རྡོ་རྗེ་རྣམ་པར་འཇོམས་པའི་ལས་སྒྲུབ་པའི་ཐབས་ཀྱི་ཆོ་ག
ชื่อสันสกฤต (อักษรทิเบต ตามตัวบท) བཛྲ་བི་དཱ་ར་ཎ་ཀརྨྨ་བི་དྷི་སཱ་དྷ་ནཾ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๗๓ · หน้า 320a
༄༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ཀརྨྨ་བི་དྷི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་ལས་སྒྲུབ་པའི་ཐབས་ཀྱི་ཆོ་ག །རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རང་ལྷའི་དམིགས་པ་གསལ་བ་དང་། །སྔགས་ཀྱི་བཟླས་པ་མཐར་ཕྱིན་
པས། །རིག་སྔགས་ཐོགས་པ་མེད་པ་དང་། །ཕ་རོལ་སྡེ་ལས་རྒྱལ་བ་དང་། །སྐྲག་དང་མཐུ་སྟོབས་གཞིག་པ་དང་། །རིག་སྔགས་གཅད་དང་མནན་པ་དང་། །ལས་གཞོལ་ཕ་རོལ་ལས་གཞིག་དང་། །གདོན་བརླག་གདོན་ལས་གྲོལ་བ་དང་། །འབྱུང་པོ་དགུག་དང་མནན་པ་དང་། །ལས་
རྣམས་མ་གྲུབ་སྤོགས་པ་དང་། །གྲུབ་པའི་འབྲས་བུ་མཐར་དབྱུང་དང་། །འདོད་འབྲས་དངོས་གྲུབ་བསྒྲུབ་པ་དང་། །བསྲུང་དང་ཞི་དང་རྒྱས་པ་དང་། །རེངས་དང་རྨུགས་པར་བྱེད་པ་ཡི། །ཐུན་མོང་ཁྱད་པར་བདག་ཉིད་ཀྱི། །ཆོ་ག་ཉི་ཤུའི་སྦྱོར་བ་རྣམས། །ཇི་ལྟར་བླ་མའི་མན་ངག་ལས། །
རྟོགས་པའི་རིམ་པ་གསལ་བར་བྱ། །དེ་ལ་ལས་གང་སྒྲུབ་ཀྱང་ཐོག་མ་ཉིད་དུ་རང་གི་རིག་སྔགས་ཀྱི་མཐུ་ཐོགས་པ་མེད་པར་བྱ་བ་ལས། དེའི་རིམ་པ་ནི་འདི་ཡིན་ཏེ། དབེན་ཞིང་རབ་ཏུ་ཤིས་པའི་གནས་སུ་མཎྜལ་གྱི་དབུས་སུ་ཐབ་ཁུང་བྲུས་ཏེ། དེར་དྲི་བཟང་པོ་དང་ལྡན་པའི་བུད་ཤིང་
เล่ม ๗๓ · หน้า 320b
བརྩིག་ལ། སྒྲུབ་པ་པོའི་ཁྱིམ་ནས་མེ་བླངས་ཏེ་སྦར་བའི་དབུས་སུ་སྒྲུབ་ཐབས་ནས་འབྱུང་བའི་རིམ་པས་རང་གི་ལྷ་གསལ་བར་དམིགས་ལ། དེ་ལ་མཆོད་པ་དང་བསྟོད་པ་སྔོན་དུ་སོང་བའི་མར་གྱི་སྲེག་བླུགས་ཕུལ་ཏེ། དེ་ནས་གཞན་དུ་ལོངས་མ་སྤྱད་པའི་མེ་ཏོག་སྔོན་པོ་དཀར་གསུམ་དང་མངར་
གསུམ་གྱིས་རྣམ་པར་སྦགས་ལ། གང་ལ་བསྙེན་པ་བྱས་པའི་སྔགས་ཀྱིས་ཐབ་ཏུ་དབུལ་ཞིང་བསྲེག་པར་བྱའོ། །ཇི་སྲིད་མངོན་པར་འདོད་པའི་སྦྱིན་སྲེག་གི་མཐར་རིག་སྔགས་ཀྱི་མཐུ་ཐོགས་པ་མེད་པའི་དོན་གསོལ་ནས། ཡི་གེ་བརྒྱ་པ་མུཿའི་མཐའ་ཅན་གྱིས་གཤེགས་ཤིང་བསྡུའོ། །རིམ་པ་འདིས་
བསྙེན་པ་ཇི་ཙམ་དུ་བྱས་པའི་གྲངས་ཀྱི་བཅུའི་ཆའི་སྦྱིན་སྲེག་ཡོངས་སུ་རྫོགས་པར་བྱས་ན་རིག་སྔགས་ཀྱི་ལས་གང་སྒྲུབ་ཀྱང་མཐུ་ཐོགས་པ་མེད་པར་འགྱུར་རོ། །གཞན་ཡང་དེའི་སྦྱོར་བ་ལ། །མེ་དབུས་བདག་གི་ལྷ་དམིགས་ཏེ། །སྔགས་བཅས་མར་ལ་བསྙུགས་པ་ཡི། །དཱུར་བ་བསྲེགས་པ་ཁྲི་
ཕྲག་གིས། །གང་ལ་བསྙེན་པའི་སྔགས་ཀྱི་ལས། །ཐོགས་པ་མེད་པར་བྱེད་པའོ། །འཇུག་དོགས་བྱེ་མའི་མཆོད་རྟེན་འབུམ། །སྔགས་བཅས་བགེགས་སྒྲིབ་ཞི་བ་ཡིས། །སྒྲུབ་པོས་གང་གི་ལས་སྒྲུབ་པའི། །རིག་སྔགས་ཐོགས་པ་མེད་པར་བྱེད། །ཕ་རོལ་གྱི་དམག་དཔུང་ལས་རྒྱལ་བར་འདོད་
ན་ལྷ་ཆེན་པོ་ལ་ཕུལ་བའི་རྒྱལ་མཚན་གྱི་རས་སམ། འགེགས་ནས་ཤི་བའི་རོ་ལས་བཤུས་པའི་རས་ལ་དུག་དང་ཁྲག་དང་དུར་ཁྲོད་ཀྱི་སོལ་བས་རེ་ཁཱ་བཅུ་ཡོངས་སུ་བསྐོར་བའི་འཁོར་ལོ་རྩིབས་བརྒྱད་པ་ཕྱི་རོལ་དུ་པདྨ་འདབ་མ་བརྒྱད་པ་དང་ལྡན་པ། དེའི་ཕྱི་རོལ་དུ་སླར་ཡང་འཁོར་ལོ་རྩིབས་
བརྒྱད་པ་ཁ་དྲུག་པ་རྡོ་རྗེ་དང་བཅས་པ་ལ་བླ་མའི་མན་ངག་རྣམ་པར་རིག་པས་སྔགས་ཀྱི་ཡི་གེ་རྣམས་ཡང་དག་པར་བཀོད་པའི་ལྟེ་བར་ཆེ་གེ་མོའི་དམག་དཔུང་སྟམྦྷ་ཡ་ནན། ཞེས་པའི་བསྐུལ་ཚིག་དང་བཅས་པ་བྲིས་ཏེ། རང་གི་ལྷའི་རྣལ་འབྱོར་བྱས་པའི་མདུན་དུ་ལྷག་པའི་ལྷ་གསལ་བར་དམིགས་ནས་
དེ་ལས་རྣམ་པར་སྤྲོས་པའི་སྤྲུལ་པའི་ཕོ་ཉས་ཕ་རོལ་གྱི་དམག་དཔུང་སྟོང་གྲོགས་ཀྱི་ལྷ་དང་བཅས་པ་བཀུག་ཅིང་འཁོར་ལོའི་ལྟེ་བར་བསྟིམས་ལ། དམིགས་པས་སྔགས་ཀྱི་བཟླས་པ་རྫོགས་པ་དང་། འཁོར་ལོ་ཐོད་པ་ཁ་སྦྱར་དུ་བཅུག་སྟེ། དབང་ཆེན་དང་རི་བོ་ལ་གནས་པའི་སྣ་ཚོགས་རྡོ་
เล่ม ๗๓ · หน้า 321a
རྗེས་རྒྱས་བཏབ་ནས་གང་དུ་གཡུལ་འགྱེད་པའི་གནས་དེར་སྦས་པས་ཐམས་ཅད་དུ་རང་གི་སྡེ་རྣམས་ཕ་རོལ་ལས་རྒྱལ་བར་བྱེད་དོ། །ཡང་ཕ་རོལ་དང་རྩོད་པ་ལས་རྒྱལ་བར་འདོད་པས་སྔར་བསྟན་པའི་འཁོར་ལོའི་ལྟེ་བར་ཆེ་གེ་མོའི་ངག་སྟམྦྷ་ཡ་ནན་ཞེས་པ་དང་བཅས་པ་བྲིས་ནས་རང་
ལྷའི་རྣལ་འབྱོར་དང་མདུན་དུ་ལྷག་པའི་ལྷ་གསལ་བར་དམིགས་ཏེ། དེ་ལས་སྤྲུལ་པའི་ཕོ་ཉའི་ཚོགས་ཀྱིས་ཕ་རོལ་གྱི་ངག་གི་སྟོབས་ཐམས་ཅད་བཀུག་ཅིང་འཁོར་ལོའི་ལྟེ་བར་བསྟིམ་པ་དང་། གྲོག་མཁར་གྱི་ས་ལ་གཟུགས་བརྙན་བྱས་པའི་སྙིང་གར་བཅུག་ནས་དེ་ལའང་བསྒྲུབ་བྱའི་རྣམ་པར་
ཤེས་པ་བཅུག་སྟེ། དེ་ནས་སྔགས་དང་བཅས་པའི་སེང་ལྡེང་གི་ཚེར་མ་དུག་གི་ཆུ་ལ་སྦགས་པ་ལྕེ་ལ་བསྣུན་པ་དང་། མཐར་ཐོད་པ་ཁ་སྦྱར་དུ་བཅུག་ནས་རིག་སྔགས་མནན་པའི་སྦྱོར་བ་བྱས་ན་ཕ་རོལ་དང་རྩོད་པ་ལས་རྒྱལ་བར་བྱེད་དོ། །འབྱུང་པོའི་གདོན་སྐྲག་པར་བྱ་བར་འདོད་པས་སྔར་བསྟན་པའི་
འཁོར་ལོའི་ལྟེ་བར་སྐྲག་ཅིང་ཚར་གཅོད་པའི་འབྱུང་པོའི་མིང་བྲིས་ནས་གྲོག་མཁར་གྱི་ས་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་བཅུག་སྟེ་རང་ལྷའི་རྣལ་འབྱོར་ལ་གནས་པའི་མདུན་དུ་ལྷག་པའི་ལྷ་གསལ་བར་དམིགས་ཤིང་། དེ་ལས་རྣམ་པར་སྤྲོས་པའི་ཕོ་ཉའི་ཚོགས་ཀྱིས་བཀུག་ཅིང་
བསྟིམ་པ་དང་། དེ་ནས་སྔགས་བརྗོད་པ་དང་བཅས་པའི་ཡུངས་ཀར་གྱིས་བྲབ་པའི་མཐར་དུག་དང་ཁྲག་དང་གུ་གུལ་དང་བྱི་ལའི་རིལ་མ་དང་ཁྱིའི་རྟུག་པ་སྦྱར་བའི་བདུག་པས་བདུགས་ན་རྣམ་པར་སྐྲག་ཅིང་ཚར་གཅོད་པར་བྱེད་དོ། །ཕ་རོལ་གྱི་མཐུ་སྟོབས་གཞིལ་བར་འདོད་ན་སྔར་བསྟན་པའི་
འཁོར་ལོའི་ལྟེ་བར་གང་གི་མཐུ་སྟོབས་གཞིལ་བར་འདོད་པ་དེའི་མིང་བསྐུལ་ཚིག་དང་བཅས་པ་བྲིས་ནས་རང་ལྷའི་རྣལ་འབྱོར་ལ་གནས་པའི་མདུན་དུ་ལྷག་པའི་ལྷར་དམིགས་པ་དེ་ལས་སྤྲོས་པའི་ཕོ་ཉ་རྣམས་ཀྱིས་ཕ་རོལ་གྱི་སྦྱོར་བ་ལས་བྱུང་བའི་མཐུ་སྟོབས་བཀུག་ནས་འཁོར་ལོའི་ལྟེ་བར་བསྟིམས་
ལ་དམིགས་ཏེ། སྔགས་ཀྱི་བཟླས་པ་བྱས་པའི་མཐར་ཐོད་པ་ཁ་སྦྱར་དུ་བཅུག་ནས། དབང་ཆེན་རི་རབ་ལ་གནས་པའི་སྣ་ཚོགས་རྡོ་རྗེས་རྒྱས་བཏབ་པ་སྦྱོར་བ་པོའི་ཐེམ་འོག་ཏུ་སྦས་ན་ཕ་རོལ་གྱི་སྦྱོར་བ་ལས་བྱུང་བའི་མཐུ་སྟོབས་ཐམས་ཅད་འཇིལ་བར་བྱེད་དོ། །གཞན་གྱི་རིག་སྔགས་གཅད་
เล่ม ๗๓ · หน้า 321b
པོར་འདོད་པས་སྔར་བསྟན་པའི་འཁོར་ལོའི་ལྟེ་བར་ཆེ་གེ་མོའི་རིག་སྔགས་ཙྪིནྡ་ཙྪིནྡ་ཞེས་པའི་སྤེལ་ཚིག་དང་བཅས་པ་བྲིས་ལ་རང་ལྷའི་རྣལ་འབྱོར་དང་། མདུན་དུ་ལྷག་པའི་ལྷ་དམིགས་ཏེ། དེ་ལས་སྤྲོས་པའི་ཕོ་ཉའི་ཚོགས་ཀྱིས་ཕ་རོལ་གྱི་རིག་སྔགས་ཀྱི་སྦྱོར་བ་ལས་བྱུང་བའི་མཐུ་
ཐམས་ཅད་འཁོར་ལོའི་ལྟེ་བར་བསྡུས་པ་དང་། རང་གི་རིག་པའི་མཐུ་ལས་བྱུང་བའི་མཚོན་ཆ་དང་མེའི་ཚོགས་ཀྱིས་དུམ་བུར་བྱས་ཤིང་བསྲེག་པ་ལ་དམིགས་ནས་སྔགས་བཟླས་སོ། །དེ་ནས་འཁོར་ལོ་དུམ་བུར་གཏུབས་ནས་སྦྱིན་སྲེག་བྱས་པའི་ཐལ་བ་རླུང་ལ་བསྐུར་ན་གཞན་གྱི་རིག་
སྔགས་ཀྱི་ལས་ཐམས་ཅད་གཅོད་པར་བྱེད་དོ། །ཕ་རོལ་གྱི་རིག་སྔགས་མནན་པར་འདོད་ན་སྔར་བསྟན་པའི་འཁོར་ལོའི་ལྟེ་བར་ཆེ་གེ་མོའི་རིག་སྔགས་སྟམྦྷ་ཡ་ནན་ཞེས་པའི་སྤེལ་ཚིག་བཀོད་པ་བྲིས་ལ། རང་ལྷའི་རྣལ་འབྱོར་ལ་གནས་པའི་མདུན་དུ་ལྷག་པའི་ལྷར་དམིགས་ཤིང་དེ་ལས་སྤྲོས་
པའི་ཕོ་ཉའི་ཚོགས་ཀྱིས་ཕ་རོལ་གྱི་རིག་སྔགས་ཀྱི་མཐུ་ཐམས་ཅད་འཁོར་ལོའི་ལྟེ་བར་བསྡུས་པ་དང་། རང་གི་སྔགས་ལས་བྱུང་བའི་དབང་ཆེན་ལ་གནས་པའི་རི་བོ་རྡོ་རྗེ་དང་བཅས་པས་མནན་པར་བསྒོམ་ཞིང་སྔགས་བཟླས་ལ། མཐར་ཐོད་པ་ཁ་སྦྱར་དུ་བཅུག་སྟེ་དབང་ཆེན་ལ་སོགས་པའི་
རྒྱས་བཏབ་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་གྱི་འོག་ཏུ་མནན་ན་ཕ་རོལ་གྱི་རིག་སྔགས་མནན་པར་འགྱུར་རོ། །གལ་ཏེ་རང་གི་མི་དགེ་བའི་ལས་ཐམས་ཅད་འཇོམས་པར་འདོད་ན་རིན་པོ་ཆེའི་སྣོད་དུ་ཙནྡན་གྱི་སོལ་བ་ལ་མེ་བུས་ཏེ། རང་ལྷའི་རྣལ་འབྱོར་ལ་
གནས་པའི་མདུན་དུ་ཏིལ་གྱི་སྣོད་གཞག་ལ་སྙིང་ག་ནས་སྤྲོས་པའི་འོད་ཀྱིས་ལྷག་པའི་ལྷ་མདུན་དུ་སྤྱན་དྲངས་ནས། དེ་ལས་སྤྲོས་པའི་འོད་ཟེར་གྱིས་བདག་གི་ལུས་ཁྱབ་པར་མི་དགེ་བའི་ལས་ཀྱིས་བསགས་པའི་དྲི་མ་རྣམས་སྙིང་གར་འདུས་ནས་མི་སྡུག་པའི་གཟུགས་ཅན་དུ་གྱུར་པ་སྣའི་བུ་ག་ནས་
འཐོན་ཏེ། ཏིལ་ལ་ཐིམ་པར་བསམས་ལ་སྔགས་བརྗོད་པ་དང་བཅས་པ་བསྲེགས་པའི་མཐར་མདུན་གྱི་ལྷའི་ལུས་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་བདག་ཉིད་ཀྱི་ལུས་ཀུན་དུ་གང་བར་བསྒོམས་ལ། ཡི་གེ་བརྒྱ་པ་ཅི་ནུས་བརྗོད་ནས་གཤེགས་པའོ། །འདིས་ནི་མི་དགེ་བའི་ལས་ཐམས་
เล่ม ๗๓ · หน้า 322a
ཅད་བཅོམ་སྟེ་འབྲས་བུ་མི་འབྱིན་པར་བྱེད་དོ། །ཡང་གཞན་གྱི་མི་དགེ་བའི་ལས་འཇིག་པར་འདོད་ན་དེའི་རིམ་པ་འདི་ཡིན་ཏེ། དབེན་ཞིང་ཉམས་དགའ་བའི་ས་ཕྱོགས་སུ་ཞི་བའི་ལས་དང་མཐུན་པའི་ཐབ་ཁུང་དུ་བུད་ཤིང་བརྩིག་སྟེ། རང་ལྷའི་རྣལ་འབྱོར་ལ་གནས་པས་དེར་མེ་
སྦར་བའི་དབུས་སུ་ལྷག་པའི་ལྷ་ལ་ཀུན་ནས་དཀར་བའི་ཁ་དོག་ཅན་དུ་དམིགས་ལ། དེའི་ལུས་ལ་དཀར་ཞིང་བསིལ་བའི་འོད་ཟེར་བྱུང་བས་ཕ་རོལ་པོའི་སྡིག་པ་ཐམས་ཅད་འཇིག་པར་དམིགས་ནས་སྔགས་དང་བཅས་པའི་ཏིལ་གྱི་སྦྱིན་སྲེག་བྱས་པའི་མཐར་མཆོད་བསྟོད་དང་ཡི་གེ་བརྒྱ་པ་བརྗོད་ལ་
གཤེགས་སུ་གསོལ་དེ་ལྟར་ཕ་རོལ་པོ་ལ་དམིགས་ནས་ཡང་དང་ཡང་དུ་བྱས་ན་དེའི་ལས་ཐམས་ཅད་ངེས་པར་འཇིག་པར་བྱེད་དོ། །ཡང་ལྷ་ལ་སོགས་པའི་གདོན་ཐམས་ཅད་རླག་པར་བྱེད་འདོད་པས་སྔར་བསྟན་པའི་འཁོར་ལོའི་ལྟེ་བར་གང་དག་བརླག་པར་བྱ་བའི་གདོན་གྱི་མིང་སྤེལ་ཚིག་
དང་བཅས་པ་བྲིས་ནས་གྲོག་མཁར་དང་ཚྭ་སྒོ་ཅན་དང་འཇུག་ངོགས་དང་ཤིང་རྐང་གཅིག་གི་ས་དུར་ཁྲོད་ཀྱི་ཐལ་བ་དང་ལྷན་ཅིག་སྦྲུས་པ་ལས་གཟུགས་བརྙན་བྱས་པའི་སྙིང་གར་བཅུག་སྟེ། རང་ལྷའི་རྣལ་འབྱོར་དང་མདུན་དུ་ལྷག་པའི་ལྷ་གསལ་བར་དམིགས་ནས། རྣམ་པར་སྤྲོས་པའི་ཕོ་
ཉའི་ཚོགས་ཀྱིས་བཀུག་ཅིང་བཅུག་སྟེ། འཚེ་ཞིང་དུམ་བུར་གཏུབ་པ་དང་བསྲེག་ཅིང་ཐལ་བར་བྱེད་པ་ལ་དམིགས་ནས་སྔགས་བརྗོད་པ་དང་བཅས་པའི་ཡུངས་ཀར་གྱིས་བྲབས་པའི་མཐར་སྦྱིན་སྲེག་བྱས་ཏེ། ཐལ་བ་རླུང་ལ་ཕྱར་ན་གང་ལ་དམིགས་པའི་གདོན་དེ་རླག་པར་བྱེད་པ་ལ་ཐེ་ཚོམ་མེད་དོ། །
གལ་ཏེ་གཟའ་ལ་སོགས་པའི་གདོན་གྱིས་བཟུང་བའི་གནོད་པ་ཐམས་ཅད་ལས་ཐར་བར་འདོད་ན་གཙང་ཞིང་ཉམས་དགའ་བའི་ས་ཕྱོགས་སུ་མཎྜལ་བྱས་ཏེ། དེར་བུམ་པ་གཙང་མའི་དྲིའི་ཆུ་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་དང་བཅས་པ་གཞག་སྟེ། རང་ལྷའི་རྣལ་འབྱོར་བྱས་པས་བུམ་པའི་
ནང་དུའང་ལྷག་པའི་ལྷ་གསལ་བར་དམིགས་ལ་གཟུངས་ཀྱི་བཟླས་པ་རྫོགས་པའི་མཐར་ཆུའི་ངོ་བོར་བསམས་པས་ལུས་བཀྲུས་ཏེ། སྔགས་ཀྱིས་མངོན་པར་བསྔགས་པའི་ས་རྫ་ནའི་བདུག་པ་བྱིན་ན་གདོན་གྱིས་བཟུང་བ་ལས་ཐར་བར་འགྱུར་རོ། །འབྱུང་པོ་དགུག་པར་འདོད་ན་སྨད་འཚོང་
เล่ม ๗๓ · หน้า 322b
གི་རས་ལ་རྒྱ་སྐྱེགས་ཀྱི་ཁུ་བས་སྔར་བསྟན་པའི་འཁོར་ལོའི་ལྟེ་བར་ནུ་ཏཱ་ཨཱ་ཀཱཪྵ་ཡ་ཛཿཞེས་པའི་སྤེལ་ཚིག་དང་བཅས་པ་བྲིས་ནས་གྲོག་མཁར་ལ་སོགས་པའི་ས་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་བཅུག་སྟེ། མཎྜལ་གྱི་སྟེང་དུ་བྲམ་ཟེའི་ཐོད་པར་གཞག་ལ། རང་ལྷའི་རྣལ་འབྱོར་དུ་
གནས་པའི་མདུན་དུ་ལྷག་པའི་ལྷ་གསལ་བར་དམིགས་ཏེ། དེ་ལས་སྤྲོས་པའི་ཕོ་ཉས་བཀུག་ཅིང་གཞུག་པའང་བྱས་ཏེ། སྔགས་ཀྱི་མཐར་འབྱུང་པོ་ཨཱ་ཀཱཪྵ་ཡ་ཛཿཞེས་པ་བཟླས་ཤིང་། འབྲས་ཆན་དང་འབྲུའི་ཐུག་པ་དང་ལ་ཕུག་ལ་སོགས་པ་འབྱུང་པོའི་གཏོར་མའི་ཉེ་བར་སྦྱོར་བ་བྱས་ན་འབྱུང་
པོ་ཞུགས་ནས་བདག་གིས་ལས་ཅི་བྱ་ཟེར་བ་འབྱུང་སྟེ། འབྱུང་པོ་དགུག་པའི་ཆོ་གའོ། །དེ་ནས་རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པར་མངག་པ་ནི། སྔར་བསྟན་པའི་གཏོར་མ་དུས་གསུམ་དུ་སྦྱིན་ཞིང་། བྷཱུ་ཏ་ཝ་ཤཾ་མཱ་ན་ཡ་ཞེས་པའི་སྤེལ་ཚིག་དང་བཅས་པའི་སྔགས་བཟླས་
ཏེ། བྲམ་ཟེ་མོ་གཙང་མའི་ཟླ་མཚན་གྱིས་བསྒོས་པའི་རས་དང་ས་རྫ་ནའི་བདུག་པ་བྱིན་ནས། མངོན་པར་བསྔགས་པའི་ཙནྡན་དམར་པོའི་ཐིག་ལེ་དཔྲལ་བར་བྱས་ན་ཅི་བསྒོ་བ་ཉན་ཅིང་མངག་གཞུག་གི་ལས་བྱེད་པར་འགྱུར་རོ། །དེ་ལྟར་དབང་དུ་གྱུར་པ་དེ་རིག་སྔགས་ཀྱི་ལས་གང་
བསྔགས་ཀྱང་མྱུར་དུ་གྲུབ་པའི་གྲོགས་བྱེད་དོ། །གལ་ཏེ་ལས་མ་གྲུབ་ན་སྤོགས་པའི་ཆོ་གས་གྲུབ་པར་བྱེད་པ་ནི་རང་གི་མདུན་དུ་མཎྜལ་བྱས་ཏེ། དེར་འདོད་པའི་ལྷའི་སྐུ་གཟུགས་བཞུགས་ལ། རང་ལྷའི་རྣལ་འབྱོར་དང་ལྡན་པས་ལྷག་པའི་ལྷ་མདུན་དུ་གསལ་བར་དམིགས་ནས།
དེ་ལས་སྔགས་བརྗོད་པ་དང་བཅས་པའི་མེ་ཏོག་ཁྲི་ཕྲག་གཅིག་ཕུལ་ལ། དེ་ནས་མེ་ཏོག་དེ་རྣམས་བསྡུས་ཏེ། དེ་ཉིད་ཀྱིས་བསྲེག་རྫས་བྱས་པའི་སྦྱིན་སྲེག་དེ་ཉིད་དུ་བྱས་ན་ལས་མ་གྲུབ་པ་རྣམས་གྲུབ་པར་བྱེད་པར་འགྱུར་རོ། །གྲུབ་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་ལས་ཀྱི་འབྲས་བུ་དབྱུང་བ་ནི།
ལས་དང་མཐུན་པའི་ཐབ་ཁུང་དུ་བུད་ཤིང་བརྩིགས་ནས་མེ་སྦར་བའི་དབུས་སུ་ལྷག་པའི་ལྷ་གསལ་བར་དམིགས་ལ། དེ་ནས་ལས་གང་སྒྲུབ་ཀྱི་སྤེལ་ཚིག་དང་བཅས་པའི་སྔགས་ཀྱིས་དེ་དང་མཐུན་པའི་སྦྱིན་སྲེག་བྱས་ན་བསྒྲུབས་པའི་ལས་རྣམས་ཆུད་མི་ཟ་བར་གང་མངོན་པར་འདོད་པའི་
เล่ม ๗๓ · หน้า 323a
འབྲས་བུ་དེས་འབྱིན་པར་བྱེད་དོ། །མངོན་པར་འདོད་པའི་འབྲས་བུ་སྒྲུབ་པར་འདོད་ན་གནས་དབེན་པར་མཎྜལ་གྱི་སྟེང་དུ་ལྷག་པའི་ལྷའི་སྐུ་གཟུགས་བཞུགས་ལ། དེའི་དྲུང་དུ་རིན་པོ་ཆེའི་སྣོད་དུ་དངོས་གྲུབ་ཀྱི་རྫས་བཞག་ནས་རང་ལྷའི་རྣལ་འབྱོར་དང་ལྡན་པས། མདུན་དུ་
ལྷག་པའི་ལྷ་གསལ་བར་དམིགས་ཏེ། དེ་ལ་མཆོད་པ་དང་བསྟོད་པ་སྔོན་དུ་སོང་བས་སྔགས་ཀྱི་བཟླས་པ་བྱ་ཞིང་། ཕོ་ཉའི་ཚོགས་སྤྲོ་བ་དང་བསྡུ་བའི་སྦྱོར་བས་དངོས་གྲུབ་སྒྲུབ་པར་དམིགས་ཏེ། དྲོ་བ་དང་དུ་བ་འཐུལ་བ་དང་འབར་བ་ལས་མཁའ་སྤྱོད་དང་ས་སྤྱོད་དང་ས་འོག་གི་དངོས་གྲུབ་
སྦྱིན་པར་བྱེད་དོ། །སེམས་ཅན་ཐམས་ཅད་བསྲུང་བར་འདོད་ན་ཚེས་གྲངས་དང་དུས་ཚོད་བཟང་པོ་ལ་སྒྲུབ་པ་པོ་ཤར་དུ་མངོན་པར་ཕྱོགས་པས་གྲོ་ག་འམ་རས་ལ་གུར་གུམ་མམ་གི་ཝང་གིས་སྔར་བསྟན་པའི་འཁོར་ལོའི་ལྟེ་བར་མིང་སྤེལ་ཚིག་དང་བཅས་པ་བྲིས་ལ། རང་ལྷའི་རྣལ་འབྱོར་དུ་གནས་
པའི་མདུན་དུ་ལྷག་པའི་ལྷ་སྤྱན་དྲངས་ནས་མཆོད་བསྟོད་བྱས་ཏེ། འཁོར་ལོའི་སྔགས་དང་དབྱེར་མེད་དུ་བསྟིམས་ནས་བཟླས་པ་ཅི་རིགས་བྱས་ན་མགོའམ་མགུལ་པའམ་དཔུང་པ་ལ་བཏགས་ན་གང་ལ་བཏགས་པའི་སེམས་ཅན་ཐམས་ཅད་ནད་དང་གདོན་ལ་སོགས་པའི་མི་མཐུན་པའི་ཕྱོགས་
ཐམས་ཅད་སྲུང་བར་བྱེད་དོ། །གལ་ཏེ་རང་བཞིན་གྱི་ནད་དང་གདོན་ལ་སོགས་པ་ཞི་བར་འདོད་ན། དགེ་བའི་ཤིང་གི་ལོ་མ་ལ་ཙནྡན་དཀར་པོའི་ཁུ་བས་སྔར་བསྟན་པའི་འཁོར་ལོའི་ལྟེ་བར་ཞི་བའི་སྤེལ་ཚིག་དང་བཅས་པ་བྲིས་ལ། རང་ལྷའི་རྣལ་འབྱོར་དང་མདུན་དུ་ལྷག་པའི་ལྷ་
དམིགས་ནས་དེའི་ལུས་ཀྱི་འོད་ཟེར་གྱིས་འཁོར་ལོ་དང་། འཁོར་ལོ་ལས་འཕྲོས་པའི་འོད་ཟེར་གྱིས་བསྒྲུབ་བྱའི་ལུས་ཀུན་ནས་འགེངས་པར་བསྒོམ་ཞིང་སྔགས་བཟླས་པའི་མཐར་འཁོར་ལོ་འོ་མས་བཀྲུས་ནས། དེས་གང་ལ་ཁྲུས་བྱས་པ་དེའི་ནད་གདོན་ཞི་བར་འགྱུར་རོ། །ཡང་ཚེ་དང་ལོངས་
སྤྱོད་ལ་སོགས་པ་རྒྱས་པར་འདོད་ན་རང་ལྷའི་རྣལ་འབྱོར་བྱས་པའི་མདུན་དུ་ལྷག་པའི་ལྷ་གསལ་བར་བལྟས་ལ། པུཥྚིཾ་ཀུ་རུ་ཨོཾ་ཞེས་པའི་སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ཤིང་མདུན་གྱི་ལྷ་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་གྱི་ཕྲེང་བ་སྤྲོས་པས་གང་ལ་དམིགས་ནས་ལས་སྒྲུབ་
เล่ม ๗๓ · หน้า 323b
པ་དེའི་ལུས་ཀུན་དུ་ཁྱབ་ཅིང་ཡོངས་སུ་རྒྱས་པར་བསྒོམས་པས་ཚེ་དང་ལོངས་སྤྱོད་ལ་སོགས་པ་རྒྱས་པར་བྱེད་དོ། །གལ་ཏེ་རེངས་པའི་ལས་སྒྲུབ་པར་འདོད་ན་དུར་ཁྲོད་ཀྱི་རས་ལ་ཡུང་བའི་ཁུ་བས་སྔར་བསྟན་པའི་འཁོར་ལོ་ཆེ་གེ་མོའི་ཀཱ་ཡ་ཝཱཀ་ཙིཏྟ་སྟཾ་བྷ་ཡ་ལཾ་ཞེས་པའི་སྤེལ་ཚིག་དང་བཅས་པ་བྲིས་ལ། གྲོག་
མཁར་ལ་སོགས་པའི་ས་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་བཅུག་སྟེ། རང་ལྷའི་རྣལ་འབྱོར་ལ་གནས་པའི་མདུན་དུ་ལྷག་པའི་ལྷ་དམིགས་ནས། དེ་ལ་རྣམ་པར་སྤྲོས་པའི་ཕོ་ཉའི་ཚོགས་ཀྱིས་བསྒྲུབ་བྱ་བཀུག་ཅིང་བསྟིམས་ལ། དེ་ནས་སྔགས་བཟླས་པ་དང་། རིག་པའི་མཐུ་ལས་
བྱུང་བའི་དབང་ཆེན་དང་། རི་བོ་ལ་གནས་པའི་རྡོ་རྗེའི་ཚོགས་ཀྱིས་ལུས་དང་ཡན་ལག་ཐམས་ཅད་རྣམ་པར་གཏམས་ཤིང་མི་གཡོ་བར་བསམས་ན་རེངས་པ་ལ་ཐེ་ཚོམ་མེད་དོ། །གཞན་ཡང་རྨུགས་པར་བྱ་བར་འདོད་ན། དུར་ཁྲོད་ཀྱི་རས་ལ་མྱོས་བྱེད་ཀྱི་ཁུ་བ་དང་ནིམ་པའི་འདབ་མས་སྔར་
བསྟན་པའི་འཁོར་ལོའི་ལྟེ་བར་ཆེ་གེ་མོ་མོ་ཧ་ཡ་ཞེས་པའི་སྤེལ་ཚིག་དང་བཅས་པ་བྲིས་ནས། གྲོག་མཁར་གྱི་ས་ལས་བྱས་པའི་གཟུགས་ཀྱི་སྙིང་གར་བཅུག་སྟེ། རང་ལྷའི་རྣལ་འབྱོར་དང་མདུན་དུ་ལྷག་པའི་ལྷ་དམིགས་ལ། དེ་ལས་སྤྲོས་པའི་ཕོ་ཉས་བསྒྲུབ་བྱ་བཀུག་ཅིང་བསྟིམས་ཏེ། དེ་ནས་གསང་
སྔགས་བཟླས་པའི་རིག་པའི་མཐུ་ལས་བྱུང་བའི་དབང་ཆེན་དང་རི་བོ་ལ་གནས་པའི་རྡོ་རྗེ་སྙིང་གར་མནན་ཏེ། དྲན་པ་དང་བྲལ་བར་བསམས་ན་རྨུགས་པར་བྱེད་པ་ལ་ཐེ་ཚོམ་མེད་དོ། །གང་ལ་བསྙེན་པ་བྱས་པའི་སྔགས། །ལས་སྒྲུབ་པ་འང་དེ་ཉིད་དེ། །དད་བརྟན་ཐེ་ཚོམ་མེད་པ་ལ། །སྔགས་ནི་
ཡིད་བཞིན་ནོར་ལྟར་འགྲུབ། །རྡོ་རྗེ་རྣམ་པར་འཇོམས་པའི་ལས་སྒྲུབ་པའི་ཐབས་ཀྱི་ཆོ་ག་བྱང་ཆུབ་སེམས་དཔའ་བྱམས་པའི་ཞབས་ཀྱི་རྡུལ་ལ་རེག་པ། དཔལ་གཾ་གཱ་དྷ་རའི་སྲས་ཀྱི་ཐུ་བོ་བྲམ་ཟེ་མ་ཎི་བཛྲས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཛྙཱ་ན་ཤྲཱི་དང་། ལོ་ཙཱ་བ་རབ་ཞི་བཤེས་གཉེན་
གྱིས་བསྒྱུར་བའོ།།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด