ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ
ชื่อสันสกฤต (อักษรทิเบต ตามตัวบท) པཉྩ་བིང་ཤ་ཏི་ས་ཧ་སྲི་ཀ་པྲཛྙཱ་པཱ་ར་མི་ཏ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๘๓ · หน้า 1b
༄༅༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་ཉི་ཤུ་དྲུག་པ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་མ་སྐྱེས་པའི་ཆོས་སྐྱེ་བར་མི་འདོད་པ་གང་ཡིན། རབ་
འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ནི་གཟུགས་མ་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་
རྣམས་དང་། རྣམ་པར་ཤེས་པ་མ་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ནི་སྐྱེ་མཆེད་རྣམས་དང་། ཁམས་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་
བ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་
མེད་པའི་སྙོམས་པར་འཇུག་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་།
เล่ม ๘๓ · หน้า 2a
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་སྐྱེས་པ་རང་བཞིན་གྱིས་སྟོང་པ་
སྐྱེ་བར་མི་འདོད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅི་སྐྱེས་པ་སྐྱེའམ། འོན་ཏེ་མ་སྐྱེས་པ་སྐྱེ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེས་པ་མི་སྐྱེ་སྟེ། མ་སྐྱེས་པ་ཡང་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན།
ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་སྐྱེས་པ་གང་ཡིན་པ་དང་། མ་སྐྱེས་པ་གང་ཡིན་པའི་ཆོས་འདི་གཉིས་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་ཅན་ཡང་མ་ཡིན་པ། བསྟན་དུ་མེད་པ། ཐོགས་པ་
མེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ་མཚན་ཉིད་མེད་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་སྐྱེས་པ་ཡང་མི་སྐྱེ་སྟེ། མ་སྐྱེས་པ་ཡང་མི་སྐྱེའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་སྨྲ་བ་
སྐྱེ་བ་མེད་སྤོབས་པ་སྐྱེ་བ་མེད་དོ། །ཆོས་སྐྱེ་བ་མེད་དོ། །གང་ལས་བརྩམས་ནས་སྨྲ་བར་སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ནི་ཆོས་སྨྲ་བའི་ནང་ནས་མཆོག་ཏུ་བྱ་བར་འོས་པ་སྟེ།
เล่ม ๘๓ · หน้า 2b
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གནས་བརྟན་རབ་འབྱོར་ནི་གང་དང་གང་ཡོངས་སུ་དྲིས་པ་དེ་དང་དེ་ལ་ཐོགས་པ་མེད་དོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆོས་ཐམས་ཅད་ལ་གནས་པ་མེད་པ་དག་གི་ཆོས་ཉིད་དོ། །དེ་དག་ནི་
གང་དང་གང་ལ་ཡོངས་སུ་དྲིས་པ་དེ་དང་དེ་ལ་ཐོགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་མི་གནས་པའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་ཆོས་ཐམས་ཅད་མི་གནས་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་
གཟུགས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་
ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མིག་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་
རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་
གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་
เล่ม ๘๓ · หน้า 3a
པར་ཡང་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དྲན་པ་ཉེ་བར་གཞག་པ་རྣམས་ནི་
རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་།
འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། མངོན་
པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་
ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །
ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས་དེ་ལྟར་གཟུགས་ཡོངས་སུ་སྦྱང་བར་བྱའོ། །ཚོར་བ་དང་། འདུ་ཤེས་དང་
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་སྦྱང་བར་བྱའོ། །དེ་བཞིན་དུ་སོ་སོ་བ་དང་བསྡུས་པའི་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་སྦྱང་བར་བྱའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
เล่ม ๘๓ · หน้า 3b
སུམ་ཅུ་རྩ་བདུན་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་
བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ཡོངས་སུ་སྦྱང་བར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡོངས་སུ་སྦྱང་བར་བྱའོ་ཞེས་བྱ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་ཡིན་ནོ། །
དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན། རབ་འབྱོར་གྱིས་སྨྲས་པ།
ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གང་། འཇིག་རྟེན་ལས་འདས་པ་ནི་གང་། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་བྱེད་ཅིང་སྦྱིན་བདག་ཏུ་གྱུར་པ། དགེ་སྦྱོང་དང་། བྲམ་ཟེ་དང་། ཕོངས་པ་དང་། ལྟོགས་པ་དང་། འགྲོན་པ་དང་། སློང་བ་ཟས་འདོད་པ་ལ་ནི་ཟས་སྐོམ་དང་། ཐེག་པ་དང་། གོས་དང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་
པ་དང་། གནས་དང་། མལ་སྟན་དང་། ཡོ་བྱད་དང་། སྨན་དང་། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་གཏོང་སྟེ། བུ་ཕོ་འདོད་པ་ལ་ནི་བུ་ཕོ་ཡོངས་སུ་གཏོང་ངོ་། །བུ་མོ་འདོད་པ་ལ་ནི་བུ་མོ། །ཆུང་མ་འདོད་པ་ལ་ནི་ཆུང་མ། རྒྱལ་སྲིད་འདོད་པ་ལ་ནི་རྒྱལ་སྲིད། མགོ་འདོད་པ་
เล่ม ๘๓ · หน้า 4a
ལ་ནི་མགོ། ཡན་ལག་དང་ཉིང་ལག་འདོད་པ་ལ་ནི་ཡན་ལག་དང་ཉིང་ལག །ཤ་དང་ཁྲག་དང་། རྐང་འདོད་པ་ལ་ནི། ཤ་དང་ཁྲག་དང་། རྐང་ཡོངས་སུ་གཏོང་སྟེ། དེ་ཡང་གནས་ཤིང་ཡོངས་སུ་གཏོང་ལ་འདི་སྙམ་དུ་བདག་ནི་ཡོངས་སུ་གཏོང་བའོ། །འདི་ནི་ལེན་
པའོ། །འདི་ནི་སྦྱིན་པའོ། །བདག་ནི་སེར་སྣ་མེད་པའོ། །བདག་ནི་སྦྱིན་པའི་བདག་པོའོ། །བདག་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། །བདག་ནི་སངས་རྒྱས་ཀྱི་བཀའ་བཞིན་བྱེད་པའོ། །བདག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་ཏེ། སྦྱིན་པ་དེ་བྱིན་
ནས་ཀྱང་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་ཞིང་བདག་གི་སྦྱིན་པའི་འབྲས་བུ་འདིས་སེམས་ཅན་འདི་དག་ཚེ་འདི་ཉིད་ལ་བདེ་བ་དང་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་
གྱུར་ཅིག་ཅེས་ཡོངས་སུ་བསྔོ་སྟེ། དེ་ཆགས་པ་གསུམ་ལ་ཆགས་ཤིང་སྦྱིན་པ་དེ་ཡོངས་སུ་གཏོང་ངོ་། །གསུམ་གང་ཞེ་ན། འདི་ལྟར་བདག་ཏུ་འདུ་ཤེས་པ་དང་། གཞན་དུ་འདུ་ཤེས་པ་དང་། སྦྱིན་པར་འདུ་ཤེས་པ་འདི་གསུམ་ལ་ཆགས་ནས་སྦྱིན་པ་དེ་དག་ཡོངས་སུ་གཏོང་
སྟེ། འདི་ནི་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཅིའི་ཕྱིར་ན་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། དེ་ནི་འདི་ལྟར་འཇིག་རྟེན་ལས་མི་གཡོ་མི་འཕགས་མི་འདའ་བས་དེའི་ཕྱིར་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་
འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟར་འཁོར་གསུམ་ཡོངས་སུ་དག་པ་སྟེ། དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གཏོང་བའི་ཚེ་བདག་མི་དམིགས།
ལེན་པ་མི་དམིགས། སྦྱིན་པ་མི་དམིགས། རྣམ་པར་སྨིན་པ་ལ་ཡང་དགའ་བར་མི་བྱེད་ཅིང་། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་གསུམ་ཡོངས་སུ་དག་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཅིའི་ཕྱིར་འཇིག་རྟེན་ལས་འདས་པའི་སྦྱིན་
เล่ม ๘๓ · หน้า 4b
པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། དེ་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་འཕགས་ལ་འདའ་བས་དེའི་ཕྱིར་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་ཡང་དེ་བཞིན་ནོ། །ཤཱ་རིའི་
བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་པ་ནི་གང་ཡིན། འཇིག་རྟེན་ལས་འདས་པ་ནི་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཤཱ་རིའི་བུ་འདི་ལ་འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་
གིས་སེར་སྣའི་སེམས་བསྐྱེད་པར་མི་བྱའོ་སྙམ་སྟེ། དམིགས་པ་ལ་བརྟེན་ནས་སྦྱིན་པ་གཏོང་ཞིང་དེ་ཡང་བདག་དང་སེམས་ཅན་དང་སྦྱིན་པའི་འདུ་ཤེས་ལ་གནས་ནས་བདོག་པ་ཐམས་ཅད་གཏོང་ཞིང་ཡོངས་སུ་གཏོང་སྟེ། ཕྱི་འམ་ནང་གི་དངོས་པོ་ཟིན་པའམ་མ་ཟིན་པ་ཡང་རུང་སྟེ། མི་
གཏོང་བའི་དངོས་པོ་གང་ཡིན་པ་དེ་ནི་འགའ་ཡང་མེད་ལ་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་དམིགས་པ་ལ་བརྟེན་པས་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་དང་། དེ་ལུས་དང་ངག་དང་ཡིད་དམིགས་པ་ལ་བརྟེན་ཅིང་སྦྱངས་པའི་ཡོན་ཏན་ལ་རབ་ཏུ་གནས་པའི་
ཚུལ་ཁྲིམས་ལ་རྟེན་པར་བྱེད་ལ། དགེ་བ་བཅུའི་ལས་ཀྱི་ལམ་དེ་ལ་བརྟེན་པ་ན་ཡང་བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། དགེ་བར་ལྟ་བ་ལ་བརྟེན་ནས་བྱང་ཆུབ་ཏུ་དམིགས་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་ཚུལ་ཁྲིམས་དེ་ཡང་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་
ལ། དེ་ཡང་དམིགས་པའི་ཚུལ་གྱིས་བདག་ལ་སྟོད་ཅིང་གཞན་ལ་སྨོད་པར་བྱེད་པ་དང་། དེ་བདག་དང་། སེམས་ཅན་དང་། བཟོད་པ་ལ་བརྟེན་པས་སེམས་ཅན་ཐམས་ཅད་ཀྱིས་ཉེས་པར་བྱས་པ་བཟོད་ཅིང་དགེ་བའི་རྩ་བ་དེ་ཡང་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་ཐུན་མོང་
དུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་དང་། དེ་ལུས་དམིགས་བཞིན་པ་དང་། སེམས་དམིགས་བཞིན་པ་དང་། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་དམིགས་བཞིན་པ་དང་། བདག་དམིགས་བཞིན་པ་དང་། བྱང་ཆུབ་དམིགས་
เล่ม ๘๓ · หน้า 5a
བཞིན་པས་བརྩོན་འགྲུས་རྩོམ་ཞིང་བརྩོན་འགྲུས་དེས་རློམ་སེམས་སུ་བྱེད་ལ། བརྩོན་འགྲུས་དེ་ཡང་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། དེ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་
སྙོམས་སྒོམ་པར་བྱེད་ཅིང་བསམ་གཏན་ལ་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་དང་བཏང་ན་ཡང་དེའི་རོ་མྱོང་བར་བྱེད་ཅིང་རོ་མྱང་བ་དེས་ཀྱང་རློམ་སེམས་སུ་བྱེད་པས་དམིགས་པའི་ཚུལ་གྱིས་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་པ་དང་། དེ་གཟུགས་སྟོང་པའོ་སྙམ་དུ་དམིགས་པར་བྱེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་དམིགས་པ་ནས། བྱང་ཆུབ་དང་སངས་རྒྱས་ཀྱི་བར་དུ་དམིགས་པས། དམིགས་པའི་
ཚུལ་གྱིས་སྟོང་པ་ཉིད་ཐམས་ཅད་སྒོམ་པར་བྱེད་ཅིང་དགེ་བའི་རྩ་བ་དེ་ཡང་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་ལ། དམིགས་པའི་ཚུལ་གྱིས་སྡིག་པ་ཐམས་ཅད་སོ་སོར་འཆགས་པར་བྱེད་
བདག་དང་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་བྱེད། དམིགས་བཞིན་པས་བདག་དང་གཞན་གྱི་དོན་དུ། སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པར་བྱེད། ཐབས་མི་མཁས་པས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་དུས་གསུམ་དུ་དགེ་བའི་རྩ་བ་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་འདི་ནི་འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། བདག་དང་། སེམས་ཅན་དང་། སྦྱིན་པར་བྱ་བ་དང་། བྱང་ཆུབ་མི་དམིགས་པའི་ཤེས་རབ་འཁོར་གསུམ་
ཡོངས་སུ་དག་པས་བྱང་ཆུབ་ཀྱི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་བྱེད་པ་དང་། བདག་དང་སེམས་ཅན་དང་། ཚུལ་ཁྲིམས་དང་བྱང་ཆུབ་མི་དམིགས་པས་འཁོར་གསུམ་ཡོངས་སུ་དག་པས་བྱང་ཆུབ་ཀྱི་ཕྱིར་ཚུལ་ཁྲིམས་ཡོངས་སུ་སྦྱོང་བར་བྱེད་པ་དང་། བདག་དང་།
เล่ม ๘๓ · หน้า 5b
སེམས་ཅན་དང་། བཟོད་པ་དང་། བྱང་ཆུབ་མི་དམིགས་པས་འཁོར་གསུམ་ཡོངས་སུ་དག་པས། བྱང་ཆུབ་ཀྱི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་བྱེད་པ་དང་། བདག་དང་། ལུས་དང་། སེམས་དང་། བརྩོན་འགྲུས་དང་། བསོད་ནམས་དང་། ཡེ་ཤེས་དང་
བྱང་ཆུབ་མི་དམིགས་པས་འཁོར་གསུམ་ཡོངས་སུ་དག་པས། བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་བྱེད་པ་དང་། བདག་དང་། སེམས་ཅན་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། བྱང་ཆུབ་མི་དམིགས་
པས་འཁོར་གསུམ་ཡོངས་སུ་དག་པས། བྱང་ཆུབ་ཀྱི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་བྱེད་པ་དང་། བདག་དང་། སེམས་ཅན་དང་། ཆོས་ཐམས་ཅད་བྱང་ཆུབ་མི་དམིགས་པས་འཁོར་གསུམ་ཡོངས་སུ་དག་པས། བྱང་ཆུབ་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་བྱེད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་ཡོངས་སུ་བསྔོ་བ་དུག་མེད་པ་དང་། ཡོངས་སུ་བསྔོ་བ་བླ་ན་མེད་པ་དང་། ཡོངས་སུ་བསྔོ་བ་མི་མཉམ་པ་དང་མཉམ་པ་དང་། ཡོངས་སུ་བསྔོ་བ་བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་བསྔོ་བ་
མཚུངས་པ་མེད་པ་དང་། ཡོངས་སུ་བསྔོ་བ་གཞལ་དུ་མེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་སྟེ། དེ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཅིའི་ཕྱིར་ན་འཇིག་རྟེན་པ་ཞེས་བྱ། ཅིའི་ཕྱིར་ན་འཇིག་རྟེན་ལས་
འདས་པ་ཞེས་བྱ་ཞེ་ན་དེ་ལ་འཇིག་རྟེན་པ་ཞེས་བྱ་བ་ནི་གང་དག་གིས་འཇིག་རྟེན་དུ་འགྱུར་བ་དང་། གང་དག་འཇིག་རྟེན་དུ་འགྲུབ་པར་བྱེད་པ་དང་། གང་དག་འཇིག་རྟེན་དང་མཉམ་པ་དང་། གང་དག་འཇིག་རྟེན་གྱི་ཕྱིར་སྦྱིན་པ་དང་། གང་དག་འཇིག་རྟེན་ལས་འབྱུང་བར་མི་འགྱུར་བ་དང་།
གང་དག་འཇིག་རྟེན་གྱི་ཡིན་པ་དང་། གང་དག་འཇིག་རྟེན་དུ་འབྱུང་བར་འགྱུར་བ་སྟེ། དེ་དག་ནི་འཇིག་རྟེན་པ་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པ་གང་ཞེ་ན། གང་དག་གིས་འཇིག་རྟེན་སྒྲོལ་བ་དང་། གང་དག་འཇིག་རྟེན་སྒྲོལ་བ་ཡིན་པའམ། གང་དག་གིས་འཇིག་རྟེན་གྱི་རྒལ་བར་
เล่ม ๘๓ · หน้า 6a
བར་བྱེད་པའམ། གང་དག་འཇིག་རྟེན་གྱི་དོན་དུ་མི་འགྱུར་བའམ། གང་དག་འཇིག་རྟེན་ལས་འབྱུང་བར་འགྱུར་བའམ། གང་དག་འཇིག་རྟེན་གྱི་སྒྲོལ་བྱེད་ཡིན་པའམ། གང་དག་འཇིག་རྟེན་ན་སྒྲོལ་བྱེད་ཡིན་པ་དེ་དག་ནི་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །
ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི་དེ་ལྟར་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོར་བར་བྱེད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་གང་ཡིན།
རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དྲན་པ་ཉེ་བར་གཞག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་ཡིན་ནོ། །ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་
ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་
ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དག་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་ཞེས་བྱའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་ཕ་རོལ་ཏུ་ཕྱིན་པ་གང་གི་སྐྱེས་བུའི་རྩལ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེས་བུའི་རྩལ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་
དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། དགེ་བའི་ཆོས་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་
เล่ม ๘๓ · หน้า 6b
བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་འཛིན་ཅིང་ཡང་དག་པར་འཛིན་པར་བྱེད་པ་ཡིན་ནོ། །ཚེ་དང་ལྡན་པ་
ཤཱ་རིའི་བུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མ་
བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་
རྒྱས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པ་ན་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནེམ་ནུར་མེད་ཅིང་རྨོངས་པར་མ་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གནས་པ་འདིས་གནས་ཤིང་ཡིད་ལ་བྱེད་པ་འདི་དང་མ་བྲལ་བར་
རིག་པར་བྱ་སྟེ། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་དོན་དུ་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བའི་ཡིད་ལ་བྱེད་པ་དང་། སྙིང་རྗེ་ཆེན་པོའི་ཡིད་ལ་བྱེད་པ་དང་མ་བྲལ་བའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
དེ་ནི་གནས་པ་འདིས་གནས་ཤིང་ཡིད་ལ་བྱེད་པ་འདི་དང་མ་བྲལ་བར་རིག་པར་བྱའོ་ཞེས་གང་སྨྲས་པ། རྣམ་པར་སྤྱོད་པ་འདིས་རྣམ་པར་སྤྱོད་ཅིང་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་དེ་དང་མ་བྲལ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འདོད་ན་ཚེ་དང་ལྡན་པ་རབ་འབྱོར་དེ་ལྟ་ན་ནི་སེམས་
เล่ม ๘๓ · หน้า 7a
ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་རབ་འབྱོར་སེམས་ཅན་ཐམས་ཅད་ཀྱང་སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་དང་ནི་མ་བྲལ་ལོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ལེགས་སོ་ལེགས་སོ། །ཚེ་དང་ལྡན་
པ་ཤཱ་རིའི་བུས་ཡང་དག་པའི་ཚིག་ཏུ་བརྗོད་པས་དོན་འདི་ཉིད་དུ་བཟུང་ན་ཁྱོད་ལ་ཡང་ཀླན་ཀར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་མེད་པའི་ཕྱིར་ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །སེམས་ཅན་སྟོང་པ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་
པར་བྱའོ། །སེམས་ཅན་རང་བཞིན་མེད་པའི་ཕྱིར་ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་པར་བྱའོ། །སེམས་ཅན་དབེན་པའི་ཕྱིར་ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །སེམས་ཅན་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཕྱིར་ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་
རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་མེད་པའི་ཕྱིར་ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །གཟུགས་སྟོང་པ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །གཟུགས་རང་བཞིན་མེད་པའི་ཕྱིར་ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་པར་བྱའོ། །གཟུགས་དབེན་པའི་
ཕྱིར་ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །གཟུགས་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཕྱིར་ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་རིག་པར་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མེད་པའི་ཕྱིར་ཡིད་ལ་བྱེད་པ་
མེད་པར་རིག་པར་བྱའོ། །རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །རྣམ་པར་ཤེས་པ་རང་བཞིན་མེད་པའི་ཕྱིར་ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་པར་བྱའོ། །རྣམ་པར་ཤེས་པ་དབེན་པའི་ཕྱིར་ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །
རྣམ་པར་ཤེས་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཕྱིར་ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་རིག་པར་བྱའོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང་། བདེན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། ཕ་
เล่ม ๘๓ · หน้า 7b
རོལ་ཏུ་ཕྱིན་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། མངོན་པར་ཤེས་པ་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མེད་པའི་ཕྱིར་ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །དེ་བཞིན་དུ་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ངོ་བོ་ཉིད་མེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པའི་ཕྱིར་ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གནས་པ་འདི་དང་ཡིད་ལ་བྱེད་པ་འདི་དང་མ་བྲལ་ལོ་ཞེས་ཁོ་བོ་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། རབ་འབྱོར་ལེགས་སོ་ལེགས་སོ། །འདི་ལྟར་དེ་བཞིན་གཤེགས་པའི་མཐུས་
རབ་འབྱོར་ཁྱོད་ཇི་ལྟར་སྟོན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་བཤད་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་ཏེ། གཡོས་རབ་ཏུ་གཡོས་ཀུན་དུ་རབ་ཏུ་གཡོས་སོ། །འགུལ་རབ་ཏུ་འགུལ་ཀུན་དུ་རབ་ཏུ་འགུལ་ལོ། །ལྡེག་རབ་ཏུ་ལྡེག་ཀུན་དུ་རབ་ཏུ་ལྡེག་
གོ། །འཁྲུགས་རབ་ཏུ་འཁྲུགས་ཀུན་དུ་རབ་ཏུ་འཁྲུགས་སོ། །འུར་འུར་རབ་ཏུ་འུར་ཀུན་དུ་རབ་ཏུ་འུར་འུར་རོ། །ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ། དབུས་
དམའ་ན་མཐའ་མཐོ། མཐའ་དམའ་ན་དབུས་མཐོ་བར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས།
เล่ม ๘๓ · หน้า 8a
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་ལྟར་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ནང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་དེ་བཞིན་དུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སྟོན་པར་མཛད་དོ། །དེ་བཞིན་དུ་ཕྱོགས་བཅུ་ཁོ་ར་ཁོར་ཡུག་ཀུན་གྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སྟོན་པར་མཛད་དོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བཤད་པའི་ཚེ་ལྷ་དང་མིའི་སྐྱེ་དགུ་རྣམས་ལས་ཁྲག་ཁྲིག་
ཕྲག་བཅུ་གཉིས་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ་ཡང་སེམས་ཅན་གྲངས་མེད་ཚད་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
སེམས་བསྐྱེད་པར་གྱུར་ཏོ་ཞེས་བྱ་བ་ནི་ལམ་ལ་ངེས་པར་འབྱུང་བའོ། །འདི་དག་གིས་ནི་ངེས་པར་འབྱུང་བའི་སྒྲུབ་པ་བསྟན་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་ཟིན་ཏོ། །འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་མངོན་པར་
རྟོགས་པའི་རྒྱན་དང་རྗེས་སུ་མཐུན་པར་དག་པར་གཏུགས་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་པ་རབ་འབྱོར་གྱི་ལེའུ་སྟེ་དང་པོའོ།། །།དེའི་ཚེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་པོ་ཆེན་པོ་བཞི་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་
ཀྱང་ལྷའི་བུ་སྟོང་ཕྲག་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར། དེ་བཞིན་དུ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་འཁོར་རྣམས་ནས་ཚངས་པ་ཆེན་
เล่ม ๘๓ · หน้า 8b
པོ་རྣམས་ཀྱི་བར་དང་། གང་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འོད་ཆུང་རྣམས་ནས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱི་བར་གྱི་ལྷའི་བུ་རྣམས་གནས་གཙང་མའི་རིས་ཀྱི་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ།
རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལུས་ཀྱི་འོད་གང་ཡིན་པ་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ནས།
གནས་གཙང་མའི་རིས་ཀྱི་བར་གྱི་ལྷའི་བུ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལུས་ཀྱི་འོད་གང་ཡིན་པ་དེ་དག་གིས་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། །སྟོང་གི་ཆར་ཡང་། བརྒྱ་ཕྲག་སྟོང་གི་ཆར་ཡང་། བྱེ་བ་བརྒྱ་ཕྲག་སྟོང་གི་
ཆར་ཡང་། གྲངས་སུ་ཡང་། ཆར་ཡང་། བགྲང་བར་ཡང་། དཔེར་ཡང་། རྒྱུར་ཡང་ཉེ་བར་མི་འགྲོ་མི་བཟོད་དེ། དེ་བཞིན་གཤེགས་པའི་འོད་ཀྱི་དྲུང་ན་ལྷ་དེ་རྣམས་ཀྱི་འོད་པས་དེ་བཞིན་གཤེགས་པའི་འོད་འབའ་ཞིག་རབ་ཅེས་བྱའོ། །དམ་པ་དང་། གཙོ་བོ་དང་། མཆོག་དང་།
རབ་མཆོག་དང་། ཕུལ་དུ་ཕྱིན་པ་དང་། བླ་ན་མེད་པ་དང་། གོང་ན་མེད་པ་དང་། གོང་མའི་ཡང་གོང་མ་ཞེས་བྱ་སྟེ། དཔེར་ན་འཛམ་བུའི་ཆུ་ཀླུང་གི་གསེར་གྱི་དྲུང་ན་ལྕགས་ནག་པོ་ལྷམ་མེ་མ་ཡིན། ལྷན་ནེ་མ་ཡིན། ལྷང་ངེ་མ་ཡིན་ནོ། །དེ་བཞིན་དུ་གང་དེ་བཞིན་གཤེགས་པའི་རང་
བཞིན་གྱི་འོད་ཀྱི་དྲུང་ན་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་འོད་ནི་ལྷམ་མེ་མ་ཡིན། ལྷན་ནེ་མ་ཡིན། ལྷང་ངེ་མ་ཡིན་གྱི། དེ་བཞིན་གཤེགས་པའི་འོད་འབའ་ཞིག་རབ་ཅེས་བྱའོ། །དམ་པ་དང་། གཙོ་བོ་དང་། མཆོག་དང་། རབ་མཆོག་དང་། ཕུལ་དུ་ཕྱིན་པ་དང་།
བླ་ན་མེད་པ་དང་། གོང་ན་མེད་པ་དང་། གོང་མའི་ཡང་གོང་མ་ཞེས་བྱའོ་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་འོད་མོག་མོག་པོར་མཛད་པ་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་
เล่ม ๘๓ · หน้า 9a
འཇིག་རྟེན་གྱི་ཁམས་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། གནས་གཙང་མའི་རིས་ཀྱི་ལྷ་
རྣམས་ཀྱི་བར་གྱི་ལྷའི་བུ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བསྟན་པ་ཐོས་པར་འདོད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་བསྟན་པ་མཉན་པའི་ཕྱིར་ལྷགས་ནས། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན་ཞེས་བྱ་བ་ནི་སྣོད་དུ་རུང་བར་བྱ་བ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་
བྱིན་ལ་འདི་སྐད་ཅེས་སྨྲས་སོ།། །།བམ་པོ་ཉི་ཤུ་བདུན་པ། ཀཽ་ཤི་ཀ་དེའི་ཕྱིར་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ་བ་ཉེ་བར་བསྟན་པར་བྱ་སྟེ། ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གང་ཡང་
དག་པར་སྐྱོན་མེད་པར་ཞུགས་པར་གྱུར་པ་དེ་དག་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུད་ཀྱིས་མཚམས་བཅད་པའི་ཕྱིར་རོ་ཞེས་པ་ནི་ཡུལ་སོ་སོར་ངེས་པ་ཡིན་ནོ། །འོན་ཀྱང་ཡང་གལ་ཏེ་དེ་དག་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ལ་ཡང་རྗེས་སུ་ཡི་རང་བར་བྱའོ་ཞེས་བྱ་བ་ནི་ཁྱབ་པ་ཡིན་ནོ། །ཁོ་བོ་ནི་དེ་དག་གི་དགེ་བའི་ཕྱོགས་ལ་བར་ཆད་མི་བྱེད་དེ་ཞེས་བྱ་བ་ནི་རང་བཞིན་ཡིན་ནོ། །ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་མཆོག་ཏུ་ཁྱད་པར་དུ་འཕགས་
เล่ม ๘๓ · หน้า 9b
པའི་ཆོས་རྣམས་ཐོབ་པར་བྱའོ་ཞེས་པ་ནི་ལས་ཡིན་ནོ། །འདི་དག་གིས་ནི་མོག་མོག་པོར་མཛད་པ་ལ་སོགས་པ་བསྟན་ཏོ། །ཀཽ་ཤི་ཀ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དེ་མི་དམིགས་པའི་ཚུལ་གྱིས་གཟུགས་ནི་མི་རྟག་པ་ཉིད་དུ་ཡིད་ལ་བྱའོ། །སྡུག་བསྔལ་བ་ཉིད་དང་། བདག་མེད་པ་ཉིད་དང་། ཞི་བ་ཉིད་དང་། ནད་ཉིད་དང་། འབྲས་ཉིད་དང་། ཟུག་རྔུ་ཉིད་དང་། སྡིག་པ་ཉིད་དང་། ཕ་རོལ་
ཉིད་དང་། འཇིག་པའི་ཆོས་ཅན་ཉིད་དང་། གཡོ་བ་ཉིད་དང་། རབ་ཏུ་འཇིགས་པ་ཉིད་དང་། འཇིགས་པ་ཉིད་དང་། འགོ་བའི་ནད་ཉིད་དང་། ཉེ་བར་འཚེ་བ་ཉིད་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དེ་མི་དམིགས་པའི་ཚུལ་གྱིས་ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་དང་། དེ་བཞིན་དུ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་
ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་མི་རྟག་པ་ཉིད་དུ་ཡིད་ལ་བྱའོ། །སྡུག་བསྔལ་བ་ཉིད་དང་། བདག་མེད་པ་ཉིད་དང་། ཞི་བ་ཉིད་དང་། ནད་ཉིད་དང་། འབྲས་ཉིད་དང་། ཟུག་རྔུ་ཉིད་དང་། སྡིག་པ་ཉིད་དང་། ཕ་རོལ་ཉིད་དང་། འཇིག་པའི་ཆོས་ཅན་ཉིད་
དང་། གཡོ་བ་ཉིད་དང་། རབ་ཏུ་འཇིགས་པ་ཉིད་དང་། འཇིགས་པ་ཉིད་དང་། འགོ་བའི་ནད་ཉིད་དང་། ཉེ་བར་འཚེ་བ་ཉིད་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དེ་མི་དམིགས་པའི་ཚུལ་གྱིས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནི་མི་རྟག་པ་ཉིད་
དུ་ཡིད་ལ་བྱའོ། །སྡུག་བསྔལ་བ་ཉིད་དང་། བདག་མེད་པ་ཉིད་དང་། ཞི་བ་ཉིད་དང་། ནད་ཉིད་དང་། འབྲས་ཉིད་དང་། ཟུག་རྔུ་ཉིད་དང་། སྡིག་པ་ཉིད་དང་། ཕ་རོལ་ཉིད་དང་། འཇིག་པའི་ཆོས་ཅན་ཉིད་དང་། གཡོ་བ་ཉིད་དང་། རབ་ཏུ་འཇིགས་པ་ཉིད་དང་། འཇིགས་པ་ཉིད་དང་།
เล่ม ๘๓ · หน้า 10a
འགོ་བའི་ནད་ཉིད་དང་། ཉེ་བར་འཚེ་བ་ཉིད་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མི་དམིགས་པའི་ཚུལ་གྱིས་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་
དང་། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་དང་། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་དང་། རེག་པའི་རྐྱེན་གྱིས་ཚོར་བ་དང་། ཚོར་བའི་རྐྱེན་གྱིས་སྲེད་པ་དང་། སྲེད་པའི་རྐྱེན་གྱིས་ལེན་པ་དང་། ལེན་པའི་རྐྱེན་གྱིས་སྲིད་པ་དང་། སྲིད་པའི་རྐྱེན་གྱིས་སྐྱེ་བ་དང་། སྐྱེ་བའི་རྐྱེན་
གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་འབྱུང་བར་འགྱུར་རོ། །དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འབྱུང་བར་འགྱུར་བ་དེ་ཡང་མི་རྟག་པ་ཉིད་དུ་ཡིད་ལ་བྱའོ། །སྡུག་བསྔལ་བ་ཉིད་དང་།
བདག་མེད་པ་ཉིད་དང་། ཞི་བ་ཉིད་དང་། ནད་ཉིད་དང་། འབྲས་ཉིད་དང་། ཟུག་རྔུ་ཉིད་དང་། སྡིག་པ་ཉིད་དང་། ཕ་རོལ་ཉིད་དང་། འཇིག་པའི་ཆོས་ཅན་ཉིད་དང་། གཡོ་བ་ཉིད་དང་། རབ་ཏུ་འཇིགས་པ་ཉིད་དང་། འཇིགས་པ་ཉིད་དང་། འགོ་བའི་ནད་ཉིད་དང་། ཉེ་བར་འཚེ་བ་ཉིད་དུ་
ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དེ་མི་དམིགས་པའི་ཚུལ་གྱིས་མ་རིག་པ་འགགས་པས། འདུ་བྱེད་འགག་པ་ནི་བདག་མེད་པ་ཉིད་དུ་ཡིད་ལ་བྱའོ། །ཞི་བ་ཉིད་དང་། དབེན་པ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་།
སྨོན་པ་མེད་པ་ཉིད་དང་། མངོན་པར་འདུ་བྱ་བ་མེད་པ་ཉིད་དུ་ཡིད་ལ་བྱའོ། །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་
པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་
เล่ม ๘๓ · หน้า 10b
དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་འགག་པར་འགྱུར་རོ། །དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་རྣམས་འབའ་ཞིག་འགག་པར་འགྱུར་བ་ཡང་བདག་མེད་པ་ཉིད་དང་། ཞི་བ་ཉིད་དང་། དབེན་པ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་།
སྨོན་པ་མེད་པ་ཉིད་དང་། མངོན་པར་འདུ་བྱ་བ་མེད་པ་ཉིད་དུ་ཡིད་ལ་བྱའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དེ་མི་དམིགས་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་མོ། །
དེ་བཞིན་དུ་ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་མོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དེ་མི་དམིགས་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཆོས་ཀྱིས་ཆོས་རྣམས་སྦྱོར་བར་བྱེད་པ་དང་། ཆོས་ཀྱིས་ཆོས་རྣམས་སྙོམས་པར་བྱེད་པ་དང་། ཡོངས་སུ་རྫོགས་པར་བྱེད་པ་
དང་། ཡོངས་སུ་རྒྱས་པར་བྱེད་ལ་སོ་སོར་བརྟགས་པས་བདག་མེད་པས་ན་ཆོས་ཐམས་ཅད་ནི་འདི་ཙམ་སྟེ། བདག་གམ་བདག་གི་བ་དང་བྲལ་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བའི་སེམས་གང་ཡིན་པ་དེ་ཡང་བྱང་
เล่ม ๘๓ · หน้า 11a
ཆུབ་ཀྱི་སེམས་དང་འགྲོགས་པ་མ་ཡིན། ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དེ་ཡང་བྱང་ཆུབ་ཀྱི་སེམས་དང་དགེ་བའི་རྩ་བའི་སེམས་དང་འགྲོགས་པ་མ་ཡིན། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཡང་ཡོངས་སུ་བསྔོ་བའི་སེམས་དང་འགྲོགས་པ་མ་ཡིན་པས་སོ། །
དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་ཡོངས་སུ་བསྔོ་བའི་སེམས་ལ་མེད་ཅིང་མི་དམིགས་ལ། ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དེ་ཡང་བྱང་ཆུབ་ཀྱི་སེམས་ལ་མེད་ཅིང་མི་དམིགས་སོ། །ཀཽ་ཤི་ཀ་དེ་ལྟར་ན་ཆོས་ཐམས་ཅད་ལ་སོ་སོར་ཡང་བརྟགས་
པས། ཆོས་གང་ལ་ཡང་མངོན་པར་ཞེན་པར་མི་བྱེད་ཅིང་མི་དམིགས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་སྐད་ཅེས་སྨྲས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །
བཙུན་པ་རབ་འབྱོར་ཇི་ལྟར་ན་ཡོངས་སུ་བསྔོ་བའི་སེམས་བྱང་ཆུབ་ཀྱི་སེམས་དང་འགྲོགས་པ་མ་ཡིན། ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྔོ་བའི་སེམས་དང་འགྲོགས་པ་མ་ཡིན། ཇི་ལྟར་ན་ཡོངས་སུ་བསྔོ་བའི་སེམས་བྱང་ཆུབ་ཀྱི་སེམས་ལ་མེད་ཅིང་མི་དམིགས། ཇི་ལྟར་ན་བྱང་
ཆུབ་ཀྱི་སེམས་ཡོངས་སུ་བསྔོ་བའི་སེམས་ལ་མེད་ཅིང་མི་དམིགས། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དེ་ནི་སེམས་མ་ཡིན། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཡང་སེམས་མ་ཡིན་ཏེ། སེམས་མ་ཡིན་པ་དེ་ནི་སེམས་མ་ཡིན་པས་ཡོངས་སུ་
བསྔོ་བ་མེད་དོ། །དེ་ལྟར་ན་སེམས་མ་ཡིན་པ་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པའོ། །བསམ་གྱིས་མི་ཁྱབ་པ་གང་ཡིན་པ་དེ་ནི་སེམས་མ་ཡིན་པ་སྟེ། སེམས་མ་ཡིན་པ་དེ་ནི་སེམས་མ་ཡིན་པས་ཡོངས་སུ་བསྔོ་བ་མེད་དོ། །ཀཽ་ཤི་ཀ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི། ཉན་ཐོས་ཀྱི་ལམ་གྱི་བདེན་པ་བཞི་ལ་དམིགས་པའི་རྣམ་པ་བཅུ་དྲུག་རྣམ་པར་གཞག་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །དེ་ལྟར་བྱང་
เล่ม ๘๓ · หน้า 11b
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཅིང་སྤྲོ་བ་བསྐྱེད་པ་རབ་འབྱོར་ཁྱོད་ཡང་ལེགས་སོ་ལེགས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་གིས་ནི་བཀའ་དྲིན་དྲན་པར་བགྱི་སྟེ་བཀའ་དྲིན་མི་དྲན་པར་མི་བགྱིའོ། །དེ་ནི་འདི་
ལྟར་སྔོན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དྲུང་ན་གནས་པའི་ཉན་ཐོས་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གདམས་པ་དང་། རྗེས་སུ་བསྟན་པ་དང་། ཡང་དག་
པར་བསྟན་པ་དང་། ལེན་དུ་གཞུག་པ་དང་། གཟེངས་བསྟོད་པ་དང་། ཡང་དག་པར་རབ་ཏུ་དགའ་བར་བྱ་བ་དང་། ངེས་པར་གཞུག་པར་བྱ་བ་དང་། རབ་ཏུ་གནས་པར་བགྱིས་ནས་སྔོན་གྱི་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབས་པ་གང་གིས་བཅོམ་ལྡན་
འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །བཅོམ་ལྡན་འདས་དེ་ཁོ་ན་བཞིན་དུ་བདག་ཅག་གིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གདམས་པར་བགྱིའོ། །རྗེས་སུ་བསྟན་པར་
བགྱིའོ། །ཡང་དག་པར་བསྟན་པར་བགྱིའོ། །ལེན་དུ་གཞུག་པར་བགྱིའོ། །གཟེངས་བསྟོད་པར་བགྱིའོ། །ཡང་དག་པར་རབ་ཏུ་དགའ་བར་བགྱིའོ། །ངེས་པར་གཞུག་པར་བགྱིའོ། །རབ་ཏུ་གནས་པར་བགྱིའོ། །བདག་ཅག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་
རོལ་ཏུ་ཕྱིན་པ་དྲུག་ལ་གདམས་པ་དང་། རྗེས་སུ་བསྟན་པ་དང་། ཡང་དག་པར་བསྟན་པ་དང་། ལེན་དུ་གཞུག་པ་དང་། གཟེངས་བསྟོད་པ་དང་། ཡང་དག་པར་རབ་ཏུ་དགའ་བར་བྱ་བ་དང་། ངེས་པར་གཞུག་པ་དང་། རབ་ཏུ་གནས་པར་བྱ་བ་དག་ཀྱང་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་
เล่ม ๘๓ · หน้า 12a
ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་བ་དང་། ཇི་ལྟར་མི་གནས་པར་བྱ་བ་དག་བདག་གིས་བཤད་དོ། །ཀཽ་ཤི་ཀ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །ཀཽ་ཤི་ཀ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་
ནི་རྣམ་པར་ཤེས་པས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་
སེམས་དཔའི་སྟོང་པ་ཉིད་གང་ཡིན་པ་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་མིག་ནི་མིག་གིས་སྟོང་ངོ་། །དེ་བཞིན་དུ་རྣ་
བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་ཡིད་ཀྱིས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་མིག་གི་སྟོང་པ་ཉིད་གང་ཡིན་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དང་། བྱང་
ཆུབ་སེམས་དཔའི་སྟོང་པ་ཉིད་གང་ཡིན་པ་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་སའི་ཁམས་ནི་སའི་ཁམས་ཀྱིས་སྟོང་ངོ་། །དེ་བཞིན་དུ་
ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་ཀྱིས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་སའི་ཁམས་སྟོང་པ་ཉིད་དང་། ཆུའི་
ཁམས་སྟོང་པ་ཉིད་དང་། མེའི་ཁམས་སྟོང་པ་ཉིད་དང་། རླུང་གི་ཁམས་སྟོང་པ་ཉིད་དང་། ནམ་མཁའི་ཁམས་སྟོང་པ་ཉིད་དང་། རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཀཽ་ཤི་ཀ་བྱང་ཆུབ་
เล่ม ๘๓ · หน้า 12b
སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་མ་རིག་པ་ནི་མ་རིག་པས་སྟོང་ངོ་། །དེ་བཞིན་དུ་འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་།
སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་ནི་རྒ་ཤིས་སྟོང་ངོ་། །མ་རིག་པ་འགག་པ་ནི་མ་རིག་པ་འགགས་པས་སྟོང་ངོ་། །དེ་བཞིན་དུ་འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་
པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་འགག་པ་ནི་རྒ་ཤི་འགགས་པས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །དེ་ལྟར་ན་མ་རིག་པ་སྟོང་པ་ཉིད་དང་། མ་རིག་པ་འགག་པ་སྟོང་པ་ཉིད་ནས། རྒ་ཤི་སྟོང་པ་ཉིད་དང་། རྒ་ཤི་
འགག་པའི་བར་དུ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་
པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་
ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཀཽ་ཤི་ཀ་གཞན་ཡང་ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དེ་བཞིན་དུ་ཕྱི་སྟོང་པ་ཉིད་ནི་ཕྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་པོ་མེད་པའི་ངོ་བོ་
เล่ม ๘๓ · หน้า 13a
ཉིད་སྟོང་པ་ཉིད་ཀྱི་བར་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །དེ་ལྟར་ན་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་
བར་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཀཽ་ཤི་ཀ་གཞན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་ངོ་། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་
དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་
རྣམས་དང་། སྟོབས་བཅུ་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱིས་སྟོང་ངོ་། །དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་རྣམས་སྟོང་པ་ཉིད་ནས་སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཀཽ་ཤི་ཀ་གཞན་ཡང་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གྱིས་སྟོང་ངོ་། །གཟུངས་ཀྱི་སྒོ་ནི་གཟུངས་ཀྱི་སྒོས་སྟོང་ངོ་། །བྱང་ཆུབ་སེམས་
དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །དེ་ལྟར་ན་ཏིང་ངེ་འཛིན་སྟོང་པ་ཉིད་དང་། གཟུངས་ཀྱི་སྒོ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་གང་ཡིན་པ་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཀཽ་ཤི་ཀ་གཞན་ཡང་ཉན་ཐོས་ཀྱི་ཐེག་པ་ནི་ཉན་ཐོས་ཀྱི་ཐེག་པས་སྟོང་
ངོ་། །རང་སངས་རྒྱས་ཀྱི་ཐེག་པ་ནི་རང་སངས་རྒྱས་ཀྱི་ཐེག་པས་སྟོང་ངོ་། །ཐེག་པ་ཆེན་པོ་ནི་ཐེག་པ་ཆེན་པོས་སྟོང་ངོ་། །ཉན་ཐོས་ནི་ཉན་ཐོས་ཀྱིས་སྟོང་ངོ་། །རང་སངས་རྒྱས་ནི་རང་སངས་རྒྱས་ཀྱིས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །སངས་རྒྱས་
เล่ม ๘๓ · หน้า 13b
ནི་སངས་རྒྱས་ཀྱིས་སྟོང་ངོ་། །དེ་ལྟར་ན་ཉན་ཐོས་ཀྱི་ཐེག་པ་སྟོང་པ་ཉིད་ནས། ཐེག་པ་ཆེན་པོ་སྟོང་པ་ཉིད་ཀྱི་བར་དང་། ཉན་ཐོས་སྟོང་པ་ཉིད་ནས། སངས་རྒྱས་སྟོང་པ་ཉིད་ཀྱི་བར་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ་ཞེས་བྱ་བ་ནི་དྲོད་དུ་གཏོགས་པ་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བྱ། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དམིགས་པའི་ཚུལ་གྱིས་གཟུགས་ལ་གནས་པར་མི་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་
ཤེས་པ་ལ་གནས་པར་མི་བྱའོ། །དམིགས་པའི་ཚུལ་གྱིས་མིག་ལ་གནས་པར་མི་བྱའོ། །གཟུགས་ལ་གནས་པར་མི་བྱའོ། །མིག་གི་རྣམ་པར་ཤེས་པ་ལ་གནས་པར་མི་བྱའོ། །མིག་གི་འདུས་ཏེ་རེག་པ་ལ་གནས་པར་མི་བྱའོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་
གནས་པར་མི་བྱའོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་གནས་པར་མི་བྱའོ། །ཆོས་ལ་གནས་པར་མི་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པར་མི་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་གནས་པར་མི་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་
ཚོར་བ་ལ་གནས་པར་མི་བྱའོ། །དམིགས་པའི་ཚུལ་གྱིས་སའི་ཁམས་ལ་གནས་པར་མི་བྱའོ། །ཆུའི་ཁམས་ལ་གནས་པར་མི་བྱའོ། །མེའི་ཁམས་ལ་གནས་པར་མི་བྱའོ། །རླུང་གི་ཁམས་ལ་གནས་པར་མི་བྱའོ། །ནམ་མཁའི་ཁམས་ལ་གནས་པར་མི་བྱའོ། །རྣམ་པར་ཤེས་པའི་
ཁམས་ལ་གནས་པར་མི་བྱའོ། །དམིགས་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་པར་མི་བྱའོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། མངོན་པར་ཤེས་པ་དང་།
เล่ม ๘๓ · หน้า 14a
འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་པར་མི་བྱའོ། །
དམིགས་པའི་ཚུལ་གྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པར་མི་བྱའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་དང་། རང་སངས་རྒྱས་ནས། སངས་རྒྱས་ཀྱི་བར་ལ་གནས་པར་མི་བྱའོ་ཞེས་པ་ནི་རྩེ་མོར་
གཏོགས་པ་ཡིན་ནོ། །དམིགས་པའི་ཚུལ་གྱིས་གཟུགས་རྟག་ཅེས་བྱ་བར་གནས་པར་མི་བྱའོ། །དེ་བཞིན་དུ་མི་རྟག་ཅེས་བྱ་བ་དང་། བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བ་དང་།
དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མི་བྱའོ། །གཟུགས་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བ་དང་། མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་པར་མི་བྱའོ། །དམིགས་པའི་ཚུལ་
གྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བར་གནས་པར་མི་བྱའོ། །དེ་བཞིན་དུ་མི་རྟག་ཅེས་བྱ་བ་དང་། བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། མ་ཞི་ཞེས་
བྱ་བ་དང་། དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བ་དང་། མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་པར་མི་བྱའོ། །དེ་བཞིན་དུ་དམིགས་པའི་ཚུལ་
གྱིས་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་
เล่ม ๘๓ · หน้า 14b
པ་རྣམས་དང་། བདེན་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཀྱི་བར་དེ་རྣམས་ཐམས་ཅད་ལ་རྟག་ཅེས་བྱ་བར་གནས་པར་མི་བྱའོ། །དེ་བཞིན་དུ་མི་རྟག་ཅེས་བྱ་བ་དང་། བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་།
མི་དབེན་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བ་དང་། མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་པར་མི་བྱའོ། །ཀཽ་ཤི་ཀ་གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་འདུས་མ་བྱས་
ལས་གདགས་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་འདུས་མ་བྱས་ལས་གདགས་ཞེས་བྱ་བར་གནས་པར་མི་བྱའོ། །རང་སངས་རྒྱས་
ཉིད་འདུས་མ་བྱས་ལས་གདགས་ཞེས་བྱ་བར་གནས་པར་མི་བྱའོ། །རྒྱུན་དུ་ཞུགས་པ་སྦྱིན་པའི་གནས་ཞེས་བྱ་བར་གནས་པར་མི་བྱའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། དེ་བཞིན་གཤེགས་པ་
སྦྱིན་པའི་གནས་ཞེས་བྱ་བར་གནས་པར་མི་བྱའོ་ཞེས་བྱ་བ་ནི་བཟོད་པར་གཏོགས་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་དང་པོ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ས་གཉིས་པ་དང་། ས་གསུམ་པ་དང་། ས་བཞི་པ་དང་།
ས་ལྔ་པ་དང་། ས་དྲུག་པ་དང་། ས་བདུན་པ་དང་། ས་བརྒྱད་པ་དང་། ས་དགུ་པ་དང་། ས་བཅུ་པ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །སེམས་དང་པོ་བསྐྱེད་པ་ལ་གནས་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་
เล่ม ๘๓ · หน้า 15a
གནས་པར་མི་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་
བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་རྣམས་ཡོངས་
སུ་རྫོགས་པར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་
ཞུགས་ནས་ཕྱིར་མི་ལྡོག་པའི་ས་ལ་གནས་པར་བྱའོ་ཞེས་དེ་ལྟར་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱའོ་ཞེས་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་
ཆུབ་སེམས་དཔའི་མངོན་པར་ཤེས་པ་ལྔ་ལ་གནས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བ་དང་། ཆོས་མཉན་པ་དང་། ཐོས་ནས་ཀྱང་དེ་བཞིན་དུ་གཞན་ལ་བསྟན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་གྲངས་
མེད་པ་དང་། གཞལ་དུ་མེད་པ་དང་། ཚད་མེད་པར་འགྲོའོ་ཞེས་དེ་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་མ་འདྲེས་པ་ཅི་འདྲ་བ་དེ་འདྲ་བ་ཉིད་དུ་ཡོངས་
སུ་བསྒྲུབ་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དམིགས་པའི་
เล่ม ๘๓ · หน้า 15b
ཚུལ་གྱིས་གནས་པར་མི་བྱའོ། །འཇིག་རྟེན་གྱི་ཁམས་གྲངས་མེད་ཚད་མེད་པར་སོང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་།
རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །བསྟི་སྟང་དུ་བྱའོ། །མཆོད་པར་བྱའོ། །དེ་བཞིན་གཤེགས་པ་དེ་དག་ལ་ན་བཟའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་གིས་ཀྱང་མཆོད་པར་བྱའོ་ཞེས་བྱ་བ་དེ་ལྟར་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །
སེམས་ཅན་ཚད་མེད་གྲངས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རབ་ཏུ་དགོད་པར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །མིག་ལྔ་བསྒྲུབ་པར་བྱའོ་ཞེས་གནས་པར་མི་བྱ་སྟེ། ཤའི་མིག་དང་། ལྷའི་མིག་དང་། ཤེས་རབ་ཀྱི་མིག་དང་། ཆོས་
ཀྱི་མིག་དང་། སངས་རྒྱས་ཀྱི་མིག་བསྒྲུབ་པར་བྱའོ་ཞེས་གནས་པར་མི་བྱའོ། །ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་གནས་པར་མི་བྱའོ། །ཏིང་ངེ་འཛིན་གང་དང་གང་གིས་རྣམ་པར་རྩེ་བར་འདོད་པའི་ཏིང་ངེ་འཛིན་དེ་དང་དེས་རྣམ་པར་རྩེ་བར་བྱའོ་ཞེས་གནས་པར་མི་བྱའོ། །
གཟུངས་ཀྱི་སྒོ་ཐམས་ཅད་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་གནས་པར་མི་བྱའོ། །ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་གནས་པར་མི་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་བསྒྲུབ་པར་བྱའོ་
ཞེས་གནས་པར་མི་བྱའོ། །མི་འཇིགས་པ་བཞི་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་གནས་པར་མི་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་གནས་པར་མི་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་དམིགས་པའི་ཚུལ་
གྱིས་གནས་པར་མི་བྱའོ། །བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་གནས་པར་མི་བྱའོ། །ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་གནས་པར་མི་བྱའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་
เล่ม ๘๓ · หน้า 16a
དེ་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དད་པའི་རྗེས་སུ་འབྲང་བའོ། །ཆོས་ཀྱི་རྗེས་སུ་འབྲང་བའོ། །བརྒྱད་པའོ། །རྒྱུན་དུ་ཞུགས་པའོ། །པོ་ཟོས་ན་སྲིད་པ་ལན་བདུན་པའོ་ཞེས་གནས་པར་མི་བྱའོ། །
རིགས་ནས་རིགས་སུ་འགྲོ་བའོ་ཞེས་བྱ་བ་དང་། གཅིག་གིས་མཆོད་པའོ་ཞེས་གནས་པར་མི་བྱའོ། །གང་ཟག་མགོ་མཉམ་པའོ་ཞེས་གནས་པར་མི་བྱའོ། །ཚེ་ཟད་པའོ། །ཉོན་མོངས་པ་ཟད་པའོ་ཞེས་གནས་པར་མི་བྱའོ། །རྒྱུན་དུ་ཞུགས་པའི་ཆོས་ལ་ཉམས་པ་མེད་པའོ་ཞེས་གནས་
པར་མི་བྱའོ། །ལན་ཅིག་ཕྱིར་འོང་བ་སྟེ། འཇིག་རྟེན་འདིར་ལན་ཅིག་འོངས་ནས་སྡུག་བསྔལ་མཐར་འབྱིན་ཏོ་ཞེས་གནས་པར་མི་བྱའོ། །ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའོ་ཞེས་གནས་པར་མི་བྱའོ། །ཕྱིར་མི་འོང་སྟེ་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ་ཞེས་
གནས་པར་མི་བྱའོ། །དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའོ་ཞེས་གནས་པར་མི་བྱའོ། །དགྲ་བཅོམ་པ་སྟེ་ཚེ་འདི་ཉིད་ལ་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའོ་ཞེས་གནས་པར་མི་བྱའོ། །རང་སངས་རྒྱས་སོ་ཞེས་གནས་
པར་མི་བྱའོ། །བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ཏེ་བྱང་ཆུབ་སེམས་དཔའི་ས་ལ་གནས་པར་བྱའོ་ཞེས་གནས་པར་མི་བྱའོ། །ལམ་ཤེས་པ་ཉིད་ལ་གནས་པར་བྱའོ་ཞེས་གནས་པར་མི་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་
ལ་གནས་པར་བྱའོ་ཞེས་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཟད་དེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་
པར་འཚང་རྒྱ་བར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་ཞེས་གནས་པར་མི་བྱའོ། །སངས་རྒྱས་ཀྱི་བྱ་བ་བྱས་ཏེ་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པའི་སེམས་ཅན་རྣམས་ཡོངས་སུ་
เล่ม ๘๓ · หน้า 16b
མྱ་ངན་ལས་འདའོ་ཞེས་བྱ་བ་དེ་ལྟར་ཡང་གནས་པར་མི་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ་ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་པས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ་ཞེས་དམིགས་པའི་ཚུལ་གྱིས་
གནས་པར་མི་བྱའོ། །བདག་གི་ཚེའི་ཚད་ནི་དཔག་ཏུ་མེད་པར་གྱུར་ཅིག་ཅེས་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བདག་གི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལས་མཚན་རེ་རེ་ཞིང་བསོད་ནམས་བརྒྱས་ཡོངས་སུ་བསྒྲུབ་པར་གྱུར་ཅིག་ཅེས་གནས་པར་མི་
བྱའོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཇི་ཙམ་ཡོད་པ་དེ་ཙམ་བདག་གི་སངས་རྒྱས་ཀྱི་ཞིང་གཅིག་ཏུ་གྱུར་ཅིག་ཅེས་གནས་པར་མི་བྱའོ། །
བདག་གི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡོ་རྗེའི་རང་བཞིན་དུ་གྱུར་ཅིག་ཅེས་གནས་པར་མི་བྱའོ། །བདག་གི་བྱང་ཆུབ་ཀྱི་ཤིང་དེ་ལས་དྲི་བྱུང་སྟེ། དྲི་དེ་གང་གིས་ཚོར་བའི་སེམས་ཅན་ཐམས་ཅད་ལ་འདོད་ཆགས་ཀྱི་སེམས་མི་འབྱུང་ཞིང་། ཞེ་སྡང་གི་སེམས་
མི་འབྱུང་བ་དང་། གཏི་མུག་གི་སེམས་མི་འབྱུང་བ་དང་། རེས་འགའ་ཙམ་ཡང་ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་མི་འབྱུང་བར་སེམས་ཅན་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་ཅེས་བྱ་བ་དང་། སེམས་ཅན་
གང་གིས་དེའི་དྲི་ཚོར་བར་གྱུར་པ་རྣམས་ལ་ནད་གང་ཡང་མེད་པར་གྱུར་ཅིག་ཅེས་བྱ་བ་དེ་ལྟར་ཡང་གནས་པར་མི་བྱའོ། །བདག་གི་སངས་རྒྱས་ཀྱི་ཞིང་དེར་གཟུགས་ཀྱི་སྒྲ་འབྱུང་བར་མ་གྱུར་ཅིག །ཚོར་བའི་འབྱུང་བར་མ་གྱུར་ཅིག །འདུ་ཤེས་ཀྱི་འབྱུང་བར་མ་གྱུར་ཅིག །འདུ་བྱེད་རྣམས་ཀྱི་
འབྱུང་བར་མ་གྱུར་ཅིག །རྣམ་པར་ཤེས་པའི་སྒྲ་འབྱུང་བར་མ་གྱུར་ཅིག་ཅེས་གནས་པར་མི་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྒྲ་འབྱུང་བར་མ་གྱུར་ཅིག །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྱུང་བར་མ་གྱུར་ཅིག །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྱུང་བར་མ་གྱུར་ཅིག །བརྩོན་
เล่ม ๘๓ · หน้า 17a
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྱུང་བར་མ་གྱུར་ཅིག །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འབྱུང་བར་མ་གྱུར་ཅིག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་འབྱུང་བར་མ་གྱུར་ཅིག་ཅེས་གནས་པར་མི་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྒྲ་འབྱུང་བར་མ་གྱུར་ཅིག །
ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། འཕགས་པའི་བདེན་པ་དང་།
སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཀྱི་སྒྲ་འབྱུང་བར་མ་གྱུར་ཅིག་ཅེས་བྱ་བ་ནས་དེ་བཞིན་དུ་རྒྱུན་ཏུ་ཞུགས་པའི་དང་། ལན་ཅིག་ཕྱིར་འོང་བའི་དང་། ཕྱིར་མི་འོང་བའི་དང་། དགྲ་བཅོམ་པའི་
དང་། རང་སངས་རྒྱས་ཀྱི་དང་། བྱང་ཆུབ་སེམས་དཔའི་དང་། རང་སངས་རྒྱས་ཀྱི་སྒྲ་ཡང་འབྱུང་བར་མ་གྱུར་ཅིག་ཅེས་གནས་པར་མི་བྱའོ་ཞེས་རྒྱས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །ཀཽ་ཤི་ཀ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་ནས་ཚེ་དང་
ལྡན་པ་ཤཱ་རིའི་བུ་འདི་སྙམ་སྟེ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་སྙམ་པ་དང་། དེ་ནས་ཡང་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཤེས་ནས་ཚེ་དང་ལྡན་པ་
ཤཱ་རིའི་བུ་ལ་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ཅི་ཞིག་ལ་གནས། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་གཤེགས་པ་ནི་ཅི་ལ་ཡང་གནས་པ་མ་ཡིན་ཏེ། དེ་ནི་གཟུགས་ལ་གནས་པ་མ་ཡིན། ཚོར་བ་ལ་གནས་པ་མ་ཡིན། འདུ་ཤེས་
เล่ม ๘๓ · หน้า 17b
ལ་གནས་པ་མ་ཡིན། འདུ་བྱེད་རྣམས་ལ་གནས་པ་མ་ཡིན། རྣམ་པར་ཤེས་པ་རྣམས་ལ་གནས་པ་མ་ཡིན། འདུས་བྱས་ཀྱི་ཁམས་ལ་གནས་པ་མ་ཡིན། འདུས་མ་བྱས་ཀྱི་ཁམས་ལ་གནས་པ་མ་ཡིན། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་
བའི་ཡན་ལག་རྣམས་ལ་མ་ཡིན། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་མ་ཡིན། ཚད་མེད་པ་རྣམས་ལ་མ་ཡིན། བསམ་གཏན་རྣམས་ལ་མ་ཡིན། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་མ་ཡིན། མངོན་པར་ཤེས་པ་རྣམས་ལ་མ་
ཡིན། བདེན་པ་རྣམས་ལ་མ་ཡིན། སྟོང་པ་ཉིད་ཐམས་ཅད་ལ་མ་ཡིན། ཏིང་ངེ་འཛིན་ཐམས་ཅད་ལ་མ་ཡིན། གཟུངས་ཀྱི་སྒོ་ཐམས་ཅད་ལ་གནས་པ་མ་ཡིན། སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་
ལ་གནས་པ་མ་ཡིན། ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་རབ་ཏུ་མི་གནས་པའི་ཕྱིར་རོ།། །།བམ་པོ་ཉི་ཤུ་བརྒྱད་པ། དེ་ནས་ཡང་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་
དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདི་ལྟར་གནས་པར་བྱ་སྟེ། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟུགས་ལ་
གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན། ཚོར་བ་ལ་མ་ཡིན། འདུ་ཤེས་ལ་མ་ཡིན། འདུ་བྱེད་རྣམས་ལ་མ་ཡིན། རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་སྟེ། གནས་པ་མེད་པའི་ཚུལ་གྱིས་གནས་པར་འགྱུར་རོ་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་ཏུ་གཏོགས་པ་ཡིན་ནོ། །འདི་དག་གིས་ནི་ཉན་ཐོས་ཀྱི་ལམ་བསྟན་པ་ཡིན་ནོ། །དེ་ནས་ཡང་འཁོར་དེ་རྣམས་ལས་ལྷའི་བུ་ཁ་ཅིག་འདི་སྙམ་དུ་
เล่ม ๘๓ · หน้า 18a
སེམས་པར་གྱུར་ཏེ། གང་གནོད་སྦྱིན་རྣམས་ཀྱིས་གནོད་སྦྱིན་གྱི་སྐད་དང་། གནོད་སྦྱིན་རྣམས་ཀྱི་ཚིག་དང་། གནོད་སྦྱིན་རྣམས་ཀྱིས་སྨྲས་པ་དང་། གནོད་སྦྱིན་རྣམས་ཀྱིས་རབ་ཏུ་བསྙད་པ་གང་ཡིན་པ་དེ་དག་ནི་སྨྲས་པར་གྱུར་ན་ཤེས་པར་རུང་གི །གང་འཕགས་
པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་དང་། རབ་ཏུ་བརྗོད་པ་དང་། སྟོན་པ་དང་། ཉེ་བར་སྟོན་པ་དེ་ནི་ཤེས་པར་མི་རུང་ངོ་སྙམ་མོ། །དེ་ནས་ཡང་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས། ལྷའི་བུ་དེ་དག་ལ་
སྨྲས་པ། ལྷའི་བུ་དག་གང་སྨྲས་པ་དེ་ཤེས་པར་མི་རུང་ངམ། ལྷའི་བུ་རྣམས་ཀྱིས་སྨྲས་པ། འཕགས་པ་རབ་འབྱོར་ཤེས་པར་མི་རུང་ངོ་། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་འདི་ལྟར་ཡི་གེ་ཅིག་ཀྱང་མ་བརྗོད་ཀྱིས་གང་མ་བརྗོད་པ་དེ་ནི་ཐོས་པར་མི་རུང་ངོ་། །གང་ཐོས་
པར་མི་རུང་བ་དེ་ནི་ཤེས་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་ཡིན་པ་སྟེ། དེས་ན་ཤེས་པ་མེད་དོ། །ཉན་པ་མེད་དོ། །སྟོན་པ་མེད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་ཡི་
གེ་མེད་པའོ། །ལྷའི་བུ་དག་འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་ཞིག་སྤྲུལ་ཏེ། དེས་ཀྱང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་རྣམ་བཞི་མངོན་པར་སྤྲུལ་ནས་དེས་འཁོར་
བཞི་པོ་དེ་དག་ལ་ཆོས་བསྟན་པར་གྱུར་ན་ལྷའི་བུ་དག་དེ་ལ་ཇི་སྙམ་དུ་སེམས། དེར་སུས་ཀྱང་བསྟན་པར་གྱུར་པའམ། ཐོས་པའམ། ཤེས་པར་གྱུར་པ་ཡོད་དམ། ལྷའི་བུ་དག་གིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མེད་དོ། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་
ཆོས་ཐམས་ཅད་ཀྱང་སྤྲུལ་པ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མེད་དོ། །སུས་ཀྱང་ཐོས་པ་མེད་དོ། །སུས་ཀྱང་ཤེས་པ་མེད་དོ། །ལྷའི་བུ་དག་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨི་ལམ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
เล่ม ๘๓ · หน้า 18b
ཞིག་ཆོས་སྟོན་པ་མཐོང་ན། ལྷའི་བུ་དག་དེ་ལ་ཇི་སྙམ་དུ་སེམས། དེ་ལ་སུས་ཀྱང་བསྟན་པའམ། ཐོས་པའམ། ཤེས་པར་གྱུར་པ་ཡོད་དམ། ལྷའི་བུ་དག་གིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མེད་དོ། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་
རྨི་ལམ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མེད་དོ། །སུས་ཀྱང་ཐོས་པ་མེད་དོ། །སུས་ཀྱང་ཤེས་པ་མེད་དོ། །ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་གཉིས་ཤིག་རིའི་སུལ་དུ་འཁོད་དེ་སངས་རྒྱས་ཀྱི་ལེགས་པ་ཡང་བརྗོད། ཆོས་ཀྱི་ལེགས་པ་ཡང་བརྗོད། དགེ་འདུན་གྱི་
ལེགས་པ་ཡང་བརྗོད་ལ་དེ་གཉིས་ལས་ཀྱང་སྒྲ་བརྙན་གྱི་དབྱངས་བྱུང་ན། ལྷའི་བུ་དག་དེ་ལ་ཇི་སྙམ་དུ་སེམས། སྒྲ་བརྙན་གཅིག་པུ་དེས་ཀྱང་སྒྲ་བརྙན་གཉིས་པའི་སྒྲ་ཤེས་པར་འགྱུར་བ་ཡོད་དམ། ལྷའི་བུས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མེད་དོ། །རབ་འབྱོར་གྱིས་
སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྒྲ་བརྙན་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མེད་དོ། །ཐོས་པ་མེད་དོ། །ཤེས་པ་མེད་དོ། །ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་
བཞི་མདོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞིག་མངོན་པར་སྤྲུལ། འཁོར་བཞི་ཡང་མངོན་པར་སྤྲུལ་ནས། དེས་སྤྲུལ་པའི་འཁོར་བཞི་ལ་ཆོས་བསྟན་ན། ལྷའི་བུ་དག་དེ་ཇི་སྙམ་དུ་སེམས། དེ་ལ་སུས་ཀྱང་བསྟན་པའམ། ཐོས་པའམ།
ཤེས་པར་གྱུར་པ་ཡོད་དམ། ལྷའི་བུས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མེད་དོ། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མེད་དོ། །ཐོས་པ་མེད་དོ། །ཤེས་པ་མེད་དོ་ཞེས་བྱ་བ་ནི་གཞན་གྱིས་བསྟན་
མི་དགོས་པ་བསྟན་པ་ཡིན་ནོ། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཀྱེ་མ་གནས་བརྟན་རབ་འབྱོར་འཕགས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསལ་བར་བྱེད་པ་སྟེ། ཟབ་པ་བས་ཀྱང་ཤིན་ཏུ་ཟབ་པ་སྟོན་པར་བྱེད་པ། ཕྲ་བ་བས་ཀྱང་ཤིན་ཏུ་ཕྲ་བ་སྟོན་པའོ་
เล่ม ๘๓ · หน้า 19a
ཞེས་བྱ་བ་ནི་ཟབ་པའི་ཡེ་ཤེས་བསྟན་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་གཟུགས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཚོར་བ་མ་ཡིན། འདུ་ཤེས་མ་ཡིན། འདུ་བྱེད་རྣམས་མ་ཡིན། རྣམ་
པར་ཤེས་པ་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཚོར་བའི་མ་ཡིན། འདུ་ཤེས་ཀྱི་མ་ཡིན། འདུ་བྱེད་རྣམས་ཀྱི་མ་ཡིན། རྣམ་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །མིག་གི་རང་
བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྣ་བའི་མ་ཡིན། སྣའི་མ་ཡིན། ལྕེའི་མ་ཡིན། ལུས་ཀྱི་མ་ཡིན། ཡིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སའི་ཁམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཆུའི་ཁམས་ཀྱི་མ་ཡིན། མེའི་ཁམས་ཀྱི་མ་
ཡིན། རླུང་གི་ཁམས་ཀྱི་མ་ཡིན། ནམ་མཁའི་ཁམས་ཀྱི་མ་ཡིན། རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་ཡིན། བཟོད་
པའི་ཕ་རོལ་ཏུ་ཕྱིན་པའི་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ནང་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཕྱི་
སྟོང་པ་ཉིད་ཀྱི་མ་ཡིན། ཕྱི་ནང་སྟོང་པ་ཉིད་ཀྱི་མ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང་།
རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། ཚད་མེད་པ་བཞི་དང་། བསམ་གཏན་བཞི་
เล่ม ๘๓ · หน้า 19b
དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཏིང་ངེ་འཛིན་དང་།
གཟུངས་ཀྱི་སྒོ་ཐམས་ཅད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ནས་ལྷའི་བུ་
དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཆོས་བསྟན་པ་འདི་ལ་ནི་གཟུགས་སུ་བཏགས་པ་མེད་དོ། །ཚོར་བ་མེད་དོ། །འདུ་ཤེས་སུ་མེད་དོ། །འདུ་བྱེད་རྣམས་སུ་མེད་དོ། །རྣམ་པར་ཤེས་པར་བཏགས་པ་མེད་དོ། །སྐྱེ་མཆེད་དུ་མེད་དོ། །ཁམས་སུ་མེད་དོ། །རྟེན་ཅིང་འབྲེལ་
པར་འབྱུང་བར་བཏགས་པ་མེད་དོ། །ཕ་རོལ་ཏུ་ཕྱིན་པར་བཏགས་པ་མེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སུ་བཏགས་པ་མེད་དོ། །ཚད་མེད་པ་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དུ་མེད་དོ། །ཏིང་ངེ་
འཛིན་ཐམས་ཅད་དུ་མེད་དོ། །གཟུངས་ཀྱི་སྒོ་ཐམས་ཅད་དུ་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སུ་མེད་དོ། །མི་འཇིགས་པ་རྣམས་སུ་མེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་སུ་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དུ་བཏགས་པ་མེད་དོ། །ཆོས་
བསྟན་པ་འདི་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུར་བཏགས་པ་མེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུར་མེད་དོ། །དགྲ་བཅོམ་པ་ཉིད་དུ་མེད་དོ། །རང་བྱང་ཆུབ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་སུ་མེད་དོ། །བྱང་ཆུབ་ཏུ་བཏགས་པ་མེད་དོ། །
ཡི་གེ་རྣམས་སུ་བཏགས་པ་མེད་དོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པའི་བྱང་ཆུབ་ནི་བརྗོད་དུ་མེད་དོ། །སྨྲར་མེད་དོ། །དེ་ནི་སུས་ཀྱང་བསྟན་པ་མེད་དོ། །སུས་ཀྱང་
เล่ม ๘๓ · หน้า 20a
ཐོས་པ་མེད་དོ། །སུས་ཀྱང་ཤེས་པ་མེད་དོ། །ལྷའི་བུ་དག་དེ་ལྟ་བས་ན་གང་རྒྱུན་དུ་ཞུགས་པའི་འབྲས་བུ་གནས་པར་འདོད་ཅིང་། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བར་འདོད་ན་ཡང་བཟོད་པ་འདི་ལ་དམིགས་རྟེན་དུ་མི་རུང་ངོ་། །གང་ལན་ཅིག་ཕྱིར་འོང་བའི་འབྲས་
བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། གང་རང་བྱང་ཆུབ་ཉིད་ལ་གནས་པར་འདོད་པ་དང་། གང་རང་བྱང་ཆུབ་ཉིད་ཐོབ་པར་འདོད་པས་ཀྱང་བཟོད་པ་འདི་ལ་དམིགས་རྟེན་དུ་མི་རུང་ངོ་། །ལྷའི་བུ་དག་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་
དང་པོ་བསྐྱེད་པ་ནས་བརྗོད་པ་དང་། མཉན་དུ་མེད་པ་ལས་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་བྱ་བ་ནི་རང་སངས་རྒྱས་རྣམས་ཀྱིས་གཟུང་བའི་རྟོག་པ་སྤངས་པ་བསྟན་པ་ཡིན་ནོ། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། གནས་བརྟན་རབ་
འབྱོར་ལ་ཆོས་ཉན་པ་རྣམ་པ་ཇི་ལྟ་བུ་དག་བཙལ་བར་བྱ་སྙམ་པ་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་བདག་ལ་ཆོས་ཉན་པ་ནི་སྒྱུ་མ་ལྟ་བུ་དང་།
ལྷའི་བུ་དག་བདག་ལ་ཆོས་ཉན་པ་ནི་སྤྲུལ་པ་ལྟ་བུར་བཙལ་བར་བྱ་སྟེ། དེས་ན་ཅི་ཡང་མཉན་པ་མེད་ཅིང་ཅི་ཡང་མངོན་དུ་བྱ་བ་མེད་དོ། །དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཅི་སེམས་ཅན་དེ་དག་སྒྱུ་མ་ལྟ་བུ་སྟེ། །ཉན་
པ་དེ་དག་ཀྱང་སྒྱུ་མ་ལྟ་བུ་ཡིན་ནམ། སེམས་ཅན་དེ་དག་སྤྲུལ་པ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་ཀྱང་སྤྲུལ་པ་ལྟ་བུ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་ཀྱང་སྒྱུ་མ་ལྟ་བུའོ། །
སེམས་ཅན་དེ་དག་ནི་སྤྲུལ་པ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་ཀྱང་སྤྲུལ་པ་ལྟ་བུའོ། །ལྷའི་བུ་དག་གཟུགས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་མིག་
เล่ม ๘๓ · หน้า 20b
ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་གཟུགས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་དང་། ལྷའི་བུ་དག་ཆོས་ཀྱང་རྨི་ལམ་ལྟ་བུ་
སྒྱུ་མ་ལྟ་བུའོ། །མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་
པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །
དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་།
ཚད་མེད་པ་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། བདེན་པ་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་
མ་འདྲེས་པ་བཅོ་བརྒྱད་ཀྱི་བར་རྣམས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྒྱུན་དུ་ཞུགས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་
เล่ม ๘๓ · หน้า 21a
འབྲས་བུ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་དང་། དགྲ་བཅོམ་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རང་བྱང་ཆུབ་ཉིད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རང་བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཉིད་ཀྱང་
རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སངས་རྒྱས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་
ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་རབ་འབྱོར་བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་བཤད་དམ། ཅི་དེ་མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་བཤད་དམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་བདག་ནི་མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་
སྨྲ་སྟེ། གལ་ཏེ་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ན་ཡང་དེ་ཡང་བདག་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་འདི་ལྟར་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུ་དང་། མྱ་ངན་ལས་འདའ་བ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་
མེད་དོ་ཞེས་བྱ་བ་ནི་རང་སངས་རྒྱས་རྣམས་ཀྱི་འཛིན་པའི་རྟོག་པ་སྤངས་པ་བསྟན་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་མཛོད་ལྡན་ཆེན་པོ་དང་། ཚེ་དང་ལྡན་པ་ཀཱ་ཏ་ཡའི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་བྱམས་གང་གི་
བུ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་བརྟག་པར་བྱ་བ་མ་ཡིན་པ། འདི་ལྟར་རྟོག་
གེའི་སྤྱོད་ཡུལ་མ་ཡིན་པ། འདི་ལྟར་ཕྲ་བ། འདི་ལྟར་ཞིབ་པ་དང་། འདི་ལྟར་བལྟ་དཀའ་བ། འདི་ལྟར་རྗེས་སུ་རྟོགས་པར་དཀའ་བ། འདི་ལྟར་གྱ་ནོམ་པ། འདི་ལྟར་ཤིན་ཏུ་འཕགས་པ་ལ་ནུས་པ་ཡོད་པ། འདི་ལྟར་མཁས་ཤིང་མཛངས་པས་རིག་པར་བྱ་བ་འདི་ལེན་པར་བྱེད་པ་སུ་
เล่ม ๘๓ · หน้า 21b
དག་འབྱུང་བར་འགྱུར། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཉན་ཐོས་ཆེན་པོ་དེ་དག་དང་། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སམ། བདེན་པ་མཐོང་བའི་གང་ཟག་གམ། དགྲ་བཅོམ་པ་ཟག་པ་
ཟད་པ་བསམ་པ་ཡོངས་སུ་རྫོགས་པའམ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའི་དབང་དུ་བྱས་པའམ། སངས་རྒྱས་བྱེ་བ་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ་དག་གམ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་བརྟག་པར་བྱ་བ་མ་ཡིན་པ། འདི་ལྟར་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། འདི་ལྟར་ཕྲ་བ། འདི་ལྟར་ཞིབ་པ། འདི་ལྟར་བལྟ་དཀའ་བ། འདི་ལྟར་རྗེས་སུ་རྟོགས་པར་དཀའ་བ། འདི་ལྟར་གྱ་ནོམ་པ། འདི་ལྟར་ཤིན་ཏུ་འཕགས་པ་ལ་ནུས་པ་
ཡོད་པ། འདི་ལྟར་མཁས་ཤིང་མཛངས་པས་རིག་པར་བྱ་བ་འདི་ལེན་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་བརྟག་པར་བྱ་བ་མ་ཡིན་པ། འདི་ལྟར་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། འདི་ལྟར་ཕྲ་བ། འདི་ལྟར་ཞིབ་པ། འདི་ལྟར་བལྟ་དཀའ་
བ། འདི་ལྟར་རྗེས་སུ་རྟོགས་པར་དཀའ་བ། འདི་ལྟར་གྱ་ནོམ་པ། འདི་ལྟར་ཤིན་ཏུ་འཕགས་པ་ལ་ནུས་པ་ཡོད་པ། འདི་ལྟར་མཁས་ཤིང་མཛངས་པས་རིག་པར་བྱ་བ་འདི་ལེན་པར་གྱུར་པ་དེ་དག་ནི་ངེས་པ་ཁོ་ནར་གཟུགས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྟོང་པ་ཉིད་
གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྟོང་པ་ཉིད་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །གཟུགས་མཚན་མ་མེད་ཅེས་
བྱ་བར་རྣམ་པར་རྟོག་པར་མི་འགྱུར། མཚན་མ་མེད་པ་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཚན་མ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། མཚན་མ་མེད་པ་རྣམ་པར་ཤེས་པ་ཞེས་
เล่ม ๘๓ · หน้า 22a
བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །གཟུགས་སྨོན་པ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྨོན་པ་མེད་པ་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྨོན་པ་
མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྨོན་པ་མེད་པ་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །གཟུགས་སྐྱེ་བ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྐྱེ་བ་མེད་པ་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །ཚོར་བ་དང་། འདུ་ཤེས་
དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྐྱེ་བ་མེད་པ་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །གཟུགས་འགག་པ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། འགག་པ་མེད་པ་
གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འགག་པ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། འགག་པ་མེད་པ་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །
གཟུགས་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། ཞི་བ་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། ཞི་བ་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་
རྟོག་པར་མི་འགྱུར་རོ། །གཟུགས་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། དབེན་པ་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། དབེན་པ་
རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་སྐྱེ་ཞེས་བྱ་བ་དང་། འགག་ཅེས་བྱ་བ་དང་། མ་ཞི་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་
เล่ม ๘๓ · หน้า 22b
འབྲེལ་པར་འབྱུང་བའི་ཡན་ལག་དང་། ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་དུ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་
རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། བདེན་པ་དང་། དེ་བཞིན་གཤེགས་
པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་
འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་མཚན་མ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། མཚན་མ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨོན་པ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྨོན་པ་མེད་པ་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེ་བ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྐྱེ་བ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འགག་པ་མེད་ཅེས་
བྱ་བར་རྣམ་པར་རྟོག་པར་མི་འགྱུར། འགག་པ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། ཞི་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་
เล่ม ๘๓ · หน้า 23a
རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། དབེན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་བྱས་ཀྱི་ཁམས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྟོང་པ་ཉིད་འདུས་བྱས་ཀྱི་
ཁམས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་བྱས་ཀྱི་ཁམས་མཚན་མ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། མཚན་མ་མེད་པ་འདུས་བྱས་ཀྱི་ཁམས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་བྱས་ཀྱི་ཁམས་སྨོན་པ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་
འགྱུར། སྨོན་པ་མེད་པ་འདུས་བྱས་ཀྱི་ཁམས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་བྱས་ཀྱི་ཁམས་སྐྱེ་བ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྐྱེ་བ་མེད་པ་འདུས་བྱས་ཀྱི་ཁམས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་བྱས་ཀྱི་ཁམས་འགག་
པ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། འགག་པ་མེད་པ་འདུས་བྱས་ཀྱི་ཁམས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་བྱས་ཀྱི་ཁམས་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། ཞི་བ་འདུས་བྱས་ཀྱི་ཁམས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །
འདུས་བྱས་ཀྱི་ཁམས་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། དབེན་པ་འདུས་བྱས་ཀྱི་ཁམས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་མ་བྱས་ཀྱི་ཁམས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྟོང་པ་ཉིད་འདུས་མ་བྱས་ཀྱི་ཁམས་ཞེས་བྱ་བར་རྣམ་པར་
རྟོག་པར་མི་འགྱུར་རོ། །འདུས་མ་བྱས་ཀྱི་ཁམས་མཚན་མ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། མཚན་མ་མེད་པ་འདུས་མ་བྱས་ཀྱི་ཁམས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་མ་བྱས་ཀྱི་ཁམས་སྨོན་པ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྨོན་
པ་མེད་པ་འདུས་མ་བྱས་ཀྱི་ཁམས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་མ་བྱས་ཀྱི་ཁམས་སྐྱེ་བ་མེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྐྱེ་བ་མེད་པ་འདུས་མ་བྱས་ཀྱི་ཁམས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་མ་བྱས་ཀྱི་ཁམས་འགག་པ་མེད་
เล่ม ๘๓ · หน้า 23b
ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། འགག་པ་མེད་པ་འདུས་མ་བྱས་ཀྱི་ཁམས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་མ་བྱས་ཀྱི་ཁམས་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། ཞི་བ་འདུས་མ་བྱས་ཀྱི་ཁམས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །
འདུས་མ་བྱས་ཀྱི་ཁམས་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། དབེན་པ་འདུས་མ་བྱས་ཀྱི་ཁམས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་
པ་ནས། དེ་ལྟར་ཤིན་ཏུ་འཕགས་པ་ལ་ནུས་པ་ཡོད་པ་དང་། དེ་ལྟར་མཁས་ཤིང་མཛངས་པས་རིག་པར་བྱ་བའི་བར་འདི་ལེན་པར་བྱེད་པ་སུ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལས་ཆོས་འགའ་ཡང་མ་བརྗོད། མ་བསྟན། ཡོངས་སུ་སྣང་བར་མ་བྱས་པ་སྟེ།
འདིར་ཆོས་འགའ་ཡང་མ་བཤད། མ་བསྟན། ཡོངས་སུ་སྣང་བར་མ་བྱས་པ་དེ་ཁོ་ན་ལྟར་འདི་ལེན་པར་བྱེད་པའི་སེམས་ཅན་སུ་ཡང་མི་འབྱུང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱང་རྒྱ་ཆེར་བསྟན་པ་མ་ཡིན་ནམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་ཡོངས་སུ་གཟུང་
བའི་ཕྱིར་ཡང་བསྟན་པ་མ་ཡིན་ནམ། སེམས་དང་པོ་བསྐྱེད་པ་ནས་སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་
དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་
เล่ม ๘๓ · หน้า 24a
ལག་བརྒྱད་པ་དང་། ཚད་མེད་པ་བཞི་དང་། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་དང་། འཕགས་པའི་བདེན་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་
དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་ཕྱིར་ཡང་བསྟན་པ་མ་ཡིན་ནམ། དེ་
བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་རྫུས་ཏེ་སྐྱེ་བར་འགྱུར་བ་མ་ཡིན་ནམ། དེ་བཞིན་དུ་མངོན་པར་ཤེས་པ་རྣམས་ལས་ཡོངས་སུ་ཉམས་པ་མེད་པའི་ཆོས་ཅན་དུ་འགྱུར་བ་མ་ཡིན་ནམ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་
ཀྱི་ཞིང་དུ་འདོང་ཞིང་དགེ་བའི་རྩ་བ་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་བ་མ་ཡིན་ནམ། སངས་རྒྱས་བཅོམ་ལྡན་
འདས་དེ་དག་ལ་ཆོས་གང་ཐོས་པར་གྱུར་པ་དེ་དག་སྐྱེ་བ་གཞན་དུ་ཡང་རྒྱུན་འཆད་པར་མི་འགྱུར་བ་མ་ཡིན་ནམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་འཁྲུག་པ་མེད་པ་དང་། མཉམ་པར་གཞག་པ་མེད་པའི་ཚུལ་གྱིས་རྟག་ཏུ་མཉམ་པར་གཞག་པར་འགྱུར་བ་མ་ཡིན་
ནམ། ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པར་འགྱུར་བ་མ་ཡིན་ནམ། རྒྱུན་ཆད་པ་མེད་པའི་སྤོབས་པ་དང་། མཉམ་པར་གཞག་པའི་སྤོབས་པ་དང་། རིག་པའི་སྤོབས་པ་དང་། འབྲེལ་པའི་སྤོབས་པ་དང་། དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་
པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ལྡན་པར་འགྱུར་བ་མ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་
เล่ม ๘๓ · หน้า 24b
རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱང་རྒྱ་ཆེར་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་གཟུང་བ་ཡང་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་
ཞུགས་པའི་སྤོབས་པ་དང་ལྡན་པའི་བར་དུ་ཡང་འགྱུར་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ། །གང་མི་དམིགས་པའི་ཚུལ་གྱིས་ཤེ་ན། བདག་དང་། སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་
བུ་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་མི་དམིགས་པའི་ཚུལ་དང་། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་དམིགས་པའི་ཚུལ་དང་། མིག་མི་དམིགས་པའི་ཚུལ་དང་། དེ་བཞིན་དུ་
རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མི་དམིགས་པའི་ཚུལ་དང་། མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས་པའི་ཚུལ་དང་། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་
དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས་པའི་ཚུལ་དང་། དེ་བཞིན་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་མི་དམིགས་པའི་ཚུལ་དང་། སའི་ཁམས་མི་
དམིགས་པའི་ཚུལ་དང་། དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་མི་དམིགས་པའི་ཚུལ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པའི་ཚུལ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་
ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པའི་ཚུལ་དང་། ནང་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་
เล่ม ๘๓ · หน้า 25a
ཉིད་ཀྱི་བར་དུ་མི་དམིགས་པའི་ཚུལ་དང་། དྲན་པ་ཉེ་བར་གཞག་པ་རྣམས་མི་དམིགས་པའི་ཚུལ་དང་། དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་
ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་དམིགས་པའི་ཚུལ་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། འཕགས་པའི་བདེན་པ་རྣམས་མི་དམིགས་
པའི་ཚུལ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མི་དམིགས་པའི་ཚུལ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན།
ཅིའི་ཕྱིར་ན་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟན། ཅིའི་ཕྱིར་ན་མི་དམིགས་པའི་ཚུལ་གྱིས་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ལྡན་པའི་བར་དུ་འགྱུར་བ་ཡིན། རབ་འབྱོར་
གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །ཕྱི་སྟོང་པ་ཉིད་ཀྱི་ཕྱིར་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་
རྒྱ་ཆེར་བསྟན་ཏོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་བཟུང་བ་བསྟན་ཏོ། །མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་
เล่ม ๘๓ · หน้า 25b
ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ལྡན་པའི་བར་དུ་འགྱུར་རོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ཇི་སྙེད་ཡོད་པ་དང་། འོག་མིན་གྱི་བར་གྱི་ལྷ་དེ་རྣམས་
འདི་སྙམ་དུ་སེམས་པར་གྱུར་ཏེ། གནས་བརྟན་རབ་འབྱོར་གྱིས་ཆོས་ཀྱི་ཆར་འདི་ལྟར་ཕབ་ཅིང་བསྟན་ན། དེ་ལ་བདག་ཅག་གིས་ཀྱང་མེ་ཏོག་དག་མངོན་པར་སྤྲུལ་ཏེ། མེ་ཏོག་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་།
དགེ་སློང་གི་དགེ་འདུན་རྣམས་དང་། གནས་བརྟན་རབ་འབྱོར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མངོན་པར་གཏོར་བར་བྱའོ་སྙམ་མོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ནས་བརྩམས་ཏེ།
འོག་མིན་གྱི་བར་གྱི་ལྷ་དེ་དག་གིས་ཀྱང་ལྷ་རྫས་ཀྱི་མེ་ཏོག་མན་ད་ར་བ་མང་པོ་མངོན་པར་སྤྲུལ་ཏེ། མེ་ཏོག་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དགེ་སློང་གི་དགེ་འདུན་རྣམས་དང་། གནས་བརྟན་རབ་འབྱོར་དང་། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མངོན་པར་གཏོར་བར་གྱུར་ཏོ། །མངོན་པར་རབ་ཏུ་གཏོར་བར་གྱུར་ཏོ། །ཀུན་ཏུ་རབ་ཏུ་འཐོར་བར་གྱུར་ཏོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ནས། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱི་མེ་ཏོག་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
འདིའི་གཞི་མེ་ཏོག་གི་ཁེངས་པར་གྱུར་ནས་སྟེང་གི་བར་སྣང་ལ་ཡང་མེ་ཏོག་གི་ཁང་པ་བརྩེགས་པ་མདངས་དགའ་ཞིང་ཡིད་དུ་འོང་བ་ཀུན་ནས་གནས་པར་གྱུར་ཏོ། །དེ་ནས་གནས་བརྟན་རབ་འབྱོར་འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ལྟར་ལྷ་རྣམས་ཀྱིས་མངོན་པར་གཏོར་བའི་མེ་ཏོག་
འདི་དག་ནི་བདག་གིས་སྔོན་ཆད་ལྷའི་གནས་ཐམས་ཅད་ན་ཡང་ཡོད་པར་མ་མཐོང་སྟེ། མེ་ཏོག་འདི་དག་ནི་སྤྲུལ་པའོ། །འདི་ལྟར་ལྷའི་བུ་དག་གིས་མངོན་པར་གཏོར་བའི་མེ་ཏོག་འདི་དག་ནི་ཤིང་དང་། ལྡུམ་བུ་དང་། འཁྲི་ཤིང་ལས་བྱུང་བ་མ་ཡིན་གྱི། འདི་ལྟར་ལྷའི་བུ་དག་གིས་
เล่ม ๘๓ · หน้า 26a
མངོན་པར་གཏོར་བའི་མེ་ཏོག་འདི་དག་ནི་ཡིད་ལས་བྱུང་བ་སྟེ་མེ་ཏོག་འདི་དག་ནི་ཤིང་དང་། ལྡུམ་བུ་དང་། འཁྲི་ཤིང་ལས་བྱུང་བ་མ་ཡིན་ནོ་སྙམ་མོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་
རབ་འབྱོར་མེ་ཏོག་འདི་དག་ནི་མ་བྱུང་སྟེ་མེ་ཏོག་འདི་དག་ནི་ཡིད་ལས་བྱུང་བ་མ་ཡིན་ནོ། །ཤིང་དང་། ལྡུམ་བུ་དང་། འཁྲི་ཤིང་ལས་བྱུང་བ་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་སྐད་དུ་མེ་ཏོག་འདི་དག་ནི་མ་སྐྱེས་པ་སྟེ། མེ་ཏོག་འདི་དག་ནི་ཡིད་ལས་བྱུང་བ་མ་
ཡིན། ཤིང་དང་། ལྡུམ་བུ་དང་། འཁྲི་ཤིང་ལས་བྱུང་བ་མ་ཡིན་ནོ་ཞེས་ཟེར་ན། ཀཽ་ཤི་ཀ་གང་མ་སྐྱེས་པ་དེ་ནི་མེ་ཏོག་ཀྱང་མ་ཡིན་ནོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་མེ་ཏོག་འདི་དག་ཁོ་ན་མ་བྱུང་བ་ཡིན་ནམ། འོན་ཏེ་གཟུགས་ཀྱང་མ་
བྱུང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་མ་བྱུང་བ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་མེ་ཏོག་འདི་དག་ཁོ་ན་མ་བྱུང་བ་མ་ཡིན་གྱི། ཀཽ་ཤི་ཀ་གཟུགས་ཀྱང་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་གཟུགས་མ་ཡིན་ནོ། །ཀཽ་ཤི་
ཀ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །ཀཽ་ཤི་ཀ་མིག་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མིག་མ་ཡིན་ནོ། །ཀཽ་ཤི་ཀ་དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་།
ཡིད་ནི་མ་བྱུང་བ་སྟེ་གང་མ་བྱུང་བ་དེ་ནི་ཡིད་མ་ཡིན་ནོ། །ཀཽ་ཤི་ཀ་སའི་ཁམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སའི་ཁམས་མ་ཡིན་ནོ། །ཀཽ་ཤི་ཀ་དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་
ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །ཀཽ་ཤི་ཀ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཀཽ་ཤི་ཀ་དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་།
เล่ม ๘๓ · หน้า 26b
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཀཽ་ཤི་ཀ་ནང་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ནང་སྟོང་པ་ཉིད་མ་ཡིན་ནོ། །
ཀཽ་ཤི་ཀ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་དྲན་པ་ཉེ་བར་གཞག་པ་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་དེ་བཞིན་དུ་
ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན་
ནོ། །ཀཽ་ཤི་ཀ་དེ་བཞིན་དུ་མངོན་པར་ཤེས་པ་རྣམས་དང་། བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་།
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མ་ཡིན་ནོ། །ཀཽ་ཤི་ཀ་དེ་བཞིན་དུ་
ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་རྒྱུན་དུ་ཞུགས་པ་ནི་མ་བྱུང་བ་
སྟེ། གང་མ་བྱུང་བ་དེ་ནི་རྒྱུན་དུ་ཞུགས་པ་མ་ཡིན་ནོ། །ཀཽ་ཤི་ཀ་དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དེ་
เล่ม ๘๓ · หน้า 27a
བཞིན་གཤེགས་པ་མ་ཡིན་ནོ་ཞེས་བྱ་བས་ནི་མངོན་པར་རྟོགས་པའི་རིགས་བསྟན་པ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་གནས་བརྟན་རབ་འབྱོར་འདི་ལྟར་བཏགས་པ་དང་ཡང་མི་འགལ་ལ། ཆོས་
ཉིད་ཀྱང་སྟོན་པ་ནི་ཤེས་རབ་ཟབ་མོ་དང་ལྡན་ནོ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། དེ་དེ་བཞིན་ནོ། །ཀཽ་ཤི་ཀ་དེ་དེ་བཞིན་ཏེ། གནས་བརྟན་རབ་འབྱོར་འདི་ནི་ཤེས་རབ་ཟབ་མོ་དང་ལྡན་པ་སྟེ། དེ་ལྟར་བཏགས་པ་དང་ཡང་མི་འགལ་ལ་ཆོས་
ཉིད་ཀྱང་སྟོན་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་གནས་བརྟན་རབ་འབྱོར་འདི་ནི་བཏགས་པ་དང་ཡང་མི་འགལ་ལ་ཆོས་ཉིད་ཀྱང་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གཟུགས་ནི་
བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་
ཆོས་ཉིད་དེ། །དེ་ནི་གནས་བརྟན་རབ་འབྱོར་གྱིས་མི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མི་འགལ་རྣམ་པར་མི་འགལ་ལོ། །གང་མི་འགལ་རྣམ་པར་མི་འགལ་བ་དེ་ནི། གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མེད་དོ། །
ཀཽ་ཤི་ཀ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་
དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་དུ་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། །
เล่ม ๘๓ · หน้า 27b
དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། བདེན་
པ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་རྣམས་དང་། དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་
དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་བ་ཉིད་དང་། རང་བྱང་ཆུབ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། རྒྱུན་དུ་ཞུགས་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མི་འགལ་བར་བསྟན་
ཏོ། །ཀཽ་ཤི་ཀ་དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ།
དེ་ནི་གནས་བརྟན་རབ་འབྱོར་གྱིས་མི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་མི་འགལ་བ་སྟེ། གང་མི་འགལ་བ་དེ་ནི་གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མེད་དོ། །ཀཽ་ཤི་ཀ་དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་བཏགས་
པ་དང་འགལ་བར་མི་བྱེད་ལ་ཆོས་ཉིད་ཀྱང་སྟོན་ཏོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཐམས་ཅད་ནི་བཏགས་པ་ཙམ་དུ་བསྟན་ཏོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
ཀྱང་དེ་ལྟར་ཆོས་ཐམས་ཅད་བཏགས་པ་ཙམ་དུ་རིག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་སློབ་པ་ནི་གཟུགས་ལ་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་
เล่ม ๘๓ · หน้า 28a
ཤེས་པ་ལ་མི་སློབ་པོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་དུ་གང་ལ་བསླབ་པར་བྱ་བའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དག་
པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་དག་པར་རྗེས་སུ་མི་མཐོང་བས་སོ། །དེ་བཞིན་དུ་ཚུལ་ཁྲིམས་
ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་
ཡང་དག་པར་རྗེས་སུ་མི་མཐོང་བས་སོ། །ནང་སྟོང་པ་ཉིད་ལ་མི་སློབ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཡང་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ནང་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མི་མཐོང་བ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་
སྟོང་པ་ཉིད་ཀྱི་བར་དེ་ཡང་དག་པར་རྗེས་སུ་མི་མཐོང་བས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དྲན་པ་ཉེ་བར་གཞག་པ་དེ་ཡང་དག་པར་རྗེས་སུ་མི་མཐོང་
བས་སོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་
དང་། མངོན་པར་ཤེས་པ་རྣམས་དང་། བདེན་པ་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མི་སློབ་པོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་
เล่ม ๘๓ · หน้า 28b
དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་མི་སློབ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་དག་པར་རྗེས་སུ་མི་མཐོང་བས་སོ། །དེ་ནས་ལྷ་
རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་
མི་མཐོང་བས་སོ། །དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བའམ། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། ཚད་མེད་པ་དང་།
བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཡང་དག་པར་རྗེས་སུ་མི་མཐོང་། གང་ལ་བསླབ་པར་བྱ་བའི་བདེན་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་།
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡང་དག་པར་རྗེས་སུ་མི་མཐོང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་ངོ་། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་
རྣམས་དང་། རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་ངོ་། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་།
བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། བདེན་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་
เล่ม ๘๓ · หน้า 29a
དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་གཟུགས་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་བས་སོ། །
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་སྟོང་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་བས་སོ། །ཀཽ་ཤི་ཀ་གང་སྟོང་པ་ཉིད་ལ་སློབ་པ་དེ་ནི་གཉིས་སུ་བྱར་མེད་པས་གཟུགས་སྟོང་པ་ཉིད་ལ་སློབ་པོ། །གཉིས་སུ་བྱར་མེད་པས་ཚོར་བ་དང་
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་ལ་སློབ་པོ། །གཉིས་སུ་བྱར་མེད་པས་སོ་སོ་བ་དང་། བསྡུས་པའི་ཕུང་པོ་རྣམས་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་
དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། བདེན་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་
ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་སྟོང་པ་ཉིད་ལ་
སློབ་པོ། །ཀཽ་ཤི་ཀ་གང་གཟུགས་སྟོང་པ་ཉིད་ལ་གཉིས་སུ་བྱར་མེད་པས་སློབ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་སྟོང་པ་ཉིད་ལ་གཉིས་སུ་བྱར་མེད་པས་སློབ་པ་དེ་ནི་གཉིས་སུ་བྱར་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པོ། །དེ་ནི་གཉིས་སུ་བྱར་མེད་པས་ཚུལ་
ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པོ། །དེ་ནི་གཉིས་སུ་བྱར་མེད་པས་ནང་སྟོང་པ་ཉིད་ལ་སློབ་པོ། །དངོས་པོ་མེད་པའི་ངོ་བོ་ཉིད་
เล่ม ๘๓ · หน้า 29b
སྟོང་པ་ཉིད་ཀྱི་བར་ལ་སློབ་པོ། །དེ་ནི་གཉིས་སུ་བྱར་མེད་པས་དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་
ལག་བརྒྱད་པ་རྣམས་ལ་སློབ་པོ། །དེ་ནི་གཉིས་སུ་བྱར་མེད་པས་ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་
པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སློབ་པོ། །གཉིས་སུ་བྱར་མེད་པས་ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་སློབ་པོ། །གཉིས་སུ་བྱར་མེད་པས་སངས་རྒྱས་ཀྱི་ཆོས་གྲངས་མེད་གཞལ་དུ་མེད་པ་ལ་སློབ་པོ། །གཉིས་སུ་བྱར་མེད་
པས་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཉིད་ལ་སློབ་པོ། །གཉིས་སུ་བྱར་མེད་པས་སངས་རྒྱས་ཉིད་དང་། ཐམས་ཅད་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ལ་སློབ་པོ་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་ལམ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལས་དྲོད་དུ་གཏོགས་པ་ཡིན་ནོ། །གཟུགས་འཕེལ་བར་བྱ་བའི་ཕྱིར་མི་སློབ། འགྲིབ་པར་བྱ་བའི་ཕྱིར་མི་སློབ་པོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འཕེལ་
བར་བྱ་བའི་ཕྱིར་མི་སློབ། འགྲིབ་པར་བྱ་བའི་ཕྱིར་མི་སློབ་པོ། །དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འཕེལ་བར་བྱ་བའི་ཕྱིར་མི་སློབ། འགྲིབ་པར་བྱ་བའི་ཕྱིར་མི་སློབ་པོ། །རྟེན་ཅིང་འབྲེལ་པར་འབྱུང་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་
ཕྱིར་མི་སློབ་པོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་པོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด