འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) པཉྩ་བིཾ་ཤ་ཏི་སཱ་ཧ་སྲི་ཀ་ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཨུ་པ་དེ་ཤཱ་ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ཤཱསྟྲ་སྱ་བྲྀཏྟི

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๘๐ · หน้า 159a

ལ་མཚན་མ་དང་མཚན་མ་མེད་པའི་འདུ་ཤེས་ཀྱི་སྦྱོར་བ་མེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཐབས་ལ་མཁས་པ་ཟབ་པ་ནི་སྟོབས་བཅུ་ལ་སོགས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཡོངས་སུ་རྫོགས་པར་མ་བྱས་པར་བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་བཀག་པའི་ཐབས་མཁས་པ་ཉིད་ཀྱིས་ཆོས་གང་ཡང་དངོས་པོ་དང་དངོས་པོ་མེད་པར་བྱ་བ་བཀག་པ་ཉིད་དང་། དེ་ཅིའི་སླད་དུ་ཞེ་ན། ཞེས་བྱ་བ་ལ་སོགས་པས་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་དུ་ཤེས་པ་

ལ་གནས་པ་ནི་མི་མཐུན་པའི་ཕྱོགས་དེ་དང་དེ་ལ་སྤྱོད་པའི་སེམས་ཅན་རྣམས་དེ་དང་དེའི་གཉེན་པོ་ལ་འགོད་པས་སེམས་ཅན་ཡོངས་སུ་སྨིན་པ་ལ་མཁས་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །མཐོང་བ་དང་སྒོམ་པའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སློབ་པ་ཕྱིར་མི་

ལྡོག་པའི་དགེ་འདུན་བཤད་ཟིན་ཏོ།། །།ད་ནི་མི་སློབ་པའི་དགེ་འདུན་གྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་བརྗོད་པར་བྱའོ། །བསླབ་པར་བྱ་བ་ནི་འདི་ཙམ་དུ་ཟད་དེ། འདི་ལྟ་སྟེ། ཀུན་ནས་ཉོན་མོངས་

པའི་རྣམ་པར་རྟོག་པ་སྤང་བར་བྱ་བ་དང་། རྣམ་པར་བྱང་བའི་རྣམ་པར་རྟོག་པ་སྤང་བར་བྱ་བའི་ཕྱིར་རོ། །དེ་གཉི་ག་མཉམ་པ་ཉིད་དུ་རྟོགས་པས་ནི་མི་སློབ་པར་འགྱུར་ཏེ། དེ་ཕན་ཆད་བསླབ་པར་བྱ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་

བར་མི་རྟོག་པ། །ཞེས་བྱ་བ་གསུངས་སོ། །འདི་ཕན་ཆད་མི་མཐུན་པ་དང་གཉེན་པོའི་རྣམ་པར་རྟོག་པའི་གནས་སྐབས་ཡོངས་སུ་གཏུགས་པའི་དབང་དུ་མཛད་ནས་གཉི་ག་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་འཁོར་བ་རྨི་ལམ་དང་འདྲ་བར་དགོངས་པས་རྣམ་པར་མི་རྟོག་པའི་ཡེ་

ཤེས་ཉིན་མོ་སྒོམ་པ་རྣམ་པར་འཕེལ་བ་བཀག་པས་ནི་རྨི་ལམ་དུ་རྟོག་པ་སྒོམ་པ་རྣམ་པར་འཕེལ་བ་བཀག་པ་དང་། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་མི་མཐུན་པའི་ཕྱོགས་དང་གཉེན་པོ་རྣམ་པར་རྟོག་པ་ཡིན་

เล่ม ๘๐ · หน้า 159b

པའི་འཐད་པས་གང་གསུངས་པ་ཡིན་ནོ། །ལས་མེད་ལ་སོགས་གླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །དེ་ལ་ལས་མེད་པར་བརྩད་པ་ནི་འདི་ཡིན་ཏེ། རྨི་ལམ་དང་འདྲ་བའི་ཆོས་ཅན་ཡིན་ན་རྨི་ལམ་དང་འདྲ་བར་དངོས་གཞི་དང་མཇུག་གིས་བསྡུས་པའི་ཉམས་པ་དང་འཕེལ་

བ་མེད་པར་ཐལ་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །འདིའི་ལན་ནི། འོན་ཏེ་སད་ནས་ཡོངས་སུ་ཤེས་པ་ཕྱི་མས་རྣམ་པར་རྟོག་པར་བྱེད་ཀྱི། རྣམ་པར་རྟོག་པར་མི་བྱེད་པ་ནི་མ་ཡིན་ན་ཞེས་བྱ་བས་ལས་དང་འབྲས་བུ་འབྲེལ་པ་བརྡ་ལས་བྱུང་བ་ཉིད་དུ་ཉེ་བར་བཀོད་པས་གང་གསུངས་

པ་ཡིན་ནོ། །ཉིན་པར་སྲོག་གཅོད་པ་བྱས་པ་གང་ཡིན་པ་དང་རྨི་ལམ་གྱི་ནང་དུ་སྲོག་གཅོད་པ་ཞེས་བྱ་བ་ནི་རབ་ཏུ་གྲགས་པའི་མཚན་མོ་དང་ཉིན་མོ་ཉིད་མངོན་པར་བརྗོད་པར་རོ། །ནང་ན་སྨོས་པས་ནི་འཁོར་བའི་རྨི་ལམ་ཁྱད་པར་དུ་བྱ་བའི་དོན་དུའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་

དེ་ལ་ཁྱོད་ཇི་སྐད་སྨྲ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་རང་བཞིན་ཡོངས་སུ་དྲིས་པས་གཉེན་པོ་འགལ་བ་ཡིན་ཡང་རྣམ་པར་རྟོག་པ་རྗེས་སུ་འཇུག་པར་ཐལ་བས་དེ་དོན་དམ་པ་ཉིད་དུ་ཡང་དག་པར་སྟོན་པའི་དོན་གྱིས་དེ་ལྟར་བརྩད་པ་ཡིན་ནོ། །འདིའི་ལན་ནི། དམིགས་

པ་དང་བཅས་པ་ལས་ལས་སྐྱེ་བར་ཁས་བླངས་པའི་ཕྱིར་དང་། དམིགས་པ་མེད་པའི་ལས་སྐྱེ་བ་བཀག་པའི་ཕྱིར་ན་སླར་དེ་བརྡ་ལས་བྱུང་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །སེམས་དཔའ་ཐམས་ཅད་དབེན་པ་ཡིན་པའི་ཕྱིར་ན་དེའི་དམིགས་པའི་དངོས་པོ་མེད་པ་ཉིད་

ཀྱིས་སོ་ཞེས་བྱ་བ་ནི་བརྩད་པ་ཡིན་ནོ། །འདིའི་ལན་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་མཚན་མར་བྱས་ནས་ཞེས་གང་གསུངས་པ་ཡིན་ནོ། །ཡོངས་སུ་བརྟགས་པའི་དམིགས་པའི་དངོས་པོར་ཁས་བླངས་པ་ན་རྨི་ལམ་གྱི་ནང་གི་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་ཡང་དག་པའམ་ཡང་དག་པ་མ་ཡིན་པར་བསྔོས་པ་ཡིན་ཞེས་དྲིས་པ་ནི་བརྩད་པ་ཡིན་ནོ། །འདིའི་ལན་ནི། འཕགས་པ་བྱམས་པ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མངོན་པར་རྟོགས་པ་མངོན་དུ་བྱས་པ་ཡིན་པའི་ཕྱིར་

เล่ม ๘๐ · หน้า 160a

སྐྱེ་བ་གཅིག་གིས་ཐོགས་པ་འདི་ཉིད་ཀྱིས་དྲི་བ་འདིའི་ལན་ལྡོན་པ་དབང་དུ་གྱུར་པ་ཡིན་ནོ་ཞེས་གང་གསུངས་པ་ཡིན་ནོ། །དོན་ཅི་ཡིན་ཞེ་ན། དྲི་བ་འདིའི་དབང་དུ་བྱས་པ་ཉིད་ཀྱིས་མ་འོངས་པའི་སངས་རྒྱས་བརྒྱུད་མར་འབྱུང་བ་དེས་ན་དྲི་བ་འདི་ནི་ཡོངས་སུ་

མ་རྫོགས་པར་བསྟན་པ་ཡིན་ཏེ། དེ་ཡོངས་སུ་རྫོགས་པ་ཡིན་ན་ནི་མ་འོངས་པའི་སངས་རྒྱས་འབྱུང་བ་དོན་མེད་པར་ཐལ་ལོ་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་ན་ཡོངས་སུ་མ་རྫོགས་པར་བསྟན་པ་ཡིན་ཞེ་ན། མིང་ནས་བརྩམས་ཏེ་ཆོས་ཐམས་ཅད་ལན་ལྡོན་པར་བྱེད་པའི་དངོས་

པོར་དམིགས་སུ་མེད་པས་སོ། །དེ་ལྟ་ན་ཡང་འདི་དག་རང་ཉིད་ཀྱིས་མངོན་དུ་མ་བྱས་པར་གནས་པ་ཡིན་ནོ། །དེ་མངོན་སུམ་དུ་མ་བྱས་པར་དམ་བཅས་པ་ནི་མངོན་དུ་བྱས་པའི་དོན་ལ་དྲི་བ་དེའི་ལན་བཏབ་པ་ཡོངས་སུ་རྫོགས་པའི་ཉེས་པ་ཡང་སྤང་བའི་དོན་དུ་ཡིན་ཏེ། མ་

འོངས་པའི་སངས་རྒྱས་ཀྱི་ཚུལ་ཡང་དག་པར་ཆད་པ་མེད་པར་འདོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མི་དམིགས་པར་སྤྱོད་པའི་འཕགས་པ་བྱམས་པ་ནི་ཤེས་རབ་ཟབ་པ་ཉིད་ཀྱིས་མ་འོངས་པ་ན་འཁོར་བ་དང་མྱ་ངན་ལས་འདས་པའི་རབ་ཏུ་དབྱེ་བ་སྟོན་པའི་མཚན་མ་

རྟོགས་པ་དང་ལྡན་པ་ཉིད་དུ་བསྟན་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་བསྟན་པ་དེའི་ཚེ་དགོངས་པའི་དབང་དུ་མཛད་ནས། མི་དམིགས་པའི་སྤྱོད་པ་ལ་མི་སྐྲག་པ་ལ་སོགས་པ་དེ་དག་གིས་རྫོགས་པར་བྱང་ཆུབ་པར་ངེས་པ་ཉིད་

ཀྱིས་གང་གསུངས་པ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་བཤད་ཟིན་ཏོ།། །།ད་ནི་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་གྱི་དབྱེ་བས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམ་པ་གཉིས་བརྗོད་པར་བྱ་བ་ཡིན་པ་དེས་ན། སེམས་

ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་བསྒྲུབ་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་བྱ་བ་གསུངས་ཏེ། སེམས་ཅན་གྱི་འཇིག་རྟེན་གྱི་མ་དག་པ་བཀྲེས་པ་ལ་སོགས་པ་གང་ཡིན་པ་དེའི་གཉེན་པོར་དེ་ལ་ལྷ་རྫས་ཀྱི་ཉེ་བར་སྤྱད་

เล่ม ๘๐ · หน้า 160b

པ་ལ་སོགས་པ་སྒྲུབ་པ་དང་། སྣོད་ཀྱི་འཇིག་རྟེན་གྱི་མ་དག་པ། སྡོང་དུམ་དང་། ཚེར་མ་ལ་སོགས་པ་གང་ཡིན་པ་དེའི་གཉེན་པོར་དེ་ལག་མཐིལ་ལྟར་མཉམ་པ་ལ་སོགས་པ་བསྒྲུབས་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡིན་ཏེ། འདི་ནི་མདོར་བསྡུས་པ་ཡིན་ནོ། །

རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་ཏེ། སེམས་ཅན་བཀྲེས་པ་ལ་སོགས་པ་མཐོང་ནས་རང་གི་སངས་རྒྱས་ཀྱི་ཞིང་དུ་ལྷ་རིས་དྲུག་གི་ཉེ་བར་སྤྱད་པ་དང་ཡོངས་སུ་སྤྱོད་པ་བསྒྲུབས་པས་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། དེ་བཞིན་དུ་སྲོག་གཅོད་པ་ལ་སོགས་པ་དང་དེའི་འབྲས་བུ་

ལས་བཟློག་པ་སྒྲུབ་པ་དང་། གནོད་སེམས་ལ་སོགས་པ་ལས་བཟློག་པ་དང་། ལེ་ལོ་ལ་སོགས་པ་ལས་བཟློག་པ་དང་། སྒྲིབ་པ་ལྔ་དང་། བསམ་གཏན་དང་པོ་ལ་སོགས་པ་མ་ཐོབ་པ་ལས་བཟློག་པ་དང་། ཤེས་རབ་འཆལ་པ་ལས་བཟློག་པ་ཉེ་བར་བསྒྲུབ་

པའི་ཕ་རོལ་ཏུ་ཕྱིན་པའི་སྤྱད་པས་གོ་རིམས་བཞིན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་བ་དང་། ཡང་རང་གི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་ངེས་པ་དང་། མ་ངེས་པ་དང་། ལོག་པར་ངེས་

པ་སྟེ། ཕུང་པོ་གསུམ་ལ་གནས་པ་དང་། ངན་སོང་རྣམས་དང་། སྡོང་དུམ་དང་། ཚེར་མ་ལ་སོགས་པ་ཡོད་པ་དང་། ས་འཇིམ་ལས་གྲུབ་པའི་ས་ཆེན་པོ་དང་། ངའི་བར་བྱེད་པའི་སེམས་ཅན་ཡོངས་སུ་འཛིན་པ་དང་། རིགས་བཞི་པོ་རྣམས་ལས་བཟློག་པ་

ཉེ་བར་བསྒྲུབས་པས་སོ། །དེ་ལ་དེ་ལས་བཟློག་པ་ནི་འདི་ཡིན་ཏེ། ཅི་ནས་ཀྱང་བདག་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཆུང་ངུ་ན་རིགས་བཞིའི་སྒྲ་ཡང་མི་སྲིད་པ་ཞེས་གང་གསུངས་པ་ཡིན་ཏེ། འདིས་ནི་རིགས་ཀྱི་དོན་བཀག་པའི་ཕྱིར་ན་བྲམ་ཟེ་ཞེས་བྱ་བ་འདི་ནི་སྒྲ་ཙམ་དུ་

ཟད་དོ་ཞེས་བྱ་བ་ལ་སོགས་པར་བསྟན་པ་དང་། སེམས་ཅན་རབ་དང་། འབྲིང་དང་། ཐ་མ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། ཆོས་ཀྱི་རྒྱལ་པོའི་བདག་པོ་ལས་མ་གཏོགས་པའི་བདག་པོ་དང་། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ལས་གཅིག་པ་ཉིད་

เล่ม ๘๐ · หน้า 161a

ཀྱིས་འགྲོ་བ་ཐ་དད་པ་དང་། རྫུས་ཏེ་སྐྱེ་བ་མ་གཏོགས་པའི་སྐྱེ་གནས་གསུམ་པོ་དང་། མངོན་པར་ཤེས་པ་དང་བྲལ་བ་དང་། བཤང་གཅི་ལ་སོགས་པ་འཛག་པ་དང་། འོད་དང་མི་ལྡན་པ་དང་། ཉིན་མོ་དང་། མཚན་མོ་དང་། ཟླ་བ་ལ་སོགས་པ་དང་།

ཚེ་ཐུང་བ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་བྲལ་བ་དང་། སངས་རྒྱས་ལ་བསྙེན་བཀུར་བྱེད་པར་ནུས་པའི་དགེ་བའི་རྩ་བ་དང་མི་ལྡན་པ་དང་། ཁམས་མི་མཉམ་པས་ཀུན་ནས་བསླང་བའི་ནད་རྣམས་ལས་བཟློག་པ་ཉེ་བར་བསྒྲུབས་པས་སོ། །དེ་ལས་བཟློག་པ་ནི་

འདི་ཡིན་ཏེ། རླུང་དང་། མཁྲིས་པ་དང་། བད་ཀན་དང་འདུས་པས་ཀུན་ནས་བསླང་བའི་ནད་སྐྱེས་པ་དང་མ་སྐྱེས་པ་དག་ལ་གོ་རིམས་བཞིན་དུ་བསལ་བ་དང་། མི་སྐྱེ་བ་དང་རྗེས་སུ་མཐུན་པའི་རྐྱེན་ཉེ་བར་སྒྲུབ་པ་གང་ཡིན་པ་དང་། འདོད་ཆགས་ལ་སོགས་པ་དང་། ཉན་ཐོས་

ལ་སོགས་པའི་ཐེག་པ་ལ་མོས་པ་དང་། མངོན་པའི་ང་རྒྱལ་ཅན་ལས་བཟློག་ནས་ཇི་ལྟར་སྲིད་པར་རང་གི་སངས་རྒྱས་ཀྱི་ཞིང་དུ་ཕུན་སུམ་ཚོགས་པའི་རྣམ་པ་དེ་དང་དེ་དག་བསྒྲུབས་པས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་

བ་དང་། ཚེ་དང་། འོད་དང་། དགེ་སློང་གི་དགེ་འདུན་ཚད་ཡོད་པ་ལས་བཟློག་པས། དེ་དག་ཚད་མེད་པར་གྱུར་པས་ན་བདག་ཉིད་མངོན་པར་འཚང་རྒྱ་བར་སེམས་བསྐྱེད་པ་དང་། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཇི་སྙེད་བཟུང་བ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་

ཐམས་ཅད་ཞིང་གཅིག་ཏུ་གྱུར་པ་ནི་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཐོབ་པར་བྱེད་པ་ཉིད་དང་། ནམ་མཁའ་ལྟར་མུ་མེད་པའི་སེམས་ཅན་གྱི་ཁམས་རྣམས་ལ་འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་མེད་པར་ཡོངས་སུ་རྟོགས་

པའི་ཡིད་ལ་བྱེད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཉིད་དང་། སྲིང་མོ་གངྒཱའི་ལྷ་མོས་དེ་ལྟ་བུར་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པར་ཁས་བླངས་པའི་དགེ་བའི་རྩ་བའི་རྒྱུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

เล่ม ๘๐ · หน้า 161b

བྱང་ཆུབ་ཏུ་ལུང་བསྟན་པ་དང་། འཁོར་རྣམས་ཇི་སྐད་དུ་བཤད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པ་ཐོབ་པར་ཡིད་ཆེས་པས་དབང་དུ་གྱུར་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བཤད་ཟིན་ཏོ།། །།ཐབས་ལ་མཁས་པ་

བརྗོད་པར་བྱའོ། །དེ་ལ་རེ་ཞིག །ཡུལ་དང་སྦྱོར་བ་ཅན་དེ་ནི། །ཅི་ཞིག་ཡིན་པར་བརྗོད་པར་བྱ། །ཞེས་འབྲེལ་ཏོ། །དེ་ལ་ཐབས་མཁས་པའི་ཡུལ་ནི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་

སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བགྱི་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་འདྲིས་པ་དང་། དེ་ལ་སྙོམས་པར་འཇུག་པའི་སྒོམ་པ་ཞུགས་པས་ཐབས་ལ་མཁས་པའི་ཡུལ་ཉེ་བར་བཀོད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཐབས་

ལ་མཁས་པའི་སྦྱོར་བ་ནི། རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་སོ་སོར་རྟོག་པ་ཞེས་བྱ་བ་ནས་བརྩམས་ཏེ། ཡོངས་སུ་འདྲིས་པར་བསྒོམ་པ་མངོན་དུ་བྱེད་པའི་དུས་དང་དུས་མ་ཡིན་པ་ཤེས་པ་ཉིད་ཀྱི་བར་གྱིས་གང་

གསུངས་པ་ཡིན་ནོ། །ཡང་ཐབས་ནི་རྣམ་པ་བཅུར་འགྱུར་བས་དེའི་ཕྱིར། དགྲ་རྣམས་ལས་ནི་འདས་པ་དང་། །མི་གནས་ཇི་བཞིན་ཤུགས་དང་ནི། །ཐུན་མོང་མ་ཡིན་མཚན་ཉིད་དང་། །མ་ཆགས་པ་དང་མི་དམིགས་དང་། །མཚན་མ་སྨོན་ལམ་ཟད་པ་དང་། །དེ་ཡི་

རྟགས་དང་ཚད་མེད་དང་། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་བྱ་བ་གསུངས་སོ། །དེ་ལ་བར་ཆད་ཀྱི་ཆོས་ལས་ཡང་དག་པར་འདའ་བའི་ཐབས་ལ་མཁས་པ་འདི་ཡིན་ཏེ། སྐྱེས་བུ་སྒྱུ་རྩལ་མ་ལུས་པ་ལ་བྱང་བ་ཞིག་འབྲོག་དགོན་པར་ཆས་པའི་དཔེས་ཡོངས་སུ་

བཟུང་བའི་སེམས་ཅན་གྱི་ཁམས་ཕྱིར་རྒོལ་བའི་ཆོས་ལས་ཡང་དག་པར་འདའ་བའི་ཐབས་མཁས་པ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །མི་གནས་པ་གནས་པའི་ཐབས་ལ་མཁས་པ་ནི་འདབ་ཆགས་བྱ་བར་སྣང་ལ་རྒྱུ་ཞིང་ས་ལ་མི་ལྟུང་བའི་དཔེས་མི་གནས་

เล่ม ๘๐ · หน้า 162a

པར་གནས་པའི་ཐབས་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སྨོན་ལམ་གྱི་ཤུགས་ཀྱིས་འཕངས་པའི་ཐབས་ལ་མཁས་པ་ནི་ཡང་སྐྱེས་བུ་འཕོང་ལ་ཤིན་ཏུ་མཁས་ཤིང་སྟོབས་དང་ལྡན་པས་མདའ་བརྒྱུད་མར་འཕངས་པའི་དཔེས་སྨོན་ལམ་

གྱི་ཤུགས་ཀྱིས་ཐབས་ལ་རྗེས་སུ་འཇུག་པ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཐུན་མོང་མ་ཡིན་པའི་ཐབས་ལ་མཁས་པ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བའི་བསམ་པས་འདི་ལྟར་དཀའ་བའི་གནས་ལ་སྦྱོར་བ་ན་ཐུན་མོང་མ་ཡིན་པའི་ཐབས་ཤེས་པར་བྱེད་

པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །མ་ཆགས་པའི་ཐབས་ལ་མཁས་པ་ནི་ཡང་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་མ་ཐོབ་པར་བསམ་གཏན་ལ་སོགས་པ་དགེ་བའི་ཆོས་ཐམས་ཅད་ལས་ཡོངས་སུ་མ་ཉམས་ཤིང་མངོན་པར་འཕེལ་བར་བརྗོད་པས་རོ་མྱང་བ་མེད་པའི་ཐབས་

ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །མི་དམིགས་པའི་ཐབས་ལ་མཁས་པ་ནི་ཡང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་རྣམ་པར་ཐར་པའི་སྒོ་སྒོམ་པ་ཡོངས་སུ་རྫོགས་པར་གྱུར་པས་མི་དམིགས་པའི་ཐབས་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །མཚན་

མ་མེད་པའི་ཐབས་ལ་མཁས་པ་ནི་ཡང་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པའི་སྒོ་སྒོམ་པ་ཡོངས་སུ་རྫོགས་པར་གྱུར་པས་མཚན་མ་མེད་པའི་ཐབས་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སྨོན་པ་མེད་པའི་ཐབས་ལ་མཁས་པ་ནི་ཡང་སྨོན་པ་མེད་པའི་ཏིང་ངེ་

འཛིན་གྱི་རྣམ་པར་ཐར་པའི་སྒོ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བས་སྨོན་པ་མེད་པའི་ཐབས་ལ་མཁས་པ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སྟོང་པ་ཉིད་ལ་སོགས་པ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་བ་ཡིན་དུ་ཟིན་ཀྱང་དེ་ལ་ཐབས་ཀྱི་ཁྱད་པར་ཡོད་པའི་

དོན་ནོ། །དེ་ལྟར་སྤྱོད་པ་ནི་མངོན་པར་འདུ་བྱ་བ་མེད་པར་ལྟུང་བ་དང་ཁམས་གསུམ་པ་དང་ལྷན་ཅིག་གནས་པ་མེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་ལ་མཁས་པ་ནི་གཞན་གྱིས་དྲིས་པ་ན་ཕྱིར་མི་ལྡོག་པའི་རྟོགས་པ་དང་རྗེས་སུ་མཐུན་པར་ལུང་

เล่ม ๘๐ · หน้า 162b

སྟོན་པ་དང་ལུང་མི་སྟོན་པས་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པར་བཟུང་བས་ཐབས་ནི་དེའི་རྟགས་སུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཡུལ་ཚད་མེད་པའི་ཐབས་ལ་མཁས་པ་ནི་གང་རྣམ་པ་དེ་ལྟར་ལན་ལྡོན་པ་དེ་དག་ནི་མི་འཕྲོགས་པ་ཉིད་ཀྱིས་ཐབས་ཀྱི་ཚད་མེད་པ་

ཉིད་དུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །དེ་དེ་ལྟར་བྱས་ན་རྣམ་པ་དང་། བཅས་པ་དང་། སྦྱོར་བ་དང་བཅས་པ་དང་། ཕན་ཡོན་དང་བཅས་པ་དང་། བར་ཆད་དང་བཅས་པ་དང་། ཡུལ་དང་བཅས་པ་དང་། ཁྱད་པར་དང་བཅས་པ་དང་། བྱེད་པ་དང་

བཅས་པ་དང་། ངོ་བོ་ཉིད་དང་བཅས་པ་དང་། འཇུག་པ་དང་བཅས་པ་དང་། ཡོངས་སུ་སྨིན་པ་དང་བཅས་པ་དང་། རྟེན་དང་བཅས་པ་དང་། ཡན་ལག་དང་བཅས་པ་དང་། ཉེ་བའི་ཡན་ལག་དང་བཅས་པ་དང་། ཡོངས་སུ་འཛིན་པ་དང་བཅས་པ་ནི་རྣམ་པ་ཐམས་ཅད་

མངོན་པར་རྫོགས་པར་རྟོགས་པར་བསྟན་པ་ཡིན་ནོ། །དེ་ལ་ཡུལ་ནི་ཤེས་པའི་མཚན་ཉིད་ཀྱི་ཡུལ་གང་ཡིན་པ་དེ་ཡིན་པར་ཤེས་པར་བྱའོ། །འཇུག་པ་ནི་ཐར་པའི་ཆ་དང་མཐུན་པ་རྣམས་ཡིན་ཏེ། དེ་རྣམས་ཀྱིས་བསྟན་པ་ལ་འཇུག་པའི་ཕྱིར་རོ། །ཡོངས་སུ་སྨིན་པ་ནི་ངེས་པར་

འབྱེད་པའི་ཆ་དང་མཐུན་པ་རྣམས་ཏེ་དེ་རྣམས་ཀྱི་རྒྱུད་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར་རོ། །རྟེན་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །ཡན་ལག་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དོ། །ཉེ་བའི་ཡན་ལག་ནི་སངས་རྒྱས་ཀྱི་ཞིང་ཡོངས་

སུ་དག་པའོ། །ལྷག་མ་ནི་གོ་བར་སླ་བས་རྣམ་པར་མི་ཕྱེའོ། །ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་རྣམ་པ་སོ་སོར་ངེས་པའི་ཡུལ་ཅན་ཡིན་ཏེ།

རྣམ་པ་སོ་སོར་ངེས་པར་ཇི་སྐད་བཤད་པས་སོ། །རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་རྣམ་པ་མ་ལུས་པའི་ཡུལ་ཅན་ཡིན་ནོ། །ཞེས་བྱ་བ་འདི་ནི་ཁྱད་པར་རོ། །ཡང་ན་ཐམས་ཅད་མཁྱེན་པ་ཉིད་གསུམ་དུ་རྣམ་པར་གཞག་པ་ནི་མཚན་ཉིད་པ་ཡིན་ལ།

เล่ม ๘๐ · หน้า 163a

རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་སྦྱོར་བ་ཡིན་ནོ། །ཡང་ན་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་མི་མཐུན་པ་དང་གཉེན་པོས་རྣམ་པར་གནས་པས་རབ་ཏུ་ཕྱེ་བ་ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་ལྟ་མ་ཡིན་ཏེ། རང་

བཞིན་གྱིས་ཞི་བའི་རྣམ་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་ཁྱད་པར་གཞན་ཡིན་ནོ། །དེ་དེ་ལྟར་བྱས་ན། རྣམ་པར་སྦྱོར་བ་དང་བཅས་པ། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང་། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་

དང་། །ཞིང་དག་བླ་ན་མེད་པ་ནི། །རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། །ཞེས་གང་བརྗོད་པ་དེ་ནི་འདིར་བཤད་ཟིན་པའི་འབྲེལ་བས་ཡིན་པར་བལྟ་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་

རྟོགས་པའི་རྒྱན་ལས། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་སྐབས་དེ་བཞིན་ཉིད་ཀྱི་ལེའུ་སྟེ་བཞི་པའོ། །རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་བཤད་ཟིན་ཏོ།། །།ད་ནི་རྩེ་མོའི་མངོན་པར་རྟོགས་པ་བཤད་པར་བྱའོ། །དེ་ལ་རེ་ཞིག་

གང་གིས་འདི་མཚོན་པར་འགྱུར་བ་འདིའི་རྟགས་བརྗོད་པར་བྱ་བ་ཡིན་ལ་དེའང་རྣམ་པ་བཅུ་གཉིས་སུ་འགྱུར་བས་དེའི་ཕྱིར། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་འདོད། །ཅེས་

གསུངས་པ་ཡིན་ནོ། །དེ་ལ་རྟགས་དང་པོ་ནི་འདི་ཡིན་ནོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་རྨི་ལམ་གྱི་ནང་ནའང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་དུ་ལྟ་བ་དང་། དེ་བཞིན་དུ་སྒྲ་བརྙན་དང་། གཟུགས་བརྙན་དང་། སྨིག་རྒྱུ་དང་། སྤྲུལ་པ་དང་། སྒྱུ་མ་དང་།

དྲི་ཟའི་གྲོང་ཁྱེར་དང་འདྲ་བ་ཉིད་དུ་ཆོས་ཐམས་ཅད་ལ་ལྟ་ཞིང་མངོན་དུ་མི་བྱེད་ན་འདི་ནི་ཕྱིར་མི་ལྡོག་པའི་རྩེ་མོ་ལས་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་གང་གསུངས་པ་ཡིན་ནོ། །དོན་ཅི་ཡིན་ཞེ་ན། དེ་ལྟར་ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་

เล่ม ๘๐ · หน้า 163b

དཔས་རྣལ་འབྱོར་གྱི་ཆོས་སྒོམ་པའི་རྩེ་མོ་ཐོབ་པ་གང་ཡིན་པ་ནི་རྨི་ལམ་གྱི་ནང་ན་ཡང་འདིའི་རྣལ་འབྱོར་དང་ལྷག་མཐོང་ཡིད་ལ་བྱེད་པས་སེམས་ཅན་གྱི་ཁམས་ལ་ལྟོས་པ་དང་བཅས་པ་ཉིད་དུ་གནས་པ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ནི་དེ་ཉིད་ཉན་ཐོས་ལ་སོགས་པའི་ས་དང་

ཁམས་གསུམ་པ་དག་ལ་འདོད་པ་དང་ཕན་ཡོན་གྱི་སེམས་མི་བསྐྱེད་པར་གང་གསུངས་པ་ཡིན་ནོ། །གསུམ་པ་ནི་དེ་ཉིད་ཀྱིས་དེ་བཞིན་གཤེགས་པ་འཁོར་ཆེན་པོས་བསྐོར་བ་མཐོང་ཞིང་། དེ་དམ་པའི་ཆོས་སྟོན་པ་དང་རྗེས་སུ་མཐུན་པའི་ཆོས་ཐོབ་པ་ཞེས་བྱ་བར་གང་གསུངས་

པ་ཡིན་ནོ། །བཞི་པ་ནི་ཡང་དེ་ཉིད་ཀྱིས་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་མཐོང་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །ལྔ་པ་ནི་ཡང་དེ་ཉིད་འཇིག་པའི་གནས་ཐམས་ཅད་ལ་ཁམས་གསུམ་པ་རྨི་ལམ་དང་འདྲ་བར་ཆོས་སྟོན་པ་ཉེ་བར་བསྒྲུབ་པའི་སེམས་བསྐྱེད་པ་ཉིད་

ཀྱིས་གང་གསུངས་པ་ཡིན་ནོ། །དྲུག་པ་ནི་ཡང་དེ་ཉིད་སེམས་ཅན་དམྱལ་བ་ལ་སོགས་པ་མཐོང་ནས་རང་གི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་སྤང་བ་རྗེས་སུ་དྲན་པ་ཐོབ་པ་དང་། དེ་ཅིའི་ཕྱིར་ཞེ་ན། རྩེ་མོའི་མངོན་པར་རྟོགས་པ་ལ་འཁོར་བའི་རྨི་ལམ་དང་རྨི་ལམ་གྱི་མཐའ་གང་

ཡིན་པ་དེ་དག་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པ་ཉིད་དོ། །ཞེས་བྱ་བ་གང་གསུངས་པ་ཡིན་ནོ། །དེ་ལ་གཉིས་སུ་མེད་པ་ནི་དོན་ཏོ། །གཉིས་སུ་བྱར་མེད་པ་ནི་ལྡེམ་པོར་དགོངས་པས་གཉིས་སུ་བྱར་མི་ནུས་པ་ཉིད་ཀྱིས་སོ། །བདུན་པ་ནི་རྨི་ལམ་དང་སད་པའི་གནས་

སྐབས་དག་ཏུ་གྲོང་ཁྱེར་ལ་སོགས་པ་ཚིག་པ་ཞི་བར་བྱེད་པའི་བདེན་པའི་བྱིན་གྱི་བརླབས་གྲུབ་པས་ཕྱིར་མི་ལྡོག་པ་ཉིད་ཡིན་པ་དང་། དེའི་ཕྱོགས་གཅིག་གྲུབ་པས་ནི་སེམས་ཅན་རྣམས་ཀྱི་ཆོས་སྤང་བར་འགྱུར་བའི་ལས་བསགས་པ་ཉིད་དང་། བར་དང་བཅས་པ་དང་བར་

མེད་པར་གྲུབ་པས་ནི་སེམས་ཅན་རྣམས་ཀྱི་མཐོང་བའི་ཆོས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །བརྒྱད་པ་ནི་ཡང་མི་མ་ཡིན་པས་བྱིན་གྱིས་བརླབས་པ་རྣམས་ལ་ཕྱིར་མི་ལྡོག་པའི་བདེན་པའི་བྱིན་གྱི་བརླབས་གྲུབ་པས་དེ་འགྲོ་བ་དང་། བདུད་ཀྱི་

เล่ม ๘๐ · หน้า 164a

བྱིན་གྱི་བརླབས་ཀྱིས་སོང་བ་ན་རང་ཉིད་མངོན་པའི་ང་རྒྱལ་སྐྱེས་པས་བྱང་ཆུབ་སེམས་དཔའ་གཞན་ལ་བརྙས་པར་བྱེད་པ་དེའི་མཚན་ཉིད་ཡིན་པ་དང་། དེ་ཅིའི་ཕྱིར་ཞེ་ན། ཐབས་ལ་མཁས་པས་ཡོངས་སུ་མ་བཟུང་བ་ཉིད་ཀྱི་ཕྱིར་དང་། ཡང་བདུད་ཀྱིས་དེའི་མིང་དང་

རིགས་ལ་སོགས་པ་འབྲེལ་པ་རྣམ་པ་མང་པོ་བསྟན་པ་ལ་སླུ་བར་བྱེད་པ་ཉིད་དུ་མ་རྟོགས་པ་དང་། ཡང་བདུད་ཀྱིས་རང་གིས་བཏགས་པའི་མིང་ལ་སོགས་པས་སླུ་བ་ཉེ་བར་བསྟན་པ་ལ་བདག་གིར་བྱེད་པ་དང་། རྩ་བའི་ལྟུང་བ་བཞི་དང་མཚམས་མེད་པ་ལྔ་པས་ཀྱང་མིང་ཉེ་བར་བསྟན་པས་མངོན་

པར་རློམ་པ་ཆེས་ལྕི་བ་ཉིད་དང་། ཡང་བདུད་ཀྱིས་དབེན་པའི་ཡོན་ཏན་ཉེ་བར་སྟོན་པ་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་ལ་སོགས་པའི་སེམས་ཀྱིས་དབེན་པ་རྗེས་སུ་གནང་བ་ཞེས་བྱ་བས་གང་གསུངས་པ་ཡིན་ནོ། །དགུ་པ་ནི་ལྷག་པའི་ང་རྒྱལ་ཅན་གྱི་གང་ཟག་སྤང་བ་དང་།

རང་གི་དོན་ལ་སོགས་པའི་སྦྱོར་བ་ལ་རྗེས་སུ་བརྩོན་པ་ནི་རང་ཉིད་མངོན་པར་ཤེས་པས་ཕ་རོལ་གནོན་པ་ཉིད་དང་། དེ་རྣམས་དགེ་བའི་ཆོས་ཐམས་ཅད་ཐོབ་པའི་རྒྱུ་ཡིན་པར་ཤེས་པར་བྱེད་པའི་དོན་གྱིས་དགེ་བའི་བཤེས་གཉེན་རྣམས་ལ་བརྟེན་པར་བྱ་བ་ཉིད་དང་། དེ་རྣམས་དགེ་

བའི་ཆོས་ཐོབ་པར་བྱེད་པའི་ལམ་དུ་ཤེས་པར་འདོད་པའི་དོན་གྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་དགེ་བའི་བཤེས་གཉེན་ཡིན་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །བཅུ་པ་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འདོད་པས་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱ་སྟེ། འདི་ལས་བསླབ་པར་བྱ་བའི་ཆོས་ཐམས་ཅད་རྒྱ་ཆེར་བསྟན་པའི་ཕྱིར་རོ། །ཞེས་གང་གསུངས་པ་ཡིན་ནོ། །བཅུ་གཅིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་མཁའ་ལྟར་ཆགས་པ་མེད་པའི་དོན་གྱི་མཚན་ཉིད་ཡིན་པས།

གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་ཆགས་པ་མེད་པར་ཤེས་པར་བྱེད་པའི་དོན་དང་། གོ་རིམས་བཞིན་དུ་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་དག་དབེན་པ་དང་སྟོང་པའི་མཚན་ཉིད་ཡིན་པའི་ཕྱིར་ཆོས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་

เล่ม ๘๐ · หน้า 164b

དུ་ཡོད་པ་ཉིད་དང་། དེ་ལྟ་ན་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པར་ཐལ་བར་འགྱུར་བ་དང་། རབ་འབྱོར་འདི་ཇི་སྙམ་དུ་སེམས། སེམས་ཅན་རྣམས་ཡུན་རིང་པོ་ནས་བདག་དང་བདག་གི་ཞེས་བྱ་བ་ལ་སྤྱོད་དམ་ཞེས་བྱ་བས་དེ་གྲུབ་པ་ཡིན་ནོ། །ཞེས་

གང་གསུངས་པ་ཡིན་ནོ། །བཅུ་གཉིས་པ་ནི་དེ་ལྟར་སྤྱོད་པ་ནི་ཟིལ་གྱིས་མི་ནོན་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །རྩེ་མོའི་མངོན་པར་རྟོགས་པ་ནི་གང་གིས་མཚོན་པར་འགྱུར་བའི་རྟགས་བཤད་ཟིན་ཏོ།། །།

ད་ནི་དེའི་རྣམ་པར་འཕེལ་བ་གང་ཞིག་ཡིན་ཞེ་ན། འཛམ་བུའི་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །རྣམ་མང་དུ་ནི་དཔེར་མཛད་ནས། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་བྱ་བ་གསུངས་སོ། །དེ་ལ་རྣམ་པར་འཕེལ་བ་དང་པོ་ནི་འདི་ཡིན་

ཏེ། འཛམ་བུའི་གླིང་གི་སེམས་ཅན་གྱི་གྲངས་ཀྱི་དེ་བཞིན་གཤེགས་པ་ལ་རིམ་གྲོར་བྱ་བ་ལ་སོགས་པ་མཆོད་པ་བྱས་ཏེ་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་པ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་དག་ལ་སྟོན་པ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་མ་བྲལ་བ་དེ་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་དང་། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་པ་

ནས། དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པའི་བར་བས་ཅིག་ཤོས་ཀྱི་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དེའི་འོག་ཏུ་བྱམས་པ་དང་། སྙིང་རྗེ་དང་།

དགའ་བ་དང་། བཏང་སྙོམས་ལ་གནས་པ་ཉིད་ཡིན་པས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །གཉིས་པ་ནི། སྐྱེས་བུ་ཞིག་གིས་ནོར་བུ་རིན་པོ་ཆེ་ཆེན་པོ་རྙེད་མ་མྱོང་བ་ཞིག་རྙེད་པ་ལས་ཡང་སྟོར་བར་གྱུར་པའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཅིག་ཏུ་

เล่ม ๘๐ · หน้า 165a

གཏོད་པའི་ཡིད་ལ་བྱེད་པ་ཉིད་དང་། ཡིད་ལ་བྱེད་པ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་པའི་ཕྱིར་དེ་དག་དང་མ་བྲལ་བ་ཉིད་མེད་པར་ཐལ་བར་འགྱུར་བ་དང་། གལ་ཏེ་ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་ཅན་དང་མ་བྲལ་བ་ཡིན་ཏེ་ཞེས་བྱ་བ་ནས་བརྩམས་

ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཕེལ་བ་དང་ཡོངས་སུ་འགྲིབ་པ་བཀག་པས་མི་འབྲལ་བ་ཉིད་དུ་བསྒྲུབས་པས་གང་གསུངས་པ་ཡིན་ནོ། །གསུམ་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་འཕེལ་བའམ་

ཡོངས་སུ་འགྲིབ་པ་མེད་དེ་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། རབ་འབྱོར་བཟོད་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་ཡེ་ཤེས་ཆེན་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་འགྱུར་བ་དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་

བར་དུ་དེ་ལ་གཞོལ་བར་འགྱུར་བའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ནོ། །བཞི་པ་ནི། བཅོམ་ལྡན་འདས་ཆོས་ཐམས་ཅད་མི་སྐྱེ་བའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རམ་ཅི་ལགས།

རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། རྟོགས་པར་བྱ་བ་དང་རྟོགས་པར་བྱེད་པའི་ཆོས་ཉེ་བར་མི་དམིགས་པ་དང་། དེ་ཅིའི་ཕྱིར་ཞེ་ན། འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་རྣམ་པར་རྟོག་པ་དེ་ལྟ་བུ་ཐམས་ཅད་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རྩེ་མོའི་

མངོན་པར་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ནོ། །ལྔ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་རྣམས་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་བཀག་པས་དེ་ལ་སློབ་པའི་བསོད་ནམས་མང་པོ་ཉེ་བར་

เล่ม ๘๐ · หน้า 165b

དགོད་པའི་དོན་དང་འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་བས་ཆོས་འདི་ལ་མངོན་པར་བརྩོན་པ་དང་ལྡན་པ་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན།

དེ་འཇིག་རྟེན་ཐམས་ཅད་ན་ཉན་ཐོས་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁས་པ་ཐམས་ཅད་ཟིལ་གྱིས་མནན་ཏེ་ངེས་པར་འབྱུང་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །དྲུག་པ་ནི་དེ་ལྟར་སྤྱོད་པ་ལ་ལྷའི་ཚོགས་ཐམས་ཅད་ཉེ་བར་འདོད་པར་སེམས་པར་འགྱུར་

བ་དང་། གཞན་གྱི་གནོད་པ་བྱས་པ་རྣམས་དང་ཁམས་མི་མཉམ་པས་ཀུན་ནས་བསླང་བའི་ནད་ལ་སོགས་པ་བཀག་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །བདུན་པ་ནི་སློབ་པའི་དུས་སུ་བྱང་ཆུབ་སེམས་དཔའ་ཉན་ཐོས་ལ་སོགས་པའི་སར་ལྟུང་བ་དང་། བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ལས་གང་ཡང་རུང་བ་ཞིག་ཐོབ་པར་འགྱུར་བ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་རྣམས་ཐེ་ཚོམ་དུ་འགྱུར་བ་དང་། ཡང་དེ་རྣམས་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་བ་དང་། ཡང་

དེ་རྣམས་སྐར་མདའ་ལྟུང་བ་གཏོང་བ་ལ་སོགས་པ་སྟོན་པ་དང་། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དྲུང་དུ་བདུད་སྡིག་ཅན་ཐོ་འཚམས་པའི་བསམ་པས་འོང་བ་མ་ཡིན་ཏེ། ཞེས་བྱ་བ་ནས་བརྩམས་ཏེ། སྔོན་གྱི་ཚེ་རབས་སུ་ཆོས་འདི་ལ་ལྷག་པར་མ་མོས་པ་དང་།

དེ་ལ་ཐེ་ཚོམ་ཟ་བར་གྱུར་པ་དང་། དགེ་བའི་བཤེས་གཉེན་དང་བྲལ་བ་དང་། འཇིག་རྟེན་རྒྱང་པན་པ་ལ་སོགས་པ་དམ་པའི་ཆོས་མ་ཡིན་པ་འཛིན་པར་བྱེད་པ་དང་། དེའི་བསྔགས་པ་བརྗོད་པ་དང་། ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པས་ཅི་ཞིག་བྱ་ཞེས་ཟེར་ཞིང་རྣམ་

པར་འབྱེད་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་གཞན་ལ་བརྙས་པ་དང་། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གཞན་རྣམས་དང་ལྷན་ཅིག་འཐབ་ཅིང་མཚང་འབྲུ་བ་ལ་སོགས་པ་དང་། ལུང་མ་བསྟན་པ་ལུང་བསྟན་པ་ལ་གནོད་པར་སེམས་པ་དང་ལྡན་པ་ལ་

เล่ม ๘๐ · หน้า 166a

ནི་བདུད་ཀྱིས་གླགས་རྙེད་པར་འགྱུར་བས་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མི་གཏོང་ན་དེ་སྙེད་ཀྱི་བསྐལ་པར་དམྱལ་བར་གནས་པར་གོ་ཆ་བགོ་བར་ཁས་བླང་བ་ཉིད་དང་། སྔར་བསྟན་པའི་ལྟུང་བ་སྡོམ་པ་དང་ལྡན་པ་ནི་ལུས་ཀྱི་སྒྲིབ་པ་དེ་ལས་ལྡང་

བ་ཉིད་དུ་གང་གསུངས་པ་ཡིན་ནོ། །བརྒྱད་པ་ནི་སྟོན་པ་ལ་ཇི་ལྟ་བ་བཞིན་དུ་ཐེག་པ་མཚུངས་པ་རྣམས་ལ་གནས་པར་བྱེད་པའི་ཕྱིར་བསླབ་པ་མཉམ་པ་ཉིད་དང་། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་

ཞེས་བྱ་བ་ནས། བྱང་ཆུབ་ནི་བྱང་ཆུབ་ཀྱིས་སྟོང་ངོ་ཞེས་བྱ་བའི་བར་གྱིས་བསླབ་པ་མཉམ་པ་ཉིད་ཀྱི་ཡུལ་ཉེ་བར་དགོད་པས་གང་གསུངས་པ་ཡིན་ནོ། །དགུ་པ་ནི། བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་བས་པར་བགྱི་བའི་སླད་དུ་སློབ་ན་

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། གང་གི་བསམ་གཏན་ལ་སོགས་པ་ལ་ཡང་སྙོམས་པར་འཇུག་ལ་དེ་དག་གི་དབང་གིས་སྐྱེ་བར་ཡང་མི་འགྱུར་བའི་ཐབས་མཁས་པ་འདི་ལ་ཡོད་པའི་ཕྱིར་རོ། །ཞེས་བྱ་བས་

ཡོངས་སུ་དག་པའི་བསླབ་པ་བརྗོད་པས་བསླབ་པ་རྣམ་པར་འཕེལ་བའི་ཁྱད་པར་ཤེས་པར་བྱེད་པའི་དོན་དང་། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་དེ་མི་འཐད་པ་དང་། སོ་སོའི་སྐྱེ་བོ་རྣམས་ཀྱིས་དེ་ལྟར་མ་ཤེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་ལ་སློབ་པ་གང་ཡིན་པ་འཐད་པས་གང་གསུངས་པ་ཡིན་ནོ། །བཅུ་པ་ནི། གསེར་ས་ལེ་སྦྲམ་འབྱུང་བའི་གནས་ཉུང་བའི་དཔེས་སངས་རྒྱས་ཀྱི་རིགས་རྩེ་མོའི་མངོན་པར་རྟོགས་པ་མངོན་པར་འཕེལ་བ་ཐོབ་པར་ཉུང་བ་ཉིད་ཡིན་པར་ཤེས་པར་བྱེད་པའི་དོན་གྱིས་

གང་གསུངས་པ་ཡིན་ནོ། །བཅུ་གཅིག་པ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ལས་ཡང་དག་པར་བླངས་ཏེ་གནས་པའི་སེམས་ཅན་ཉུང་བའི་དཔེས་རྩེ་མོའི་མངོན་པར་རྟོགས་པའི་འབྲས་བུ་སངས་རྒྱས་ཉིད་ཐོབ་པ་རྙེད་པ་ནི་ཆེས་ཉུང་བ་ཉིད་དུ་ཤེས་པར་བྱེད་པའི་དོན་གྱིས་

เล่ม ๘๐ · หน้า 166b

གང་གསུངས་པ་ཡིན་ནོ། །བཅུ་གཉིས་པ་ནི། ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མི་མཐུན་པའི་ཕྱོགས་ཀྱི་སེམས་མི་སྐྱེ་བ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །བཅུ་གསུམ་པ་ནི། ཡང་གཟུགས་ལ་སོགས་པ་དང་ལྡན་པའི་སེམས་མི་སྐྱེད་པ་དང་། དེ་ཅིའི་ཕྱིར་ཞེ་ན། རྩེ་མོའི་

མངོན་པར་རྟོགས་པའི་མཚན་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ལ་དམིགས་སུ་མེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །བཅུ་བཞི་པ་ནི། འཇིག་ཚོགས་ལ་ལྟ་བའི་དཔེས། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །བཅོ་ལྔ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པའི་རྒྱུ་ཉིད་དུ་གང་གསུངས་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་དེ་ཉན་ཐོས་དང་རང་སངས་རྒྱས་

སུ་ཡང་འགྱུར་རོ་ཞེ་ན། དེའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་ཤེས་པ་དང་། མཐོང་བས་རྣམ་པར་བལྟས་ནས་འདའ་བར་བྱ་སྟེ་ཞེས་གསུངས་ཏེ། རྗེས་སུ་དཔག་པའི་ཤེས་པ་བསལ་བའི་དོན་དུ་མཐོང་བ་ཞེས་སྨོས་པ་ཡིན་ལ། འཁྲུལ་པའི་མཐོང་བ་

བསལ་བའི་དོན་དུ་ཤེས་པ་ཞེས་སྨོས་པ་ཡིན་ཏེ། ཤེས་པ་དང་མཐོང་བའི་ཚིག་གིས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དག་ལ་ནི་བྱང་ཆུབ་སེམས་དཔའ་སྒོམ་པའི་ལམ་ཡོད་པ་མ་ཡིན་པར་ཤེས་པར་བྱ་བའི་དོན་ཏོ། །ཡང་རྒྱུ་ཅི་ཞིག་གི་ཕྱིར་དེ་ལ་འདིའི་སྒོམ་པའི་ལམ་བཀག་

ཅེ་ན། རྒྱུན་ཏུ་ཞུགས་པ་ནས། རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཏེ། གཞན་གཙོར་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདའ་བར་བྱ་བ་ཡང་རྣམ་པ་ཐམས་ཅད་མངོན་པར་

རྟོགས་པ་ལ་འཇུག་པའོ། །རྣམ་པར་འཕེལ་བ་བཅུ་དྲུག་པ་ནི། གལ་ཏེ་ཡང་འདི་སྙམ་དུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནས་བརྩམས་ཏེ། དེའི་ཡུལ་གྱི་རྣམ་པར་རྟོག་པ་བཀག་པ་ལ་སློབ་པ་རྗེས་སུ་གནང་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་

เล่ม ๘๐ · หน้า 167a

ཉེ་བར་གྱུར་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །གང་གིས་དེ་རྣམ་པར་འཕེལ་བར་འགྱུར་བའི་རྩེ་མོའི་མངོན་པར་རྟོགས་པའི་རྣམ་པར་འཕེལ་བ་བཤད་ཟིན་ཏོ།། །།ད་ནི་རང་གི་བདག་ཉིད་དུ་གྱུར་པའི་ཕྱིར་ན་ཇི་ལྟར་འདིའི་ངེས་པར་བསྟན་པར་འགྱུར་

བའི་རྣམ་པ་བརྗོད་པར་བྱ་བ་ཡིན་ཏེ། དེས་ན། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་གཏོང་བ། །བསྟན་པ་ཞེས་ནི་མངོན་པར་བརྗོད། །ཅེས་བྱ་བ་གསུངས་ཏེ། འདི་ལ་རེ་ཞིག་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པས་ཀྱང་སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པས་ལྟ་ཅི་སྨོས་ཞེས་

བྱ་བ་ནས། དེ་དག་ནི་འདོད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་བར་གྱིས་རྩེ་མོའི་མངོན་པར་རྟོགས་པའི་ངེས་པར་བསྟན་པའི་གནས་སྐབས་ཐོབ་པ་ནི་རྙེད་དཀའ་བར་ཤེས་པར་བྱེད་པའི་དོན་གྱིས་བསྟན་པ་དང་། མེ་ཏོག་མན་ད་ར་བ་ཉེ་བར་གཏོར་བ་དང་། མངོན་དུ་ཕྱོགས་ཏེ་གཏོར་བ་

དང་། རབ་ཏུ་ཁྱབ་པར་གཏོར་བ་ལས་མཆོད་པའི་དགེ་བའི་རྩ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་ཡོངས་སུ་བསྔོ་བ་བསྟན་པའི་ཚིག་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་དང་། རང་བྱུང་གི་ཆོས་རྣམས་དང་།

ཟག་པ་མེད་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་པ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་རྫོགས་པར་བསྔོ་བ་དེ་བཤད་པས་གང་གསུངས་པ་ཡིན་ནོ། །ཇི་ལྟར་ན་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་ཡིན་ཞེ་ན། དེ་ལྟ་བུའི་རྟོགས་པ་དང་ལྡན་པའི་

གནས་སྐབས་སུ་མྱ་ངན་ལས་འདའ་བར་ལྟུང་བ་སྤང་བའི་ཕྱིར། སྙིང་རྗེ་ཆེན་པོ་ལ་མངོན་དུ་ཕྱོགས་པའི་བསམ་པས་སེམས་ཅན་མ་བརྒལ་བ་བསྒྲལ་བ་ལ་སོགས་པའི་སེམས་བསྐྱེད་པ་དང་། ཇི་ལྟར་སྲིད་པར་རྣམ་པར་རྟོག་པ་རྣམ་པ་བཞིའི་གཉེན་པོར་མཐོང་བ་དང་སྒོམ་

เล่ม ๘๐ · หน้า 167b

པའི་ལམ་དག་གི་རྟོགས་པ་པོ་རྣམ་པ་བཞི་བསྙད་པའི་ཕྱིར་ན་ཐེག་པ་ལ་གསར་དུ་ཞུགས་པ་དང་། སྤྱོད་པ་ལ་ཞུགས་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བྱ་བ་རྣམ་པ་བཞི་པོ་དེ་བསྟན་པས་གང་གསུངས་པ་ཡིན་ནོ། །ད་ནི་ཏིང་ངེ་འཛིན་རྣམས་

བཤད་པར་བྱ་བ་ཡིན་པས། གླིང་བཞི་པ་དང་སྟོང་དག་དང་། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། རྗེས་སུ་ཡི་རང་བའི་བསོད་ནམས་མང་པོ་ལས་

བརྩམས་ཏེ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དང་། དེ་བཞིན་དུ་སྟོང་དང་སྟོང་གཉིས་པ་སྲང་ལ་གཞལ་བས་ཚད་བཟུང་བའི་དཔེ་དང་། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོ་ཇི་སྙེད་ཡོད་པ་དེ་དག་སྐྲའི་

རྩེ་མོ་བརྒྱར་གཤགས་པའི་ཆ་གཅིག་གིས་ཆུའི་ཐིགས་པ་བླངས་པའི་ཚད་བཟུང་བའི་དཔེས། དེ་དག་གིས་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་མང་བ་ཉིད་དང་། སེམས་བསྐྱེད་པ་འདི་དག་དང་ལྡན་པ་དག་ནི་གང་དང་གང་དུ་སྐྱེ་བ་དེ་དང་དེ་དག་ཏུ་

ཞེས་བྱ་བ་ནས་བརྩམས་ཏེ། ཅི་ནས་ཀྱང་སེམས་དེ་ལ་ཡང་མ་ཡིན་ཞིང་སེམས་གཞན་ལ་ཡང་མ་ཡིན་པ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་ཕན་ཡོན་རྣམ་པ་མང་པོ་སྟོན་པས་གང་གསུངས་པ་ཡིན་ནོ། །རྟགས་ལ་སོགས་པ་དག་ནི་རིམ་པ་ཇི་ལྟ་བ་བཞིན་དྲོ་བ་ལ་སོགས་

པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་རང་བཞིན་གྱི་མཚན་ཉིད་ཅན་ཡིན་པར་ཤེས་པར་བྱའོ།། །།ད་ནི་མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་བཞི་པོ་གཉེན་པོ་དང་བཅས་པ་བརྗོད་པར་བྱ་བ་ཡིན་པ་དེས་ན། འཇུག་

པ་དང་ནི་ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་དེང་། །དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཅེས་བྱ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་རྣམ་པ་གཉིས་ལས། དང་པོ་འཇུག་པའི་ཕྱོགས་ཀྱི་ཡུལ་མཐའ་དག་

เล่ม ๘๐ · หน้า 168a

ལ་བརྟེན་པ་ནི་གཉིས་དང་གཉིས་མ་ཡིན་པའི་འདུ་ཤེས་དང་བྲལ་བ་རྣམས་ཀྱི་སེམས་བསྐྱེད་པ་རྣམ་པ་དེ་ལྟ་བུ་ལ་རྗེས་སུ་ཡི་རང་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ངེས་པར་སྦྱོར་བས་གང་གསུངས་པ་ཡིན་ནོ། །གཉིས་པ་

ལྡོག་པའི་ཕྱོགས་མཐའ་དག་ལ་བརྟེན་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའོ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རྣམ་པར་མི་རྟོག་པའི་ཆོས་མངོན་པར་རྫོགས་པར་འཚང་རྒྱའོ་

ཞེས་བྱ་བའི་བར་གྱིས་རྣམ་པར་བྱང་བའི་ཡུལ་གྱི་རྣམ་པར་རྟོག་པ་བཀག་པས་གང་གསུངས་པ་ཡིན་ནོ། །ཡང་རྒྱུ་ཅི་ཞིག་གིས་ན་འདི་དག་ལ་རྣམ་པར་རྟོག་པ་ཞེས་བརྗོད་ཅེ་ན། གང་གི་ཕྱིར་ཡུལ་ཇི་ལྟ་བ་མ་ཡིན་པའི་བདག་ཉིད་ཅན་དག་ནི་ལོག་པའི་རྣམ་པར་རྟོག་པ་ཡིན་པས་

ན་རྣམ་པར་རྟོག་པ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །འཛིན་པའི་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཡིན་པ་དེས་ན། སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་རྟགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །དེ་དག་སོ་སོར་དགུ་བདག་ཉིད། །ཅེས་

གསུངས་སོ། །དེ་ལ་སོ་སོའི་སྐྱེ་བོ་རྣམ་པར་རྟོག་པ་དང་པོ་སྐྱེས་བུ་རྫས་སུ་ཡོད་པ་ལ་བརྟེན་པ་ནི། ཀྱེ་མ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྙིང་པོ་ལ་སྤྱོད་པ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་ཀྱི་བར་དུ་དབེན་པའི་ཕྱིར། དེ་ལ་མི་སྐྲག་པ་དང་མི་ཞུམ་པ་ལ་སོགས་པ་རྣམས་ཀྱིས་སྐྱེས་བུ་ལ་བརྟེན་པའི་རྣམ་པར་རྟོག་པ་བཀག་པས་གང་གསུངས་པ་ཡིན་ནོ། །ཆོས་ཐམས་ཅད་བདག་མེད་པ་ཡིན་ནོ་ཞེས་ཆོས་དེ་ལྟ་བུ་རྣམས་སོ་སོའི་སྐྱེ་བོས་ཀྱང་རྟོགས་པ་མ་

ཡིན་ནམ། དེས་ན་འཛིན་པའི་རྣམ་པར་རྟོག་པ་དང་པོའི་རྣམ་པར་གཞག་པ་ནི་མ་ཁྱབ་པར་འགྱུར་རོ་ཞེ་ན། དེ་དག་གི་དེ་ནི་མོས་པ་ཡིད་ལ་བྱེད་པ་ཡིན་ལ། འདིར་ནི་དེ་ཁོ་ན་ཡིད་ལ་བྱེད་པ་བརྗོད་པར་འདོད་པ་ཡིན་པས་སྙིང་པོ་མེད་དོ། །གཉིས་པ་འཕགས་པའི་གང་ཟག་གི་འཛིན་པའི་

เล่ม ๘๐ · หน้า 168b

རྣམ་པར་རྟོག་པ་སྐྱེས་བུ་བཏགས་པར་ཡོད་པ་ལ་བརྟེན་པ་ནི་སེམས་མི་ཞུམ་པ་དེའི་རྒྱུ་དྲིས་པ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནས་བརྩམས་ཏེ། གང་དུ་སྐྱེ་བ་དང་། གནས་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་ལ་སོགས་པ་ཉེ་བར་མི་

དམིགས་པ་དེ་ལ་སུ་ཞིག་གནས་པར་འགྱུར་བའམ། གནས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཆོས་སྟོན་པར་འགྱུར་ཞེས་བྱ་བས་འཕགས་པའི་གང་ཟག་ཐམས་ཅད་བཀག་པས་གང་གསུངས་པ་ཡིན་ནོ། །འཕགས་

པ་ལ་ཡང་འདི་ལྟ་བུ་ཡོད་པ་ཡིན་ཏེ། དགེ་སློང་དག་མཚན་མོ་འདས་ནས་ནང་པར་གྱི་དུས་སུ་ངས་སྲོག་ཆགས་ཅེ་སྤྱང་སྐད་འབྱིན་པའི་སྒྲ་ཐོས་སོ་ཞེས་བྱ་བ་དང་། དེ་བཞིན་དུ་དེའི་ཚེ་དེའི་དུས་སུ་རི་དགས་ཀྱི་རྒྱལ་པོ་སེང་གེ་ཡན་ལག་མ་སྨད་པ་ཞེས་བྱ་བར་གྱུར་ཏོ་ཞེས་གསུངས་པ་མ་ཡིན་

ནམ། དེས་ན་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པར་གཞག་པ་མ་ཁྱབ་པར་འགྱུར་རོ་ཞེ་ན། དེའི་ཚིག་དེ་ནི་ཐ་སྙད་པ་ཡིན་གྱི། དོན་དམ་པ་ནི་མ་ཡིན་པ་དེས་ན་སྙིང་པོ་མེད་དོ། །ཡང་ཅིའི་ཕྱིར་འདི་དག་ལ་རྣམ་པར་རྟོག་པ་ཞེས་བརྗོད་ཅེ་ན། གང་གི་ཕྱིར། གལ་ཏེ་གཟུང་

དོན་དེ་བཞིན་མེད། །དེ་དག་གང་གི་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་པའི་མཚན་ཉིད་དོ། །དེ་ལྟར་ན་རྣམ་པར་རྟོག་པ་འདི་བཞི་ཆར་ཡང་རེ་རེ་ཞིང་རྣམ་པ་དགུར་ཤེས་པར་བྱའོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུ་པོ་གང་ཡིན་ཞེ་ན། ངོ་བོ་

ཉིད་དང་རིགས་དང་ནི། །ལམ་ནི་ཡང་དག་འགྲུབ་པ་དང་། །ཤེས་པའི་དམིགས་པ་མ་འཁྲུལ་དང་། །མི་མཐུན་ཕྱོགས་དང་གཉེན་པོ་དང་། །རང་གི་རྟོགས་དང་བྱེད་པ་དང་། །དེ་ཡི་ལས་བྱའི་འབྲས་བུ་ལ། །འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། །རྣམ་རྟོག་དེ་ནི་རྣམ་དགུར་

འདོད། །ཅེས་བྱ་བ་གསུངས་སོ། །དེ་ལ་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ནི། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་ལྟ་བུའི་སེམས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ་བ་ནས་བརྩམས་ཏེ། ཇི་ལྟར་ན་དབེན་པས་དབེན་པ་རྗེས་སུ་རྟོགས་པར་འགྱུར་ལགས། ཞེས་

เล่ม ๘๐ · หน้า 169a

བྱ་བའི་བར་གྱིས་འཚང་རྒྱ་བ་མི་འཐད་པ་དང་། རབ་འབྱོར་དེ་དེ་བཞིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་ཀྱི་བར་དུ་དབེན་པར་མ་གྱུར་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེའི་མཚན་ཉིད་ཅན་ཡིན་པར་བསྟན་པའི་ཕྱིར་དེ་ལྟར་སྤྱོད་པ་ནི་དོན་ཟབ་མོ་

ལ་སྤྱོད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །རིགས་ཀྱི་རྣམ་པར་རྟོག་པ་ནི་ཡང་ནམ་མཁའི་དཔེས་རིགས་སུ་རྣམ་པར་རྟོག་པ་བསལ་བར་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཡང་དག་པར་འགྲུབ་པའི་རྣམ་པར་རྟོག་པ་ནི། ཡང་སྒྱུ་མའི་སྐྱེས་བུའི་དཔེས་སྒྲུབ་

པ་ལ་ཡང་དག་པར་འགྲུབ་པའི་རྣམ་པར་རྟོག་པ་བཀག་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །དམིགས་པའི་རྣམ་པར་རྟོག་པ་ནི་ཡང་མིག་ཡོར་གྱི་དཔེས་དམིགས་པའི་རྣམ་པར་རྟོག་པ་བསལ་བའི་དོན་གྱིས་གང་གསུངས་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་དང་གཉེན་པོའི་

རྣམ་པར་རྟོག་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་རྣམ་པར་རྟོག་པ་མེད་པའི་དཔེས། གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་བསལ་བའི་དོན་གྱིས་གང་གསུངས་པ་ཡིན་ནོ། །རང་གི་རྟོགས་པའི་རྣམ་པར་རྟོག་པ་ནི། ཡང་དེའི་དཔེས་རང་གི་

རྟོགས་པའི་རྣམ་པར་རྟོག་པ་བཀག་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །བྱེད་པའི་རྣམ་པར་རྟོག་པ་ནི་ཡང་དེའི་སྤྲུལ་པའི་དཔེས་སྤྲུལ་པའི་རིགས་བརྒྱུད་ཀྱི་བྱེད་པ་པོར་རྣམ་པར་རྟོག་པ་བསལ་བའི་དོན་གྱིས་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་རིང་བ་དང་ཉེ་བར་

བཀག་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ལས་ཀྱི་རྣམ་པར་རྟོག་པ་ནི། ཡང་དེ་བཞིན་གཤེགས་པའི་སྤྲུལ་པའི་བྱ་བའི་དཔེས་ལས་ཀྱི་རྣམ་པར་རྟོག་པ་དག་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །བྱ་བ་འབྲས་བུ་དང་བཅས་པའི་རྣམ་པར་རྟོག་པ་ནི། ཡང་ཤིང་གི་

เล่ม ๘๐ · หน้า 169b

འཁྲུལ་འཁོར་གྱི་དཔེས་བྱ་བ་འབྲས་བུ་དང་བཅས་པའི་རྣམ་པར་རྟོག་པ་བསལ་བའི་དོན་གྱིས་གང་གསུངས་པ་ཡིན་ནོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །རྟོག་པ་དམན་པ་ཉིད་དང་ནི། །ཡོངས་སུ་

འཛིན་པ་མེད་པ་དང་། །ལམ་གྱི་རྣམ་པ་མ་ཚང་དང་། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང་། །ཆེད་དུ་བྱ་བ་ལོག་པ་དང་། །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་ལ་རྨོངས་པ་དང་། །རྗེས་སུ་འགྲོ་ཞེས་བྱ་བ་ལ། །རྣམ་རྟོག་དགུ་ཡི་བདག་ཉིད་འདི། །ལྡོག་

པའི་ཕྱོགས་ཀྱི་རྟེན་ཅན་ཏེ། །ཉན་ཐོས་ལ་སོགས་ཡིད་ལ་འབྱུང་། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་རུང་བ་ཞིག་ཏུ་ལྟུང་བ་ཉིད་ཀྱིས་རྟོགས་པ་དམན་པའི་རྣམ་པར་རྟོག་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མ་དང་

ཟླ་བའི་དཀྱིལ་འཁོར་ནི་གླིང་བཞིར་ལས་བྱེད་ཅིང་རྗེས་སུ་འགྲོའོ་ཞེས་བྱ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་དང་སྙིང་རྗེ་དག་གིས་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་རྣམས་ལ་འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་རུང་བར་མི་ལྟུང་བར་བྱེད་པ་ཉིད་དང་། འཁོར་ལོས་སྒྱུར་བའི་

དཔེས་རྟོག་པ་མ་ལུས་པ་ལ་དབང་བྱེད་པའི་ཡུལ་དུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཡོངས་སུ་འཛིན་པ་མེད་པའི་རྣམ་པར་རྟོག་པ་ནི་ཡང་གཞན་གྱིས་ཡོངས་སུ་གཟུང་བའི་བུད་མེད་ཀྱི་དཔེས་ཡོངས་སུ་འཛིན་པའི་ཁྱད་པར་ཤེས་པར་བྱེད་པའི་དོན་གྱིས་

གང་གསུངས་པ་ཡིན་ནོ། །སྒྲུབ་པ་མ་ཚང་བའི་རྣམ་པར་རྟོག་པ་ནི་ཡང་གཡུལ་དུ་ཞུགས་པའི་མི་དཔའ་བོའི་དཔེས་སྒྲུབ་པའི་ཁྱད་པར་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །གཞན་གྱི་རྐྱེན་གྱིས་འགྲོ་བ་ཉིད་ཀྱི་རྣམ་པར་རྟོག་པ་ནི་ཡང་འཁོར་ལོས་སྒྱུར་བའི་རྒྱལ་

པོའི་རྗེས་སུ་བྱེད་པའི་དཔེས་རྟོགས་པ་ལ་རང་དབང་དུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཆེད་དུ་བྱ་བ་ལོག་པའི་རྣམ་པར་རྟོག་པ་ནི་ཡང་ཆུ་ཀླུང་ཕྲ་མོ་རྣམས་གངྒཱའི་ཆུ་དང་ལྷན་ཅིག་རྒྱ་མཚོ་ཆེན་པོར་འགྲོ་བའི་དཔེས་དེད་དཔོན་གྱི་གཙོ་བོ་དང་ལྷན་ཅིག་ཏུ་འགྲོ་

เล่ม ๘๐ · หน้า 170a

བའི་ཚུལ་གྱིས་ཕྱིར་མི་ལྡོག་པར་འགྲོ་བ་ནི་ཐེག་པ་གཞན་གྱིས་འགྲོ་བ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆེད་དུ་བྱ་བ་ལས་ཡོངས་སུ་མ་ཉམས་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཉི་ཚེ་བ་བྱེད་པའི་རྣམ་པར་རྟོག་པ་ནི། སྐྱེས་

བུའི་ལག་པ་གཡས་པ་དང་གཡོན་པའི་དཔེས་ཉི་ཚེ་བ་མ་ཡིན་པ་དང་ཉི་ཚེ་བའི་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །རྟོགས་པ་ཐ་དད་པའི་རྣམ་པར་རྟོག་པ་ནི། ཡང་ཆུ་ཀླུང་ཕྲ་མོ་དང་ཆུ་ཀླུང་ཆེན་པོའི་ཆུ་རྣམས་རྒྱ་མཚོ་ཆེན་པོར་ཕྱིན་ན་རོ་གཅིག་པར་གྱུར་པའི་དཔེས་ཕ་

རོལ་ཏུ་ཕྱིན་པ་ལྔ་དེའི་བདག་ཉིད་ཅན་དུ་འགྱུར་བར་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །གནས་པ་དང་འཇུག་པ་མི་ཤེས་པའི་རྣམ་པར་རྟོག་པ་ནི། ཡང་འཁོར་ལོ་རིན་པོ་ཆེ་གནས་པ་དང་འགྲོ་བའི་དཔེས། ཕ་རོལ་ཏུ་ཕྱིན་པའི་ལྔ་པོ་རྣམས་ཀྱི་གནས་པ་

དང་འགྲོ་བ་དག་དེའི་རྗེས་སུ་བྱེད་པ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །རྗེས་ལ་འགྲོ་བའི་རྣམ་པར་རྟོག་པ་ནི། ཡང་དེ་ཉིད་དཔུང་གི་ཚོགས་ཀྱི་མདུན་དུ་འགྲོ་བའི་དཔེས། དེའི་རྗེས་སུ་འབྲང་བར་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །

གལ་ཏེ་དེ་ལྟ་ཡིན་ན་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱི་སྟོང་པ་ཉིད་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་མེད་པར་བརྩད་པ་དང་། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་

སྤྱོད་པའི་ཚེ། འདི་སྙམ་དུ་ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་ཞུགས་པར་རྣམ་པ་གཞན་གྱིས་སེམས་ཅན་ཡོངས་སུ་སྨིན་པར་མི་ནུས་སོ་ཞེས་བྱ་བའི་བར་དང་། དོན་གྱི་

དབང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བྱ་བས་དེ་སྤངས་པ་དང་། ཐམས་ཅད་ཐ་དད་དུ་བྱ་བ་ཉིད་མེད་པས་གཅིག་གཙོ་བོར་གྱུར་པ་མེད་པར་བརྩད་པ་དང་། ལུས་ཐ་དད་པ་རྣམས་རིའི་རྒྱལ་པོ་རི་རབ་ཀྱི་དྲུང་དུ་ཕྱིན་པའི་དཔེས་ལྔ་པོ་རྣམས་དང་དེའང་

เล่ม ๘๐ · หน้า 170b

མདོག་གཅིག་པ་ཉིད་ཀྱིས་དེར་གྱུར་པ་གཙོ་བོར་འཐད་པས་དེ་སྤངས་པ་དང་། ཡང་རིའི་རྒྱལ་པོ་རི་རབ་ཀྱི་དཔེ་ཚད་མ་ཡིན་པར་ཤེས་པར་བྱེད་པའི་དོན་གྱི་རྗེས་སུ་ཞུགས་པ་ལ་ཁྱད་པར་རབ་ཏུ་ཤེས་པ་མེད་པའི་ཕྱིར་དེ་གཙོ་བོར་གྱུར་པ་མེད་པར་བརྩད་པ་སྟེ། དོན་གྱི་རྗེས་སུ་

ཞུགས་པ་ལ་ཁྱད་པར་རབ་ཏུ་ཞུགས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་དོན་དམ་པ་རྟོགས་པ་ལ་ཁྱད་པར་གྱི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་དང་། འཇིག་རྟེན་གྱི་ཐ་སྙད་དང་བརྡ་ཙམ་གྱིས་ཞེས་བྱ་བ་ནས་བརྩམས་ཏེ། བུད་མེད་རིན་པོ་ཆེའི་དཔེས་དགེ་བའི་ཆོས་ཐམས་ཅད་

བཟུང་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་མི་གནས་པའི་ཚུལ་གྱིས་གནས་པར་འགྱུར་བའི་བསམ་པས་མཆོག་ཉིད་ཡིན་པར་འཐད་པའི་ལན་གསུངས་པ་ཡིན་ནོ། །ད་ནི་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་གཉིས་པོ་རེ་རེ་ཞིང་དབྱེ་བ་རྣམ་པ་དགུར་འགྱུར་བ་བརྗོད་པར་

བྱའོ། །དེ་ལ་རེ་ཞིག །འཛིན་པ་དང་ནི་འདོར་བ་དང་། །ཡིད་ལ་བྱེད་དང་ཁམས་རྣམས་ནི། །གསུམ་པ་ཉེ་བར་འབྲེལ་པ་དང་། །གནས་དང་མངོན་པར་ཞེན་པ་དང་། །ཆོས་ཀྱི་དངོས་པོར་བཏགས་པ་དང་། །ཆགས་པ་དང་ནི་གཉེན་པོ་དང་། །ཇི་ལྟར་འདོད་བཞིན་འགྲོ་

ཉམས་ལ། །འཛིན་པ་དང་པོར་ཤེས་པར་བྱ། །ཞེས་བྱ་བ་ལ། དེ་ལ་འཛིན་པ་དང་འདོར་བའི་རྣམ་པར་རྟོག་པ་ནི། བཅོམ་ལྡན་འདས་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་གང་ཡོངས་སུ་འཛིན་པ་དང་། གཏོང་བར་བགྱིད་པ་ལགས་སམ་ཞེས་བྱ་བ་གང་གསུངས་པ་

ཡིན་ནོ། །ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་ནི། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡིད་ལ་མི་བྱེད་པའི་ཕྱིར་ན་ཡོངས་སུ་མ་བཟུང་བ་བཏང་བ་ཉིད་ཀྱིས་ཡིད་ལ་མི་བྱེད་པའི་དགེ་བའི་རྩ་བ་རྣམས་རྣམ་པར་འཕེལ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་མེད་པར་ཐལ་བར་འགྱུར་བར་གང་གསུངས་པ་དང་། རབ་འབྱོར་གང་གི་ཚེ་གཟུགས་ཡིད་ལ་བྱེད་པར་མི་འགྱུར་ཞེས་བྱ་བ་ནས་བརྩམས་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་རྣམ་པར་འཕེལ་ཞིང་རྣམ་པ་ཐམས་ཅད་མཁྱེན་

เล่ม ๘๐ · หน้า 171a

པ་ཉིད་ཀྱི་བར་རྗེས་སུ་འཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་ལ་མི་བྱེད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་འཐད་པའི་ལན་གྱིས་གང་གསུངས་པ་ཡིན་ནོ། །ཁམས་གསུམ་

པ་ཐམས་ཅད་དང་འབྲེལ་པའི་རྣམ་པར་རྟོག་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་བྱ་བས་ཡིད་ལ་མི་བྱེད་པ་ཁམས་གསུམ་དང་མ་འབྲེལ་པའི་རྒྱུ་ཉིད་དུ་གང་གསུངས་པ་ཡིན་ནོ། །གནས་པའི་རྣམ་པར་རྟོག་པ་ནི་དེ་ལྟར་སྤྱོད་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་

བར་ལ་མི་གནས་པར་གང་གསུངས་པ་ཡིན་ནོ། །དངོས་པོ་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་བྱ་བས་མངོན་པར་ཞེན་པ་མེད་པ་ནི་དེ་ལ་མི་གནས་པའི་རྒྱུ་ཉིད་དུ་གང་གསུངས་པ་ཡིན་ནོ། །དངོས་པོ་བརྟགས་པའི་རྣམ་པར་རྟོག་པ་

ནི། གལ་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་འདི་སྙམ་དུ་གང་དེ་ལྟར་སྒོམ་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་ནི་མཐོང་བའི་ཆོས་ཀྱང་འདོགས་པར་མི་མཛད་ན་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ཏེ། དེ་བཞིན་

གཤེགས་པས་ཐུགས་སུ་ཆུད་པ་ནི་རྗོད་པ་དང་བརྗོད་པར་བྱ་བར་བཏགས་པས་རབ་ཏུ་ཕྱེ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཅིའི་ཕྱིར་ཆོས་འགའ་ཞིག་མངོན་པར་རྫོགས་པར་སངས་རྒྱས་པ་མེད་ཅེ་ན། གང་དངོས་པོར་གྱུར་པ་ཞེས་བྱ་བའི་དོན་ཏེ། དེ་ལྟར་མངོན་

པར་ཞེན་པ་སྤྱོད་པ་རིང་དུ་བྱེད་ཅིང་ཉམས་པར་གསུངས་པས་མངོན་པར་ཞེན་པ་མེད་པ་གཙོ་བོར་ཤེས་པར་བྱེད་པའི་དོན་གྱིས་ཡིན་ནོ། །ཆགས་པའི་རྣམ་པར་རྟོག་པ་ནི་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྦྱིན་པ་ལ་

སོགས་པའི་སྐྱོན་འདི་དག་མ་མཆིས་པར་འགྱུར་བ་ལགས་ཞེས་བྱ་བ་དང་། རབ་འབྱོར་གང་གི་ཚེ་ཆོས་ཐམས་ཅད་ནི་ཆགས་པ་མེད་པ་དང་ཡོངས་སུ་གཟུང་བ་མེད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །གཉེན་པོའི་རྣམ་པར་རྟོག་པ་ནི་གཉེན་པོ་དང་ལྡན་པའི་ཆོས་

เล่ม ๘๐ · หน้า 171b

དང་དེའི་དམིགས་པ་མཉམ་པ་ཉིད་ཀྱི་དབང་དུ་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང་མ་བྲལ་བ་ཉིད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་རྣམས་དེ་དང་མ་བྲལ་བ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ཉམས་པའི་རྣམ་པར་རྟོག་པ་ནི་

དམིགས་པར་བྱ་བ་དང་དམིགས་པ་པོ་དག་ཐ་དད་པ་མེད་པ་ཡིན་ན་མངོན་པར་རྟོགས་པ་མངོན་པར་སྒྲུབ་པ་མེད་པར་ཐལ་བ་དང་། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཞེས་བྱ་བའམ། འདི་ནི་གཟུགས་སོ། །འདིའི་གཟུགས་སོ་ཞེས་

མངོན་པར་ཆགས་པ་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་ལྟར་འདོད་པར་འགྲོ་བའི་དཔེས་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ནི་ཉན་ཐོས་ལ་སོགས་པའི་ལམ་དུ་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་མ་ཡིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་བས་གཞན་

གྱི་དབང་ཡིན་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ད་ནི་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་དགུ་པོ་གཉིས་པ་བརྗོད་པར་བྱ་བ་ཡིན་ཏེ། དེས་ན། ཆེད་བཞིན་ངེས་པར་མི་འབྱུང་དང་། །ལམ་དང་ལམ་མིན་ངེས་འཛིན་དང་། །འགག་དང་བཅས་པའི་སྐྱེ་བ་དང་། །དངོས་པོ་

ལྡན་དང་མི་ལྡན་དང་། །གནས་དང་རིགས་ནི་འཛིན་པ་དང་། །དོན་དུ་གཉེར་དང་རྒྱུ་མེད་དང་། །ཕྱིར་རྒོལ་བ་ནི་དམིགས་པ་དང་། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་དུ་ངེས་པར་མི་འབྱུང་བའི་རྣམ་པར་རྟོག་

པ་ནི་འཁོར་ལོས་སྒྱུར་བའི་དཔེས་དེ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མཉམ་པར་འགྲོ་བའི་དོན་དུ་དེའི་གཞན་གྱི་དབང་ཡིན་པར་གསུངས་པ་ཡིན་ནོ། །ལམ་དང་ལམ་མ་ཡིན་པའི་ངེས་པར་འཛིན་པའི་རྣམ་པར་རྟོག་པ་ནི་ཉན་ཐོས་ལ་སོགས་པ་དང་། རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་དག་ལ་བྱང་ཆུབ་སེམས་དཔའི་ལམ་མ་ཡིན་པ་དང་། ལམ་ཡིན་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །སྐྱེ་བ་དང་འགག་པའི་རྣམ་པར་རྟོག་པ་ནི། ཆོས་ཉིད་ཚད་མར་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ཆེན་པོའི་སླད་དུ་ཉེ་

เล่ม ๘๐ · หน้า 172a

བར་གནས་སོ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་གང་ཡང་སྐྱེད་པར་བྱེད་པའམ་འགོག་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་བར་དང་། དེ་ལྟ་ན་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་མི་འཐད་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་པར་བྱས་ནས་སེམས་ཅན་ཐམས་ཅད་

དང་ཐུན་མོང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་འཁོར་གསུམ་དུ་མི་དམིགས་པའི་རྣམ་པར་བསྒོམས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མངོན་པར་བརྩོན་པ་དང་ཡང་དག་པར་སྦྱོར་བས་གང་གསུངས་པ་ཡིན་ནོ། །དངོས་པོ་དང་ལྡན་པ་དང་མི་ལྡན་པའི་

རྣམ་པར་རྟོག་པ་ནི། དེའི་རྒྱུ་ཡོངས་སུ་ཞུས་པ་སོ་སོར་བསྟན་པ་ནས་བརྩམས་ཏེ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ལྡན་པ་དང་མི་ལྡན་པ་བཀག་པས་མངོན་པར་བརྩོན་པར་བྱེད་པར་བསྟན་པས་གང་གསུངས་པ་ཡིན་ནོ། །གཟུགས་ལ་སོགས་པ་ལ་

གནས་པའི་རྣམ་པར་རྟོག་པ་ནི། ཡང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་པར་མི་བྱའོ་ཞེས་བརྩོན་པར་བྱ་བ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་རྣམས་

ལ་ཅུང་ཟད་མི་གནས་པའི་འཐད་པས་གང་གསུངས་པ་ཡིན་ནོ། །རིགས་རྣམ་པར་འཇིག་པའི་རྣམ་པར་རྟོག་པ་ནི། ཨ་མྲ་ལ་སོགས་པའི་འབྲས་བུའི་དཔེས་ཆོས་རྣམ་པར་འཇིག་པ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །དོན་དུ་གཉེར་བ་མེད་པའི་རྣམ་པར་

རྟོག་པ་ནི། ཇི་སྲིད་དུ་ཆོས་ཐམས་ཅད་ལ་དབང་བ་རྗེས་སུ་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་བ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །རྒྱུ་མེད་པའི་རྣམ་པར་རྟོག་པ་ནི། དེ་ཅིའི་ཕྱིར་ཞེ་ན། རྒྱ་མཚོ་ཆེན་པོ་ནི་འཛམ་བུའི་གླིང་གི་རིན་པོ་ཆེ་ཐམས་ཅད་

ཀྱི་རྒྱུ་ཡིན་པའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པའི་རྒྱུ་ཉིད་དུ་འཐད་པས་གང་གསུངས་པ་ཡིན་ནོ། །ཕྱིར་རྒོལ་བའི་ཆོས་ལ་དམིགས་པའི་རྣམ་པར་རྟོག་པ་ནི། ཡང་འཕོང་གི་སློབ་དཔོན་གྱི་དཔེས་ཕྱིར་རྒོལ་བའི་ཆོས་ཀྱིས་ཐུབ་པར་

เล่ม ๘๐ · หน้า 172b

དཀའ་བ་ཉིད་དུ་སྟོན་པ་དང་། དེ་ལྟར་ཐམས་ཅད་དུ་མི་དམིགས་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཐམས་ཅད་ཀྱི་མི་དམིགས་པའི་རྣམ་པར་དགོངས་པ་མཛད་པས་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་

ཡིན་ནོ། །གཟུང་བའི་རྣམ་པར་རྟོག་པ་ཡིན་ལ་འཛིན་པའི་རྣམ་པར་རྟོག་པ་ནི་མ་ཡིན་ནོ་ཞེས་བྱ་བ་མུ་བཞི་སྟེ། མུ་དང་པོ་ནི་གཟུགས་ལ་སོགས་པའི་ཡུལ་དྲུག་ལ་འཇུག་གོ། །གཉིས་པ་ནི་སྐད་ཅིག་གཅིག་དང་ལྡན་པའི་རྣམ་པར་རིག་པའོ། །གསུམ་པ་ནི་སྐད་ཅིག་

མ་གཞན་གྱི་དེ་ཉིད་དོ། །བཞི་པ་ནི་རྣམ་པ་དེ་དག་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རིགས་ཉིད་ཡིན་གྱི། རིགས་ཀྱི་རྣམ་པར་རྟོག་པ་མ་ཡིན་པ་ཞེས་བྱ་བའི་ཚིག་ཕྱི་མ་དང་སྦྱར་བ་སྟེ། རེ་ཞིག་རིགས་ཀྱི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་རིགས་ཀྱང་ཡིན་ཏེ། དཔེར་

ན་གཉེན་པོ་ཀུན་ཏུ་སྤྱོད་པའི་དུས་ཀྱི་རིགས་བཞིན་ནོ། །རིགས་ཉིད་ཡིན་གྱི་རིགས་ཀྱི་རྣམ་པར་རྟོག་པ་མ་ཡིན་པ་ནི་དཔེར་ན་ཡང་དག་པར་རྟོགས་པ་མེད་པའི་རིགས་བཞིན་ནོ། །ཡང་དག་པར་རྟོགས་པའི་རྣམ་པར་རྟོག་པ་ཡིན་གྱི་དམིགས་པའི་རྣམ་པར་རྟོག་པ་མ་ཡིན་པ་ཞེས་བྱ་བ་ནི་

ཚིག་སྔ་མ་དང་སྦྱར་ཏེ། རེ་ཞིག་ཡང་དག་པར་རྟོགས་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་དམིགས་པའི་རྣམ་པར་རྟོག་པའང་ཡིན་ཏེ། དཔེར་ན་ཡང་དག་པར་རྟོགས་པའི་དམིགས་པ་ལ་སྦྱོར་བ་བཞིན་ནོ། །ཡང་དག་པར་རྟོགས་པའི་རྣམ་པར་རྟོག་པ་ཉིད་ཡིན་གྱི་དམིགས་པའི་

རྣམ་པར་རྟོག་པ་ཉིད་མ་ཡིན་པ་ཉིད་ནི་དཔེར་ན་དམིགས་པ་ཡོངས་སུ་མ་རྫོགས་པ་བཞིན་ནོ། །ཕྱོགས་འདིས་ལྷག་མ་ཡང་དཔག་པར་བྱའོ། །མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་བཤད་ཟིན་ཏོ།། །།ཡང་ཅིའི་ཕྱིར་འདི་ལ་མཐོང་བའི་ལམ་དུ་འདོད་ཅེ་ན། བྱང་ཆུབ་

ཆེན་པོ་ཐོབ་པའི་དོན་དུ། དེ་ཐོབ་པ་ཡང་རྒྱུ་རྣམ་པ་གསུམ་གྱིས་ཡིན་ཏེ། དེ་དག་ཀྱང་། བྱང་ཆུབ་ལ་གཞན་སྟོན་པ་དང་། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ནི་དཀའ་བ་བགྱིད་པའོ་ཞེས་བྱ་བ་ནས་

เล่ม ๘๐ · หน้า 173a

བརྩམས་ཏེ། མཐོང་བའི་ལམ་ཐོབ་པའི་དགེ་སློང་དྲུག་སྟོང་ལུང་བསྟན་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །དེ་ཡི་རྒྱུ་ནི་ཡོངས་གཏོད་དང་། །ཞེས་བྱ་བ་ནི་འཕགས་པ་ཀུན་དགའ་བོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཏད་པས་གང་གསུངས་པ་ཡིན་

ནོ། །དེ་ཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་པ་དེ་དག་གི་སྦྱིན་པ་ལ་སོགས་པའི་བསོད་ནམས་བྱ་བའི་དངོས་པོ་དཔེར་བྱ་བ་

ནས་བརྩམས་ཏེ། རྒྱ་ཆེར་སྐད་ཅིག་དང་ཡུད་ཙམ་དང་ཐང་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྟོན་པར་བྱེད་པའི་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །སྐད་ཅིག་ལ་སོགས་པ་སྨོས་པ་ནི་གོ་རིམས་བཞིན་གང་ཟག་དབང་པོ་རྣོན་པོ་དང་། འབྲིང་

དང་། ཐ་མ་ཤེས་པར་བྱ་བའི་དོན་ཏོ། །འདིར་སྐད་ཅིག་ནི་བྱ་བ་ཡོངས་སུ་རྫོགས་པའི་མཚན་ཉིད་ཅན་དུ་ཤེས་པར་བྱ་སྟེ། གཅིག་ནི་ཐ་སྙད་དུ་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་མི་བསྐྱོད་པ་བསྟན་པ་དང་། མི་སྣང་བར་གྱུར་པའི་དཔེས་ནི་རྣམ་པར་རྟོག་

པ་རྣམས་མཐོང་བའི་ལམ་གྱིས་ཤེས་པའི་ཡུལ་མ་ཡིན་པར་ཤེས་པར་བྱེད་པའི་དོན་ཡིན་ཏེ། དེ་ལྟར་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུ་ནི་གསུམ་པོ་དེ་དག་ཡིན་ནོ། །ཡང་བྱང་ཆུབ་ཆེན་པོ་ཞེས་བྱ་བ་འདི་གང་ཞིག་ཡིན་ཞེ་ན། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་

ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཞེས་བྱ་བ་གསུངས་སོ། །ཡང་ཟད་པ་ཤེས་པ་ནི་གང་ཞིག་ཡིན་མི་སྐྱེ་བ་ཤེས་པ་ནི་གང་ཞིག་ཡིན་ཞེ་ན། ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམས་བཞིན་དུ་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ཏེ། ཇི་སྐད་དུ། ཀུན་དགའ་བོ་གང་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟད་པར་འདོད་པ་དེ་ནི་ནམ་མཁའ་ཟད་པར་འདོད་དུ་ཟད་དེ་ཞེས་རྒྱ་ཆེར་ཟད་པ་ཤེས་པ་བརྗོད་པ་དང་། ཆོས་དེ་དག་ལ་ནི་སྐྱེ་བ་མེད་ལ་ཞེས་མི་སྐྱེ་བ་ཤེས་པ་བརྗོད་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉེ་བར་བཀོད་པས་གང་གསུངས་པ་ཡིན་ནོ། །འདི་ལ་ཇི་

เล่ม ๘๐ · หน้า 173b

ལྟར་ཡིད་ཆེས་པར་བྱ་ཞེ་ན། བདེན་པ་གསུང་བར་འོས་པའི་ལྗགས་རྒྱ་ཆེན་པོ་བསྟན་པ་དང་། འཕགས་པ་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ལ་སོགས་པ་ལ་ངེས་པར་སྦྱོར་བ་དང་། དེ་བཟུང་བས་ནི་གཟུངས་དང་ཏིང་ངེ་འཛིན་གྱི་སྒོའི་ཆོས་ཐམས་ཅད་བཟུང་བ་

ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །ཡང་ཇི་ལྟར་ན་ཟད་པ་ཤེས་པ་མི་ཟད་པའི་རྣམ་པ་ཅན་ཡིན་གྱི། དངོས་པོ་འཇིག་པའི་རྣམ་པ་ཅན་མ་ཡིན་ཞེ་ན། གང་གི་ཕྱིར་སྦྱོར་བའི་དུས་སུ་ཡང་། རབ་འབྱོར་གཟུགས་མི་ཟད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་

བྱའོ་ཞེས་བྱ་བ་ནས་བརྩམས་ཏེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་མ་འདྲེས་པའི་ཆོས་དང་ལྡན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ནམ་མཁའ་ལྟར་ཟད་མི་ཤེས་པའི་མངོན་པར་བསྒྲུབ་པ་ལ་རྣམ་པར་ལྟ་བ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་གཏོད་པ་ཉིད་དང་། དེ་ལྟར་ལྟ་

བ་ནི་བདག་དང་ཆོས་སུ་འཛིན་པ་ཐམས་ཅད་སྤངས་པས་མཐོང་བའི་ལམ་གསལ་བར་བྱེད་པའི་དོན་དང་། བྱང་ཆུབ་སེམས་དཔའ་དེ་ལྟར་སྤྱོད་པ་ན་ཕ་དང་མ་ཤི་བའི་སྐྱེས་བུའི་དཔེས་བདུད་རྣམས་རང་གི་སྤྱོད་ཡུལ་ལས་འདས་པར་སེམས་པས་མྱ་ངན་གྱི་ཟུག་རྔུ་དང་ལྡན་པ་ཉིད་ཀྱིས་གང་གསུངས་

པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་འགའ་ཞིག་ཟད་པའམ་མི་སྐྱེ་བའི་ཕྱིར་ཟད་པ་དང་མི་སྐྱེ་བ་ཤེས་པ་མ་ཡིན་པ་དེས་ན། འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །ཅེས་བྱ་བ་

འདི་སྨོས་པ་ཡིན་ཏེ། གང་དག་དངོས་པོ་འཇིག་པའི་བསམ་པས་ཟད་པ་ལ་ཟད་དོ་ཞེས་བྱ་བར་ཤེས་པ་ནི་ཟད་པ་ཤེས་པ་ཡིན་པ་དང་། མ་འོངས་པའི་དངོས་པོ་མི་སྐྱེ་བའི་བསམ་པས་མི་སྐྱེ་བ་ཤེས་པ་ཡིན་པར་རྗོད་པར་བྱེད་པ་དེ་དག་ལ་འདིར་དངོས་པོའི་རིས་ཅི་ཞིག་ཟད་པའམ་སྐྱེ་བ་མེད་པར་ཅི་ཞིག་

འཐོབ་ཅེས་འདྲི་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་འདི་སྐད་དུ། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་གང་། །དེ་ལ་ཁོ་བོས་མཚར་དུ་བརྩིས། །ཞེས་གསུངས་པ་ཡིན་ནོ། །དེས་ན། འདི་ལ་གསལ་བྱ་ཅུང་ཟད་

เล่ม ๘๐ · หน้า 174a

མེད། །བཞག་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱ་བ་འདི་ཉིད་ལེགས་པ་ཡིན་ནོ། །དེའང་སྐད་ཅིག་གཅིག་པའི་མཐོང་བའི་ལམ་འདི་ཡིན་ནོ་ཞེས་གསུངས་པ་ནི། སྦྱིན་པ་ལ་སོགས་

རེ་རེ་ཡང་། །དེ་དག་ཕན་ཚུན་བསྡུས་པ་གང་། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་བྱ་བ་སྟེ། ཇི་སྐད་དུ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་པ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་

སྦྱིན་པ་སྦྱིན་པར་བྱེད་དེ་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བར་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་། དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བར་གྱི་དྲུག་པོ་རེ་རེ་ཞིང་དྲུག་ཚན་

དུ་གྱུར་པའི་དྲུག་པོ་རྣམ་པ་སུམ་ཅུ་རྩ་དྲུག་ཐམས་ཅད་དུ་འཁོར་གསུམ་ཡོངས་སུ་དག་པ་གཙོ་བོར་གྱུར་པས་ན་ཐམས་ཅད་ཕན་ཚུན་བསྡུས་པས་གསུངས་པ་ཡིན་ནོ། །འདིའི་མདོ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་ཞིང་སེམས་ཅན་རྣམས་

ལ་བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཉེ་བར་གནས་པར་འགྱུར་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལེན་པ་པོ་རྣམས་ཀྱིས་གཤེ་བ་དང་། སྤྱོ་བ་ལ་སོགས་པ་བཟོད་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་སློང་མོ་པ་རྣམས་ཀྱིས་གཤེ་བ་དང་། སྤྱོ་བ་

ལ་སོགས་པ་རྣམས་ཀྱིས་སྦྱིན་པ་ལ་སྤྲོ་བ་མི་འདོར་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་སྦྱིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་ཉན་ཐོས་དང་རང་སངས་རྒྱས་སུ་རྣམ་པར་གཡེང་བའི་སེམས་མེད་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །

དེ་ཉིད་སྦྱིན་པ་གཏོང་བ་ན་སྒྱུ་མ་ལྟ་བུའི་བློ་ཉེ་བར་གནས་པས་ཕན་པ་དང་གནོད་པ་གང་ཡང་མི་མཐོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་དང་། དེ་བཞིན་དུ་ཚུལ་ཁྲིམས་སྲུང་བར་བྱེད་པ་ནས། ཤེས་རབ་བསྒོམ་པའི་བར་སོ་སོར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་

เล่ม ๘๐ · หน้า 174b

རྫོགས་པས་བསྡུས་པ་ནི་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །འདི་དག་ནི་དྲུག་ཚན་དྲུག་གིས་རྣམ་པ་སུམ་ཅུ་རྩ་དྲུག་ཏུ་འགྱུར་ཏེ། དེ་ཡང་མཐོང་བའི་ལམ་གྱི་བཟོད་པ་སྐྱེས་པ་ན་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ཀྱིས་བསྡུས་པ་མཐོང་བས་སྤང་བར་བྱ་

བའི་ཉོན་མོངས་པ་བརྒྱ་རྩ་བརྒྱད་པོ་རྣམ་པར་རྟོག་པ་བཞིས་བསྡུས་པ་རྣམས་སྤོང་བར་འགྱུར་རོ། །དེ་ལ་དབང་དུ་བྱ་བའི་ཕྱིར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་

དང་། །ལུགས་མི་མཐུན་ལ་རྟོག་པར་བྱེད། །ཅེས་བྱ་བ་ཡིན་ནོ། །དེ་ལ་ལུགས་དང་མཐུན་པ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པའོ། །ལུགས་དང་མི་མཐུན་པ་ནི་དེ་མེད་ན་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པ་མི་འབྱུང་ངོ་ཞེས་བྱ་བ་ལ་སོགས་པའོ། །

མཐོང་བའི་ལམ་བཤད་ཟིན་ཏོ།། །།ད་ནི་སྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཞི་བརྗོད་པར་བྱ་སྟེ། རེ་ཞིག་སྒོམ་པའི་ལམ་བརྗོད་དེ། དེ་ནས་འདི་བརྗོད་པར་བྱའོ། །སྒོམ་པའི་ལམ་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུས་བསྡུས་

པ་ཡིན་ལ། དེ་དག་ཀྱང་ཐོད་རྒལ་གྱི་སྙོམས་པར་འཇུག་པས་བསྡུས་པ་ཡིན་ཏེ། དེས་ན་དེ་ངེས་པར་བསྟན་པའི་སྒོ་ནས་མདོར་བསྡུས་ཏེ་སྒོམ་པའི་ལམ་གྱི་དབང་དུ་བྱས་ནས་གསུངས་པ་ནི། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་

ནས། །འདོད་པར་རྟོག་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་མཚམས་གཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་བྱ་བ་གསུངས་

པ་ཡིན་ཏེ། རྣམ་པ་གཉིས་སུ་ཞེས་བྱ་བ་ནི་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པའོ། །ཇི་སྐད་དུ། དེ་ནས་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོ་སོར་རྟོག་པའི་རྗེས་ལ་མཐར་གྱིས་གནས་པའི་སྙོམས་

เล่ม ๘๐ · หน้า 175a

པར་འཇུག་པ་དགུ་དང་མཉམ་པར་མ་བཞག་པའི་སེམས་ཀྱིས་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར། གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུར་ཐོད་རྒལ་དུ་སྙོམས་

པར་འཇུག་པ་མངོན་དུ་བྱེད་པས་ཇི་ལྟར་འདོད་པ་བཞིན་དུ་མང་དུ་དབང་ཐོབ་པར་གསུངས་པ་ཡིན་ནོ། །འདིའི་མདོ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ།

དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་པ་དང་། དེ་བཞིན་དུ་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པའི་བར་ཉེ་བར་བསྒྲུབས་ཏེ་གནས་པ་དང་། དེ་འགོག་པའི་སྙོམས་པར་འཇུག་པ་ལས་

ལངས་ནས་འདུ་ཤེས་མེད་འདུ་ཤེས་མད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ། །དེ་ལས་ལངས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལའོ། །དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལའོ། །དེ་ནས་ནམ་མཁའ་མཐའ་ཡས་

སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལའོ། །དེ་ནས་ནི་བསམ་གཏན་བཞི་པ་ལའོ། །དེ་ནས་གསུམ་པ་ལའོ། །དེ་ནས་གཉིས་པ་ལའོ། །དེ་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། །དེ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དེ་བཏང་ནས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། །རབ་

འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཐོད་རྒལ་དེ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ནས། དེ་བཞིན་དུ་འགོག་པའི་བར་ལ་སྙོམས་པར་འཇུག་གོ། །དེ་ལས་ལངས་ནས་བསམ་གཏན་དང་པོ་ཉེ་བར་

བསྒྲུབས་ཏེ་གནས་སོ། །དེ་ནས་འགོག་པ་ལའོ། །དེ་ནས་ནི་བསམ་གཏན་གཉིས་པ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་གསུམ་པ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་བསམ་གཏན་བཞི་པ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་ནམ་མཁའ་མཐའ་

เล่ม ๘๐ · หน้า 175b

ཡས་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་

འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ། །དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ། །དེ་ལས་ལངས་ནས་འདོད་པ་ན་སྤྱོད་པའི་མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །མཉམ་

པར་བཞག་པའི་སེམས་ལས་འགོག་པར་འཇུག་པ་ལ་སྙོམས་པར་འཇུག་གོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་

སེམས་ལ་གནས་སོ། །དེ་ནས་ཅུང་ཟད་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་ནི་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །དེ་བཞིན་དུ་བསམ་གཏན་དང་པོ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ་ཞེས་བྱ་བའི་བར་དུའོ། །གང་ཡང་། ས་བརྒྱད་རྣམ་

པ་གཉིས་འབྲེལ་དང་། །གཅིག་བརྒལ་སོང་ཞིང་འོངས་ནས་ནི། །རིགས་མི་མཐུན་པར་གསུམ་པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །ཞེས་བཤད་པ་དེ་ཇི་ལྟར་ཡིན་ཞེ་ན། ཅི་བྱ་རོག་དང་འོ་ཐུག་མཚན་ཉིད་འདྲ་བ་ཡིན་ནམ། འདིའི་གནས་སྐབས་ནི་གཞན་ཉིད་ཡིན་ཏེ། དེ་

ལྟ་བུའི་ཐབས་ལ་མཁས་པ་ཐོབ་པས་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱ་སྙེད་དུ་འཇུག་ཅིང་སངས་རྒྱས་དཔག་ཏུ་མེད་པ་ལ་བསྙེན་བཀུར་མཛད་པ་ཉིད་ཀྱིས་རྒྱ་ཆེ་བ་ཉིད་ཡིན་པར་བསྟན་པའི་ཕྱིར་དང་། སྒོམ་པའི་ལམ་ནི་རྒྱུན་ཆད་ཡིན་པ་ཉིད་དུ་ཤེས་པར་འདོད་པའི་དོན་གྱིས་

གང་གསུངས་པ་ཡིན་ནོ། །སྒོམ་པའི་ལམ་བཤད་ཟིན་ཏོ།། །།ད་ནི་དེའི་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཞི་བརྗོད་པར་བྱའོ། །དེ་ལ་རེ་ཞིག །མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱིས། །བསྟང་བས་ཡོངས་སུ་མ་བཟུང་དང་། །དུས་གསུམ་ཡོན་ཏན་མེད་པ་

เล่ม ๘๐ · หน้า 176a

དང་། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་བྱ་བ་ཡིན་ཏེ། དེ་ལ་ཆོས་རྣམས་ཀྱི་མདོར་བསྡུས་པ་མི་ཤེས་པའི་རྣམ་པར་རྟོག་པ་དང་། དེ་རྒྱས་པར་མི་ཤེས་པའི་རྣམ་པར་

རྟོག་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་འདི་དག་མདོ་དང་རྒྱས་པར་བསྟན་པ་གང་ལགས་པ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་མདོ་དང་རྒྱས་པར་ཀུན་ཆུབ་པར་བགྱིའོ་ཞེས་བྱ་བ་ནས་བརྩམས་ཏེ། ཐམས་ཅད་

མཁྱེན་པ་ཉིད་གསུམ་ཀ་ཡང་མངོན་པར་རྟོགས་པའི་སྒོ་ནས་བསྡུས་ཏེ་བསྟན་ཞིང་། ཡང་མངོན་པར་རྟོགས་པ་རེ་རེའི་སྒོ་ནས་སོ་སོར་བསྟན་པ་རྣམས་དེ་ལྟར་རྩེ་མོའི་མངོན་པར་རྟོགས་པ་ལས་བསྡུས་པ་དང་། སོ་སོ་བ་རྣམས་ཀྱི་ལམ་ཉེ་བར་བཀོད་པས་དེ་སྤང་བར་བྱ་བའི་རྣམ་པར་རྟོག་པ་

སྤང་བར་ཤེས་པར་བྱ་བའི་དོན་དང་། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་འཚལ་བར་འགྱུར་ཞེས་བྱ་བའི་དྲི་བ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པ་ནི་མདོ་དང་རྒྱས་པ་ཤེས་པ་ཉིད་དང་། དེ་ལ་ཡང་སྐྱེ་

བ་དང་འགག་པ་དང་། གཞན་དུ་འགྱུར་བ་བཀག་པ་དང་། དེ་བཞིན་དུ་ཡང་དག་པའི་མཐའ་ཤེས་པ་དང་ལྡན་པ་མ་ཡིན་པ་དང་བྲལ་བ་མ་ཡིན་པར་ཤེས་པ་ནི་མདོར་བསྡུས་པ་དང་རྒྱས་པ་ཤེས་པ་ཉིད་དང་། དབང་པོ་རྣོན་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་འཇུག་པ་ཉིད་ཀྱིས་མདོར་བསྡུས་པ་དང་

རྒྱས་པ་མངོན་པར་བརྗོད་པ་ནི་འཇུག་པའི་རྒྱུ་ཉིད་དུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱིས་བསྟང་བ་མེད་པའི་རྣམ་པར་རྟོག་པ་ནི་ཇི་སྐད་དུ་བསྟན་པ་ལ་སློབ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཅིང་བདུད་ཀྱི་ལས་སྐྱེས་པ་ཡོངས་སུ་སྤོང་ལ་སངས་རྒྱས་

ཀྱི་དགོངས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཟང་ཟིང་གི་སྦྱིན་པས་ཚིམ་པར་བྱེད་པ་དང་། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་འགོད་པར་བྱེད་པ་

เล่ม ๘๐ · หน้า 176b

བས། སེ་གོལ་གཏོགས་པ་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་པ་བསོད་ནམས་མང་དུ་འཕེལ་བ་ཉིད་ཀྱིས་སངས་རྒྱས་ཀྱི་དགོངས་པའི་རྒྱུ་ཤེས་པར་བྱ་བའི་དོན་དང་། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་དུ་གཏོགས་པའི་རྒྱུར་གྱུར་པའི་སངས་རྒྱས་རྣམས་འདི་ལས་

སྐྱེས་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །སྦྱོར་བའི་ལམ་གྱི་ཡོན་ཏན་མེད་པའི་རྣམ་པར་རྟོག་པ་ནི་ཇི་སྐད་དུ་བཤད་པ་ལ་གནས་པ་ནི་ཕྱིར་མི་ལྡོག་པ་སངས་རྒྱས་ཀྱི་དགོངས་པ་དེ་ལ་བསྙེན་བཀུར་བྱས་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་

སོགས་པ་ཆོས་ཀྱི་རྣམ་པ་དཔག་ཏུ་མེད་པ་བསྒོམ་པ་ཡིན་པ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཕན་ཡོན་ནི་དེ་དག་ཡིན་པར་རིག་པར་བྱ་བའི་ཞེས་བྱ་བའི་བར་དུ་གང་གསུངས་པ་སྟེ། སྦྱོར་བའི་ལམ་གྱི་དུས་སུ་ཡིན་ནོ། །མཐོང་བའི་ལམ་གྱི་ཡོན་ཏན་མེད་པའི་

རྣམ་པར་རྟོག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པ་གང་གསུངས་པ་ཡིན་ཏེ། མཐོང་བའི་ལམ་གྱི་དུས་སོ། །སྒོམ་པའི་ལམ་གྱི་ཡོན་ཏན་མེད་པའི་རྣམ་པར་རྟོག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ཞེས་བྱ་བས་སྒོམ་པའི་ལམ་གྱི་དུས་སུ་སེམས་ཀྱི་

ཕན་ཡོན་མང་པོ་ཞིག་སྟོན་པས་གང་གསུངས་པ་ཡིན་ནོ། །སྦྱོར་བའི་ལམ་གྱི་ཤེས་པའི་རྣམ་པར་རྟོག་པ་ནི། གཟུགས་ལ་སོགས་པ་ཞི་བ་དང་། ཡ་མ་བརླ་དང་། གསོག་དང་། སྙིང་པོ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱ་བ་ཉིད་ཀྱིས་སྦྱོར་བའི་བདག་པོ་ཉིད་ཇི་ལྟ་བ་

བཞིན་དུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །དེ་ལ་དངོས་པོ་འགོག་པས་ན་ཞི་བའོ། །རྐྱེན་གྱི་དབང་ཡིན་པས་ན་ཡ་མ་བརླའོ། །རང་བཞིན་སྟོང་པ་ཉིད་ཡིན་པས་ན་གསོག་གོ། །རྣམ་པར་དཔྱད་མི་བཟོད་པས་ན་སྙིང་པོ་མེད་པའོ། །མཐོང་བའི་ལམ་མི་ཤེས་པའི་རྣམ་

པར་རྟོག་པ་ནི་ནམ་མཁའ་ལྟར་སྟོང་པ་ཉིད་མངོན་པར་བསྒྲུབས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་པ་ཉིད་ཀྱིས་མཐོང་བའི་ལམ་བདག་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སྒོམ་པའི་ལམ་གྱི་ཤེས་པའི་རྣམ་པར་རྟོག་པ་ནི། ནམ་མཁའ་

เล่ม ๘๐ · หน้า 177a

ལྟར་སྟོང་པ་ཉིད་བསྒོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཉིད་ཀྱིས་སྒོམ་པའི་ལམ་བདག་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཡང་ནམ་མཁའ་ཞེས་སྨོས་པས་ནི་སྒོམ་པའི་ལམ་མཐོང་བའི་ལམ་ལས་དངོས་པོ་ཐ་

མི་དད་པར་ཤེས་པར་བྱ་བའི་དོན་ཡིན་ནོ། །དེ་ལ་ནམ་མཁའ་ལྟར་སྟོང་པ་ཉིད་མངོན་པར་སྒྲུབ་པ་ཞེས་བྱ་བ་ནི་ནམ་མཁའ་ཞེས་སྨོས་པ་གཅིག་ཡིན་ནོ། །ནམ་མཁའ་ལྟར་སྟོང་པ་ཉིད་དུ་བསྒོམས་པས་ཞེས་བྱ་བ་ནི་གཉིས་པ་ཡིན་ནོ། །ད་ནི་སྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་

གཟུང་བའི་རྣམ་པར་རྟོག་པ་གཉིས་པ་བརྗོད་པར་བྱ་བ་ཡིན་པ་དེས་ན། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་གཞན་ཡིན་བཞེད་དེ། །ཞེས་གསུངས་སོ། །དེའང་གང་ཞེ་ན། སེམས་མི་སྐྱེ་དང་བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང་། །ཐེག་པ་དམན་

པ་ཡིད་བྱེད་དང་། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །བསྒོམ་དང་སྒོམ་པ་མེད་པ་དང་། །དེ་དག་ལས་ནི་བཟློག་ཉིད་དང་། །ཇི་བཞིན་དོན་མིན་རྣམ་རྟོག་པ། །སྒོམ་པའི་ལམ་ལ་ཤེས་པར་བྱ། །ཞེས་བྱ་གསུངས་པ་ཡིན་ནོ། །དེ་ལ་བྱང་ཆུབ་ཀྱི་སེམས་མི་སྐྱེ་བའི་རྣམ་པར་རྟོག་པ་ནི།

སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཞེས་གང་གསུངས་པ་ཡིན་ནོ། །བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་ནི། བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་དེ་ཞེས་གང་གསུངས་པ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་ནི། །

ཐེག་པ་གཞན་གྱི་སེམས་ཀྱི་གོ་སྐབས་མི་འབྱེད་པས་ཞེས་གང་གསུངས་པ་ཡིན་ནོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པའི་རྣམ་པར་རྟོག་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མི་འདོར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་བ་ཉིད་དང་། སེམས་

དང་སེམས་ལས་བྱུང་བའི་ཆོས་མི་རྒྱུ་བས་མངོན་པར་སྒྲུབ་པ་དང་། སྒོམ་པ་རྗེས་སུ་གནང་བ་དང་། དེ་ལ་སྤྱོད་པ་དང་། མངོན་པར་སྒྲུབ་པ་དང་། སྒོམ་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཀག་པས་ཐེག་པ་ཆེན་པོ་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ཤེས་པར་བྱེད་

เล่ม ๘๐ · หน้า 177b

པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སྒོམ་པའི་རྣམ་པར་རྟོག་པ་ནི་དེ་ལྟར་སྒོམ་པ་ཉིད་ཀྱིས་དེའི་རྒྱུན་ཆགས་པ་ཡིན་པར་མི་འཐད་པས་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སྒོམ་པ་མེད་པའི་རྣམ་པར་རྟོག་པ་ནི། དེ་ལྟར་སྒོམ་པ་མེད་པ་ཉིད་ཀྱིས་མི་སློབ་པའི་

དུས་སུ་དེ་ཡོངས་སུ་གཏུགས་པར་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སྒོམ་པ་མ་ཡིན་སྒོམ་པ་མ་ཡིན་པ་ཡང་མ་ཡིན་པའི་རྣམ་པར་རྟོག་པ་ནི། སྒོམ་པ་མ་ཡིན་སྒོམ་པ་མ་ཡིན་པ་མ་ཡིན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་བཀག་པས་བར་ཆད་དང་

བཅས་པ་དང་བར་ཆད་མེད་པར་འདྲེན་མར་སྒོམ་པ་དེའི་རྒྱུ་ཉིད་དུ་ཤེས་པར་དོན་གྱིས་གང་གསུངས་པ་ཡིན་ནོ། །དོན་ཇི་ལྟ་བ་བཞིན་མ་ཡིན་པར་རྟོག་པ་ནི། གང་གི་རྣམ་པར་གཞག་པ་གཞན་དུ་མྱ་ངན་ལས་འདའ་བ་ལ་གཞན་དུ་ཐོབ་པར་སེམས་པ་སྟེ། དེའི་དབང་དུ་མཛད་ནས་

དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ད་ནི་སྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་འཛིན་པའི་རྣམ་པར་རྟོག་པ་བརྗོད་པར་བྱའོ། །དེ་ལ་རེ་ཞིག །སེམས་ཅན་བཏགས་པའི་སྤྱོད་ཡུལ་དང་། །

ཆོས་བཏགས་པ་དང་སྟོང་མིན་ཉིད། །ཆགས་དང་རབ་འབྱེད་བདག་ཉིད་དང་། །དངོས་པོར་བྱེད་དང་ཐེག་གསུམ་དང་། །ཡོན་ནི་དག་པ་མ་ཡིན་དང་། །སྤྱོད་པ་རྣམ་པར་འཁྲུགས་པ་ལ། །འཛིན་པར་བྱེད་པ་དང་པོ་སྟེ། །ཤེས་པར་བྱ་བ་བསྒྲགས་པ་ཡིན། །དེ་ལ་སེམས་

ཅན་བཏགས་པའི་རྣམ་པར་རྟོག་པ་ནི། སེམས་ཅན་ལ་སོགས་པ་མི་དམིགས་པ་ཉིད་ཀྱིས་སེམས་ཅན་གྱི་ཁམས་སུ་བཏགས་པ་བཀག་པ་དང་། དེ་ལྟ་ཡིན་ན་དམྱལ་བ་ནས་བརྩམས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་བཏགས་པ་མེད་པར་ཐལ་བ་དང་། རབ་

འབྱོར་འདི་ཇི་སྙམ་དུ་སེམས། སེམས་ཅན་དུ་བཏགས་པ་དམིགས་སུ་ཡོད་དམ་ཞེས་བྱ་བ་ལ་སོགས་པས་དེ་སྤངས་པས་སེམས་ཅན་དུ་བཏགས་པ་དངོས་པོ་མེད་པ་ཉིད་དུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཆོས་བཏགས་པའི་རྣམ་པར་རྟོག་པ་ནི། ཆོས་

เล่ม ๘๐ · หน้า 178a

བཏགས་པ་ལ་སློབ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བརྗོད་པ་དང་། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ལ་བསླབ་པར་མི་བགྱིའམ་ཞེས་བྱ་བ་ཉེ་བར་དམིགས་

པ་ལ་བསླབ་པ་རྣམ་པ་ཐམས་ཅད་མཁྱེན་པས་གང་གསུངས་པ་ཡིན་ནོ། །སྟོང་པ་ཉིད་མ་ཡིན་པའི་རྣམ་པར་རྟོག་པ་ནི། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསལ་བ་དང་གཞག་པ་མེད་པར་སློབ་པ་རྗེས་སུ་གནང་བ་དང་། ཆོས་ཐམས་ཅད་རང་གི་

མཚན་ཉིད་སྟོང་པ་ཉིད་དུ་མཐོང་བས་དེ་ལ་སློབ་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མེད་པར་ཐལ་བ་དང་། རབ་འབྱོར་སྤྱོད་པ་མེད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནས་བརྩམས་ཏེ།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་བྱ་བ་མི་དམིགས་པའི་རྣམ་པར་སྒོམ་པའི་ལམ་གྱིས་གཉིས་དང་གཉིས་མེད་པ་དག་དམིགས་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཆགས་པའི་རྣམ་པར་རྟོག་པ་ནི་དམིགས་པ་དང་མི་དམིགས་

པ་དག་ལ་ཆགས་པ་བཀག་པ་དང་། དེ་ལྟ་ཡིན་ན་ས་གཞན་དུ་འཕོ་བ་དང་། དེ་ཡོངས་སུ་རྫོགས་པ་མེད་པ་དང་། དམིགས་པར་གནས་པས་དེ་ཡོངས་སུ་རྫོགས་པར་མི་ནུས་པ་དང་། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དམིགས་སུ་མེད་པ་ཞེས་བྱ་བའི་འཐད་པས་

གང་གསུངས་པ་ཡིན་ནོ། །ཆོས་རབ་ཏུ་འབྱེད་པའི་རྣམ་པར་རྟོག་པ་ནི། དེ་ལྟ་ཡིན་ན་ཆོས་རབ་ཏུ་རྣམ་པར་འབྱེད་པ་མེད་པ་དང་། ཇི་ལྟར་དམིགས་པར་འགྱུར་བ་དེ་ལྟར་ཆོས་རྣམ་པར་འབྱེད་པར་མི་བྱེད་དོ་ཞེས་བྱ་བས་མི་དམིགས་པར་རབ་ཏུ་རྣམ་པར་འབྱེད་པ་རྗེས་སུ་གནང་བར་གང་

གསུངས་པ་ཡིན་ནོ། །དངོས་པོའི་ཆེད་དུ་བྱེད་པའི་རྣམ་པར་རྟོག་པ་ནི། དེ་ལྟ་ཡིན་ན་སངས་རྒྱས་ཀྱི་མཛད་པ་མཐའ་དག་མི་འཐད་པ་དང་། མཛད་པ་དེ་གང་གི་ཡང་ཆེད་དུ་མ་ཡིན་པར་གསུངས་པ་དང་། ཆོས་ཐམས་ཅད་མ་བྱས་པ་རྣམ་པར་འགྱུར་བ་མེད་པ་མངོན་པར་འདུས་

เล่ม ๘๐ · หน้า 178b

མ་བྱས་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་རྣམ་པར་རྟོག་པ་ནི། དེ་ལྟ་ཡིན་ན་ཐེག་པ་གསུམ་རྣམ་པར་གཞག་པ་མེད་པར་འགྱུར་བ་དང་། གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པས་དེའི་རློམ་སེམས་དང་། དམིགས་པ་དང་ལྡན་

པ་ལ་ཐེག་པ་གསུམ་གྱི་རྣམ་པར་རྟོག་པ་རྣམ་པར་གཞག་པ་དང་། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་སངས་རྒྱས་ཀྱི་སྤྱན་ལྔས་མ་གཟིགས་པ་དང་། དེ་ལྟ་ཡིན་ན་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་ཕུང་པོ་རྣམ་པ་གསུམ་ལུང་བསྟན་པར་མཛད་པ་མེད་པ་དང་། རྫས་མེད་པ་ལ་

རྫས་སུ་འདུ་ཤེས་པ་རྣམས་ལ་དེ་བཟློག་པའི་དོན་དེ་ལྟར་བསྟན་པ་དང་། དོན་དམ་པ་དང་རྫུ་འཕྲུལ་གྱི་རྣམ་གྲངས་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་པ་བཀག་པ་དང་། དེ་བཞིན་གཤེགས་པའི་སྤྲུལ་པའི་དཔེས་འདུས་བྱས་དང་འདུས་མ་བྱས་ཀྱི་དབྱིངས་ལ་

གནས་པ་བཀག་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་རྗེས་སུ་གནང་བ་དང་། དེ་ལྟ་ཡིན་ན་དེ་བཞིན་གཤེགས་པ་དང་སྤྲུལ་པ་ཁྱད་པར་མེད་པར་ཐལ་བར་འགྱུར་བས་བྱེད་པ་པོ་དང་བཅས་པའི་སྤྲུལ་པའི་དགོངས་པ་ཤེས་པར་བྱེད་པའི་དོན་དང་།

དེ་གཉི་གའི་བྱེད་པ་ཁྱད་པར་མེད་པས་རྗེས་སུ་གནང་བ་དང་། དེ་དེ་བཞིན་གཤེགས་པའི་སྨོན་ལམ་གྱི་རྗེས་སུ་བྱེད་པའི་ཕྱིར་དེ་གཉིས་ཀྱི་ཁྱད་པར་བརྗོད་པ་དང་། སྤྲུལ་པ་པོ་དེ་བཞིན་གཤེགས་པ་དང་། སྤྲུལ་པའི་དཔེས་བྱེད་པ་པོའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་གང་གསུངས་པ་ཡིན་

ནོ། །ཡོན་མ་དག་པའི་རྣམ་པར་རྟོག་པ་ནི། དེ་ལྟ་ཡིན་ན་ཡོན་ཡོངས་སུ་དག་པ་མེད་པ་དང་། དེ་བཞིན་གཤེགས་པ་དང་སྤྲུལ་པ་དག་གི་ཆོས་ཉིད་ལ་ཐ་དད་པ་མེད་པས་ཁྱད་པར་འཕགས་པའི་ཡོན་གནས་ཉིད་དང་། དེ་བཞིན་གཤེགས་པ་ལ་དམིགས་པའི་བྱམས་པའི་སེམས་དང་

ལྡན་པ་རྣམས་དང་། དེ་ལ་ཡིད་ལ་བྱེད་པས་ནམ་མཁའ་ལ་མེ་ཏོག་འཐོར་བར་བྱེད་པ་རྣམས་དང་། སངས་རྒྱས་ལ་ཕྱག་འཚལ་བ་རྣམས་ཡོན་དེས་སྡུག་བསྔལ་མཐར་ཕྱིན་པར་བྱེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །དགུ་པ་སྤྱོད་པ་རྣམ་པར་འཁྲུགས་པའི་རྣམ་པར་རྟོག་པ་ནི་ཕ་རོལ་

เล่ม ๘๐ · หน้า 179a

ཏུ་ཕྱིན་པ་དྲུག་པོ་རྣམས་ལ་ཆོས་ཉིད་རྣམ་པར་མི་འཁྲུགས་པའི་སྤྱོད་པ་རྗེས་སུ་གནང་བ་དང་། དེ་ལྟ་ཡིན་ན་གཟུགས་ལ་སོགས་པའི་ཆོས་ངེས་པར་དཔྱད་པར་མཛད་པའི་ཕྱིར་དེ་བཞིན་གཤེགས་པ་ཆོས་ཉིད་རྣམ་པར་འཁྲུག་པར་མཛད་པར་ཐལ་བ་དང་། གཞན་

རྣམས་མེད་པ་དེ་ལ་འཇུག་པར་བྱ་བའི་དོན་དུ་དེ་བཞིན་གཤེགས་པས་ཆོས་རྣམས་ཀྱི་མིང་དང་མཚན་མ་བསྟན་པས་ཆོས་ཉིད་འཁྲུག་པ་མེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ་ཞེས་སྐྱེས་པ་དང་། བུད་མེད་ཀྱི་རྟགས་སྨོས་པ་ནི་ཟ་མ་དང་། མ་

ནིང་དང་། མཆིག་པ་སྟོན་པ་ལ་སོགས་པའི་བསལ་བའི་དོན་ཡིན་ནོ། །རིགས་ཀྱི་ཁྱད་པར་ཁས་བླངས་པ་ནི་རིགས་བཞི་རྣམ་པར་དག་པ་ཤེས་པར་བྱེད་པའི་དོན་ཏོ། །བུ་དང་བུ་མོ་བརྗོད་པ་ནི་རབ་ཏུ་བྱུང་བའི་སྐྱེ་བོ་དང་མཐུན་པའི་བརྗོད་པ་ཤེས་པར་བྱེད་པའི་དོན་ཏོ། །རིགས་

སྨོས་པ་ནི་རྒྱུད་ཕུན་སུམ་ཚོགས་པ་དམ་པའི་ཆོས་ལ་དབང་དུ་བྱ་བ་ཤེས་པར་བྱེད་པའི་དོན་ཏོ། །ཡང་ངམ་སྨོས་པ་ནི་སྐྱེ་གནས་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་ཉེས་པས་རིགས་དམན་པ་ཡིན་ཡང་སྐལ་བ་དང་ལྡན་པ་ནི་འདིར་དབང་དུ་བྱས་པར་ཤེས་པར་བྱེད་པའི་དོན་

ཡིན་ནོ། །ད་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་བརྗོད་པར་བྱ་བ་ཡིན་པས་དེའི་ཕྱིར། སེམས་ཅན་བཏགས་དང་དེའི་རྒྱུ་ཡི། །ཡུལ་ཅན་དེ་ཡིས་རྣམ་འཇོམས་པས། །སྒོམ་པའི་ལམ་དང་འབྲེལ་པ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །ཞེས་གསུངས་པ་ཡིན་ཏེ།

རབ་འབྱོར་ཐ་སྙད་དང་མིང་དང་མཚན་མ་དང་མངོན་པར་ཞེན་པ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་བར་བསྟན་པས་གང་གསུངས་པ་ཡིན་ནོ། །ཇི་ལྟར་རྣམ་པར་རྟོག་པ་རྣམ་པ་དགུ་ཡིན་ཞེ་ན། དེའི་ཕྱིར། བདག་ཉིད་ཇི་བཞིན་ཀུན་མཁྱེན་ནི། །

གསུམ་གྱི་སྒྲིབ་པ་རྣམ་གསུམ་དང་། །ཞི་ལམ་དེ་བཞིན་ཉིད་སོགས་དང་། །མཚུངས་པར་ལྡན་དང་མི་ལྡན་དང་། །མི་མཉམ་སྡུག་བསྔལ་ལ་སོགས་དང་། །ཉོན་མོངས་རྣམས་ཀྱི་རང་བཞིན་དང་། །གཉིས་སུ་མེད་ལ་ཀུན་རྨོངས་ལ། །རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་

เล่ม ๘๐ · หน้า 179b

བྱ་བ་གང་གསུངས་པ་ཡིན་ནོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཀུན་ཏུ་རྨོངས་པ་ནི། ཅིའི་སླད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་གང་

དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་ཆོས་རྣམས་རབ་ཏུ་བརྗོད་པའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ་དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ་ཞེས་གང་གསུངས་པ་ཡིན་ནོ། །ལམ་

ཤེས་པ་ཉིད་ལ་ཀུན་དུ་རྨོངས་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཐམས་ཅད་ཤེས་པ་ཉིད་ལ་ཀུན་དུ་རྨོངས་པ་ནི། རབ་འབྱོར་ཐམས་ཅད་ཅེས་བྱ་བ་ནི་ཕྱི་དང་ནང་གི་ཆོས་ཇི་

སྙེད་པ་དེ་ཙམ་ཡིན་ལ། དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་ཏེ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ལམ་ལ་ཀུན་དུ་རྨོངས་པ་ནི། ལམ་ལ་གནས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། འདིས་འཕགས་པའི་གང་ཟག་ཐམས་ཅད་མྱ་ངན་ལས་འདས་པ་མཆོག་གི་ཕ་རོལ་ཏུ་ཕྱིན་

པར་བྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གང་གསུངས་པ་ཡིན་ནོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ལ་སོགས་པ་ལ་ལྡན་པ་དང་མི་ལྡན་པ་ལ་ཀུན་དུ་རྨོངས་པ་ནི་ཡང་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་རྣམས་འདིའི་ཁོང་དུ་ཆུད་པའི་དོན་དང་། ཆོས་

གང་དང་ཡང་ལྡན་པའི་མ་ཡིན་པའི་དོན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །མི་མཉམ་པ་ཉིད་དེ་ཐུན་མོང་མ་ཡིན་པ་ཉིད་ལ་ཀུན་དུ་རྨོངས་པ་ནི། ཡང་ཕྱིར་རྒོལ་བ་དང་། མུ་སྟེགས་དང་། བདུད་དང་། ཐེག་པ་གཞན་དང་ལྡན་པ་རྣམས་ཀྱིས་མི་

ཆོད་པ་དང་མི་འཕྲོགས་པའི་དོན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་ཀུན་ཏུ་རྨོངས་པ་ནི། ཡང་སྡུག་བསྔལ་གྱི་དོན་ནས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་ལ་སྤྱད་པར་བྱ་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །

เล่ม ๘๐ · หน้า 180a

ཉོན་མོངས་པའི་རང་བཞིན་ལ་ཀུན་དུ་རྨོངས་པ་ནི། ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་དོན་དང་། དོན་མ་ཡིན་པ་ཉིད་དུ་སྤྱད་པར་མི་བྱ་བ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དེ་བཞིན་ཉིད་

ནི་འགའ་ཞིག་ལ་ཡང་དོན་ནམ་དོན་མ་ཡིན་པར་བྱེད་པ་མ་ཡིན་པར་འཐད་པ་དང་། དེ་བཞིན་དུ་ཆོས་ཐམས་ཅད་ལ་དོན་དང་དོན་མ་ཡིན་པར་བྱེད་པའི་སྤྱོད་པ་རྣམ་པར་བཀག་པ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་གང་ཡང་

དམིགས་སུ་མེད་པ་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་མི་བྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དོན་དང་དོན་མ་ཡིན་པར་བྱེད་པ་བཀག་པ་དང་། འདུས་མ་བྱས་འཕགས་པ་ཐམས་ཅད་ཀྱི་དོན་ཡིན་པ་དང་། ནམ་མཁའི་དེ་བཞིན་ཉིད་ཀྱི་དཔེས་དེས་འདི་ལ་ཕན་

འདོགས་པ་མེད་པ་ཉིད་དང་། དོན་དང་དོན་མ་ཡིན་པ་གཉིས་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གང་གསུངས་པ་ཡིན་ནོ། །གཉིས་མེད་པ་ནི་གཉིས་མ་ཡིན་པའི་དོན་དམ་པ་སྟེ། དེ་ལ་ཀུན་དུ་རྨོངས་པ་ནི་གཉིས་སུ་མེད་པའི་ཆོས་ཀྱིས་གཉིས་སུ་མེད་པའི་

ཆོས་ཐོབ་པ་བཀག་པ་དང་། གཉིས་ཀྱི་ཆོས་ཀྱིས་གཉིས་ཀྱི་ཆོས་ཐོབ་པ་བཀག་པ་དང་། གཉིས་དང་གཉིས་མེད་པའི་ཆོས་མི་དམིགས་པ་ལ་ཐོབ་པར་བསྙད་པས་གང་གསུངས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་རྣམ་པར་རྟོག་པ་རབ་ཏུ་དབྱེ་བ་རྒྱ་ཆེར་ཇི་སྐད་དུ་བརྗོད་པས་མངོན་པར་ཞེན་

པ་ཐམས་ཅད་མི་མཐུན་པའི་ཕྱོགས་ཡིན་པ་དེས་ན། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པ་མེད་དོ་ཞེས་གང་གསུངས་པ་ཡིན་ཏེ། དེས་ན་དངོས་པོ་མེད་པ་ལ་དམིགས་པའི་ཡེ་ཤེས་རྣམ་པ་གཅིག་པ་རབ་ཏུ་གྲུབ་པ་ཡིན་ནོ། །འདིར་མྱ་ངན་ལས་འདས་པ་དང་ལམ་དག་མེད་

པ་ཉིད་ཡིན་ན་འཕགས་པའི་གང་ཟག་ཐམས་ཅད་མེད་པར་འགྱུར་རོ་ཞེས་བྱ་བས་བརྩད་པ་དང་། ཐམས་ཅད་འདུས་མ་བྱས་ཀྱི་རབ་ཏུ་ཕྱེ་བ་ཉིད་དང་། འདུས་མ་བྱས་འབྱུང་བ་མེད་པ་ཉིད་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཚད་མར་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་ལན་ཡིན་ཞིང་། དེ་ཅིའི་ཕྱིར་ཞེ་ན། དོན་དམ་

เล่ม ๘๐ · หน้า 180b

པ་ནི་ངག་གི་ལམ་གྱིས་གདགས་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་འཐད་པ་ཡིན་ནོ། །མཐའ་རྣམ་པར་ཆད་པ་རྣམས་ལ་ཕྱི་མའི་མུ་རབ་ཏུ་ཤེས་པ་ཞེས་བྱ་བ་ནི་བརྩད་པ་ཡིན་ལ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཆོས་རྣམས་ལ་དེའི་མུ་རབ་ཏུ་མི་ཤེས་པ་དང་། དེ་མི་ཤེས་པ་དང་ལྡན་

པའང་དེ་བསྟན་ཏོ་ཞེས་བྱ་བ་ནི་ལན་ཡིན་ཏེ། དེའི་ཕྱིར་དངོས་པོ་མེད་པ་ལ་དམིགས་པའི་ཡེ་ཤེས་ནི་འཐད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སེམས་ཅན་རྣམས་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་

གནས་པ་ནི་དཀའ་བ་བགྱིད་པ་ལགས་ཏེ། སེམས་ཅན་ནམ་སེམས་ཅན་དུ་བཏགས་པ་ཡང་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡམས་ནད་འདི་རྣམས་ཟད་པ་ན། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་སྒྲུབ་ཡོན་

ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་དཔའ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་དུ་རྟེན་པར་བྱེད། །ཇི་སྐད་དུ་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པའི་ལྗང་བུའི་དཔེས་བྱང་ཆུབ་སེམས་དཔའ་རྣམས་བསོད་

ནམས་ཀྱི་ཞིང་ཡིན་པའི་ཕྱིར། འགྲོ་བ་ཐམས་ཅད་ཀྱི་བདེ་བའི་ལོངས་སྤྱོད་ཀྱི་མཆོག་ཏུ་གྱུར་ཅིང་མང་བ་སྣ་ཚོགས་པའི་དོན་དང་། འབྲས་བུ་འདུད་པ་ཉིད་ཀྱིས་དེའི་འབྲས་བུ་མཆོག་གིས་དཔའ་བ་ཉིད་དང་། དེ་ལྟ་བུར་གྱུར་པ་ནི་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བ་དང་། དེ་ཅིའི་

ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཐོབ་པར་བྱེད་པའི་འཐད་པ་དང་། དེ་བཞིན་དུ་དེ་བཞིན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི་དབང་པོ་ཡོངས་སུ་རྫོགས་པ་དང་། ལས་བདག་གིར་བྱེད་པ་དང་། སྨོན་གནས་

ཤེས་པ་དང་། དུས་གསུམ་གྱི་ཡེ་ཤེས་རྣམ་པར་དག་པ་དང་། སེམས་ཅན་རྣམས་ཀྱི་དོན་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སེམས་ཅན་ཡོངས་སུ་མྱ་ངན་ལས་ཟློ་བའི་ཕན་ཡོན་ཐོབ་པར་

เล่ม ๘๐ · หน้า 181a

གསུངས་པ་ཡིན་ནོ། །འདིའི་མདོ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་འགའ་ཞིག་གིས་ལྗང་བུ་འདོད་པས་ས་བོན་བཏབ་ལ། དེས་ཀྱང་ལྗང་བུ་དེའི་རྩ་བ་མི་ཤེས། དེའི་ལོ་འདབ་མི་ཤེས། མེ་ཏོག་མི་ཤེས། འབྲས་བུ་མི་ཤེས་པར་དེ་ལྗང་བུ་དེའི་

མྱུ་གུ་འཛུགས་ཤིང་། དུས་དུས་སུ་ཆུས་བྲན་ཏེ། དེའི་སྡོང་བུ་དེ་རིམ་གྱིས་ཡལ་ག་དང་ལོ་མ་དང་། མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པར་གྱུར་པ་དང་། དེ་དེའི་འདབ་མ་དང་། མེ་ཏོག་དང་། འབྲས་བུ་ལ་སྤྱོད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་

པོ་རྣམས་ཀྱང་སེམས་ཅན་གྱི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་སྟེ། དེ་དག་རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ནས་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉེ་

བར་འཚོ་བར་འགྱུར་རོ། །དེ་ལ་ལོ་མ་ནི་བྱང་ཆུབ་སེམས་དཔའ་རྣམས་གང་ལ་བརྟེན་ནས་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་གྲོལ་བར་བྱེད་པ་དེ་ཡིན་ནོ། །མེ་ཏོག་ནི་གང་ལ་བརྟེན་ནས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་ནས། འདུ་ཤེས་མེད་འདུ་ཤེས་མེད་

མིན་སྐྱེ་མཆེད་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་བའོ། །དེ་ལ་འབྲས་བུ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་གང་ལ་བརྟེན་ནས་སེམས་ཅན་རྒྱུན་དུ་ཞུགས་པའི་འབྲས་བུ་ནས། དགྲ་བཅོམ་པ་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རབ་ཏུ་འགོད་

པ་དེ་ཡིན་ནོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་འབྲས་བུ་མཆོག་གིས་དཔའ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །སྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་བཤད་ཟིན་ཏོ།། །།

ད་ནི་སངས་རྒྱས་ཉིད་ཐོབ་པའི་དེ་མ་ཐག་པ་སྔ་མ་བར་ཆད་མེད་པའི་ཏིང་ངེ་འཛིན་བརྗོད་པར་བྱ་བ་ཡིན་པ་དེས་ན། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། །བསེ་རུའི་རྟོགས་པ་ཕུན་ཚོགས་དང་། །བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས་མང་

เล่ม ๘๐ · หน้า 181b

པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །ཅེས་གསུངས་སོ། །ཇི་སྐད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་འགོད་པར་བྱེད་པ་བས། དེ་རྣམས་བྱང་ཆུབ་སེམས་

དཔའ་ལས་ངེས་པར་སྐྱེས་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་དང་། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དཀར་པོ་རྣམ་

པར་མཐོང་བའི་ས་དང་། དེ་བཞིན་དུ་རིགས་ཀྱི་ས་དང་། དེ་བཞིན་དུ་བརྒྱད་པའི་ས་དང་། དེ་བཞིན་དུ་མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་

ཞུགས་པ་ལ་འགོད་པར་བྱེད་པས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་ཞུགས་པའི་བསོད་ནམས་ཆེས་མང་དུ་བསྐྱེད་པ་ཉིད་ཀྱི་བར་ཆད་མེད་པའི་ཏིང་ངེ་འཛིན་སངས་རྒྱས་ཉིད་ཀྱི་བར་ཆད་མེད་པའི་རྒྱུ་ཉིད་ཡིན་པར་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་

ཞུགས་པ་ནི་འབྲས་བུ་བཞི་པ་ལ་ཞུགས་པའི་དོན་ཡིན་གྱི་བརྒྱད་པའི་དོན་ནི་མ་ཡིན་ནོ། །འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་ཞུགས་པ་རྣམ་པས། དེ་བཞིན་གཤེགས་པའི་བསོད་ནམས་ཆེས་མང་དུ་བསྐྱེད་པ་ཉིད་བསྡུས་པ་ཞེས་བྱ་བས་དེ་མ་ཐག་པ་

དེ་བཞིན་གཤེགས་པ་ཁྱད་པར་དུ་བྱེད་པར་འགྱུར་རོ། །བར་ཆད་མེད་པའི་ཏིང་ངེ་འཛིན་གང་གིས་དེ་མ་ཐག་པའི་རྒྱུར་འགྱུར་བ་སངས་རྒྱས་ཉིད་དེའང་གང་ཡིན་ཞེ་ན། དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་གསུངས་ཏེ། ཇི་སྐད་དུ་གནས་སྐབས་དེ་ལྟ་བུར་གྱུར་པས་རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་ཡིད་ལ་བྱ་བར་གསུངས་པ་ཡིན་ནོ། །འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད། །ཅེས་བྱ་བ་ནི་དེའི་དམིགས་པ་དང་དབང་དང་རྣམ་པ་ཞུགས་པ་དང་། དེའི་དམིགས་པ་དངོས་པོ་མེད་པ་ཉིད་ཡིན་པ་དང་། བདག་པོ་དྲན་པ་ཉིད་ཡིན་པར་

เล่ม ๘๐ · หน้า 182a

གང་གསུངས་པ་ཡིན་ནོ། །འགོག་པ་ཤེས་པའང་ཞི་བའི་རྣམ་པ་ཡིན་ནོ་སྙམ་ན། མཚན་ཉིད་ནི་མཚན་ཉིད་མེད་པ་ཡིན་ཏེ་ཞེས་གསུངས་ཏེ། འདིས་ནི་འདིར་རང་བཞིན་གྱིས་ཞི་བར་བརྗོད་པར་འདོད་པ་ཡིན་གྱི། དངོས་པོ་འགོག་པས་ཞི་བ་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་

པ་ཡིན་ནོ། །ད་ནི་ལོག་པར་རྟོག་པ་བརྗོད་པར་བྱ་བ་ཡིན་པ་དེས་ན། འདི་ལ་ནི། རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་བྱ་བ་གསུངས་ཏེ། གནས་འདི་ལ་རབ་ཏུ་སྨྲ་བར་ལོག་པར་ཞུགས་ལ་རྣམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྩོད་པ་སྣ་ཚོགས་ཀྱི་སྤྲོས་པ་རྣམ་པར་སྤེལ་བ་སྤྱོད་

པ་སེལ་བ་ཙམ་གྱི་སྨྲ་བ་སྤོང་བ། ངག་གི་བརྗོད་པའི་ལམ་མཐར་ཐུག་པ་མེད་པ་རྒོལ་བ་བརྒྱུད་མ་ཆེན་པོ་རྩོམ་པར་བྱེད་དོ། །ཇི་ལྟར་ཞེ་ན། དེའི་ཕྱིར་འདི་བརྗོད་པ་ཡིན་ཏེ། དམིགས་པ་འཐད་དང་དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང་། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང་། །དམ་པའི་དོན་

དང་ཀུན་རྫོབ་དང་། །སྦྱོར་དང་དཀོན་མཆོག་གསུམ་པོ་དང་། །ཐབས་བཅས་ཐུབ་པའི་རྟོགས་པ་དང་། །ཕྱིན་ཅི་ལོག་ནི་ལམ་བཅས་དང་། །གཉེན་པོ་མི་མཐུན་ཕྱོགས་དག་དང་། །མཚན་ཉིད་དང་ནི་སྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོག་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །

རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་གསུངས་ཏེ། བཅུ་དང་དྲུག་ཅེས་བྱ་བའི་དོན་ཏོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་པའི་དམིགས་པ་འཐད་པ་ལ་ལོག་པར་རྟོག་པ་ནི་འདི་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡུལ་ཤེས་པར་བྱ་བའི་དོན་དེ་ཉིད་ནས་བརྩམས་

ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཀྱང་དངོས་པོ་མེད་པ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ངོ་བོ་ཉིད་མེད་པ་ཉིད་དང་། དངོས་པོ་མེད་པ་ཉིད་ཀྱིས་རིགས་པ་བཀོད་པ་ལ་གཞན་གྱིས་དེ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པ་དྲིས་པས་གང་གསུངས་པ་ཡིན་ཏེ། ཇི་སྐད་དུ། བཅོམ་

ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ཞེས་བྱ་བ་དང་། བཅོམ་ལྡན་འདས་ཀྱིས་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་པར་བསྟན་པ་ལ་བརྟེན་ནས། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་གང་གསུངས་པ་ཡིན་ནོ། །དམིགས་

เล่ม ๘๐ · หน้า 182b

པའི་ངོ་བོ་ཉིད་ལ་ལོག་པར་རྟོག་པ་ནི་ཡང་དེ་རྣམས་དེ་བཞིན་ཉིད་ལ་སོགས་པ་ངོ་བོས་དངོས་པོ་མེད་པ་ཉིད་དང་། དེ་ལྟ་ཡིན་ན་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་བར་མེད་པར་ཞུས་པ་དང་། རབ་འབྱོར་དངོས་པོ་མེད་པའི་

ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་ལ་ཡོངས་སུ་འདྲིས་པར་བྱེད་པ་གང་ཡིན་པ་འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་སྟེ་ཞེས་བྱ་བས་དེའི་ལན་བཏབ་པ་དང་། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་ལ་སྟོབས་དང་མི་འཇིགས་པ་ལ་སོགས་

པ་དང་ལྡན་པས་བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་པའི་དེའི་དུས་མཚམས་ཡང་དག་པར་ཤེས་པའི་དོན་དང་། དེས་ན་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། སྐད་ཅིག་མ་གཅིག་དང་ཡང་དག་པར་ལྡན་པའི་ཤེས་རབ་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་

པ་དང་། བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་མི་སྐྱེ་བར་སྤོང་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ལོག་པར་རྟོག་པ་ནི་དེས་ན་དེས་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་བལྟས་པ་ན། དངོས་པོ་དང་དངོས་པོ་མེད་པ་དམིགས་

པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཐོབ་པར་བྱེད་པ་དང་ལྡན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དངོས་པོ་མེད་པར་ཡིད་ལ་བྱེད་པ་དང་། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ནི་འཕགས་པའི་གང་ཟག་ཐམས་

ཅད་ཀྱིས་ཀྱང་མ་བྱས་པ་ཉིད་དང་། ཆོས་རྣམས་ནི་ཆོས་རྣམས་ཉིད་དང་བྲལ་བའི་ཕྱིར་ན། དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་ཀྱི་ཆོས་ཀྱིས་དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་ཤེས་པར་མི་འཐད་པའི་མཐའ་བཞི་པ་ཉིད་དང་། འཇིག་རྟེན་གྱི་ཀུན་རྫོབ་ཏུ་དངོས་པོ་དང་དངོས་པོ་

མེད་པར་སྟོན་པར་རྗེས་སུ་གནང་བས་གང་གསུངས་པ་ཡིན་ནོ། །བདེན་པ་གཉིས་ལ་ལོག་པར་རྟོག་པ་ནི་ཀུན་རྫོབ་དང་དོན་དམ་པ་དག་གི་དེ་བཞིན་ཉིད་མངོན་པར་མ་ཤེས་པ་རྣམས་ཀྱི་ཕྱིར་དངོས་པོ་དང་དངོས་པོ་མེད་པར་སྟོན་པས་གང་གསུངས་པ་ཡིན་ནོ། །སྦྱོར་བ་ལ་ལོག་པར་རྟོག་པ་ནི།

เล่ม ๘๐ · หน้า 183a

བྱང་ཆུབ་ཀྱི་ཕྱིར་སྤྱོད་པས་ཏེ་ཞེས་བྱ་བས་གཟུགས་ལ་སོགས་པ་རྣམས་ནས་འདུས་བྱས་དང་འདུས་མ་བྱས་དག་གི་བར་ལ་སྤྱོད་པ་དང་རྗེས་སུ་སྤྱོད་པ་དག་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་ཉིད་ཡིན་པར་གང་གསུངས་པ་ཡིན་ནོ། །སངས་

རྒྱས་དཀོན་མཆོག་ལ་ལོག་པར་རྟོག་པ་ནི། སངས་རྒྱས་སངས་རྒྱས་ཞེས་བྱ་བ་ཡང་དག་པའི་དོན་བརྗོད་པའི་རྒྱུ་མཚན་བསྟན་པ་དང་། ཡང་དག་པའི་ཆོས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་དང་། ཡང་དག་པའི་དོན་རབ་ཏུ་རྟོགས་པའི་ཕྱིར་དང་། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་

དུ་མངོན་པར་རྟོགས་པའི་ཕྱིར་གོ་རིམས་བཞིན་དུ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབང་དུ་མཛད་ནས་སངས་རྒྱས་སུ་བརྗོད་པ་འཇུག་པའི་རྒྱུ་མཚན་བཤད་པས་གང་གསུངས་པ་ཡིན་ནོ། །ཆོས་དཀོན་མཆོག་ལ་ལོག་པར་རྟོག་པ་ནི། བྱང་ཆུབ་ཅེས་བྱ་བའི་ཚིག་བླ་དགས་ཞུས་པ་

དང་། སྟོང་པ་ཉིད་ལ་སོགས་པ་བྱང་ཆུབ་ཀྱི་ཚིག་བླ་དགས་ཉིད་ཡིན་པ་དང་། ཡང་བྱང་ཆུབ་ནི་མིང་ཙམ་ཡིན་པ་ཉིད་དང་། ཡང་མི་ཕྱེད་པའི་དོན་ནི་བྱང་ཆུབ་ཀྱི་དོན་ཡིན་པ་ཉིད་དང་། ཡང་དེ་བཞིན་ཉིད་ལ་སོགས་པ་བྱང་ཆུབ་ཡིན་པ་དང་། ཡང་མིང་དང་མཚན་མ་ཙམ་བྱང་ཆུབ་ཡིན་

པ་དང་། འདི་སངས་རྒྱས་རྣམས་ཀྱི་ཡིན་པའམ། སངས་རྒྱས་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པས་ན་བྱང་ཆུབ་ཅེས་བརྗོད་པས་གང་གསུངས་པ་ཡིན་ནོ། །དགེ་འདུན་དཀོན་མཆོག་ལ་ལོག་པར་རྟོག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་བྱང་ཆུབ་ཀྱི་དམིགས་

པའི་དངོས་པོ་བཀག་པ་དང་། དེ་ལྟ་ཡིན་ན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་འཛིན་པ་མེད་པ་དང་། དེ་ཉིད་ལ་གཉིས་ཀྱི་སྤྱོད་པ་སྤངས་པ་དང་། དེ་ལྟ་ཡིན་ན་དགེ་བའི་རྩ་བ་རྣམ་པར་མི་འཕེལ་བའི་དོན་དང་། གཉིས་ལ་བརྟེན་པ་རྣམས་ལ་འཕེལ་བ་མ་མཐོང་བའི་ཕྱིར་གཉིས་ལ་

སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བརྫི་བ་མེད་པའི་དགེ་བའི་རྩ་བ་རྣམ་པར་འཕེལ་བ་སྤངས་པ་དང་། ཕྱིར་མི་ལྡོག་པའི་དགེ་འདུན་བསྟན་པའི་དོན་དུ་སངས་རྒྱས་ལ་བསྙེན་བཀུར་བྱས་པ་ལས་གཟུངས་རབ་ཏུ་ཐོབ་ཅིང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་མི་འབྲལ་བ་རྣམས་

เล่ม ๘๐ · หน้า 183b

ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བརྗོད་པས་གང་གསུངས་པ་ཡིན་ནོ། །ཐབས་ལ་མཁས་པ་ལ་ལོག་པར་རྟོག་པ་ནི། དེ་ཐོབ་པའི་རྒྱུའི་ཐབས་ལ་མཁས་པ་ཡོངས་སུ་ཞུས་པ་ན་དེ་ངེས་པར་བསྟན་པ་ནས་བརྩམས་ཏེ། དང་པོ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་ནས་

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་སངས་རྒྱས་ལ་སོགས་པ་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་བ་ན། སྦྱིན་པར་བྱེད་པ་དང་། གཏོང་བ་པོ་དང་། ལེན་པ་པོ་མི་དམིགས་པའི་ཐབས་ལ་མཁས་པས། སེམས་ཅན་ཡོངས་སུ་སྐྱོབ་པ་ཉིད་དང་། དེ་བཞིན་

དུ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཐབས་ལ་མཁས་པར་བརྗོད་པ་རྒྱ་ཆེར་སྦྱར་བ་དང་། དེ་ལྟར་ཐབས་ལ་མཁས་པ་རྣམས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་རང་བཞིན་མེད་པར་དམིགས་པ་ཉིད་ཡིན་པའི་ཕྱིར། རྣམ་པར་སྨིན་པ་ཡོངས་སུ་མི་འཛིན་པས་

བློ་མཆོག་དང་ལྡན་པ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་རང་བཞིན་ནི་དངོས་པོ་མེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །མངོན་པར་རྟོགས་པ་ལ་ལོག་པར་རྟོག་པ་ནི། དངོས་པོ་མེད་པས་དངོས་པོ་མེད་པ་མངོན་པར་བྱང་ཆུབ་པར་བྱ་བར་མི་ནུས་པ་ཉིད་དང་། དངོས་པོས་

དངོས་པོ་མེད་པ་མངོན་པར་བྱང་ཆུབ་པར་མི་ནུས་པ་དང་དངོས་པོས་དངོས་པོ་མེད་པར་མངོན་པར་བྱང་ཆུབ་པ་བཀག་པ་དང་། དངོས་པོ་མེད་པས་དངོས་པོ་མེད་པ་བྱང་ཆུབ་པ་བཀག་པ་དང་། དེ་ལྟ་ཡིན་ན་མངོན་པར་རྟོགས་པ་མེད་པར་ཐལ་བ་དང་། མུ་བཞི་ལས་བཟློག་པས་དངོས་པོ་

དང་དངོས་པོ་མེད་པ་མཉམ་པ་ཉིད་དུ་མཐོང་བ་ནི་མངོན་པར་རྟོགས་པ་ཉིད་ཡིན་པར་ཞལ་གྱིས་བཞེས་པས་གང་གསུངས་པ་ཡིན་ནོ། །ཕྱིན་ཅི་ལོག་ལ་ལོག་པར་རྟོག་པ་ནི། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ལ་རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་སྡུག་བསྔལ་བ་དང་། བདག་

དང་བདག་མེད་པ་དང་། ཞི་བ་དང་། མ་ཞི་བ་ཉིད་དུ་མངོན་པར་ཞེན་པ་ནི་སྤྲོས་པ་ཡིན་པ་ཉིད་དང་། དེ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བ་དང་ཡོངས་སུ་ཤེས་པར་མ་བྱས་པ་ཡིན་པ་ཉིད་དུ་མངོན་པར་ཞེན་པ་དང་། དེ་བཞིན་དུ་སྐྱེ་མཆེད་དང་ཁམས་ལ་སོགས་པ་ནས་བརྩམས་ཏེ། རྣམ་

เล่ม ๘๐ · หน้า 184a

པར་ཐར་པའི་སྒོ་གསུམ་གྱི་བར་དུ་སྒོམ་པ་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་པ་ལ་མངོན་པར་ཞེན་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནས་བརྩམས་ཏེ། རང་སངས་རྒྱས་

ཀྱི་བྱང་ཆུབ་ཀྱི་བར་ལས་འདའ་བར་མངོན་པར་ཞེན་པ་དང་། བྱང་ཆུབ་སེམས་དཔའི་ས་བཅུ་པོ་ཡོངས་སུ་རྫོགས་པར་མངོན་པར་ཞེན་པ་ནས་བརྩམས་ཏེ། སྐྱོན་མེད་པར་ཞུགས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། ཕ་རོལ་ཏུ་ཕྱིན་

པ་དྲུག་གི་སྤྱོད་པ་དང་། སྟོང་པ་ཉིད་ཐམས་ཅད་སྒོམ་པ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྐྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པ་དང་། བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་

སྤང་བར་མངོན་པར་ཞེན་པ་ནི་སྤྲོས་པ་ཡིན་པ་ཉིད་དུ་ཤེས་པས། བྱང་ཆུབ་སེམས་དཔའ་ལ་ཇི་སྐད་དུ་བཤད་པའི་སྤྲོས་པ་མེད་པ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་དམ། དངོས་པོ་མེད་པས་དངོས་པོ་མེད་པ་སྤྲོས་པར་མི་བྱེད་དོ་ཞེས་བྱ་བའི་འཐད་པ་དང་། གཟུགས་ལ་

སོགས་པ་སྤྲོས་པ་མེད་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྲོས་པ་མེད་པའི་སྤྱོད་པ་རྗེས་སུ་གནང་བ་དང་། ཆོས་ཐམས་ཅད་ལ་སྤྲོས་པ་མེད་པར་རྣམ་པར་ལྟ་བ་ཉིད་ཞུས་པ་དང་། རབ་འབྱོར་གཟུགས་ལ་སོགས་པ་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། ངོ་བོ་ཉིད་མེད་པ་ཉིད་

ཀྱིས་ནས་སྤྲོས་པ་མེད་པར་རྣམ་པར་ལྟ་བའི་རྒྱུ་ཉིད་ཡིན་པས་སྐྱོན་མེད་པ་ལ་འཇུག་པ་མངོན་པར་བརྗོད་པ་དང་། ངོ་བོ་མེད་པ་ཉིད་ཡིན་ན་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའི་ལམ་མེད་པ་དང་། དགྲ་བཅོམ་པས་ལམ་གྱི་འབྲས་བུ་མི་སྐྱེད་པའི་དཔེས་ལམ་ཤེས་པ་ཉིད་ཀྱིས་

བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའི་འབྲས་བུ་ཐོབ་པར་བསྟན་པ་དང་། དེ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་དེ་མ་ཐག་ཏུ་སྐད་ཅིག་མ་གཅིག་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གང་གསུངས་པ་ཡིན་ནོ། །འདིའི་མདོ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དགྲ་

เล่ม ๘๐ · หน้า 184b

བཅོམ་པ་ཉིད་ལམ་ཐམས་ཅད་ལ་བསླབས་ནས་ཡང་དག་པའི་སྐྱོན་མེད་པ་ལ་འཇུག་མོད་ཀྱི། ཇི་སྲིད་དུ་ལམ་གྱི་འབྲས་བུས་མ་བསྐྱེད་པ་དེ་སྲིད་དུ་འབྲས་བུ་ཐོབ་པར་མི་བྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལམ་ཐམས་ཅད་བསྐྱེད་ནས་

བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་མོད་ཀྱི། ཇི་སྲིད་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་མ་གྱུར་གྱི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ལམ་ལ་རྣམ་པར་རྟོག་པས་ནི། གལ་ཏེ་ལམ་ཤེས་པ་ཉིད་ཡོངས་སུ་རྫོགས་

པར་བྱས་ནས། བྱང་ཆུབ་སེམས་དཔའ་སྐྱོན་མེད་པ་ལ་འཇུག་ན་བརྒྱད་པ་ལ་སོགས་པའི་ལམ་རྣམ་པ་ཐ་དད་པའི་ཕྱིར་ལམ་དེ་དང་དེ་རྫོགས་པར་བྱེད་པ་ན་བྱང་ཆུབ་སེམས་དཔའ་དེ་དང་དེའི་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་བས་ན། བརྒྱད་པ་དང་རྒྱུན་དུ་ཞུགས་པ་ལ་སོགས་

པ་ཉིད་དུ་ཐལ་བ་དང་། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་ན་ཤེས་པ་དང་མཐོང་བ་དག་གིས། དཀར་པོ་རྣམ་པར་མཐོང་བ་ལ་སོགས་པའི་ས་རྣམ་པ་བརྒྱད་ལས་འདའ་བས་ན། ལམ་ཤེས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་སྐྱོན་

མེད་པ་ལ་ཞུགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བརྗོད་པ་དང་། དེ་ཅིའི་ཕྱིར་ཞེ་ན། བརྒྱད་པ་ལ་སོགས་པ་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤོང་བ་དག་ནི། བྱང་ཆུབ་སེམས་དཔའི་བཟོད་པའི་མཚན་ཉིད་ཀྱིས་དང་པོ་ཁོ་ནར་ཉན་ཐོས་ཀྱི་ལམ་གྱིས་དེའི་རྟོགས་པ་

བསལ་བར་བྱེད་པའི་དོན་གྱིས་ལམ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་ལ་སོགས་པའི་འཐད་པ་དང་། རིམ་པ་འདིས་མངོན་པར་རྫོགས་པར་སངས་རྒྱས་ནས་འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་འགྱུར་རོ་ཞེས་བྱ་བ་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་

ཐམས་ཅད་འབྲས་བུ་ལ་ཉེ་བར་སྤྱོད་པའི་རྒྱུ་ཉིད་ཅེས་བྱ་བའི་དོན་དང་། ཉན་ཐོས་ལ་སོགས་པའི་ལམ་ཐ་དད་པའི་བསམ་པས་ལམ་ཤེས་པའི་ལམ་ཡོངས་སུ་ཞུས་པ་དང་། ལམ་ཐམས་ཅད་ཀྱི་རྣམ་པ་དང་རྟགས་དང་མཚན་མ་མངོན་པར་རྫོགས་པར་རྟོགས་ཏེ། དེ་གཞན་

เล่ม ๘๐ · หน้า 185a

དག་ལ་བརྗོད་པ་དང་བསྟན་པ་ལ་སོགས་པ་རྣམས་ལམ་ཤེས་པ་ཉིད་ཀྱི་ལམ་ཉིད་ཡིན་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་གོ་བར་འགྱུར་བ་དང་། རྗེས་སུ་མཐུན་པའི་སྐད་དང་། བརྡ་དང་། སྒྲ་དང་།

སྒྲ་བརྙན་ལྟ་བུར་ཡང་དག་པར་རིག་པའི་ཤེས་པ་བསྐྱེད་པས་གཞན་གྱི་དོན་གྱི་ཐབས་ཕུན་སུམ་ཚོགས་པ་ཤེས་པར་བྱེད་པའི་དོན་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཤེས་པས་གཞན་གྱི་དོན་གྱི་སྦྱོར་བ་དོན་ཡོད་པར་

ཤེས་པར་བྱེད་པའི་དོན་དང་། དམྱལ་བ་ལ་སོགས་པ་ངན་སོང་དེ་དང་དེའི་ལམ་དང་འབྲས་བུ་ཤེས་ནས་དེའི་རྒྱུ་དང་འབྲས་བུ་ལས་བཟློག་པ་ནས་བརྩམས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལམ་དང་འབྲས་བུ་ལ་སོགས་པ་ཤེས་པ་དང་། བྱང་ཆུབ་

ཀྱི་ཕྱོགས་ལ་སོགས་པ་སྙིང་རྗེ་ཆེན་པོའི་བར་དུ་ཤེས་པར་བྱ་བ་དང་སེམས་ཅན་རྣམས་ལམ་ཇི་ལྟ་བ་བཞིན་དུ་འབྲས་བུ་ལ་འགོད་པར་བྱེད་པ་དང་། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སྐྱེས་བུའི་དབང་པོ་རྣམས་ཤིན་ཏུ་རྣམ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་འཐད་པས་ཏེ། ཤིན་ཏུ་རྣམ་པར་ཕྱེད་པ་

ཞེས་བྱ་བ་ནི་རིགས་ཀྱི་རྣམ་པར་ཕྱེ་བས་ལེགས་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། །སྐྱེས་བུ་སྨོས་པས་ནི་བུད་མེད་ཀྱང་རྟོགས་པར་འགྱུར་ཏེ། སྐྱེས་བུ་ནི་བུད་མེད་དང་བཅས་པ་ཞེས་བྱ་བ་ནི་སྒྲའི་ལུགས་ཡིན་ནོ། །དབང་པོ་དེ་དག་ཀྱང་དད་པ་ལ་སོགས་པ་ཡིན་ཏེ། དེ་དང་བྱང་ཆུབ་

དང་དེའི་ཕྱོགས་ཀྱི་ཆོས་རྣམས་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཉིད་ཀྱིས་ན་བྱང་ཆུབ་སྒྲུབ་པར་བྱེད་པའི་ཆོས་གང་ལགས་ཞེས་ཞུས་པ་དང་། དེ་ལྟ་བུ་མི་ཤེས་པའི་

སེམས་ཅན་གྱི་དོན་ཉིད་དུ་བསྟན་པ་ཡིན་པར་གང་གསུངས་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་དང་གཉེན་པོ་ལ་ལོག་པར་རྟོགས་པ་ནི། རབ་འབྱོར་གཞན་ཡང་གཟུགས་གང་ཡིན་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་བར་གྱི་ཆོས་གང་ཡིན་

เล่ม ๘๐ · หน้า 185b

པ་དེ་དག་ཐམས་ཅད་ནི་འཕགས་པའི་ཆོས་འདུལ་བ་འདི་ལ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་ཉིད་ཀྱིས་སེམས་ཅན་རྣམས་གཟུང་བར་བྱ་བའི་དོན་དུ་འཇིག་རྟེན་གྱི་ཐ་སྙད་དུ་དེ་དག་གདགས་པ་དང་། ཉན་ཐོས་ལ་སོགས་པའི་ས་དང་། རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་དག་ཤེས་པ་དང་། མཐོང་བ་དག་གིས་མངོན་སུམ་དུ་རྟོགས་པར་བྱ་བ་ཉིད་དང་། འདོད་ཆགས་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནས་བརྩམས་ཏེ། ཉོན་མོངས་པ་འདུལ་བ་ནི་འཕགས་པའི་ཆོས་འདུལ་བ་ཡིན་པ་ཉིད་དང་། བསམ་གཏན་བཞི་

དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནས་བརྩམས་ཏེ། རྟོགས་པའི་ཆོས་ཐམས་ཅད་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་ཐམས་ཅད་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ།

མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ་མཚན་ཉིད་མེད་པ་ཡིན་ལ། གཟུགས་མེད་པ་དང་བསྟན་དུ་མེད་པ་ལ་སོགས་པ་ནི་གཟུགས་མེད་པ་དང་བསྟན་དུ་མེད་པ་ལ་སོགས་པ་དང་ལྷན་ཅིག་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་འཐད་པས་གང་གསུངས་པ་ཡིན་

ནོ། །མཚན་ཉིད་ལོག་པར་རྟོག་པ་ནི། འདིར་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པ་རྣམས་ཀྱི་ཆོས་ཐམས་ཅད་ཀྱི་མཚན་ཉིད་མི་དམིགས་པར་ཤེས་པ་དང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་མེད་

པ་ལ་བསླབ་པར་བྱ་བ་ཡིན་ན་ཉན་ཐོས་ལ་སོགས་པའི་ས་ལས་འདའ་བར་བྱ་བ་མེད་པར་འགྱུར་བ་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པ། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཉིད་ཀྱིས་མཚན་ཉིད་ལ་སློབ་པ་མེད་

པ་དང་། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སྔར་མཚན་ཉིད་ཡོད་པ་ཞིག་ཡིན་ན་ནི་དེ་ཕྱིས་མཚན་ཉིད་མེད་པར་འགྱུར་བ་ཞིག་ན་ཅེས་བྱ་བའི་འཐད་པ་དང་། མཚན་ཉིད་དང་མཚན་ཉིད་མེད་པ་ལ་སློབ་པ་བཀག་པ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་

เล่ม ๘๐ · หน้า 186a

བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། མཚན་ཉིད་མེད་པའི་དབྱིངས་འདི་ནི་གནས་པ་ཉིད་དོ་ཞེས་བྱ་བའི་འཐད་པས་གང་གསུངས་པ་ཡིན་ནོ། །སྒོམ་པ་ལ་ལོག་པར་རྟོག་པ་ཆོས་ཐམས་ཅད་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་ན་ནི་དེ་བསྒོམས་པས་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་སྒོམ་པར་མི་འཐད་པས་ཉན་ཐོས་ལ་སོགས་པའི་ས་ལས་འདའ་བ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པ་ལ་སོགས་པ་མེད་པ་དང་། དེ་སྒོམ་པ་ལ་མཚན་ཉིད་གཅིག་པ་དང་མཚན་ཉིད་ཐ་དད་པ་ཉིད་བཀག་པས་མཚན་ཉིད་མེད་པ་ཉིད་དེ་སྒོམ་པ་ཡིན་

པར་རྗེས་སུ་གནང་བ་དང་། ཇི་ལྟར་ན་ཞེས་བྱ་བས་དེ་ཡོངས་སུ་ཞུས་པ་ལ། གཟུགས་སྒོམ་པ་རྣམ་པར་མི་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཉིད་དང་། དེ་བཞིན་དུ་ཚོར་བ་ལ་སོགས་པ་དང་། མིག་ལ་སོགས་པ་དང་། གཟུགས་ལ་སོགས་པ་དང་། མིག་

གི་རྣམ་པར་ཤེས་པ་ལ་སོགས་པ་དང་། དེའི་འདུས་ཏེ་རེག་པ་ལ་སོགས་པ་དང་། དེའི་རྐྱེན་གྱི་ཚོར་བ་ལ་སོགས་པ་དང་། ས་ལ་སོགས་པ་ཁམས་དྲུག་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། དེའི་ཡན་ལག་མྱ་ངན་ལ་སོགས་པ་དང་། འཛིན་པ་དང་། སྤོང་བའི་མཚན་ཉིད་

བླང་བ་དང་དོར་བ་དག་དང་། དང་པོ་ལ་སོགས་པའི་བསམ་གཏན་རྣམས་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྗེས་སུ་དྲན་པ་དྲུག་ནས་གཟུང་སྟེ། རྗེས་སུ་དྲན་པ་རྣམས་དང་།

མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པའི་འདུ་ཤེས་དང་། བདག་དང་སེམས་ཅན་ལ་སོགས་པའི་འདུ་ཤེས་དང་། རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། ཞི་བ་དང་། མ་ཞི་བའི་འདུ་ཤེས་དང་། དྲན་པ་ཉེ་བར་གཞག་པ་ལ་

སོགས་པ་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང་། རྟོག་པ་མེད་པ་དཔྱོད་

เล่ม ๘๐ · หน้า 186b

པ་ཙམ་དང་། རྟོག་པའང་མེད་དཔྱོད་པའང་མེད་པའི་ཏིང་ངེ་འཛིན་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་པ་དང་། ལམ་དང་། ཟད་པ་དང་། མི་(སྐྱ་‚སྐྱེ་)བ་དང་། ཆོས་དང་། རྗེས་སུ་འགྲོ་བ་དང་། ཀུན་རྫོབ་དང་།

ཡོངས་སུ་འདྲིས་པ་དང་། སྒྲ་ཇི་བཞིན་ཤེས་པ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དང་། སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་

དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། སྙིང་རྗེ་ཆེན་པོ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་སྒོམ་པ་རྣམ་པར་

མི་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཉིད་ཡིན་ཏེ། སྒོམ་པ་སྨོས་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་སོ་སོ་བ་དང་བསྡུས་པའི་མངོན་པར་རྟོགས་པའི་དབང་དུ་བྱས་ནས་ཇི་སྐད་དུ་བསྟན་པའི་སྒོམ་པའི་ལམ་ཤེས་པའི་དོན་དུའོ། །རྣམ་པར་མི་བསྒོམ་པ་སྨོས་པ་ནི་

སྒོམ་པའི་ལམ་གྱི་བདག་ཉིད་ཇི་ལྟ་བ་ཤེས་པའི་དོན་དུའོ། །རང་དང་སྤྱིའི་མཚན་ཉིད་རྣམ་པ་མང་པོར་ཕྱེ་བའི་གཟུགས་ལ་སོགས་པའི་ཆོས་མང་པོ་སྨོས་པ་ནི་སྔར་གྱི་སྒོམ་པའི་ལམ་གྱི་ཡུལ་གྱི་ཤེས་པའི་དོན་དུ་སྟེ། དེ་དང་། ཇི་ལྟར་ན་ཞེས་བྱ་བས་ཇི་སྐད་དུ་གསུངས་པ་རྒྱས་པར་ཞུས་པ་ལ་

བཤད་པའི་གཟུགས་ལ་སོགས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དེའི་མི་མཐུན་པའི་ཕྱོགས་བག་ལ་ཉལ་བ་ལ་སོགས་པ་རྣམས་དངོས་པོའི་ཞེས་སྒོམ་པ་མེད་པ་རྗེས་སུ་གནང་བ་དང་། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོའི་འདུ་ཤེས་ཅན་ལ་ནི། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་སྒོམ་པ་མེད་དོ་ཞེས་བྱ་བ་དང་། དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ལ་འདི་ནི་ངའོ་ཞེས་བྱ་བར་མཐའ་གཉིས་ལ་ཆགས་པ་ལ་ཐར་པ་མེད་པའི་འཐད་པ་དང་། གཉེན་པོའི་ཆོས་ཐམས་ཅད་སྒོམ་པ་མེད་པ་དང་། དངོས་པོ་དང་། དངོས་པོ་མེད་པའི་མཚན་ཉིད་ཞུས་པ་ལ་དེ་དག་གི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด