ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ
ชื่อสันสกฤต (อักษรทิเบต ตามตัวบท) པཉྩ་བིང་ཤ་ཏི་ས་ཧ་སྲི་ཀ་པྲཛྙཱ་པཱ་ར་མི་ཏ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๘๔ · หน้า 58b
པའི་སེམས་མི་སྐྱེའོ། །འདོད་ཆགས་དང་ལྡན་པའི་སེམས་མི་སྐྱེའོ། །ཞེ་སྡང་དང་ལྡན་པའི་སེམས་མི་སྐྱེའོ། །གཏི་མུག་དང་ལྡན་པའི་སེམས་མི་སྐྱེའོ། །ཐ་བ་དང་ལྡན་པའི་སེམས་མི་སྐྱེའོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བཅུ་གཉིས་པ་ཡིན་ནོ།། །།གཟུགས་དང་ལྡན་པའི་སེམས་
མི་སྐྱེའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་ལྡན་པའི་སེམས་མི་སྐྱེའོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པའི་སེམས་མི་སྐྱེའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་
ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པའི་སེམས་མི་སྐྱེའོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་
པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་ལྡན་པའི་སེམས་མི་སྐྱེའོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་
པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་ལྡན་པའི་སེམས་མི་སྐྱེའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་ལྡན་པའི་སེམས་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ་
ཆོས་གང་ཡང་དམིགས་སུ་མེད་དེ། མ་དམིགས་པས་ཆོས་གང་ལ་ཡང་སེམས་བསྐྱེད་པ་མེད་དོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་ཟིན་པར་འགྱུར་རོ། །ཕ་རོལ་ཏུ་
ཕྱིན་པ་ཐམས་ཅད་འདུས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་མཐུན་པར་སྤྱོད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་སོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བཅུ་གསུམ་པ་ཡིན་
เล่ม ๘๔ · หน้า 59a
ནོ།། །།རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཇིག་ཚོགས་སུ་ལྟ་བར་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་འདུས་པ་ཡིན་ཏེ། རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་སོ། །རབ་འབྱོར་འདི་ལྟ་སྟེ་
དཔེར་ན། སྐྱེས་བུ་དུས་བྱས་པར་གྱུར་པའི་འཚོ་བའི་དབང་པོ་འགགས་པས་དབང་པོ་ཐམས་ཅད་འགག་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པ་ཡིན་ནོ། །
རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་འགྲོ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བཅུ་བཞི་པ་ཡིན་ནོ།། །།རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་
ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བ་ལ་སློབ་པ་ཡིན་ནོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་ཅིག་འཁོད་པ་དེ་དག་ཅི་མང་བ་ཡིན་ནམ། གསོལ་
པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་འཛམ་བུའི་གླིང་གི་སེམས་ཅན་རྣམས་ཀྱང་མང་བ་ལགས་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ལ། དེ་བཞིན་
གཤེགས་པ་དེ་དག་ཐམས་ཅད་རེ་རེ་ལ་ཡང་སྐུ་ཚེའི་མཐར་ཕྱིན་གྱི་བར་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུན་མ་ཆད་པར་ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙན་གྱི་རྐྱེན་སྨན་དང་། ཡོ་བྱད་མང་པོས་བསྙེན་བཀུར་བྱས་ན། རབ་འབྱོར་དེ་ཇི་
เล่ม ๘๔ · หน้า 59b
སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ།
རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་ལྟར་དོན་ཆེན་པོར་འགྱུར་བ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པའོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པར་འགྱུར་བར་
འདོད་པ་དང་། སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན་དུ་འགྱུར་བར་འདོད་པ་དང་། སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་འགྱུར་བར་འདོད་པ་དང་། དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་དུ་འགྱུར་བར་འདོད་པ་དང་། སྐྱོབ་མེད་པ་རྣམས་ཀྱི་སྐྱོབ་པར་འགྱུར་བར་འདོད་པ་
དང་། གནས་མེད་པ་རྣམས་ཀྱི་གནས་སུ་འགྱུར་བར་འདོད་པ་དང་། གླིང་མེད་པ་རྣམས་ཀྱི་གླིང་དུ་འགྱུར་བར་འདོད་པ་དང་། མུན་པར་གནས་པ་རྣམས་ཀྱི་སྒྲོན་མེར་འགྱུར་བར་འདོད་པ་དང་། སངས་རྒྱས་སུ་འགྱུར་བར་འཐོབ་པར་འདོད་པ་དང་། སངས་རྒྱས་ཀྱི་ཡུལ་ཁོང་དུ་
ཆུད་པར་འདོད་པ་དང་། སངས་རྒྱས་ཀྱི་རྣམ་པར་རོལ་པས་རྣམ་པར་རྩེ་བར་འདོད་པ་དང་། སངས་རྒྱས་ཀྱི་སེང་གེའི་སྒྲའི་ང་རོ་བསྒྲགས་པར་འདོད་པ་དང་། སངས་རྒྱས་ཀྱི་རྔ་བརྡུང་བར་འདོད་པ་དང་། སངས་རྒྱས་ཀྱི་དུང་འབུད་པར་འདོད་པ་དང་། སངས་རྒྱས་ཀྱི་གཏམ་
བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཕུན་སུམ་ཚོགས་པ་གང་ཐོབ་པར་བྱ་བ་དེ་དག་ལས་མི་ཐོབ་པ་གང་ཡང་མེད་
เล่ม ๘๔ · หน้า 60a
དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བགྱི་བ་ལགས་སམ། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བགྱི་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བྱ་ལ། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བྱ་བ་དེས། དེ་ལ་གནས་པར་མི་བྱ། འདུག་པར་མི་བྱ། ཤེས་པ་དང་མཐོང་བས་དེ་དག་བལྟས་ནས་འདའ་བར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྐྱོན་
མེད་པར་འཇུག་པར་བྱའོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་སྦྱིན་པའི་གནས་སུ་གྱུར་པ་ཡིན་ཏེ། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་མ་ཡིན་པའི་སྦྱིན་པའི་གནས་ཉན་ཐོས་དང་། རང་སངས་རྒྱས་གང་ཇི་སྙེད་
པ་དེ་དག་ཐམས་ཅད་ཟིལ་གྱིས་མནན་ཞིང་འགྲོ་བར་འགྱུར་བ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ཏེ། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་གཏོང་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་རིག་པར་བྱ་སྟེ། ཉན་
ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་རིང་དུ་བྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བཅོ་ལྔ་པ་ཡིན་ནོ།། །།གལ་ཏེ་ཡང་འདི་སྙམ་དུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་
เล่ม ๘๔ · หน้า 60b
འདི་ནའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒྲུབ་པར་བྱའོ་སྙམ་སྟེ། གལ་ཏེ་དེ་ལྟར་ཤེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ན་ཡོད་དོ་
ཞེས་བྱ་བར་ཤེས་པ་མེད་དེ། གང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་དང་། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་དང་། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་
འཚང་རྒྱ་བ་དེ་ལྟ་བུ་ཡང་མི་ཤེས་མི་མཐོང་ཞིང་། དེ་འདི་སྙམ་སྟེ། ཆོས་ཀྱི་དབྱིངས་དང་། ཆོས་ཉིད་དང་། ཡང་དག་པའི་མཐའ་གནས་པའི་ཕྱིར་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ན་ཡོད་པ་ཡང་མ་ཡིན། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ནི་ཆོས་གང་ཡང་འབྱུང་བར་འགྱུར་བ་ཡང་མེད་དོ་ཞེས་རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བཅུ་དྲུག་པ་ཡིན་ཏེ། འདི་དག་ནི་རྣམ་པར་འཕེལ་
བ་བསྟན་པ་ཡིན་ནོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་།
དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་
เล่ม ๘๔ · หน้า 61a
རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་།
གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་ཡང་སྤྱོད་བཞིན་དུ་སེམས་ཅན་
ཐམས་ཅད་ཟིལ་གྱིས་གནོན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ན་ལྟ་ཅི་སྨོས། སེམས་ཅན་གང་གི་སེམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འཇུག་པ་དེ་དག་ཀྱང་ཐོབ་པ་ལེགས་པར་ཐོབ་ཅིང་དེ་དག་གི་འཚོ་བ་ལེགས་
པར་འཚོ་བ་ཡིན་ན། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ལྟ་ཅི་སྨོས། སེམས་ཅན་གང་གིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དེ་དག་ནི་ཀུན་གྱི་ཡིད་དུ་འོང་བར་བྱ་
བ་ཡིན་ནོ་སྙམ་དུ་སེམས་པར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མེ་ཏོག་མན་ད་ར་བ་མང་པོ་བླངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་མེ་ཏོག་མན་ད་ར་བ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གཏོར་ཏོ། །མངོན་
པར་གཏོར་ཏོ། །རབ་ཏུ་གཏོར་ཏོ། །དེ་ལྟར་མངོན་པར་གཏོར་རབ་ཏུ་གཏོར་ནས་ཚིག་འདི་སྐད་བརྗོད་དོ། །དགེ་བའི་རྩ་བ་འདིས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དམིགས་པ་དེ་དག་གིས་སངས་རྒྱས་ཀྱི་ཆོས་རྣམས་
ཡོངས་སུ་རྫོགས་པར་གྱུར་ཅིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །རང་བྱུང་གི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །ཟག་པ་མེད་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བྱ་བ་ནི་ཀུན་མཁྱེན་ཉིད་གསུམ་གྱི་ཆོས་
เล่ม ๘๔ · หน้า 61b
རྣམས་བླ་ན་མེད་པ་ཡང་དག་པར་ཡོངས་སུ་རྫོགས་པ་ཡིན་ནོ།། །།བཅོམ་ལྡན་འདས་བདག་ནི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པས། སླར་ལྡོག་པར་འགྱུར་བ་སེམས་འགའ་ཙམ་ཡང་སྐྱེ་བ་མ་མཆིས་སོ། །
བཅོམ་ལྡན་འདས་བདག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སླར་ལོག་སྟེ། ཉན་ཐོས་སམ། རང་སངས་རྒྱས་སུ་འགྱུར་བར་སེམས་འགའ་ཙམ་ཡང་སྐྱེ་བ་མ་མཆིས་ཀྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མོས་པ་བསྐྱེད་ཅིང་ཡང་དང་ཡང་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་དང་འཁོར་བའི་སྡུག་བསྔལ་མང་པོ་འདི་དག་མཐོང་ནས། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་དོན་དུ་སྨན་པར་མོས། བདེ་བར་མོས་ཞིང་ལེགས་པར་བགྱི་བར་མོས་ཏེ། སེམས་བསྐྱེད་པ་དེ་ལྟ་བུ་
དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟར་རྟོག་སྟེ། ཅི་བདག་བརྒལ་ནས་སེམས་ཅན་མ་བརྒལ་བ་སྒྲོལ་བར་འགྱུར་རམ། ཅི་བདག་གྲོལ་ནས་སེམས་ཅན་མ་གྲོལ་བ་འགྲོལ་བར་འགྱུར་རམ། བདག་དབུགས་ཕྱིན་ནས་སེམས་ཅན་དབུགས་མ་བྱུང་
བ་དབུགས་འབྱིན་པར་འགྱུར། ཅི་བདག་ཡོངས་སུ་མྱ་ངན་ལས་འདས་ནས་སེམས་ཅན་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་ཟློ་བར་འགྱུར་རམ་ཞེས་རྟོག་སྟེ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་ཡིན་ཏེ། ངེས་པར་བརྟེན་པ་གསུངས་པ་ཡིན་ནོ།། །།
བཅོམ་ལྡན་འདས་དེ་ལྟར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་པ་དང་། ཡུན་རིང་པོ་ནས་སྤྱོད་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་
ལ་རྗེས་སུ་ཡི་རང་བར་བགྱིད་པ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་ལ་
เล่ม ๘๔ · หน้า 62a
རྗེས་སུ་ཡི་རང་བར་བགྱིད་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཇི་ཙམ་ཞིག་ཏུ་འཕེལ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་གླིང་ཆེན་པོ་
བཞི་པའི་འཇིག་རྟེན་གྱི་ཁམས་ནི་སྲང་ལ་གཞལ་བའི་ཚད་ཀྱིས་ཚད་གཟུང་བར་རུང་ཡང་སྲིད་ཀྱི། དེ་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མེད་དོ། །ཀཽ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་
དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་སྲང་ལ་གཞལ་བའི་ཚད་ཀྱིས་ཚད་གཟུང་བར་རུང་ཡང་སྲིད་ཀྱི། དེ་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མེད་དོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
ཀྱི་རྒྱ་མཚོ་ཆེན་པོ་རྣམས་ལ་ཆུའི་ཕུང་པོ་ཆེན་པོ་ཇི་སྙེད་ཡོད་པ་དེ་དག་ནི་སྐྲའི་རྩེ་མོ་བརྒྱར་གཤེགས་པའི་ཆ་གཅིག་གིས་ཆུའི་ཐིགས་པ་བླངས་པའི་ཚད་ཀྱིས་ཚད་གཟུང་བར་རུང་ཡང་སྲིད་ཀྱི། དེ་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མེད་དོ། །
དེ་སྐད་ཅེས་བཀའ་སྩལ་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་མི་བགྱིད་པའི་སེམས་ཅན་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པའོ། །བཅོམ་ལྡན་འདས་
གང་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་མི་བགྱིད་པའི་སེམས་ཅན་དེ་དག་ནི་བདུད་ཀྱི་ཕྱོགས་སུ་གྱུར་པའོ། །བཅོམ་ལྡན་འདས་གང་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་མི་བགྱིད་པའི་སེམས་ཅན་དེ་དག་ནི་བདུད་ཀྱི་གནས་ནས་ཤི་འཕོས་པའོ། །དེ་ཅིའི་སླད་དུ་ཞེ་ན།
བཅོམ་ལྡན་འདས་གང་གིས་སེམས་བསྐྱེད་པ་འདི་བསྒྲུབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སེམས་ཅན་དེ་དག་ནི་བདུད་ཀྱི་གནས་འཇིག་པར་བགྱིད་པ་སྟེ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་
เล่ม ๘๔ · หน้า 62b
སེམས་བསྐྱེད་པ་དེ་དག་ནི་རྗེས་སུ་ཡི་རང་བར་བགྱིད་པ་སྟེ། གང་གིས་སངས་རྒྱས་ཡོངས་སུ་མ་བཏང་བ་དང་། ཆོས་ཡོངས་སུ་མ་བཏང་བ་དང་། དགེ་འདུན་ཡོངས་སུ་མ་བཏང་བ་དེ་དག་གིས་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིའོ། །རྗེས་སུ་ཡི་རང་བར་བགྱིས་ནས་བླ་
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱི་སྟེ། ཇི་ལྟར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་དང་། གཉིས་སུ་མ་མཆིས་པའི་འདུ་ཤེས་སུ་ཡང་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །
དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཀཽ་ཤི་ཀ་གང་སེམས་བསྐྱེད་པ་འདི་དག་ལ་རྗེས་སུ་ཡི་རང་བར་བྱས་པ་དེ་དག་ནི་མྱུར་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་འགྱུར་བ་སྟེ། མཉེས་པར་བྱས་ནས་ཀྱང་
ཐུགས་བྱུང་བར་མི་འགྱུར་རོ། །དེ་ལྟར་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་དགེ་བའི་རྩ་བ་དེ་དག་དང་ལྡན་པ་དག་ནི་གང་དང་གང་དུ་སྐྱེས་པ་དེ་དང་དེ་དག་ཏུ་རིམ་གྲོར་བྱ་བར་འགྱུར་རོ། །བཀུར་སྟིར་བྱ་བར་འགྱུར་རོ། །བསྟི་སྟང་དུ་བྱ་བར་འགྱུར་རོ། །མཆོད་པ་བྱ་བར་
འགྱུར་རོ། །དེས་ནམ་ཡང་གཟུགས་ཡིད་དུ་མི་འོང་བ་མཐོང་བར་མི་འགྱུར་རོ། །ནམ་ཡང་སྒྲ་ཡིད་དུ་མི་འོང་བ་ཐོས་པར་མི་འགྱུར་རོ། །ནམ་ཡང་དྲི་ཡིད་དུ་མི་འོང་བ་ཚོར་བར་མི་འགྱུར་རོ། །ནམ་ཡང་རོ་ཡིད་དུ་མི་འོང་བ་མྱོང་བར་མི་འགྱུར་རོ། །ནམ་ཡང་རེག་ཡིད་དུ་མི་འོང་བ་
རེག་པར་མི་འགྱུར་རོ། །ནམ་ཡང་ཆོས་ཡིད་དུ་མི་འོང་བ་ཤེས་པར་མི་འགྱུར་རོ། །ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མི་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་པ་དང་།
དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པ་གཞལ་དུ་མེད་གྲངས་མེད་ཚད་མེད་པ་རྣམས་ཀྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་
เล่ม ๘๔ · หน้า 63a
བར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་སོ། །ས་དང་པོ་ལ་གནས་པ་རྣམས་ཀྱི་དགེ་བའི་རྩ་བ་དང་། ས་གཉིས་པ་ལ་གནས་པ་རྣམས་ཀྱི་དགེ་བའི་རྩ་བ་དང་། ས་གསུམ་པ་ལ་གནས་པ་རྣམས་ཀྱི་དགེ་བའི་རྩ་བ་དང་། ས་
བཞི་པ་ལ་གནས་པ་རྣམས་ཀྱི་དགེ་བའི་རྩ་བ་དང་། ས་བཅུ་པ་ལ་གནས་པ་རྣམས་ཀྱི་དགེ་བའི་རྩ་བ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་ཞིང་དགེ་བའི་རྩ་བ་དེ་དག་གིས་རྣམ་པར་འཕེལ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་དང་ཉེ་བར་གྱུར་པའི་ཕྱིར་རོ། །དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་ཡིན་ཏེ། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྲངས་མེད་གཞལ་དུ་མེད་ཚད་མེད་པ་རྣམས་ཡོངས་སུ་མྱ་
ངན་ལས་ཟློ་བར་འགྱུར་རོ། །ཀཽ་ཤི་ཀ་དེ་ལྟར་རྣམ་གྲངས་དེས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་
བར་བྱ་སྟེ། ཇི་ལྟར་སེམས་གཞན་ལ་མི་རྒྱུ་བ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །སྤྱོད་པ་རྣམས་དང་། ཕྱིར་མི་ལྡོག་པ་རྣམས་དང་། སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་
བསྔོ་བར་བྱ་སྟེ། ཇི་ལྟར་སེམས་གཞན་དུ་མི་རྒྱུ་བ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བ་ནི་སེམས་ཀུན་ཏུ་གནས་པའོ།། །།ཕྱིར་མི་ལྡོག་པ་རྣམས་དང་། སྐྱེ་བ་གཅིག་གིས་ཐོགས་པ་དེ་དག་གི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་ལྟར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་དང་། གཉིས་སུ་མེད་པའི་འདུ་ཤེས་སུ་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བ་ནི་གཟུང་བའི་རྣམ་པར་རྟོག་པ་དང་པོ་འཇུག་པའི་ཕྱོགས་ལ་བརྟེན་པའོ།། །།དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་
เล่ม ๘๔ · หน้า 63b
དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་རྣམ་པར་མི་རྟོག་པ་ཡིན་ནམ། འོན་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་།
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མི་རྟོག་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མི་རྟོག་པའོ། །བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མི་རྟོག་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅི་གཟུགས་ཀྱང་རྣམ་པར་མི་རྟོག་པ་མ་ཡིན་ནམ། ཚོར་བ་དང་། འདུ་
ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའང་རྣམ་པར་མི་རྟོག་པ་ཡིན་ནམ། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའང་རྣམ་པར་མི་རྟོག་པ་ཡིན་ནམ། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། སྟོང་པ་ཉིད་ཐམས་ཅད་ཀྱང་
རྣམ་པར་མི་རྟོག་པ་ཡིན་ནམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་རྣམ་པར་མི་རྟོག་པ་ཡིན་ནམ། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་རྣམ་པར་མི་རྟོག་
པ་ཡིན་ནམ། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་རྣམ་པར་མི་རྟོག་པ་ཡིན་ནམ། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་
ཀྱི་སྒོ་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་རྣམ་པར་
เล่ม ๘๔ · หน้า 64a
མི་རྟོག་པ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་རྣམ་པར་མི་རྟོག་པ་ཡིན་ནམ། བྱང་ཆུབ་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། སངས་རྒྱས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཀྱང་
རྣམ་པར་མི་རྟོག་པ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཡིན་ན། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་
གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་དང་། མིའི་འགྲོ་བ་ལྔར་འཁོར་བ་ཞེས་ཐ་དད་དུ་དབྱེ་བ་ཅི་ལས་འོང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་།
སངས་རྒྱས་བཅོམ་ལྡན་འདས་སུ་བརྗོད་པའང་ཅི་ལས་གྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་གང་ཕྱིན་ཅི་ལོག་ལས་བྱུང་བའི་ལུས་དང་། ངག་དང་ཡིད་ཀྱི་ལས་མངོན་པར་འདུ་བྱེད་པ་དེ་དག་འདི་ལྟ་བུའི་སྐྱེ་མཆེད་མངོན་པར་བསྒྲུབས་ཤིང་ལས་ཀྱི་
རྣམ་པར་སྨིན་པ་ཕུང་པོའི་གཞི་ཅན་རྣམ་པར་རྟོག་པ་ལས་བྱུང་བ་ཡོངས་སུ་བཟུང་སྟེ། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་དང་མིའི་འགྲོ་བ་མངོན་པར་སྒྲུབ་པོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཁྱོད་ཀྱིས་འདི་སྐད་དུ་
རྒྱུན་དུ་ཞུགས་པར་བརྗོད་པ་ཅི་ལས་གྱུར། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བརྗོད་
པ་ཅི་ལས་གྱུར་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་མི་རྟོག་པ་ལས་རྒྱུན་དུ་ཞུགས་པར་བརྗོད་དོ། །རྣམ་པར་མི་རྟོག་པ་ལས་རྒྱུན་དུ་ཞུགས་པའི་འབྲས་བུར་བརྗོད་དོ། །རྣམ་པར་མི་རྟོག་པ་ལས་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་དུ་བརྗོད་དོ། །
เล่ม ๘๔ · หน้า 64b
རྣམ་པར་མི་རྟོག་པ་ལས་རང་སངས་རྒྱས་དང་། རང་བྱང་ཆུབ་ཏུ་བརྗོད་དོ། །རྣམ་པར་མི་རྟོག་པ་ལས་སངས་རྒྱས་སུ་བརྗོད་དོ། །རྣམ་པར་མི་རྟོག་པ་ལས་བྱང་ཆུབ་ཏུ་བརྗོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་གང་ཇི་སྙེད་ཅིག་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་རྣམ་པར་རྟོག་པ་མི་མངའ་ཞིང་རྣམ་པར་རྟོག་པ་སྤངས་པར་གྱུར་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བར་
འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་རྣམ་པར་རྟོག་པ་མི་མངའ་ཞིང་རྣམ་པར་རྟོག་པ་སྤང་བར་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་བྱུང་བའི་དུས་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་རྣམ་པར་རྟོག་པ་མི་མངའ་ཞིང་རྣམ་པར་རྟོག་པ་སྤངས་པ་ཤ་སྟག་གོ། །དེ་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པའི་དེ་བཞིན་ཉིད་དང་།
ཡང་དག་པའི་མཐའི་དེ་བཞིན་དང་། ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་ལ་བརྩོན་པར་བྱས་ཏེ་རྣམ་པར་རྟོག་པ་མེད་པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་
སྟེ། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རྣམ་པར་མི་རྟོག་པའི་ཆོས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ནི་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ཡིན་ནོ།། །།བམ་པོ་ལྔ་བཅུ་ལྔ་པ། དེ་ནས་ཚེ་
དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྙིང་པོ་ལ་སྤྱོད་པའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་
เล่ม ๘๔ · หน้า 65a
ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་སྙིང་པོ་མེད་པ་ལ་སྤྱོད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ནི་སྙིང་པོ་མེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་པོ་མེད་པའོ། །ནང་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ། །
དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་སྙིང་པོ་མེད་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་སྙིང་པོ་མེད་པའོ། །ཡང་དག་པར་སྤང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་།
འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྙིང་པོ་མེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ནི་སྙིང་པོ་མེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་སྙིང་པོ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནི་སྙིང་པོ་མེད་པ་ཉིད་ཀྱང་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་ན། སྙིང་པོ་དམིགས་པ་ལྟ་ག་ལ་ཡོད། དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་ཤིན་ཏུ་མང་པོ་དག་འདི་སྙམ་དུ་གྱུར་ཏེ། རིགས་ཀྱི་བུའམ་
རིགས་ཀྱི་བུ་མོ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་སྤྱོད་པ་དང་། དོན་འདི་ལ་སྤྱོད་ཀྱང་ཡང་དག་པའི་མཐའ་གང་མངོན་དུ་བྱས་པས་ཉན་ཐོས་ཀྱི་སའམ། རང་སངས་
རྒྱས་ཀྱི་ས་ལ་གནས་པར་འགྱུར་བའི་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་དེ་དག་ནི་ཕྱག་བགྱི་བའི་གནས་ཏེ། རྣམ་གྲངས་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་མཉམ་པ་ཉིད་འདི་མངོན་དུ་མི་བྱེད་པ་དེ་དག་ནི་ཕྱག་བྱ་བར་འོས་པའོ། །དེ་ནས་ཚེ་དང་ལྡན་
เล่ม ๘๔ · หน้า 65b
པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ཆོས་ཀྱི་མཉམ་པ་ཉིད་གང་མངོན་དུ་བྱས་པས། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་དེ་མངོན་དུ་མི་བྱེད་པ་དེ་ནི་མི་དཀའི། ལྷའི་
བུ་དག་སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའོ་ཞེས་གོ་ཆ་བགོས་ལ། གང་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་སེམས་ཅན་དེ་དག་ཤིན་ཏུ་མི་དམིགས་པ་དེ་ནི་དེ་དག་ལ་དེ་བས་དཀའ་སྟེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་གདུལ་བར་བྱའོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཡིན་ཏེ། གང་སེམས་ཅན་གདུལ་བར་སེམས་པ་དེ་ནི་ནམ་མཁའ་གདུལ་བར་སེམས་པ་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་
དབེན་པའི་ཕྱིར་སེམས་ཅན་དབེན་པར་བལྟའོ། །ནམ་མཁའ་སྟོང་པ་ཉིད་ཀྱི་ཕྱིར་སེམས་ཅན་སྟོང་པ་ཉིད་དུ་བལྟའོ། །ནམ་མཁའ་སྙིང་པོ་མེད་པའི་ཕྱིར་སེམས་ཅན་སྙིང་པོ་མེད་པར་བལྟའོ། །ནམ་མཁའ་གསོག་གི་ཕྱིར་སེམས་ཅན་གསོག་ཏུ་བལྟའོ། །ལྷའི་བུ་དག་རྣམ་གྲངས་
དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་མེད་པ་རྣམས་ཀྱི་དོན་དུ་གོ་ཆ་གྱོན་པ་དེ་དག་ནི་དཀའ་བ་བྱེད་པ་སྟེ། གང་སེམས་ཅན་རྣམས་ཀྱི་དོན་དུ་གོ་ཆ་གྱོན་པ་དེ་དག་ནི་ནམ་མཁའ་དང་བརྩད་པར་འདོད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་དེ་ཡང་
བགོས་ལ། སེམས་ཅན་གང་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་བགོས་པའི་སེམས་ཅན་དེ་དག་ཀྱང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དབེན་པའི་ཕྱིར་གོ་ཆ་དབེན་པར་བལྟའོ། །གལ་ཏེ་དེ་ལྟར་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཞུམ་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་
เล่ม ๘๔ · หน้า 66a
པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དབེན་
པའི་ཕྱིར་སེམས་ཅན་དབེན་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །གཟུགས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་དང་།
སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དབེན་
པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ལྷའི་བུ་དག་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དབེན་པར་བཤད་པ་ལ་སེམས་མི་ཞུམ། ཡོངས་སུ་ཞུམ་པར་མི་འགྱུར་ལ། དེའི་ཡིད་འཇིགས་པར་མི་འགྱུར་ལ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནི་སྐྱེས་བུ་རྫས་སུ་ཡོད་པ་ལ་བརྟེན་པའི་རྟོགས་པ་དང་པོ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུམ་པར་མི་འགྱུར་བ་ཡིན། གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་མ་མཆིས་པའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུམ་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་
เล่ม ๘๔ · หน้า 66b
དབེན་པ་དང་། ཞི་བ་དང་། མ་སྐྱེས་པའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུམ་པར་མི་འགྱུར་རོ། །བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུམ་པར་མི་འགྱུར་རོ། །
དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གང་ཞུམ་པར་འགྱུར་བ་དང་། གང་གིས་ཞུམ་པར་འགྱུར་བ་དང་། གང་ལ་ཞུམ་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་ནི་མ་མཆིས་པ་སྟེ། དམིགས་སུ་མ་མཆིས་སོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་སྐད་དུ་བཤད་པ་ལ་མི་འཇུམ་མི་འགོང་ཞིང་ཡིད་ཆེས་པ་དང་། སྒྱིད་ལུག་པར་མི་འགྱུར་ལ། མི་འཇིགས་མི་དངང་། སྐྲག་པར་མི་འགྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གང་ཞུམ་པར་འགྱུར་
བའམ། གང་གིས་ཞུམ་པར་འགྱུར་བའམ། གང་ལ་ཞུམ་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་ནི་མ་མཆིས་པ་སྟེ། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དབང་པོ་དང་བཅས། ཚངས་པ་དང་བཅས། སྐྱེ་དགུའི་བདག་པོ་དང་
བཅས་པའི་ལྷ་རྣམས་ཀྱིས་ཕྱག་བགྱི་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་དབང་པོ་དང་བཅས། ཚངས་པ་དང་བཅས། སྐྱེ་དགུའི་བདག་པོ་དང་བཅས་
པའི་ལྷ་རྣམས་ཀྱིས་ཕྱག་བྱ་བར་ཡང་མ་ཟད་དེ་གང་འཕགས་པ་མངོན་པར་འཕགས་པའི་ཁ་དོག་དང་ལྡན་པ། དགེ་རྒྱས་དང་། འབྲས་བུ་ཆེ་བ་དང་། གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་ལ་ཕྱག་བྱ་བར་འགྱུར་རོ། །རབ་འབྱོར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲངས་མེད་ཚད་མེད་པ་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་
เล่ม ๘๔ · หน้า 67a
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་ལ་དགོངས་པར་མཛད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་
པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་བྱེད་པའོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་
སུ་རྫོགས་པར་བྱེད་པའོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་
ཡོངས་སུ་རྫོགས་པར་བྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་
དུ་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་དགོངས་པ་མཛད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པ་མཛད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་
སངས་རྒྱས་སུ་འགྱུར་བར་ཞུགས་པར་རིག་པར་བྱའོ། །རབ་འབྱོར་གང་གཱའི་ཀླུང་གི་བྱེ་མ་སྙད་ཀྱི་འཇིག་རྟེན་གྱི་ཁམས་དག་ན་སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བདུད་སྡིག་ཅན་དུ་གྱུར་ཏེ། བདུད་སྡིག་ཅན་དེ་དག་རེ་རེས་ཀྱང་དེ་སྙེད་ཀྱི་བདུད་སྡིག་ཅན་མངོན་པར་སྤྲུལ་ཀྱང་
เล่ม ๘๔ · หน้า 67b
དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བར་ཆད་བྱ་བར་མི་ནུས་སོ། །རབ་འབྱོར་ཆོས་གཉིས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བདུད་སྡིག་ཅན་རྣམས་ཀྱིས་མི་ཐུབ་པ་ཡིན་ཏེ། གཉིས་གང་ཞེ་ན། དེས་ཆོས་ཐམས་ཅད་སྟོང་པའོ་
ཞེས་བྱ་བར་རྣམ་པར་བལྟས་པ་ཡིན། དེས་སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་མ་བཏང་བ་ཡིན་ཏེ། རབ་འབྱོར་ཆོས་འདི་གཉིས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་སྡིག་ཅན་རྣམས་ཀྱིས་མི་ཐུབ་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཉིས་དང་ལྡན་པ་ནི་བདུད་སྡིག་ཅན་རྣམས་ཀྱིས་མི་ཐུབ་པ་ཡིན་ཏེ། གཉིས་གང་ཞེ་ན། ཇི་སྐད་དུ་སྨྲས་པ་བཞིན་དུ་བྱེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པ་ཡིན་ཏེ། རབ་འབྱོར་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དེ་གཉིས་དང་ལྡན་པ་ནི་བདུད་སྡིག་ཅན་རྣམས་ཀྱིས་མི་ཐུབ་པ་ཡིན་ནོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ནི་ལྷའི་བུ་རྣམས་ཀྱང་ཉེ་བར་འོང་བར་སེམས་སོ། །བསྙེན་
བཀུར་བ་དང་། ཡོངས་སུ་འདྲི་བ་དང་། ཀུན་འདྲི་བ་ཡང་བྱེད་པར་འགྱུར་ཏེ། རིགས་ཀྱི་བུ་ཁྱོད་སངས་རྒྱས་ཀྱི་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་གྱིས། དེ་བས་ན་རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟ་སྟེ། སྟོང་པ་ཉིད་ཀྱིས་རྣམ་པར་སྤྱོད་པ་དང་། མཚན་མ་མེད་པས་རྣམ་པར་སྤྱོད་པ་དང་།
སྨོན་པ་མེད་པས་རྣམ་པར་སྤྱོད་པ་དེ་ཉིད་ཀྱིས་རྣམ་པར་སྤྱོད་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཁྱོད་ཀྱིས་རྣམ་པར་སྤྱོད་པ་དེས་རྣམ་པར་སྤྱད་པ་དང་། སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན་དུ་འགྱུར་རོ། །སེམས་ཅན་སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་འགྱུར་རོ། །
སེམས་ཅན་སྐྱོབ་པ་མེད་པ་རྣམས་ཀྱི་སྐྱོབ་པར་འགྱུར་རོ། །སེམས་ཅན་དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་དུ་འགྱུར་རོ། །སེམས་ཅན་གནས་མེད་པ་རྣམས་ཀྱི་གནས་སུ་འགྱུར་རོ། །སེམས་ཅན་རྟེན་མེད་པ་རྣམས་ཀྱི་རྟེན་དུ་འགྱུར་རོ། །སེམས་ཅན་གླིང་མེད་པ་རྣམས་
เล่ม ๘๔ · หน้า 68a
ཀྱི་གླིང་དུ་འགྱུར་རོ། །སེམས་ཅན་མུན་པར་གྱུར་པ་རྣམས་ཀྱི་སྣང་བར་འགྱུར་རོ་ཞེས་དེ་ལ་སྤྲོ་བ་བསྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་དགེ་སློང་
གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཏེ་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེའི་མིང་དང་རིགས་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་ཞིང་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ང་ད་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་ཏོག་གི་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་ཞིང་ཆེད་དུ་
བརྗོད་པ་ཆེད་དུ་བརྗོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ཕུད་ཀྱི་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་ཞིང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཞམ་
འབྲིང་ན་ཚངས་པའི་སྤྱད་པ་སྤྱོད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་དག་གི་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་ཞིང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་བཞིན་ནོ། །ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་
སྟོན་པ་དེ་དག་ཀྱང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི་སྙེད་ཅིག་ཚངས་པའི་སྤྱད་པ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་དག་ལ་སྤྲོ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཏེ་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ། །ལྷོ་དང་། ནུབ་དང་། བྱང་དང་།
བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཀྱང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི་སྙེད་
เล่ม ๘๔ · หน้า 68b
ཅིག་ཚངས་པའི་སྤྱད་པ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་དག་སྤྲོ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཏེ་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཐམས་ཅད་མཁྱེན་
པ་ཉིད་ཐོབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་སྤྲོ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཏེ་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་གང་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པའི་དོན་དུ་ཞུགས་པ་དེ་དག་ནི་དཀའ་བ་བྱེད་པའོ། །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སླར་ལྡོག་པའམ། སླར་མི་ལྡོག་པའམ། གང་གི་མིང་ཡོངས་
སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་ཡོད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་ལྡོག་པ་
གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་ཡོད་དེ། དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་སྤྲོ་བ་མཛད་པའི་ཚུལ་གྱིས་ཆོས་སྟོན་ཞིང་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ། །གསོལ་པ། བཅོམ་ལྡན་འདས་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་རྗེས་སུ་སློབ་པའི་ཚུལ་གྱིས་རྣམ་པར་སྤྱོད་པ་དེ་དག་ལ་སངས་རྒྱས་བཅོམ་ལྡན་
འདས་དེ་དག་སྤྲོ་བ་མཛད་པའི་ཚུལ་གྱིས་ཆོས་སྟོན་ཞིང་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ། །རབ་འབྱོར་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེ་ཏོག་གི་རྗེས་སུ་སློབ་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེ་དག་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་
เล่ม ๘๔ · หน้า 69a
དེ་དག་སྤྲོ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཞིང་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་ཀྱང་མི་སྐྱེ་བའི་ཆོས་
ལ་བཟོད་པ་མ་ཐོབ་པ། ཆོས་ཐམས་ཅད་སྟོང་པའོ་ཞེས་བྱ་བ་དང་། ཆོས་ཐམས་ཅད་ཞི་བའོ་ཞེས་བྱ་བ་དང་། ཆོས་ཐམས་ཅད་གསོག་གསོབ་སྟེ་རག་ལུས་པའོ་ཞེས་བྱ་བ་དང་། སྙིང་པོ་མེད་པའོ་ཞེས་བྱ་བར་མོས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་མ་ཐོབ་པ་དེ་དག་ལ་ཡང་སངས་རྒྱས་
བཅོམ་ལྡན་འདས་དེ་དག་སྤྲོ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཞིང་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་ཞིང་ཆེད་དུ་བརྗོད་
པའང་ཆེད་དུ་བརྗོད་པ་མཛད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ནི་ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་སྤངས་པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའང་ལུང་བསྟན་པ་ཡིན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་ཞིང་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་
འགྱུར་ཏེ། དེ་ལ་གནས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བཤད་པ་ཐོས་ན་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་ཀྱིས་ཇི་ལྟར་བཤད་པ་དེ་བཞིན་ནོ་ཞེས་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟ་ལ་རྨོངས་པར་མི་འགྱུར་ན། དེས་ནི་ཕྱིས་ཀྱང་རྒྱ་ཆེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེ་དག་ལས་ཐོས་
เล่ม ๘๔ · หน้า 69b
པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མོས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པས་ཇི་སྐད་བསྟན་པ་དེ་བཞིན་དུ་མོས་པས་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་ཏེ། རབ་འབྱོར་དེ་
ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པ་ནི་ཕན་པ་མང་པོར་འགྱུར་བ་ཡིན་ཏེ། གང་གིས་མོས་ཤིང་མོས་ནས་དེ་བཞིན་ཉིད་དུ་གནས་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་སྨོས་ཀྱང་ཅི་སྨོས་ཏེ། དེ་དག་དེ་བཞིན་ཉིད་ལ་གནས། དེ་
བཞིན་ཉིད་ལ་ནན་ཏན་དུ་བྱས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་ཉིད་དུ་གནས་ནས་དེ་བཞིན་ཉིད་དུ་ནན་ཏན་བགྱིས་ཏེ། ཆོས་གང་ཡང་མ་དམིགས་ན། དེ་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་བ་
ལགས། བཅོམ་ལྡན་འདས་དེ་ལྟར་དེ་བཞིན་ཉིད་ལས་མ་གཏོགས་པའི་ཆོས་ཀྱང་གང་ཡང་མ་དམིགས་ན་སུ་ཞིག་དེ་བཞིན་ཉིད་ལ་གནས་པར་འགྱུར། དེ་བཞིན་ཉིད་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སུ་ཞིག་
དེ་བཞིན་ཉིད་ལ་གནས་ཤིང་ཆོས་སྟོན་པར་འགྱུར། དེ་བཞིན་ཉིད་ཀྱང་དམིགས་སུ་མ་མཆིས་ན་དེ་བཞིན་ཉིད་ལ་གནས་པར་འགྱུར་བ་དང་། དེ་བཞིན་ཉིད་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། དེ་བཞིན་ཉིད་ལ་གནས་
ཤིང་ཆོས་སྟོན་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་ཁྱོད་འདི་སྐད་དུ་གང་དེ་བཞིན་ཉིད་ལ་གནས་པ་དང་། དེ་བཞིན་ཉིད་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་
འཚང་རྒྱ་བ་དང་། དེ་བཞིན་ཉིད་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་དེ་བཞིན་ཉིད་མ་གཏོགས་པར་གཞན་དམིགས་སུ་མེད་དེ། དེ་བཞིན་ཉིད་ཀྱང་དམིགས་སུ་མེད་ན། དེ་བཞིན་ཉིད་ལ་གནས་པར་འགྱུར་བ་དང་། དེ་བཞིན་ཉིད་ལ་གནས་ཏེ་བླ་ན་མེད་
เล่ม ๘๔ · หน้า 70a
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། དེ་བཞིན་ཉིད་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ་ཞེས་ཟེར་བ་ནི། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །རབ་
འབྱོར་གང་དེ་བཞིན་གཤེགས་པའི་སྤྲུལ་པ་དེ་བཞིན་ཉིད་ལ་གནས་པ་དང་། གང་དེ་བཞིན་ཉིད་ལ་གནས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་དེ་བཞིན་ཉིད་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་
དེ་བཞིན་ཉིད་ལས་མ་གཏོགས་པར་གཞན་དམིགས་སུ་མེད་དེ། དེ་བཞིན་ཉིད་ཀྱང་དམིགས་སུ་མེད་ན། གང་དེ་བཞིན་ཉིད་ལ་གནས་པར་འགྱུར་བ་དང་། དེ་བཞིན་ཉིད་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། དེ་
བཞིན་ཉིད་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་།
གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དེ་ནི་གནས་པའོ། །ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་པ་ཉིད་དང་། ཆོས་ངེས་པ་ཉིད་དང་། ཡང་དག་པའི་མཐའ་དེ་ནི་གནས་པ་སྟེ། རབ་འབྱོར་དེ་བཞིན་ཉིད་འདི་ལ་ནི་གང་ཡང་གནས་པར་འགྱུར་བ་མེད་དེ།
དེ་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་སུ་ཡང་མེད་ན། དེ་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ་ཞེས་བྱ་བ་ནི་འཕགས་པའི་གང་ཟག་བཏགས་པར་ཡོད་པ་ལ་བརྟེན་པའི་
འཛིན་པའི་རྟོག་པ་གཉིས་པ་ཡིན་ནོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་སྒྱུ་མ་ལྟ་བུའི་སེམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་
เล่ม ๘๔ · หน้า 70b
ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མ་ལྟ་བུའི་སེམས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་བདག་གིས་སྒྱུ་མ་ཡང་ཡང་དག་པར་རྗེས་སུ་མ་
མཐོང་། སྒྱུ་མ་ལྟ་བུའི་སེམས་དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་ལ་སྒྱུ་མ་དང་སྒྱུ་མ་ལྟ་བུའི་སེམས་ཁྱོད་ཀྱིས་མ་མཐོང་བའི་སེམས་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་
པར་རྫོགས་པར་འཚང་རྒྱ་བར་འགྱུར་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མ་དང་སྒྱུ་མ་ལྟ་བུའི་སེམས་ལས་གཞན་དུ་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་
བའི་ཆོས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་སྒྱུ་མ་དང་སྒྱུ་མ་ལྟ་བུའི་སེམས་ལས་གཞན་དུ་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་བདག་གིས་
ཡང་དག་པར་རྗེས་སུ་མ་མཐོང་ངོ་། །བཅོམ་ལྡན་འདས་དེ་ལྟར་བདག་གིས་ཆོས་གཞན་ཡང་དག་པར་རྗེས་སུ་མ་མཐོང་ན་མཆིས་པ་འམ་མ་མཆིས་པའི་ཆོས་གང་ཞིག་བདག་གིས་བསྟན་པར་བགྱི། ཆོས་གང་ཤིན་ཏུ་དབེན་པ་དེ་ནི་མཆིས་པའམ། མ་མཆིས་པར་རྟོགས་པར་མི་འགྱུར་
རོ། །ཆོས་གང་ཤིན་ཏུ་དབེན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། མ་མཆིས་པའི་ཆོས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་
འདས་དེ་ནི་འདི་ལྟར་གང་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་བར་འགྱུར་བའི་ཆོས་ཐམས་ཅད་ནི་མ་མཆིས་ཤིང་ཡང་དག་པར་མ་མཆིས་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །བསམ་གཏན་གྱི་
เล่ม ๘๔ · หน้า 71a
ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་
པའོ། །ནང་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་ཤིན་ཏུ་དབེན་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་
ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཤིན་ཏུ་དབེན་པའོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཤིན་ཏུ་དབེན་པའོ། །རྣམ་པར་ཐར་པ་
རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི་ཤིན་ཏུ་དབེན་པའོ། །མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ནི་ཤིན་ཏུ་དབེན་པའོ། །དེ་
བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ཤིན་ཏུ་དབེན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་ཤིན་ཏུ་
དབེན་པའོ། །ཆོས་གང་ཤིན་ཏུ་དབེན་པ་དེ་ནི་བསྒོམ་པར་བགྱི་བ་ཡང་མ་ལགས། བསྒོམ་པ་རྣམ་པར་འཇིག་པར་བགྱི་བ་ཡང་མ་ལགས་ཏེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པའི་སླད་དུ་ཆོས་གང་ཡང་སྒྲུབ་པ་མ་མཆིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་
པ་ལགས་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཞིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤིན་ཏུ་དབེན་པ་ལགས་ན།
เล่ม ๘๔ · หน้า 71b
ཇི་ལྟར་ན་དབེན་པས་དབེན་པ་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་
དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །ནང་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་ཤིན་ཏུ་དབེན་པའོ། །
དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཤིན་ཏུ་དབེན་པའོ། །འཕགས་པའི་བདེན་
པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཤིན་ཏུ་དབེན་པའོ། །རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།
སྨོན་པ་མེད་པ་ནི་ཤིན་ཏུ་དབེན་པའོ། །མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་
རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ཤིན་ཏུ་དབེན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་ཤིན་ཏུ་དབེན་པའོ། །རབ་འབྱོར་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་
ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་། ནང་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཤིན་ཏུ་དབེན་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་
เล่ม ๘๔ · หน้า 72a
ཤིན་ཏུ་དབེན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཤིན་ཏུ་དབེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཤིན་ཏུ་དབེན་པ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་ཤིན་ཏུ་དབེན་
པའོ། །རབ་འབྱོར་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤིན་ཏུ་དབེན་པར་མ་གྱུར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་
ཤིན་ཏུ་དབེན་པར་མ་གྱུར། ནང་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཤིན་ཏུ་དབེན་པར་མ་གྱུར། དྲན་པ་ཉེ་བར་གཞག་པ་རྣམས་ཤིན་ཏུ་དབེན་པར་མ་གྱུར། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཤིན་ཏུ་དབེན་པར་མ་གྱུར།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཤིན་ཏུ་དབེན་པར་མ་གྱུར་ན། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་རོ། །དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་རོ། །དེ་ནང་སྟོང་པ་ཉིད་དུ་མི་འགྱུར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་སུ་མི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་མི་འགྱུར་རོ། །རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་བར་དུ་མི་འགྱུར་རོ། །རབ་འབྱོར་དེ་བས་ན་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་། ཇི་ལྟར་ནང་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཤིན་ཏུ་དབེན་པ་དང་། ཇི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཤིན་ཏུ་དབེན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཤིན་ཏུ་དབེན་
เล่ม ๘๔ · หน้า 72b
པ་དང་། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཤིན་ཏུ་དབེན་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ། དབེན་པས་དབེན་པ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་མངོན་པར་རྫོགས་པར་འཚང་མི་རྒྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དོན་ཟབ་མོ་ལ་སྤྱོད་པའོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དོན་ཟབ་མོ་ལ་སྤྱོད་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་དོན་ཟབ་མོ་ལ་སྤྱོད་ཅིང་འདི་ལྟ་སྟེ། ཉན་ཐོས་ཀྱི་སའམ།
རང་སངས་རྒྱས་ཀྱི་སར་འགྲོ་བའི་དོན་དེ་མངོན་དུ་མི་བྱེད་པ་ནི་དཀའ་བ་བྱེད་པའོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན་དཀའ་བ་ཅུང་ཟད་ཀྱང་མི་བགྱིད་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀའ་བ་བགྱིད་པ་ལགས། དེ་ཅིའི་
སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གང་མངོན་དུ་བགྱི་བའི་དོན་དེ་ཡང་མི་དམིགས། གང་གིས་མངོན་དུ་བགྱི་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས། གང་གི་དོན་དུ་བགྱི་བའི་ཆོས་དེ་ཡང་མི་དམིགས་ཏེ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་མངོན་དུ་བགྱིས་པས་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དོན་མངོན་དུ་བགྱི་བ་དེ་ལྟ་བུ་ཡང་གང་ཞིག་མཆིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གང་ཞིག་གིས་མངོན་དུ་བགྱི། ཆོས་མངོན་དུ་བགྱི་བ་དེ་ལྟ་བུ་ཡང་གང་ཞིག་མཆིས། བཅོམ་ལྡན་
འདས་འདི་ནི་མི་དམིགས་པའི་སྤྱོད་པ་སྟེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་མུན་པ་མ་མཆིས་པ་ཐོབ་པའོ། །བཅོམ་ལྡན་འདས་གལ་ཏེ་དེ་སྐད་དུ་བསྟན་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་ཞུམ། ཡོངས་སུ་མི་
เล่ม ๘๔ · หน้า 73a
འཇུམ་ཞིང་། མི་འཇིགས། མི་དངང་། སྐྲག་པར་མི་འགྱུར་ན། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ། དེ་ནི་སྤྱོད་དོ་ཞེས་བགྱི་བར་ཡང་དག་པར་རྗེས་སུ་མི་མཐོང་། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བགྱི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པ་ནི་འདི་སྙམ་དུ་བདག་གིས་ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ནི་བསྲིང་བར་བྱ་སྟེ། བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་ཏོ་སྙམ་དུ་མི་བགྱིད་དོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ཡིན་ནོ།། །།བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་འདི་ལྟར་བདག་ནི་ལ་ལ་དང་
ནི་རིང་ངོ་། །ལ་ལ་དང་ནི་ཉེའོ་ཞེས་བགྱི་བར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ནམ་མཁའ་ལ་བྱེ་བྲག་མ་མཆིས་ཤིང་མི་གཡོ་བ་དང་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་འདི་ལྟར་བདག་ལ་ཉན་ཐོས་སམ། རང་སངས་རྒྱས་ཀྱི་ས་ནི་རིང་གི །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉེའོ་ཞེས་བགྱི་བར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་སླད་དུའོ་ཞེས་
བྱ་བ་ནི་རིགས་ཀྱི་རྣམ་པར་རྟོག་པ་ཡིན་ནོ།། །།བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་སྒྱུ་མའི་སྐྱེས་བུ་ནི་འདི་ལྟར་བདག་ལས་སྒྱུ་མ་ནི་རིང་ངོ་། །སྒྱུ་མའི་མཁན་པོ་ནི་ཉེའོ། །སྐྱེ་བོའི་ཚོགས་འདི་ལྟར་འདུས་པ་ནི་བདག་ལས་རིང་ངོ་ཞེའམ། ཉེའོ་ཞེས་བགྱི་བར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན།
བཅོམ་ལྡན་འདས་སྒྱུ་མའི་སྐྱེས་བུ་ནི་རྣམ་པར་མི་རྟོག་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་འདི་ལྟར་བདག་ལས་ཉན་ཐོས་སམ། རང་སངས་རྒྱས་ཀྱི་ས་ནི་རིང་ངོ་། །བླ་ན་མེད་པ་ཡང་
เล่ม ๘๔ · หน้า 73b
དག་པར་རྫོགས་པའི་བྱང་ཆུབ་ནི་ཉེའོ་ཞེས་བགྱི་བར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་སླད་དུའོ་ཞེས་བྱ་བ་ནི་ཡང་དག་པར་སྒྲུབ་པའི་རྣམ་པར་རྟོག་པ་ཡིན་ནོ།། །།བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། གཟུགས་བརྙན་
ནི་འདི་ལྟར་བདག་ལས་དམིགས་པ་གང་གིས་གཟུགས་བརྙན་འབྱུང་བ་དེ་ནི་ཉེ་ལ། གང་མེ་ལོང་དང་སྣོད་ཆུས་གང་བའི་ནང་དུ་འབྱུང་བ་དེ་ནི་བདག་ལས་རིང་ངོ་ཞེས་བགྱི་བར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཟུགས་བརྙན་རྣམ་པར་མི་རྟོག་པའི་སླད་དུ་སྟེ། བཅོམ་
ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་འདི་ལྟར་བདག་ལ་ཉན་ཐོས་སམ། རང་སངས་རྒྱས་ཀྱི་ས་ནི་རིང་ངོ་། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉེའོ་ཞེས་བགྱི་བར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་
ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་སླད་དུའོ་ཞེས་བྱ་བ་ནི་དམིགས་པའི་རྣམ་པར་རྟོག་པ་ཡིན་ནོ།། །།བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་སྡུག་པའམ་མི་སྡུག་པར་
འགྱུར་བ་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྡུག་པའམ་མི་སྡུག་པར་འགྱུར་བ་གང་ཡང་མ་མཆིས་སོ་ཞེས་བྱ་བ་ནི་མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་ཡིན་ནོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་རྣམ་པར་རྟོག་པ་ཐམས་ཅད་སྤང་བ་སྟེ། དེ་ཅིའི་སླད་དུ་ཞེ་ན།
བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་སླད་དུའོ་ཞེས་བྱ་བ་ནི་རང་གི་རྟོག་པའི་རྣམ་པར་རྟོག་པ་ཡིན་ནོ།། །།བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་འདི་ལྟར་ང་ལས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ནི་རིང་ངོ་། །བླ་ན་
เล่ม ๘๔ · หน้า 74a
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉེའོ་ཞེས་བགྱི་བར་མི་དགོངས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་སྤྲུལ་པ་རྣམ་པར་མི་རྟོག་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའང་འདི་ལྟར་བདག་ལས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ནི་རིང་ངོ་། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉེའོ་ཞེས་བགྱི་བར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་སླད་དུའོ་ཞེས་བྱ་བ་ནི་བྱེད་པ་པོའི་རྣམ་པར་རྟོག་པ་ཡིན་ནོ།། །།བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པས་སྤྲུལ་པ་ཞིག་སྤྲུལ་པ་མཛད་ན་དེ་ནི་དོན་གང་གི་སླད་དུ་སྤྲུལ་པའི་དོན་དེ་སྦྱོར་ཏེ། སྤྲུལ་པ་ནི་མི་རྟོག་རྣམ་པར་མི་རྟོག་གོ། །བཅོམ་
ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་གང་གི་སླད་དུ་བརྗོད་པའི་དོན་དེ་ཡང་བགྱིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་མི་རྟོག་རྣམ་པར་མི་རྟོག་པའོ་ཞེས་བྱ་བ་ནི་བྱ་བའི་རྣམ་པར་རྟོག་པ་ཡིན་ནོ།། །།བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ཤིང་མཁན་ནམ། ཤིང་མཁན་གྱི་
སློབ་མ་མཁས་པ་ཞིག་གིས་བུད་མེད་ཀྱི་གཟུགས་སམ། སྐྱེས་པའི་གཟུགས་སམ། གླང་པོའི་གཟུགས་སམ། ཆིབས་རྟའི་གཟུགས་སམ། གླང་གི་གཟུགས་ཀྱི་འཁྲུལ་འཁོར་ཞིག་སྦྱར་ན། དེ་དོན་གང་གི་སླད་དུ་བགྱིས་པའི་དོན་དེ་བསྒྲུབས་ཀྱང་འཁྲུལ་འཁོར་དེ་ནི་རྣམ་
པར་མི་རྟོག་གོ །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་གང་གི་སླད་དུ་བརྗོད་པའི་དོན་དེ་བགྱིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའོ་ཞེས་བྱ་བ་ནི་བྱ་བ་འབྲས་བུ་དང་བཅས་པའི་རྣམ་པར་རྟོག་པ་ཡིན་ཏེ། འདི་དག་གིས་ནི་འཇུག་པའི་
ཕྱོགས་ཀྱི་རྟེན་ཅན་གཟུང་བའི་རྟོག་པ་དང་པོ་རྣམ་པ་དགུ་གསུངས་པ་ཡིན་ནོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ་ཡུན་རིང་པོར་ཇི་
เล่ม ๘๔ · หน้า 74b
སྲིད་ཅིག་ནས་ཡང་དག་པར་ཞུགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་ནས་ཡང་དག་པར་ཞུགས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་
འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེས་སངས་རྒྱས་ཇི་སྙེད་ཅིག་ལ་བསྙེན་བཀུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་
རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་བསྙེན་བཀུར་བར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེས་དགེ་བའི་རྩ་བ་ཅི་ཞིག་བསྐྱེད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དང་པོ་
བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དང་ལྡན་པ་དེས་ཡོངས་སུ་རྫོགས་པར་མ་བྱས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་དེ་ལྟ་བུ་གང་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡོངས་སུ་རྫོགས་པར་མ་བྱས་པའི་
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་དེ་ལྟ་བུ་གང་ཡང་མེད་དོ། །གསོལ་པ། བཅོམ་ལྡན་འདས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ་དག་ནི་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ་
དག་ནི་ངོ་མཚར་ཆེའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་དང་ཟླ་བའི་དཀྱིལ་འཁོར་ནི་གླིང་བཞིར་ལས་བྱེད་ཅིང་གླིང་བཞིའི་རྗེས་སུ་འགྲོའོ། །གླིང་བཞིའི་རྗེས་སུ་འབྲང་ངོ་། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔའི་
เล่ม ๘๔ · หน้า 75a
ལས་བྱེད་ཅིང་ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འགྲོ་ཞིང་རྗེས་སུ་འབྲང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ན་ཕ་རོལ་ཏུ་ཕྱིན་པ་ལྔས་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་ཕ་རོལ་ཏུ་ཕྱིན་པ་ལྔས་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བོ། །
རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་བྲལ་ན་འཁོར་ལོས་སྒྱུར་བའི་མིང་མི་འཐོབ་པོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བོ་ཞེས་བྱ་བ་ནི་རྟོག་པ་དམན་
པའི་རྣམ་པར་རྟོག་པ་ཡིན་ནོ།། །།རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁྱིམ་ཐབ་མེད་པའི་བུད་མེད་རྣམས་ནི་འཕྱོན་མ་བ་རྣམས་ཀྱིས་ཚུགས་པར་སླ་བ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་
ཚུགས་པར་སླ་བ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁྱིམ་ཐབ་དཔའ་བོས་ཤིན་ཏུ་བསྲུངས་པའི་བུད་མེད་ཤིན་ཏུ་ཕུན་སུམ་ཚོགས་པའི་ཁྱིམ་ན་འདུག་པ་ནི་འཕྱོན་མ་པ་རྣམས་ཀྱིས་མི་ཚུགས་པ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་མ་བྲལ་ན་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་མི་ཚུགས་པ་ཡིན་ནོ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་མེད་པའི་རྣམ་པར་རྟོག་པ་ཡིན་ནོ།། །།རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཡུལ་ངོར་འགྲོ་བའི་སྐྱེས་བུ་གོ་ཆ་ཚང་བར་གྱོན་པ་མཚོན་ཆ་ཐམས་ཅད་ཐོགས་པ་ནི་གཡུལ་ངོ་ན་འདུག་པའི་
ཚེ། རྒྱལ་པོ་འགྲན་ཟླ་འམ་ཕྱིར་རྒོལ་བ་དང་དགྲ་རྣམས་ཀྱིས་ཐུབ་པར་དཀའོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ན་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་དང་། གང་ཟག་ལྷག་པའི་ང་རྒྱལ་ཅན་ནམ། བྱང་ཆུབ་སེམས་དཔའི་
གདོལ་པ་རྣམས་ཀྱིས་ཀྱང་ཐུབ་པར་དཀའོ་ཞེས་བྱ་བ་ནི་སྒྲུབ་པའི་ལམ་ཚང་བའི་རྣམ་པར་རྟོག་པ་ཡིན་ནོ།། །།རབ་འབྱོར་འདི་ལྟ་སྟེ་དཔེར་ན། མཁར་གྱི་རྒྱལ་པོ་རྣམས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྗེས་སུ་མཐུན་པར་སྒྲུབ་ཅིང་ནང་དང་ནུབ་བསྙེན་བཀུར་བྱ་བའི་ཕྱིར་འོང་བར་བྱེད་
เล่ม ๘๔ · หน้า 75b
དོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་འདོང་ངོ་ཞེས་བྱ་བ་ནི་གཞན་གྱི་རྐྱེན་གྱིས་འགྲོ་བའི་རྣམ་པར་རྟོག་པ་ཡིན་ནོ།། །།རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུ་ཀླུང་ཕྲ་
མོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ནི་ཆུ་ཀླུང་ཆེན་པོ་གང་གཱ་གང་ན་བ་དེར་དོང་སྟེ། དེ་དག་ཆུ་ཀླུང་གང་གཱ་དང་འགྲོགས་ཤིང་རྒྱ་མཚོ་ཆེན་པོའི་ནང་དུ་འདོང་ངོ་། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་གང་ན་བ་དེར་དོང་ངོ་ཞེས་བྱ་བ་ནི་ཆེད་དུ་བྱ་བ་ལས་ལྷག་པའི་རྣམ་པར་རྟོག་པ་ཡིན་ནོ།། །།རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུའི་ལག་པ་གཡས་པ་ནི་དགོས་པ་ཐམས་ཅད་བྱེད་དོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་དུ་བལྟ་སྟེ། ཕ་རོལ་
ཏུ་ཕྱིན་པ་ལྔ་ནི་ལག་པ་གཡོན་པ་ཇི་ལྟ་བ་དེ་བཞིན་དུ་བལྟའོ་ཞེས་བྱ་བ་ནི་ཉི་ཚེ་བའི་བྱེད་པའི་རྣམ་པར་རྟོག་པ་ཡིན་ནོ།། །།རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུ་ཀླུང་ཕྲ་མོ་རྣམས་ཀྱི་ཆུ་དང་། ཆུ་ཀླུང་ཆེན་པོ་རྣམས་ཀྱི་ཆུ་གང་ཇི་སྙད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོར་ཕྱིན་ན་འདི་
ལྟ་སྟེ། ལན་ཚྭའི་རོར་རོ་གཅིག་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཕྱིན་པའི་ཚེ་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རོར་རོ་གཅིག་པར་འགྱུར་རོ་ཞེས་བྱ་བ་
ནི་རྟོག་པ་ཐ་དད་པ་ཉིད་ཀྱི་རྣམ་པར་རྟོག་པ་ཡིན་ནོ།། །།རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པའི་མདུན་དུ་ནི་འཁོར་ལོ་རིན་པོ་ཆེ་འགྲོ་ཞིང་འདུག་སྟེ། གང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཟས་ཀྱི་དོན་དུ་འདུག་པར་འགྱུར་བ་
འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་ཅིང་འཁོར་ལོ་རིན་པོ་ཆེ་གནས་ནས་གཡོ་བ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཀྲི་བ་ཡིན་ཏེ། རྣམ་པ་ཐམས་ཅད་
เล่ม ๘๔ · หน้า 76a
མཁྱེན་པ་ཉིད་གང་ན་བ་དེར་འདོང་ཞིང་དེར་གནས་སོ། །དེར་གནས་པར་གྱུར་ནས་ཀྱང་གནས་དེ་ལས་མི་འདའོ་ཞེས་བྱ་བ་ནི་གནས་པ་དང་འཇུག་པ་མི་ཤེས་པའི་རྣམ་པར་རྟོག་པ་ཡིན་ནོ།། །།རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་
ལོ་རིན་པོ་ཆེ་དེ་དང་། བློན་པོ་རིན་པོ་ཆེ་དེ་དང་། ཁྱིམ་བདག་རིན་པོ་ཆེ་དེ་དང་། བུད་མེད་རིན་པོ་ཆེ་དེ་དང་། ནོར་བུ་རིན་པོ་ཆེ་དེ་དང་། གླང་པོ་རིན་པོ་ཆེ་དེ་དང་། རྟ་རིན་པོ་ཆེ་དེ་དག་ནི་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པའི་མདུན་དུ་འདོང་ངོ་། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་མདུན་དུ་འགྲོ་སྟེ། མདུན་དུ་སོང་ནས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་གནས་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་སྙམ་དུ་བདག་གི་ཕྱི་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མི་སེམས་སོ། །
འདི་སྙམ་དུ་བདག་གི་ཕྱི་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མི་སེམས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་འདི་སྙམ་དུ་བདག་ནི་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་འདི་སྙམ་དུ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་
ངོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་རང་བཞིན་ནི་དེ་ཡིན་ཏེ། ཅི་ཡང་ནུས་པ་མེད་པ། ངོ་བོ་ཉིད་ཀྱིས་སྟོང་ཞིང་གསོག་སྟེ། སྨིག་རྒྱུ་ལྟ་བུའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་
ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་
เล่ม ๘๔ · หน้า 76b
ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་འདི་སྙམ་དུ་ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། དེ་དག་ནི་ཐབས་ལ་མི་མཁས་པས་འཁོར་བ་ནས་ཡོངས་སུ་གདོན་པར་མི་ནུས་ཀྱི། མ་ལ་བདག་གིས་སེམས་ཅན་དེ་དག་གི་དོན་དུ་སྦྱིན་པའི་ཕ་རོལ་
ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་སྙམ་ནས། དེ་ནས་
དེ་སེམས་ཅན་དེ་དག་གི་དོན་དུ་ཕྱི་ནང་གི་དངོས་པོ་རྣམས་ཡོངས་སུ་གཏོང་སྟེ། དེ་ཡོངས་སུ་གཏོང་བའི་ཚེ་འདི་སྙམ་སྟེ། བདག་གིས་གང་ཡང་ཡོངས་སུ་བཏང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་པོ་དེ་དག་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་སྙམ་མོ། །རབ་འབྱོར་དེ་ལྟར་ཡོངས་སུ་
རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་ཚུལ་ཁྲིམས་ངན་པའི་སྐབས་མི་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། བདག་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ལ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་གྱི་ཚིག་སྨྲ་བ་དང་། ཕྲ་མ་ཅན་དུ་འགྱུར་བ་དང་། ཞེ་གཅོད་པའི་ཚིག་སྨྲ་བ་དང་། ཚིག་འཁྱལ་པ་ཅན་དུ་འགྱུར་བ་དང་། བརྣབ་
སེམས་ཅན་དུ་འགྱུར་བ་དང་། གནོད་སེམས་སུ་བྱེད་པ་དང་། ལོག་པར་ལྟ་བ་ཅན་དུ་འགྱུར་བ་དང་། ཡུལ་ལ་སྨོན་པ་དང་། ལྷ་དང་། ཚངས་པ་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སར་སྨོན་པ་འདི་དག་ནི་བདག་ལ་ཚུལ་ཁྲིམས་དང་མི་འདྲའོ་སྙམ་སྟེ།
เล่ม ๘๔ · หน้า 77a
རབ་འབྱོར་དེ་ལྟར་ཡོངས་སུ་རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་སེམས་ཅན་དེ་ཉིད་ཀྱི་དོན་དུ་ཚིག་རྩུབ་མོ་དང་། བརླང་བས་རྟག་ཏུ་སྤྱོས་ཤིང་བརྒྱད་ཀྱང་འཁྲུགས་པའི་སེམས་མི་
བསྐྱེད། རྡོ་དབྱུག་དང་། བོང་བ་དང་། མཚོན་གྱིས་བཏབ་ཅིང་བསྣུན་པ་དང་། ལུས་ཀྱི་ཡན་ལག་གཤགས་སམ། ཡན་ལག་དང་ཉིང་ལག་བཅད་ཀྱང་ཞེ་སྡང་གི་སེམས་མི་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སྒྲ་ཐམས་ཅད་སྒྲ་བརྙན་ལྟ་བུར་ཡོངས་སུ་
རྟོག་གོ། །གཟུགས་ཐམས་ཅད་དབུ་བ་ལྟ་བུར་ཡོངས་སུ་རྟོག་གོ། །རབ་འབྱོར་དེ་ལྟར་ཡོངས་སུ་རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་དགེ་བའི་རྩ་བ་ཐམས་ཅད་
ཡོངས་སུ་བཙལ་བའི་ཕྱིར་ལེ་ལོའི་སེམས་མི་བསྐྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། མཐོ་རིས་སུ་སྐྱེ་བའང་ལེ་ལོ་ཅན་གྱིས་རྙེད་པར་དཀའ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས་ཀྱིས་དེ་བས་ན་བདག་གིས་ནམ་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བརྩོན་འགྲུས་བརྩམ་པར་བྱའོ། །རྟག་ཏུ་བརྩོན་པ་མི་འདོར་བར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ཡོངས་སུ་རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བརྩོན་འགྲུས་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་སེམས་མི་གཡེང་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་པའི་བསམ་གཏན་དུ་སྐྱེ་བའང་སེམས་འཁྲུགས་པས་རྙེད་པར་དཀའ་ན། བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས་ཀྱིས། དེ་བས་ན་བདག་གིས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བདག་གིས་སེམས་མི་འཁྲུགས་པར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ཡོངས་སུ་རྟོགས་པའི་བྱང་ཆུབ་
เล่ม ๘๔ · หน้า 77b
སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་ཡིན་ནོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ཤེས་རབ་དང་བྲལ་བར་མི་འགྱུར་ཏེ།
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་ཞུགས་པར་རྣམ་པ་གཞན་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མི་ནུས་ཀྱིས། དེ་བས་ན་བདག་གིས་ཤེས་རབ་འཆལ་བ་དང་ལྡན་པའི་སེམས་འགའ་ཙམ་བསྐྱེད་པར་
མི་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ཡོངས་སུ་རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཐ་དད་པ་མ་མཆིས་
ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་ལྔའི་རབ་ཅེས་བགྱི། གཙོ་བོ་ཞེས་བགྱི། མཆོག་ཅེས་བགྱི། དམ་པ་ཞེས་བགྱི། ཕུལ་ཞེས་བགྱི། གྱ་ནོམ་པ་ཞེས་བགྱི། བླ་ན་མེད་པ་ཞེས་བགྱི། གོང་ན་མེད་པ་ཞེས་བགྱི། མཉམ་པ་མེད་པ་ཞེས་
བགྱི། མི་མཉམ་པ་དང་མཉམ་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནི་རྣམ་པ་ཐ་དད་པ་གང་ཡང་མེད་དེ། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་
པོ་འདི་དག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལུས་རྣམ་པ་ཐ་དད་པ་རྣམས་ནི་རིའི་རྒྱལ་
པོ་རི་རབ་ཀྱི་དྲུང་དུ་ཕྱིན་ན་ཁ་དོག་གཅིག་ཏུ་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གིས་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པར་འགྱུར་ཏེ། དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཕྱིན་ན། འདི་ལྟར་རྣམ་པ་
เล่ม ๘๔ · หน้า 78a
ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་ཁ་དོག་གཅིག་པར་འགྱུར་ཏེ། འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་ཁྱད་པར་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་ངོ་བོ་ཉིད་མེད་པ་དེའི་ཕྱིར་ཁྱད་པར་མེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དོན་གྱི་རྗེས་སུ་ཞུགས་པ་ལ་བྱེ་བྲག་གམ་ཐ་དད་དུ་
བགྱི་བ་མ་མཆིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དེ་དག་གི་རབ་ཅེས་བགྱི། གཙོ་བོ་ཞེས་བགྱི། མཆོག་ཅེས་བགྱི། དམ་པ་ཞེས་བགྱི། ཕུལ་ཞེས་བགྱི། གྱ་ནོམ་པ་ཞེས་བགྱི། བླ་ན་མེད་པ་ཞེས་བགྱི། གོང་ན་མེད་པ་ཞེས་བགྱི། མཉམ་
པ་མེད་པ་ཞེས་བགྱི། མི་མཉམ་པ་དང་མཉམ་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དོན་རྗེས་སུ་ཐོབ་པར་བྱ་བ་ལ་ཆོས་གང་ལ་ཡང་བྱེ་བྲག་དང་ཁྱད་པར་མེད་དེ། འོན་ཀྱང་འཇིག་རྟེན་གྱི་ཐ་སྙད་དང་། བརྡར་ཉེ་བར་བཟུང་
ནས། སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་གདོན་པའི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོད་དེ། སེམས་ཅན་དེ་དག་ལ་ཡང་སྐྱེ་བ་མེད། འཆི་བ་མེད། འཕོ་བ་མེད། འབྱུང་བ་མེད་དེ། སེམས་ཅན་མེད་པས་ཆོས་ཐམས་ཅད་མེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་
པོ་འདི་དག་གི་རབ་ཅེས་བྱ། གཙོ་བོ་ཞེས་བྱ། མཆོག་ཅེས་བྱ། དམ་པ་ཞེས་བྱ། ཕུལ་ཞེས་བྱ། གྱ་ནོམ་པ་ཞེས་བྱ། བླ་ན་མེད་པ་ཞེས་བྱ། གོང་ན་མེད་པ་ཞེས་བྱ། མཉམ་པ་མེད་པ་ཞེས་བྱ། མི་མཉམ་པ་དང་མཉམ་པ་ཞེས་བྱ་སྟེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན།
เล่ม ๘๔ · หน้า 78b
འཛམ་བུའི་གླིང་གི་བུད་མེད་གང་ཇི་སྙེད་པ་དེ་དག་གི་ནང་དུ་བུད་མེད་རིན་པོ་ཆེ་ནི་རབ་ཅེས་བྱ། གཙོ་བོ་ཞེས་བྱ། མཆོག་ཅེས་བྱ། དམ་པ་ཞེས་བྱ། ཕུལ་ཞེས་བྱ། གྱ་ནོམ་པ་ཞེས་བྱ། བླ་ན་མེད་པ་ཞེས་བྱ། གོང་ན་མེད་པ་ཞེས་བྱ། མཉམ་པ་མེད་པ་ཞེས་བྱ། མི་མཉམ་པ་
དང་མཉམ་པ་ཞེས་བྱ་བ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཅེས་བགྱི་བ་དང་། གཙོ་བོ་ཞེས་བགྱི་བ་དང་། མཆོག་ཅེས་བགྱི་བ་དང་། དམ་པ་ཞེས་བགྱི་བ་དང་། ཕུལ་ཞེས་བགྱི་བ་དང་། གྱ་ནོམ་པ་ཞེས་བགྱི་བ་དང་། བླ་
ན་མེད་པ་ཞེས་བགྱི་བ་དང་། གོང་ན་མེད་པ་ཞེས་བགྱི་བ་དང་། མཉམ་པ་མེད་པ་ཞེས་བགྱི་བ་དང་། མི་མཉམ་པ་དང་མཉམ་པ་ཞེས་བགྱི་བ་དེ་ཅི་ལས་དགོངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དགེ་བའི་ཆོས་
ཐམས་ཅད་ཡོངས་སུ་བཟུང་ཞིང་མི་གནས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་གནས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་རྗེས་ལ་འགྲོ་བའི་རྣམ་པར་རྟོག་པ་ཡིན་ཏེ། འདི་དག་གིས་ནི་བཟུང་བའི་རྣམ་པར་རྟོག་པ་གཉིས་པ་རྣམ་པ་དགུ་གསུངས་པ་ཡིན་ནོ།། །།
གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཡང་ཡོངས་སུ་འཛིན་པའམ་གཏོང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་ཡོངས་སུ་འཛིན་པའམ་གཏོང་བ་
མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མེད་པ་དང་། བཏང་བ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་མི་འཛིན་མི་གཏོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་
เล่ม ๘๔ · หน้า 79a
ཏུ་ཕྱིན་པ་ནི་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་
སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་
ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་
བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་མི་འཛིན་མི་གཏོང་ངོ་ཞེས་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡོངས་སུ་མི་འཛིན་མི་གཏོང་ངོ་ཞེས་བྱ་བ་ནི་འཛིན་
པ་དང་གཏོང་བའི་རྣམ་པར་རྟོག་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཡིད་ལ་མི་བྱེད་པས་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་
ཡིད་ལ་མི་བྱེད་པས། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་མི་བྱེད་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་
เล่ม ๘๔ · หน้า 79b
ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡིད་ལ་མི་བྱེད་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་
དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཡིད་ལ་མི་བྱེད་པས་གཟུངས་ཀྱི་སྒོ་ཡོངས་སུ་མ་བཟུང་མ་
བཏང་བ་ཡིན་ནོ། །སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡིད་ལ་མི་བྱེད་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་
བར་དུ་ཡིད་ལ་མི་བྱེད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རབ་འབྱོར་དེ་ལྟར་ན་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་
གལ་ཏེ་གཟུགས་ཡིད་ལ་མི་བགྱི། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡིད་ལ་མི་བགྱི། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་མི་བགྱི། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་།
བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡིད་ལ་མི་བགྱི། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་
པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཡིད་ལ་མི་བགྱི། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡིད་ལ་
เล่ม ๘๔ · หน้า 80a
མི་བགྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡིད་ལ་མི་བགྱི་ན། འོ་ན་བཅོམ་ལྡན་འདས་གཟུགས་ཡིད་ལ་མ་བགྱིས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། སྐྱེ་མཆེད་དང་། ཁམས་དང་།
རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་མ་བགྱིས། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡིད་ལ་མ་བགྱིས། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་
སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཡིད་ལ་མ་བགྱིས།
སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡིད་ལ་མ་བགྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡིད་ལ་མ་བགྱིས་པར་དགེ་བའི་རྩ་བ་རྣམས་ཇི་ལྟར་རྣམ་པར་འཕེལ་བར་འགྱུར།
དགེ་བའི་རྩ་བ་རྣམས་རྣམ་པར་མ་འཕེལ་བར་ཡང་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་མ་རྫོགས་པར་ཡང་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་
གཟུགས་ཡིད་ལ་མི་བྱེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡིད་ལ་མི་བྱེད། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་མི་བྱེད། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་
ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡིད་ལ་མི་བྱེད། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་
เล่ม ๘๔ · หน้า 80b
ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཡིད་ལ་མི་བྱེད། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
བཅྭ་བརྒྱད་ཡིད་ལ་མི་བྱེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡིད་ལ་མི་བྱེད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་རྣམས་རྣམ་པར་འཕེལ་བར་འགྱུར་ཏེ། དགེ་བའི་རྩ་བ་རྣམས་རྣམ་པར་འཕེལ་བས། ཕ་རོལ་ཏུ་ཕྱིན་
པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཡིད་ལ་མ་བྱས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་
ཡིད་ལ་མ་བྱས། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་མ་བྱས། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡིད་ལ་མ་བྱས། འཕགས་པའི་བདེན་པ་དང་། བསམ་
གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་
འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཡིད་ལ་མ་བྱས། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡིད་ལ་མ་བྱས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་
འཚང་རྒྱའོ་ཞེས་བྱ་བ་ནི་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ལྟར་གཟུགས་ཡིད་ལ་མ་བགྱིས། དེ་ལྟར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡིད་ལ་མ་བགྱིས། དེ་ལྟར་སྐྱེ་མཆེད་དང་།
เล่ม ๘๔ · หน้า 81a
ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིད་ལ་མ་བགྱིས། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡིད་ལ་མ་བགྱིས། དེ་ལྟར་འཕགས་པའི་བདེན་པ་དང་། བསམ་
གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་
འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཡིད་ལ་མ་བགྱིས། དེ་ལྟར་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡིད་ལ་མ་བགྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མ་
བགྱིས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ།། །།བམ་པོ་ལྔ་བཅུ་དྲུག་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡིད་ལ་བྱེད་པས་ནི་གལ་ཏེ་འདོད་པའི་ཁམས་སམ། གལ་ཏེ་གཟུགས་ཀྱི་ཁམས་སམ། གལ་ཏེ་གཟུགས་མེད་པའི་
ཁམས་སུ་འདྲེ་བར་འགྱུར་ཏེ། ཡིད་ལ་མི་བྱེད་པས་ནི་གང་དུའང་འདྲེ་བར་མི་འགྱུར་རོ། །དེ་བས་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་དང་ཡང་འདྲེ་བར་མི་བྱའོ་ཞེས་བྱ་བ་ནི་ཁམས་གསུམ་ཆར་དང་འབྲེལ་
པའི་རྣམ་པར་རྟོག་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་དེ་གང་ལ་གནས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུགས་ལ་གནས་པར་མི་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གནས་པར་མི་འགྱུར་རོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་གནས་པར་མི་
เล่ม ๘๔ · หน้า 81b
འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས་པར་མི་འགྱུར་རོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་།
རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ལ་གནས་པར་མི་འགྱུར་རོ། །སྟོབས་བཅུ་དང་། མི་འཇིགས་པ་བཞི་
དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་གནས་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་པར་མི་འགྱུར་རོ་ཞེས་བྱ་བ་ནི་གནས་པའི་རྣམ་པར་རྟོག་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་ཅིའི་
སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་གནས་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མངོན་པར་ཆགས་པ་མེད་པའི་ཕྱིར་གང་ལ་ཡང་གནས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་མངོན་པར་ཆགས་པར་བྱ་བའམ།
གནས་པར་བྱ་བའི་ཆོས་དེ་ལྟ་བུ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཆགས་པ་མེད་པ་དང་། གནས་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་དངོས་པོ་ལ་མངོན་པར་ཞེན་
པའི་རྣམ་པར་རྟོག་པ་ཡིན་ནོ།། །།གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཤིང་གང་དེ་ལྟར་སྤྱོད་པ་དང་། དེ་ལྟར་བསྒོམ་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་སྟེ། བདག་ནི་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་སྤྱོད། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་མོ་སྙམ་ཞིང་གལ་ཏེ་དེ་ལྟར་འདུ་ཤེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རིང་དུ་བྱེད་པ་ཡིན་ནོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རིང་དུ་གྱུར་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་
เล่ม ๘๔ · หน้า 82a
ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་རིང་དུ་གྱུར་པ་ཡིན་ནོ། །ནང་སྟོང་པ་ཉིད་ལས་རིང་དུ་གྱུར་པ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལས་རིང་དུ་
གྱུར་པ་ཡིན། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་རིང་དུ་གྱུར་པ་ཡིན། འཕགས་པའི་བདེན་པ་དང་། བསམ་
གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་
དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ལས་རིང་དུ་གྱུར་པ་ཡིན་ནོ། །སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལས་རིང་དུ་གྱུར་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཀྱི་བར་ལས་རིང་དུ་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་ཡང་མངོན་པར་ཆགས་པར་མི་བྱེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པ་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་མངོན་པར་ཆགས་
པར་གྱུར་པ་དེ་ལྟ་བུའི་རང་བཞིན་དེ་ལ་མེད་དེ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུ་ཤེས་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པར་འགྱུར་ཏེ། གང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་དེ་ནི་ཆོས་ཐམས་ཅད་ལས་ཉམས་པར་འགྱུར་རོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་
เล่ม ๘๔ · หน้า 82b
ཏུ་ཕྱིན་པ་ལས་ཡོངས་སུ་ཉམས་པར་འགྱུར་བ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནང་སྟོང་པ་ཉིད་ཡོངས་སུ་འཛིན་ཏོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་འཛིན་ཏོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་
སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་
པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་འཛིན་ཏོ་སྙམ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་
ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་སྙམ་ན་
เล่ม ๘๔ · หน้า 83a
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་སྟོན་ཏོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་བོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་
པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པོ། །ནང་སྟོང་པ་ཉིད་མངོན་པར་བསྒྲུབ་བོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མངོན་པར་བསྒྲུབ་བོ། །དྲན་པ་ཉེ་བར་གཞག་པ་རྣམས་མངོན་པར་བསྒྲུབ་བོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་
གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མངོན་པར་བསྒྲུབ་བོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་
ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་མངོན་པར་བསྒྲུབ་བོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་
དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་མངོན་པར་བསྒྲུབ་བོ་སྙམ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལས་ཉམས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པར་མི་ནུས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
เล่ม ๘๔ · หน้า 83b
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པར་མི་ནུས་སོ། །ནང་སྟོང་པ་ཉིད་མངོན་པར་སྒྲུབ་པར་མི་ནུས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མངོན་པར་སྒྲུབ་པར་མི་ནུས་སོ། །དྲན་པ་ཉེ་བར་གཞག་པ་མངོན་པར་སྒྲུབ་པར་མི་
ནུས་སོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མངོན་པར་སྒྲུབ་པར་མི་ནུས་སོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་།
གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་
སྒོ་རྣམས་མངོན་པར་སྒྲུབ་པར་མི་ནུས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་མངོན་པར་སྒྲུབ་པར་མི་ནུས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་།
བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་མངོན་པར་སྒྲུབ་པར་མི་ནུས་སོ། །གལ་ཏེ་ཡང་དེ་འདི་སྙམ་དུ་དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་ཡོངས་སུ་མ་བཟུང་སྟེ། རང་གིས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་དོ། །བསྟན་ཏོ། །རབ་ཏུ་ཕྱེའོ་སྙམ་ན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ནི་ཆོས་གང་ཡང་མངོན་པར་རྫོགས་པར་སངས་རྒྱས་པ་མེད་དེ། རབ་འབྱོར་དེ་ཡང་འདི་ལྟར་དེ་བཞིན་གཤེགས་པས་ནི་
ཆོས་གང་ཡང་འདོགས་པ་མེད་ན། ཆོས་ལ་ལ་ཞིག་མངོན་པར་རྫོགས་པར་འཚང་མི་རྒྱ་བར་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་ནི་གནས་མ་ཡིན་ནོ་ཞེས་བྱ་བ་ནི་དངོས་པོར་བཏགས་པར་རྣམ་པར་རྟོག་པ་ཡིན་ནོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་
เล่ม ๘๔ · หน้า 84a
སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྐྱོན་འདི་དག་མ་མཆིས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདི་སྙམ་དུ་ཆོས་ཐམས་ཅད་ནི་མེད་པ་སྟེ་ཡོངས་སུ་མ་བཟུང་བའོ། །དེ་ལྟར་ཆོས་ཐམས་ཅད་མེད་ཅིང་ཡོངས་སུ་མ་བཟུང་བ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་ཞེས་བྱ་
བར་ཡང་དག་པར་ཤེས་ཏེ། གལ་ཏེ་དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཡོངས་སུ་མ་བཟུང་བའི་ཆོས་ཐམས་ཅད་ལ་མངོན་པར་ཆགས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཡིན་
ཏེ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་ཆགས་པས་བརྗོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆགས་པའི་རྣམ་པར་རྟོག་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་
བ་ལགས་སམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལགས་སམ། ནང་
སྟོང་པ་ཉིད་ནང་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། དྲན་པ་ཉེ་བར་གཞག་པ་རྣམས་དྲན་པ་ཉེ་བར་གཞག་པ་རྣམས་དང་མ་བྲལ་བ་ལགས་སམ། ཡང་དག་
པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་མ་བྲལ་བ་ལགས་སམ། འཕགས་པའི་བདེན་པ་དང་། བསམ་
เล่ม ๘๔ · หน้า 84b
གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་།
ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་གཟུངས་ཀྱི་སྒོ་རྣམས་དང་མ་བྲལ་བ་ལགས་སམ། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
བཅྭ་བརྒྱད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་མ་བྲལ་བ་ལགས་སམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་ལགས་སམ། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ། བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་ཞིག་ལགས་ན་ནི་ཞེས་བྱ་བ་ནི་གཉེན་པོ་ལ་རྣམ་པར་རྟོག་པ་ཡིན་ནོ།། །།འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཤེའམ། འདི་ནི་གཟུགས་སོ། །འདི་ནི་གཟུགས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་
เล่ม ๘๔ · หน้า 85a
པར་ཤེས་པ་ཞེའམ་འདི་ནི་རྣམ་པར་ཤེས་པའོ་འདིའི་རྣམ་པར་ཤེས་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེའམ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །འདིའི་རྟེན་ཅིང་
འབྲེལ་པར་འབྱུང་བའོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཞེའམ། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འདིའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །གཟུགས་རྟག་པའམ་མི་
རྟག་པར་མངོན་པར་ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་པའམ་མི་རྟག་པར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྟག་པའམ་མི་རྟག་པར་མངོན་པར་
ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྟག་པའམ་མི་རྟག་པར་མངོན་པར་ཆགས་པ་མེད་དོ། །གཟུགས་བདེ་བའམ་སྡུག་བསྔལ་བར་མངོན་པར་ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདེ་
བའམ་སྡུག་བསྔལ་བར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བདེ་བའམ་སྡུག་བསྔལ་བར་མངོན་པར་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བདེ་བའམ་སྡུག་བསྔལ་བར་མངོན་པར་ཆགས་
པ་མེད་དོ། །གཟུགས་བདག་གམ་བདག་མེད་པར་མངོན་པར་ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་གམ་བདག་མེད་པར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་
འབྲེལ་པར་འབྱུང་བ་བདག་གམ་བདག་མེད་པར་མངོན་པར་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བདག་གམ་བདག་མེད་པར་མངོན་པར་ཆགས་པ་མེད་དོ། །གཟུགས་ཞི་བའམ་མ་ཞི་བར་མངོན་པར་ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་
เล่ม ๘๔ · หน้า 85b
དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞི་བའམ་མ་ཞི་བར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཞི་བའམ་མ་ཞི་བར་མངོན་པར་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཞི་བའམ་
མ་ཞི་བར་མངོན་པར་ཆགས་པ་མེད་དོ། །གཟུགས་སྟོང་པའམ་མི་སྟོང་བར་མངོན་པར་ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་པའམ་མི་སྟོང་པར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་
འབྱུང་བ་སྟོང་པའམ་མི་སྟོང་པར་མངོན་པར་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོང་པའམ་མི་སྟོང་པར་མངོན་པར་ཆགས་པ་མེད་དོ། །གཟུགས་མཚན་མ་ཡོད་པའམ་མཚན་མ་མེད་པར་མངོན་པར་ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་
དང་། རྣམ་པར་ཤེས་པ་མཚན་མ་ཡོད་པའམ་མཚན་མ་མེད་པར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མཚན་མ་ཡོད་པའམ་མཚན་མ་མེད་པར་མངོན་པར་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མཚན་མ་ཡོད་
པའམ་མཚན་མ་མེད་པར་མངོན་པར་ཆགས་པ་མེད་དོ། །གཟུགས་སྨོན་པ་ཡོད་པའམ་སྨོན་པ་མེད་པར་མངོན་པར་ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྨོན་པ་ཡོད་པའམ་སྨོན་པ་མེད་པར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་
དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་སྨོན་པ་ཡོད་པའམ་སྨོན་པ་མེད་པར་མངོན་པར་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྨོན་པ་ཡོད་པའམ་སྨོན་པ་མེད་པར་མངོན་པར་ཆགས་པ་མེད་དོ། །གཟུགས་དབེན་པའམ་མི་དབེན་པར་མངོན་པར་
ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དབེན་པའམ་མི་དབེན་པར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དབེན་པའམ་མི་དབེན་པར་མངོན་པར་ཆགས་པ་མེད་དོ། །
เล่ม ๘๔ · หน้า 86a
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དབེན་པའམ་མི་དབེན་པར་མངོན་པར་ཆགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་མེད་པའི་ཆོས་ནི་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བའམ། བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བའམ། བདག་
ཡོད་ཅེས་བྱ་བའམ། བདག་མེད་ཅེས་བྱ་བའམ། ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བའམ། སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བའམ། མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བའམ། སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བའམ། དབེན་
ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱིས་མངོན་པར་སྒྲུབ་པར་མི་ནུས་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་།
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་
པོའི་དཔུང་གི་ཚོགས་ཡན་ལག་བཞི་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་དང་གང་དུ་འགྲོ་བ་དེ་དང་དེར་འགྲོའོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་གནས་
པར་འགྱུར་རོ་ཞེས་བྱ་བ་ནི་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ལ་ཐོགས་པའི་རྣམ་པར་རྟོག་པ་ཡིན་ཏེ་འདི་དག་གིས་ནི་འཛིན་པའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུ་གསུངས་པ་ཡིན་ནོ།། །།རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁ་ལོ་སྒྱུར་བ་ནི་རྟ་ཟུང་བཞི་པའི་ཤིང་རྟ་ལ་ཞོན་ཞིང་ལམ་མཉམ་པ་
ནས་འགྲོའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔའི་ཁ་ལོ་སྒྱུར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་ལམ་མཉམ་པ་ནས་འགྲོའོ་ཞེས་བྱ་བ་ནི་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་དུ་ངེས་པར་མི་འབྱུང་བའི་རྣམ་པར་རྟོག་པ་ཡིན་ནོ།། །།གསོལ་པ།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด