་ཞིག་བདེ་གཤེགས་སེམས་ལྡན་པ། །ཞེས་པ་སྒྲུབ་པ་པོ་གང་ཞིག་བྱང་ཆུབ་སེམས་དང་ལྡན་ན་ཞེས་པའོ། །

བརྟུལ་ཞུགས་བཟང་པོ་མེད་པ་དང་། །ཞེས་པ་ལྷའི་བརྟུལ་ཞུགས་དང་ཞེས་པའོ། །དེ་བཞིན་དུ་གཟུགས་ལ་སོགས་པ་མེད་ཀྱང་། དངོས་གྲུབ་མཆོག་རྣམས་འདིས་ཐོབ་ཅིང་ཞེས་པ་རི་མོ་དང་ལུགས་མ་དག་མེད་ཀྱང་ཁྲུས་ལ་སོགས་ཕྱི་རོལ་གྱི་ཡོ་བྱད་རྣམས་མ་བྱས་ཤིང་

เล่ม ๗๐ · หน้า 240a

མ་སྤྱད་ཀྱང་དངོས་གྲུབ་མཆོག་རྣམས་སྒྲུབ་པ་པོ་དེ་ལྟ་བུ་དང་ལྡན་པས་ཐོབ་པར་འགྱུར་རོ་ཞེས་པའོ། །ཉོན་མོངས་མེད་པར་ཅི་འདོད་པར། །ཞེས་པ་དཀའ་བ་དག་མ་སྤྱད་པར་ཞེས་པའོ། །འདོད་པ་ཐམས་ཅད་རྙེད་པར་འགྱུར། །ཞེས་པ་སྔགས་པ་དེ་ལྟ་བུ་དེས་རྙེད་པར་

འགྱུར་ཞེས་པའོ། །སྔགས་པ་གང་ཞིག་བདེ་གཤེགས་བསམ་ལྡན་ཞིང་། །ཞེས་པ་བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་ཞེས་པའོ། །བློ་ནི་མ་རྨོངས་བརྟན་པ་ཡིས། །ཞེས་པ་སེམས་མི་འགྱུར་ཞིང་བརྟན་པའི་སྔགས་པ་དེ་ལྟ་བུ་འདི་འདྲ་བའི་ཡོན་ཏན་དང་ལྡན་པའི་བླ་ན་

མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱ་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒྲུབ་པ་པོས་དངོས་གྲུབ་མཆོག་རྣམས་བསྒྲུབས་ན་ཐོབ་པར་འགྱུར་རོ་ཞེས་པའོ། །དེ་ལྟར་ཤེས་ནས་དེ་ཡི་ཚེ། །ཞེས་པ་ཚུལ་དེ་ལྟར་ཤེས་ནས་དེའི་ཚེ་ཞེས་པའོ། །བདེ་གཤེགས་

ལམ་མཆོག་བསྟན་པར་བྱ། །ཞེས་པ་བྱང་ཆུབ་ཀྱི་སེམས་དེ་བསྟན་པར་བྱ་ཞེས་པའོ། །ཉོན་མོངས་སྡུག་བསྔལ་འཇིག་འགྱུར་བ། །ཞེས་པ་འཇིག་རྟེན་པའི་དངོས་གྲུབ་དང་མཚན་མ་ལ་ཞེན་པ་དག་ཅེས་པའོ། །དེ་ལྟར་སེམས་ཅན་གདུལ་བ་ཡི། །ལས་རྣམས་ཇི་

སྐད་གསུངས་པ་ཡིས། །ཞེས་པ་ལ་སོགས་པ་དེ་ལྟར་སེམས་ཅན་མ་རུངས་པ་རྣམས་གདུལ་བའི་རེ་ཞིག་འདུལ་བར་གསུངས་པའི་ལས་བྱ་བའི་ཆོ་ག་རྣམས་ཀྱང་ཉེས་པ་ཕྲན་ཚེགས་ཀྱི་ཕྱིར་སྦྱར་བར་མི་བྱའོ། །དཀོན་མཆོག་བསྲུང་བའི་དོན་དུ་ལས་དེ་དག་ལ་སྦྱར་བར་

བྱའོ། །དེ་བས་ན་ཉེས་པ་ཕྲན་ཚེགས་དང་ཞེས་འཁོན་བྱུང་བ་དང་ལ་སོགས་པ་ཙམ་གྱི་ཕྱིར་དྲག་ཤུལ་སྤྱད་པའི་ལས་དེ་དག་སྦྱར་བར་ཡང་ཡང་མི་བྱའོ། །འདི་དག་གང་ཡང་རུང་བར་ནི། །ཞེས་པ་ལས་འདི་དག་གནས་གང་ཡང་རུང་བར་དགར་ཞེས་པའོ། །དེ་བཞིན་འདོད་པ་

བྱེད་པ་ལ། །ཞེས་པ་ཆོ་ག་བཞིན་སྔགས་པས་ཇི་སྐད་གསུངས་པ་བཞིན་དུ་བཤད་པར་བྱའོ་ཞེས་པའོ། །དེར་ནི་དུར་ཁྲོད་ཐལ་བ་ཡིས། །མཁས་པས་དགྲ་ཡི་གཟུགས་བརྙན་བྲིས། །ཞེས་པ་སྔར་གོང་དུ་བཤད་པ་བཞིན་དུ་ཐལ་ཕྱེས་དགྲ་དགར་བ་གང་ཡིན་པ་དེའི་གཟུགས་

เล่ม ๗๐ · หน้า 240b

བརྙན་དེ་ཁྲོ་བོའི་སྤྱན་སྔར་བྲིའོ། །དེ་སྟེང་རྐང་གཉིས་འདུག་ནས་སུ། །ཞེས་པ་གཟུགས་བརྙན་བྲིས་པ་དེའི་སྟེང་དུ་རྐང་པ་གཉིས་ཀྱིས་མནན་ཏེ་ཙོག་པུར་འདུག་པ་ལ་བྱའོ། །སྐུ་གཟུགས་ཀྱི་སྤྱན་སྔར་གང་དགར་བར་བྱ་བའི་དགྲ་དེའི་མིང་བཅུག་སྟེ་ཨུ་ཙ་ཏ་ཡ་ཞེས་བྱ་བའི་རྩ་

བའི་སྔགས་ཀྱི་མཇུག་ཏུ་ཧཱུྃ་ཕཊ་ཅེས་བྱའོ། །གདོན་མི་ཟ་བར་བསྐྲད་པར་འགྱུར། །ཞེས་པ་ཐེ་ཚོམ་མེད་པར་བསྐྲད་པར་འགྱུར་རོ། །ཡང་ཐལ་བ་དེ་ཉིད་ཀྱིས་ཞེས་པ་དུར་ཁྲོད་ཀྱི་ཐལ་བ་དེ་ཉིད་ཀྱིས་སོ། །དགྲ་ཡི་གཟུགས་བརྙན་བྲིས་ནས་སུ། །སྔར་བཤད་པ་བཞིན་དུ་ཞེས་

པའོ། །དེ་ཡི་སྙིང་གར་རྐང་གཡོན་གྱིས། །ཞེས་པ་གཟུགས་བརྙན་དེའི་སྒྲུབ་པ་པོ་ཡིས་ཞེས་པའོ། །གདོན་མི་ཟ་བར་བརྫིས་ནས་སུ། །ཞེས་པ་ཐེ་ཚོམ་མེད་པར་ཞེས་པའོ། །ཉི་མ་ལ་ནི་ཁ་བལྟས་ལ། །ཞེས་པ་ཉི་མ་འཆར་ཀར་ཉི་མ་ལ་ཁ་བལྟས་ནས་རྩ་བའི་སྔགས་ཀྱི་

མཇུག་ཏུ་བྷཉྫ་ཧཱུྃ་ཞེས་བྱ་བའི་འོག་ཏུ་ཆེ་གེ་མོ་ཞིག་ལ་ཏ་པྲ་ཛྭ་རེ་གྲྀ་ཧ་ན་ཧཱུྃ་ཞེས་བཟླས་སོ་ཞེས་པའོ། །ཆོ་ག་སྔ་མ་བཞིན་བྱའོ། །ཞི་བར་མ་བྱས་ན། དེ་ལྟར་མ་བྱས་ཞག་བདུན་གྱིས། །གདོན་མི་ཟ་བར་འཆི་བར་འགྱུར། །ཞེས་པའོ། །དེ་ལ་སོགས་པའི་ལས་རྣམས་ནི། །

ཞེས་པ་དེ་ལ་སོགས་པ་དྲག་ཤུལ་གྱི་ལས་རྣམས་ཞེས་པའོ། །བདེ་གཤེགས་སེམས་དཔའ་སྤང་མི་བྱ། །ཞེས་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སོ། །འོ་ན་ཅི་ཞེ་ན། སེམས་ཅན་རྣམས་ནི་ཐམས་ཅད་ལ། །ཞི་བ་དང་ནི་རྒྱས་པ་བྱ། །ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན།

བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན། །རིང་པོར་མི་ཐོགས་འགྲུབ་པར་འགྱུར། །ཞེས་པ་བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན་གྱི་སྔགས་པས་ལས་བྱས་ན་ཞི་བ་དང་རྒྱས་པ་དག་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་མན་ཆད་དེ་བཞིན་གཤེགས་པའི་

དམ་ཚིག་སྔར་བཤད་ནས་ཞི་བ་ལ་སོགས་པའི་ལས་བྱ་བ་བཤད་པའི་ཕྱིར། དེ་ནས་སེམས་ཅན་ཐམས་ཅད་ནི། །ཞེས་པ་ལ་སོགས་པ་སྨོས་ཏེ། །བདེ་ཕྱིར་ཞི་བའི་ལས་རྣམས་ནི། །ཞེས་པ་བདེ་བ་ལ་དགོད་པའི་དོན་དུ་ཞི་བ་བྱ་ཞེས་པའོ། །ཇི་སྐད་གསུངས་པ་བཤད་པར་བྱ། །

เล่ม ๗๐ · หน้า 241a

ཞེས་ཁྲོ་བོས་ཇི་སྐད་གསུངས་པ་དེ་དག་འདིར་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མཆོད་རྟེན་འགྲམ་གྱི་དཀྱིལ་འཁོར་དུ། །ཞེས་པ། ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་དུ་མཆོད་པ་གཙང་མ་ཚུལ་བཞིན་དུ་མཆོད་པར་བྱའོ། །ཡང་དང་ཡང་དུ་ཕྱག་བྱས་

ནས། །ཞེས་པ་དུས་གསུམ་དག་ཏུ་དགེ་བ་ལའོ། །ཉིན་པར་དང་ནི་མཚན་མོ་ཡང་། །ཞེས་པ་སྲོད་དང་ཐོ་རངས་ཀྱི་དགེ་བ་ལ་ཡང་བྱ་ཞེས་པའི་དོན་ཏོ། །དཀོན་མཆོག་གསུམ་ལ་དེ་བརྟེན་ནས། །ཞེས་པ་ལྷག་པར་མོས་ཤིང་དེར་ཕྱོགས་པས་བརྟེན་ཞེས་པའོ། །བདེ་བར་

གཤེགས་པའི་བསམ་པ་བྱ། །ཞེས་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱ་ཞེས་པའོ། །འདི་ཡིས་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་སྡུག་བསྔལ་བདེར་གྱུར་ཅིག །ཅེས་པ་ཕྱག་བྱ་བ་དེ་དང་། ཉིན་མཚན་གྱི་དགེ་བ་སྤྱད་པ་ལ་སོགས་པས་འདི་སེམས་ཅན་ཐམས་ཅད་

སྡུག་བསྔལ་དང་བྲལ་བར་བདེ་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བར་བྱའོ། །འདི་དག་ནི་སྔོན་དུ་སྤྱད་པའི་དགེ་བའི་ཚེ་བྱའོ་ཞེས་པའོ། །དེ་ཡི་དངོས་གྲུབ་ཅུང་ཟད་གང་། །ཞེས་པ་དེ་ལྟར་དགེ་བ་སྤྱོད་པ་དེ་ཡིས་ཕྲ་མོ་དག་ཀྱང་ཐོབ་པར་འགྱུར་ཞེས་པའོ། །མཁས་པ་དག་

གིས་ཕན་པར་བྱ། །ཞེས་པ་དེ་ལྟར་ཡི་དམ་དུ་བཅའ་བར་བྱའོ་ཞེས་པའོ། །མཁས་པས་མཆོད་རྟེན་ལས་བྱས་ཤིང་། །ཞེས་པ་འཛབ་ལས་འབྱུང་ཀར་དགེ་བ་འདི་དག་བྱའོ་ཞེས་པའོ། །དགེ་བ་ཆུང་ངུ་ཟིན་ཀྱང་སྐབས་འདི་དག་ཏུ། དངོས་གྲུབ་མཆོག་ནི་ཐོབ་འདོད་པའི། །སྒྲུབ་

པ་པོ་དེས་དགེ་བ་དེ་དག་གིས་ཀྱང་སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པར་བསྔོ་བ་ནི། རྟག་ཏུ་སེམས་ཅན་རྣམས་ལ་བསྔོའོ་ཞེས་པའི་དོན་ཏོ། །འདི་ལྟར་དེ་ནི་བྱང་ཆུབ་སེམས། །ཆོས་ཀྱི་དོན་དུ་ཡུལ་དུ་གྱུར། །ཞེས་པ་

ཚུལ་དེ་ལྟར་སྤྱོད་པ་དེ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱས་ཏེ། སྒྲུབ་པ་པོ་དེས་ཆོས་ཉིད་ཁོང་དུ་ཆུད་ཅིང་རྟོགས་ཞེས་པའི་དོན་ཏོ། །བྱང་ཆུབ་སེམས་རྣམས་ཉེར་བསྟན་པའི། །མཚན་ཉིད་རབ་ཏུ་བསྟན་པ་ཡིན། །ཞེས་པ་སྔོན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྤྱད་

เล่ม ๗๐ · หน้า 241b

ཅིང་ཉེ་བར་བསྟན་པའི་བྱང་ཆུབ་སེམས་ཀྱི་མཚན་ཉིད་དེ་ལྟར་བསྟན་ཏེ། དེ་ལྟར་བློ་གྲོས་བསྟན་བྱས་ནས། །ཞེས་པ་སྒྲུབ་པ་པོས་ཞེས་པའོ། །དགེ་བ་དག་ནི་སྤེལ་བར་བྱ། །ཞེས་པ་གོང་དུ་བཤད་པའི་ཚུལ་དེ་ལྟར་དགེ་བ་རྒྱ་ཆེར་སྤེལ་ལོ་ཞེས་པའོ། །སེམས་ཅན་རྣམས་ལ་

ཡོངས་སུ་བསྔོ། །ཞེས་པ་བདག་གི་དགེ་བ་ཅུང་ཟད་ཅི་སྤྱད་པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་གྱི་ཕྱིར་བསྔོ་ཞེས་པའོ། །སྔགས་པས་བདེ་གཤེགས་སེམས་ལྡན་གང་། །ཞེས་པ་བྱང་ཆུབ་སེམས་དང་ལྡན་པའི་སྔགས་པ་གང་གིས་གོང་དུ་བཤད་པའི་ཚུལ་དེ་ལྟ་བུར་དུས་

ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ཞེས་པའོ། །ཞི་བ་དང་ནི་རྒྱས་པ་འཕེལ། །ཞེས་པ་ཞི་བ་དང་ནི་རྒྱས་པ་འཕེལ་བར་འགྱུར་རོ་ཞེས་པའོ། །ཐོག་མར་དཀོན་མཆོག་གསུམ་པོ་ལ། །གདོད་ནས་བཤད་དོ་ཞེས་པའོ། །དཀར་པོ་མཆོག་གིས་མཆོད་པར་

བྱ། །ཞེས་པ་ཡོན་ཏན་དང་ལྡན་པའི་མེ་ཏོག་དཀར་པོས་མཆོད་ཅེས་པའོ། །མཆོད་པ་བྱས་ནས་འདི་དག་ཏུ། །ཞེས་པ་སྐབས་འདིར་ལས་བྱ་བའི་བཟླས་བརྗོད་ཆོ་ག་བཞིན་དུ་བྱའོ། །བདེ་ཞིང་སྟན་ལ་བདེ་བར་འདུག །ཅེས་པ་སེམས་ཉམས་པར་མི་འགྱུར་བ་དང་ཉམས་

པར་མི་འགྱུར་བ་ལ་བྱ་ཞེས་པའོ། །རབ་ཏུ་དང་ཞིང་བདེ་གཤེགས་སེམས། །ཞེས་པ་སེམས་རབ་ཏུ་དང་ཞིང་བྱང་ཆུབ་སེམས་དང་ལྡན་པར་ཞེས་པའོ། །དེ་མིང་སྨོས་ཤིང་ཞིར་འགྱུར་ཞེས། །ཞེས་པ་གང་ཞི་བར་བྱ་བ་དེའི་མིང་སྨོས་ཤིང་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པའོ། །

ཁྲོ་བོའི་ཚིག་གིས་མཐའ་སྦྱར་ཏེ། །ཞེས་པ་རྩ་བའི་སྔགས་ལ་བྷཉྫ་ཧཱུཾ་ཞེས་བྱ་བའི་འོག་ཏུ་སྦྱར་ཏེ། ཐ་མར་བཽ་ཥཊ་བཅུག་སྟེ་བཟླས་སོ་ཞེས་པའོ། །གང་ཡང་རུང་བ་ཅིག་ལ་ནི། །ཞེས་པ་གང་རུང་བ་ཅིག་ཞི་བར་བྱ་བ་ལ་ཞེས་པའོ། །དེ་ལྟར་ཚུལ་དེ་ལྟར་བཟླས་ཞེས་པའོ། །

ཡུལ་ཞེས་པ་ལྗོངས་གཅིག་ལ་བྱའོ། །ཡུལ་གྱི་ཕྱོགས་དག་ཅེས་པ་ཡུལ་ཕྱོགས་གཅིག་པ་ཞེས་པའོ། །རྒྱལ་པོ་དག་ལ་ཉིས་འགྱུར་བྱ། །ཞེས་པ་དེ་དག་ཉིས་སྟོང་དུ་བྱ་ཞེས་པའོ། །འདི་དག་ཞི་བར་བྱ་བའི་ཕྱིར། །བ་ལང་དག་ལ་སྟོང་དུ་བཟླས། །ཞེས་པའོ། །ར་ལུག་

เล่ม ๗๐ · หน้า 242a

དང་ནི་མ་ཧེ་ལ། །འདི་དག་ཞི་བར་བྱ་བའི་ཕྱིར། །རྟག་པར་སྟོང་དུ་བཟླས་པར་གསུངས། །ཞེས་པའོ། །ཡང་ན་ལུས་ཅན་ཐམས་ཅད་ལ། །ཞེས་སེམས་ཅན་ཐམས་ཅད་ལ་ཞེས་པའོ། །བྱང་ཆུབ་སེམས་དང་ལྡན་པ་ལ། །ཞི་བའི་མཆོག་ཏུ་ངེས་པར་འགྱུར། །

ཞེས་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྔགས་པས་ཞི་བའི་ལས་དེ་དག་བྱས་ན། ཞི་བའི་མཆོག་ཏུ་འགྱུར་བར་ཐེ་ཚོམ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་རྒྱས་པའི་ལས་བཤད་པའི་ཕྱིར། །དེ་བཞིན་དུ་ནི་རྒྱས་འགྱུར་བ། །ཞེས་པ་ལ་སོགས་པ་སྨོས་ཏེ། དེ་བཞིན་དུ་ནི་

རྒྱས་འགྱུར་བ། །ཞེས་པ་ལ་སོགས་པ་ཆོ་ག་འདི་བྱ་བའི་རིམ་པ་ནི་མདུན་གྱི་སྣོད་ཀྱི་ནང་ན་འོ་མ་ཡོད་པ་ལ་འོ་མའི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབ་པོ། །ཆུ་ལྷ་སྤྱན་དྲངས་པའི་ཀུན་སྦྱིན་ནི། བ་རུ་ཎ་འཁོར་དང་བཅས་པ་ཉིད་ཀྱི་ཕྱག་རྒྱ་དང་སྔགས་ཀྱིས་སྤྱན་དྲངས་ནས། མཆོད་

པ་ལ་སོགས་པ་དང་། བསང་གཏོར་བྱ་བ་དག་ཚུལ་བཞིན་དུ་བྱས་ནས་དང་པོར་མངར་གསུམ་གྱིས་དགང་བླུགས་ཚུལ་བཞིན་དུ་གསུམ་མམ་བདུན་དུ་དབུལ་ལོ། །དེའི་འོག་ཏུ་མེ་ཏོག་ལས་ཀྱང་གྲངས་དེ་དག་དང་འདྲ་བ་དབུལ་ལོ། །དེ་ནས་བསང་གཏོར་བྱས་ཏེ་ཆུ་ལྷ་ནུབ་

ཕྱོགས་སུ་བཞུགས་སུ་གསོལ་ལོ། །ཆུའི་ཀུན་སྦྱིན་དང་མེ་ཏོག་དག་སྦྱིན་པའི་ཚེ། ཆུ་ལྷ་བ་རུ་ཎ་སྤྱན་དྲངས་ཏེ་འདི་ལྟར་བྱ་བ་པདྨ་བྱཱུ་ཧ་ཞེས་བྱ་བའི་རྒྱུད་ལས་འབྱུང་ངོ་། །དེའི་འོག་ཏུ་འོ་མའི་རྒྱ་མཚོ་ཆེན་པོ་དེའི་དབུས་སུ་པདྨ་ཆེན་པོ་བསམས་ཏེ། དེའི་དབུས་སུ་ཁྲོ་བོ་

བསམས་ཏེ། སྤྱན་དྲངས་ཏེ་ཁྲོ་བོ་དེ་ལ་དང་པོར་མངར་གསུམ་གྱི་དགང་བླུགས་ཕུལ་ཏེ། དེའི་འོག་ཏུ་མེ་ཏོག་རྣམས་ཚུལ་བཞིན་དུ་དབུལ་ལོ་ཞེས་བཤད་དོ། །ཁ་དོག་ནི་ལས་རྣམ་བཞི་སྦྱར་རོ། །སྤྱན་སྔར་ཞེས་པ་མདུན་དུ་རི་མོ་བྲི་སྣོད་དུ་དབུལ་ཞེས་པ་མེ་ཏོག་གོ། །

རྒྱས་པ་ལ་ཡང་མེ་ཏོག་དཀར་པོ་ཡོན་ཏན་ལྡན་པ་བཟང་པོ་ཙནྡན་དཀར་པོའི་འདེ་གུས་བསྒོས་པའི་མེ་ཏོག་སྟོང་ཁྲོ་བོའི་སྤྱན་སྔར་གསེར་དང་དངུལ་དང་ཟངས་ཀྱི་སྣོད་གང་འབྱོར་བར་འོ་མ་བླུགས་པའི་སྟེང་དུ་མེ་ཏོག་རེ་རེ་ལ་སྔགས་ལན་རེ་རེ་སྦྱར་ཏེ། སྔགས་བརྗོད་ཅིང་འོ་མས་

เล่ม ๗๐ · หน้า 242b

བཀང་བའི་སྣོད་དུ་བླུགས་སོ། །སྟོང་གིས་རབ་ཏུ་རྒྱས་པར་འགྱུར། །སྙིང་ལ་རབ་ཏུ་དགའ་འགྱུར་བའི། །ཞེས་པའི་ཚུལ་དེ་ལྟར་མེ་ཏོག་སྟོང་ཕུལ་ན་གང་རྒྱས་པར་བྱ་བ་དེ་རྒྱས་པར་འགྱུར་རོ། །སྙིང་ལ་རབ་ཏུ་དགའ་བའི་ཚུལ་གྱིས་རྒྱས་པར་འགྱུར་བའི་རྒྱས་པའི་ལས་

བྱེད་འདོད་ན་ཞེས་པའོ། །གང་ཡང་རུང་བ་དེ་ཡི་མིང་། །ཞེས་པ་གང་རྒྱས་པར་བྱ་བ་དེའི་མིང་སྨོས་པ་ནི། ཆོ་ག་བཞིན་དུ་མཐའ་མར་སྦྱར། །ཞེས་པ་དེ་པུཥྚིཾ་ཀུ་རུ་བཽ་ཥཊ་ཅེས་སྦྱར། རྩ་བའི་སྔགས་ཀྱི་ཧཱུྃ་ཞེས་པའི་འོག་ཏུ་སྦྱར་བ་བསྐུལ་ཚིག་གཞུག་པའི་ཐབས་ནི་ཚུལ་དེ་བཞིན་

དུ་ལས་གཉིས་ཀ་ལ་འདྲ་བར་སྦྱོར་རོ་ཞེས་པའི་དོན་ཏོ། །མེ་ཏོག་ཡིད་དུ་འོང་བ་རྣམས། །འོ་མར་བླུགས་པར་བྱས་པ་གང་། །ཞེས་པ་གསུམ་པ་ནི་ཞེས་བྱ་སྟེ་མེ་ཏོག་གི་མིང་ཡིད་དུ་འོང་བའི་མེ་ཏོག་ལ་སྟོང་སྔ་མ་བཞིན་དུ་འོ་མས་བཀང་བའི་སྣོད་ཀྱི་ནང་དུ་དབུལ་ལོ། །ཚུལ་དེ་

ལྟར་བྱས་ན་རྒྱས་པར་འགྱུར་རོ། །ཡང་སྤྱིར་མེ་ཏོག་དཀར་པོའམ། །སེར་པོ་ཡིད་དུ་འོང་བ་བཟང་པོ་ཡོན་ཏན་དང་ལྡན་པ་དབུལ་བར་བྱ་སྟེ། མེ་ཏོག་ཙམ་གྱིས་ཁྱད་པར་གྱི་སྒོ་ནས་རྒྱས་པའི་ལས་གཉིས་སུ་ཡང་བཤད་པ་ཡང་རུང་བ་དེ་གཉིས་སུ་གཅིག་ཏུ་ཡང་རུང་ངོ་ཞེས་བྱ་བའི་དོན་

ཏོ། །ད་ནི་དཔལ་ལ་སོགས་པ་སྒྲུབ་པ་བཤད་པའི་ཕྱིར། དེ་ནས་གཞན་ཡང་དཔལ་འདོད་ན། །ཞེས་པ་ལ་སོགས་པ་སྨོས་སོ། །དེ་ནས་གཞན་ཡང་དཔལ་འདོད་ན། །ཞེས་པ་ལ་སོགས་པ་ལ་རྒྱལ་པོ་དང་ལོངས་སྤྱོད་སྒྲུབ་འདོད་ན་སྔར་བཤད་པ་བཞིན་དུ་སྐུ་གཟུགས་བཀྲམ་

ལ་མེ་ཏོག་ཡིད་དུ་འོང་བ་ཞེས་བྱ་བའི་མེ་ཏོག་ཙནྡན་དཀར་པོས་གཏོར་ཏེ་བསྒོས་པའི་མེ་ཏོག་གིས་མཆོད་དོ། །སྤྱིར་མེ་ཏོག་ཡིད་དུ་འོང་བ་བཟང་པོ་ལ་ཡང་བྱ་ཞེས་པའོ། །བདུག་པ་དག་གི་སྔགས་ཀྱིས་དབུལ། །ཞེས་པ་བདུག་པའི་སྔགས་ཀྱིས་ཞེས་པའོ། །ཉིན་རེ་དེ་ལྟར་

བྱས་ནས་སུ། །ཞེས་པ་དུས་གསུམ་དུ་ཚུལ་དེ་ལྟར་མཆོད་པ་བྱས་ནས་མཆོད་པ་དེ་ལྟ་བུའི་བཟླས་པ་བྱའོ་ཞེས་སོ། །མཐའ་མ་དག་ཏུ་སྦྱར་ནས་སུ། །དེ་ནས་ནཱ་མ་སྭཱ་ཧཱར་ལྡན། །ཞེས་པ་རྩ་བའི་སྔགས་བྷཉྫ་ཧཱུྃ་ཞེས་བྱ་བའི་འོག་ཏུ་ཤྲཱི་རི་ཕྲ་མ་མེ་སཾ་པྲ་པ་ཡཙྪ་ནཱ་མ་སྭཱ་ཧཱ། ཞེས་བྱ་བའི་

เล่ม ๗๐ · หน้า 243a

ཚུལ་དུ་བསྐུལ་ཚིག་བཅུག་སྟེ་སྔོན་དུ་བསྙེན་པ་ཁྲི་བྱའོ་ཞེས་པའོ། །དེ་ནས་རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ནང་དུ་སོང་ནས་ནི། ལྟེ་བ་ནུབ་པར་ཆུར་འདུག་ནས། །ཞེས་པ་དེ་ནས་བསྒྲུབས་ཏེ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་སོང་ནས་བདག་ཉིད་ཁྲུས་བྱས་ཏེ་སྦྱོར་བ་

བྱས་ཏེ་སྦྱོར་བ་བྱས་ནས་ལྟེ་བ་ནུབ་ཙམ་དུ་ཆུར་ཞུགས་ཏེ་འགྲེང་བ་ལ་བྱ་ཞེས་པའོ། །མེ་ཏོག་པུཎྜ་རཱི་ཀ་དང་། །ཞེས་པ་པདྨ་དཀར་པོ་ཞེས་པའོ། །ཙནྡན་དཀར་པོས་བསྐུས་ནས་སུ། །ཞེས་པ་གཏོར་ཏེ་བསྒོས་ཏེ་ཞེས་པའོ། །བཟླས་ཤིང་བཟླས་ཤིང་ཆུར་དབུལ་བ། །བློ་དང་ལྡན་

པས་འབུམ་བྱས་ནས། །ཞེས་པ་མདུན་དུ་ལྷ་སྤྱན་དྲངས་ཏེ་དེ་ལ་མེ་ཏོག་དབུལ་ལོ། །ལན་ཅིག་གིས་མ་རྫོགས་ན་དུས་གསུམ་དུ་ཡང་དབུལ་ལོ། །མེ་ཏོག་པདྨ་དཀར་པོ་ཡང་སྔགས་བརྗོད་ཅིང་དབུལ་ལོ། །དེ་ཡི་མཇུག་ཏུ་དཔལ་ཆེན་ཐོབ། །ཅེས་པ་རྒྱལ་རིགས་ཅན་

ལ་རྒྱལ་པོ་ཐོབ་པར་མོས་པ་ཞིག་གིས་དེ་ལྟར་བྱས་ན་རྒྱལ་པོ་ཐོབ་པོ། །ལོངས་སྤྱོད་ཐོབ་པར་འདོད་ན། །མཆོད་པ་བྱས་ནས་བསྙེན་པ་ཁྲི་བྱས་པ་ལ་སོགས་པ་སྔར་བཤད་པ་བཞིན་དུ་བྱས་ནས་ཆུ་ཀླུང་གི་ནང་དུ་ཞུགས་ཏེ། པདྨོ་དབུལ་བ་ཆུ་ཀླུང་གི་ནང་དུ་པདྨོ་དམར་པོ་འབུམ་དབུལ་

ལོ། །དེ་ལྟ་བུ་ཟིན་པའི་འོག་ཏུ་ཆོ་ག་དེ་ལྟར་བྱས་ན་ཐེ་ཚོམ་མེད་པར་ཐོབ་པར་འགྱུར་རོ། །རྩ་བའི་སྔགས་བྷཉྫ་ཧཱུྃ་ཞེས་བྱ་བའི་འོག་ཏུ་ཧི་མ་མེ་པྲ་ཡཙྪ་ནཱ་མ་སྭཱ་ཧཱ་ཞེས་བཟླས་སོ་ཞེས་བྱ་བའི་དོན་ཏོ། །ཆོ་ག་འདི་དག་འདི་ཉིད་ཀྱིས། །ཞེས་པ་སྔར་བཤད་པ་བཞིན་དུ་བྱ་ཞེས་པའོ། །

བཟླས་ཤིང་བཟླས་ཤིང་སྔ་མ་བཞིན། །ཞེས་པ་སྔ་མ་བཞིན་དུ་ཆུ་ཀླུང་དུ་དབུལ་ལོ་ཞེས་པའོ། །ཆོ་ག་གསུངས་པ་བཞིན་གནས་པའི། །སྔགས་པ་ངེས་པར་དེ་ཡི་མཐར། །ཞེས་པ་ཇི་སྐད་གསུངས་པའི་ཚུལ་བཞིན་གནས་པའི་སྔགས་པས་ཆོ་ག་དེ་ཟིན་པའི་འོག་ཏུ་དེ་ནས་ཐེ་

ཚོམ་མེད་པར་བྱེད་ན། རང་འབུམ་ཐོབ་པར་འགྱུར་རོ། །རྩ་བའི་སྔགས་ཧཱུྃ་ཞེས་བྱ་བའི་འོག་ཏུ་ད་ནི་རྨཱ་མེ་པྲ་ཡཙྪ་ན་སྭཱ་ཧཱ་ཞེས་བཟླས་སོ་ཞེས་སོ། །འདི་ལ་རྣམ་པར་དཔྱད་མི་བྱ། །ཞེས་པ་འགྲུབ་པའམ་མི་འགྲུབ་ཅེས་ཐེ་ཚོམ་མི་བྱའོ་ཞེས་པའོ། །དེ་སྟེང་དེ་ཡི་སྔ་མ་བཞིན། །

เล่ม ๗๐ · หน้า 243b

ཞེས་པ་ཆོ་ག་སྔ་མ་བཞིན་དུ་ཨ་ཏི་མུག་ཏ་ཀའི་མེ་ཏོག་ཅེས་སོ། །འབུམ་ནི་དབུལ་བར་བྱས་ནས་སུ། །ཞེས་པ་ཆུ་ཀླུང་དུ་དབུལ་བར་བྱ་ཞེས་པའོ། །གདོན་མི་ཟ་བར་གནོད་སྦྱིན་མ། །ཞེས་པ་ཐེ་ཚོམ་མེད་པར་དེའི་དབང་དུ་འགྱུར་ཞེས་པའོ། །ཆོ་ག་གང་འདིས་སྒྲུབ་པ་པོས། །ནོར་ཆེན་དག་

ཀྱང་འཐོབ་པར་འགྱུར། །ཞེས་པ་ཆོ་ག་འདི་བྱས་པས་གནོད་སྦྱིན་མོ་དབང་དུ་འགྱུར་བར་མ་ཟད་ཀྱི་ནོར་ཆེན་དག་ཀྱང་ཐོབ་པོ། །སྔ་མ་བཞིན་དུ་ཡཀྴ་ནི་མ་མེ་པཱ་ཤཾ་ཀུ་རུ་ནཱ་མ་སྭཱ་ཧཱ་ཞེས་བཟླས་སོ། །དེ་སྟེ་སྔ་མ་བཤད་པ་བཞིན། །ཞེས་པ། ཆོ་ག་སྔ་མ་བཞིན་དུ་བྱ། །ཞེས་པའོ། །མེ་ཏོག་

ཛཱ་ཏི་བཟང་པོ་ནི། །ཞེས་པ་སྲི་ཤིང་སྣ་མའི་མེ་ཏོག་ཅེས་པའོ། །ཙནྡན་ཞེས་པ་དཀར་པོ་ཙནྡན་གྱིས་བསྐུས་པ་རྣམས་ཞེས་པའོ། །ཆུ་ཡི་ནང་དུ་ཕུལ་ན་ནི། །ཞེས་པ་སྔ་མ་བཞིན་དུ་དབུལ་ཞེས་པའོ། །ས་ཡི་སྟེང་ན་འདོད་པ་ཐོབ། །ཅེས་པ་སའི་སྟེང་ན་གང་འདོད་པའི་

ཚུལ་དེ་ལྟར་སྒྲུབ་པ་ན་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཡང་ན་པདྨ་དཀར་པོ་ནི། །ཞེས་པ་སྔར་བཤད་པ་བཞིན་དུ་སྔོན་དུ་བསྙེན་པ་ཁྲི་བྱས། དེའི་འོག་ཏུ་ཆོ་ག་འདི་བརྩམས་ཏེ། སྔ་མ་བཞིན་དུ་རྒྱས་པའི་ཞུགས་ཐབ་བརྐོས་ཏེ་བྱས་ལ་དེར་མེ་ལྷ་གཉེར་ཏེ་ཀུན་སྦྱིན་དབུལ་

བ་དང་། པདྨ་ཉིད་ཡང་གསུམ་མམ་བདུན་དབུལ་ལོ། །དེ་ནས་མེ་ལྷ་བསངས་ནས་ཤར་ལྷོའི་མཚམས་སུ་བཞག་ལ་ལྷ་སྤྱན་དྲངས་ཏེ་ཀུན་སྦྱིན་སྲེག་ལ་སོགས་པ་དབུལ་བ་བྱས་ནས། དེའི་འོག་ཏུ་གཟོད་པདྨ་དཀར་པོ་མངར་གསུམ་ལ་སྦགས་པ་འབུམ་དབུལ་ལོ། །ཆོ་ག་

འདི་ལྟར་སྦྱར་བར་བྱ་བ་འོག་ནས་འབྱུང་བ་ཀུན་ལ་ཡང་སྦྱར་རོ་ཞེས་པའི་ཐ་ཚིག་གོ། །མངར་གསུམ་ཞེས་པ་འོ་མ་སྦྲང་རྩི་མར་ཞེས་སོ། །མེ་འབར་ནང་དུ་ལེགས་པར་བསྲེག །ཞེས་པ་ཚུལ་བཞིན་དུ་སྦྱིན་སྲེག་བྱ་བ་ལ་སོགས་པ་ཆོ་ག་དེས་ན་ལྷ་མོ་བཟང་མོ་ཞིག་མཐོང་

བར་འགྱུར་རོ་ཞེས་པའོ། །དེ་ཡིས་དེ་ལ་འདོད་མཆོག་དང་། །ནོར་དག་ཀྱང་ནི་སྟེར་བར་འགྱུར། །ཞེས་པ་ལྷ་མོ་དེ་ཡིས་སྒྲུབ་པ་པོ་དེ་ལ་འདོད་པའི་མཆོག་སྩོལ་བ་དང་ནོར་དག་ཀྱང་སོགས་པར་མཛད་དོ་ཞེས་པའོ། །བློ་དང་ལྡན་པའི་ཟས་ཀྱི་མཆོག །ཅེས་པ་འོ་མ་དང་

เล่ม ๗๐ · หน้า 244a

འབྲས་སཱ་ལུ་སྦྱར་བའི་ཟས་ཀྱི་ནང་དུ་མར་དང་སྦྲང་རྩི་བླུགས་ལ་བྱའོ་ཞེས་པའོ། །ཞག་བདུན་དུ་ནི་གཟར་བུ་ཡིས། །ཞེས་པ་ཟས་དེ་ལས་ཞག་བདུན་དུ་གཟར་བུ་ཆུང་ངུས་སྦྱིན་སྲེག་འབུམ་བྱའོ། །ཡང་ན་འབྲུ་རྣམས་ཐམས་ཅད་ཀྱིས། །ཞེས་པ་ཡང་ན་འབྲུ་

སྣ་ལྔ་ལ་སོགས་པ་འབྲུ་ཐམས་ཅད་ལ་བྱའོ། །སྦྱིན་སྲེག་དོན་རྣམས་ཐམས་ཅད་སྒྲུབ། །ཅེས་པ་འབྲུའི་སྦྱིན་སྲེག་བྱས་པས་གང་འདོད་པའི་ནོར་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་པའོ། །སྦྱིན་སྲེག་ཚིག་འབུམ་བྱས་པ་ཡིས། །ཞེས་པ། འབྲུ་རྣམས་ལས་གང་ཡང་

རུང་བ་སྣ་གཅིག་གིས་ཞེས་པའོ། །དེ་དག་ཉིད་ཀྱིས་མི་ཟད་འགྱུར། །ཞེས་པ་འབྲུ་གང་སྦྱིན་སྲེག་བྱས་པ་དེ་ཉིད་མི་ཟད་པར་འགྱུར་བ་ལ་བྱ། དོན་དེ་ནོར་འགྲུབ་པ་ལ་ཡང་བྱ་ཞེས་པའོ། །བིལ་བ་མར་ལ་ཞེས་པ། བིལ་བའི་འབྲས་བུ་མེར་བསྲེགས་པ་འབར་བ་ལ་

ཞེས་པ། གཟར་བུ་ཆུང་ངུས། བསྲེགས་ནས་ས་ཡི་བདག་པོ་ལས། ནོར་ཆེན་དག་ནི་ཐོབ་པར་འགྱུར། །ཞེས་པའོ། །དཱུར་བ་འཇག་མ་མ་གྲུགས་པས། །ཞེས་པ་ལ་སོགས་པ་བོད་ཡུལ་ན་ཡོད་པར་གྲགས་པ་ལ་བྱ་བ་སྐད་དུ་བཤད་དེ། རྩྭ་དཱུར་བའི་འཇག་མ་སྐམ་པོ་མ་ཡིན་པ།

རློན་པ་ལས་མ་ཆག་པ་མ་གྲུགས་པ་མ་གོད་པ་བཟང་པོ་ལས་རིང་ཐུང་ཇི་ཙམ་ཡང་རུང་བ་ལས། འོ་མ་ལས་སྦྲགས་ཤིང་སྦྱིན་སྲེག་འབུམ་བྱས་ན་ཚེ་རིང་པོར་འགྱུར་རོ། །སྔ་མ་བཞིན་དུ་རྩ་བའི་སྔགས་ཀྱི་མཇུག་ལ་ཨཱ་ཡུ་བརྟ་ཡ་ནཱ་མ་སྭཱ་ཧཱ་ཞེས་བཟླས་ན་ཚེ་རིང་བར་འགྱུར་རོ་ཞེས་

པའོ། །རྒྱ་སྐྱེགས་ཤིང་གི་མེ་དག་ལ། །དེ་བཞིན་ལན་རེ་མར་གྱི་ཧོམ། །ཞེས་པ་དུས་གསུམ་དུ་འབུམ་བྱས་ན་ཚེ་རིང་བ་དང་ཡིད་གཞུངས་པ་དང་གྲགས་པ་ཆེན་པོ་ལ་སོགས་པ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཟས་རྣམས་ཀུན་བསྲེགས་ནས། །ཞེས་པ།

འབྲས་སྣ་མང་པོ་ཡོད་པ་དེ་དག་ལ་ཟས་རྣམས་ཀུན་ཞེས་བྱའོ། །གཟར་བུ་ཆུང་ངུས་སྦྱིན་སྲེག་བྱའོ་ཞེས་པའོ། །དགུ་པའི་བཤད་པ་རྫོགས་སོ།། །།ཕྱི་མའི་ཡང་ཕྱི་མ་རྟོག་པ་འདི་ལ་རྣམ་པ་ལྔ་བཤད་དོ། །གླེང་བསླང་བ་དང་། སྔོན་དུ་བསྙེན་པའི་ཆོ་ག་དང་། རི་མོའི་སྐུ་གཟུགས་

เล่ม ๗๐ · หน้า 244b

ཀྱི་ཆོ་ག་དང་། སྒྲུབ་པ་ལ་འཇུག་པ་དང་། བསྒྲུབས་ནས་སྦྱིན་སྲེག་བྱ་བའོ། །དེ་ལ་དང་པོ་གླེང་བསླང་བ་བཤད་དེ། དེ་ནས་རྟོག་པ་ཐམས་ཅད་ཀྱི། །ཕྱི་མའི་ཕྱི་མ་ཞེས་བྱ་བ། །ཞེས་པ་གོང་དུ་བཤད་པ་རྣམས་ཀྱིས་ཆོ་ག་གོང་དུ་མ་བཤད་པ་རྣམས་ལེའུ་འདི་ལས་བཤད་པས་ཕྱི་མ་

ཞེས་བྱའོ། །སྦྱོར་བར་བཅས་པས་རྒྱས་པ་ཡི། །རྟོག་པ་འདི་ནི་བཤད་པར་བྱ། །ཞེས་པ་དེ་ཡང་སྦྱོར་བ་ཐབས་དང་བཅས་པར་རྒྱ་ཆེར་འགྲེལ་ཅིང་བཤད་པའི་རྟོག་པ་དེ་དང་དེ་འདིར་བཤད་ཅེས་པའོ། །འདི་དག་ནི་སྔར་གོང་དུ་བཤད་པའི་འཕྲོ་སྦྱོར་བའི་ཚིག་གོ། །དེ་བཞིན་བསྙེན་པ་

སྔོན་དུ་རྫོགས། །ཞེས་པ་ཕྱིའི་ཡོ་བྱད་རྣམས་ཞེས་པའོ། །རྟོག་པ་དག་ནི་འདི་ལྟར་ཟིན། །ཞེས་པ་ཆོ་ག་དེ་དག་གི་རྟོག་པ་དག་ནི་སྔར་བཤད་ཟིན་ཏོ། །སྔགས་མཆོག་དག་ནི་གང་གསུངས་པ། །ཞེས་པ་རྒྱུད་ཆེན་པོ་ལས་གསུངས་ཞེས་པའོ། །ད་ནི་སྔོན་དུ་བསྙེན་པ་ཞེས་བྱ་བའི་

ཆོ་ག་བཤད་དེ་དེའི་ཕྱིར། དེ་ཡི་ལས་ནི་ཆོ་ག་བཤད། །ཅེས་པ་གསུངས་ཏེ། ཐོག་མར་ཨོཾ་བཞག་ཆོ་ག་བཞིན། །ཞེས་པ་ཨོཾ་ཐོག་མར་བཞག་པ་ནི་ཡོངས་ཀྱིས་སྲིད་དེ་བཀྲ་ཤིས་པ་དང་གཟི་བྱིན་དང་ལྡན་པའམ་ཕྱག་འཚལ་བའི་དོན་ཏོ། །རི་མོའི་སྤྱན་སྔར་འདུག་ནས་སུ། །ཞེས་

པ་མདུན་དུ་རི་མོའི་སྐུ་གཟུགས་བཀྲམ་པའི་སྤྱན་སྔར་འདུག་ནས་འབུམ་ཕྲག་བཅུར་བཟླས་པ་བྱ་ཞེས་པའོ། །ད་ནི་རི་མོའི་སྐུ་གཟུགས་ཀྱི་ཆོ་ག་བཤད་དེ། དེའི་ཕྱིར། དེ་ནས་དེ་ཡི་རི་མོ་མཆོག །ཅེས་པ་སྨོས་སོ། །གང་གིས་དངོས་གྲུབ་རབ་ཐོབ་པ། །ཞེས་པ་རི་མོའི་སྐུ་གཟུགས་

གང་གིས་དངོས་གྲུབ་རབ་ཏུ་ཐོབ་པ་ཞེས་པ་དེ། ཚུལ་བཞིན་དུ་ནི་རབ་ཏུ་བཤད། །ཅེས་པའོ། །རས་ནི་སར་པ་ཁྲུ་གང་ཙམ། །ཞེས་པ་ཆེད་དུ་བཏགས་པའི་རས་ཞེས་པའོ། །ཞལ་གཅིག་པོ་ལ་མདངས་གསལ་བ། །ཞེས་པ་མོག་མོག་མ་ཡིན་པ་གསལ་བར་བྱ་ཞེས་པའོ། །མ་ཧེ་

ལ་ནི་བཅིབས་པར་བྱ། །ཞེས་པ་གཡོན་བརྐྱང་བའི་ཚུལ་དུ་བཞུགས་པར་ཞེས་པའོ། །སྟག་ལྤགས་ཞེས་པ་སྨད་གཡོགས་བྱས། །ཞེས་པའོ། །འཁྲུག་ཅིང་འཇིགས་པ་ཞེས་པ་བདུད་དང་བགེགས་ཀྱི་སྡེ་འཇིགས་པ་བྲི་ཞེས་པའོ། །གང་དུ་ཡང་ཞེས་པ་གསུང་འབྱིན་འབྱིན་ལྟ་

เล่ม ๗๐ · หน้า 245a

བུའི་ཚུལ་དུ་བྱའོ་ཞེས་པའོ། །ཡན་ལག་ཐམས་ཅད་ཡོངས་རྫོགས་པ། །ཞེས་པ་སྐུ་གཟུགས་དེ་ཞེས་པའོ། །དེ་ནས་དེ་ལ་མཁས་པ་ཡིས། །མཆོད་པའི་ཡན་ལག་མཆོག་གིས་མཆོད། །ཅེས་པ་དེ་ལྟར་གཟུགས་བྲིས་ཟིན་ནས་སྔགས་པས་སྔར་བཤད་པའི་ཡོ་བྱད་

རྣམས་མཆོད་པར་བྱའོ། །རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་གཟུགས་པའི་བསྙེན་པ་འབུམ་ཕྲག་བཅུ་བྱའོ་ཞེས་པའི་ཐ་ཚིག་གོ། །ད་ནི་བསྒྲུབ་པ་ལ་འཇུག་པ་ཞེས་བྱ་བ་བཤད་པ་ཡང་། སྔགས་པ་བརྟུལ་ཞུགས་བརྟན་པ་ཡིས། །ཞེས་སྨོས་ཏེ། སྔགས་པ་བརྟུལ་ཞུགས་བརྟན་

པ་ཡིས། །དེ་ཡི་འོག་ཏུ་བྲག་ཕུག་ཞུགས། །ཞེས་པ་ཇི་སྐད་གསུངས་པའི་ཚུལ་བཞིན་དུ་མི་འགྱུར་བར་བརྟན་པར་གནས་པར་བྱའོ། །སྔར་བསྙེན་པ་འབུམ་ཕྲག་བཅུ་བྱས་པའི་འོག་ཏུ་སྔགས་པ་དེ་བྲག་ཕུག་ཏུ་གནས་པར་བྱའོ་ཞེས་པའོ། །ཁ་ཟས་ཞེས་པ་སྨྱུང་བ་བྱ། །རི་རབ་

རི་ནི་ཇི་ཙམ་པར། །ཞེས་པ་བདག་གནས་པའི་རི་གཡོ་བར་འགྱུར་གྱི་བར་དུ་བཟླས་ཞེས་པའོ། །ཡང་ན་རི་མོ་བཞད་ཀྱི་བར་དུ་བཟླས་ཞེས་པའོ། །ཡང་ན་རི་མོ་འབར་གྱི་བར་དུ་བཟླས་ཞེས་པའོ། །བཟླས་ན་དེའི་ཚེ་དངོས་གྲུབ་ཐོབ། །ཅེས་པ་དེ་ལྟར་མཚན་མ་བྱུང་བྱུང་དུ་བཟླས་ན་དངོས་

གྲུབ་འཐོབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལྷ་འདི་བཟླས་པ་ཡི། །ཞེས་པ་ལ་སོགས་པའི་རི་མོའི་ལྷའི་སྐུ་གཟུགས་འདི་ལ་དངོས་གྲུབ་ཀྱི་མཚན་མ་བྱུང་བ་དང་བསྟན་པ་དེ་དག་ཡིན་ནོ། །མཚན་མ་དེ་དག་བྱུང་ནས་རིག་འཛིན་དུ་འགྱུར་རོ། །དེ་ལྟར་རིག་འཛིན་གྲུབ་ནས་འབྲས་བུའི་དོན་

ཐམས་ཅད་སྒྲུབ་ནུས་པར་འགྱུར་རོ། །དེ་ཡང་ཡིད་ལ་གང་འདོད་པ་བསམས་པ་ཙམ་གྱིས་དེ་དག་ཐམས་ཅད་རིང་པོར་མི་ཐོགས་པར་འགྲུབ་པར་འགྱུར་རོ་ཞེས་པའོ། །ཁྲོས་ནས་ས་ཡང་འགས་པར་འགྱུར། །ཞེས་པ་ལ་སོགས་པའི་ལས་འདི་དག་ཀྱང་དེ་བཞིན་དུ་བྱེད་ནུས་པར་འགྱུར་རོ་

ཞེས་བྱ་བའི་ཐ་ཚིག་གོ། །ཆུ་དག་ཅེས་པ་ཆུ་ཀླུང་དག་སྐེམས་ཞེས་པའོ། །དེ་ལ་སོགས་པའི་ལས་རྣམས་ནི། །ཞེས་པ། དེ་ལ་སོགས་པའི་ཡ་མཚན་ལས། །ངོ་མཚར་ཆེན་པོ་གཞན་དག་ཀྱང་བྱེད་དེ། ཡ་མཚན་ཆེན་པོ་ཐམས་ཅད་དང་། །ཞེས་པའོ། །སེམས་ཅན་རྣམས་ནི་ཐམས་ཅད་

เล่ม ๗๐ · หน้า 245b

ལ། །ཞེས་པ་ལ་སོགས་པ་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་དང་རྩ་བའི་རྟོག་པ་ལ་སོགས་པའི་ཆོ་ག་སྔར་གསུངས་པ་དེ་དག་གི་དངོས་གྲུབ་དང་ལས་རྣམས་འབྱུང་བ་ཡང་ཇི་སྐད་གསུངས་པའི་ཆོ་ག་བཞིན་དུ་བསྒྲུབས་ན་ཡང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་བསྒྲུབས་

ནས་སྦྱིན་པ་ཞེས་བྱ་བ་བཤད་དེ། དེའི་ཕྱིར་བསྒྲུབས་ནས་སེམས་ཅན་ཐམས་ཅད་ལ་ཞེས་གསུངས་ཏེ། འབྲས་བུ་མཆོག་རྣམས་བསྒྲུབ་པར་བྱ། །ཞེས་པ་གོང་དུ་བཤད་པའི་དངོས་གྲུབ་གྲུབ་པའི་འབྲས་བུ་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བྱའོ་ཞེས་པའི་དོན་ཏོ། །གྲུབ་པའི་

མཐུ་ནི་གང་ཡོད་པ། །ཞེས་པ་དངོས་གྲུབ་གྲུབ་པའི་མཐུ་གང་ཡོད་པ་དེ་དག་ཐམས་ཅད་ཅེས་པའོ། །བདེ་གཤེགས་བསམ་པས་དེ་དག་ཀུན། །ཞེས་པ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་མཐུ་གྲུབ་པ་དེ་དག་ཀུན་ཀྱང་སེར་སྣ་མེད་པའི་སེམས་ཀྱིས་སྐྱེ་བོ་ཕོངས་པ་རྣམས་

ལ་སྦྱིན་ཞིང་སོ་སོའི་ལས་རེ་བ་ཡོངས་སུ་བསྐང་བར་བྱའོ་ཞེས་པའི་ཐ་ཚིག་གོ། །སྙིང་རྗེ་ཅན་གྱིས་བདག་གི་ལུས། །ཞེས་པ་བདག་གི་ལུས་ཀྱང་སྦྱིན་པར་བྱའོ་ཞེས་པའོ། །དྲི་མ་མེད་པར་བསྒྲུབས་ནས་སུ། །དགེ་བ་འདི་ཡིས་སེམས་ཅན་ཀུན། །བདེ་གཤེགས་སེམས་ལྡན་

བདེ་བར་འགྱུར། །ཞེས་པ་སྐྱོན་མེད་པའི་སྦྱིན་པ་སྔོན་དུ་བཤད་པ་བཞིན་སྤྱད་པའི་དགེ་བ་འདི་ཡིས་དེ་ལྟར་དགེ་བ་སྤྱད་པ་སེམས་ཅན་ཐམས་ཅད་ལ་བསྔོའོ། །བྱང་ཆུབ་སེམས་དང་ལྡན་ཞིང་བདེ་བར་གྱུར་ཅིག་ཅེས་པའི་དོན་ཏོ། །རེ་བ་ཐམས་ཅད་ཡོངས་རྫོགས་ཤིང་། །ཞེས་པ་

འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་འདོད་པ་ཕུན་སུམ་ཚོགས་པའི་ལོངས་སྤྱོད་དང་ལྡན་པར་གྱུར་ཅིག་ཅེས་པའི་དོན་ཏོ། །དགེ་བ་ཀུན་གྱི་སྣོད་གྱུར་ཅེས། །ཞེས་པ་དེ་དག་དང་ཡང་ལྡན་ཞིང་དགེ་བ་སྤྱོད་པའི་སྐབས་དང་ལྡན་པའོ། །ཡིད་ཀྱིས་ཡོངས་སུ་བསྔོ་བར་

བྱ། །ཞེས་པ་སྤྱོད་པའི་སྐལ་བ་ཅན་དུ་གྱུར་ཅིག་ཅེས་པའོ། །གང་ཞིག་དེ་ལྟར་སྔགས་གྲུབ་ཀྱང་། །ཞེས་པ་ཕལ་ཆེར་སྔགས་གྲུབ་ན་སྦྱིན་པའི་དགེ་བ་དེ་ལྟར་མི་སྤྱོད་པ་སྟེ། འགའ་ཞིག་སྔགས་གྲུབ་ནས་ཀྱང་སྦྱིན་པའི་དགེ་བ་དག་དེ་ལྟར་སྤྱད་པ་དེས་སྐྱོན་མེད་པའི་སྦྱིན་པ་ནི། དྲི་མ་མེད་པའི་

เล่ม ๗๐ · หน้า 246a

བྱང་ཆུབ་སེམས་ཞེས་པའི་དོན་ཏོ། །དགེ་བ་རྟག་ཏུ་སྤྱོད་པའི་དེ། །ཞེས་པ་སྦྱིན་པའི་དགེ་བ་དག་སྤྱོད་པ་ཞེས་པའོ། །དངོས་གྲུབ་རྟོག་ལས་གང་གསུངས་པ། །ཞེས་པ་རྟོག་པ་དག་ལས་དངོས་གྲུབ་གང་གསུངས་པ་དེ་བཞིན་གཤེགས་པའི་ཞལ་ནས་བྱུང་བ་དེ་ཞེས་བྱ་བའི་དོན་

ཏོ། །ཐམས་ཅད་དེ་ལ་ཉེ་བར་གནས། །ཞེས་པ་དངོས་གྲུབ་ཐམས་ཅད་ཀྱང་སྔགས་པ་གྲུབ་པ་དེ་ལྟ་བུ་ལ་འགྲུབ་པར་འགྱུར་བས་ནི་ཉེ་བར་གནས་ཞེས་བྱའོ། །སྔགས་པ་སྒྲུབ་པ་པོ་ཡི་རྫུ་འཕྲུལ་གྱི། །ཡོན་ཏན་ཀུན་དང་ལྡན་པར་འགྱུར། །ཞེས་བྱ་བའི་དོན་ཏོ། །རྒྱ་ཆེར་བསྟན་ཞེས་པ་དེ་ལྟར་

རྒྱ་ཆེར་བསྟན་ཏོ་ཞེས་པའོ། །རྟོག་པ་ཐམས་ཅད་འདུས་པའོ། །ཞེས་པ་དེ་དག་ནི་རྟོག་པ་ཐམས་ཅད་འདུས་པ་ཡིན་ནོ་ཞེས་པའི་དོན་ཏོ། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྟོག་པར་གཏོགས་པ་བཅུ་པའི་འགྲེལ་པ་ཞེས་པ་རྫོགས་སོ།། །།དུར་ཁྲོད་གནས་ཀྱི་དཀྱིལ་འཁོར་དུ་

གཏོགས་པའི་ལེའུ་འདི་ལ་དོན་རྣམ་པ་བདུན་གྱིས་བཤད་དོ། །དེ་ལ་སྙིང་པོ་ཁྱད་པ་ཅན་བསྟན་པ་དང་། དཀྱིལ་འཁོར་གྱི་ཆོ་ག་དང་། མཆོད་པ་སྔར་བྱས་ནས་སློབ་མ་བཟུང་བ་ལ་སོགས་པའི་ལས་བྱ་བ་དང་། ལྷ་སླར་གཤེགས་སུ་གསོལ་བ་ལ་སོགས་པའི་ལས་བྱ་བ་དང་།

ཕྱག་རྒྱའི་མཚན་ཉིད་དང་། དཀྱིལ་འཁོར་དུ་དགོད་པའི་སྔགས་ཀྱི་ལེའུ་དང་། མཆོད་པའི་ཆོ་ག་རྣམས་ཀྱིས་བསྟན་ཏོ། །དེ་ལ་སྙིང་པོའི་ཁྱད་པར་བསྟན་པའི་ཕྱིར། འཇམ་པའི་དབྱངས་ཀྱི་ཁྲོ་བོ་ཡི། །ཞེས་གསུངས་ཏེ། འཇམ་པའི་དབྱངས་ཀྱི་ཁྲོ་བོ་ཡི། །ཞེས་པ་ཧཱུྃ་རིང་

པོ་འབྲུ་གཅིག་པོ་སྔར་བཤད་ཟིན་ཏེ་ཞེས་འཕྲོ་སྦྱོར་བའི་ཚིག་ཏུ་ཟད་དོ་ཞེས་པའོ། །དེ་ནས་གཞན་ཡང་དེ་ཡི་ནི། །ཞེས་པ་འཇམ་པའི་དབྱངས་དེའི་གཞན་ཡང་རྟོག་པ་བསྡུས་ཞེས་བྱ་བའི་དོན་ཏོ། །རྟོག་པ་བསྡུས་པ་རྒྱ་ཆེར་བཤད། །གཤིན་རྗེ་རབ་ཏུ་འཇོམས་པ་འདི། །ཞེས་

པ་རྩ་བའི་རྟོག་པ་ལས་གསུངས་པའི་དངོས་གྲུབ་དང་། ལས་རྣམས་ལེའུ་འདིར་མདོར་བསྡུས་ནས་ཡི་གེ་འབྲུ་གཅིག་པའི་སྒོ་ནས་རྒྱས་པར་བཤད་པའོ། །ཞལ་ནི་ཧཱུཾ་ཞེས་བྱ་བར་བཤད། །ཅེས་པ་ཞལ་དྲུག་པ་ལས་ཧཱུྃ་བྱུང་བས་ན་ཞལ་ཉིད་ཧཱུྃ་ཡིན་ཏེ་ཧཱུྃ་ཉིད་ཁྲོ་བོ་ཡིན་པར་བཤད་དོ། །

เล่ม ๗๐ · หน้า 246b

ཧཱུྃ་ཞེས་བྱ་བ་མཆོག་རིག་བྱ། །ཞེས་པ་ཧཱུྃ་དེ་ཉིད་ཁྲོ་བོ་ཡིན་པར་བཤད་པར་བྱའོ། །དེ་ཡི་དཀྱིལ་འཁོར་གཞན་ཡིན་ཏེ། །ཞེས་པ་འཇམ་དབྱངས་ཀྱི་ཁྲོ་བོ་དཀྱིལ་འཁོར་སྔར་གོང་དུ་བཤད་པ་ལས་གཞན་པའི་དཀྱིལ་འཁོར་འོག་ནས་འབྱུང་བ་ལ་བྱའོ། །འོག་ནས་འབྱུང་བའི་དཀྱིལ་འཁོར་

དེ་བྲིས་ནས་བསྒྲུབས་ན་དཀྱིལ་འཁོར་དེ་ལས་དངོས་གྲུབ་ཀུན་འགྲུབ་པར་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །དུར་ཁྲོད་གནས་ཞེས་བྱ་བ་སྟེ་ཞེས་པ་དཀྱིལ་འཁོར་དེའི་ནང་དུ་དུར་ཁྲོད་གནས་པས་ན་ཡང་དུར་ཁྲོད་གནས་ཞེས་བྱ་སྟེ། དེ་ལྟར་དཀྱིལ་འཁོར་དེ་ལ་མིང་དེ་སྐད་ཅེས་བྱ་སྟེ།

མི་རོ་དེ་ཉིད་ལ་དུར་ཁྲོད་ཅེས་བྱ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དུར་ཁྲོད་གནས་པའི་གང་ཡིན་པའོ། །ཞེས་པ་དེ་ལ་དུར་ཁྲོད་གནས་ཞེས་ཅིའི་ཕྱིར་ཞེ་ན། མཎྜལ་གྱི་གནས་སུ་དུར་ཁྲོད་དུ་བྲིས་ན་ཡང་དུར་ཁྲོད་གནས་ཞེས་བྱ་བའི་དོན་ཏོ། །ཁྲུ་བརྒྱད་པ་ལ་སྒོ་བཞི་པ། །ཞེས་པ་ངོས་

བཞི་ངོས་གཅིག་གི་ཚད་ཅེས་པའོ། །ཡང་ན་གྲུ་བཞི་པ་ཡང་རུང་། །ཞེས་པ་ཕྱོགས་བཞིར་ཡང་ངོས་བཞི་པའི་ངོས་གཅིག་གི་ཚད་ཅེས་བྱའོ། །དུར་ཁྲོད་གནས་པ་བཟང་པོ་སྟེ། །ཞེས་པ་དཀྱིལ་འཁོར་ཉིད་ཀྱི་ཡོན་ཏན་ལ་བྱ་བའི་དོན་ཏོ། །དུར་ཁྲོད་ཐལ་བས་བྲི་བར་བྱ། །ཞེས་པ་

དཀྱིལ་འཁོར་དེ་ཡང་དུར་ཁྲོད་ཀྱི་ཐལ་བས་བྲི་བར་བྱའོ་ཞེས་པའོ། །དེ་ཡི་དབུས་སུ་ཡི་དགས་བྲི། །ཡི་དགས་ཕྲེང་བ་དག་གིས་བརྒྱན། །ཞེས་པ་དཀྱིལ་འཁོར་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་གཅིག་ཐལ་བས་བྲིས་པ་དེའི་སྟེང་དུ་མི་རོ་གཅིག་བྲིའོ། །དཀྱིལ་འཁོར་དེའི་ནང་

རོལ་གྱི་ངོས་བཞིར་མི་རོ་གཉིས་གཉིས་ཙམ་བྲིའོ། །ཡི་དགས་འདི་དག་ཐམས་ཅད་ཀྱང་ཕྱག་རྒྱ་ཡིན་པས་ན་ཀུན་ཀྱང་པདྨའི་སྟེང་དུ་བཞག་གོ་ཞེས་པའི་དོན་ཏོ། །སྒོར་ནི་ཡི་དགས་རོ་སྨད་བཞག །ཅེས་སྒོ་བཞིར་མི་རོ་རེ་རེ་བྲི་བ་ནི་མགོ་མེད་པའི་རོ་ལ་བྱའོ། །མཐའ་མ་དག་ཏུ་

མགོ་བོ་བཞག །ཅེས་པ་དཀྱིལ་འཁོར་དེའི་ནང་རོལ་གྱི་ངོས་བཞིར་མི་རོ་གཉིས་གཉིས་ཙམ་བྲིས་པའི་བར་དུ་མིའི་མགོ་བོ་བྲི་བར་བྱའོ། །ཚུལ་དེ་ལྟར་འདྲི་ནུས་ན་ནི་སྔགས་པས་དེ་དག་ཐམས་ཅད་དུར་ཁྲོད་ཐལ་བས་བྲིའོ་ཞེས་པའི་དོན་ཏོ། །གྲྭ་བཞིར་ཤཱུ་ལ་བཞི་རྣམས་དང་། ཐོད་པ་

เล่ม ๗๐ · หน้า 247a

དག་ཀྱང་བྲི་བར་བྱ། །ཞེས་པ་འདིར་ཤཱུ་ལ་ཞེས་པ་ནི་ཏྲི་ཤཱུ་ལ་བྱའོ། །གྲྭ་བཞིར་ཤཱུ་ལ་རྩེ་གསུམ་པ་རེ་རེ་བཞི་ཡིས་ནང་རོལ་ནས་ཁ་ཕྱིར་བལྟས་པ་བྲི་སྟེ། ཤཱུ་ལ་རེ་རེའི་གློ་ཕ་རོལ་ཚུ་རོལ་དུ་ཐོད་པ་རེ་རེ་སྟེ་གཉིས་གཉིས་བྲིའོ། །དེ་ལྟར་ཤཱུ་ལ་བྲིས་པའི་ཚེ་རྩ་བ་

དག་ཏུ་ཐོད་པ་རེ་རེ་བཞི་བྲི་ཞེས་པ་ཁ་ཅིག་འཆད་དོ། །གལ་ཏེ་འདྲི་བར་མི་ནུས་ན། །མཁས་པས་དེ་དག་ཐལ་བས་བྲི། །ཞེས་པ་ལ་སོགས་པ་ཚུལ་དེ་ལྟར་རི་མོ་འདྲི་བར་མི་ནུས་ན་ས་གཞི་སྐྱང་ནུལ་གྱིས་བྱུགས་ཏེ། ས་བསྟར་བ་བཟང་པོ་ལ་ཙནྡན་དམར་པོའི་འདེ་གུས་བསྐུས་

ནས་ཐིག་ཙམ་བཏབ་ཀྱང་རུང་ངོ་། །དཀྱིལ་འཁོར་ཚད་ཀྱང་གོང་དུ་གསུངས་པ་དང་སྦྱར་ཞེས་པའོ། །དུར་ཁྲོད་གནས་སུ་དང་པོར་ནི། །ཞེས་པ་དཀྱིལ་འཁོར་དང་པོར་ཡི་དགས་ལ་སོགས་པའི་སྔགས་རྣམས་གནས་སུ་དགོད་པའོ། །སྔགས་པས་ཡི་གེ་དགོད་པར་བྱ། །

ཞེས་པ་ཡི་གེ་རྣམས་སོ་སོར་བཀོད་ཟིན་ནས་དཀྱིལ་འཁོར་དེར་ཁྲོ་བོའི་རྒྱལ་པོ་སྤྱན་དྲངས་ཏེ་མཆོད་པ་བྱའོ་ཞེས་པའི་ཐ་ཚིག་གོ། །འདི་མན་ཆད་མཆོད་པ་སྔར་བྱས་ནས་སློབ་མ་བཟུང་བ་ལ་སོགས་པའི་ལས་ཞེས་བྱ་བ་བཤད་དེ། འཇིགས་པའི་ཞལ་ནི་འབར་བ་དྲུག །ཅེས་

གསུངས་ཏེ། དེ་ཡང་ཁྲོ་བོའི་རྒྱལ་པོ་དེ་ནི་ཅི་འདྲ་བ་ཞིག་ཅེ་ན། དེ་བཞིན་ཞབས་ཀྱང་དྲུག་དང་ལྡན། །ཞེས་པ་ལ་སོགས་པ་བཞིན་ཞེས་པར་བྱའོ། །གཟིག་ལྤགས་ནི་སྨད་གཡོགས་ཞེས་སོ། །མཚོན་ཆ་བཟང་པོ་དུ་མ་བསྣམས། །ཞེས་པ་རི་མོ་འདྲི་བའི་སྐབས་འོག་ནས་

ཀྱང་འབྱུང་ངོ་ཞེས་པའོ། །ཡི་དགས་སྟེང་དུ་མཆོད་པ་བྱ། །ཞེས་པ་དེ་ལྟ་བུའི་ལྷ་དེ་དཀྱིལ་འཁོར་གྱི་དབུས་སུ་མི་རོ་བྲིས་པའི་སྟེང་དུ་སྤྱན་དྲངས་ཏེ་མཆོད་པ་བྱའོ་ཞེས་པའི་དོན་ཏོ། །འོ་མའི་འབྲས་ཐུག་གཏོར་མར་དབུལ། །ཞེས་པ་ལྷ་བཤོས་དབུལ་བའི་དོན་ཏོ། །མར་མེ་དག་

ནི་མར་ལས་བྱ། །ཞེས་པ་མར་མེ་བརྒྱད་དང་བཅུ་དྲུག་ཏུ་སྦྱར་ཞེས་པའོ། །ས་བོན་ཡི་གེ་གཅིག་པ་འདི། །ཞེས་པ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བཟླས་པར་རིགས་སོ་ཞེས་ཁ་ཅིག་འཆད་དོ། །དེ་ནས་སྟོང་དུ་བཟླས་པ་བྱ། །དེ་ཡི་འོག་ཏུ་མཁས་པ་ཡིས། །ཞེས་པ་དེ་ལྟར་སྔར་

เล่ม ๗๐ · หน้า 247b

མཆོད་པ་དང་། བཟླས་བརྗོད་བྱས་ནས་དེའི་འོག་ཏུ་སྔགས་པས་དཀྱིལ་འཁོར་དུ་སློབ་མ་གཟུང་བར་བྱའོ་ཞེས་པའོ། །དུར་ཁྲོད་གནས་སུ་ཞེས་པ་དཀྱིལ་འཁོར་གྱི་མིང་ཞེས་པའོ། །ཧཱུྃ་གི་ཞལ་ནི་ཟློས་ཤིང་གཟུང་། །ཅེས་པ་དཀྱིལ་འཁོར་དུ་མེ་ཏོག་གཏོར་བའི་སྔགས་ཀྱང་འདི་ཉིད་

དོ། །སློབ་དཔོན་གྱིས་ཧཱུྃ་ཞེས་བྱ་བ་བཟླས་ཤིང་སློབ་མ་གཟུང་བར་བྱ་ཞེས་པའི་དོན་ཏོ། །བཙུད་ནས་དེ་ཡི་སྙིང་གར་ནི། །ཞེས་པ་སློབ་མ་དཀྱིལ་འཁོར་དུ་བཙུད་ནས་དེའི་འོག་ཏུ་སློབ་མའི་སྙིང་གར་སྙིང་པོ་ཧཱུྃ་ཞེས་པ་བསམས་ལ་ལྷའི་སྐུར་བསྒྱུར་ཏེ། ཧཱུྃ་ཞེས་པ་གཞག་པར་བྱ་

ཞེས་པའི་དོན་ཏོ། །དེ་ནས་ཤཱུ་ལའམ་ཕྱག་རྒྱ་ནི། །རས་ཀྱིས་གཡོགས་ཏེ་བཅིང་བར་བྱ། །ཞེས་པ་ཤཱུ་ལའི་ཕྱག་རྒྱ་ནི་བདག་གིས་ཀྱང་བཅིང་། སློབ་མས་ཀྱང་འཆིང་དུ་གཞུག་གོ། །མེ་ཏོག་དཀྱིལ་འཁོར་དུ་དོར་དུ་གཞུག་གོ། །འདི་ནི་དཀྱིལ་འཁོར་དུ་གཞུག་པའི་ཕྱག་རྒྱའོ། །ཕྱག་

རྒྱ་འདི་བཅིང་བའི་ཚེ་གཞན་གྱིས་མ་མཐོང་བར་རས་ཀྱིས་གཡོགས་ལ་ཕྱག་རྒྱ་བཅིང་བར་བྱའོ་ཞེས་པའི་ཐ་ཚིག་གོ། །སློབ་མ་དག་ལ་ལེགས་བསྟན་ན། །དེ་ཡང་མཆོད་པ་བྱེད་དུ་གཞུག །ཅེས་པ་དེ་ནས་གདོང་གི་རས་ཕྱེ་ལ་དཀྱིལ་འཁོར་བསྟན་ནས་སློབ་མ་དེ་དཀྱིལ་འཁོར་ལ་

མཆོད་པ་བྱེད་དུ་གཞུག་གོ་ཞེས་བྱ་བའི་དོན་ཏོ། །དེ་ནས་གཤིན་རྗེ་རབ་འཇོམས་པའི། །ཞེས་པ་ལ་སོགས་པ་དེ་ནས་དེའི་འོག་ཏུ་སློབ་མ་དེ་ལ་དབང་རྣམ་པ་བཞི་ལས་རིག་པའི་དབང་བསྐུར་བར་བྱའོ། །དབང་བསྐུར་བའི་བུམ་པ་ལ་ཡང་སྙིང་པོ་འབྲུ་གཅིག་པ་བཟླས་སོ། །དེ་ཡི་གེ་

འབྲུ་གསུམ་སྦྱིན་པ་བཟླས་སོ་ཞེས་པ། ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་ཡི་གེ་འབྲུ་གཅིག་པོ་སློབ་མ་ལ་ཚུལ་བཞིན་དུ་སྦྱིན་པར་བྱ་བའི་རིག་པའི་དབང་བསྐུར་བར་བྱའོ་ཞེས་པའི་ཐ་ཚིག་གོ། །འདི་མན་ཆད་ནི་ལྷ་སླར་གཤེགས་སུ་གསོལ་བ་ལ་སོགས་པའི་ལས་བཤད་དེ། དེ་ནས་

མཆོད་པ་ཡང་བྱས་ནས་ཞེས་པ་ནས་བསྟན་ཏེ། དེ་ནས་མཆོད་པ་ཡང་བྱས་ནས། །ཞེས་པ་ལ་སོགས་པ་དེ་ནས་ཡང་དཀྱིལ་འཁོར་དུ་མཆོད་པ་བྱས་ནས་ཁྲོ་བོ་སླར་གཤེགས་སུ་གསོལ་ལོ། །ཤཱུ་ལའི་ཕྱག་རྒྱ་བཅིངས་ནས་སུ། །དེ་བཞིན་རྟག་པར་གཤེགས་སུ་གསོལ། །ཞེས་

เล่ม ๗๐ · หน้า 248a

པ་དེ་ལྟར་གཤེགས་སུ་གསོལ་བ་དང་ཐབས་གང་གིས་གཤེགས་སུ་གསོལ་ཞེ་ན། ཤཱུ་ལའི་ཕྱག་རྒྱ་བཅིངས་ནས་མཐེ་བོང་ཕྱིར་བསྐྱེད་པས་སླར་གཤེགས་སུ་གསོལ། །ཁྲོ་བོ་སྤྱན་དྲངས་པ་ཡང་ཤཱུ་ལའི་ཕྱག་རྒྱ་བཅིངས་ཏེ། མཐེ་བོང་གཉིས་ནང་དུ་གཡབ་

ཅིང་སྔགས་དང་ལྡན་པས་སྤྱན་དྲང་བར་བྱའོ་ཞེས་པའི་དོན་ཏོ། །ཁྲོ་བོ་སྤྱན་དྲངས་པ་དག་ཀྱང་། ཤཱུ་ལའི་ཕྱག་རྒྱ་ལྡན་པར་བྱ། །ཞེས་པ་ཁྲོ་བོ་སྤྱན་དྲངས་པ་དང་སླར་གཤེགས་སུ་གསོལ་བའི་མཛུབ་མོ་གཉིས་ནང་དུ་གཡབ་པར་འོས་ཏེ་དེ་ལྟར་བྱ་བ་ཡང་ཤཱུ་ལའི་ཕྱག་རྒྱ་བཅིངས་ཏེ་བྱའོ་ཞེས་ཁ་ཅིག་

འཆད་དོ། །འདི་མན་ཆད་ཕྱག་རྒྱའི་མཚན་ཉིད་བཤད་དོ། །དཀོན་མཆོག་གསུམ་ལ་ཕྱག་བཙལ་ནས། །ཞེས་པ་ཐོག་མར་ལག་པ་གཉིས་ཐལ་མོ་སྦྱར་ཏེ་དཔྲལ་བར་བཞག་ལ། ཨོཾ་ན་མོ་བུདྡྷ་དྷརྨ་སཾ་གྷེ་བྷྱཿཞེས་པ་བརྗོད་ནས་དེའི་འོག་ཏུ་ཤཱུ་ལའི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནི་

དམ་ཚིག་སྔར་བྱས་ནས་གདོང་ཕྱག་རྒྱ་བཅིང་ཞེས་བྱ་བའི་དོན་ཏོ། །འདི་མན་ཆད་ནི་ཕྱག་རྒྱའི་མཚན་ཉིད་ཅེས་བྱ་བ་བཤད་དོ། །ཤཱུ་ལ་རབ་ཏུ་བསྟན་པར་བྱ། །ཞེས་པ་ནས་བསྟན་ཏེ། མཁས་པས་ཞེས་པ་སྔགས་པས་ཞེས་པའོ། །སོར་མོ་ཕན་ཚུན་བསྣོལ་ནས་སུ། །ཞེས་

པ་ལག་པའི་རྒྱབ་ཏུ་བསྣོལ་ཞེས་པའོ། །གུང་མོར་སོར་མོ་མཆོག་གཉིས་ནི། །ཞེས་པ་རྩེ་སྤྲད་དེ་བསྒྲེང་བ་དབུས་ནས་གྱེན་དུ་བསྒྲེང་སྟེ་བཞག་ཅེས་པའི་དོན་ཏོ། །སྲིན་ལག་གཉིས་ནི་ནང་དུ་བཞག །མཛུབ་མོ་གཉིས་ཀྱི་དྲུང་དུ་བཞག །ཅེས་པ་སྲིན་ལག་གཉིས་ནང་དུ་བཞག་

པ་ཡང་མཛུབ་མོ་དང་གུང་མོ་གཉིས་ཀྱི་བར་བར་དུ་བཞག་པའི་སྐད་དུ་ཁ་ཅིག་གིས་གསུངས་སོ། །བསྣོལ་མར་ནང་དུ་བཅུག་སྟེ་ཕ་རོལ་ཚུ་རོལ་རྩ་བ་ལ་གཏང་ལ་བཞག་གོ། །དེ་ལྟར་དེ་གཉིས་བསྒྲེང་ནས་སུ། །ཞེས་པ་མཛུབ་མོ་གཉིས་ཀྱང་གུང་མོ་བསྒྲེང་བའི་སོ་སོའི་ངོས་ལ་སྦྱར་བ་ལ་

ཡང་བསྒྲེང་ངོ་ཞེས་པའོ། །ལྷག་མ་རྣམས་ནི་ངེས་པར་སྦ། །ཞེས་པ་མཐེ་བོ་མཐེའུ་ཆུང་གཉིས་ཀྱང་བསྣོལ་མར་ནང་དུ་གཞུག་གོ། །འདི་ཡི་ལས་རྣམས་ཐམས་ཅད་ནི། །ཞེས་པ་ཕྱག་རྒྱ་འདིས་བདག་བསྲུང་བ་དང་། གཞན་བསྲུང་བ་ལ་སོགས་པའི་ལས་ཐམས་ཅད་བྱ་བའི་ཐ་ཚིག་གོ། །འདི་

เล่ม ๗๐ · หน้า 248b

མན་ཆད་ནི་དཀྱིལ་འཁོར་དུ་དགོད་པའི་སྔགས་ཀྱི་ལེའུ་བཤད་དེ། །དེ་ནས་གཞན་ཡང་བཤད་པ་བཞིན། །ཞེས་པ་ནས་བསྟན་ཏེ། ཨོཾ་ཧཱུྃ་ལཾ་ལཾ་ཧ་ཞེས་པ་དཀྱིལ་འཁོར་གྱི་ནང་གི་ཕྱོགས་བཞིར་ཡི་དགས་དགོད་པའི་སྔགས་སོ། །ཨོཾ་ཧཱུྃ་དྲིང་ཛ་ཞེས་པ་སྒོ་བཞི་ན་ཡི་དགས་

ཀྱི་རོ་སྨད་ཡོད་པའི་སྔགས་སོ། །ཨོཾ་ཧཱུྃ་ཧ་ཞེས་པ་དཀྱིལ་འཁོར་གྱི་ནང་གི་ཕྱོགས་བཞིར་ཡི་དགས་ཕྲེང་བ་བཀོད་པའི་བར་བར་དུ་མགོ་བཞག་པའི་སྔགས་སོ། །ཨོཾ་ཧཱུྃ་ཧྲཱིཿཥྚྲིར་ཁ་ཤཱུ་ལ་བཞི་ཆར་གྱིའོ་ཞེས་པ་དཀྱིལ་འཁོར་མཐའ་བཞིར་ཏྲི་ཤཱུ་ལ་བཞི་བཞག་པའི་སྔགས་སོ། །

ཨོཾ་ཧཱུྃ་ཏྲི་ཧ་ཞེས་ཏྲི་ཤཱུ་ལའི་རྩ་བའི་གྲྭ་བཞིར་ཐོད་པ་བཞི་བྲི་བའི་སྔགས་སོ། །ཏྲི་ཤཱུ་ལའི་གཡས་གཡོན་དུ་ཐོད་པ་རེ་རེ་གཉིས་གཉིས་བཞག་པ་རྣམས་ཀྱི་སྔགས་སོ། །ལྷོ་ཕྱོགས་ཀྱི་ནི་སྒོ་ཕྱེ་ནས། །ལྷག་མ་གཞན་ནི་གཅད་པར་བྱ། །ཞེས་པ་ལྷོ་ཕྱོགས་སྒོ་ནི་ཕྱེ་སྟེ། །སྒོ་ལྷག་

མ་གསུམ་ནི་བཅད་དོ། །དུར་ཁྲོད་ཅེས་པ་དཀྱིལ་འཁོར་ལ་ཡང་བྱའོ། །རྟག་ཏུ་བྲི་བའི་སྔགས་ཞེས་པའོ། །སྔགས་འདི་རྣམས་ཀྱིས་རབ་སྦྱར་ན། །ཞེས་པ་སྔགས་དེ་རྣམས་ཀྱིས་དཀྱིལ་འཁོར་དེར་སྦྱར་ནས། དུར་ཁྲོད་ཀྱི་ནི་གནས་སུ་འགྱུར། །ཞེས་པ་སྔར་བཤད་པ་བཞིན་

དུ་དུར་ཁྲོད་ཀྱི་གནས་ཀྱི་དཀྱིལ་འཁོར་དུ་འགྱུར་རོ་ཞེས་པའི་དོན་ཏོ། །ཙནྡན་དམར་པོས་བསྐུས་པ་ཡི། །ཞེས་པ་ཡང་ན་ཙནྡན་དམར་པོས་བསྐུས་པའི་ས་གཞི་ཁྲུ་གང་ཙམ་གྱི་ཚད་དུ་དཀྱིལ་འཁོར་བྲིས་ཀྱང་རུང་ཞེས་པའི་དོན་ཏོ། །ས་གཞི་ཁྲུ་གང་ཙམ་ལ་ནི། །ཞེས་པ་ངོས་གཅིག་

ཚད་དུ་བྱ་ཞེས་པའོ། །དཀྱིལ་འཁོར་གྱི་ཚད་དང་གནས་ནི་ཇི་ལྟ་བུར་ཡང་གང་ཡང་རུང་ཞེས་པའི་དོན་ཏོ། །དཀྱིལ་འཁོར་དག་ནི་བྲིས་ནས་སུ། །དེ་ནས་ཆོ་ག་ཞེས་པ་ཡིས། །ཞེས་པ་དེ་ལྟར་དཀྱིལ་འཁོར་བྲིས་པ་ནས་དེའི་འོག་ཏུ་ལྷ་སྤྱན་དྲངས་པ་ལ་སོགས་པ་བྱའོ་ཞེས་པའི་ཐ་

ཚིག་གོ། །འདི་མན་ཆད་ནི་མཆོད་པའི་ཆོ་ག་ཞེས་བྱ་བ་བཤད་དེ། སྔགས་ཀྱི་མཆོད་པ་རིམ་བཞིན་བཤད། །ཅེས་པ་འོག་ནས་འབྱུང་བ་བཞིན་བྱ་ཞེས་པའོ། །སྤྱན་དྲངས་པའོ་ཞེས་པ་ཤཱུ་ལའི་ཕྱག་རྒྱ་དང་སྦྱར་ཏེ་ལྷ་སྤྱན་དྲངས་པའོ། །ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་པ། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་

เล่ม ๗๐ · หน้า 249a

བཟླས་སོ། །སྭཱ་ཧཱ་ནི་ཞི་བ་དང་། རྒྱས་པ་ལ་སྦྱར་བར་ཟད་ཅེས་ཁ་ཅིག་ཀྱང་འཆད་དེ། སྔགས་འདིས་ཁྲོ་བོ་བཞུགས་སུ་གསོལ་ལོ། །ཁྲོ་བོ་ཉིད་ཀྱི་སྙིང་པོ་འབྲུ་གཅིག་པའི་སྔགས་ཡིན་ཏེ། བཟླས་པའི་ཚེ་འདི་བཞིན་དུ་བཟླས་སོ། །གོང་མའི་ལེའུ་ལས་ཡང་ཚུལ་

འདི་བཞིན་དུ་བཟླས་སོ། །ཁྱད་པར་དུ་ནི་ཧཱུྃ་རིང་ཐུང་ཙམ་ཞིག་ཡོད་དོ་ཞེས་པའི་དོན་ཏོ། །ཁྲོ་བོ་རྣམ་པར་རྒྱལ་བའི་འཇམ་དཔལ་གྱི་རྩ་བའི་རྟོག་པ་ཕྱི་མའི་ཕྱི་མ་ལས་ཞེས་པ་དུར་ཁྲོད་གནས་ཀྱི་དཀྱིལ་འཁོར་འདིར་སྔགས་ཀྱི་ལེའུ་སྔགས་བཤད་པ་རྣམས་ཡི་དགས་ཕལ་པོ་ཆེའི་དཀྱིལ་

འཁོར་དུ་སྔགས་མ་གསུངས་པ་རྣམས་སམ་དེར་མ་ཚང་བ་རྣམས་ཀྱང་སྔགས་འདི་རྣམས་ཀྱིས་སྦྱར་བར་བྱའོ། །བསྒོམ་པའི་ཡན་ལག་གང་དུ་ཡང་སྔགས་དགོས་པ་རྣམས་ཀྱང་ལེའུ་ལྟག་འོག་ཏུ་དེ་བཞིན་དུ་སྦྱར་རོ་ཞེས་པའི་དོན་ཏོ། །རྟོག་པ་སྟེ་དང་པོའོ་ཞེས་པ་དུར་ཁྲོད་གནས་

ཀྱི་དཀྱིལ་འཁོར་གནས་སུ་གཏོགས་པའི་ནང་ནས་ལེའུ་འདི་དང་པོའོ་ཞེས་བྱ་བའི་དོན་ཏོ།། །།སྐུ་གཟུགས་དེའི་སྤྱན་སྔར་ཇི་སྐད་གསུངས་པའི་བཟླས་པའི་ཆོ་གའི་ལས་རྣམས་ཀྱི་བཟླས་བརྗོད་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དུར་ཁྲོད་གནས་ཀྱི་དཀྱིལ་འཁོར་དུ་གཏོགས་པའི་རི་མོའི་

སྐུ་གཟུགས་ཀྱི་མཚན་ཉིད་བཤད་པའི་ལེའུ་འདི་ལ་དོན་རྣམ་པ་གསུམ་གྱིས་བསྟན་ཏེ། རི་མོའི་སྐུ་གཟུགས་ཀྱི་མཚན་ཉིད་དང་། བཟླས་བརྗོད་བྱ་བའི་མཚན་ཉིད་དང་སྔགས་རྣམས་བསྟན་པའོ། །དེ་ལ་དང་པོར་རི་མོའི་སྐུ་གཟུགས་ཀྱི་མཚན་ཉིད་བཤད་པའི་ཕྱིར། དེ་ནས་འདི་ནི་རི་

མོའི་མཆོག །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །བཟླས་པའི་ལས་ནི་རབ་ཏུ་བྱ། །ཞེས་བྱ་བ་ལ་དེ་ལྟར་སྐུ་གཟུགས་བྲིས་ནས་དེ་ནས་ཞེས་པ། ཁྲོ་བོ་འདི་ཡི་མཆོག་ཏུ་འགྱུར། །ཞེས་པའོ། །རས་ཕྲན་ཁྲུ་གང་ཙམ་དུ་ནི། །ཞེས་པ་ཆེད་དུ་བཏགས་པའོ། །བཟང་པོ་སར་པ་

བཀྲུས་པ་ལ། །ཞེས་པ་ཐག་ཐུག་ཅན་མ་ཡིན་པར་ཕྲ་མོར་བྱས་པའི་དོན་ཏོ། །ན་བཟར་གསོལ་ཞེས་པ་སྨད་གཡོགས་བྱས་པའོ། །ཚུལ་བཞིན་ཡི་དགས་སྟེང་དུ་བཞུགས། །ཞེས་པ་གཡོན་བརྐྱང་པའི་ཚུལ་དུ་བཞུགས་པའོ། །ཤཱུ་ལ་རལ་གྲི་འཁོར་ལོ་དང་། །དགྲ་སྟྭ་མཆོག་

เล่ม ๗๐ · หน้า 249b

སྦྱིན་པ་ཡི་ཕྱག །ཅེས་པ་འདིའི་སྐབས་སུ་ཤཱུ་ལ་ཞེས་བྱ་བ་ནི་ཏྲི་ཤཱུ་ལ་ལ་བྱ་སྟེ་རྩེ་གསུམ་ལ་དྲང་པོར་འདུག་པའོ། །ཁ་ཅིག་གིས་རྩེ་གསུམ་ལ་ཁ་གདེངས་པོར་འདུག་པ་ཡིན་ཞེས་བཤད་དོ། །ལྕགས་མདའ་བེ་ཅོན་རྡོ་རྗེ་དང་། །ཞེས་པ་ནང་ཡང་ཞེས་བྱ་སྟེ་ལྕགས་དང་ཤིང་ལས་ཕྱེད་

ཕྱེད་བའི་མདའ་བྱས་ཏེ། འདི་ནི་མི་ལས་བྱའོ། །མདའ་དང་མདེའུ་ལྕགས་དང་སྒྲོ་ཡན་ཆད་ཀུན་ལྕགས་ལས་བྱས་པའོ། །འགའ་འང་ཞགས་པ་ཞེས་པ་དབྱུག་ཏོའམ་ཐོ་བ་ལ་ཡང་བྱའོ་ཞེས་པའོ། །ཤཀྟི་ཞེས་པ་མདུང་ཐུང་ཞེས་པའོ། །བ་ཏི་ས་དང་དེ་བཞིན་སྡིགས། །ཞེས་པ་ལ་

གཅིག་ནི་རྩེ་གདེངས་པོར་ཡིན་པར་བཤད་དོ། །ཁ་ཅིག་ནི་བྲེ་བའི་སོ་འདྲ་བ་རྩེ་གསུམ་དྲང་པོར་འདུག་པ་ཡིན་ནོ་ཞེས་འཆད་དོ། །བུང་བ་ཞེས་པ་སྔོན་པོ་བྲིས་ནས་དེ་ཡང་སྦ་ཞེས་པ་གནས་དབེན་པར་བཞག་པའི་དོན་ཏོ། །འདི་མན་ཆད་བཟླས་བརྗོད་བྱ་བའི་ཆོ་ག་བཤད་དེ། ཡིད་དུ་འོང་བའི་

གནས་དག་ཏུ། །ཞེས་པ་ལ་སོགས་པ་སྨོས་སོ། །བཞག་ནས་བཟླས་པ་དག་ཀྱང་བྱ། །ཞེས་པ་རི་མོའི་སྐུ་གཟུགས་དེ་ཡང་། གནས་ཡིད་དུ་འོང་བའི་གནས་དབེན་པར་བཞག་ནས་བཟླས་བརྗོད་བྱའོ་ཞེས་པའོ། །བཟླས་པའི་ཆོ་ག་འདིར་བཤད་དོ། །ཞེས་པ་ཁྲུས་ལ་སོགས་པ་

ཡང་བཟླས་པའི་ཡན་ལག་ཏུ་གཏོགས་པའི་ཕྱིར་ཞེས་པའི་དོན་ཏོ། །རིག་པ་འཛིན་པའི་སྔགས་པས་རྟག་པ་རུ་ཁྲུས་བྱའོ། །འབར་བའི་སྔགས་ཀྱིས་ཁྲུས་བྱའོ། །ཞེས་པ་མཐུ་ཆེ་བ་གཟི་བརྗིད་ཅན་གྱིས་ཁྲུས་བྱས་ཏེ། སྔགས་ཉིད་འོག་ནས་འབྱུང་ངོ་ཞེས་པའོ། །བདུད་རྩི་འབྱུང་བའི་

སྔགས་ཀྱིས་ནི། །ཞེས་འོག་ནས་འབྱུང་བ་ཞེས་པའོ། །ཐོག་མར་ཁ་ནི་བཀྲུས་ནས་སུ། །ཞེས་པ་ཁྲུས་བྱས་པའི་འོག་ཏུ་ཉེ་རེག་གི་ཕྱག་རྒྱ་དང་ལྡན་པའི་ཚུལ་བཞིན་དུ་ཁ་བཀྲུའོ། །དེའི་འོག་ཏུ་ཤཱུ་ལའི་ཕྱག་རྒྱ་དང་ལྡན་པའི་ཚུལ་བཞིན་དུ་བསྲུང་ཞེས་པའོ། །དེ་ནས་བསྲུང་བ་ལེགས་

པར་བྱ། །ཞེས་པ་དེའི་འོག་ཏུ་ཤཱུ་ལའི་ཕྱག་རྒྱ་དང་ལྡན་པས་བསྲུང་བར་བྱ་བའི་སྔགས་ཀྱང་འོག་ནས་འབྱུང་ངོ་། །དེ་ཡི་འོག་ཏུ་ཆོ་ག་བཞིན། །ཞེས་པ་དེའི་འོག་ཏུ་འཛབ་སར་འགྲོ་བར་བྱས་ཏེ། དེའི་སྔགས་ཀྱང་འོག་ནས་འབྱུང་ངོ་། །མཁས་པས་ཁྲོ་བོའི་ཁང་པར་འཇུག །

เล่ม ๗๐ · หน้า 250a

ཅེས་པའི་དོན་ཏོ། །ཞུགས་ནས་ཀུ་ཤའི་ལས་བྱའོ། །ཞེས་པ་འཛབ་སའི་ཁང་པའི་ནང་དུ་ཞུགས་ནས། སྟན་བཟང་དེ་ལ་སྔགས་པ་འདུག་ནས་སུ། །ཞེས་པའི་དོན་ཏོ། །དེ་ནས་ཆོ་ག་སྔོན་གསུངས་པ། །ཞེས་པ་གོང་དུ་བཤད་པའི་མཆོད་པའི་ཡོ་བྱད་རྣམས་ཀྱིས་མཆོད་

པར་བྱའོ། །སྔགས་པའི་ལག་པ་གཉིས་ནི་ཙནྡན་དྲིས་བསྐུས་པས་ཞེས་པའི་དོན་ཏོ། །སྔགས་ཀྱི་ནོར་བུ་བླངས་ནས་སུ། །ཉེས་པའི་སྐྱོན་རྣམས་སྦྱང་བའི་ཕྱིར། །ཞེས་པ་སྔགས་ཀྱི་ནོར་བུ་བླངས་པའི་སྔགས་འོག་ནས་འབྱུང་བ་བརྗོད་ཅིང་སྔགས་ཀྱི་ནོར་བུ་བླང་ངོ་། །ནོར་བུའི་སྐྱོན་སྦྱང་ཞེས་པའི་དོན་

ཏོ། །ཁྲོ་བོ་བདུད་རྩི་ལན་གསུམ་བཟླས། །ཞེས་པ་ཁྱོར་བའི་ནང་དུ་བཅུག་སྟེ་བཟླས་པའི་སྔགས་འོག་ནས་འབྱུང་ངོ་ཞེས་པའི་དོན་ཏོ། །མངོན་པར་ཕྱོགས་འདུག་བཟླས་པར་བྱ། །ཞེས་པ་སྔགས་པས་བཟླས་ཞེས་པའོ། །སེམས་རབ་དང་ཞིང་རྩེ་གཅིག་ཡིད། །སེམས་མི་གཡེང་བར་བྱ་བའི་

དོན་ཏོ། །ཡིད་ནི་མི་སྐྱོ་བར་དུ་བྱ། །ཞེས་པ་དུས་གསུམ་དུ་བཟླས་པ་དེ་ཡིད་ལ་སྐྱོ་བའི་མཚམས་ཀྱིས་བཟུང་སྟེ་བཟླས་པར་བྱའོ་ཞེས་པའི་དོན་ཏོ། །བཟླས་པའི་མཐར་ཞེས་པ་བཟླས་བརྗོད་ཟིན་པའི་མཐར་ཁྲོ་བོ་སླར་གཤེགས་སུ་གསོལ་ལོ། །ཤཱུ་ལའི་རྒྱ་བཅིངས་གཤེགས་སུ་

གསོལ། །ཞེས་པ་ཤཱུ་ལའི་ཕྱག་རྒྱ་དང་སླར་གཤེགས་སུ་གསོལ་བའི་སྔགས་རྣམས་སྦྱར་ཏེ་སླར་གཤེགས་སུ་གསོལ་ལོ། །དེ་ལྟར་ལེགས་པར་ཉིན་རེ་ཞིང་། །ཡི་གེ་གཉིས་པའི་སྔགས་འདི་ནི། །རྣམ་པ་ཀུན་དུ་ཆོ་ག་བཞིན། །ཞེས་པ་གོང་དུ་བཤད་པ་དེ་ལྟར་ལེགས་པར་ཉིན་རེ་

བཞིན་དུས་གསུམ་དུ་ཡི་གེ་གཅིག་པའི་སྔགས་འདི་བཟླས་པའི་དུས་ཐམས་ཅད་དུ་ཆོ་ག་བཞིན་དུ་བཟླས་པར་བྱའོ། །གང་ཞིག་བྱེ་བ་གཅིག་ཟློས་པ། །ཞེས་པ་འབུམ་ཕྲག་བརྒྱར་བཟླས་པ་བྱའོ། །དེ་ཡི་དངོས་གྲུབ་དམ་པ་ཐོབ། །ཅེས་པ་དེ་ལྟར་སྔགས་བཟླས་པ་བྱས་ནས་དེའི་འོག་ཏུ་

བསྒྲུབས་ན་དངོས་གྲུབ་མཆོག་འཐོབ་བོ་ཞེས་པའི་ཐ་ཚིག་གོ། །འདི་མན་ཆད་ནི་སྔགས་རྣམས་བསྟན་ཏེ། དེ་ནས་གཞན་ཡང་ཅི་བསྟན་པ། །ཞེས་པ་ལ་སོགས་པ་ཁྲོ་བོ་ཆེན་པོ་ཉིད་ཀྱིས་གསུངས་པའི་རྒྱུད་ཆེན་པོ་ལས་ཇི་སྐད་བསྟེན་པའི་སྔགས་རྣམས་བསྒྲུབ་ལ་ཕན་པའི་ཕྱིར་བཤད་དོ། །

เล่ม ๗๐ · หน้า 250b

ཨོཾ་ཧཱུྃ་དི་བ་ཏ་ཏེ་ཙ་སྭཱ་ཧཱ་ཞེས་པ་ཁྲུས་བྱེད་པའི་ཚེ་ཆུ་ལ་གདབ་པ་དང་། ས་ལ་གདབ་པ་དང་། སྔགས་ཀྱི་ཆུས་ལུས་ལ་གཏོར་བར་བྱ་བའི་སྔགས་སོ། །ཨོཾ་ཧཱུྃ་ཨ་མྲྀ་ཏ་སྲ་བ་བཱ་མ་བ་ཞེས་ཉེ་རེག་གི་ཕྱག་རྒྱ་སྦྱར་ཏེ། ཁར་ལན་གསུམ་དུ་སྦྱར་ཏེ། ཁར་ལན་གསུམ་དུ་ཆུ་བཏུང་བ་དང་།

ཁ་ལན་གསུམ་དུ་ཕྱི་བའི་སྔགས་སོ། །ཨོཾ་ཧཱུྃ་སརྦ་ཏོ་ཞེས་པ་ཤཱུ་ལའི་ཕྱག་རྒྱ་དང་སྦྱར་ཏེ་བདག་ཉིད་བསྲུང་ངོ་། །ཨོཾ་ནཱ་མ་སརྦ་ཏ་ཐཱ་ག་ཏོ་ཞེས་པ་ཤཱུ་ལའི་ཕྱག་རྒྱ་དང་སྦྱར་ཏེ་ཁྲུས་བྱ་བའི་ཚེ་དང་། བསྲུང་བའི་ཚེ་མཚམས་བཅད་པའི་སྔགས་སོ། །ར་བའི་སྔགས་སོ། །ཞེས་པ་རྡོ་རྗེ་

འབར་བ་བསམ་ཞེས་པའི་དོན་ཏོ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་པ་ཤཱུ་ལའི་ཕྱག་རྒྱ་དང་སྦྱར་ཏེ་གནས་ལྔར་གཏུག་ཅིང་བདག་བསྲུང་དང་ཕ་རོལ་ཡང་བསྲུང་བའི་སྔགས་སོ། །ཨོཾ་ཧཱུྃ་སི་ཏི་ཀཱ་ལ་མ་ཐ་ན་ཕཊ། ཅེས་པ་འཛབ་སར་ནང་དུ་འགྲོ་བའི་ཚེ་སྔགས་འདི་ཟློས་ཤིང་འགྲོ་བར་བྱའོ། །

སྔགས་འདི་ཆུ་ལ་ཟློས་ཤིང་ཆུར་གཏོར་ཞིང་འགྲོ་བར་བྱའོ་ཞེས་པའི་དོན་ཏོ། །ཨོཾ་ཧཱུྃ་རཀྵ་རཀྵ་མན་སྭཱ་ཧཱ་ཞེས་པ་བདག་ཉིད་ཀྱི་སྟན་ལ་གདབ་པའི་སྔགས་སོ། །ཨོཾ་ཧཱུྃ་སིདྡྷི་དྷ་ཧཱུྃ་ཛ་ཛ་ཞེས་པ་སྔགས་འདི་བཟླས་ཤིང་སྔགས་ཀྱི་ནོར་བུ་བླང་ངོ་ཞེས་སོ། །ཨོཾ་ཧཱུྃ་ཀྲོ་ཏ་ཨ་མྲི་ཏ་ཞེས་

པ་སྙིམ་པ་བསྣོལ་བའི་ནང་དུ་ནོར་བུ་བཅུག་སྟེ། སྔགས་འདི་བཟླས་སོ། །བཟླས་པའི་ཆོ་གར་གཏོགས་པ་སྟེ། །ཞེས་པ་དུར་ཁྲོད་གནས་ཀྱི་དཀྱིལ་འཁོར་ལེའུར་གཏོགས་པ་ལས་གཉིས་པའོ།། །།བརྟུལ་ཞུགས་སུ་གཏོགས་པའི་ལེའུར་འདི་ལ་དོན་རྣམ་པ་

བཞིས་བསྟན་ཏེ། དེ་ལ་སྔོན་དུ་བསྙེན་པ་བྱས་ནས་བརྟུལ་ཞུགས་སྤྱོད་པ་དང་། བརྟུལ་ཞུགས་མ་ནུས་ན་སྔོན་དུ་བསྙེན་པ་ལྷག་པར་བྱས་ཏེ་བསྒྲུབ་པ་དང་། སྤྱིར་བསྟན་པ་དང་། དངོས་གྲུབ་མཆོག་དང་འབྲིང་མི་འདོད་ན་དངོས་གྲུབ་ཕལ་བསྒྲུབ་པ་བསྟན་པའོ། །དེ་ལ་དང་པོར་སྔོན་དུ་

བསྙེན་པ་བྱས་ནས་བརྟུལ་ཞུགས་སྤྱད་པ་ཞེས་བྱ་བ་བཤད་པའོ། །འདི་ཡི་སྔོན་དུ་བསྙེན་པ་ནི། །བྱེ་བ་གཅིག་ཏུ་ངེས་པར་བཤད། །ཅེས་ཁྲོ་བོའི་རྒྱལ་པོ་འདིའི་སྔོན་དུ་བསྙེན་པ་བྱ་བ་ནི་སྔར་བཤད་པ་བཞིན་དུ་འབུམ་ཕྲག་བརྒྱ་བྱའོ། །ཁྲོ་བོ་བརྟུལ་ཞུགས་ཕྱིས་སྤྱོད་པ་ན་ཞེས་

เล่ม ๗๐ · หน้า 251a

པ་དེ་ལྟར་བསྙེན་པ་བྱས་པའི་འོག་ཏུ་ཁྲོ་བོའི་བརྟུལ་ཞུགས་སྤྱད་ན་དངོས་གྲུབ་མཆོག་ཐོབ་པོ་ཞེས་པའི་དོན་ཏོ། །ཤིང་ལས་བྱས་པའི་ཐོད་པ་ནི། །ཞེས་པ་ཐང་ཤིང་ལས་བྱས་པའི་ཐོད་པ་ཞེས་པའོ། །ཉི་ཤུ་རྩ་དྲུག་སོར་ཚད་བྱས། །ཞེས་པ་ཐོད་པའི་ཁ་ཤིང་

གི་ཚད་བྱ་ཞེས་པའོ། །མཁས་པས་ཏྲི་ཤཱུལ་རྣོན་པོ་ནི། །སྔགས་པས་ཏྲི་ཤཱུལ་རྣོན་པོ་ལེགས་པ་ཞེས་པའོ། །ལག་པ་གཡས་པས་ཏྲི་ཤཱུ་ལ་བཟུང་། །གཡོན་དུ་ཐོད་པ་བཟུང་ཞེས་པའོ། །གཟིག་ལྤགས་ཞེས་པ་སྨད་གཡོགས་ཞེས་པའོ། །ལུས་ནི་ཐལ་བ་དག་གིས་

བསྐུ། །ཞེས་པ་ཐལ་བས་བྱུག་པར་བྱ་བའི་དོན་ཏོ། །རུས་པ་དག་གི་ཕྲེང་བ་ཡིས། །ཞེས་པ་མི་རུས་དག་གིས་ལྷའི་རྒྱན་བཞིན་དུ་གདགས་སོ། །རྒྱན་དུ་བྱས་ནས་བརྟུལ་ཞུགས་སྤྱད། །ཅེས་པ་ཚུལ་དེ་ལྟར་དེ་བརྟུལ་ཞུགས་སྤྱད་དོ་ཞེས་པའི་དོན་ཏོ། །སྔགས་པ་དེ་གད་མོ་སྒྲ་ཆེན་དག་

ཀྱང་འབྱིན་ཞེས་པའོ། །དུར་ཁྲོད་དམ་ནི་ཤིང་གཅིག་གམ། །རིའམ་ཡང་ན་ཚལ་ཡང་རུང་། །ཞེས་པ་སྔགས་པ་དེ་ལྟ་བུ་དེ་གྲོང་དུ་འགྲོ་ཞིང་དེར་གནས་པར་མི་བྱ་སྟེ། མིང་གིས་སྨོས་པའི་གནས་འདི་དག་ཏུ་གནས་པར་བྱའོ། །མཁས་པས་ཞེས་པ་སྔགས་པས་ཞེས་པའོ། །ལྕི་

བ་ཟ་ཞེས་པ་ཟས་སུ་ལྕི་བ་ཟ་བའོ། །བློ་ལྡན་གྲོང་དུ་ཡོང་མི་འཇུག །ཅེས་པ་སྔགས་པ་དེ་གྲོང་དུ་འགྲོ་ཞིང་དེར་ཡང་གནས་པར་མི་བྱའོ། །མཉམ་པར་གཞག་ཅེས་པ་སེམས་རྩེ་གཅིག་ཏུ་གནས་ཞེས་པའོ། །ཚིག་མི་སྨྲ་ཞེས་པ་གཞན་གང་ཡང་མི་སྨྲའོ། །གཙང་ཞིང་ཚངས་པར་

སྤྱོད་ལ་དུལ། །ཞེས་ཕྱི་ནང་གི་ཁྱིམ་པ་ཞིག་ཡིན་ན་མི་ཚངས་པར་མི་སྤྱད་ཅེས་པའི་དོན་ཏོ། །རྟག་ཏུ་བདེ་གཤེགས་སེམས་དང་ལྡན། །ཞེས་པ་བྱང་ཆུབ་སེམས་དང་ལྡན་ཞེས་པའོ། །བྱང་ཆུབ་སེམས་དང་ཀུན་ལྡན་ཞིང་། །ཞེས་པ་གོང་མ་ཉིད་ཀྱི་འགྲེལ་པ་གཤིན་རྗེས་རབ་ཏུ་

འཇོམས་པ་འདི་ཞེས་པ་དེ་ལྟར་སྤྱད་ན་དངོས་གྲུབ་མཆོག་འགྲུབ་པར་འགྱུར་གྱི་མི་འགྲུབ་པར་མི་འགྱུར་རོ་ཞེས་པའི་དོན་ཏོ། །དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ལྡན་པར་བྱ་ཞིང་ཁྲོ་བོའི་བརྟུལ་ཞུགས་གང་གསུངས་པ་ཡང་སྤྱོད་ཅིང་རྟག་ཏུ་དུས་གསུམ་དུ་ཟློས་པ་བྱེད་པ་ནི་དངོས་

เล่ม ๗๐ · หน้า 251b

གྲུབ་མཆོག་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །འདི་མན་ཆད་ནི་བརྟུལ་ཞུགས་མ་གྲུབ་ན་བསྙེན་པ་ལྷག་པར་བྱ་སྟེ། སྒྲུབ་པ་ཞེས་བྱ་བ་བཤད་དོ། །གང་ཚེ་འདི་ཡི་བརྟུལ་ཞུགས་ནི། །བསྙེན་པ་བྱ་བར་མི་ནུས་ན། །ཞེས་བྱ་བ་གོང་དུ་བཤད་པ་བཞིན་དུ་བརྟུལ་ཞུགས་སྤྱོད་མི་ནུས་ན། གནས་

གང་ཡང་རུང་བར་གནས་ཤིང་ཟས་སུ་ལྕི་བ་ཟ་ཞིང་འབུམ་ཕྲག་བརྒྱད་བཟླས་པའི་བསྙེན་པ་བྱའོ་ཞེས་པའི་དོན་ཏོ། །དེ་ནས་བཟླས་པའི་ཐ་མར་ཡང་། །མཁས་པས་མཆོད་པ་རྒྱ་ཆེར་བྱ། །ཞེས་པ་དེ་ལྟར་སྔོན་དུ་བསྙེན་པ་བྱས་པའི་བཟླས་པ་ཟིན་ནས། ཐ་མར་ཡང་སྔགས་པས་སྐུ་

གཟུགས་དེ་ལ་མཆོད་པ་རྒྱ་ཆེན་པོ་བྱའོ། །དེ་ནས་མེ་ཏོག་ཛཱ་ཏི་སྟོང་། །རི་མོ་དག་ལ་ཕོག་པར་དབུལ། །ཞེས་པ་སྲི་ཤིང་སྣ་མའི་མེ་ཏོག་ལ་བྱ་སྟེ། སྔགས་བཟླས་ཤིང་སྐུ་གཟུགས་ལ་ཕོག་པར་དབུལ་ལོ། །རིག་པ་འཛིན་ཞེས་པ་སྔགས་པས་ཞེས་པའོ། །དེ་ཡིས་ཕོག་པར་

ཕུལ་ན་ནི། །ཞེས་པ་སྲི་ཤིང་སྣ་མའི་མེ་ཏོག་ཕུལ་ཞེས་པའོ། །གང་ཚེ་རབ་ཏུ་འབར་འགྱུར་བ། །ཞེས་པ་རི་མོའི་སྐུ་གཟུགས་འབར་བར་གྱུར་ན་ཞེས་པའི་དོན་ཏོ། །དེའི་ཚེ་རི་མོ་དེ་ཡིས་ནི། །ཞེས་པ་རི་མོའི་སྐུ་གཟུགས་འབར་བར་གྱུར་པ་དེའི་མཐུས་ནི་སྔགས་པ་ཉིད་ནམ་མཁའ་ལ་

འཕར་བར་གདོན་མི་ཟ་བར་ཞེས་པའི་དོན་ཏོ། །མཆོག་ཏུ་གྱུར་ཏེ་ཐོག་མར་འགྲོ། །ཞེས་པ་རིག་འཛིན་གྱི་རྒྱལ་པོར་འགྱུར་ཞེས་པའི་དོན་ཏོ། །འོན་ཏེ་ཕོག་པར་ཕུལ་བ་ན། །ཞེས་པ་མེ་ཏོག་སྔ་མ་དེ་ཉིད་ཀྱིས་སྐུ་གཟུགས་ལ་ཕུལ་ཞེས་པའི་དོན་ཏོ། །གཟུགས་དེ་རབ་ཏུ་གཡོ་བར་

གྱུར་ན་ནི། །ཞེས་པའོ། །རྟོག་ལ་ཇི་སྐད་གསུངས་པ་ཡི། །ཞེས་པ་ཇི་སྐད་གསུངས་པའི་དངོས་གྲུབ་འབྲིང་། ལུས་མི་སྣང་བ་འཐོབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལ་དངོས་གྲུབ་འབྲིང་དུ་སྒྲུབ་པ་པོ་དེ་ལ་འགྱུར་ཞེས་པའི་དོན་ཏོ། །དེ་སྟེ་རབ་ཏུ་མི་གཡོ་བར་རི་མོ་རང་བཞིན་

དུ་འདུག་པ། དངོས་གྲུབ་ཐ་མ་ཐོབ་པར་འགྱུར། །ཞེས་པ་དེ་ལྟར་བྱས་པ་ལས་ཀྱང་སྐུ་གཟུགས་མི་འགུལ་ཞིང་མི་གཡོ་བར་གྱུར་ཏེ། སྐུ་གཟུགས་ཐ་མལ་པར་འདུག་ན་ཆོ་ག་དེ་ལྟར་བྱས་པའི་དངོས་གྲུབ་ཐ་མ་རྐང་མགྱོགས་ཙམ་དུ་འགྱུར་རོ། །དེ་ལྟ་བུའི་འབྲས་བུ་རྣམ་པ་གསུམ་

เล่ม ๗๐ · หน้า 252a

གསུམ་བཤད་ཅེས་པ་དེ་ལྟར་དངོས་གྲུབ་རབ་འབྲིང་ཐ་མ་གསུམ་དུ་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་མན་ཆད་ནི་སྤྱིར་བསྙེན་པ་ཞེས་བྱ་བ་བཤད་དོ། །ལུས་ནི་ཉོན་མོངས་སྤྱད་པ་ལས། །དངོས་གྲུབ་རྣམ་གསུམ་ཐོབ་པར་འགྱུར། །ཞེས་པ་གོང་དུ་བཤད་

པའི་བརྟུལ་ཞུགས་དག་མ་ཡིན་པར་སྤྱིར་ཡང་ལུས་ཉོན་མོངས་པའི་དཀའ་ཐུབ་སྤྱད་པ་ལས་དངོས་གྲུབ་རྣམ་གསུམ་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །བརྟུལ་ཞུགས་སྨྱུང་བར་འདུག་ལ་འབད། །ཅེས་པ་ལུས་ལ་ཉོན་མོངས་པར་བྱ་བའི་དཀའ་ཐུབ་དེ་དག་ཀྱང་གང་ཞེ་ན། འདི་དག་

གོ་ཡང་ན་ཆུའམ། །རླུང་དག་བཟའ་ཞེས་པ་ཆུ་འབའ་ཞིག་བཏུང་བའམ་རླུང་ཆེན་རྔུབ་ཅིང་བཟའ་བར་བྱའོ། །ཅི་ལའང་མ་ཆགས་ཕྱུགས་གཅིན་བཏུང་། །ཞེས་པ་འདོད་པའི་ལོངས་སྤྱོད་ལ་སོགས་ཏེ། གང་ལ་ཡང་ཆགས་པར་མི་བྱའོ། །ཕྱུགས་གཅིན་ཞེས་པ་

ཕྱུགས་གཅིན་འབའ་ཞིག་བཏུང་ཞེས་པའོ། །བྱང་ཆུབ་སེམས་དང་ཀུན་ལྡན་ན། །ཞེས་པ་དེ་ལྟར་དཀའ་ཐུབ་སྤྱོད་པ་དང་ལྡན་ཞིང་བྱང་ཆུབ་ཀྱི་སེམས་དང་ཡང་ལྡན་ན། དེའི་ཚེ་དངོས་གྲུབ་དམ་པ་འཐོབ་ཅེས་པའི་དོན་ཏོ། །རིག་པ་མཆོག་ཀུན་བསྒྲུབ་པ་ལ། །ཞེས་པ་ཁྲོ་བོའི་

རྒྱལ་པོ་ལ་བྱ་སྟེ། དེའི་སྔགས་སྒྲུབ་པ་ལ་བྱ་ཞེས་པའི་དོན་ཏོ། །འདི་དག་སྤྱིར་ན་བསྟན་པ་ཡིས། །ཞེས་པ་ཆོ་ག་དེ་ལྟར་སྤྱད་ན་དངོས་གྲུབ་རྣམ་གསུམ་ཐོབ་པར་འགྱུར་རོ་ཞེས་སྤྱིར་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་མན་ཆད་དངོས་གྲུབ་མཆོག་འབྲིང་མི་འདོད་ན། དངོས་གྲུབ་ཕལ་

པ་སྒྲུབ་པ་བསྟན་ཏེ། གང་ཚེ་དངོས་གྲུབ་མཆོག་རྣམས་དང་། །འབྲིང་ཡང་གལ་ཏེ་མི་འདོད་ན། །ལོངས་སྤྱོད་རྟག་ཏུ་འདོད་ན་ནི། །ཞེས་པ་ལ་འོག་ནས་འབྱུང་བའི་ལོངས་སྤྱོད་དག་ནི་དངོས་གྲུབ་ཕལ་པ་འདོད་ན་ཞེས་པའི་དོན་ཏོ། །དེ་ཚེ་རྟག་ཏུ་བཟླས་པར་བྱ། །ཞེས་པ་དུས་གསུམ་དུ་

བཟླས་པ་རྒྱུན་དུ་བྱའོ། ཞེས་པའོ། །འདི་ཡི་ཆོ་ག་གཞན་དག་ཀྱང་། །དེ་ནས་མདོར་ནི་བཤད་པར་བྱ། །ཞེས་པ་དངོས་གྲུབ་ཕལ་པ་སྒྲུབ་པའི་ཆོ་ག་གཞན་དག་ཀྱང་མདོར་བཤད་པར་བྱའོ་ཞེས་པའོ། །ས་གཞི་རབ་ཏུ་མདངས་དགའ་བ། །ཞེས་པ་ཉམས་དགའ་བའི་ས་གཞི་

เล่ม ๗๐ · หน้า 252b

བཟང་པོ་ལ་བྱའོ་ཞེས་པའོ། །དེར་ནི་ཙནྡན་དམར་པོ་ཡིས། །ཞེས་པ་དེའི་སྟེང་དུ་ཙནྡན་དམར་པོའི་འདེ་གུས་བསྐུ་བར་བྱའོ་ཞེས་པའི་དོན་ཏོ། །མཁས་པས་བྱ་ཞེས་སྔགས་པས་བྱའོ། །དེ་ཡང་བཟང་པོ་ཁྲུ་གང་ཙམ། །ཞེས་པ་དེ་ལྟར་ཡིད་ཀྱི་དཀྱིལ་འཁོར་བྱ་བ་དེ་ཡང་ཆེ་ཆུང་གི་

ཚད་ཁྲུ་གང་ཙམ་དུ་བྱའོ། །རབ་ཏུ་མཉམ་ཞིང་ཡིད་དུ་འོང་། །ཞེས་པ་དཀྱིལ་འཁོར་གྱི་ཡོན་ཏན་ལ་བྱའོ། །གཤིན་རྗེས་རབ་ཏུ་འཇོམས་པ་གང་། །ཞེས་པ་ལ་སོགས་པ་གཤིན་རྗེ་རབ་ཏུ་འཇོམས་ཞེས་བྱ་བའི་དཀྱིལ་འཁོར་དུར་ཁྲོད་གནས་ཞེས་བྱ་བ་གང་གསུངས་པ་དེ་དག་

གི་སྔགས་རྣམས་ཀྱིས་མེ་ཏོག་ལ་བསྔགས་ཏེ། སོ་སོའི་གནས་གནས་སུ་བཀོད་པས་དཀྱིལ་འཁོར་དེ་བྱས་ནས་ཞེས་བྱ་བའི་དོན་ཏོ། །དེ་ཡི་འོག་ན་སྔགས་རིག་པས། །ཞེས་པ་དེ་ལྟར་ཡིད་ཀྱིས་དཀྱིལ་འཁོར་ལེགས་པར་བཀོད་ནས་དེའི་འོག་ཏུ་སྔགས་པས་ཇི་སྐད་

གསུངས་པའི་ལས་དག་གིས་ཞེས་པ་མཆོད་པ་བྱ་བའི་ལས་དག་གིས་ཅི་འབྱོར་པ་དང་། །ཅི་ནུས་པར་ཁྲོ་བོའི་རྒྱལ་པོའི་གཙོ་བོ་ལ་མཆོད་པར་བྱ་ཞེས་པའི་དོན་ཏོ། །ཉི་མ་རེ་རེ་ཆོ་ག་བཞིན། །བཟླས་པ་དག་ཀྱང་སྟོང་དུ་བྱ། །ཞེས་པ་ཉི་མ་རེ་རེ་ཞིང་དུས་གསུམ་དུ་ཟློས་པ་

ཡང་དུས་གཅིག་གི་ཚེས་གྲངས་སྟོང་སྟོང་དུ་བཟླས་བརྗོད་བྱས་པའི་དུས་གསུམ་ཆར་ཡང་མཆོད་པའི་ཆོ་ག་དང་དཀྱིལ་འཁོར་ཚུལ་དེ་ལྟར་བཀོད་ནས་བཟླས་པ་བྱའོ། །དེ་ལྟར་རྟག་ཏུ་བྱས་པ་ཡིས། །ཞེས་པ་ཚུལ་དེ་ལྟར་རྟག་ཏུ་བྱས་པས་བདག་ཉིད་གང་འདོད་པའི་འབྲས་བུ་

ཐོབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །གདོན་མི་ཟ་ཞེས་པ་ཐེ་ཚོམ་མེད་པར་དགའ་བར་འགྱུར། དེའི་ཞེས་པ་སྔགས་པ་དེའི་དགྲ་ཡང་མེད་པར་འགྱུར་བའི་དོན་ཏོ། །ནད་མེད་རང་གིས་ཞེས་པའོ། །སའི་དབང་པོ་དང་ཞེས་པ་རྒྱལ་པོ་དང་ཞེས་པའོ། །གཡོ་དང་མི་གཡོ་འཇིག་རྟེན་

རྣམས། །ཞེས་ལྷ་ཀླུ་ལ་སོགས་པ་རི་དང་མཚོ་ལ་སོགས་པ་མི་གཡོ་བ་ལ་གནས་པའི་ལྷ་ཀླུ་རྣམས་ཞེས་པའི་དོན་ཏོ། །བྱང་ཆུབ་སེམས་ལྡན་པ་དེ་ནི། །ཞེས་པ་སྔགས་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དེའི་དབང་དུ་གྱུར་པ་གདོན་མི་ཟ་ཞེས་པའི་དོན་ཏོ། །རིག་པའི་བརྟུལ་ཞུགས་

เล่ม ๗๐ · หน้า 253a

སུ་གཏོགས་པ་སྟེ། གསུམ་པའི་བཤད་པ་རྫོགས་སོ།། །།རྩ་བའི་རྟོག་པར་སྡུད་པར་གཏོགས་པའི་ལེའུ་འདི་ལ་དོན་རྣམ་པ་གཉིས་ཀྱིས་སྟོན་ཏོ། །དེ་ལ་སྐབས་དབྱེ་བ་དང་། དངོས་གྲུབ་དང་ལས་ཐམས་ཅད་སྦྱར་བར་བྱའོ། །དེ་ལ་རྩ་བའི་རྟོག་པ་

སྡུད་པར་གཏོགས་པ་ཞེས་བྱ་བ་ཅིའི་ཕྱིར་བྱ་ཞེ་ན། སྔར་བཤད་པའི་རྩ་བའི་རྟོག་པ་ཐམས་ཅད་ཀྱི་དངོས་གྲུབ་དང་ལས་རྣམས་ལེའུ་འདིར་སྡུད་པར་གྱུར་པས་ན་ཡང་ལེའུ་འདི་ལ་རྩ་བའི་རྟོག་པ་སྡུད་པར་གཏོགས་པའི་ལེའུ་ཞེས་བྱའོ། །དེ་ལ་དང་པོ་སྐབས་དབྱེ་བ་ཞེས་བྱ་བ་བཤད་

དེ། དེ་ནས་གཞན་ཡང་བརྟུལ་ཞུགས་ཀྱིས། །བསྒྲུབ་པའི་ལས་རྣམས་བཤད་པར་བྱ། །ཞེས་པ་ཁྲོ་བོའི་བརྟུལ་ཞུགས་སྤྱད་པས་འགྲུབ་པར་འགྱུར་བའི་ལས་རྣམས་བཤད་དོ། །དངོས་གྲུབ་མཆོག་རྣམས་ཐམས་ཅད་ཀྱི། །ཞེས་པ་དངོས་གྲུབ་མཆོག་རྣམས་ཐམས་ཅད་ཁྲོ་

བོའི་བརྟུལ་ཞུགས་སྤྱད་པས་བསྒྲུབ་པར་བྱའོ། །བརྟུལ་ཞུགས་མེད་པས་མི་འགྲུབ་སྟེ། །ཞེས་པ་ཁྲོ་བོའི་བརྟུལ་ཞུགས་མེད་པར་ཕལ་ཆེར་དངོས་གྲུབ་མཆོག་རྣམས་མི་འགྲུབ་སྟེ། བརྟུལ་ཞུགས་སྤྱད་པ་བྱས་ནས་སུ། །དངོས་གྲུབ་མཆོག་རྣམས་ལེགས་པར་འགྲུབ། །

ཅེས་པ་ཁྲོ་བོའི་བརྟུལ་ཞུགས་སྔར་སྤྱད་ནས་དེའི་འོག་ཏུ་དངོས་གྲུབ་མཆོག་རྣམས་འགྲུབ་པོ་ཞེས་པའི་དོན་ཏོ། །མཁས་པས་གཞན་ཡང་མ་ཡིན་ནོ། །ཞེས་པ་བརྟུལ་ཞུགས་མ་སྤྱད་པར་དངོས་གྲུབ་མཆོག་རྣམས་བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་རོ་ཞེས་པའི་དོན་ཏོ། །འདི་མན་

ཆད་ནི་དངོས་གྲུབ་དང་ལས་ཐམས་ཅད་ལ་སྦྱར་བ་ཞེས་བྱ་བ་བསྟན་ཏོ། །ཇི་སྐད་བསྟན་པའི་མཚོན་ཆ་རྣམས། །རྩ་བའི་རྟོག་པའི་ཆོ་ག་བཞིན། །ཞེས་པ་སྔར་རྩ་བའི་རྟོག་པ་རྣམས་ལས་རལ་གྲི་དང་། བེ་ཅོན་དང་། དགྲ་སྟ་དང་། ཤཱུ་ལ་ལ་སོགས་པའི་ལྷའི་མཚོན་ཆ་རྣམས་

སྒྲུབ་པའི་སྦྱོར་བ་སྔར་གསུངས་པ་རྣམས་བཞིན་དུ་འདིས་བསྒྲུབས་ན། དེ་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་སོ། །དེ་ལ་འདི་ནི་རྟག་པ་རུ། །དུར་ཁྲོད་གནས་པའི་དཀྱིལ་འཁོར་ནི། །ཞེས་པ་དེ་ལ་རྩ་བའི་རྟོག་པ་ལས་ཁྱད་པར་དུ་འདིར་རལ་གྲི་ལ་སོགས་པ་བསྒྲུབ་པའི་ཚེ། དུར་

เล่ม ๗๐ · หน้า 253b

ཁྲོད་ཀྱི་གནས་སུ་དཀྱིལ་འཁོར་བྲིས་ལ་སྒྲུབ་པོ་ཞེས་པའི་དོན་ཏོ། །དངོས་གྲུབ་མཆོག་རྣམས་རབ་སྦྱིན་པའི། །ཞེས་པ་དཀྱིལ་འཁོར་གྱི་ཡོན་ཏན་ལ་བྱའོ། །བྱེ་བྲག་ཏུ་ནི་ལོགས་ཤིག་གསུངས། །ཞེས་པ་རལ་གྲི་ལ་སོགས་པའི་དངོས་གྲུབ་བསྒྲུབ་པའི་ཚེ། རྩ་བའི་རྟོག་

པ་ལས་བྱེ་བྲག་ཏུ་འདིར་དུར་ཁྲོད་ཀྱི་དཀྱིལ་འཁོར་བྲིས་ཏེ་བསྒྲུབ་པར་གསུངས་སོ། །རལ་གྲི་ས་འོག་རོ་ལངས་དང་། །ཞེས་པ་རྩ་བའི་རྟོག་པ་ལས་གསུངས་པའི་དངོས་གྲུབ་འདི་དག་གིས་ཞེས་པའོ། །གཞན་ཡང་ལས་དག་ཅི་འདོད་དང་། །ཞེས་པ་མི་རོའི་རས་བསྒྲུབ་

པ་དག་ཅེས་པའོ། །བུད་མེད་དམ་པ་སྤྱད་བསྒྲུབ་པ། །ཞེས་པ་འདོད་པའི་ཕྱིར་བསྒྲུབ་ཅེས་པའོ། །རྩ་བའི་རྟོག་པ་ཆོ་ག་ཡིས། །ཞེས་པ་སྔར་རྩ་བའི་རྟོག་པའི་ལེའུ་ལས་དངོས་གྲུབ་སྒྲུབ་པའི་མཚན་ཉིད་བཤད་པའི་རྣམ་གྲངས་འདི་རྣམས་རྩ་བའི་རྟོག་པ་ལས་གསང་བའི་ཆོ་ག་

བཞིན་དུ་འདི་ཡང་སྐབས་སུ་ཡང་བསྒྲུབ་པར་བྱའོ། །དེ་ལས་རྩ་བའི་རྟོག་པ་ལས་ཁྱད་པར་དུ་ན་འདིའི་སྐབས་སུ་དངོས་གྲུབ་དེ་དག་བསྒྲུབ་པའི་ཚེ། ཁྲོ་བོའི་རྒྱལ་པོའི་ཡི་གེ་བཅུ་གཅིག་པའི་སྙིང་པོ་སྒྲུབ་པར་གསུངས་སོ། །དེ་ནས་ཇི་སྐད་བསྟན་པ་ཀུན། །མ་སྨོས་པ་ཡང་བསྒྲུབ་པ་

བྱ། །ཞེས་པ་དེ་བས་ན་རྩ་བའི་རྟོག་པ་ལས་དངོས་གྲུབ་བཤད་པ་རྣམས་ལས། མིང་གིས་སྨོས་པ་འདི་རྣམས་མ་གཏོགས་པར་དངོས་གྲུབ་འབྱུང་བ་རྣམས་ཀྱང་ཚུལ་བཞིན་དུ་བསྒྲུབ་པར་བྱའོ། །འཇམ་དཔལ་ཁྲོ་བོའི་སྙིང་པོ་འདི། །ཧཱུྃ་ཞེས་བྱ་བ་རྒྱས་པ་སྟེ། །ཞེས་པ་ཧཱུྃ་

ཞེས་བྱ་བའི་སྙིང་པོ་འབྲུ་གཅིག་པའི་ཆོ་ག་རྒྱས་པའི་ཡི་གེ་སྟེ། ཧཱུྃ་འདི་ནི་རྩ་བའི་རྟོག་པ་སྡུད་པར་ཡོངས་སུ་གྲགས། །ཡི་གེ་ཧཱུྃ་རྩ་བའི་རྟོག་པ་གསུངས་པ། དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཕྱིར། །ཞེས་བྱ་བའི་དོན་ཏོ། །འདི་ནི་རྩ་བའི་རྟོག་པ་ཡི། །བསྡུས་པའི་

ཡོངས་སུ་བསྒྲགས་པའོ། །ཞེས་པ་སྔར་རྩ་བའི་རྟོག་པར་གཏོགས་པའི་དངོས་གྲུབ་རྣམས་ལས་ལེའུ་འདིར་མདོར་བསྡུས་ནས་ཡི་གེ་འབྲུ་གཅིག་པའི་སྒོ་ནས་དེ་རྒྱས་པར་བཤད་པར་བྱའོ། །རྩ་བའི་རྟོག་པ་ལས་གསུངས་པའི་དངོས་གྲུབ་ལས་རྣམས་ལེའུ་འདིར་མདོར་

เล่ม ๗๐ · หน้า 254a

བསྡུས་ནས་བཤད་པ་དང་། དངོས་གྲུབ་དེ་དག་ཀྱང་ཡི་གེ་འབྲུ་གཅིག་པོས་དངོས་གྲུབ་སྒྲུབ་ཅིང་ལས་སྦྱར་རུང་བར་རྒྱས་པར་བཤད་པའོ། །རྩ་བའི་རྟོག་པར་གཏོགས་པ་སྟེ་བཞི་པའོ། །བཞི་པའི་བཤད་པ་རྫོགས་སོ།། །།ཕྱི་མའི་ཕྱི་མ་རྟོག་པ་ལྔ་པ་འདི་

ལ་དོན་རྣམ་པ་ལྔས་སྟོན་ཏེ། དེ་ལ་མཚམས་སྦྱོར་བ་དང་། སྔགས་བསྟན་པ་དང་། སྔགས་ཀྱི་མཐུ་བསྟན་པ་དང་། སྔོན་དུ་བསྙེན་པ་བྱས་ནས་སྒྲུབ་པ་དང་། སྦྱོར་བ་བསྟན་པའོ། །དེ་ལ་དང་པོ་འདི་ལ་མཚམས་སྦྱོར་བ་ཞེས་བྱ་བ་བཤད་དོ། །རྟོག་པ་མདོ་རུ་བསྡུས་པ་དང་། རྒྱས་

པ་དག་ཏུ་བཤད་པ་དང་། །ཞེས་པ་རྩ་བའི་རྟོག་པར་གསུངས་པའི་དངོས་གྲུབ་རྣམས་དང་། ལས་དང་ལེའུ་འདིར་བསྡུས་ནས་ཡི་གེ་འབྲུ་གཅིག་པའི་སྒོ་ནས་དེ་དག་རྒྱས་པར་བཤད་པར་བྱའོ། །རྩ་བའི་རྟོག་པ་ལས་གསུངས་པའི་དངོས་གྲུབ་དང་ལས་རྣམས་ལེའུ་

འདིར་མདོར་བསྡུས་ཏེ་བཤད་པ་དང་། །དངོས་གྲུབ་དེ་དག་ཀྱང་ཡི་གེ་འབྲུ་གཅིག་པོས་དངོས་གྲུབ་ཅི་ལས་བྱར་རུང་བས་རྒྱས་པར་བཤད་པའོ། །བརྟུལ་ཞུགས་དང་ནི་ངེས་པ་ཡིས། །ཞེས་པ་བསྡམ་པར་བྱས་ཏེ་སྨྱུང་བ་བྱས་པ་ལ་བྱའོ། །སྒྲུབ་པ་ཅི་བསྟན་བཤད་པ་

ཡིན། །ཞེས་པ་ཚུལ་དེ་དག་གིས་སྒྲུབ་པ་ལ་དེ་ཡན་ཆད་ཀྱིས་བཤད་ཟིན་ཏོ། །དེ་ནས་ཁྲོ་བོ་གཟི་ཆེན་གྱིས། །ཞལ་དྲུག་ཧཱུྃ་ཞེས་བྱ་བའི་སྔགས། །ཞེས་བྱ་བ་ལ་སོགས་པ་ཁྲོ་བོ་ཆེན་པོ་གཟི་བྱིན་ཆེན་པོའི་ཞལ་དྲུག་ནས་ཧཱུྃ་དྲུག་འབྱུང་བའི་ཧཱུྃ་ཞེས་བྱ་བའི་སྔགས་དངོས་གྲུབ་

ཇི་ལྟར་བསྒྲུབ་པ་རྣམས་བཤད་པ་ཡིན་ནོ་ཞེས་གོང་མ་དང་ཚིག་གི་འཕྲོ་སྦྱར་རོ། །ཧཱུྃ་གི་སྔགས་དེ་སྔོན་དུ་བསྙེན་པ་བྱས་ནས་དེའི་འོག་ཏུ་བཟླས་པ་ཙམ་གྱིས་ལས་དེ་དག་འགྲུབ་པར་འགྱུར་རོ། །གསང་བ་དེ་མདོར་བཤད་པར་བྱའོ་ཞེས་པའོ། །བརྟུལ་ཞུགས་སྤྱད་དང་

བརྟུལ་ཞུགས་དཀའ། །དེ་དག་འདི་ལ་ཡོད་མེད་དེ། །ཞེས་བརྟུལ་ཞུགས་སྤྱད་པ་དང་། ཁྱད་པར་གྱི་བརྟུལ་ཞུགས་དགའ་བ་དེ་དག་ཧཱུྃ་ཞེས་བྱ་བའི་སྔགས་ཀྱིས་ལས་སྒྲུབ་པ་འདི་དག་ལ་དཀའ་ཐུབ་དང་བརྟུལ་ཞུགས་སྤྱད་མི་དགོས་སོ་ཞེས་པའི་དོན་ཏོ། །ལན་ཅིག་

เล่ม ๗๐ · หน้า 254b

ཀླགས་པ་ཙམ་གྱིས་ཀྱང་། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །ཞེས་པ་གོང་དུ་བསྙེན་པ་བྱས་ནས་དེའི་འོག་ཏུ་ལས་བྱས་པ་འགྲུབ་པར་འགྱུར་བ་ལ་བྱའོ་ཞེས་པའོ། །འདི་མན་ཆད་སྔགས་བསྟན་པ་ཞེས་བྱ་བ་བཤད་དེ། ཨོཾ་ན་མ་ཞེས་བྱ་བ་རྣམས་བསྟན་ཏེ། ཨོཾ་ན་མཿ

ཞེས་པ་ནས་སྭཱ་ཧཱ། ཞེས་པའི་བར་གྱི་སྔགས་ནི་ཞལ་རེ་རེ་ནས་ཧཱུྃ་དྲུག་དྲུག་འབྱུང་བ་དང་སྦྱར་རོ། །འོག་ནས་སྦྱོར་བ་བསྟན་པའི་སྐབས་ནས་ལས་རྣམས་འབྱུང་བའི་བསྐུལ་ཚིག་རེ་རེའི་ཧཱུྃ་དྲུག་གི་སྐབས་སྐབས་སུ་བཅུག་སྟེ། ཆེ་གེ་མོ་ཞིག་གིས་རི་རྣམས་ཁོས་ཤིག་གཡོས་པར་གྱུར་

ཅིག་ཅེས་པའི་སོ་སོའི་ཚིག་ཀྱང་བཅུག་སྟེ་སྔགས་རིམ་གྱིས་བཟླས་སོ། །ཡི་གེ་བཞི་བཅུ་རྩ་གསུམ་འདི། །ཁྲོ་བོས་ཀླགས་པ་ཙམ་གྱིས་འགྲུབ། །ཅེས་པའི་ཡི་གེ་བཞི་བཅུ་རྩ་གསུམ་འབྱུང་སྟེ་བགྲང་བར་བྱ་བའི་ལུགས་ལགས་སོ། །ཧཱུྃ་གི་སྔགས་ཉིད་ཁྲོ་བོའི་རང་བཞིན་ཏེ་

འགྲུབ་པར་འགྱུར་བ་ན་སྔར་བཤད་ཟིན་ཏོ། །སངས་རྒྱས་ཀུན་གྱིས་མངོན་པར་བསྟོད། །ཅེས་པ་ཧཱུྃ་གི་སྔགས་ཀྱི་ཡོན་ཏན་ལ་བྱའོ་ཞེས་པའི་དོན་ཏོ། །དེ་ནི་རྟག་པར་བཟླས་པ་ནི། །ཞེས་པ་ཧཱུྃ་གི་སྔགས་ཏེ་རྟག་པར་བཟླས་པར་བྱས་ན་དངོས་གྲུབ་སྩོལ་བར་མཛད་དོ། །འདི་མན་

ཆད་ནི་སྔགས་ཀྱི་མཐུ་བསྟན་པ་ཞེས་བྱ་བ་བཤད་དོ། །དངོས་གྲུབ་ཐམས་ཅད་སྟེར་བར་བཤད། །ཅེས་པ་ནས་བསྟན་ཏེ། དུར་ཁྲོད་གནས་སུ་རྟག་པར་ནི། །རྟག་ཏུ་ཟློས་པའི་ཆོ་ག་ཡིས། །ཞེས་པ་དེ་ལྟར་རྟག་ཏུ་བཟླས་པ་བྱ་བ་ཡང་སྔར་བཤད་པའི་དུར་ཁྲོད་ཀྱི་དཀྱིལ་འཁོར་སྔ་

མའི་ཚུལ་བཞིན་དུ་དཀྱིལ་འཁོར་བྲིས་སམ་བསམས་ཏེ། དཀྱིལ་འཁོར་འདིར་རྟག་ཏུ་བཟླས་པ་བྱ་ཞེས་པའི་དོན་ཏོ། །ལྷ་དང་ལྷ་མིན་དྲི་ཟ་དང་། །ཞེས་པ་དེ་ལྟར་བཟླས་པ་བྱས་པ་དེའི་མཐུས། །དེ་ཡི་གཟིས་ནི་འབྱེར་བར་འགྱུར། །ཞེས་པ་སྔགས་དེའི་གཟི་བྱིན་དང་མཐུས་

ཞེས་པའོ། །འགྲོ་དང་མི་འགྲོ་འཇིག་རྟེན་ན། །དེ་ལ་དཀའ་བ་ཅུང་ཟད་མེད། །ཅེས་པ་སྣོད་ཀྱི་འཇིག་རྟེན་དང་། གཡོ་བའི་འཇིག་རྟེན་ཏེ་བཅུད་ཀྱི་འཇིག་རྟེན་ལ་བྱའོ། །ཧཱུྃ་གི་སྔགས་དེ་ལས་བྱ་བ་ལ་ཞེས་པའོ། །ཞལ་དྲུག་ཧཱུྃ་ཞེས་བྱ་བའི་སྔགས། །ཞེས་བྱ་བ་ལ་

เล่ม ๗๐ · หน้า 255a

སོགས་པ་སྔོན་དུ་བསྙེན་པ་བྱས་པའི་འོག་ནས་ཧཱུྃ་གི་སྔགས་དེ་དག་དང་། ཤཱུ་ལའི་ཕྱག་རྒྱ་དང་ལྡན་པར་སྦྱར་ན་རྒྱུད་འདིའི་ཆོ་གའི་ལས་རྣམས་འགྲུབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །འདི་མན་ཆད་ནི་སྔོན་དུ་བསྙེན་པ་བྱས་ནས་སྒྲུབ་པ་ཞེས་བྱ་བ་བཤད་དེ།

དུར་ཁྲོད་གནས་སུ་ཆོ་ག་བཞིན། །ཞེས་པ་སྔོན་དུ་བསྙེན་པ་བྱ་བ་ཡང་དུར་ཁྲོད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བཞིན་དུ་བྲིས་སམ་བསམས་ཏེ། དཀྱིལ་འཁོར་དེས་སྔོན་དུ་བསྙེན་པ་བྱའོ། །ཐོག་མ་ཉིད་དུ་ཆིག་འབུམ་བྱ། །ཞེས་པ་ཧཱུྃ་གི་སྔགས་དེ་ཐོག་མར་བསྙེན་པ་འབུམ་བཟླས་

པར་བྱ་ཞེས་པའི་དོན་ཏོ། །དེ་ནས་རྟག་པའི་ཆོ་ག་བཤད། །ཅེས་པ་དེ་ལྟར་སྔོན་དུ་བསྙེན་པ་བྱས་ནས་དེ་ཕན་ཆད་ཀྱང་ཡལ་བར་མི་འདོར་བར་དུས་གསུམ་དུ་བཟླས་པར་བྱའོ། །རྟག་པར་སྤྱོད་པའི་ཆོ་ག་ཡིས། །དེ་ནས་ཆིག་འབུམ་བཟླས་ནས་ཀྱང་། །ཞེས་པ་དེ་ལྟར་རྟག་པར་

བཟླས་པ་སྤྱོད་པའི་ཆོ་གས་སྔོན་དུ་བསྙེན་པ་འབུམ་བྱས་པའི་འོག་ཏུ་ཡང་འབུམ་བཟླས་ཏེ་སྦྱོར་བ་ཉིད་འབུམ་སྔོན་དུ་བསྙེན་པ་བྱའོ། །ཁ་ཅིག་གིས་བཤད་པ་ནི་འདི་ནི་སྔར་བསྙེན་པ་བྱ་བ་ཟློས་བུར་བཤད་པར་ཟད་དེ་བསྙེན་པའི་ཆིག་འབུམ་བྱ་བར་ངེས་སོ་ཞེས་བཤད་དོ། །ཇི་སྐད་

གསུངས་པའི་ལས་རྣམས་ཀྱིས། །དེ་ཡི་འོག་ཏུ་སྒྲུབ་ལ་འཇུག །ཅེས་པ་དེ་ལྟར་བསྙེན་པ་བྱས་པའི་འོག་ཏུ་སྔར་རྩ་བའི་རྟོག་པ་ལས་གསུངས་པའི་ལས་དང་། འོག་ནས་འབྱུང་བའི་ལས་རྣམས་སྒྲུབ་པ་ལ་འཇུག་པའོ་ཞེས་བྱ་བའི་དོན་ཏོ། །རྩ་བའི་རྟོག་པའི་ཆོ་ག་ཡིས། །དེ་

ནས་ཐམས་ཅད་བསྒྲུབ་པར་བྱ། །ཞེས་པ་རྩ་བའི་རྟོག་པ་ལས་གསུངས་པའི་ལས་ཐམས་ཅད་ཀྱང་རྩ་བའི་རྟོག་པའི་ཆོ་ག་བཞིན་དུ་ལས་ཐམས་ཅད་བསྒྲུབ་པར་བྱའོ། །འདི་ལ་དཀའ་བ་ཅི་ཡང་མེད། །ཅེས་པ་ཧཱུྃ་གི་སྔགས་དེ་ལས་བྱ་བ་འདི་ལ་དཀའ་བ་མེད་དོ། །ཆོ་ག་བཟང་པོ་ཅི་

གསུངས་པའི། །ཞེས་པའོ། །རྟོག་པ་དེ་བཞིན་བདག་གིས་བཤད། །ཅེས་པ་འོག་ནས་འབྱུང་བ་ལ་བྱའོ། །ཞལ་དྲུག་ཧཱུྃ་ཞེས་བྱ་བ་འདི། །ཞེས་པ་ཞལ་དྲུག་ནས་ཧཱུྃ་ཞེས་བྱ་བ་རེ་རེ་འབྱུང་བས་ཞལ་དྲུག་ཏུ་བཤད་དོ་ཞེས་པའོ། །འདི་མན་ཆད་ནི་སྦྱོར་བ་བསྟན་པ་ཞེས་བྱ་བ་

เล่ม ๗๐ · หน้า 255b

བཤད་དོ། །ཁྲོ་བོའི་ཞལ་ནས་མདོ་རུ་ནི། །ཆོ་ག་བཟང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཧཱུྃ་གི་མཐར་ནི་བསྐུལ་བར་བྱ། །ཞེས་པ་ལ་སོགས་པ་ཧཱུྃ་དྲུག་གི་འོག་ཡ་མ་པྲ་མ་ཞེས་བྱ་བའི་གོང་གི་བར་དེར་ཏྲ་ཞེས་བྱ་བའི་བསྐུལ་ཚིག་བཅུག་སྟེ། །ཡི་གེ་བཞི་བཅུ་རྩ་གསུམ་རིལ་གྱིས་

བཟླས་ཏེ། ཤཱུ་ལའི་ཕྱག་རྒྱ་དང་ལྡན་པར་སྔགས་བརྗོད་པས་ལས་བྱ་སྟེ་ཚུལ་འདི་བཞིན་དུ་སྦྱར་ཏེ། ལས་བྱ་བ་ལས་གང་དང་གང་བྱས་པས་དེ་དང་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །ཧཱུྃ་ནི་བསྐུལ་བའི་ཚིག་གི་བརྡས་འཛིན་ཙམ་དུ་ཟད་པས་འདིའི་ཧཱུྃ་ཉིད་དཀྱུས་སུ་གཞུག་མི་དགོས་ཏེ།

ཧཱུྃ་དྲུག་གི་མཇུག་ལ་སོ་སོའི་བསྐུལ་བའི་ཚིག་གཞུག་པར་ཟད་དེ། འོག་མ་ཀུན་ལ་འདི་སྦྱར་རོ་ཞེས་པའི་དོན་ཏོ། །ཧཱུྃ་ཚིག་རིག་སྔགས་ཐམས་ཅད་དང་། །ཞེས་པ་ཕ་རོལ་པོའི་རིག་སྔགས་བཅད་པ་དང་ཞེས་པའོ། །རི་བཀས་པར་བྱ་བ་དང་ས་གཡོ་བར་བྱའི་ཚིག་གཞུག་མི་དགོས་

ཏེ། སོ་སོའི་བསྐུལ་བའི་ཚིག་ཡི་གེ་འབྲུ་རེ་རེ་པོ་དང་བསམ་པའི་ཁྱད་པར་ཙམ་གྱིས་ལས་རྣམས་བྱའོ་ཞེས་ཁ་ཅིག་འཆད་དོ། །མཚོན་ཆ་རྣམས་ནི་མཆོད་པར་བཤད། །ཅེས་པ་ཕ་རོལ་གྱི་མཚོན་ཆ་རྣམས་ནི་གཅོད་དོ། །ཤཱུ་ལའི་ཕྱག་རྒྱ་དང་ལྡན་པར། །ཧཱུྃ་ཁ་རྟག་པར་རབ་སྦྱར་ན། །

ཞེས་པ་ཤཱུ་ལའི་ཕྱག་རྒྱ་ནི་ལས་འདི་དག་ཐམས་ཅད་ལ་སྦྱར་བར་བྱའོ། །གདུག་པ་རྣམས་ནི་ཟ་དང་འཆི། །དགྲ་ཡི་དཔུང་དག་རབ་ཏུ་འཇིག །ཅེས་པ་གདུག་པ་རྣམས་ཟ་བ་དང་། དགྲའི་དཔུང་རྣམས་འཆི་བར་འགྱུར་རོ། །ཧཱུྃ་ཐར་མཚོན་ཆ་ཀུན་འཕེན་ཆེ། །ཞེས་པ་ཕ་རོལ་པོའི་

དཔུང་ལ་མཚོན་ཆ་འཕེན་པའི་ཚེ་སྔགས་འདི་བརྗོད་ན་ཕ་རོལ་པོའི་སྡེའི་ལྷ་མ་ཡིན་རྣམས་འཇིག་པར་བྱེད་ཅིང་ཕ་རོལ་པོའི་མཚོན་ལས་ཐར་བར་འགྱུར་རོ། །རྨོངས་པ་ཞེས་པ་འཐོམ་པར་འགྱུར། །ཞེས་པའོ། །ཧཱུྃ་དག་རབ་ཏུ་སྦྱར་ན་ནི། །ཞེས་པ་ཕ་རོལ་པོའི་སྡེའི་ནང་ན་གཅིག་ལ་གཅིག་

མཚོན་ཆ་འཁྲུགས་པར་བྱེད་དོ། །སླར་ཡང་ཐར་བར་བྱེད་པ་ཡིན། །ཞེས་པ་གོང་མ་དེ་དག་སླར་ཡང་ཐར་བར་འགྱུར་རོ་ཞེས་པའི་དོན་ཏོ། །གནོན་པར་བྱེད་པའི་མཆོག་ཡིན་ནོ། །ཞེས་པ་མི་གཡོ་བར་འགྱུར་ཏེ་ངེས་པར་གྱུར་ཏེ་ཞེས་པའོ། །ཧཱུྃ་མུ་རབ་ཏུ་སྦྱར་ན་ནི། །ཞེས་པ་རྒྱ་གར་གྱི་ཡི་གེ་གཉིས་

เล่ม ๗๐ · หน้า 256a

ལས་གཅིག་ལ་ནི་མ་ཞེས་འབྱུང་། གཅིག་ལ་ནི་ས་ཞེས་འབྱུང་ངོ་། །མནན་པ་རྟག་ཏུ་ཐར་བར་བྱེད། །ཅེས་པ་གོང་དུ་རེངས་པར་བྱེད་པ་དེ་དག་ལས་ཐར་བར་བྱེད་དོ་ཞེས་པའོ། །ལྷ་དང་ལྷ་མིན་གཞན་ཡང་འགུགས། །ཞེས་པ་སེམས་ཅན་གཞན་ཞེས་པའོ། །དངོས་གྲུབ་

ཕྲ་མོ་ཐམས་ཅད་ལ། །ཞེས་པ་སྦྱོར་བ་བསྟན་པ་དེ་དག་ཐམས་ཅད་ནི་དངོས་གྲུབ་ཕྲ་མོའོ་ཞེས་པའོ། །ཧཱུྃ་བ་ཀུན་དུ་དབང་བྱེད་པ། །ཞེས་པ་སྔ་མ་བཞིན་དུ་སྦྱར་ན་ཞེས་པའོ། །ཐ་མར་རབ་བཞག་བསྡུ་བར་བྱེད། །ཅེས་པ་སྔ་མ་བཞིན་དུ་སྦྱར་ནས་ཞེས་པའོ། །མ་དང་སྦྱར་ན་གསོད་བར་བྱེད། །

ཅེས་པ་སྔ་མ་བཞིན་དུ་སྦྱར་ནས་ཞེས་པའོ། །ཞི་དང་སྦྱར་ལ་འབའ་ཞིག་གོ། །ཞེས་པ་ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་རྣམ་པ་བཞི་དག་ལ་ནི་ཡི་གེ་བཞི་བཅུ་རྩ་གསུམ་པའི་སྔགས་བཟླས་པ་ཆེ་གེ་མོ་ཞིག་ཤཱནྟིཾ་ཀུ་རུ་བཽ་ཥཊ་ཅེས་བྱ་བའི་ཚུལ་དུ་བསྐུལ་ཚིག་བཅུག་སྟེ་དེ་ལ་

བྱའོ། །དེ་དག་གི་བསྐུལ་ཚིག་ཀྱང་ཧཱུྃ་དྲུག་གི་འོག་ཏུ་གཞུག་གམ་སྭཱ་ཧཱའི་འོག་ཏུའམ་དེ་གཉིས་གཅིག་ཏུ་བཅུག་སྟེ་ལས་བྱའོ་ཞེས་པའི་དོན་ཏོ། །དེ་ལ་སོགས་པ་གཞན་རྣམས་ཀྱང་ཞེས་པ་དེ་ལ་སོགས་པའི་རྩ་བའི་རྟོག་པ་ལས་གསུངས་པའི་ལས་གཞན་རྣམས་ཀྱང་རྩ་བའི་རྟོག་

པ་ལས་གསུངས་པ་བཞིན་དུ་འདིར་ཡང་སྦྱར་བར་བྱ་ཞེས་པའོ། །ཡི་གེ་གཅིག་པའི་ཆོ་ག་བཞིན། །འཇམ་དཔལ་ཁྲོ་བོ་གཙོ་བོ་ཡིས། །ཞེས་པ་འཇམ་དཔལ་གྱི་རྟོག་པ་གང་ཡི་གེ་འབྲུ་གཅིག་པ་གསང་བ་གཞན་དག་བཤད་ཟིན་ཏོ། །ཁྲོ་བོ་གཤིན་རྗེའི་རྒྱལ་པོ་ཞལ་དྲུག་ཧཱུྃ་ཞེས་བྱ་

བ་ལས་བྱུང་བའི་རྟོག་པར་གཏོགས་པ་སྟེ་ཞེས་པ་དུར་ཁྲོད་གནས་ཀྱི་དཀྱིལ་འཁོར་དུ་གཏོགས་པའི་ལེའུ་ལྔ་པ་འདི་ཡན་ཆད་དུ་རྫོགས་ཏེ། འདི་ཡང་སྔར་རྩ་བའི་རྟོག་པར་གསུངས་པའི་དངོས་གྲུབ་དང་ལས་རྣམས་འདིར་བསྡུས་ནས་ཡི་གེ་ཧཱུྃ་གཅིག་གི་སྒོ་ནས་རྒྱས་པར་བཤད་དོ། །

ལྔ་པའི་བཤད་པ་རྫོགས་སོ།། །།དོན་གྲུབ་ཀྱི་རྟོག་པ་འདི་ལ་དོན་རྣམ་པ་ལྔས་བཤད་དེ། དེ་ལ་སྐབས་དབྱེ་བ་དང་། དཀྱིལ་འཁོར་བྱས་པའི་ཆོ་ག་དང་། དཀྱིལ་འཁོར་གྱི་ལས་དང་། ལྷ་བསྟན་པ་དང་། སྤྱན་དྲང་བ་བྱས་ནས་སློབ་མ་བཟུང་བ་ལ་སོགས་པ་ལས་

เล่ม ๗๐ · หน้า 256b

བྱའོ། །དེ་ལ་དང་པོ་སྐབས་དབྱེ་བ་ཞེས་བྱ་བ་བསྟན་ཏོ། །དེ་ནས་རྟོག་པ་རབ་རྒྱས་པ། །ཞེས་པ་ལ་སོགས་པ་ལས་དང་། དངོས་གྲུབ་དག་ལེའུ་འདིར་རྒྱས་པར་བཤད་པས་ན་རབ་ཏུ་རྒྱས་ཞེས་བྱའོ། །སྔར་གོང་དུ་གཏོགས་པའི་ཕྱི་མའི་ཡང་ཕྱི་མ་ཞེས་བྱ་བའི་ལེའུ་བཅུ་པ་དང་འཕྲོ་

སྦྱོར་བའི་ལེའུ་བཅུ་གཅིག་པ་དང་འདི་མན་ཆད་བཤད་དོ། །དོན་བསྒྲུབ་པའི་ལེའུ་འདིར་སྔར་གསུངས་པའི་རྟོག་པ་རྣམས་ཀྱི་ནང་ནས་མ་བཤད་པ་ཡང་འདིར་བཤད་པ་དང་། རྟོག་པ་སྔ་མ་རྣམས་ལས་ཀྱང་འདི་མཆོག་ཏུ་གྱུར་ཅིང་དོན་ཐམས་ཅད་འགྲུབ་པར་བྱེད་པས་ན་ཡང་དངོས་

གྲུབ་ཅེས་བྱ་སྟེ། དེ་བཤད་པར་བྱའོ་ཞེས་པའི་དོན་ཏོ། །འདི་མན་ཆད་ནི་དཀྱིལ་འཁོར་བྲི་བའི་ཆོ་ག་བཤད་དེ། དེ་ནས་རིག་འཛིན་དཔལ་ལྡན་པས། །ཞེས་པ་སྔགས་པ་མཚན་ཉིད་ཀྱི་ཡོན་ཏན་དང་ལྡན་པ་ཞེས་པའོ། །ལས་རྣམས་ཐམས་ཅད་འགྲུབ་པའི་ཕྱིར། །ཞེས་པ་ལ་

སོགས་པ་འོག་ནས་བཤད་པའི་ལས་ཐམས་ཅད་འགྲུབ་པར་བྱ་བའི་ཕྱིར་སེམས་རྩེ་གཅིག་ཏུ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱས་ནས་ཐོག་མར་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལྟར་ཐོག་མར་དཀྱིལ་འཁོར་བྲི་བར་བྱ་བ་ན། གནས་གང་དུ་དཀྱིལ་འཁོར་བྲི་བར་བྱ་ཞེ་ན་གསུངས་

པ། བགྲོད་དཀའ་བ་ལ་བྱ་སྟེ། མི་དག་མི་འགྲུལ་བའི་གནས་སོ། །གཅོང་རོང་དུར་ཁྲོད་དུ་ཡང་རུང་། །ཞེས་པ་དུར་ཁྲོད་རྣམ་གཉིས་ལྟ་བུ་ལ་བྱའོ། །དེ་ནས་དེར་ནི་ཞལ་ཞལ་བྱས། །ཞེས་པ་གནས་དེ་དག་ཏུ་འོག་ནས་བཤད་པའི་ཚུལ་བཞིན་དུ་སྦྱངས་ཏེ། སླར་ས་བརྙན་

བཟང་པོ་བླུགས་ནས་བཅགས་ཏེ། དེའི་སྟེང་དུ་བའི་ལྕི་བས་སྐྱང་ནུལ་བྱ་བ་དག་གོ། །མེ་ཏོག་སིལ་མ་དག་གིས་བརྒྱན། །ཞེས་པ་དེ་ལྟར་སྐྱང་ནུལ་བྱས་ཏེ། ས་གཏོར་བའི་སྟེང་དུ་ཞེས་པའོ། །དཔའ་བོ་གཅིག་པའི་སྔགས་འབར་བ། །ཞེས་པ་ཡི་གེ་བཅུ་གཅིག་

པའི་སྔགས་འོག་ནས་འབྱུང་བ་ལ་བྱའོ། །མེ་ལྕེ་འཕྲོ་བས་ཁྲུས་བྱས་པ། །ས་དང་སྐྱུ་རུ་ར་ལ་སོགས་པ་ཞེས་པ་སྔགས་འདི་མཐུ་དང་གཟི་ལ་བྱ་སྟེ། སྔགས་དེས་ཁྲུས་བྱ་བའི་འདག་རྩི་དང་སྐྱུ་རུ་ར་དག་ལ་བཏབ་སྟེ་འདག་རྩིའི་ཆལ་དེ་དག་དེ་ལྟར་སྔགས་ཀྱིས་

เล่ม ๗๐ · หน้า 257a

བསངས་ནས་ཆལ་དེས་ཁྲུས་བྱའོ། །རིག་ཁྲུས་ཁྲུས་བྱས་གཙང་མ་ཡིས། །ཞེས་པ་དེ་ལྟར་ཁྲུས་བྱས་པའི་སྔགས་པ་ཕྱི་ནང་གི་གཙང་སྦྲ་དང་ལྡན་ཞེས་པའོ། །དེ་ནས་སྔགས་དེ་ཐམས་ཅད་ཀྱིས། །ཞེས་པ་ལ་སོགས་པ་དེ་ལྟར་ཁྲུས་བྱས་པའི་འོག་ཏུ་བདག་གི་

ལུས་ལ་འོག་ནས་འབྱུང་བ་བཞིན་དུ་ཡི་གེ་བཅུ་གཅིག་པ་དཀོད་ནས་བདག་ཉིད་ཁྲོ་བོའི་སྐུར་བསྒྱུར་ནས་བདག་གི་ལུས་ལ་སྔགས་དགོད་ཅེས་བྱ་བ་ཡང་སྤྱི་བོར་ཨོཾ་བསམ། ཨཱཿམིག་ཏུ་བསམ། ཧཱུྃ་སྙིང་གར་བསམ་ཞིང་དགོད་པའོ། །སྐུར་བསྒྱུར་བའི་སྙིང་པོ་ནི་ཡི་གེ་ཧཱུྃ་གིས་སོ། །

ཕྱག་དང་ཟང་ཟིང་ཡོངས་སྤངས་ལ། །ཞེས་པ་ལ་སོགས་པ་ལུགས་ཀྱི་ཡི་གེ་ལས་རྣམ་གཉིས་ལྟར་བཤད་དུ་རུང་སྟེ། དཀྱིལ་འཁོར་གྱི་ས་གཞི་དེ་ཉིད་ཀྱི་གྱོ་མོ་དང་སྐྲ་ཤད་དང་ཕུབ་མ་ལ་སོགས་པའི་སྐྱོན་མེད་པར་བརྐོས་ནས་བསལ་ཏེ། སྔར་ས་བཟང་པོས་བཀང་ནས་

བཅགས་ཏེ་ལྕི་བའི་སྐྱང་ནུལ་བྱུགས་ཏེ་ས་གཞི་བཟང་པོ་བསྟར་བ་ལ་ཡང་བྱའོ། །རྣམ་པ་གཅིག་ཏུ་ན་དཀྱིལ་འཁོར་དེ་ལྟ་བུར་བགེགས་ཞི་བར་བྱ་བའི་ཆོ་ག་དེ་ལྟ་བུ་བྱེད་པའི་ཚེ་སྔགས་པ་དེ་འདོད་པའི་ཡོན་ཏན་ལ་སོགས་པ་ཟང་ཟིང་ལ་ཆགས་པའི་སེམས་སྤངས་ནས་ལས་དེ་དག་བྱའོ་

ཞེས་པའི་ཐ་ཚིག་གོ། །རང་སྔགས་ཟློས་ཤིང་བལྟ་བར་བྱ། །ཞེས་པ་ཕྱོགས་བཅུར་བལྟ་བ་དང་། ཡི་གེ་གཅིག་པ་བཟླས་ཞེས་པའོ། །གཅིག་པུ་ཡི་གེ་བཅུ་གཅིག་པ་དཔའ་བོའི་སྔགས་ཟློས་ཤིང་ཞེས་པའོ། །དཀྱིལ་འཁོར་བཟང་པོ་གྲུ་བཞི་པར། །དུར་ཁྲོད་ཐལ་བས་བྲི་བར་བྱ། །

ཞེས་པ་དཀྱིལ་འཁོར་ཚད་གོང་དུ་བཤད་པ་བཞིན་དུ་ཁྲུ་བརྒྱད་པའམ། ཁྲུ་བཞི་པའམ། ཁྲུ་གང་ཡང་རུང་བའམ། །ཡང་ན་འོག་ནས་འབྱུང་བའི་ལས་དང་སྦྱར་ཏེ། དེ་ཡང་གྲུ་བཞི་པོར་དུར་ཁྲོད་ཀྱི་དཀྱིལ་འཁོར་གྱི་ཚད་ཅི་ཙམ་གྱིས་བྱ་བར་འབྱུང་བ་དང་སྦྱར་ཏེ། དེ་ཡང་གྲུ་བཞི་

པོར་དུར་ཁྲོད་ཀྱི་ཐལ་བས་བྲིའོ་ཞེས་པའི་དོན་ཏོ། །ནུབ་ཕྱོགས་ཞེས་པ་འདིའི་སྐབས་སུ་ནི་ནུབ་ཕྱོགས་སུ་སྒོ་བཏོད་སྒོ་ལྷག་མ་བཅད་ཅེས་པའོ། །དེ་ཡི་དབུས་སུ་པདྨོ་བྲི། །ཞེས་པ་དཀྱིལ་འཁོར་གྱི་དབུས་སུ་པདྨོ་བྲི་བ་ནི་འོག་ནས་ལྷ་བསྟན་པ་བཤད་པ་དང་སྦྱར་རོ། །བེ་ཅོན་ཕྱག་རྒྱ་

เล่ม ๗๐ · หน้า 257b

རྩེ་འབར་བ། །གྲྭ་བཞི་དག་ཏུ་བྲི་བར་བྱ། །འདི་ནི་བེ་ཅོན་མང་པོ་ཡིན། །ཞེས་པ་བེ་ཅོན་གྱི་མགོ་ཐོད་པ་ཅན་ལ་དེ་ཉིད་འབར་བའི་བེ་ཅོན་གྱི་ཕྱག་རྒྱ་བཞི་དཀྱིལ་འཁོར་གྱི་གྲྭ་བཞིར་རེ་རེ་པདྨོའི་སྟེང་དུ་བྲིས་པ་འདི་ནི་བེ་ཅོན་མང་པོའི་དཀྱིལ་འཁོར་ཞེས་བྱའོ། །ཤཱུ་ལ་ཅན་ནི་ཤཱུ་ལ་མང་། །ཞེས་པ་

དཀྱིལ་འཁོར་གྲྭ་བཞིའི་པདྨོའི་སྟེང་དུ་ཤཱུ་ལ་རེ་རེ་བྲིས་པ་ནི་ཤཱུ་ལ་མང་པོ་ཞེས་བྱ་བའི་དཀྱིལ་འཁོར་རོ། །ཤཀྟི་རྣམས་ཀྱིས་ཡོངས་བསྐོར་བ། །དེ་བཞིན་ཤཀྟི་མང་ཞེས་བྱ། །ཞེས་པ་དཀྱིལ་འཁོར་གྱི་གྲྭ་བཞིར་ཤཀྟི་བཞི་པདྨོའི་སྟེང་དུ་སྔ་མ་བཞིན་དུ་བྲིས་པ་ནི་ཤཀྟི་མང་པོ་ཞེས་བྱ་བའི་

དཀྱིལ་འཁོར་བྲི། ཤཀྟི་ངེས་པར་བྱིན་གྱིས་བརླབ་པའི་སྔགས་ནི་མཚོན་ཆའི་སྔགས་ཀྱིས་དགོད་པར་བྱའོ། །དེ་བཞིན་མི་ཐོད་མང་པོ་ཡིན། །ཞེས་པ་དཀྱིལ་འཁོར་གྱི་གྲྭ་བཞིར་ཐོད་པ་བཞི་སྔ་མ་བཞིན་དུ་བྲིས་ནས་ཐོད་པ་མང་པོ་ཞེས་བྱ་བའི་དཀྱིལ་འཁོར་རོ། །མི་རོར་ལྡན་པའི་མི་རོ་མང་། །ཞེས་

པ་ལ་སོགས་པའི་དཀྱིལ་འཁོར་གྱི་གྲྭ་བཞིར་མི་རོ་རེ་རེ་སྟེ་བཞི་བྲི་བ་ནི་མི་རོ་མང་པོའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་གྱི་གྲྭ་བཞིར་མགོ་མེད་པའི་མི་རོ་མི་སྡུག་པ་བཞི་སྔ་མ་བཞིན་དུ་བྲི་བ་དང་། དཀྱིལ་འཁོར་གྱི་ནང་གི་ངོས་བཞིར་ཡི་དགས་རངས་པ་དང་། སྲིན་པོའི་གཟུགས་ལྟོ་

བ་ཆེ་བ། སྐྲ་གྱེན་དུ་ལྷུགས་པར་འདུག་ཅིང་གཟུགས་མི་སྡུག་པ་དག་གིས་སྤེལ་ཞིང་བྲིས་པའི་དཀྱིལ་འཁོར་འདི་ནི་དུར་ཁྲོད་མང་པོ་ཞེས་བྱ་བའི་དཀྱིལ་འཁོར་ཞེས་བྱའོ། །ཕྱོགས་བཅུ་ཀུན་ན་འཇིགས་པ་ཅན། །ཞེས་པ་དཀྱིལ་འཁོར་གྱི་ཕྱོགས་བཞི་དང་། མཚམས་བཞི་

དང་། བླ་འོག་རྣམས་སུ་མི་རོ་མགོ་མེད་པའི་མི་སྡུག་པ་དང་། ཡི་དགས་འབར་བ་དང་། སྲིན་པོ་ལྡན་པར་བྲིས་པ་ནི་ཕྱོགས་བཅུའི་འཇིགས་པ་ཅན་ཞེས་བྱའོ། །གཤིན་རྗེ་གཤེད་པོ་དཔའ་བོ་ཡི། །དཀྱིལ་འཁོར་རྣམ་པ་དྲུག་དུ་བཤད། །ཅེས་པ་དཀྱིལ་འཁོར་དྲུག་ཅར་

གྱི་མཚན་མ་ངེས་པར་བྱིན་གྱིས་བརླབ་པ་དགོད་པར་བྱ་བ་ནི་ལེའུ་སྟེ། འོག་ནས་སྔགས་ཀྱི་ལེའུ་གཉིས་འབྱུང་བ་ལ་བརྟགས་ཏེ། གང་རིགས་མཐུན་མཐུན་དུ་སྦྱར་ཏེ། དེ་དག་གི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་དཀྱིལ་འཁོར་རྣམ་པ་དྲུག་ཏུ་བཤད་དོ། །ད་ནི་

เล่ม ๗๐ · หน้า 258a

དཀྱིལ་འཁོར་གྱི་ལས་སོ་སོའི་བྱ་བ་བཤད་དོ། །དེ་ལ་བེ་ཅོན་མང་པོ་ནི། །ཞེས་པ་དེ་ལ་དང་པོར་བེ་ཅོན་མང་པོའི་དཀྱིལ་འཁོར་གྱིས་ནི་དངོས་གྲུབ་ཕྲ་མོ་སྟེར་ཞེས་པའོ། །ཤཱུ་ལ་མང་པོ་སྲིན་པོ་རྣམས། །འཇོམས་པར་རབ་ཏུ་བསྒྲགས་པ་ཡིན། །ཞེས་པ་ཤཱུ་ལ་མང་པོའི་

དཀྱིལ་འཁོར་གྱིས་ནི་སྲིན་པོ་འབར་བ་རྣམས་འཇོམས་པར་མཛད་དོ། །དེ་བཞིན་དུ་ཤཀྟི་མང་པོ་ནི། །ཞེས་པ་ཤཀྟི་མང་པོའི་དཀྱིལ་འཁོར་གྱིས་ནི་བགེགས་རྣམས་ཐམས་ཅད་ཚར་བཅད་པའོ། །ཐོད་པ་མང་པོ་ཞེས་བྱ་བ། འཁྲུལ་འཁོར་ཐམས་ཅད་རབ་ཏུ་འཇིག །ཅེས་པ་ཐོད་པ་

མང་པོའི་དཀྱིལ་འཁོར་གྱིས་ནི་ལྷ་མ་ཡིན་གྱི་འཁྲུལ་འཁོར་འཇིག་པར་མཛད་དོ་ཞེས་པའི་དོན་ཏོ། །མི་རོ་མང་པོ་ཞེས་བྱ་བ། །ཞེས་པ་མི་རོ་མང་པོའི་དཀྱིལ་འཁོར་གྱིས་ནི་རོ་ལངས་ཐམས་ཅད་བསྒྲུབ་པའོ། །དུར་ཁྲོད་མང་པོར་རབ་གྲགས་པ། །ཞེས་པ་དུར་ཁྲོད་མང་པོའི་དཀྱིལ་

འཁོར་གྱིས་ནི་དངོས་གྲུབ་ཐམས་ཅད་རབ་ཏུ་སྦྱིན་པའོ། །འདི་མན་ཆད་ལྷ་བསྟན་པ་ཞེས་བྱ་བ་བཤད་དོ། །དེ་ལ་པདྨོའི་དབུས་སུ་ནི། །ཞེས་པ་ལྷ་བསྟན་པ་ཞེས་བྱ་བ་བཤད་དོ། །དེ་ལ་པདྨོའི་དབུས་སུ་ནི་ཞེས་པ་སྔར་དཀྱིལ་འཁོར་གྱི་དབུས་སུ་པདྨོ་བྲིས་པ་དེའི་དབུས་སུ་ཞེས་པའོ། །

ཆོ་ག་བཞིན་དུ་བཞུགས་པར་བསམ། །ཞེས་པ་སྤྱན་དྲངས་ཏེ་པདྨོའི་དབུས་སུ་བཞུགས་ཞེས་པའོ། །ཨིནྡྲ་ནཱི་ལ་ཞེས་པ་ནི་མཐིང་ག་འཚེར་བའི་མདོག་ཅེས་པའོ། །འཇིགས་འཇིགས་ལྟ་ལ་འཇིགས་པའི་གདོན། །ཞེས་པ་ཁྲོ་བོ་ཉིད་ཕ་རོལ་འཇིགས་པའི་གཟུགས་ཅན་ནམ་

ཡང་གདོན་ཞེས་པའི་དོན་ཏོ། །དྲིལ་བུ་དང་ཞེས་པ་གཡེར་ཀའི་དྲིལ་བུ་ལ་བྱའོ། །ཐོད་པ་སྐམ་པོ་ཞེས་པའོ། །མི་མགོ་རློན་དང་མི་རུས་དང་། ཞེས་པ་ཁྲག་དང་། སྐྲ་དང་བཅས་པ་དང་། རྗེ་ངར་དང་། དཔུང་པ་དང་། ལག་པ་རྣམས་ལས་གཅིག་བསྣམས་ཞེས་པའོ། །

འཇིགས་པའི་མི་རོ་དབྱུག་ཏོ་འབར། །ཞེས་པ་ཁྲག་དང་བཅས་པའི་དཎྜ་འབར་ཞེས་པའི་དོན་ཏོ། །འབར་ཞེས་པ་མེ་ལྕེ་ཁ་གསུམ་ཙམ་དུ་འབར་བའི་མེ་ལྕེ་བསྣམས་སོ། །ཤི་བའི་རོ་ཡི་སྟེང་ན་བཞུགས། །ཞེས་པ་མཎྜལ་གྱི་དབུས་སུ་པདྨོ་བྲིས་པ་དེའི་དབུས་སུ་མི་རོ་བྲིས་པ་ལ་

เล่ม ๗๐ · หน้า 258b

རོའི་སྟེང་དུ་ལྷ་བཞུགས་པར་བྱའོ་ཞེས་པའི་དོན་ཏོ། །འཇིགས་པའི་མཚོན་ཆ་གདེངས་འཇིགས་ལྟ། །ཞེས་པ་མཚོན་ཆའི་ཕྱག་མཚན་ཀུན་འཇིགས་ཞེས་པའི་དོན་ཏོ། །དུར་ཁྲོད་ན་ནི་རྟག་ཏུ་བཞུགས། །ཞེས་པ་ལྷ་ཉིད་དཀྱིལ་འཁོར་དེ་ལྟ་བུའི་ཚུལ་དུ་རྟག་ཏུ་ཞུགས་པ་ཞེས་པའི་དོན་

ཏོ། །ཐམས་ཅད་འཇོམས་ཞེས་པ་ལྷ་དེའི་ཡོན་ཏན་ལ་བྱའོ། །ལྷ་རྣམས་ཀུན་གྱིས་ཕྱག་བྱས་ཤིང་། །ཞེས་པ་འཇིག་རྟེན་པའི་ལྷ་རྣམས་ཞེས་པའོ། །ཁྲོ་བོ་ཐམས་ཅད་ལེགས་པར་འདུད། །ཅེས་པ། འཇིག་རྟེན་པ་ཡི་ཁྲོ་བོས་འདུད། །ཅེས་པའི་དོན་ཏོ། །སྐུ་ནི་རབ་ཏུ་འབར་

བ་ཅན། །ཞེས་པ་སྐུ་མེ་ལྕེ་འབར་བ་ཅན་ནོ་ཞེས་པའི་དོན་ཏོ། །འཁྲུག་པས་དཀྲུགས་ཤིང་རབ་ཏུ་ཟབ། །ཅེས་པ་ལྷ་དེ་ཉིད་ལ་བྱ། སྤྱིར་ན་ཁྲོ་བོའི་ཚུལ་དུ་ཕ་རོལ་པོ་ལ་སྦྱར་ཞེས་པའོ། །སྟག་ལྤགས་ན་བཟའ་བསྣམས་པར་དགྱེས། །ཞེས་པ་དེ་ཉིད་ཀྱི་ཚུལ་ལམ་ཉམས་སུས་

ཀྱང་མི་རྟོགས་པའོ། །རྗེས་སུ་འབྲངས་ཤིང་ཕྱག་རྒྱ་བྱས་པའོ། །ཞེས་པ་ཁྲོ་བོ་དེའི་རྗེས་སུ་འབྲངས་ཤིང་ཁྲོ་བོ་དེ་ལ་ཕྱག་བྱས་ཞེས་པའོ། །ཁྲོ་བོ་གཤིན་རྗེ་གཤེད་དྲན་བྱ། །ཞེས་པ་དེ་ལྟ་བུའི་ཁྲོ་བོ་ཆེན་པོ་འདི་དྲན་པར་བྱའོ། །བདག་གིས་དྲན་བྱས་ནས་ཞེས་པ་སྙིང་པོས་དེ་ལྟ་བུའི་

ལྷ་སྤྱན་དྲང་བར་བྱའོ་ཞེས་པའོ། །འདི་མན་ཆད་ནི་སྤྱན་དྲང་བར་བྱས་ནས་སློབ་མ་གཟུད་པ་ལ་སོགས་པའི་ལས་བྱའོ་ཞེས་པ་བསྟན་པ་བཤད་དེ། །སྤྱན་དྲངས་ན་ལྷ་དེ་ལྟ་བུ་དྲང་ཞེས་པའོ། །ཙནྡན་གྱིས་བསྐུས་ཞེས་པ་དཀར་པོས་བསྐུས་ཞེས་པའོ། །རིམ་པ་བཞིན་དུ་མཆོད་ནས་ནི། །སློབ་མ་

ཁྲོ་བོའི་སྔགས་དག་དང་། །སངས་རྒྱས་སྤྱན་གྱི་སྔགས་དག་གིས། །ཞེས་པ་མེ་ཏོག་ལ་སོགས་པས་རིམ་པ་བཞིན་དུ་མཆོད་ནས་སློབ་མ་ལ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསྔགས་པའི་ཚུལ་གྱིས་བསང་བ་དང་། སངས་རྒྱས་སྤྱན་གྱིས་ཀྱང་བསྲུང་ངོ་། །གོང་དུ་དཀྱིལ་འཁོར་

དྲུག་བཤད་པ་ལས་བེ་ཅོན་གྱི་ཕྱག་རྒྱའི་དཀྱིལ་འཁོར་བྲིས་ན་བེ་ཅོན་གྱི་ཕྱག་རྒྱ་བཅིངས་པས་མེ་ཏོག་དོར་བར་བྱའོ། །ཡང་ན་ཤཱུ་ལའི་ཕྱག་རྒྱའི་དཀྱིལ་འཁོར་བྲིས་ནས། ཤཱུ་ལའི་ཕྱག་རྒྱ་བཅིངས་ལ་མེ་ཏོག་དོར་བར་བྱའོ། །མིང་གིས་སྨོས་པའི་དཀྱིལ་འཁོར་འདི་རྣམས་ལས་མ་གཏོགས་པར་

เล่ม ๗๐ · หน้า 259a

གཞན་ཞིག་བྲིས་ན་བེ་ཅོན་གྱི་ཕྱག་རྒྱའམ་ཤཱུ་ལའི་ཕྱག་རྒྱ་གཉིས་ལས་གང་ཡང་རུང་བ་ཅིག་བཅིངས་ཏེ་མེ་ཏོག་དབུལ་བར་བྱའོ། །དཀྱིལ་འཁོར་དྲུག་ཅར་དུ་ཡང་དེ་ལྟར་ཤེས་པར་བྱའོ། །བཙུད་ནས་མེ་ཏོག་དོར་དུ་གཞུག །ཅེས་པ་སྔགས་ཡི་གེ་བཅུ་གཅིག་པ་བརྗོད་ནས་

མེ་ཏོག་དཀྱིལ་འཁོར་དུ་དོར་དུ་གཞུག་གོ་ཞེས་པའི་དོན་ཏོ། །དེ་ནས་རིག་འཛིན་དཔལ་དང་ལྡན། །ཞེས་པ་སྔགས་པས་སློབ་མ་རྣམས་བསྲུང་བའི་ཕྱིར་ཡང་སྔགས་བཟླས་ནས་སློབ་མ་དང་། སློབ་དཔོན་གྱིས་དཀྱིལ་འཁོར་ལ་མཆོད་པ་འདི་དག་ལ་སོགས་པས་མཆོད་པར་བྱའོ། །མཆོད་པ་

བྱས་ནས་སློབ་མ་ལ། །ཞེས་པའི་དོན་ཏོ། །དེ་ནས་སངས་རྒྱས་སྤྱན་ཡང་བཟླས། །ཞེས་པ་ཁ་ཅིག་གིས་བཤད་པ་ནི་དེ་ལྟར་མཆོད་པ་བྱས་པའི་འོག་ཏུ་མེ་ཏོག་ལ་བུདྡྷ་ལོ་ཙ་ན་དང་ཁྲོ་བོའི་སྔགས་བཟླས་པས་བཏབ་ལ་སློབ་མའི་ལག་ཏུ་སྦྱིན་ཏེ། དེ་ནི་དེ་བཞིན་གཤེགས་པ་དང་། །རྡོ་རྗེའི་རིགས་

ཀྱིས་བྱིན་གྱིས་བརླབ་པའི་ཕྱིར་རོ། །དེ་ནས་དབང་རྣམ་བཞི་ལས་གཅིག་སྦྱིན་ནོ། །འདིའི་སྐབས་སུ་རིག་པའི་དབང་བསྐུར་བར་བྱའོ། །དབང་བསྐུར་བ་འདི་དག་ཀྱང་སྤྱིའི་ཆོ་ག་དང་སྦྱར་ཏེ་བྱའོ་ཞེས་པའི་དོན་ཏོ། །ལྷ་ཁྱོད་བདག་གིས་མནོས་ཞེས་པ་སློབ་མས་དེ་སྐད་སྨྲ་བར་བྱའོ། །དེ་ནས་

སྔགས་རིག་ཆོ་ག་བཞིན། །ཞེས་པའི་དེའི་འོག་ཏུ་སློབ་མས་བླ་མ་སློབ་དཔོན་ལ་ཕྱག་བྱའོ། །ཆོ་ག་བཞིན་དུ་དབང་བསྐུར་བས། །ཞེས་པའི་སྤྱིའི་ཆོ་ག་དང་སྦྱར་ཏེ། དབང་བསྐུར་བ་ལ་བྱ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་གཤིན་རྗེ་གཤེད་པོ་བཟླས། །ཞེས་པ་དེ་ཡན་ཆད་ཁྲོ་བོའི་བཟླས་བརྗོད་རྒྱུན་དུ་བྱའོ། །གཤིན་

རྗེ་གཤེད་དུ་གཏོགས་པར་བཅུ་གཅིག་པའི་བཤད་པ་རྫོགས་སོ།། །།གསང་བའི་ཕྱི་མའི་ཡང་ཕྱི་མར་གཏོགས་པ་འདི་ལ་དོན་རྣམ་པ་བཅུས་སྟོན་ཏེ། དེ་ལ་རི་མོའི་སྐུ་གཟུགས་ཀྱི་ཆོ་ག་དང་། སྔོན་དུ་བསྙེན་པ་བྱས་ནས་སྒྲུབ་པ་ལ་འཇུག་པའི་གླེང་བསླང་བ་དང་། སྔགས་བསྟན་

པ་དང་། གནས་སྔར་བསྟན་ནས་བཟླས་པའི་མཚན་ཉིད་སྔར་བསྟན་པ་དང་། སྒྲུབ་པ་ལ་འཇུག་པ་དང་། གྲུབ་ནས་ལས་རྣམས་སྒྲུབ་པ་དང་། མ་གྲུབ་པའི་ལས་བྱ་བ་དང་། རྟོག་པ་ཕྱི་མ་དང་། རྟོག་པ་ཕྱི་མའི་ཡང་ཕྱི་མ་དང་། ཕྱག་རྒྱའི་མཚན་ཉིད་དོ། །གསང་བའི་ཕྱི་མར་གཏོགས་

เล่ม ๗๐ · หน้า 259b

པའི་ལེའུ་འདི་ནི་གོང་དུ་སྔར་བཤད་པའི་ཕྱི་མའི་ཡང་ཕྱི་མ་ཞེས་བྱ་བའི་སྔར་གསུངས་པ་རྣམས་ཀྱི་མ་ཆུད་པ་རྣམས་རྒྱས་པར་བཤད་པའོ། །དེ་ལ་རི་མོའི་སྐུ་གཟུགས་ཀྱི་ཆོ་ག་ཞེས་བྱ་བ་དང་པོར་བཤད་དོ། །དེ་ནས་གཞན་ཡང་གཤིན་རྗེ་ཡི། །བཤད་པའི་སྔགས་ནི་མནོས་ནས་སུ། །མི་ཡི་

རོ་གོས་བླངས་ནས་སུ། །ཞེས་པ་རས་བླངས་པ་དེ་ལ་ཁྲོ་བོ་དེའི་སྐུ་གཟུགས་བྲི་ཞེས་པའོ། །བཟང་པོ་ཁྲུ་གང་ཞེས་པ་རས་བཟང་པོ་ཁྲུ་གང་ཚད་དུ་བྱ་ཞེས་པའོ། །གང་ཚེ་སྔགས་པ་བདག་ཉིད་ཀྱིས། །ཞེས་པ་སྔགས་པ་བདག་ཉིད་རི་མོ་འདྲི་མི་ཤེས་པ་དེའི་ཚེ། བཟོ་བོ་སྨྱུང་བ་བྱས་པ་ནི། །

ཞེས་པ་རི་མོ་བཟོ་བོ་སྨྱུང་བ་བྱེད་དུ་བཅུག་ལ་ཁྲིམས་མནོས་པར་འདྲིར་གཞུག་གོ། །ཤི་བའི་རོ་ཡི་སྟེང་ན་བཞུགས། །ཞེས་པ་འདོད་པའི་ཁམས་ཀྱི་ལྷའི་བུའི་བདུད་ཀྱི་རོའི་སྟེང་ན་བཞུགས་ཞེས་བཤད་དེ། མདོར་ན་མི་རོའི་སྟེང་ན་བཞུགས་པ་བྲིའོ། །འཇིགས་པ་གནོན་ཞེས་

པ་ཕ་རོལ་པོ་རྣམས་གནོན་ཞེས་པའོ། །འཇིགས་འཇིགས་ལྟ་ཞེས་པ་ཁྲོ་བོ་ཉིད་ཀྱིས་ཀྱང་ལྟ་ཞེས་པའོ། །ཁ་ཅིག་བཤད་ཅེས་པ་ཞལ་དབུ་མའི་སྟེང་མ་ལའོ། །ལྗགས་འདྲིལ་ཁ་ཅིག་མཆེ་བ་གཙིགས། །ཞེས་པ་གཡས་པའི་ཞལ་དང་པོའོ། །ཁ་ཅིག་ཞལ་གདངས་པ་

གཡོན་དང་པོའོ། །ཁ་ཅིག་ཁྲོས་ཞེས་པ་གཡས་པའི་ཞལ་གཉིས་པའོ། །ཁ་ཅིག་འཇིགས་པ་ཞེས་པ་གཡོན་གཉིས་པའོ། །ཇི་སྐད་གསུངས་པའི་མཚོན་ཆ་རྣམས། །ཞེས་པ་སྔར་དོན་གྲུབ་ཀྱི་རྟོག་པར་བཤད་པའི་མཚོན་ཆ་རྣམས་ཕྱག་ན་བསྣམས་པའོ། །དབེན་ཞིང་འདུ་

འཛི་མེད་པ་རུ། །ཞེས་པ་གནས་འདི་ལྟ་བུར་རི་མོ་མཁན་མཁས་པས་འདྲིར་གཞུག་གོ། །འདི་མན་ཆད་སྔོན་དུ་བསྙེན་པ་བྱས་ནས་སྒྲུབ་པ་ལ་འཇུག་པ་གླེང་བསླང་བ་ཞེས་བྱ་བ་བཤད་དེ། དེ་ལྟར་བྲིས་ན་སྔགས་མཁན་དེ་ཞེས་པ་ལ་སོགས་པ་སྨོས་ཏེ། རི་མོ་བྲིས་ནས་དེ་ཉིད་ཀྱིས། །

ཞེས་པ་དེའི་འོག་ཏུ་སྒྲུབ་པ་ལ་འཇུག་པའི་ཚེ་ཡང་རི་མོ་ཉིད་ཀྱང་མདུན་དུ་བཀྲམ་སྟེ་བསྒྲུབ་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་གོང་དུ་བཤད་པའི་ཚུལ་བཞིན་དུ་བྲིས་ནས་མདུན་དུ་བཀྲམ་སྟེ། རི་མོ་དེ་ལ་མངོན་དུ་ཕྱོགས་ནས་ཚུལ་བཞིན་དུ་བསྙེན་པ་འབུམ་བྱའོ། །འདི་མན་ཆད་ནི་སྔགས་

เล่ม ๗๐ · หน้า 260a

བསྟན་པ་ཞེས་བྱ་བ་བཤད་དེ། གཤིན་རྗེ་གཤེད་པོ་འདི་ཡི་སྔགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཤིན་རྗེ་གཤེད་པོ་འདི་ཡི་སྔགས། །ཞེས་པ་དྲག་པོ་གང་ཡིན་དེ་བཤད་དོ་ཞེས་པ་ཁྲོ་བོ་དེའི་མཐུ་རྩལ་ཆེ་བའི་སྔགས་དེ་ཡང་འབྲུ་ལྷག་ཆད་དུ་འགྱུར་བ་དང་།

ལྟག་འོག་གི་གོ་རིམས་ཤོར་དུ་དོགས་པའི་ཕྱིར་འབྲུ་རེ་རེ་ནས་བཤད་དོ། །ཨོཾ་ནི་དེ་ཡི་དང་པོ་ཡིན། །ཞེས་པ་ཁྲོ་བོ་དེའི་སྔགས་ཀྱི་དང་པོར་ཨོཾ་འབྱུང་ངོ་། །དེ་བཞིན་ཕཊ་ནི་ལྷག་མ་སྟེ། །ཞེས་པ་འབྲུ་བཅུ་ལས་ལྷག་པ་ལའོ། །མི་མཉམ་སྔགས་ནི་བཅུ་གཅིག་པའོ། །ཞེས་པ་ཡི་གེ་འབྲུ་དེ་

ཉིད་ཟུང་དུ་འབྲེལ་བ་མ་ཡིན་ཏེ། ཡན་གར་བྱུང་བའི་ཐ་ཚིག་གོ། །འཇམ་དཔལ་གྱི་ནི་ཁྲོ་བོ་མཆོག །ཅེས་པ་དེ་ཉིད་མཐུ་སྟོབས་སམ། །ཡོན་ཏན་གཞན་ལས་ཆེ་བར་གྱུར་པའོ། །རྟོག་པ་ཕྱི་མའི་ཡང་ཕྱི་མ་སྟེ། །སངས་རྒྱས་ཀུན་གྱིས་མངོན་བསྟོད་པས། །ཞེས་པ་རྟོག་པ་ཕྱི་

མའི་ཡང་ཕྱི་མར་གསུངས་པའི་སྔགས་འདི་ནི་སངས་རྒྱས་ཀུན་གྱིས་ཀྱང་བསྟོད་པའོ། །སྔགས་དེ་དེ་ལྟར་མནོས་ནས་སུ། །ཞེས་པ་སྔར་གོང་དུ་བཤད་པའི་ཚུལ་དེ་ལྟར་མནོས་ནས་ཞེས་བྱ་བའི་དོན་ཏོ། །གོ་ཆ་བགོས་ནས་བཟླས་བྱས་ནས། །ཞེས་པ་བརྩོན་འགྲུས་གྱི་གོ་ཆ་བགོས་ནས་

བཟླས་པ་བྱས་ན། རིག་འཛིན་གོ་འཕང་ཐོབ་པར་འགྱུར། །ཞེས་པའི་དོན་ཏོ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། །ཅེས་པ་ཡི་གེ་འབྲུ་བཅུ་གཅིག་པའི་སྔགས་སོ། །སྔགས་འདི་ལས་བྱ་བའི་བསྐུལ་ཚིག་ནི་ཧཱུྃ་ཕཊ་གཉིས་ཀྱི་བར་དུ་བཅུག་སྟེ་ལས་བྱའོ། །ཨོཾ་ཨ་མྀ་ཏ་ཀུཎྜ་ལི་ཞེས་པ་

སློབ་མ་བསང་བ་བསྲུང་བའི་སྔགས་སོ། །འདི་མན་ཆད་ནི་གནས་སྔར་བསྟན་ནས་བཟླས་པའི་ཚུལ་མཚན་ཉིད་བསྟན་པ་ཞེས་བྱ་བ་བཤད་དོ། །དེ་ནས་གཞན་ཡང་བཟླས་པ་ཡི། །གནས་ངག་ཇི་ལྟར་ཡིན་པ་བཤད། །ཅེས་བྱ་བ་ལ་བཟླས་པའི་གནས་ནི་ཇི་སྐད་གསུངས་པ་ཡིན་

པ་དེ་བཤད་པར་བྱའོ། །ཚང་ཚིང་པདྨའི་མཚོ་འགྲམ་དུ། །ཞེས་པ་ནགས་ཚལ་སྟུག་པོ་བགྲོད་དཀའ་བའི་གནས་ལ་བྱའོ། །གཤིན་རྗེ་གཤེད་པོ་ནི་ཞེས་པ་ལྷའི་སྐུའི་ཚུལ་དུ་བྱ་བའོ། །ཀུ་ཤ་ཞེས་པ་བཟླས་པའི་མཚན་ཉིད་འདི་དག་གོ། །རི་མོ་ལ་ནི་ཕྱོགས་འདུག་པ། །

เล่ม ๗๐ · หน้า 260b

ཞེས་པ་མདུན་དུ་རི་མོའི་སྐུ་གཟུགས་བྲིས་པ་ལ་ཕྱོགས་པར་བྱ་སྟེའོ། །རུ་རཀྴ་ཡི་ཕྲེང་བ་ཐོགས། །ཞེས་པ་སྔགས་ཀྱི་ནོར་བུ་ཞེས་པའོ། །སྔགས་པས་རྟག་ཏུ་བཟླས་པ་བྱས། །ཞེས་པ་མཚན་ཉིད་དེ་ལྟར་བཟླས་པ་བྱའོ། །མྱུར་བ་དང་ནི་བུལ་བ་དང་། །ཞེས་པ་ཟུར་མི་ཕྱིན་པའི་

སྐྱོན་དང་བར་ཆད་པའི་སྐྱོན་ནོ། །དེ་བཞིན་ཡི་གེ་འདྲེས་པར་ནི། །ཞེས་པ་གོ་རིམས་འཆོལ་བར་ཏེ། ནམ་ཡང་སྨྲ་བར་ཡོང་མི་བྱ། །ཞེས་པ་དེ་ལྟ་བུའི་སྐྱོན་གྱི་ཚུལ་དུ་སྔགས་བཟླས་པ་ཡང་མི་བྱའོ། །བཟླས་པའི་མཚན་ཉིད་འདི་དག་གོ། །རྟག་ཏུ་རབ་ཏུ་གསལ་བར་སྨྲ། །ཞེས་

པ་མྱུར་བའང་མ་ཡིན་བུལ་བ་ཡང་མ་ཡིན། འཆོལ་བ་ཡང་མ་ཡིན་པར་དྲག་དལ་སྙོམས་པར་ཟུར་ཕྱིན་པར་གསལ་བར་སྔགས་བཟླས་པར་བྱའོ། །ཡིད་སྙོམས་ནས་ཞེས་པ་དེ་ལྟར་བཟླས་པ་བྱེད་པའི་ཚེ་བསྡམ་ཞེས་པའོ། །བུ་དོན་ལ་ནི་སེམས་བཞག་སྟེ། །ཞེས་པ་སེམས་རྩེ་གཅིག་

ཏུ་སེམས་ཤིང་ཞེས་པའོ། །སྐྱོ་བ་མེད་པའི་སེམས་ཀྱིས་ནི། །ཞེས་པ་མི་སྐྱོ་བའི་བར་གྱིས་སྔགས་ཀྱི་རིམ་པ་བཞིན་དུ་བཟླས་སོ། །འབུམ་གཅིག་བཟླས་པའི་ཐ་མར་ནི། །བསྒྲུབ་པར་བྱ་བ་བཤད་ཀྱིས་ཉོན། །ཞེས་པ་དེ་ལྟར་སྔར་བསྙེན་པ་འབུམ་བྱས་ནས་དེའི་འོག་ཏུ་བསྒྲུབ་པ་

ལ་འཇུག་པ་བསྟན་ཏོ། །མཚོ་ཡི་འགྲམ་དུ་དཀྱིལ་འཁོར་ནི། །ཞེས་པ་ཆུ་ཀླུང་དག་ལ་ཡང་བྱའོ། །དུར་ཁྲོད་མང་པོ་བྲི་བར་བྱ། །ཞེས་པ་དུར་ཁྲོད་ཅེས་བྱ་བའི་ལེའུ་དུར་ཁྲོད་མང་པོའི་དཀྱིལ་འཁོར་འབྱུང་བ་དེ་འདིར་འདྲི་བར་བྱའོ། །དེ་ཡི་ནང་དུ་རི་མོ་བཀྲམ། །ཞེས་པ་མདུན་དུ་རི་

མོ་བྲིས་པ་བཀྲམ་ཞེས་པའོ། །སེམས་དཔའ་མཚན་མོ་བཞུགས་ནས་ནི། །བསྒྲུབ་པ་ལ་འཇུག་གོ་ཞེས་པའི་དོན་ཏོ། །སེམས་ཀྱིས་ཀྱང་མ་རྨོངས་པར་ཞེས་པ་སྔགས་ཀྱི་ཆོ་ག་རྣམས་ཤེས་པར་བྱ་བ་ལ་མ་རྨོངས་པ་ཞེས་པའོ། །གུ་གུལ་བདུག་པ་དེ་ཡིས་བསྲེག །ཅེས་པ་དེ་

ལྟར་ནུབ་མོ་སྒྲུབ་པའི་ཚེ། གུ་གུལ་བདུག་པས་བསྲེག་གོ། །ཟློས་ཤིང་མེ་ཏོག་ཛཱ་ཏི་སྟོང་། །ཞེས་པ་སྔགས་ཟློས་ཤིང་། སྲི་ཤིང་སྣ་མའི་མེ་ཏོག་སྟོང་མདུན་གྱི་རི་མོའི་ཐུགས་ཀར་ཕོག་པར་བྱ་ཞིང་དབུལ་ལོ། །རི་མོ་ལ་བཞུགས་ཁྲོ་བོའི་སྤྱན། །ཞེས་པ་རི་མོ་དང་གཅིག་ཏུ་

เล่ม ๗๐ · หน้า 261a

བྱས་པའི་ཁྲོ་བོའི་སྤྱན་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །གཡོ་འམ་ཡང་ན་འགུལ་ཡང་རུང་། །ཞེས་པ་རིལ་གྱིས་གཡོ་འམ་ཆའམ་ཕྱོགས་འགའ་འགུལ་བའོ། །དེ་ནས་ལྷ་དེ་འགྲུབ་གྱུར་ནས། །གང་འདོད་པ་ཡི་ལས་རྣམས་བྱེད། །ཅེས་པ་རི་མོའི་སྐུ་

གཟུགས་དེ་ལ་མཚན་མ་འདི་ལྟ་བུ་བྱུང་བ་ལ་གྲུབ་པ་ཞེས་བྱ་སྟེ། དེས་ནི་གང་འདོད་པའི་ལས་རྣམས་དེ་བཞིན་དུ་བྱེད་ནུས་པར་འགྱུར་རོ། །དེ་སྟེ་གྲུབ་པར་མ་གྱུར་ན། །གཞན་ཡང་ཚིག་འབུམ་བཟླས་པར་བྱ། །ཞེས་པ་སྟེ་མཚན་མ་དེ་ལྟ་བུ་དག་བྱུང་བར་མ་གྱུར་ན་ཡང་ལན་ཅིག་

སྤོགས་ཏེ་བསྙེན་པ་འབུམ་བྱའོ། །དེ་ནས་དེ་ཡི་ཐ་མར་སྒྲུབ། །ཅེས་པ་དེའི་འོག་ཏུ་མཚན་གཅིག་སྔ་མ་བཞིན་དུ་སྒྲུབ་པོ། །དེས་ཀྱང་མ་གྲུབ་གསུམ་པ་ལ། །མཚམས་མེད་ལྔ་རྣམས་བྱེད་པ་ཡང་། །གདོན་མི་ཟ་བར་འགྲུབ་པར་འགྱུར། །ཞེས་པ་དེ་ལྟར་བསྒྲུབས་ཏེ་མ་གྲུབ་

པར་གྱུར་ན་ལན་གསུམ་དུ་བསྒྲུབས་ཏེ། ཡང་དང་པོར་བསྙེན་པ་འབུམ་བྱས་ལ་དེའི་འོག་ཏུ་མཚན་གཅིག་སྔ་མ་བཞིན་དུ་བསྒྲུབས་ཏེ། དེ་ལྟར་བསྒྲུབས་ན་མཚམས་མེད་པ་ལྔ་བྱས་པའི་སེམས་ཅན་གྱིས་ཀྱང་འགྲུབ་པར་འགྱུར་ཏེ། ཐེ་ཚོམ་མེད་པར་ལས་རྣམས་དེ་བཞིན་དུ་ནུས་

པར་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །འདི་མན་ཆད་ནི་དེ་ལྟར་གོང་དུ་བཤད་པ་ལྟར་བསྒྲུབས་ཏེ་གྲུབ་པར་གྱུར་ན། གྲུབ་པ་དེས་ལས་རྣམས་བྱ་བ་ན་དེ་བཞིན་དུ་འགྲུབ་པར་འགྱུར་བའི་ལས་བཤད་དོ། །གྲུབ་པའི་ལས་རྣམས་གང་དག་འདིར། །ཞེས་པ་ལ་སོགས་པ་སྨོས་ཏེ། དེ་དག་

ཕྱིན་ཆད་སྙོམས་པར་ནི། །ཞེས་པ་དེ་ལྟར་གྲུབ་ཟིན་ཕན་ཆད་ལས་རྣམས་བྱེད་པར་འགྱུར་རོ་ཞེས་པའི་དོན་ཏོ། །དཔུང་རྣམས་རེངས་པར་བྱེད་ཅེས་པའོ། །སྟོང་ངམ་ཡང་ན་འབུམ་ཡང་རུང་། །ཞེས་པ་ཕ་རོལ་པོའི་དཔུང་ངོ་། །གནོན་པ་རེངས་པ་ཞེས་པའོ། །རྨོངས་པ་འཐོམ་པ་

ཞེས་པའོ། །དེ་མ་ཐག་ཏུ་འབེབས་པར་བྱེད། །ཅེས་པ་སྣོད་ལ་དབབ་པའི་ལས་དེ་ནུས་པར་འགྱུར་བའོ། །ཕ་རོལ་དཔུང་དག་རབ་ཏུ་འཁྲུག་པར་བྱེད། །ཅེས་པ་ནང་འཁྲུག་དག་བྱེད་དོ། །རྨོངས་པར་ནུས་ཞེས་པ་སེམས་ཅན་དག་རྨོངས་ནུས་ཞེས་སོ། །སྤྲིན་ཡང་

เล่ม ๗๐ · หน้า 261b

ལེགས་པར་གནོན་པར་ནུས། །ཞེས་པ་སྤྲིན་མི་གཡོ་བར་གནས་ཤིང་འདུག་ནུས་པར་བྱེད་ནུས་སོ། །ཆར་པ་དག་ཀྱང་འབེབས་པར་བྱེད། །ཅེས་པ་དུས་ཀྱི་ཆར་མི་འབབ་པ་དག་ཀྱང་འབེབས་ནུས་སོ། །དེ་ནི་ནག་པོས་ཟིན་པ་ཡང་། །མཐོང་བའམ་སྦྱིན་པ་ཙམ་གྱིས་གྲུབ། །ཅེས་

པ་ཀ་ལ་དུ་ཧཱུྃ་ཞེས་བྱ་སྟེ། དུས་སུ་ཟིན་པ་ལ་ཡང་བྱ་སྟེ། སྦྲུལ་གྱིས་ཉི་མའི་གུང་དང་འཆི་བའི་དུས་ཀྱི་ཚེ་ཟིན་པ་ཡང་སྔགས་པས་མཐོང་བའམ་ཡང་ན་སྔགས་མཁན་གྱིས་སྤྲིང་བ་ཙམ་གྱིས་སོས་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ནི་སྦྱོར་བ་ཙམ་གྱིས་སུ། །ཞེས་པ་སྔགས་པ་དེས་

སྦྱོར་བ་ཙམ་གྱིས་སའི་འོག་ཀྱང་འཁྲུགས་པར་བྱེད་ཅེས་པའོ། །དེ་བཞིན་ལྷ་དང་མི་རྣམས་ལ། །གནོད་པ་ཆེན་པོ་འབྱུང་བར་བྱེད། །ཅེས་པ་གནོད་པ་ཆེན་པོ་འབྱུང་བ་དང་སྦྱར་ན་ཡང་དེ་བཞིན་དུ་བྱེད་ནུས་པར་འགྱུར་རོ་ཞེས་པའི་དོན་ཏོ། །ཕྱིས་འབྱུང་བ་དག་གང་ཡང་མེད། །ཅེས་

པ་མདོར་ན་དུས་གསུམ་གྱི་ལས་གང་ཡང་བྱེད་མི་ནུས་པ་མེད་དོ། །འདི་མན་ཆད་ནི་མ་གྲུབ་པའི་ལས་བཤད་དེ། ལྷ་དེ་གྲུབ་པར་མ་གྱུར་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷ་དེ་གྲུབ་པར་མ་གྱུར་ཀྱང་། །ཞེས་པ་སྔ་མ་བཞིན་དུ་བསྒྲུབས་ཀྱང་མ་གྲུབ་པར་གྱུར་ན་ཡང་ལས་འདི་

དག་བྱེད་ནུས་པར་འགྱུར་རོ། །མཐོང་བ་ཙམ་ཞེས་པ་སྔགས་པས་སོ། །ཚིག་གིས་ཀྱང་ཞེས་པ་བསྒོ་བ་ཙམ་གྱིས་སོ། །དུག་དང་རིམས་དང་གདོན་ལ་སོགས། །ཞེས་པ་འགྲོ་བ་དང་མི་འགྲོ་བའི་དུག་ལ་བྱའོ། །བདུག་པ་དང་ཞེས་པ་བདུག་པའི་སྦྱོར་བས་སོ། །སྦྱོར་བ་ཡིས་

ཞེས་པ་འདི་དག་སྔར་གོང་དུ་བཤད་པའི་ལས་དེ་དག་རྣམས་ཞེས་པའོ། །ལས་རྣམས་འདི་དག་ཐམས་ཅད་ནི། །བཟླས་པ་བརྒྱ་བྱས་བསྒྲུབ་པར་བྱ། །ཞེས་མིང་གིས་སྨོས་པའི་ལས་དེ་དག་གང་བྱེད་ཀྱང་རུང་སྟེ་ལས་དེ་དག་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་པས་ལས་དེ་དག་འགྲུབ་

པར་འགྱུར་རོ་ཞེས་པའི་དོན་ཏོ། །སོང་སྟེ་བསྒྲུབ་པ་བྱས་ནས་སུ། །བགེགས་རྣམས་ཀུན་གྱིས་མི་འཇིགས་པར། །ཞེས་པ་གཏེར་གང་ལ་ཡོད་པའི་གནས་སུ་སོང་སྟེ་བདག་ཉིད་བསྲུང་བ་དང་། མཚམས་བཅད་དེ་བསྲུང་བ་བྱས་ན་བགེགས་དང་འབྱུང་པོས་མི་འཇིགས་པས་

เล่ม ๗๐ · หน้า 262a

ཞེས་པའོ། །ནོར་དེ་བཟླས་པ་སྟོང་བྱས་པས། །བདག་གི་ཁྱིམ་ནས་ལེན་པ་བཞིན། །ཞེས་པ་གཏེར་ཆེན་པོ་ལས་བཟླས་པ་སྟོང་བྱས་པས་བདག་གི་ཁྱིམ་ནས་ནོར་བླང་བ་བཞིན་དུ་ཡོད་དོ་ཞེས་པའི་དོན་ཏོ། །ཕྲ་མོ་རྣམས་ལ་བརྒྱ་ཡིས་འཐོབ། །ཅེས་པ་གཏེར་ཕྲ་མོ་རྣམས་

ལ་བཟླས་པ་བརྒྱ་ཡིས་འཐོབ་པོ། །ཧོམ་དང་བཟླས་པ་མ་བྱས་ཀྱང་། །ཞེས་པ་ལྷ་རྣམས་སྐྲག་པར་བྱ་བ་ནི། ཧོམ་དང་བཟླས་པ་མ་བྱས་པར་ཡང་ཁྲོ་བོའི་མཚན་བརྗོད་པ་ཙམ་གྱིས་རིང་པོར་མི་ཐོགས་པར་ལྷ་རྣམས་སྐྲག་པར་འགྱུར་བར་ཐེ་ཚོམ་མེད་དོ། །མ་རུངས་པར་ནི་བྱ་བ་ཡང་། །

ཞེས་པ་གང་ཡང་རུང་བར་གཟུགས་བྱས་པ་ལ་སྔར་བཤད་པ་ལྟ་བུའོ། །དངོས་གྲུབ་རྣམས་ཞེས་པ་དེ་ལྟ་བུ་ལ་སོགས་པའི་ལས་བྱའོ་ཞེས་པའི་དོན་ཏོ། །བལྟས་པ་རྣམ་པ་དུ་མ་ཡང་། །རྟོག་པ་གཞན་གྱི་ཆོ་ག་ཡིས། །རིང་པོར་མི་ཐོགས་བསྒྲུབ་པར་ནུས། །ཞེས་པ་གང་ལ་བྱ་

བ་དེ་དག་ལ་བལྟས་ཏེ་བསམ་པའི་ཁྱད་པར་ཙམ་གྱིས་ཀྱང་། ལས་དེ་དག་འགྲུབ་པར་འགྱུར་ལ། རྟོག་པ་གཞན་གྱི་ཆོ་ག་ལས། དེ་དག་ཇི་ལྟར་སྒྲུབ་པར་འབྱུང་བའི་ཆོ་ག་བཞིན་དུ་བསྒྲུབས་ན། །དེ་བཞིན་དུ་འགྲུབ་པོ། །རྨོངས་པ་དང་ཞེས་པ་ལ་ལོང་བ་དང་ཞེས་པའོ། །སྐྱོ་

ཞིང་སླར་ཡང་གཡོ་བ་དང་། །ཞེས་པ་གནས་ནས་སྐྱོ་ཞིང་འགྲོ་འདོད་པའོ། །ནོར་འགུགས་དེ་བཞིན་མནོད་པ་དང་། །ཞེས་པ་སླར་ཡང་གནས་དེ་ཉིད་དུ་འོང་འདོད་ལྟ་བུའོ། །སྐྱེ་བོ་དག་གིས་འགུགས་པ་དང་། །ཞེས་པ་ཕ་རོལ་པོ་རེངས་པར་བྱའོ། །ཡུལ་དུ་འཚེ་ཞིང་འཇིགས་

པ་དང་། །ཞེས་པ་ལོ་ཏོག་ལ་སོགས་པ་ལ་གནོད་པའོ། །འཁྲུག་དང་ཞེས་པ་ཕ་རོལ་པོ་འཁྲུག་ཅེས་པའོ། །བྲུ་བ་ཉིད་ཅེས་པ་བཀྲེས་པའོ། །གང་དག་གཞན་དག་དེ་འདོད་པ། །སྔགས་པ་གཤིན་རྗེ་གཤེད་དྲན་པས། །ཞེས་པ་དེ་ལ་སོགས་པའི་ལས་དེ་དག་བྱེད་

འདོད་པས་སྔགས་པ་ཁྲོ་བོ་ཆེན་པོའི་སྦྱོར་བ་བྱས་པས་ལས་དེ་དག་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་པའི་དོན་ཏོ། །འདི་མན་ཆད་ནི་རྟོག་པ་ཕྱི་མ་ཞེས་བྱ་བ་བཤད་དོ། །དེ་ནས་རྟོག་པ་ཕྱི་མ་འདི། །ཇི་ལྟ་ཡིན་པ་དེ་བཤད་དོ། །ཞེས་པ་ལེའུ་འདི་ཉིད་དུ་གཏོགས་པ་ཕྱི་མའི་ཕྱི་མ་བཤད་

เล่ม ๗๐ · หน้า 262b

པ་ལ་བྱ་སྟེ། དེ་ཡང་ཇི་སྐད་གསུངས་པའི་དེ་བཞིན་དུ་བཤད་པར་བྱའོ། །སྔོན་དུ་བསྙེན་པ་བྱས་པའི་འོག་ཏུ་ལྷ་མ་ཡིན་གྱི་ཕུག་སྒོར་སོང་སྟེ། སྒྲུབ་པ་པོའི་རི་མོའི་སྐུ་གཟུགས་མདུན་དུ་བཀྲམ་ནས་སྨྱུང་བ་བྱས་ཏེ་སྟན་ལ་འདུག་ཅེས་པའི་དོན་ཏོ། །ཁྲི་ཡི་གྲངས་ཙམ་བཟླས་བྱས་ན། །

ཞེས་པ། དཀྱིལ་འཁོར་བྲི་བ་དུར་ཁྲོད་མང་། །སྔར་བཤད་མཚན་གཅིག་གིས་སྔགས་བཟླས་ཞེས་པའོ། །དེ་ནས་བུད་མེད་གཟུགས་མཆོག་ལྡན། །ཞེས་པ་དེ་ནས་ལྷ་མ་ཡིན་གྱི་བུ་མོ་སྒོར་འབྱུང་ངོ་ཞེས་པའོ། །སྒྲུབ་པ་པོ་དེའི་མདུན་དུ་ནི། །ཞེས་པ་འོངས་ནས་ལྷ་མ་ཡིན་གྱི་ཕུག་

ཏུ་གཤེགས་ཤིང་དགའ་བར་བྱེད་དོ། །དེ་དག་གྲོགས་པོ་ཡིད་གཅུགས་ནས། །ཞེས་པ་ལ་སོགས་པ་གྲོགས་པོ་དང་ལྷན་ཅིག་ཏུ་དེའི་ཚེ། ལྷ་མ་ཡིན་གྱི་བུ་མོས་སྔགས་པ་ལ་བསྒོ་བ་ཁྱོད་ཀྱིས་འདི་དང་འདི་བྱར་རུང་གིས་དེ་བཞིན་དུ་བྱར་མི་རུང་གིས་མ་བྱེད་ཅིག་བསྒོ་བ་ལྟ་

བུའམ། ཡང་ན་ཆོ་ག་དེ་ལྟར་བསྒྲུབས་པས་ན་དམ་ཚིག་གིས་ལྷ་མ་ཡིན་གྱི་བུ་མོའི་གནས་སུ་འཇུག་པར་བྱེད་དོ་ཞེས་པའི་དོན་ཏོ། །ཡང་ན་གང་འདོད་པའི་ལྷ་ཡི། །ཞེས་པ་ལ་སོགས་པ་གནས་གང་ཡང་རུང་བའི་གནས་གཙང་མར་ལྕི་བའི་སྐྱང་ནུལ་བྱས་ཏེ་ས་བསྟར་བའི་བསང་

པོ་བྱས་ལ་མདུན་དུ་ས་གཞི་བསྟར་བ་བཟང་པོར་བྱས་པར་སྲེ་ནས་གང་འདོད་པའི་མིང་བྲིའོ། །བཙག་གམ་ལྡོང་རོས་ཀྱིས་ཀྱང་འདྲིར་རུང་ཞེས་པའོ། །མི་སྐྱོ་བར་དུ་འབུམ་བཟླས་ན། །ཞེས་པ་གནོད་སྦྱིན་ལ་སོགས་པ་གང་འགུགས་པ་འོང་བར་འགྱུར་ཞེས་པའོ། །སྒྲུབ་པར་ཇི་སྲིད་

འདོད་པར་ནི། །ཞེས་པ་སྒྲུབ་པ་པོ་ཇི་སྲིད་འདོད་པ་དེ་དག་གི་ལས་རྣམས་བྱེད་པར་འགྱུར་རོ། །ལྷ་རྣམས་དག་ནི་ཐམས་ཅད་དང་། །ཞེས་པ་འདིར་ནི་མཇུག་སྡུད་པའི་ཚིག་གོ། །གནོད་སྦྱིན་ལ་སོགས་བསྒྲུབ་པ་སྤངས། །ཞེས་པ་ཤ་ཟ་དང་དྲི་ཟ་མོ་དག་ཅེས་པའོ། །ཕྱི་མའི་ཕྱི་མ་ཞེས་བྱ་

བ་སྔ་མ་རྣམས་ཀྱིས་ནི་རྩ་བའི་རྟོག་པར་གསུངས་པ་རྣམས་ཀྱི་མཇུག་སྡུད་ཐུན་བུ་ཐུ་བ་ཡིན་པར་བཤད་དོ། །གསང་བ་ཕྱི་མར་གཏོགས་པའི་ལེའུ་འདི་ན་གོང་དུ་བཤད་པའི་ཕྱི་མའི་ཕྱི་མ་ཞེས་བྱ་བ་གསུངས་པ་རྣམས་ཀྱི་མཇུག་སྡུད་པ་དང་ཐུན་བུ་ཐུ་བ་ཡིན་ནོ། །མདོར་ན་སྔར་

เล่ม ๗๐ · หน้า 263a

གོང་དུ་གསུངས་པ་རྣམས་ཀྱི་ཆོ་ག་རྒྱས་པར་བཤད་པ་ལ་བྱའོ། །འདི་མན་ཆད་ལེའུ་འདིར་གཏོགས་པའི་རྟོག་པ་ཕྱི་མའི་ཡང་ཕྱི་མ་འདི་ལ་ཞེས་བྱ་བ་བཤད་དོ། །དེ་འདིར་རྟོག་པ་ཕྱི་མ་ཡི། །ཕྱི་མ་དག་ཀྱང་བཤད་པར་བྱ། །ཞེས་བྱ་ལ་སོགས་པའོ། །རིའི་མཆོག་

དག་གི་རྩེ་མོ་ལ། །ཞེས་པ་རི་བཙན་པོ་བཟང་པོའི་མཆོག་གི་རྩེ་མོ་ལ་ཞེས་པའོ། །ཡི་དགས་མང་པོའི་དཀྱིལ་འཁོར་བྲི། །ཞེས་པ་དོན་གྲུབ་ཅེས་བྱ་བའི་ལེའུ་རུ་གསུངས་པའི་ནང་ནས་ཡི་དགས་མང་པོ་ཞེས་བྱ་བའི་དཀྱིལ་འཁོར་འབྱུང་སྟེ་བྲི་བར་བྱའོ། །ཐམས་ཅད་ཤ་ཡི་གཏོར་མ་

བྱ། །ཞེས་པ་ཐམས་ཅད་ཀྱི་གཏོར་མ་དཀྱིལ་འཁོར་དུ་དབུལ་བར་བྱའོ། །གྲོགས་པོ་སེམས་ནི་དཔའ་བ་དང་། །ཡོན་ཏན་ལྡན་པ་བཟོ་བོ་དང་། །ཞེས་པ་མཚན་ཉིད་ཀྱི་ཡོན་ཏན་དང་ལྡན་པ་ལ་བྱའོ། །མི་རོའི་གོས་ལ་སྔོན་བྲིས་པའི། །རི་མོ་གཞག་ནས་དེ་ནས་སུ། །ཞེས་པ་ལ་

སོགས་པ་དཀྱིལ་འཁོར་དེའི་དབུས་སུ་མི་རོའི་རས་དེའི་སྟེང་དུ་རི་མོའི་གཟུགས་སྔར་བྲིས་པ་དེ་བཀྲམ་ལ་དེ་ནས་བདག་གི་ལུས་ལ་ཡན་ལག་ལ་སོགས་པ་དང་། དེ་དག་གི་ཡང་ཡན་ལག་ཏུ་གཏོགས་པ་ཐམས་ཅད་ལས་མི་རུས་སྦོམ་ཕྲ་ཁབ་ཙམ་གྱི་རྣོན་པོ་བྱས་པས་ཡན་ལག་དེ་དག་གི་

ཁྲག་ཆ་ཤས་ཀྱིས་ཕྱུང་ནས་མི་ཐོད་ཀྱི་ནང་དུ་གཞག་ལ། དེ་ནས་མི་རོ་དེའི་བར་གྱི་བདག་གམ། །གྲོགས་པོ་གཉིས་ལས་གང་བཟོ་བོ་གཅིག་གིས་རི་མོ་བྲིས་ཟིན་པ་དེའི་སྐྲའི་པིར་གྱིས་གཟུགས་དེའི་ཡན་ལག་དང་། ཉིང་ལག་ཐམས་ཅད་ཨུན་མི་ལན་ཞེས་བྱ་བའི་ཚུལ་དུ་རི་མོ་བྲི་བར་

བྱ་སྟེ། མདོར་ན་བྱེ་བྲག་གམ་ཁྱད་པར་ཅན་དུ་བྲི་བར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་དེ་ཡི་ལུས་དག་དང་། །མིང་ཀྱང་རབ་ཏུ་གསལ་བར་བྱ། །ཞེས་པ་དེ་ནས་རི་མོའི་དེའི་སྐུ་གཟུགས་ཀྱི་ཡན་ལག་དག་ཏུ་སྔགས་པ་དག་ལས་བྱེད་པའི་ཚེ་ལུས་དག་ལ་ཙནྡན་དང་། ཁྲག་དག་གིས་

ཇི་ལྟར་བསྐུ་བར་གྲགས་པ་དེ་ལྟ་བུའི་ཚུལ་དུ་སྐུ་གཟུགས་ལ་ཡང་བྲི་བ་ཡིན་པར་ཤེས་པར་བྱ་སྟེ། ཁྲོ་བོའི་སྤྱན་དག་ཀྱང་དམར་པོར་བྲིའོ་ཞེས་པའི་དོན་ཏོ། །དེ་ལ་བགེགས་ཀྱང་མང་དུ་འབྱུང་། །ཞེས་པ་དེ་ལྟར་བྱས་པ་དེ་ལའོ། །དེར་ནི་དཔའ་བོས་སྤྱད་པར་གསུངས། །ཞེས་པ་ཆོ་ག་

เล่ม ๗๐ · หน้า 263b

འདི་ནི་སྒྲུབ་པ་པོ་སེམས་སྟོབས་ཅན་གྱིས་བསྒྲུབ་པོ། །དཔའ་བོ་དག་གི་ལས་ཀྱང་བྱ། །ཞེས་པ་དེ་ལྟར་བྱེད་ཅིང་སྒྲུབ་པ་ཉིད་དཔའ་བོའི་ལས་ཡིན་པར་བཤད་པའི་རིགས་སོ། །ཤ་ཆེན་པོའི་བཅིངས་པའི་ལས་ཀྱང་དེ་དག་གིས་བྱའོ། །དེ་ཡི་འོག་ཏུ་བཟོ་བོ་ལ། །ཞེས་པ་དེ་ལྟར་རི་མོ་འདྲི་

བའི་གྲོགས་པོ་བཟང་པོ་དེ་ལ་དཔའ་བོ་དག་གིས་ཡོན་ཡང་དབུལ། །ཞེས་པ་རིན་ཐང་མེད་པའི་ཡོན་དབུལ་བ་ལ་བྱའོ། །དེ་ཉིད་ཡོངས་སུ་རྫོགས་པར་ནི། །ཞེས་པ་རི་མོའི་དེའི་སྐུ་གཟུགས་ཀྱི་ཡན་ལག་དང་། ཉིང་ལག་ཐམས་ཅད་དུ་བྱེ་བྲག་གམ། ཁྱད་པར་ཅན་དུ་བྱ་བ་དེ་ཡོངས་སུ་

རྫོགས་པར་གྱུར་གྱི་བར་དུ་ཚུལ་བཞིན་དུ་བྲིའོ། །དེ་ལྟར་བྲིས་པའི་འོག་ཏུ་གནས་དེ་ཉིད་དུ་མདུན་དུ་བཀྲམ་སྟེ་མཚན་གཅིག་བསྒྲུབ་པོ། །རི་མོའི་སྐུ་གཟུགས་དེ་ཡང་ན་དགོད་དམ། གཡོ་ཡང་རུང་བའི་མཚན་མ་དེ་དག་བྱུང་ན་ཞེས་པའོ། །དེ་ནས་དངོས་གྲུབ་ཐོབ་པར་བཤད། །ཅེས་པ་དེ་

ལྟར་མཚན་མ་བྱུང་བའི་རི་མོ་དེ། སྐུ་གཟུགས་དེ་ཡིས་དངོས་གྲུབ་ཐོབ་པར་འགྱུར་ཞེས་པའོ། །མཚན་མ་ཉི་མ་བཞིན་དུ་འབར། །ཞེས་པ་སྒྲུབ་པ་པོ་དེ་འབར་ཞེས་པའོ། །སྒྲུབ་པ་དེ་ལ་ལྷ་རྣམས་ཀྱང་། །ཞེས་པ་དེ་ལྟར་བསྒྲུབ་པའི་སྒྲུབ་པ་པོ་དེ་ལ་གདོན་མི་ཟ་བར་ཕྱག་འཚལ་

བར་འགྱུར་ཞེས་པའི་དོན་ཏོ། །ཀུན་དུ་བཀུར་བ་རྒྱལ་པོར་འགྱུར། །ཞེས་པ་རིག་འཛིན་གྱི་རྒྱལ་པོར་འགྱུར་ཞེས་པའོ། །ཡང་ན་ཆོ་ག་ཤེས་པ་ཡིས། །ཞེས་སྒྲུབ་པ་པོས་ཞེས་པའོ། །རི་མོ་ཞི་བ་སྔོན་བཞིན་དུ། །བླངས་ཏེ་བསྲེགས་པའི་སྟེང་དུ་གཞག །དེ་ནས་བསྲེགས་པ་

དེར་འདུག་ནས། །གཅིག་པུ་རལ་གྲི་བླངས་ནས་སུ། །ཞེས་པ་ཁྲག་དང་སྐྲའི་པིར་གྱིས་མ་བྲིས་པའི་རི་མོའི་སྐུ་གཟུགས་ལ་བྱ་སྟེ། སྐུ་གཟུགས་དེ་བླངས་ལ་མི་རོ་བསྲེགས་པའི་མདུན་གྱི་ནམ་མཁའ་ལ་བྲིས་ཏེ་གཞག་གོ། །མི་རོ་བསྲེགས་པའི་གནས་དེར་སྔགས་པ་

ཉིད་ཀྱང་འདུག་ནས་གྲོགས་མེད་པས་སྒྲུབ་པའི་རལ་གྲི་བླངས་ནས་བསྒྲུབ་ཅེས་པའོ། །མཚན་མོ་གཤིན་རྗེ་གཤེད་བཟླས་པ། །ཞེས་པ་མཚན་མོ་བསྒྲུབ་ཅེས་པའོ། །འབར་བར་འགྱུར་གྱི་བར་དུའམ། །ཞེས་པ་རི་མོའི་སྐུ་གཟུགས་ལ་དངོས་གྲུབ་རྣམ་གསུམ་མ་བྱུང་གི་བར་དུ་

เล่ม ๗๐ · หน้า 264a

བཟླས་བརྗོད་བྱའོ། །རལ་གྲི་མཆོག་དེ་བྱ་བ་ཡང་། །ཞེས་པ་དེ་ལྟར་སྒྲུབ་པའི་རལ་གྲིའི་ཚད་གསུངས་སོ། །སྲིད་དུ་སོར་ནི་སུམ་ཅུ་རྩ་གཉིས་ཀྱིས་ཞེས་པའོ། །ཡན་ལག་ཐམས་ཅད་ཡོངས་རྫོགས་པ། །ཞེས་པ་ལ་སྦོམ་ཕྲ་མེད་པ་ཞེས་པའོ། །སྒྲུབ་ཅིང་སྒྲ་ཡི་

སོའི་དོ་ཅན། །ཞེས་པ་རལ་གྲི་རྣོན་པོའི་སོ་ལ་བྱའོ། །དེ་ལྟར་རྟོག་པ་ཕྱི་མ་ཡང་། །ཞེས་པ་མཇུག་སྡུད་པའི་ཚིག་ལ་བྱའོ། །འདི་མན་ཆད་ཕྱག་རྒྱའི་མཚན་ཉིད་བཤད་དོ། །དེ་ནས་གཞན་ཡང་ཕྱག་རྒྱ་ནི། །རབ་ཏུ་འབར་བ་གཅིག་པུ་བཤད། །ཅེས་པ་གཅིག་ཅེས་བྱ་བ་ནི་

མཆོག་དམ་པ་ལ་བྱ་སྟེ། དེ་ཡང་གཟི་བརྗིད་དང་ལྡན་པ་དེ་བཤད་དོ་ཞེས་པའོ། །གང་གིས་འགྲུབ་པར་འགྱུར་བ་ཡི། །ཞེས་པ་བེ་ཅོན་གྱི་ཕྱག་རྒྱ་འགྲུབ་པར་འགྱུར་བ་ལ་བྱའོ། །ལག་པ་གཡས་པའི་སོར་མོ་ཡིས། །ཞེས་པ་སྔར་བཤད་པ་དང་འདྲའོ། །མཐེ་བོང་སྦས་ཏེ་

གྱེན་དུ་བསྒྲེང་བར་བྱས་པའི་ཕྱག་རྒྱ་དེ་ཞེས་པ་དེ་མཐེ་བོང་ནང་དུ་བཅུག་སྟེ་བཅིངས་ལ་གྱེན་དུ་བསྒྲེང་བའོ། །ལྷ་ཉིད་ཀྱི་ནི་སྔགས་ལྡན་པར། །བེ་ཅོན་གྱི་ཕྱག་རྒྱ་འདི་ལ་ཡང་ལས་ཐམས་ཅད་དང་སྦྱར་བར་བྱ་སྟེ། ལས་ཀུན་ལ་བཅིང་བར་བྱ་ཞེས་པ་ཡི་གེ་བཅུ་གཅིག་པའི་སྔགས་

དང་ལྡན་པར་ཕྱག་རྒྱ་བཅིང་བར་བྱའོ། །སྤྱན་དྲང་བ་དང་། མཆོད་པ་དང་ཞེས་པ་མཛུབ་མོས་ནང་དུ་གཡབ་པས་སྤྱན་དྲང་ཞེས་པའོ། །གཤེགས་སུ་གསོལ་བ་དང་། །ཞེས་པ་མཛུབ་མོས་ཕྱིར་གཡབ་པས་གཤེགས་སུ་གསོལ་ཞེས་པའི་དོན་ཏོ། །འཇམ་དཔལ་གཤིན་རྗེ་

གཤེད་རྒྱལ་པོའི་རྟོག་པ་ཕྱི་མའི་ཡང་ཕྱི་མ་གསང་བའི་བཤད་པ་རྫོགས་སོ།། །།རབ་ཏུ་གསང་བར་གཏོགས་པའི་ལེའུ་འདིའི་དོན་རྣམ་པ་དགུས་བསྟན་པའོ། །དེ་སྔགས་ཐོག་མར་བསྟན་ནས་དངོས་གྲུབ་གླེང་བ་དང་། ཞུ་བ་ཞུས་པ་དང་། ཞུས་པའི་ལན་བསྟན་པ་དང་། བསམ་

གཏན་པ་དང་། དཀྱིལ་འཁོར་བསྟན་པ་དང་། མཆོད་པ་བསྟན་པ་དང་། ས་བོན་དགོད་པ་བསྟན་པ་དང་། སྔགས་སྤེལ་བ་བསྟན་པ་དང་། མཇུག་སྡུད་པ་རྣམས་ཀྱིས་བསྟན་པའོ། །སྔགས་ཐོག་མར་བསྟན་པའོ། །སྔགས་ཐོག་མར་བསྟན་ནས་དངོས་གྲུབ་གླེང་བ་ཞེས་བྱ་

เล่ม ๗๐ · หน้า 264b

བ་དང་པོར་བཤད་དེ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་བཅུ་གཅིག་པའི་སྔགས་དང་སྔགས་འདི་འདྲ་སྟེ། སྔགས་འདིས་ཡི་གེ་བཅུ་གཅིག་པའི་དངོས་གྲུབ་དང་ལས་ཐམས་ཅད་འདིར་འགྲུབ་ཏུ་རུང་ངོ་། །སྔགས་གཞན་ནོ་ཞེས་པ་ཡི་གེ་བཅུ་གཅིག་པ་

ལས་གཞན་ནོ་ཞེས་བྱ་བའི་དོན་ཏོ། །ཨོཾ་ཨཱཿཧཱུྃ། སྙིང་པོ་ཞེས་པའོ། །འདི་ཡང་གཞན་ནོ་ཞེས་པ་གོང་མ་ལས་གཞན་ཞེས་པའོ། །ཡི་གེ་བཅུ་གཅིག་རྒྱལ་པོ་ཡིས། །ཞེས་པ་ཡི་གེ་བཅུ་གཅིག་པའི་མགོར་སྔགས་འདི་བཟླས་ན། དངོས་གྲུབ་དང་ལས་འདི་དག་འདི་བཞིན་

དུ་འགྲུབ་པར་འགྱུར་རོ། །དེ་ལ་རབ་ཏུ་གསང་བ་ཞེས་ཅིའི་ཕྱིར་བྱ་ཞེ་ན། སྔགས་ཀྱི་རྒྱུད་འདི་དག་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དང་། ཕྱི་རོལ་པ་རྣམས་ལ་ཡང་གསང་བ་དང་སྔགས་པ་ཉིད་ལ་ཡང་གསང་སྟེ་དཀའ་ཐུབ་སྤྱད་མི་དགོས་པར་རྣལ་འབྱོར་བྱ་བ་འབའ་

ཞིག་གིས་འགྲུབ་པར་འགྱུར་བའི་ཆོ་ག་འདི་སྔར་ཐོག་མར་བསྟན་ན་སྔགས་པ་དཀའ་ཐུབ་དག་མི་སྤྱོད་ཅིང་ཆོ་ག་ཅན་གྱིས་སྒྲུབ་ཅིང་ལས་བྱ་བ་རྣམས་ལ་དད་ཅིང་མོས་པ་དང་། འཇུག་པར་མི་འགྱུར་བའི་ཕྱིར་འདིར་དཀའ་ཐུབ་སྤྱད་པ་དང་། ཆོ་ག་ཕལ་པོ་ཆེ་སྒྲུབ་ཅིང་ལས་སུ་བྱ་བ་

རྣམས་སྔར་བསྟན་ཅིང་བཤད་ནས་དེའི་འོག་ཏུ་དཀའ་ཐུབ་དང་ཆོ་ག་དག་བྱ་མི་དགོས་པར་སེམས་ཉིད་ཀྱིས་རྣལ་འབྱོར་དུ་བྱས་པ་ཙམ་གྱིས་ཐམས་ཅད་འགྲུབ་པར་འགྱུར་བའི་ཆོ་ག་འོག་ནས་འབྱུང་བ་འདི་བཤད་པས་ན། དེ་ལྟ་བུ་དག་གི་ཕྱིར་གསང་བ་ཞེས་བྱའོ། །འདི་མན་ཆད་ཞུ་བ་

ཞུས་པ་ཞེས་བྱ་བ་བཤད་དོ། །ཁྲོ་བོ་རྣམ་པར་རྒྱལ་བ་ཡི། །རྩ་བ་དང་ནི་ཕྱི་མ་དང་། །ཞེས་པ་གོང་དུ་བཤད་པ་རྣམས་ཀྱི་རྟོག་པའོ། །རྟོག་པ་མ་ལུས་རྒྱས་པ་དག །ཅེས་པ་གོང་དུ་རྒྱས་པར་བཤད་པ་དེ་དག་ཅེས་པའོ། །ལྷ་དེ་རྣམས་ཀྱིས་ལེགས་མཐོང་ནས། །ཞེས་པ་དང་པོར་

བཤད་པ་ལྷའི་འཁོར་དུ་འདུས་པ་རྣམས་ལ་བྱའོ། །འཇིག་རྟེན་འཇིག་རྟེན་འདས་པ་ཀུན། །ཐལ་མོ་རབ་ཏུ་སྦྱར་ནས་སུ། །ཞེས་པ་ལྷ་ཀུན་གྱི་ས་འོག་ནས་འབྱུང་བའི་ཐེ་ཚོམ་ཞུ་བའི་ཕྱིར་ཐལ་མོ་སྦྱར་ནས་ཁྲོ་བོའི་རྒྱལ་པོ་ལ་ཞུས་པ་ཞེས་པའི་དོན་ཏོ། །གཤིན་རྗེ་གཤེད་ལ་འདི་སྐད་སྨྲས།

เล่ม ๗๐ · หน้า 265a

བཅོམ་ལྡན་ཁྱོད་ཀྱིས་རྟོག་པ་འདི། །སྒྲུབ་པ་རྣམས་ལ་ཕན་པའི་ཕྱིར། །རབ་ཏུ་ངོ་མཚར་བཤད་ལགས་ཏེ། །ཞེས་པ་ལས་དང་དངོས་གྲུབ་དང་ངོ་མཚར་ཆེ་བ་སྔར་གོང་དུ་བཤད་པ་རྣམས་ཞེས་པའོ། །ཇི་སྐད་བཤད་པའི་སྨྱུང་བ་ཡིས། །ཞེས་པ་ལ་སོགས་པ་བཟླས་

བརྗོད་དང་སྦྱིན་སྲེག་ལ་སོགས་པ་ཇི་སྐད་གོང་དུ་བཤད་པའི་ཆོ་ག་རྣམས་ཀྱི་ཚུལ་དེ་བཞིན་དུ་སྤྱད་པས་ཁྲོ་བོ་ཀཱི་ལི་ཀཱི་ལ་ལ་སོགས་པ་འགའ་ཞིག་གིས་བསྒྲུབས་ན་དཀའ་ཐུབ་ལ་སོགས་པ་སྤྱོད་པ་དེའི་རྒྱུས་གང་གི་ཚེ་མཉེས་པར་འགྱུར་བ་དེའི་ཚེ་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་མཛད་ན། ཁྲོ་བོའི་

རྒྱལ་པོའི་ཁྱོད་དང་བྱེ་བྲག་དང་། ཁྱད་པར་ཅི་མཆིས་པར་འགྱུར་ཞེས་དྲིས་པའི་དོན་གོང་དུ་སྔར་བཤད་པའི་སྤྱད་པའི་ཆོ་ག་རྣམས་ལ་བྱའོ། །ཕྱིའི་ཆོ་ག་དཀའ་ཐུབ་ལ་སོགས་པ་རྣམས་མ་སྤྱད་པར་ཡང་སེམས་ཀྱི་རྣལ་འབྱོར་ཙམ་གྱིས་དབང་ཉིད་དུ་དངོས་གྲུབ་ཐོབ་པར་འགྱུར་བ་དེའི་ཆོ་ག་

ཁྱོད་ཀྱིས་གསུངས་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱི་རྟོག་པ་དང་། །ཞེས་པ་ཁྲོ་བོ་ཆེན་པོ་ཁྱད་པར་གྱུར་པ་ཅི་ཞིག་མཆིས་ཞེས་པ་ཁྲོ་བོ་གཞན་ལས་ཁྱད་ཅི་མཆིས་ཞེས་པའོ། །འདི་མན་ཆད་ཞུས་པའི་ལན་བསྟན་པ་ཞེས་བྱ་བ་བཤད་དོ། །ལྷ་མཆོག་དེ་དག་ཐམས་ཅད་

ཀྱིས། །ཕྱག་འཚལ་དེ་སྐད་སྨྲས་པ་དང་། །ཁྲོ་བོ་དྲག་ཏུ་བཞད་པ་ཡིས། །ཞེས་པ་ཁྲོ་བོ་བཞད་པའི་སྒྲ་གསུངས་པའོ། །ལྷ་ཡི་ཚོགས་རྣམས་འཇིགས་རྨོངས་པ། །ཞེས་པ་བཞད་པ་ཆེན་པོས་ལྷ་རྣམས་ཐམས་ཅད་སྐྲག་པ་དང་རྨོངས་པར་གྱུར་པའོ། །མ་འཇིགས་མ་འཇིགས་

ཞེས་གསུངས་པའི། །ཞེས་པ་འདི་སྐད་བཀའ་སྩལ་པ་ཉིད་ཕན་པའི་ཚིག་གིས་ལྷ་རྣམས་དབུགས་ཕྱུང་ཞེས་བྱའོ། །ཁྱེད་རྣམས་ཀྱིས་ནི་གང་སྨྲས་པ། །ཞེས་པ་ལྷ་རྣམས་ང་ལ་གང་ཞུས་པ་རྣམས་ཞེས་པའོ། །སྒྲུབ་པ་དག་ནི་མེད་པར་ཡང་། །ཞེས་པ་ཕྱིའི་ཆོ་ག་སྤྱོད་པའི་ཆོ་ག་རྣམས་

ནི་དངོས་གྲུབ་འགྲུབ་པར་འགྱུར་བའི་རྒྱུ་སྟེ། དེ་སྒྲུབ་མི་དགོས་ཞེས་བྱའོ། །སྦྱིན་སྲེག་དང་དཀའ་ཐུབ་ལ་སོགས་ཏེ་ཕྱིའི་སྤྱོད་པའི་ཆོ་ག་རྣམས་མེད་པར་ཡང་། སྦྱོར་བ་ཤེས་པས་འགྲུབ་འགྱུར་བ། །ཞེས་པ་ནང་གི་སྦྱོར་བ་ནི་བྱང་ཆུབ་སེམས་སོ། །ཕྱིའི་སྦྱོར་བ་ནི་ཀུན་རྫོབ་བྱང་ཆུབ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด