འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཨཥྚ་ས་ཧ་སྲི་ཀཱ་བྱཱ་ཁྱཱ་ཨ་བྷི་ས་མ་ཡཱ་ལཾ་ཀ་ར་ཨཱ་ལོ་ཀ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๘๕ · หน้า 320a
དང་། སྙན་པར་སྨྲ་བ་དང་ལེགས་པར་སྨྲ་བའི་རྗེས་སུ་མཐུན་པར་བྱས་པས་དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང་། སྨན་ལ་སོགས་པ་བྱིན་པས་ཕྲག་པ་རྒྱས་པ་ཉིད་དང་། སྐྱེ་བོ་ནད་པའི་གཡོག་བྱས་པས་རོ་བྲོ་བའི་མཆོག་མཁྱེན་པ་ཉིད་དང་། ནགས་ཚལ་
དང་ཀུན་དགའི་ར་བ་ལ་སོགས་པ་བྱེད་པ་ཡང་དག་པར་ལེན་དུ་བཅུག་པས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང་། གཙུག་ལག་ཁང་ལ་སོགས་པ་ལྷག་པར་བྱིན་པས་དབུ་གཙུག་ཏོར་དང་ལྡན་པ་ཉིད་དང་། འཇམ་པོ་ལ་སོགས་པ་གསུངས་པས་ལྗགས་རིང་བ་ཉིད་དང་།
འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ལ་དམ་པའི་ཆོས་གོ་བར་བྱས་པས་ཚངས་པའི་དབྱངས་ཉིད་དང་། ཚིག་འཁྱལ་བ་སྤངས་པས་འགྲམ་པ་སེང་གེའི་འདྲ་བ་ཉིད་དང་། སྐྱེ་བོ་ཐམས་ཅད་བཀུར་བ་ལ་སོགས་པས་ཚེམས་དཀར་བ་ཉིད་དང་། འཚོ་བ་རྣམ་པར་དག་པ་ཉིད་
ཀྱིས་ཚེམས་མཉམ་པ་ཉིད་དང་། བདེན་པའི་ཚིག་ཀུན་ཏུ་སྤྱད་པས་ཚེམས་ཐགས་བཟང་བ་ཉིད་དང་། ཕྲ་མའི་ཚིག་སྤངས་པས་ཚེམས་བཞི་བཅུ་མངའ་བ་ཉིད་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བལྟས་པར་སྤྱན་མཐོན་མཐིང་ཉིད་དང་། ཁོང་ཁྲོ་བ་ལ་སོགས་
པ་མེད་པར་བལྟས་པས་རྫི་མ་བའི་ལྟ་བུ་ཉིད་དོ། །དེ་སྐད་དུ་ཡང་། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་པ་དང་། །ཕྱག་དང་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་
ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ནྱ་ཡ་འདྲའི་ཕྱག་རིང་མཛེས། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་
སྐུ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཕྲག་པ་རྒྱས། །འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། ཤིན་ཏུ་དཀར་དང་ཚེམས་མཉམ་ཐགས་
เล่ม ๘๕ · หน้า 320b
བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པར་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །འདི་ལ་མཚན་ནི་གང་གང་གི །སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་
འགྲུབ། །བླ་མ་སྐྱེལ་ལ་སོགས་པ་དང་། །ཡང་དག་བླངས་པ་བརྟན་པ་དང་། །བསྡུ་བ་བསྟེན་དང་གྱ་ནོམ་པའི། །དངོས་པོ་སྦྱིན་དང་གསད་བྱ་བ། །ཐར་བར་བྱེད་དང་དགེ་བ་ནི། །ཡང་དག་བླངས་པ་སྤེལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །
ཞེས་གསུངས་པ་ཡིན་ནོ། །ཡང་དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་ཉིད་ཀྱིས་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཉིད་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ལྷག་པའི་བསམ་པ་ཉིད་ཀྱིས་སེན་མོའི་མདོག་སྣུམ་པ་ཉིད་དང་། རིགས་
ཀྱི་མཆོག་སྤེལ་བས་སེན་མོ་མཐོ་བ་ཉིད་དང་། ཚུལ་ཁ་ན་མ་ཐོ་བ་ཉིད་མེད་པ་ཉིད་ཀྱིས་སོར་མོ་རྣམས་ཟླུམ་པ་ཉིད་དང་། དགེ་བའི་རྩ་བ་བསགས་པ་ཉིད་ཀྱིས་སོར་མོ་རྣམས་རྒྱས་པ་ཉིད་དང་། ཡང་དག་པར་མཐར་གྱིས་ཞུགས་པ་ཉིད་ཀྱིས་སོར་མོ་རྣམས་བྱིན་གྱིས་ཕྲ་བ་ཉིད་དང་། ལུས་ལ་སོགས་
པའི་ལས་དང་འཚོ་བ་རབ་ཏུ་བསྲུངས་པ་ཉིད་ཀྱིས་རྩ་མི་མངོན་པ་ཉིད་དང་། ཉོན་མོངས་པའི་མདུད་པ་བཀྲོལ་བ་ཉིད་ཀྱིས་རྩ་མདུད་པ་མེད་པ་ཉིད་དང་། ཤིན་ཏུ་སྦས་པའི་ཆོས་ཀྱི་བློ་གྲོས་ཅན་ཉིད་ཀྱིས་ལོང་བུ་མི་མངོན་པ་ཉིད་དང་། བགྲོད་དཀའ་བའི་གནས་ཐམས་ཅད་ལ་སྐྱེ་བོ་སྒྲོལ་བར་མཛད་
པ་ཉིད་ཀྱིས་ཞབས་མི་མཉམ་པ་མེད་པ་ཉིད་དང་། མི་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱིས་སེང་གེའི་སྟབས་སུ་གཤེགས་པ་ཉིད་དང་། ཀླུ་ཟིལ་གྱིས་མནན་པ་ལ་མཁས་པ་ཉིད་ཀྱིས་གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང་། ནམ་མཁའ་ལ་གཤེགས་པར་མཁས་པ་ཉིད་ཀྱིས་ངང་
པའི་སྟབས་སུ་གཤེགས་པ་ཉིད་དང་། སྐྱེས་བུ་ཁྱུ་མཆོག་ཏུ་མཁས་པ་ཉིད་ཀྱིས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང་། སྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པ་ཉིད་ཀྱིས་གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང་། མཛེས་པར་མཁས་པ་ཉིད་ཀྱིས་མཛེས་པར་
เล่ม ๘๕ · หน้า 321a
གཤེགས་པ་ཉིད་དང་། རྟག་ཏུ་སེམས་གྱ་གྱུ་མི་མངའ་བ་ཉིད་ཀྱིས་མ་ཡོ་བར་གཤེགས་པ་ཉིད་དང་། ཡོན་ཏན་ཡང་དག་པར་བརྗོད་པ་མཛད་པ་ཉིད་ཀྱིས་སྐུ་འཁྲིལ་བག་ཆགས་པ་ཉིད་དང་། སྡིག་པའི་ཆོས་དང་མ་འབགས་པ་ཉིད་ཀྱིས་སྐུ་བྱི་དོར་བྱས་པ་ལྟ་བུ་ཉིད་དང་།
གདུལ་བྱ་དང་འཚམ་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་སྐུ་རིམ་པར་འཚམ་པ་ཉིད་དང་། སྐུ་ལ་སོགས་པའི་ཀུན་དུ་སྤྱོད་པ་གཙང་བའི་ཕྱིར་སྐུ་རྣམ་པར་དག་པ་ཉིད་དང་། ཐུགས་ཐུགས་རྗེ་ཅན་ཉིད་ཀྱི་ཕྱིར་སྐུ་འཇམ་པ་ཉིད་དང་། ཐུགས་རྣམ་པར་དག་པའི་ཕྱིར་སྐུ་རྣམ་པར་དག་པ་ཉིད་དང་།
ཆོས་འདུལ་བ་ཡོངས་སུ་རྫོགས་པའི་ཕྱིར་མཚན་རྫོགས་པ་ཉིད་དང་། ཡངས་ཤིང་མཛེས་པའི་ཡོན་ཏན་བརྗོད་པའི་ཕྱིར་སྐུའི་ཁོ་ལག་ཡངས་ཤིང་བཟང་བ་ཉིད་དང་། ཐམས་ཅད་ལ་ཐུགས་སྙོམས་པའི་ཕྱིར་གོམ་པ་སྙོམས་པ་ཉིད་དང་། རྣམ་པར་དག་པའི་ཆོས་སྟོན་པའི་ཕྱིར་སྤྱན་རྣམ་པར་དག་
པ་གཉིས་དང་། ཆོས་གོ་སླ་བ་སྟོན་པའི་ཕྱིར་སྐུ་གཞོན་ཤ་ཅན་ཉིད་དང་། ཐུགས་རྟག་ཏུ་མ་ཞུམ་པའི་ཕྱིར་སྐུ་ཞུམ་པ་མེད་པ་ཉིད་དང་། དགེ་བའི་རྩ་བ་ཡང་དག་པར་འཕགས་པའི་ཕྱིར་སྐུ་རྒྱས་པ་ཉིད་དང་། ཡང་སྲིད་པ་ཟད་པ་ཉིད་ཀྱིས་སྐུ་ཤིན་ཏུ་གྲིམས་པ་ཉིད་དང་། རྟེན་ཅིང་འབྲེལ་པར་
འབྱུང་བ་ཤིན་ཏུ་རྣམ་པར་ཕྱེ་བ་སྟོན་པར་མཛད་པ་ཉིད་ཀྱིས་ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་ཉིད་དང་། ཚིག་གི་དོན་ཤིན་ཏུ་རྣམ་པར་དག་པ་སྟོན་པས་རབ་ཏུ་གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཉིད་དང་། སློབ་མ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཉིད་དུ་གྱུར་པ་ཉིད་ཀྱིས་
དཀུ་ཟླུམ་པ་ཉིད་དང་། འཁོར་བའི་སྐྱོན་གྱིས་མ་སྦགས་པ་ཉིད་ཀྱིས་དཀུ་སྐབས་ཕྱེད་པ་ཉིད་དང་། ང་རྒྱལ་གྱི་འགྱིང་བ་བཅོམ་པ་ཉིད་ཀྱིས་དཀུ་མ་རྙོངས་པ་ཉིད་དང་། ཆོས་ཟད་པ་རྣམ་པར་ཟློག་པ་ཉིད་ཀྱིས་ཕྱལ་ཕྱང་དེ་བ་ཉིད་དང་། ཆོས་ཟབ་མོ་རྟོགས་པ་ཉིད་ཀྱིས་ལྟེ་བ་ཟབ་པ་ཉིད་དང་། སློབ་
མ་མཐུན་པ་ཟབ་པ་ཉིད་ཀྱིས་ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང་། འཁོར་ཀུན་ནས་མཛེས་པར་འགྱུར་བ་ཉིད་ཀྱིས་ཀུན་ནས་མཛེས་པ་ཉིད་དང་། ཐུགས་གཙང་བ་ཉིད་ཀྱིས་ཀུན་དུ་སྤྱོད་པ་གཙང་བ་ཉིད་དང་། དུས་མ་ཡིན་པའི་ཆོས་འདུལ་བ་དང་བྲལ་བ་ཉིད་ཀྱིས་སྐུ་ལ་སྨེ་བ་དང་གནག་
เล่ม ๘๕ · หน้า 321b
བག་མེད་པ་ཉིད་དང་། ལུས་ལ་སོགས་པ་ཟོ་མདོག་བདེ་བ་འཐོབ་པའི་ཆོས་སྟོན་པར་བྱེད་པ་ཉིད་ཀྱིས་ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཉིད་དང་། མདངས་ཡོད་པའི་དགེ་སྦྱོང་ཆེན་པོ་རྙེད་པ་ཉིད་ཀྱིས་ཕྱག་གི་རི་མོ་མདངས་ཡོད་པ་ཉིད་དང་། ཆོས་ཟབ་མོ་ལ་གནས་པ་ཉིད་
ཀྱིས་ཕྱག་གི་རི་མོ་ཟབ་པ་ཉིད་དང་། ཕྱིས་རྗེས་སུ་ཡང་དག་པར་ཡོངས་སུ་དག་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ཕྱག་གི་རི་མོ་རིང་བ་ཉིད་དང་། བསླབ་པ་རབ་ཏུ་མང་པོ་ཀུན་སྟོན་པར་མཛད་པ་ཉིད་ཀྱིས་ཞལ་ཧ་ཅང་མི་རིང་བ་ཉིད་དང་། འཇིག་རྟེན་ཐམས་ཅད་གཟུགས་བརྙན་དང་
འདྲ་བར་རྟོགས་པ་ཉིད་ཀྱིས་མཆུ་བིམ་པ་ལྟར་དམར་བ་ཉིད་དང་། ཚིག་འཇམ་པོས་འདུལ་བ་ཉིད་ཀྱིས་ལྗགས་མཉེན་པ་ཉིད་དང་། ཡོན་ཏན་འཐད་པ་མངའ་བ་ཉིད་ཀྱིས་ལྗགས་སྲབ་པ་ཉིད་དང་། ཆོས་འདུལ་བ་བྱིས་པའི་སྐྱེ་བོ་ཆགས་པ་ཅན་གྱིས་གཏིང་དཔག་དཀའ་བ་ཉིད་ཀྱིས་
ལྗགས་དམར་བ་ཉིད་དང་། བསྙེངས་པ་ཐམས་ཅད་མི་མངའ་བ་ཉིད་ཀྱིས་འབྲུག་གི་སྒྲ་དང་ལྡན་པ་ཉིད་དང་། སྙན་པ་ལ་སོགས་པར་གསུངས་པ་ཉིད་ཀྱིས་གསུང་སྙན་ཅིང་མཉེན་ལ་འཇམ་པ་ཉིད་དང་། སྲིད་པར་ཀུན་ཏུ་སྦྱོར་བ་བསྡོམས་པ་ཉིད་ཀྱིས་མཆེ་བ་ཟླུམ་པ་ཉིད་དང་། སྐྱེ་བོ་གདུལ་
བར་དཀའ་བ་འདུལ་བ་ཉིད་ཀྱིས་མཆེ་བ་རྣོ་བ་ཉིད་དང་། ཆོས་འདུལ་བ་ཤིན་ཏུ་དཀར་བ་ཉིད་ཀྱིས་མཆེ་བ་དཀར་བ་ཉིད་དང་། མཉམ་པའི་ས་ལ་གནས་པ་ཉིད་ཀྱིས་མཆེ་བ་མཉམ་པ་ཉིད་དང་། མཐར་གྱིས་མངོན་པར་རྟོགས་པ་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཉིད་ཀྱིས་མཆེ་བ་བྱིན་གྱིས་
ཕྲ་བ་ཉིད་དང་། ཤེས་རབ་མཆོག་ལ་གནས་པ་ཉིད་ཀྱིས་ཤངས་མཐོ་བ་ཉིད་དང་། སྐྱེ་བོ་གཙང་མ་ཕུན་སུམ་ཚོགས་པ་ཉིད་ཀྱིས་ཤངས་གཙང་བ་ཉིད་དང་། ཆོས་ཤིན་ཏུ་རྒྱས་པ་ཉིད་ཀྱིས་སྤྱན་ཡངས་པ་ཉིད་དང་། སེམས་ཅན་གྱི་ཚོགས་དྲངས་པ་ཉིད་ཀྱིས་རྫི་མ་སྟུག་པ་ཉིད་དང་།
འགྲོ་བ་གཞོན་ནུ་མ་ཐམས་ཅད་མངོན་པར་མགུ་བ་ཉིད་ཀྱིས་སྤྱན་དཀར་གནག་འབྱེས་ཤིང་པད་མའི་འདབ་མ་རངས་པ་ལྟ་བུ་ཉིད་དང་། རྟག་ཏུ་ཕྱིས་རྗེས་སུ་གཟིགས་པ་ཉིད་ཀྱིས་སྨིན་ཚུགས་རིང་བ་ཉིད་དང་། ཆོས་འདུལ་བ་འཇམ་པོ་ལ་མཁས་པ་ཉིད་ཀྱིས་སྨིན་མ་འཇམ་པ་ཉིད་དང་། ཐུགས་
เล่ม ๘๕ · หน้า 322a
ཀྱི་རྒྱུད་དགེ་བས་བརླན་པ་ཉིད་ཀྱིས་སྨིན་མ་སྣུམ་པ་ཉིད་དང་། ཀུན་ཏུ་སྐྱོན་གཟིགས་པ་ཉིད་ཀྱིས་སྨིན་མའི་སྤུ་མཉམ་པ་ཉིད་དང་། མཆོག་ཏུ་གནོད་པ་བཟློག་པར་མཛད་པ་ཉིད་ཀྱིས་ཕྱག་རིང་ཞིང་རྒྱས་པ་ཉིད་དང་། འདོད་ཆགས་ལ་སོགས་པའི་གཡུལ་
ལས་རྣམ་པར་རྒྱལ་བ་ཉིད་ཀྱིས་སྙན་མཉམ་པ་ཉིད་དང་། སེམས་ཅན་གྱི་རྒྱུད་མ་ཉམས་པར་མཛད་པ་ཉིད་ཀྱིས་སྙན་གྱི་དབང་པོ་མ་ཉམས་པ་ཉིད་དང་། ལྟ་བས་བྱས་པ་ཐམས་ཅད་ཀྱིས་གཞན་དུ་མི་འགྱུར་བ་ཉིད་ཀྱིས་འཕྲལ་བ་ལེགས་པར་འབྱེས་པ་ཉིད་དང་། སྨྲ་བ་ཐམས་ཅད་ཀྱི་
ཐོག་མར་གྱུར་པ་ཉིད་ཀྱིས་འཕྲལ་བ་དབྱེས་ཆེ་བ་ཉིད་དང་། སྨོན་ལམ་གྱི་མཆོག་ཡོངས་སུ་རྫོགས་པ་ཉིད་ཀྱིས་དབུ་ཤིན་ཏུ་རྒྱས་པ་ཉིད་དང་། ཡུལ་གྱི་དགའ་བ་རྗེས་སུ་བཟློག་པར་མཛད་པ་ཉིད་ཀྱིས་དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང་། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་
བག་ལ་ཉལ་སྤངས་པ་ཉིད་ཀྱིས་དབུ་སྐྲ་སྟུག་པ་ཉིད་དང་། བསྟན་པ་བློ་འཇམ་པོས་ཡོངས་སུ་ཤེས་པ་ཉིད་ཀྱིས་དབུ་སྐྲ་འཇམ་པ་ཉིད་དང་། ཐུགས་འདོད་ཆགས་ལ་སོགས་པས་མ་འཁྲུགས་པ་ཉིད་ཀྱིས་དབུ་སྐྲ་མ་འཛིངས་པ་ཉིད་དང་། རྟག་ཏུ་ཚིག་མི་རྩུབ་པ་ཉིད་ཀྱིས་དབུ་སྐྲ་མི་བཤོར་
བ་ཉིད་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་བཀྲམ་པ་ཉིད་ཀྱིས་དབུ་སྐྲ་དྲི་ཞིམ་པ་ཉིད་དང་། རྣམ་པ་ཐམས་ཅད་དུ་མཛེས་པར་གྱུར་པ་ཉིད་ཀྱིས་ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་པ་དང་གཡུང་དྲུང་འཁྱིལ་པས་བརྒྱན་པ་ཉིད་ཡིན་ནོ། །དེ་སྐད་དུ་ཡང་། ཐུབ་པའི་སེན་མོ་
ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སེན་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། མཛེས་གཤེགས་དྲང་དང་
འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་སྤྱན་ནི་དག་པ་དང་། །ཤིན་ཏུ་གཞོན་མདོག་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །
เล่ม ๘๕ · หน้า 322b
ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་པ་དང་། །ཀུན་ནས་བལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་
སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམ་པ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་
མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པད་མའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་
རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །འཕྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་འཇམ་མ་འཛིངས་ངོ་བོ་དང་། །མི་བཤོར་སྐྱེས་བུ་ཡིད་འཕྲོག་དང་། །དཔལ་གྱི་བེའུ་དང་བཀྲ་
ཤིས་ནི། །གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པའི་སྐུ་གང་གིས་འཁོར་བ་ཇི་སྲིད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་འདོད་
པའི་དོན་མཉམ་པ་ཉིད་དུ་མཛད་པའི་སྐུ་དེ་ནི་རྒྱུན་ཆགས་པ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་རྒྱུན་མི་འཆད་པར་བྱིས་པའི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་དུ་གྱུར་པ་བཞི་པ་ཡིན་པར་ཤེས་པར་བྱའོ། །དེ་སྐད་དུ་ཡང་། གང་གི་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་
དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས་པ་ཡིན་ནོ། །དེ་ལ་དང་པོར་འགྲོ་བ་བཟང་པོ་དང་བཟང་པོ་མ་ཡིན་པ་ལ་མངོན་པར་ཞེན་པས་གནས་པ་མེད་པའི་མཚན་ཉིད་འགྲོ་བ་རབ་ཏུ་ཞི་བའི་ཕྲིན་ལས་མཛད་ནས། སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་
เล่ม ๘๕ · หน้า 323a
པོ་བཞི་ལ་བཀོད་དེ། ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པས་མི་མཐུན་པའི་ཕྱོགས་དང་གཉེན་པོ་དོར་བ་དང་བླང་བར་བྱ་བའི་སྒོ་ནས་རྟོགས་པར་མཛད་ནས་སྒྱུ་མ་མཁན་བཞིན་དུ་རྗེས་སུ་ཆགས་པ་ལ་སོགས་པས་རྣམ་པར་དབེན་པ་ཉིད་
ཀྱིས་སེམས་ཅན་གྱི་དོན་དེ་གཞན་གྱི་དོན་བྱས་པ་ལ་སོགས་པའི་མཚན་ཉིད་ཇི་ལྟ་བའི་བདག་ཉིད་ལ་བཀོད་དེ། དེའི་རྗེས་ལ་རང་གི་དོན་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོམས་པ་ལའོ། །དེའི་འོག་ཏུ་རང་དང་གཞན་གྱི་དོན་གྱི་མཚན་ཉིད་
སངས་རྒྱས་ཀྱི་ལམ་སྟེ་དགེ་བ་བཅུའི་ལས་ཀྱི་ལམ་ལའོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་གོམས་པ་ལའོ། །དེའི་རྗེས་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་དང་པོ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་མཚན་ཉིད་གཉིས་སུ་མེད་པའི་ཆོས་ལའོ། །
དེ་ནས་ཚོགས་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པས་གཉིས་པ་ལ་སོགས་པར་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཐམས་ཅད་བརྡར་བཏགས་པའི་ཤེས་པ་ལ་འགོད་དོ། །དེ་བཞིན་དུ་རིམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་དྲུག་པ་ཤེས་པ་དང་ཤེས་
བྱའི་དངོས་པོར་མངོན་པར་མ་ཞེན་པའི་མཚན་ཉིད་ཆོས་ཐམས་ཅད་དམིགས་སུ་མེད་པ་ལའོ། །དེའི་འོག་ཏུ་ས་བདུན་པ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལའོ། །དེ་ནས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ས་བརྒྱད་པ་ལ་ཉན་ཐོས་
ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་བྱང་ཆུབ་སེམས་དཔའི་ལམ་ལའོ། །དེ་ནས་ཡང་དེ་ཉིད་ལ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་སྤངས་པ་ལའོ། །དེའི་རྗེས་ལ་ས་དགུ་པ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་བྱང་ཆུབ་འཐོབ་པ་ལའོ། །དེའི་འོག་ཏུ་ཡེ་ཤེས་ཀྱི་ཕ་རོལ་ཏུ་
ཕྱིན་པའི་སྟོབས་ཀྱིས་ས་བཅུ་པ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམ་པར་དག་པ་ལ་བཀོད་ནས་ཡང་དེ་ཉིད་ལ་སྐྱེ་བ་གཅིག་གིས་ཐོགས་པའི་རང་གི་ངོ་བོ་ཡང་དག་པའི་བྱང་ཆུབ་ཏུ་སོ་སོར་ངེས་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དོན་དང་། འཇིག་
เล่ม ๘๕ · หน้า 323b
རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་དྲུང་དུ་འགྲོ་བ་ལ་སོགས་པའི་ཡོན་ཏན་ལ་བཀོད་དེ། དེ་ལྟ་བུའི་རིམ་པ་ཡང་དེ་ཉིད་ལ་ཁྱད་པར་གྱི་ལམ་གྱི་རང་གི་ངོ་བོ་བྱང་ཆུབ་མཐའ་དག་འདྲེན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་བྱང་ཆུབ་ཀྱི་ཡན་ལག་དང་། ལས་དང་འབྲས་བུར་འབྲེལ་
པ་ཆུད་མི་ཟ་བ་དང་། དངོས་པོ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་དང་། ཕྱིན་ཅི་ལོག་ཐམས་ཅད་སྤངས་པ་དང་། ཕྱིན་ཅི་ལོག་གི་གཞི་མེད་པ་སྤངས་པའི་ཡེ་ཤེས་དང་། རང་བཞིན་གྱིས་ཡོངས་སུ་དག་པའི་མཚན་ཉིད་བྱང་ཆུབ་སེམས་དཔའི་རྣམ་པར་བྱང་བ་དང་།
དྲི་མ་ཐམས་ཅད་དང་བྲལ་བའི་རྣམ་པར་བྱང་བའི་རྒྱུའི་ཚོགས་དང་། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་འདུས་བྱས་དང་འདུས་མ་བྱས་ཐ་མི་དད་པར་ཡོངས་སུ་ཤེས་པ་ལ་བཀོད་ནས་དེ་བཞིན་གཤེགས་པའི་ས་ལ་མྱ་ངན་ལས་འདའ་བ་ལ་འགོད་པར་མཛད་པ་ཡིན་ནོ། །དེ་ལྟར་ཀུན་རྫོབ་ཏུ་
ལོངས་སྤྱོད་རྫོགས་པ་ལ་སོགས་པའི་སྐུ་ལ་སོགས་པར་སྣང་བ་བསྐྱེད་པའི་སྒོ་ནས་དོན་བྱ་བ་བྱེད་པས་ན་དེའི་བདག་པོ་ལས་གདུལ་བྱའི་སྐྱེ་བོའི་སྣང་བ་ལ་བརྟེན་པ་འདི་ལས་རྣམ་པ་ཉི་ཤུ་རྩ་བདུན་ཆོས་ཀྱི་སྐུ་བཞིན་དུ་འཁོར་བ་ཇི་སྲིད་དུ་འབྱུང་བས་ན་མཛད་པ་རྣམས་ཆོས་ཀྱི་སྐུའི་ཡིན་པར་བཞེད་དོ་ཞེས་ཁོང་དུ་
ཆུད་པར་བྱའོ། །དེ་སྐད་དུ་ཡང་། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམ་བཞི་ལ་འགོད་པ་དང་། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང་། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་ཕ་
རོལ་ཕྱིན་དྲུག་དང་། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་དང་གཉིས་ཟད་དང་། །བརྡ་དང་དམིགས་པ་མེད་པ་དང་། །ལུས་ཅན་རྣམས་ནི་ཡོངས་སྨིན་དང་། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་བཟློག་པ་དང་། །བྱང་ཆུབ་ཐོབ་དང་སངས་
རྒྱས་ཞིང་། །རྣམ་པར་དག་དང་ངེས་པ་དང་། །སེམས་ཅན་དོན་དང་ཚད་མེད་དང་། །སངས་རྒྱས་རྟེན་སོགས་ཡོན་ཏན་དང་། །བྱང་ཆུབ་ཡན་ལག་ལས་རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང་། །ཕྱིན་ཅི་ལོག་ནི་སྤངས་པ་དང་། །དེ་གཞི་མེད་པའི་ཚུལ་དང་ནི། །རྣམ་པར་
เล่ม ๘๕ · หน้า 324a
བྱང་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང་། །མྱ་ངན་འདས་ལ་འགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་རབ་ཏུ་བྱེད་པའི་བསྟན་
བཅོས་ཚད་མར་གྱུར་པ་ཉིད་ཀྱིས་དགོངས་པ་རྣམས་ཤུགས་ཀྱི་སྦྱོར་བ་ལ་སོགས་པའི་ཚིག་ལ་སོགས་པས་མངོན་པར་རྟོགས་པའི་རིམ་པ་དང་། རྗེས་སུ་མཐུན་པར་གཞུང་གི་དོན་བརྗོད་པར་བྱ་བ་ཡིན་ནོ། །དེ་བས་ན་ཁ་ཅིག་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་
གསུངས་པ་ལས་ཕལ་ཆེར་གཞན་དུ་བྱས་ནས་རབ་འབྱོར་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཅི་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ་ཁྱོད་སྤོབས་པར་
བྱོས་ཤིག་ཅེས་བྱ་བ་ནས་བརྩམས་ཏེ་ཡུམ་འདིའི་སྤྱི་དང་ཡན་ལག་གི་དོན་ལེགས་པར་མ་འབྲེལ་པར་བརྗོད་པས་བཤད་པ་བྱས་པ་གང་ཡིན་པ་དེ་ནི་དམ་པ་རྣམས་ཁོ་ནས་མཁྱེན་པར་མཛད་པར་རིགས་པ་ཡིན་པས་འདིར་བདག་གིས་སུན་དབྱུང་བའི་ཉེ་བར་དགོད་པ་མ་བྱས་སོ། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས་རྗེས་སུ་རིག་པར་བྱ་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དགུ་པའོ།། །།ཇི་སྐད་དུ་བཤད་པའི་མངོན་པར་རྟོགས་པ་བརྒྱད་ཀྱི་རང་བཞིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱ་བའི་ཕྱིར་སྔོན་གྱི་སྦྱོར་བའི་གཏམ་
གྱི་སྒོ་ནས་ལས་དང་པོ་པའི་གནས་སྐབས་ནས་བརྩམས་ཏེ་ཚོལ་བའི་རིམ་པ་སྟོན་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ནི་བྱང་ཆུབ་ཀྱི་སེམས་ཡང་དག་པར་བླངས་པ་དང་སྦྱིན་པ་ལ་སོགས་པའི་དགེ་བ་བསགས་པ་དང་ལྡན་
པ་ཡིན་ཏེ་སྒྲའི་རྗེས་སུ་འགྲོ་བ་ཉིད་ཡིན་པའི་ཕྱིར་དང་། དམིགས་པ་སྤོང་བ་དོན་དུ་གཉེར་བ་ཉིད་ཡིན་པའི་ཕྱིར་དེའི་ཚེ་ཚོགས་ཀྱི་ས་ལ་གནས་པ་ཡིན་པས་དེ་གོང་ནས་གོང་དུ་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་གདམས་ངག་ཚོལ་བ་ལ་བརྩོན་པ་ཡིན་པར་མངོན་ལ་ད་ལྟར་ནི་ས་བཅུ་
เล่ม ๘๕ · หน้า 324b
པའི་དབང་ཕྱུག་ཉིད་ཡིན་ནོ། །ལུས་ལ་ཆེད་ཆེར་མི་བྱེད་ཅེས་བྱ་བ་ནི་རུས་པ་དང་རྐང་ལ་སོགས་པ་སྦྱིན་པར་སེམས་པའི་ཕྱིར་རོ། །སྲོག་ལ་མི་ལྟ་ཞེས་བྱ་བ་ནི་སྙིང་སྦྱིན་པར་སྤྲོ་བའི་ཕྱིར་རོ། །རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དག་ལ་ཞེས་བྱ་བ་དེ་ལ་རྙེད་པ་ནི་ནོར་ཕུན་སུམ་ཚོགས་
པའོ། །བཀུར་སྟི་ནི་མང་དུ་གཅེས་པར་བྱེད་པ་ཉིད་དོ། །ཚིགས་སུ་བཅད་པ་ནི་གྲགས་པས་ཕྱོགས་ཀུན་དུ་ཁྱབ་པའོ། །ཚོགས་ཀྱི་ས་ལ་དང་པོར། དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །སངས་རྒྱས་རྣམས་ལས་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་ཐོབ་
པར་འགྱུར། །ཞེས་གསུངས་པས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་མ་ཐོབ་པ་ཉིད་ཀྱིས་ན་བར་སྣང་ལ་སྒྲ་ཐོས་པར་གྱུར་པ་ཡིན་ནོ། །གཡོན་དུ་མ་ལྟ་བར་ཞེས་བྱ་བ་ནི་གཡོན་ལོགས་སུའོ། །ཤར་དུ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཤར་ལ་སོགས་པའི་ཕྱོགས་ཀྱི་ཆར་མ་ཡིན་པའོ། །ཅི་
ནས་བདག་ལས་མ་གཡོས་ཤིང་འཇིག་ཚོགས་ལས་ཀྱང་མ་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། བདག་ལ་སོགས་པ་མི་སྣང་བ་རྣམས་ནི་ཡོད་པ་ཉིད་དུ་མ་རྟོགས་པའི་ཕྱིར་རོ། །གཟུགས་ལ་སོགས་པ་མཐོང་བའི་ལམ་དུ་གནས་པ་བདག་མེད་པ་རྣམས་ནི་མེད་པ་ཉིད་དུ་རྟོགས་པའི་ཕྱིར་
ཅི་ནས་དེ་རྣམས་ལས་མ་གཡོས་པ་དེ་ལྟར་སོང་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །ཉམས་པར་འགྱུར་རོ་ཞེས་བྱ་བ་ནི་ལྡོག་པར་འགྱུར་བའོ། །ཏིང་ངེ་འཛིན་གྱི་གགས་བྱེད་པ་ལུས་ཀྱི་ངལ་དུབ་ལ་སོགས་པ་བསྐྱེད་པ་འགོག་པ་འདི་ཐམས་ཅད་ཀྱིས་ནི་ཉེ་བར་མཚོན་པའི་སྒོ་ནས་འདི་སྐད་དུ་ཏིང་
ངེ་འཛིན་ཉིད་ཐམས་ཅད་ལ་ལེ་ལོ་དང་། དམིགས་པ་བརྗེད་པ་དང་། །ཞུམ་པ་དང་། རྒོད་པ་དང་། དེ་བཞིན་དུ་མི་རྩོལ་བ་དང་། ཡང་རྩོལ་བ་ཞེས་བྱ་བ་ཉེས་པ་དྲུག་པོ་རྣམས་ཀྱི་གཉེན་པོ་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཏིང་ངེ་འཛིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་
ཅིང་ཤར་ཕྱོགས་སུ་སོང་ཤིག །དེ་ལྟར་ན་དེ་ཐོས་པར་འགྱུར་རོ་ཞེས་གདམས་ངག་བྱིན་པ་ཡིན་ཏེ། འདི་ལྟར་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་མངོན་པར་ཡིད་ཆེས་པའི་དད་པས་རྣལ་འབྱོར་པའི་འདུན་པ་བསྐྱེད་པར་འགྱུར་རོ། །དེ་ནས་འདུག་པའི་སྟོབས་ཀྱིས་བརྩོན་འགྲུས་རྩོམ་མོ། །དེ་ནས་
เล่ม ๘๕ · หน้า 325a
བརྩོན་འགྲུས་ཀྱི་སྟོབས་ཀྱིས་ལུས་དང་སེམས་ཤིན་ཏུ་སྦྱངས་པ་བསྐྱེད་དོ། །དེ་ནས་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ལས་ལེ་ལོ་ལྡོག་པར་འགྱུར་ཏེ། དེ་བས་ན་དད་པ་ལ་སོགས་པ་བཞི་ནི་ལེ་ལོ་སྤོང་བའི་དོན་དུ་འགྱུར་རོ། །དྲན་པ་ནི་དམིགས་པ་བརྗེད་པའི་
གཉེན་པོ་ཡིན་ཏེ་དེས་དམིགས་པ་ལ་ཡང་དག་པར་འཇོག་པའི་ཕྱིར་རོ། །ཤེས་བཞིན་ནི་ཞུམ་པ་དང་རྒོད་པའི་གཉེན་པོ་ཡིན་ཏེ། དེས་རབ་ཏུ་དགའ་བའི་དངོས་པོ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པས་ནི་བྱིང་བ་སྤོང་ལ། སྐྱོ་བའི་དངོས་པོ་མི་རྟག་པ་ལ་སོགས་པ་ཡིད་ལ་
བྱེད་པས་ནི་རྒོད་པ་སྤོང་བར་བྱེད་པའི་ཕྱིར་རོ། །ཞུམ་པ་དང་རྒོད་པ་རབ་ཏུ་མ་ཞི་བའི་དུས་སུ་ནི་མི་རྩོལ་བ་ཉེས་པ་ཡིན་པས་དེའི་གཉེན་པོར་སེམས་པ་ལ་གོམས་པར་བྱེད་པ་ཡིན་ནོ། །ཞུམ་པ་དང་རྒོད་པ་ཞི་བར་གྱུར་ནས་གང་གི་ཚེ་སེམས་དམིགས་པ་ལས་མི་གཡོ་ཞིང་མངོན་པར་འདུ་བྱེད་
པ་མེད་པར་རང་གི་ངང་གིས་འཇུག་པར་འགྱུར་བ་དེའི་ཚེ་ཡང་རྩོལ་བ་ཉེས་པ་ཡིན་ཏེ། །དེས་སེམས་རྣམ་པར་གཡེང་བའི་ཕྱིར་རོ། །དེས་ན་དེའི་གཉེན་པོར་བཏང་སྙོམས་བསྒོམ་པར་བྱའོ་ཞེས་བརྗོད་པ་ཡིན་ནོ། །གདམས་ངག་ཡང་དག་པར་ཐོབ་པས་ན་ཁས་བླངས་པའི་དོན་དུ་དེ་བཞིན་དུ་
བྱའོ་ཞེས་སྨྲས་སོ། །ཁས་ལེན་པ་འདི་ནི་རིགས་པ་དང་ནི་ལྡན་པ་ཉིད་ཡིན་ནོ་སྙོམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ང་ནི་སེམས་ཅན་ཐམས་ཅད་ལ་སྣང་བར་བྱེད་འདོད་པ་དང་ཞེས་བྱ་བ་སྨྲས་ཏེ་གོ་སླའོ། །གང་ཟག་ལ་བདག་མེད་པའི་སྒོ་ནས་རྗེས་སུ་བསྟན་ནས་ཆོས་ལ་
བདག་མེད་པའི་སྒོ་ནས་རྗེས་སུ་སྟེན་པར་བྱེད་པ་ནི་རྟག་ཏུ་ངུས་སྒྲ་ཐོས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཡོངས་སུ་ཤེས་དང་སྤོང་བ་དང་། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྟོང་ཉིད་ལ་སོགས་ཏིང་འཛིན་གྱི། །དོན་རྣམས་གསུམ་དུ་ཡོངས་སུ་བསྒྲགས། །ཞེས་གསུངས་པས་རྣམ་པ་གང་
གིས་སོ་སོར་སྣང་བ་བུམ་པ་ལ་སོགས་པའི་བརྟགས་པ་དེ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གསུངས་ཏེ། བརྟགས་པ་ནི་ངོ་བོ་ཉིད་ཡོངས་སུ་ཤེས་པར་བྱ་བ་ཡིན་ཏེ། འཁྲུལ་པ་ཙམ་ཡིན་པས་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་མངོན་པར་ཞེན་པས་དབེན་པ་སྒྱུ་
เล่ม ๘๕ · หน้า 325b
མ་ལྟ་བུའི་ཡེ་ཤེས་མངོན་སུམ་དུ་བྱ་བའི་དོན་དུ་མཚན་མ་མེད་པའི་ཏིང་ངེ་འཛིན་དེ། རྣལ་འབྱོར་པའི་ཀུན་རྫོབ་ཏུ་ཡང་དག་པའི་རང་བཞིན་ཅན་ཡོངས་སུ་གྲུབ་པ་ནི་རྟོགས་པར་བྱ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །ཆོས་དང་གང་ཟག་ལ་མངོན་པར་ཞེན་པའི་གཞན་གྱི་དབང་སྤང་བར་བྱ་བའི་
དོན་དུ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་ནི་ཕྱིན་ཅི་ལོག་ཏུ་འབྱུང་བ་ཉིད་ཀྱིས་ན་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ཁ་ཅིག་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་གྱི་ཤེས་པ་བསྐྱེད་པའི་དུས་སུ་སྒྱུ་མའི་སྐྱེས་བུ་དང་འདྲ་བར་སྤྱད་
པར་བྱའོ་ཞེས་བསྟན་པར་བྱ་བའི་དོན་དུ་མཚན་མ་ཡོངས་སུ་སྤང་བ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་སྨོས་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྦྱོར་བ་དང་དངོས་གཞི་དང་མཇུག་གི་གནས་སྐབས་ཡིན་ནོ་ཞེས་འདོད་དོ། །དགེ་བའི་
བཤེས་གཉེན་གྱི་མཚན་ཉིད་ཀྱི་དོན་དུ་དགེ་བའི་བཤེས་གཉེན་གང་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལ་ཚོགས་ཀྱི་ས་ལ་བསོད་ནམས་ཀྱི་ཚོགས་བསགས་པའི་ཕྱིར་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མོས་པས་སྤྱོད་པའི་ས་ལ་
ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཅན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྐྱེད་པར་བྱ་བའི་ཕྱིར་གོ་རིམས་བཞིན་དུ་མ་བྱུང་བ་དང་། མ་སྐྱེས་པ་དང་། མ་འགགས་པ་དང་། དངོས་པོ་མེད་པ་ཆོས་སྟོན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡོངས་སུ་རྟོགས་ལ་ཞེས་བྱ་བ་ནི་ཡོངས་སུ་བརྩིས་ལའོ། །
ཆོས་འདོད་པ་དང་ཞེས་བྱ་བ་ནི་མ་འོངས་པའི་ཆོས་ཀྱི་དགོས་པ་མཐོང་བས་སོ། །ཆོས་ལ་གུས་པར་བྱ་བས་ཞེས་བྱ་བ་ནི་ད་ལྟར་འབྱུང་བའི་ཕན་ཡོན་ཏེ་ཉེ་བར་དམིགས་པས་སོ། །འཕགས་པ་བྱང་ཆུབ་སེམས་དཔའ་ཆོས་འཕགས་བུད་མེད་དྲུག་ཁྲི་བརྒྱད་སྟོང་དང་ལྷན་ཅིག་འདོད་པའི་ཡོན་ཏན་ལྔ་
དང་ལྡན་པར་མཐོང་བ་ན་སེམས་རྣམ་པ་གཞན་དུ་མི་བྱའོ་ཞེས་བརྗོད་པ་ནི་རིགས་ཀྱི་བུ་ཁྱོད་ཀྱིས་བདུད་ཀྱི་ལས་རྣམས་ཀྱང་རྟོགས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་དེས་ཟིལ་གྱིས་མནན་ནས་ཞེས་བྱ་བ་ནི་དེའི་དབང་དུ་གྱུར་པ་ཉིད་མེད་པས་ཟིལ་གྱིས་མནན་པའོ། །ཐབས་ལ་མཁས་
เล่ม ๘๕ · หน้า 326a
པ་ཉིད་བསྟན་པ་ནི་འདི་ནི་སེམས་ཅན་གདུལ་བའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་པའི་ཐབས་ལ་མཁས་པ་བསྟན་ནས་དོན་དམ་པའི་བདེན་པ་ལ་བརྟེན་པ་ནི་སྐད་ཅིག་མ་དེ་ཉིད་ལ་རིགས་ཀྱི་བུ་ཁྱོད་ཀྱིས་ཞེས་
བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྐད་ཅིག་མ་དེ་ཉིད་ལ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་ལ་རྩེ་བར་བྱེད་པ་མཐོང་བའི་རྗེས་ཐོགས་ཉིད་ལའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་ཆོས་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ངོ་བོ་ཉིད་ཀྱི་
སྟོང་པའོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་མ་སྐྱེས་པའོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམས་བདག་མེད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་ནི་སེམས་ཅན་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་ལྔ་སྨོས་པ་ཡིན་ནོ། །སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་བཟླས་ཏེ་བསྟན་
པའི་དགོས་པ་ནི་སྔར་བཤད་ཟིན་ཏོ། །བྱང་ཆུབ་སེམས་དཔའ་འཕགས་པ་ཆོས་འཕགས་ལོ་བདུན་གྱི་བར་དུ་ཏིང་ངེ་འཛིན་གཅིག་ལ་སྙོམས་པར་ཞུགས་པར་ཤེས་ནས་བརྩོན་འགྲུས་ལྷོད་པར་མི་བྱའོ་ཞེས་གསུངས་པ་ནི་རིགས་ཀྱི་བུ་གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །ཕྱིར་བསྔོ་བ་
ཞེས་བྱ་བ་ནི་མི་མཐུན་པ་ཉིད་དུའོ། །བདག་གི་སྒྲ་དེ་ལ་ཇི་སྲིད་དུ་འགྲོ་བར་བྱ་བ་ཞེས་བྱ་བ་ནི་ཚོགས་ཀྱི་ས་ལ། བསམ་གཏན་ལ་ཐོབ་མངོན་པར་ཤེས། །མངོན་པར་སྒྲུབ་པའི་སྒོ་ནས་དེ། སངས་རྒྱས་དཔག་ཏུ་མེད་པ་ལ། །མཆོད་པའི་ཕྱིར་དང་མཉན་པའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་
སུ་འགྲོ། །འདིས་ནི་སངས་རྒྱས་དཔག་མེད་ལ། །བསྐལ་དཔག་མེད་འགྱུར་བསྙེན་བཀུར་བྱས། །དེ་ལ་བསྙེན་བཀུར་བྱས་པའི་ཕྱིར། །སེམས་ནི་ལས་རུང་མཆོག་ཏུ་འགྱུར། །ཞེས་བཤད་པས་མངོན་པར་ཤེས་པ་ཡོད་དུ་ཟིན་ན་ཡང་འཕགས་པ་ཆོས་འཕགས་ཀྱི་རྣམ་པར་ཐར་པ་མཐོང་བའི་
ནུས་པ་དང་བྲལ་བའི་ཕྱིར་དང་། དེ་ཡོངས་སུ་སྨིན་པར་བྱེད་པའི་ཐབས་ལ་མཁས་པ་ཕུལ་དུ་ཕྱིན་པ་ལ་འཕགས་པ་ཆོས་འཕགས་ཉིད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་འཕགས་པ་ཆོས་འཕགས་ཀྱི་རྣམ་པར་ཐར་པ་ལས་བྱུང་བའི་སྤོས་དང་ལྡན་པའི་གྲོང་ཁྱེར་མ་མཐོང་བས་བདག་གི་སྒྲ་དེ་ལ་ཇི་སྲིད་
เล่ม ๘๕ · หน้า 326b
དུ་འགྲོ་བར་བྱ་བ་མ་དྲིས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཁ་ཅིག་ན་རེ་ངུ་བ་ནི་སྒྲ་གསང་མཐོན་པོས་སོ། །ཆོ་ངེས་འདེབས་པ་ནི་དེ་ལས་བཟློག་པས་སོ་ཞེས་ཟེར་རོ། །གཞན་དག་ངུ་བ་ནི་མཆི་མ་འབྱིན་པའོ། །ཆོ་ངེས་འདེབས་པ་ནི་དེ་ཉིད་སྒྲ་དང་བཅས་པ་ཡིན་ནོ་ཞེས་འདོད་དོ། །མྱ་ངན་
བྱེད་པ་ནི་སེམས་ཀྱི་གདུང་བའོ། །སྨྲེ་སྔགས་འདོན་པ་ནི་ཀྱི་ཧུད་རེ་སྡུག་བསླུས་སོ་ཞེས་བྱ་བ་ལ་སོགས་པའི་ཚིག་གོ། །སྔར་བཤད་པའི་ཆོས་དང་གང་ཟག་གི་བདག་མེད་པའི་གདམས་ངག་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་ཤིན་ཏུ་བརྩམས་པ་ལས་ཚོགས་ཀྱིས་ཉིད་དུ་
སེམས་ལས་སུ་རུང་བར་གྱུར་པ་ན་གང་ཞིག་ཐོབ་པས་ཚིག་དང་དོན་འཛིན་པར་ནུས་པར་འགྱུར་བ་ཆོས་ཀྱི་རྒྱུན་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་ལ། ཏིང་ངེ་འཛིན་དེ་ཐོབ་པ་ན་ཏིང་ངེ་འཛིན་དང་ཤེས་རབ་དག་མངོན་པར་འཕེལ་བར་བྱ་བའི་དོན་དུ་སངས་རྒྱས་རྣམས་ལ་གདམས་ངག་འཐོབ་པོ་ཞེས་
གསུངས་པ་ནི་རབ་འབྱོར་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་གདུང་ཞིང་ཞེས་བྱ་བ་ནི་དེ་ལྟར་མངོན་པར་འདོད་པས་ཡང་དག་པར་སྐྱེ་ཞིང་ངོ་། །གོ་ཆ་དང་དགེ་བ་དང་སེམས་ཅན་གྱི་དབྱེ་བས་བརྩོན་འགྲུས་འདི་དང་ཞེས་བྱ་བ་ལ་སོགས་
པ་ཚིག་གསུམ་སྨྲས་པ་ཡིན་ནོ། །འདོད་པ་འདི་ལྟ་བུས་ཞེས་བྱ་བ་ནི་ཐོབ་པར་འདོད་པས་སོ། །རྗེས་སུ་འབྲང་ཞིང་ཞེས་བྱ་བ་ནི་བར་དུ་དོར་བ་མེད་པས་རྗེས་སུ་འབྲང་བར་གྱིས་ལའོ། །དེ་ལ་ནང་གི་ནོར་རྣམས་ཡོད་པས་ན་འབྱོར་པའོ། །ཕྱིའི་ནོར་རྣམས་ཡོད་པས་ན་རྒྱས་པའོ། །ཕ་རོལ་གྱི་དམག་
ཚོགས་ཀྱི་འཚེ་བ་ལ་སོགས་པ་དང་བྲལ་བས་ན་བདེ་བའོ། །འབྲུ་ལ་སོགས་པ་མང་བས་ན་ལོ་ལེགས་པའོ། །རྟ་དང་གླང་པོ་ལ་སོགས་པ་དང་མི་མང་བས་ན་སྐྱེ་བོ་མང་པོ་དང་མིས་གང་བའོ། །བར་བར་གྱི་ཚོང་ཁང་གི་ཕྲིང་བ་ནི་ཚོང་ཁང་སྒྲིགས་པའོ། །མཐའ་གཅིག་ནས་བརྩམས་ཏེ་ཕ་རོལ་
གྱི་མཐར་ཐུག་པར་སང་བས་ན་ཕིགས་པར་གྱུར་པའོ། །མཉམ་ཞིང་མཉམ་ལ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་ཚད་མཉམ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་བཟླས་ནས་ལན་གཉིས་བརྗོད་པ་ཡིན་ནོ་ཞེས་ཟེར་རོ། །སྐྱེ་བོ་དང་ཁྱོགས་ཀྱི་བཞོན་པ་དང་རྐང་གིས་འགྲོ་བའི་གནས་མཛེར་དོག་མེད་པར་
เล่ม ๘๕ · หน้า 327a
གནས་པ་ཞེས་བྱ་བ་ལ། དེ་ལ་སྐྱེ་བོ་བཞོན་པའི་གནས་ནི་གླང་པོ་དང་རྟ་ལ་སོགས་པའི་བཞོན་པའི་གནས་སུ་ཁྱོགས་ཀྱི་བཞོན་པའི་གནས་ནི་ཤི་བི་ཀ་ལ་སོགས་པའི་ཁྱོགས་ཀྱི་བཞོན་པའི་གནས་སོ། །རྐང་གིས་འགྲོ་བའི་གནས་ནི་རྐང་གཉིས་པས་འགྲོ་བའི་གནས་
སོ། །བར་གྱི་ཚོང་ཁང་གི་ཕྲེང་བ་ལྔ་བརྒྱ་པོ་གང་དག་ལ་སྐྱེ་བོ་དང་ཁྱོགས་ཀྱི་བཞོན་པ་དང་རྐང་གིས་འགྲོ་བའི་གནས་མཛེར་དོག་མེད་པར་གནས་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། དེས་ན་དེ་དག་གི་ལེགས་པར་བསྒྲུབས་པ་སྟེ། རྫོགས་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །མདའ་ཡབ་རྣམས་
ཞེས་བྱ་བ་ནི་མགོ་བོའི་དབྱིབས་ཅན་གྱི་ཕྲེང་བའོ། །གཡེར་ཀའི་དྲ་བ་ཞེས་བྱ་བ་ནི་དྲིལ་བུ་ཆུང་ངུའི་ཚོགས་ཀྱིས་སོ། །དེ་ལ་མཛེས་པ་ཉིད་ཡིན་པས་ན་འཇམ་ཞིང་ངོ་། །སྙིང་ལ་འབབ་པ་ཉིད་ཡིན་པས་སྙན་པའོ། །དགའ་བར་བྱེད་པ་ཉིད་ཡིན་པས་ན་ཡིད་དུ་འོང་བའོ། །ཡན་ལག་ལྔ་དང་ལྡན་
པའི་རོལ་མོ་ཞེས་བྱ་བ་ནི་པི་ཝང་དང་གླིང་བུ་ལ་སོགས་པ་དང་ལྡན་པའི་རོལ་མོའི་ཁྱད་པར་རོ། །ཆུ་རྗེས་སུ་མཐུན་པར་འབབ་པ་ཞེས་བྱ་བ་ནི་ཆུ་གཡས་ཕྱོགས་སུ་བསྐོར་བས་འབབ་པའོ། །ཨུཏྤལ་དང་ཀུ་མུད་དང་། པུཎྜ་རཱི་ཀ་དང་། གཞན་དག་གིས་ཀྱང་ཞེས་བྱ་བ་ནི་དྲི་བཟངས་དང་ཙན་དན་
དང་ཨུཏྤ་ལ་སོགས་པས་སོ། །ཆུ་ཞེང་དུ་ཤིང་རྟའི་འཁོར་ལོ་ཙམ་སྟེ་ཞེས་བྱ་བ་ལ་ཆུ་ཞེང་དུ་འཁོར་ཡུག་དག་ཏུའོ། །སྔོན་པོ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་སྔོན་པོ་ཞེས་བྱ་བ་ནི་མདོར་བསྟན་པའོ། །ལྷན་ཅིག་སྐྱེས་པའི་མདོག་སྔོན་པོ་དང་ལྡན་པས་ཁ་དོག་སྔོན་པོའོ། །བཅོས་པའི་
སྔོན་པོ་ཉིད་ཡིན་པས་སྔོན་པོར་སྟོན་པའོ། །གཉི་གར་རབ་ཏུ་གསལ་བར་སྣང་བས་སྔོན་པོའོ། །སེར་པོ་ལ་སོགས་པ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །སངས་རྒྱས་ཀྱི་ཚུལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་གུས་པར་བྱེད་པ་ནི་དད་པའོ། །དེ་རྗེས་སུ་འགྲོ་བ་ནི་དེ་དང་
ལྡན་པ་སྟེ་ཐོས་པ་དང་བསམ་པའི་རང་བཞིན་གྱི་ཤེས་པ་ལེགས་པར་རྟོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་རྣམས་ཀྱི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་གྲུབ་པ་ཞེས་ཕྱི་མ་དང་སྦྱར་རོ། །གྲོང་ཁྱེར་སྤོས་དང་ལྡན་པ་དེ་དག་གི་དབུས་ཀྱི་ཞེས་བྱ་བ་ནི་གྲོང་ཁྱེར་དང་ལྡན་པས་མངོན་པར་
เล่ม ๘๕ · หน้า 327b
མཚོན་པའི་གནས་ཀྱི་བཞི་མདོའི་དབུས་ན་ཞེས་བྱ་བར་སྦྱར་རོ། །ལོངས་སྤྱོད་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་ལོངས་སྤྱོད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་སྨོས་པ་ཡིན་ནོ། །ཀརྐ་ཏ་ནའི་རང་བཞིན་ལ་ཞེས་བྱ་བནི་ཀརྐ་ཏ་ན་ནི་ཨིནྡྲ་ནཱི་ལའོ། །འདོད་པའི་ཡོན་ཏན་ལྔ་
དང་ལྡན་ཞིང་ཞེས་བྱ་བ་ནི་ལུས་ཀྱི་བདེ་བ་སྐྱེད་པའོ། །དབང་དུ་འགྱུར་ཏེ་ཞེས་བྱ་བ་ནི་སེམས་ལ་ཡིད་བདེ་བ་ཡང་དག་པར་སྐྱེད་པའོ། །འདི་ལྟར། བདག་ཡོད་ན་ནི་གཞན་དུ་འདུ་ཤེས་ཤིང་། །བདག་གཞན་ཆ་ལས་ཡོངས་སུ་འཛིན་དང་སྡང་། །འདི་གཉིས་དང་ནི་ཀུན་ཏུ་འབྲེལ་པ་ལས། །
ཉེས་པ་ཐམས་ཅད་འབྱུང་བར་འགྱུར་བ་ཡིན། །ཞེས་བྱ་བའི་ཚུལ་གྱིས་བདག་དང་བདག་གིར་འཛིན་པའི་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཉིད་ཀྱིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འདི་ཐམས་ཅད་སྡུག་བསྔལ་གྱི་རྣམ་པར་སྨིན་པའི་རྒྱུར་འགྱུར་བ་ཡིན་ལ། ཆོས་ཐམས་ཅད་སྒྱུ་
མ་ལྟ་བུར་བསྒོམས་པས་ཉོན་མོངས་པ་ལ་དབང་ཐོབ་པའི་ཕྱིར་སེམས་ཅན་གདུལ་བའི་ཕྱིར་བསམ་པའི་ཁྱད་པར་གྱིས་སྒྱུ་མའི་སྐྱེས་བུ་ལྟར་འདོད་པ་ལ་ཡོངས་སུ་སྤྱོད་པའི་རྒྱལ་བའི་སྲས་པོ་རྣམས་ལ་ནི་ཉེས་པར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཁྱིམ་པས་ནི། །སྐྱེ་
བ་ཀུན་ཏུ་རྟག་པར་ཡང་། །འཁོར་ལོས་སྒྱུར་བར་གྱུར་ནས་ནི། །སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཐབས་ཆེན་པོ་དང་ལྡན་པ་ལ། །འཁོར་བ་ཞི་བའི་བདག་ཉིད་དང་། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །དེ་ཕྱིར་རྒྱལ་སྲས་བསམ་མི་ཁྱབ། །ཅེས་བཤད་པས་བྱང་ཆུབ་སེམས་
དཔའ་རྣམས་ཀྱིས་སེམས་ཅན་གདུལ་བའི་ཐབས་སུ་འདོད་པ་ལ་ཡོངས་སུ་ལོངས་སྤྱོད་པར་སྟོན་པ་ལ་ཉེས་པ་མེད། སྡོམ་པ་བཟུང་བ་ཉིད་ཀྱིས་འདོད་པ་ལ་ལོངས་སྤྱོད་པ་ནི་ཉམས་པར་འགྱུར་བ་ཡིན་པའི་ཕྱིར་རོ། །ཤིང་བལ་བཏིང་པ་ཞེས་བྱ་བ་ལ་ཤིང་བལ་ནི་གོ་བར་ཟད་དོ། །སྟན་
བར་ཚངས་ཅན་ནི་ལ་བའི་རིགས་ཁྱད་པར་ཅན་ནོ། །སྙིང་པོ་ཅན་ནི་སྟན་ནང་ཚངས་ཅན་ཟླུམ་པོའོ། །གོས་ཀྱི་བླ་རེ་ཞེས་བྱ་བ་ནི་གོས་ལས་བྱས་པའི་བླ་རེའོ། །ཡོད་པ་ཉིད་ཡོན་ཏན་དང་ལྡན་པ་ཉིད་དང་ནུས་པ་ཡིད་ཆེས་པ་དང་དད་པ་དང་མངོན་པར་འདོད་པའི་རྣམ་པའི་དད་པ་བསྟན་པའི་དོན་དུ་
เล่ม ๘๕ · หน้า 328a
ཆོས་རྣམས་ལ་བརྟེན་པ་དང་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་སྨོས་པ་ཡིན་ནོ། །རྒྱུན་མ་ཆད་པར་ཞེས་བྱ་བ་ནི་བར་མ་ཆད་པར་རོ། །ཡུན་རིང་པོར་དོན་དུ་གཉེར་བའི་དོན་ཐོབ་པའི་ཐབས་ཐོབ་པས་བདེ་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཐོབ་པས་གོ་རིམས་བཞིན་དུ་
དགའ་ཞེས་བྱ་བ་ལ་སོགས་པ་ཚིག་དྲུག་སྨོས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་གདམས་ངག་གིས་བསམ་པ་རྣམ་པར་དག་པ་ཐོབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་གྱུར་ཏོ་ཞེས་གསུངས་པ་ནི་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཞེས་བྱ་བ་ལ་སོགས་
པའོ། །རྒྱུ་ཕུན་སུམ་ཚོགས་པ་རྣམས་ཀྱི་ཆོས་ཉན་པ་འབྲས་བུ་དང་བཅས་པ་ཡིན་ནོ་ཞེས་གསུངས་པ་ནི་ཐོས་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མི་གནས་པའི་འདུ་ཤེས་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའི་འདུ་ཤེས་སོ། །རྟོགས་པ་ཐམས་ཅད་ཆོས་བདག་མེད་པས་རབ་ཏུ་
ཕྱེ་བ་ཡིན་ནོ་ཞེས་གསུངས་པ་ནི་དེའི་ཏིང་ངེ་འཛིན་གྱི་སྒོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཏིང་ངེ་འཛིན་གང་ལ་རྣམ་པར་གནས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་སྒྱུ་མ་ལྟ་བུ་ཉིད་ལ་སོགས་པར་རྣམ་པར་ལྟ་བ་དེ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་
ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་མི་དམིགས་པའི་ཏིང་ངེ་འཛིན་དང་ཞེས་བྱ་བ་ལ་སོགས་པ་ལ་ཡང་དེ་བཞིན་དུ་བཤད་པར་བྱའོ། །དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་རྟོགས་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་རྣམ་པར་ལྟ་བ་ཞེས་བྱ་བ་ལ་
སོགས་པའི་ཏིང་ངེ་འཛིན་བཅུ་གཉིས་སོ། །ཡང་དེ་ལས་ངེས་པར་འབྱུང་བ་མོས་པས་སྤྱོད་པའི་ས་ཉིད་ལ་སྒྱུ་མ་རྣམ་པར་སྤངས་པ་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་ལྔ་བཅུ་ཡིན་པར་ཤེས་པར་བྱ་སྟེ། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་མོས་པས་སྤྱོད་པའི་ས་འདི་ཉིད་ལ་གནས་
པའི་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོ་ཡིན་ན་ཡང་བྱིས་པའི་རྒུད་པ་ཐམས་ཅད་ལས་ཡང་དག་པར་འདས་ཤིང་ཏིང་ངེ་འཛིན་དང་། གཟུངས་དང་། རྣམ་པར་ཐར་པ་དང་། མངོན་པར་ཤེས་པ་གྲངས་མེད་པ་དང་ལྡན་པར་གསུངས་པའི་ཕྱིར་རོ། །བསམ་པ་རྣམ་པར་དག་པའི་སྟོབས་ཉིད་ཀྱིས་
เล่ม ๘๕ · หน้า 328b
ས་དང་པོ་རྟོགས་པའི་དོན་དུ་མཉམ་པར་གཞག་པའི་གནས་སྐབས་སུ་དེ་བཞིན་གཤེགས་པའི་སྣང་བ་སྔོན་དུ་འགྲོ་བའི་གདམས་ངག་རྒྱ་ཆེར་ཐོབ་པོ་ཞེས་གསུངས་པ་ནི་ཏིང་ངེ་འཛིན་དེ་དག་ལ་གནས་པས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཕྱོགས་གཞན་དག་ལས་ས་དང་པོ་ལ་སོགས་པ་ལ་
སངས་རྒྱས་བརྒྱ་ལ་སོགས་པ་མཐོང་ངོ་ཞེས་གསུངས་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་འགྱུར་བ་ཉིད་དུ་ཁོང་དུ་ཆུད་པར་བྱ་སྟེ། གཞན་ལ་སྒྲུབ་པ་དག་དགག་པ་མེད་པའི་ཕྱིར་རོ། །དེ་བས་ན་མོས་པས་སྤྱོད་པའི་ས་ལ་དེ་བཞིན་གཤེགས་པ་གྲངས་མེད་པ་ཉེ་བར་དམིགས་པར་འགྱུར་བ་ཡིན་ནོ། །
འཇིག་རྟེན་གྱི་ཁམས་གཅིག་ཏུ་དེ་བཞིན་གཤེགས་པ་གཉིས་འབྱུང་བ་ནི་འགལ་བའི་ཕྱིར་ཇི་ལྟར་དེ་ལྟར་འགྱུར་ཞེ་ན། ཁ་ཅིག་ན་རེ་འཇིག་རྟེན་གྱི་ཁམས་གཞན་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་མཐོང་བ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་དེ་བཞིན་གཤེགས་
པ་གཉིས་སྔ་ཕྱི་མེད་པར་འཇིག་རྟེན་དུ་འབྱུང་བར་མི་འགྱུར་རོ་ཞེས་ལྷན་ཅིག་སྐྱེ་བ་བཀག་པ་གང་ཡིན་པ་དེ་ནི་བསྟན་པ་འཇུག་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་གཉིས་ཀྱི་བསྟན་པ་འཇིག་རྟེན་དུ་ཅིག་ཅར་མི་འབྱུང་བ་ཞེས་བྱ་བའི་དོན་འདི་
ཉིད་དེར་གནས་པ་ཡིན་ནོ། །འདི་ལྟར་གཞན་གྱི་དོན་གྱི་དབང་དུ་གྱུར་པ་ཉིད་ཀྱིས་དེ་དག་གི་འབྱུང་བ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། བསྟན་པ་འཇུག་པའོ། །དེ་ལྟར་ཡིན་དང་འཇིག་རྟེན་གྱི་ཁམས་འདིའི་གནས་ཉིད་དུ་ཡང་དགོངས་པ་མཉམ་པ་ཉིད་ཀྱིས་དང་། བསྟན་པའི་རིམ་པ་གཅིག་ཏུ་
བྱས་པ་རྣམས་རྒྱུ་མ་ཚང་བ་མེད་པའི་ཕྱིར་ན་དེ་བཞིན་གཤེགས་པ་དུ་མ་རྣམས་ཅིག་ཅར་འབྱུང་བ་མཐོང་བར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །ཡང་གཞན་དག་ནི་སྔ་ཕྱི་མེད་པར་མ་ཡིན་ནོ་ཞེས་གསུངས་པས་དེ་རྣམས་ནི་རིམ་གྱིས་འབྱུང་བ་ནི་རྗེས་སུ་གནང་བ་ཉིད་ཡིན་ལ། བྱུང་བ་དེ་དག་ནི་ཆོས་ཀྱི་སྐུ་དང་
ལོངས་སྤྱོད་རྫོགས་པའི་སྐུ་དག་གིས་ཡོངས་སུ་མྱ་ངན་ལས་འདས་པ་མེད་པར་ཡོད་པ་ཉིད་ཡིན་གྱི་འོན་ཀྱང་བསོད་ནམས་དང་མི་ལྡན་པ་ལ་མི་སྣང་བར་ཟད་དོ། །བསོད་ནམས་དང་ལྡན་པ་རྣམས་ཀྱིས་ནི་བསོད་ནམས་ཇི་ལྟ་བ་བཞིན་དུ་ཉུང་ངུ་འམ་མང་པོ་ཉེ་བར་མཐོང་བ་ཡིན་ནོ་ཞེས་འཆད་དོ། །ལ་ལ་
เล่ม ๘๕ · หน้า 329a
ནི་དེའི་ཚེ་དེར་དེ་བཞིན་གཤེགས་པ་གཅིག་གི་བྱིན་གྱི་རླབས་སམ་འཕགས་པ་ཆོས་འཕགས་ཀྱི་མཐུས་ཆོ་འཕྲུལ་མཛད་པའི་དུས་སུ་སོ་སོའི་སྐྱེ་བོ་རྣམས་དང་འདྲ་བར་སྤྲུལ་པའི་དེ་བཞིན་གཤེགས་པ་དཔག་ཏུ་མེད་པར་ཡིན་ནོ་ཞེས་ཟེར་རོ། །ཡང་ཁ་ཅིག་ནི་རྣམ་པར་ཐར་པའི་
སྒོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བསྒོམ་པའི་སྟོབས་ཀྱིས་ལས་དང་པོ་པ་དང་འདྲ་བར་རང་གི་སེམས་དེ་བཞིན་གཤེགས་པ་དཔག་ཏུ་མེད་པར་སྣང་བར་རྟོགས་པ་ཉིད་སྐྱེས་པས་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་མཐོང་བ་ཡིན་ནོ་ཞེས་འདོད་དོ། །མགོ་ལ་ཐོད་བཞིན་དུ་ཞེས་བྱ་བ་ནི་མགོ་
ལ་གོས་དཀྲིས་པ་ཐོགས་པ་བཞིན་དུ་ཁྱེད་ཀྱིས་ཟུང་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་རིགས་ཀྱི་བུ་དེའི་མཐུས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རབ་ཏུ་གདུང་ཞིང་ཞེས་བྱ་བ་ནི་ཡིད་མི་བདེ་བའོ། །དེའི་རིན་གྱི་ཞེས་བྱ་བ་ནི་ཇི་སྲིད་
འཚོའི་བར་དུ་བདག་གི་ལུས་བཙོངས་ན་ནི་གཞན་གྱི་ཁ་ན་ལས་པས་དེར་འགྲོ་བར་འགྱུར་བའི་སྐབས་མེད་པའི་ཕྱིར་མཆོད་པ་དང་ཤིན་ཏུ་བྲལ་བར་འགྱུར་བས་དུས་རེ་ཞིག་ཙམ་དུ་བདག་གི་ལུས་བཙོངས་པའི་རིན་གྱིས་སོ། །ཚོགས་ཀྱི་ས་ལ་ཡང་མངོན་པར་ཤེས་པའི་སྟོབས་ཀྱིས་ལྷའི་མཆོད་པ་
ལ་སོགས་པ་ཡོད་པ་སྲིད་མོད་ཀྱི། དེའི་རིན་འཛིན་པ་ནི་ཆོས་ལ་གུས་པར་བྱ་བའི་དོན་དུ་ཡིན་ནོ་ཞེས་བྱ་བ་ཁ་ཅིག་གིའོ། །གཞན་དག་ནི་ཆོས་མི་ཉན་པའི་དོན་དུ་གཉེར་བ་ཉིད་ཀྱིས་ན་རྫུ་འཕྲུལ་དང་མངོན་པར་ཤེས་པ་ལ་རྩོལ་བའི་དྲན་པ་དང་བྲལ་བ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་གི་
བརྩོན་འགྲུས་ཞན་པ་རྣམས་ཆོས་ཚོལ་བ་ལ་སྤྲོ་བ་བསྐྱེད་པ་བསྟན་པའི་དོན་དུ་ཡིན་ནོ་ཟེར་རོ། །ལ་ལ་ནི་རིམ་པ་འདིས་ཚོང་དཔོན་གྱི་བུ་མོ་ལ་སོགས་པའི་དོན་བྱ་བའི་ཕྱིར་ཡིན་ནོ་ཞེས་འཆད་དོ། །ཞིག་ཅིང་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་རང་དང་གཞན་དང་གཉི་གའི་འཚེ་བས་རྣམ་པར་
ཞིག་པའི་ཕྱིར་གོ་རིམས་བཞིན་དུ་སྦྱར་རོ། །འདོད་པའི་ཕྱིར་དང་འདོད་པའི་རྒྱུས་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་དང་ཉམས་སུ་མ་མྱོང་བའི་འདོད་པའི་དོན་དུ་ཞེས་བྱ་བའི་ཐ་ཚིག་གོ། །དགའ་བ་ཆེན་པོ་དང་འབྲིང་དང་ཆུང་ངུ་ཐོབ་པས་སེམས་དགའ་བ་དང་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་སྨོས་པ་ཡིན་
เล่ม ๘๕ · หน้า 329b
ནོ། །གང་འདོད་པ་སྦྱིན་ནོ་ཞེས་བྱ་བ་ལ་ཁ་ཅིག་ན་རེ་མངོན་པར་ཤེས་པའི་སྟོབས་ཀྱིས་སྙིང་ལ་སོགས་པ་བྱིན་དུ་ཟིན་ཀྱང་ཆོས་ཉན་པའི་བར་ཆད་དུ་འགྱུར་བར་མ་མཐོང་བས་སྦྱིན་ནོ་ཞེས་ཁས་བླངས་པ་ཡིན་ནོ་ཞེས་འདོད་དོ། །ལ་ལ་ནི་ཆོས་ལ་མཆོད་པའི་དོན་དུ་གཉེར་བ་ཉིད་ཀྱི་བར་ཆད་དུ་
འགྱུར་བ་ཡང་མ་རྩིས་པ་ཡིན་ནོ་ཞེས་འཆད་དོ། །བསམ་པ་ཆེ་བ་ཉིད་ནི་མཆོད་པ་ཆེན་པོ་ཡིན་གྱི་རྫས་མང་པོ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་བསམ་པས་གང་ཡོངས་སུ་གཏང་བ་དེ་ང་ལ་བྱིན་ཅིག་ཅེས་སྨྲས་པ་ཡིན་ནོ། །ན་ཚ་དག་བྱེད་ཅེས་བྱ་བ་ནི་གནོད་པ་དག་གོ། །ཡོན་ཏན་གྱི་རྣམ་པ་ཞེས་བྱ་
བ་ནི་ཡོན་ཏན་གྱི་སྤྱིའོ། །ཡོན་ཏན་གྱི་ཁྱད་པར་ཞེས་བྱ་བ་ནི་ཡོན་ཏན་གྱི་རང་གི་མཚན་ཉིད་དོ། །དེ་ལ་ཡིད་དང་རྗེས་སུ་མཐུན་པ་ཉིད་ཡིན་པས་ན་འདོད་པའོ། །ཉེས་པ་མི་བསྐྱེད་པ་ཡིན་པས་ན་བཟོད་པའོ། །ཡུལ་འདི་ལ་ནི་ངའི་ནུས་པ་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་དབང་དུ་གྱུར་པ་འམ་བདག་
པོར་གྱུར་པ་མ་ཡིན་ཏེ་ནུས་པ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བོ་དབང་པོ་རྣོན་པོ་དང་འབྲིང་དང་རྟུལ་པོ་ལ་སྣང་བ་ལ་ལྟོས་ནས་སྐད་ཅིག་ཅེས་བྱ་བ་ལ་སོགས་པ་ཚིག་གསུམ་སྨོས་པ་ཡིན་ནོ། །འཕྲལ་དུ་སྐྱེས་པའི་ནད་མེད་པས་ན་ནད་མེད་པའོ། །ཕྱིས་འབྱུང་བའི་ནད་ལ་ལྟོས་ནས་
འབྱུང་དུ་རུང་བ་ཉིད་མེད་པས་ན་འཚེ་བ་མེད་པའོ། །ཚུར་ཤོག་ཅེས་བྱ་བ་ནི་སྤྱོན་ཅིག་པའོ། །ཁྱིམ་ཞེས་བྱ་བ་ནི་ཁང་པའོ། །དགྱེར་གསོལ་ཞེས་བྱ་བ་ནི་ཐོང་ཅིག་པའོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་ང་ནི་དབུལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མང་ཞིང་རྒྱ་ཆེ་བ་
དག་ཡོད་ན་ཞེས་བྱ་བ་ནི་རྫས་ཀྱི་དབྱེ་བས་རྣམ་པ་དཔག་ཏུ་མེད་པ་ནི་མང་པོའོ། །རྣམ་པ་རེ་རེ་ཞིང་མཐའ་ཡས་པ་ནི་རྒྱ་ཆེ་བའོ། །གནང་བར་མཛད་དུ་གསོལ་ལོ་ཞེས་བྱ་བ་ནི་རྗེས་སུ་གནང་བ་སྩོལ་ཅིག་པའོ། །རྟག་ཏུ་ངུས་རྒྱང་རིང་མོ་ཞིག་ནས་མཐོང་སྟེ་ཞེས་བྱ་བ་ནི་རྟོགས་པ་ཁྱད་པར་ཅན་ཐོབ་པའི་ཕྱིར་
ན་ཆོས་འཕགས་ཀྱི་རྣམ་པར་ཐར་པའི་སྒོ་མཐོང་བའི་ནུས་པ་ཡོད་པས་གྲོང་ཁྱེར་སྤོས་ལྡན་རྒྱང་རིང་མོ་ཞིག་ནས་མཐོང་ངོ་། །ཀཽ་ཤི་ཀ་དེ་གང་ན་བཞུགས་ཞེས་བྱ་བ་ནི་ཆོས་དོན་དུ་གཉེར་བ་ཉིད་ཀྱི་མངོན་པར་ཤེས་པའི་རྩོལ་བ་དང་བྲལ་བས་དྲིས་པ་ཡིན་ནོ། །རྒྱ་རིམ་པ་བདུན་གྱིས་བཏབ་ནས་ཞེས་བྱ་བ་ནི་རྙེད་
เล่ม ๘๕ · หน้า 330a
དཀའ་ཞིང་དོན་ཆེ་བ་ཉིད་ཀྱིས་འདི་ལ་གུས་པ་བསྐྱེད་པར་བྱ་བའི་དོན་དུ་སྐུ་རེགས་བདུན་གྱིས་ཤིན་ཏུ་དམ་པར་བཅིངས་ནས་མདུད་པའི་གནས་བདུན་ལ་རང་གི་མིང་གི་རྒྱ་བདུན་གྱིས་རྒྱས་བཏབ་ནས་བཞག་པ་ཡིན་ནོ་ཞེས་ཁ་ཅིག་གིས་འདོད་དོ། སྐལ་བ་དང་ལྡན་པ་
ཉིད་དུ་མཁྱེན་ནས་ཤིན་ཏུ་མགུ་བར་བྱ་བའི་ཕྱིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་མཛད་པ་ནི་དེ་ནས་མེ་ཏོག་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་སྤྱི་བོའི་སྟེང་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་བཞིན་གཤེགས་པ་བྱོན་པ་དང་བཞུད་པ་ཡོངས་སུ་ཤེས་པ་ཞུ་
བར་བྱ་བའི་ཕྱིར་སྔོན་བྱུང་བའི་ཚུལ་གསོལ་བ་ནི་རིགས་ཀྱི་བུ་བདག་འདི་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚོལ་ཞིང་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས། རྟག་ཏུ་ངུའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་པའོ།། །།
དེ་བཞིན་གཤེགས་པ་རྣམས་ཀྱི་བྱོན་པ་དང་བཞུད་པ་བཀག་པས་མཐོང་བའི་ལམ་བསྐྱེད་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་བདག་མེད་པར་སྟོན་པས་དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁ་ཅིག་ན་རེ་དེ་
བཞིན་ཉིད་དང་། མི་སྐྱེ་བ་དང་། ཡང་དག་པའི་མཐའ་དང་། སྟོང་པ་ཉིད་དང་། ཇི་ལྟ་བ་བཞིན་དུ། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། ནམ་མཁའི་ཁམས་ཀྱི་ངོ་བོ་ཉིད་དུ་བསྟན་པས་གོ་རིམས་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྒྱུ་མ་ལྟ་བུ་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ལ་སོགས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་རབ་ཏུ་ཕྱེ་བ་ཉིད་སྟོན་པ་ཡིན་ནོ་ཞེས་ཟེར་རོ། །དེ་ཉིད་ཀྱི་ཕྱིར་རིགས་ཀྱི་བུ་ཆོས་དེ་དག་ལས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆོས་དེ་དག་ལས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་རྣམས་ལས་དེ་བཞིན་
གཤེགས་པ་གཞན་ཉིད་ཀྱི་མ་ཡིན་གྱི། འོན་ཀྱང་འདི་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ནི་གཏན་ཚིགས་དང་དཔེ་ལྷག་པའི་ཕྱིར་ན་ལྷག་པ་ཚར་གཅོད་པའི་གནས་ཡིན་པར་རིགས་པ་ཕྲ་མོ་རྣམས་ཀྱིས་ཀྱང་བརྗོད་
เล่ม ๘๕ · หน้า 330b
པ་ཡིན་ན་དེ་ཇི་ལྟར་རིགས་པའི་དབང་ཕྱུག་དམ་པ་བཅོམ་ལྡན་འདས་དཔེ་ལྷག་པར་གསུངས་པ་ཡིན་ཞེས་རྩོད་པ་བཀོད་ནས་གང་དུ་རྟོགས་པར་བྱ་བ་གཅིག་ཁོ་ན་ཡིན་པ་ཞེས་བྱ་བ་དེར་ནི་དེ་ལ་གྲགས་པ་གཅིག་ཁོ་ན་བརྗོད་པར་རིགས་པ་ཡིན་ནོ། །འཁོར་གྱི་དཀྱིལ་འཁོར་དེར་ནི་བློ་གྲོས་ཐ་དད་པ་མང་
པོ་འདུས་པ་ཡིན་པས་དེའི་དབང་དུ་མཛད་ནས་དཔེ་མང་པོ་གསུངས་པ་རིགས་པ་ཡིན་ནོ། །དཔེ་འདི་དག་ཀྱང་རྣམ་པར་བརྟགས་པས་ཡིན་གྱི་བསྡུ་བ་ནི་མ་ཡིན་ནོ་ཞེས་དེ་ལྟར་ཚིག་ལྷག་པ་ཐམས་ཅད་ལ་རྩོད་པ་སྤོང་བ་རྗོད་པར་བྱེད་དོ། །དེ་བཞིན་དུ་དཔེ་ཉིད་བརྗོད་པ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་
ཉིད་ལ་སོགས་པའི་གཏན་ཚིགས་ཤེས་རབ་ཅན་རྣམས་ཀྱི་དཔོག་པའི་ཕྱིར་མ་གསུངས་སོ་ཞེས་སོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་རང་བཞིན་བསྟན་ནས་བརྟགས་པ་མངོན་པར་ཞེན་པ་དགག་པའི་དོན་དུ་གསུངས་པ་ནི་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྐྱེས་བུས་ཞེས་བྱ་བ་ལ་སོགས་པའོ། །
སྨིག་རྒྱུ་ཞེས་བྱ་བ་ནི་ཉི་མའི་འོད་ཟེར་གྱི་ཁྱད་པར་ཅན་ནོ། །དངོས་པོའི་ངོ་བོ་ཉིད་ཡོངས་སུ་མ་ཤེས་པའི་ཕྱིར་ན་བྱིས་པའི་རང་བཞིན་ཅན་ནོ། །ཕྱིན་ཅི་ལོག་ཏུ་རྟོགས་པས་ན་ཤེས་རབ་འཆལ་བའོ། །དེ་ལ་ཆུ་ནི་རང་བཞིན་གྱིས་མ་མཆིས་སོ་ཞེས་བྱ་བ་ནི་སྨིག་རྒྱུའི་ཆུའི་རྣམ་པ་ལ་འོད་ཟེར་གྱིས་གདུངས་
པའི་མྱ་ངན་ནི་དམིགས་པ་མ་ཡིན་ཏེ། གཞན་གྱི་རྣམ་པ་ཅན་གྱི་ཤེས་པའི་ཡུལ་གཞན་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་ཐམས་ཅད་ནི་ཕན་ཚུན་ལྡོག་པའི་ངོ་བོ་ཉིད་ཡིན་པས་ཡང་དག་པར་ན་ཆུ་ནི་སྨིག་རྒྱུ་ལ་སོགས་པའི་ངོ་བོ་ཉིད་མ་ཡིན་ཏེ། དེ་བས་ན་དེ་ལ་དམིགས་
པའི་ཤེས་པ་ནི་ཡུལ་མེད་པའི་ཕྱིར་འཁྲུལ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྔ་མ་བཞིན་དུ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་དེ་བཞིན་གཤེགས་པ་ནི་གཟུགས་ཀྱི་སྐུར་མི་ལྟ་སྟེ་ཞེས་བྱ་བ་གསུངས་ཏེ། ཀུན་བརྟགས་པ་ནི་གཅིག་ཏུ་སྟོང་པ་ཉིད་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ནི་གཟུགས་ཀྱི་
སྐུའི་བདག་ཉིད་ཅན་མ་ཡིན་ནོ། །གཞན་གྱི་དབང་དུ་མངོན་པར་ཞེན་པ་དགག་པའི་དོན་དུ་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྒྱུ་མས་སྤྲུལ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ན། །གཟུང་བ་དང་འཛིན་པའི་རྣམ་པ་ནི་བརྫུན་པ་ཉིད་ཡིན་པས་སྤྲུལ་པ་ལ་ནི་འགྲོ་བ་ལ་སོགས་པ་མེད་དོ་ཞེས་བྱ་བའི་ཐ་
เล่ม ๘๕ · หน้า 331a
ཚིག་གོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ལ་ཞེས་བྱ་བ་ནི་གཞན་གྱི་དབང་གི་བདག་ཉིད་ཅན་ལའོ། །ཡོངས་སུ་གྲུབ་པར་མངོན་པར་ཞེན་པ་བསམ་པར་བྱ་བའི་དོན་དུ་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨི་ལམ་ན་ཞེས་བྱ་བ་
ལ་སོགས་པ་གསུངས་སོ། །རྨི་ལམ་ནི་བརྫུན་པ་ཡིན་པའི་ཕྱིར། སྐྱེ་བ་དེ་དང་གཞན་ན་ཡང་། །དུས་དེ་དང་ནི་དུས་གཞན་ན། །ཐམས་ཅད་དུ་ནི་ཕྱི་རོལ་དམིགས། །ཡུལ་དང་དུས་གཞན་བདག་ཉིད་དོ། །རྨི་ལམ་ཤེས་པའི་སྤྱོད་ཡུལ་ནི། །ཡུལ་དེ་དང་ནི་ཡུལ་གཞན་ནོ། །སྙམ་ན་མི་འགྱུར་
ཏེ། རྣམ་པ་གཞན་དང་ལྡན་པའི་ཤེས་པ་རྣམ་པ་གཞན་ལ་དམིགས་ན་ནི་ཧ་ཅང་ཐལ་ཆེས་པར་འགྱུར་བའི་ཕྱིར་རོ། །ཕྱི་རོལ་གྱི་ངོ་བོ་ཡིན་པར་ཡང་མི་འཐད་དེ། །ཁང་པ་ཤིན་ཏུ་ཆུང་ངུའི་ནང་དུ་རི་དང་ཤིང་དང་རྒྱ་མཚོ་ལ་སོགས་པ་ཐོགས་པ་དང་བཅས་པ་དཔག་ཚད་མང་པོའི་ཚད་
ཙམ་ཉེ་བར་དམིགས་པའི་ཕྱིར་རོ། །དེ་བས་ན་དེ་ལྟ་བུའི་ཤེས་པ་སྐྱེ་བ་ནི་འཁྲུལ་པ་ཉིད་ཡིན་པས་རྨི་ལམ་ནི་བརྫུན་པ་ཡིན་ནོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པས་རྨི་ལམ་ལྟ་བུའོ་ཞེས་གསུངས་སོ་ཞེས་བྱ་བ་ནི་ཚད་མས་འཐད་པའི་སྐྱེ་བ་དང་བྲལ་
བ་ཉིད་ཀྱིས་ན་ཡོངས་སུ་གྲུབ་པའི་རང་བཞིན་ཅན་གྱི་ཆོས་ཐམས་ཅད་ནི་རྨི་ལམ་དང་འདྲ་བ་ཡིན་ནོ། །ཆོས་ཉིད་མི་ཤེས་པས་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་ངོ་བོར་མི་རྟོགས་པའོ། །འགྲོ་བ་དྲུག་པོ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་འགྲོ་བ་ལྔ་ལས་ལྷ་མ་ཡིན་གྱི་འགྲོ་བ་ལྔ་ལས་ནི་ལོགས་ཤིག་ཏུ་
བཞག་པ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་དེ་དག་ནི་ཞེས་བྱ་བ་ནི། ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་བས་ནམས་ཀྱང་མ་ཡིན་ཏེ། །ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་འཐོབ། །ལྟ་བས་གོ་འཕང་མཆོག་ཏུ་འགྲོ། །ཞེས་བྱ་བའི་ཚུལ་གྱིས་སྒྱུ་མ་ལྟ་བུའི་ཆོས་ཉིད་ཀྱིས་
ལྷག་པར་མོས་པ་དེ་དག་ཁོ་ན་བཅོམ་ལྡན་འདས་ཀྱི་སློབ་མ་ཡིན་ནོ། །ཀུན་བརྟགས་པ་ལ་སོགས་པའི་དོན་གསུམ་དེ་ཁོ་ནའི་རང་བཞིན་ཡིན་པ་བཀག་པ་ན་སྐྱེ་བོ་བློ་དམན་པ་དག་དེ་བཞིན་གཤེགས་པ་མེད་པ་ཉིད་ཡིན་ན་ཞེས་རྟོགས་པ་བསལ་བའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་གཤེགས་
เล่ม ๘๕ · หน้า 331b
པ་ནི་ཡོད་དོ་ཞེས་གསུངས་པ་ནི་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོའི་ནང་ན་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་གང་དག་གི་དགེ་བའི་རྩ་བ་ལ་བརྟེན་ནས་བྱ་བ་ནི། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་བཤད་པས་སེམས་ཅན་རྣམས་ཀྱི་ཐུན་མོང་གི་དགེ་བའི་ལས་
ལ་བརྟེན་ནས་ཀུན་རྫོབ་ཏུ་དགེ་བའི་རྩ་བའི་རྒྱུ་ཅན་ཡིན་པའི་ཕྱིར་དེ་རྣམས་རྒྱུ་མེད་པ་ཅན་མ་ཡིན་ནོ། །རྐྱེན་དེ་དག་ཡོད་ན་ནི་ཞེས་བྱ་བ་ལ་ཤུགས་ཀྱིས་ཞེས་བྱ་བ་ནི་ལྷག་མའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྐུ་རྒྱུ་མེད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་འདུལ་བ་ཉིད་ཀྱི་
སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བའི་སྟོབས་ཀྱི་སྐུར་ཡོངས་སུ་གྲུབ་པ་ཡིན་པས་རྒྱུ་མེད་པ་མ་ཡིན་ནོ། །ཐུན་མོང་གི་ལས་ལས་བྱུང་བ་ཉིད་དུ་བསྟན་ནས། ད་ནི་བཅོམ་ལྡན་འདས་ཐུན་མོང་མ་ཡིན་པའི་ལས་ལས་ངེས་པར་འབྱུང་བར་བསྟན་པར་བྱ་བའི་ཕྱིར་སྔོན་གྱི་སྤྱོད་པས་ཡོངས་སུ་གྲུབ་པ་
ཡིན་པས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་ཁ་ཅིག་ན་རེ་མོས་པས་སྤྱོད་པའི་སས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་སྔོན་གྱི་སྤྱོད་པས་ཡོངས་སུ་གྲུབ་པའོ། །རབ་ཏུ་དགའ་བ་ལ་སོགས་པ་སྦྱོར་བའི་ས་བདུན་གྱི་ཉེ་བར་ལེན་པ་ལས་ངེས་པར་སྐྱེ་བ་ཉིད་ཡིན་པས་ན་རྒྱུ་ལ་རག་ལས་པའོ། །
མི་གཡོ་བ་ལ་སོགས་པའི་འབྲས་བུའི་ས་གསུམ་གྱི་ལྷན་ཅིག་བྱེད་པའི་རྒྱུ་ལས་བྱུང་བ་ཉིད་ཀྱིས་ན་རྐྱེན་ལ་རག་ལས་པའོ། །ཀུན་ཏུ་འོད་ཀྱི་སས་བསྡུས་པ་ཉིད་ཡིན་པས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་ཡིན་ནོ་ཞེས་ཟེར་རོ། །དེ་བས་ན་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་མ་ཡིན་ནོ་
ཞེས་གསུངས་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་ན་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །ཞེས་བཤད་པས་ཚད་མས་འཆད་པའི་རྒྱུ་དང་འབྲས་བུ་འབྲེལ་པའི་སྟོབས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་
བ་ཁོ་ན་ཡང་དག་པའི་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་སྐྱེ་བོ་དམིགས་པ་ཅན་གྱི་མངོན་པར་ཞེན་པ་དགག་པར་བྱ་བའི་ཕྱིར་རིགས་ཀྱི་བུ་འདི་ལྟ་སྟེ་པི་ཝང་གི་སྒྲ་འབྱུང་བ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་ཤིང་བུ་ལ་བརྟེན་པ་ནི་རྒྱུད་དཀྲིས་པ་ཡུ་བའི་རྩེ་མོ་ལ་གཞག་པའི་ཤིང་
เล่ม ๘๕ · หน้า 332a
ལ་སོགས་པའི་དྲིལ་ཤིང་ངོ་། །རྒྱུད་ལ་ནི་ངོས་ན་གནས་པའི་རྒྱུད་ཀྱི་ཁྱད་པར་རོ། །སྒྲ་དེ་ཡང་པི་ཝང་གི་ཁོག་པ་ལས་མ་བྱུང་ཞེས་བྱ་བ་ལ་སོགས་པས་ནི་སྐྱེད་པར་བྱེད་པ་ཅིག་མེད་པར་སྟོན་ཏོ། །དེ་དག་ཐམས་ཅད་འདུས་པ་ལས་སྒྲར་གདགས་སོ་ཞེས་བྱ་བ་འདིས་
ཀྱང་སྒྲར་བཏགས་པ་ཡིན་པར་བསྟན་པས་ཚོགས་པ་ནི་ཡང་དག་པར་སྐྱེད་པ་པོའི་ངོ་བོ་ཡིན་པ་བསལ་བ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། རྒྱུ་དུ་མས་འབྲས་བུ་གཅིག་གམ་དུ་མ་ཞིག་བྱེད་དམ། དེ་བཞིན་དུ་རྒྱུ་གཅིག་ཀྱང་འབྲས་བུ་དུ་མ་འམ་གཅིག་བྱེད་དོ་ཞེས་རྣམ་པ་
བཞིར་བརྟག་གོ། །དེ་ལ་གལ་ཏེ་རྒྱུ་དུ་མས་འབྲས་བུ་གཅིག་བྱེད་དོ་ཞེས་བྱ་བའི་ཕྱོགས་ཡིན་ན། །དེའི་ཚེ་མིག་དང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པས་མིག་གི་རྣམ་པར་ཤེས་པ་གཅིག་པུ་སྐྱེད་པར་ཁས་ལེན་པ་ན་རྒྱུ་ཐ་དད་ཀྱང་འབྲས་བུ་ཐ་དད་མེད་པས་རྒྱུ་ཐ་དད་པ་ནི་འབྲས་བུ་ཐ་
དད་པར་བྱེད་པར་མི་འགྱུར་ལ་དེ་བཞིན་དུ་རྒྱུ་ཐ་མི་དད་པ་མེད་ཀྱང་འབྲས་བུ་ཐ་མི་དད་པ་བསྐྱེད་པའི་ཕྱིར་རྒྱུ་ཐ་མི་དད་པ་ནི་འབྲས་བུ་ཐ་མི་དད་པའི་བྱེད་པ་པོར་མི་འགྱུར་རོ། །དེ་བས་ན་རྒྱུའི་ཐ་དད་པ་དང་ཐ་མི་དད་པ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ལྟོས་པ་མེད་པས་འབྲས་བུའི་ཐ་དད་པ་དང་ཐ་དད་
པ་མེད་པ་དག་རྒྱུ་མེད་པ་ཅན་དུ་འགྱུར་རོ། །དེ་ལྟར་ཡིན་ནོ་ཡང་ཐ་དད་པ་དང་ཐ་མི་དད་པ་ལས་གཞན་མེད་པའི་ཕྱིར་སྣ་ཚོགས་པ་ནི་རྟག་ཏུ་ཡོད་པ་འམ་མེད་པར་འགྱུར་ཏེ། རྒྱུ་མེད་པ་ནི་ལྟོས་པ་མེད་པའི་ཕྱིར་རོ། །གལ་ཏེ་འབྲས་བུ་སྐྱེད་པར་བྱེད་པ་ནི་ཚོགས་པ་ཡིན་ལ། དེའི་རྗེས་སུ་འགྲོ་བ་དང་
ལྡོག་པའི་རྗེས་སུ་བྱེད་པ་ཉིད་ཀྱི་འབྲས་བུ་ཐ་དད་པ་དང་ཐ་མི་དད་པ་འདི་དག་ཐ་དད་པ་དང་ཐ་མི་དད་པའི་རྗེས་སུ་བྱེད་པ་ལ་བཟོ་བ་མ་ཡིན་ནམ། དེས་ན་ཇི་ལྟར་དེ་དག་རྒྱུ་མེད་པར་འགྱུར་ཞེ་ན། འདི་ནི་སྙིང་པོ་ཡོད་པ་མ་ཡིན་ཏེ། འདི་ལྟར་ཚོགས་པ་ཞེས་བྱ་བ་ནི་ཚོགས་པ་ལས་གཞན་ནི་འགའ་ཡང་མེད་
ཀྱི། འོན་ཀྱང་ཚོགས་པ་རྣམས་ཀྱི་ངོ་བོ་ཉིད་ཚོགས་པའི་སྒྲས་བརྗོད་པར་བྱ་བ་ཡིན་ལ། དེ་རྣམས་ཕན་ཚུན་ལྡོག་པའི་ངོ་བོ་མིག་ལ་སོགས་པ་ཐ་དད་པར་གྱུར་པ་ཡིན་ནོ། །གལ་ཏེ་ཐ་མི་དད་པ་གཅིག་ཉིད་ཀྱིས་འབྲས་བུ་མིག་གི་རྣམ་པར་ཤེས་པ་སྐྱེད་པར་ནུས་ན། དེའི་ཚེ་ཚོགས་པ་གཞན་གྱི་
เล่ม ๘๕ · หน้า 332b
ནང་དུ་གཏོགས་པའི་ཚོགས་པའི་དངོས་པོ་རྣམས་ཀྱིས་ཀྱང་མིག་གི་རྣམ་པར་ཤེས་པ་ཅི་སྟེ་སྐྱེད་པར་མི་བྱེད། འོན་ཏེ་མིག་ལ་སོགས་པ་ལས་ས་ལ་སོགས་པ་ཐ་དད་པ་ཉིད་ཡིན་པས་སྐྱེད་པར་མི་བྱེད་དོ་ཞེ་ན། མིག་ལ་སོགས་པ་ཡང་ཕན་ཚུན་རང་བཞིན་ཐ་དད་པས་ཇི་ལྟར་སྐྱེད་པར་བྱེད་པ་ཡིན་ནོ་
ཞེས་རྗོད་པར་བྱེད། གལ་ཏེ་སྐྱེད་པར་བྱེད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། གང་གི་ཕྱིར་སྐྱེད་པར་བྱེད་པ་ཉིད་ལས་གཞན་པ་ཉིད་ནི་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་དུ་རྣམ་པར་གཞག་པ་ཡིན་ཏེ། དེ་བས་ན་གཅིག་གིས་སྐྱེད་པར་བྱེད་པའི་ངོ་བོ་ཉིད་གང་ཡིན་པ་
དེ་ལས་གཞན་དག་ལྡོག་པ་ན་སྐྱེད་པར་བྱེད་པར་མི་འགྱུར་ཏེ། སྐྱེད་པར་བྱེད་པ་ལས་གཞན་ཡིན་པའི་ཕྱིར་དངོས་པོ་གཞན་བཞིན་ནོ། །འདི་སྙམ་དུ་གཞན་ལ་བསྐྱེད་པར་བྱ་བའི་ངོ་བོ་མེད་དོ་ཞེས་ནི་མི་སྨྲའི། འོན་ཀྱང་གཅིག་གིས་སྐྱེད་པར་བྱེད་པའི་ངོ་བོ་གང་ཡིན་པ་དེ་གཞན་ལ་མེད་དོ། །གཞན་
ཡང་རང་གི་ངོ་བོ་ཁོ་ནས་སྐྱེད་པར་བྱེད་པ་ཡིན་གྱི་གཞན་གྱི་ངོ་བོས་ནི་མ་ཡིན་ཏེ། དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །སྐྱེད་པར་བྱེད་པའི་རང་བཞིན་ལས་ལྡོག་པར་མ་གྲུབ་པའི་ཕྱིར་བདག་ཉིད་ཇི་ལྟ་བ་བཞིན་དུ་ཐ་དད་པ་ཡང་ཡིན་ལ། རང་གི་ངོ་བོས་སྐྱེད་པར་བྱེད་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ལ་
འགལ་བ་ཅི་ཞིག་ཡོད། འདི་ལྟར་སྐྱེད་པར་བྱེད་པ་གཅིག་ལས་ལྡོག་པ་ནི་དེའི་ངོ་བོར་མི་འགྱུར་གྱི། འབྲས་བུ་དེ་དང་མི་ལྡན་པར་ནི་མ་ཡིན་ཏེ། དེ་ཁོ་ནས་འབྲས་བུ་དེ་བྱ་དགོས་སོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཞིག་ཡོད་སྙམ་དུ་སེམས་ན། གལ་ཏེ་དེ་ལྟ་ཡིན་ན་གཅིག་པོ་དེ་ཁོ་ནས་འབྲས་
བུ་དེ་བྱས་པ་ཡིན་པས་འབྲས་བུ་དེ་བྱེད་པ་ལ་གཞན་དག་དགོས་པ་ཅི་ཞིག་ཡོད། འདི་སྙམ་དུ་འདི་གཅིག་པུས་ཀྱང་ནུས་ན་འདིར་བདག་ཅག་རྣམས་ཀྱིས་ཅི་ཞིག་བྱ་ཞེས་གང་ལས་ལྡོག་པར་འགྱུར་བ། དངོས་པོ་རྣམས་རྟོག་པ་སྔོན་དུ་བཏང་ནས་བྱེད་པ་ནི་འགའ་ཡང་མེད་ཀྱི། དེ་དག་ནི་སེམས་པ་
མེད་པར་བྱེད་པ་ཅན་རང་གི་རྒྱུ་ཡོངས་སུ་གྱུར་པ་ལ་འདུ་བའི་ཆོས་ཅན་དག་དེ་བྱེད་པ་ན་དེ་ལྟར་འགྱུར་བ་ལ་ནི་ཀླན་ཀ་བཙལ་བར་འོས་པ་མ་ཡིན་ནོ་ཞེས་བྱ་བར་སེམས་ན་དེ་ལྟ་ན་ནི་འོ་ན་རྒྱུ་གཅིག་གིས་བསྐྱེད་པར་བྱ་བའི་འབྲས་བུའི་རང་བཞིན་གང་ཡིན་པ་དེ་ཉིད་གཞན་གྱིས་ཀྱང་བྱེད་པར་འགྱུར་རོ། །དེ་ལྟ་ཡིན་ན་ནི་
เล่ม ๘๕ · หน้า 333a
རྒྱུའི་མཚན་ཉིད་ཐ་དད་པ་ལས་འབྲས་བུའི་མཚན་ཉིད་ཐ་དད་པར་མ་མཐོང་བས། རྒྱུ་ཐ་དད་པ་ནི་འབྲས་བུ་མི་འདྲ་བ་མེད་པ་ཐ་མི་དད་པ་སྐྱེད་པར་བྱེད་པ་ཉིད་ཀྱིས་ཐ་དད་པ་བྱེད་པ་པོར་མི་འགྱུར་རོ། །འོན་ཏེ་ཕན་ཚུན་རྣམ་པར་ཆད་པའི་ལུས་ཅན་ཡིན་ཡང་མིག་ལ་
སོགས་པ་ཉིད་རང་བཞིན་གྱི་ཁྱད་པར་འགའ་ཞིག་གིས་མིག་གི་རྣམ་པར་ཤེས་པ་སྐྱེད་པར་ངེས་པ་ཡིན་ཏེ། གཞན་ཞིང་ལ་སོགས་པ་ནི་མ་ཡིན་ནོ། །འདི་ལྟར་རང་བཞིན་གྱི་ཁྱད་པར་དེ་ནི་མིག་ལ་སོགས་པ་དེ་དག་གི་རང་བཞིན་གྱི་ཁྱད་པར་འདི་དག་ག་ལས་ཡིན་ཞེས་བྱ་བ་དེ་ཙམ་དུ་ནི་འགྱུར་ཏེ།
རྒྱུ་མེད་པ་ཉིད་ཡིན་ན་ལྟོས་པ་མེད་པས་དོག་པ་མེད་པར་ཐལ་བས་འཇིགས་པའི་ཕྱིར་རོ། །དེ་དག་གི་རང་བཞིན་གྱི་ཁྱད་པར་དེ་ནི་རང་གི་རྒྱུད་ལས་ཡིན་ནོ་ཞེས་བརྗོད་ལ། དེ་སྐྱེད་པའི་བདག་ཉིད་ཀྱང་དེ་ལས་གཞན་པའི་རྒྱུ་ལས་ཡིན་པས་རྒྱུ་བརྒྱུད་པ་ཐོག་མ་མེད་པ་ཡིན་ནོ། །དེ་བས་ན་རྣམ་
པ་འདི་ལྟ་བུའི་རྒྱུ་བརྒྱུད་པ་ནི་འདོད་པ་ཉིད་ཀྱིས་ཐུག་པ་མེད་པ་ཡིན་ཡང་སྐྱོན་དུ་འགྱུར་བ་མ་ཡིན་ནོ། །དེ་ལྟར་ན་རྒྱུའི་ཚོགས་མཚན་ཉིད་མི་མཐུན་པ་ལས་འབྲས་བུ་མཚན་ཉིད་མི་མཐུན་པ་མེད་པ་སྐྱེ་བ་ཡིན་ཏེ། དེ་བས་ན་ཆ་དེ་ཙམ་ཁོ་ནས་རྒྱུ་ཐ་དད་པ་དང་ཐ་མི་དད་པ་དག་ལས་འབྲས་བུ་ཐ་དད་པ་
དང་། ཐ་མི་དད་པ་དག་ཡིན་པར་བརྗོད་དོ་སྙམ་དུ་སེམས་ན། དེ་ནི་སྙིང་པོ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་གང་ཞིག་གཉི་ག་ལ་ངེས་པ་བརྗོད་པ་དེ་ཁོ་ན་སྒྲུབ་པའམ་སུན་འབྱིན་པ་ཡིན་ནོ་ཞེས་བྱ་བའི་རིགས་པས་ཇི་ལྟར་རྒྱུའི་ཆོས་ཀྱི་སྟོབས་ཀྱིས་ཐམས་ཅད་ཐམས་ཅད་ཀྱི་སྒྲུབ་བྱེད་མ་ཡིན་པ་དེ་བཞིན་
དུ་ཐ་དད་པར་ཁྱད་པར་མེད་ཀྱང་ཐམས་ཅད་ཐམས་ཅད་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་དེ་ལྟར་རྒྱུ་འབྲས་ཅི་འབྲེལ་པ་ཁས་ལེན་པ་གྲངས་ཅན་ལ་སོགས་པ་དག་ལ་བརྗོད་ན་མཛེས་པར་འགྱུར་བ་ཞིག་ན། གང་ཞིག་དེ་ཁོ་ནར་རྒྱུ་དང་འབྲས་བུའི་དངོས་པོ་སེལ་བ་དབུ་མ་དེ་དག་ལ་ནི་དེ་དག་གི་རང་བཞིན་གྱི་ཁྱད་
པར་ནི་རང་གི་རྒྱུ་ལས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་རྒྱུའི་ཆོས་ཀྱི་མཚན་ཉིད་ཀྱི་གཏན་ཚིགས་མ་གྲུབ་པ་རང་གི་ཕྱོགས་གྲུབ་པར་བྱ་བའི་དོན་དུ་གྲུབ་པ་ལྟ་བུར་ཇི་ལྟར་ཉེ་བར་ལེན། འོན་ཏེ་རྒྱུའི་ཆོས་ཀྱི་མཐུ་ཁས་མི་ལེན་ན་མངོན་སུམ་ལ་སོགས་པ་དང་འགལ་བ་བཟློག་དཀའོ་ཞེས་འདོད་
เล่ม ๘๕ · หน้า 333b
ན་དེ་ནི་མ་ཡིན་ཏེ། དེ་ཁོ་ན་ཉིད་དུ་ཞེས་བྱ་བའི་ཁྱད་པར་གྱིས་ཇི་ལྟར་མཐོང་བ་མི་འགོག་པའི་ཕྱིར་རོ། །འོ་ན་ཇི་ལྟར་མཐོང་བ་འགོག་པ་ཡིན་ཏེ། དེས་ན་འདིས་ནི་བསལ་བ་རུས་སྦལ་གྱི་སྤུ་འབྱིད་པ་ཡིན་ཏེ། ཇི་ལྟར་མཐོང་བ་མ་ཡིན་པའི་རྒྱུ་དང་འབྲས་བུའི་དངོས་པོ་ནི་ཁས་མི་ལེན་པའི་ཕྱིར་རོ་ཞེ་ན། དེ་
ཁོ་ན་ཉིད་ནི་ཚད་མ་དང་ལྡན་པ་ཡིན་པ་ཉིད་ཀྱིས་ན་ཚད་མ་དང་མི་ལྡན་པའི་རྒྱུ་དང་འབྲས་བུའི་དངོས་པོ་ཁས་མི་ལེན་པའི་ཕྱིར་ན་ཇི་ལྟར་མཐོང་བ་མ་ཡིན་པ་ཇི་ལྟར་ཁས་མ་བླངས། འདི་ལྟར་མངོན་སུམ་ལ་ནི་འདི་ཙམ་ཁོ་ན་སྣང་བ་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་བ་ཞེས་བྱ་བ་ཡིན་ན་དེ་
ཡང་ཁོ་བོ་ཅག་གིས་མ་བཀག་གོ། །ཚད་མས་འཐད་པའི་རང་བཞིན་གྱི་རྒྱུ་དང་འབྲས་བུའི་དངོས་པོ་བརྗོད་པ་གང་ཡིན་པ་དེ་ནི་མངོན་སུམ་གྱིས་རྟོགས་པར་བྱ་བ་མ་ཡིན་ཏེ། མངོན་སུམ་ནི་རྣམ་པར་རྟོག་པ་མེད་པ་ཉིད་ཀྱིས་ཚད་མས་འཐད་པའི་རང་བཞིན་ཉིད་ངེས་པར་འཛིན་པའི་ནུས་པས་
སྟོང་པའི་ཕྱིར་རོ། །དངོས་པོར་སྣང་བ་ཉིད་ལས་དེ་དང་ཐ་མི་དད་པ་རྣམ་པ་དེ་ལྟ་བུའི་རང་བཞིན་སྣང་བ་ཡིན་ནོ་ཞེས་སྨྲས་པ་ཡང་རིགས་པ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་རང་བཞིན་མ་ཡིན་ཡང་སྐྲ་ཤད་འཛིངས་པ་ལ་སོགས་པ་སྣང་བའི་ཕྱིར་རོ། །སྣང་བ་འདི་ནི་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་ཡང་ལོག་
པ་ཡིན་ཏེ། བདེན་པ་ཉིད་དུ་མངོན་པར་འདོད་པའི་སྣང་བ་ལ་ཡང་བདེན་པ་ཉིད་ཀྱི་རྒྱུ་མཚན་མེད་པའི་ཕྱིར་རོ། །དོན་བྱ་བ་བྱེད་པ་ཉིད་བདེན་པ་ཉིད་ཀྱི་རྒྱུ་མཚན་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་གང་གི་ཕྱིར་འབྲས་བུའི་བྱ་བ་བྱེད་པ་ཉིད་ཁོ་ན་དོན་གྱི་བྱ་བ་བྱེད་པ་ཉིད་ཡིན་ན། ཇི་སྐད་དུ་བཤད་པའི་
ཚུལ་གྱི་དོན་དམ་པར་མི་འཐད་པའི་ངོ་བོ་ནི་ཀུན་རྫོབ་ཏུ་ཁས་བླངས་པའི་ཕྱིར་དེ་ནི་ཤེས་པར་བྱེད་པ་མ་ཡིན་ནོ། །ཐམས་ཅད་བརྫུན་པ་ཉིད་ཡིན་ན་ཡུལ་དང་དུས་ལ་སོགས་པ་ངེས་པ་མེད་པར་འགྱུར་རོ་ཞེ་ན། གལ་ཏེ་རྒྱུ་མེད་པ་ཉིད་དུ་ཁས་བླངས་ན་ཉེས་པ་འདིར་འགྱུར་བ་ཞིག་ན་གང་གི་ཕྱིར་
རྣམ་པར་དཔྱད་པའི་བརྣག་པ་མི་བཟོད་པ་ཉིད་ཀྱིས་མ་བརྟགས་ན་གཅིག་ཏུ་ཉམས་དགའ་བའི་རང་གི་རྒྱུ་སྔ་མ་སྔ་མ་ལ་བརྟེན་ནས་དུས་དང་ཡུལ་ལ་སོགས་པ་སོ་སོར་ངེས་པའི་འབྲས་བུ་ཕྱི་མ་ཕྱི་མ་འདི་ལྟ་བུ་འབྱུང་བ་ཡིན་ནོ། །དེ་ཉིད་ཀྱིས་ན་ཀུན་རྫོབ་ཏུ་རྒྱུ་མེད་པས་ན་རི་བོང་གི་ར་ལ་སོགས་པ་མ་སྐྱེས་པ་ཡིན་
เล่ม ๘๕ · หน้า 334a
ནོ། །གལ་ཏེ་རིགས་པ་མཚུངས་པ་ཉིད་ཡིན་ན་ཇི་ལྟར་མཐོང་བ་ཡང་ཅིའི་ཕྱིར་མི་དགག་ཅེ་ན། མངོན་སུམ་ལ་སོགས་པ་དང་འགལ་བར་འགྱུར་བའི་ཕྱིར་རོ། །འོ་ན་ནི་འདི་རིགས་པ་ཉིད་མ་ཡིན་ཏེ་གནོད་པ་སྲིད་པའི་ཕྱིར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟར་རིགས་པའི་
དེ་ཁོ་ན་ཉིད་དེ་ལྟར་གནོད་པ་ཁས་མ་བླངས་པའི་ཕྱིར་དང་། ཇི་ལྟར་གནོད་པ་མཐོང་བ་ཇི་ལྟ་བ་མ་ཡིན་པ་དེ་ལྟར་ནི་རིགས་པ་ཡིན་པའི་ཕྱིར་རོ། །འོན་ཏེ་རྒྱུ་དུ་མ་ཉིད་འབྲས་བུ་དུ་མ་བྱེད་དོ་ཞེས་བྱ་བའི་ཕྱོགས་གཉིས་པ་ཁས་ལེན་ཏེ། རྒྱུ་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཁྱད་པར་ནི་འབྲས་བུའི་ངོ་བོ་ཉིད་ཀྱི་ཁྱད་པར་
ལ་ཉེ་བར་སྦྱོར་བ་ཉིད་ཀྱིས་ན་རྒྱུ་བྱེད་པས་བསྒྲུབས་པའི་འབྲས་བུའི་རང་གི་ངོ་བོ་ཉིད་ཀྱི་ཁྱད་པར་མ་འདྲེས་པ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་རྣམ་པར་ཤེས་པ་ལས་ནི་མིག་གི་རྣམ་པར་ཤེས་པ་རྟོགས་པའི་བདག་ཉིད་དུ་འགྱུར་རོ། །མིག་གི་དབང་པོ་ལས་ནི་རྟོགས་པའི་
བདག་ཉིད་དེ་ཉིད་གཟུགས་ལ་འཛིན་པར་རུང་བ་ཉིད་དུ་སོ་སོར་ངེས་པ་ཡིན་ནོ། །ཡུལ་ལས་ནི་དེ་དང་མཚུངས་པའི་ངོ་བོ་ཁོ་ནར་འགྱུར་རོ། །དེ་ལྟར་ན་དངོས་སུ་ན་རྣམ་པར་དབྱེ་བ་མེད་པའི་རང་བཞིན་གྱི་འབྲས་བུ་ཐ་དད་མ་ཡིན་ཡང་རྒྱུ་རྣམས་ཀྱི་ངོ་བོ་ཐ་དད་པ་དག་གིས་ངོ་བོ་ཉིད་ཐ་དད་པ་ཁོ་ནར་འགྱུར་ཏེ། རྒྱུ་ཐ་དད་
པ་ལས་དེའི་འབྲས་བུའི་ཐ་དད་པ་མེད་པ་མ་ཡིན་ནོ་ཞེས་འདོད་ན། དེ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་རྟོགས་པའི་བདག་ཉིད་ལ་སོགས་པ་རྣམས་ཕན་ཚུན་ཐ་དད་པ་ཁས་ལེན་ན་ནི་རྣམ་པར་ཤེས་པ་དེ་དུ་མར་འགྱུར་ཏེ། རྟོགས་པའི་བདག་ཉིད་ལ་སོགས་པ་ལས་ཐ་མི་དད་པའི་ཕྱིར་རྟོགས་པའི་བདག་ཉིད་ལ་
སོགས་པའི་རང་གི་བདག་ཉིད་བཞིན་ནོ། །འོན་ཏེ་དེ་རྣམས་ལས་ཐ་མི་དད་པ་མ་གྲུབ་པ་དེ་ལྟ་ན་ནི་རྣམ་པར་ཤེས་པ་དུ་མ་ཉིད་དུ་མི་འགྱུར་རོ་ཞེ་ན། དེ་རྣམས་ལས་ཐ་དད་པར་ཁས་བླངས་ན་རྣམ་པར་ཤེས་པ་རྒྱུ་མེད་པ་ཅན་ཉིད་དུ་འགྱུར་ཏེ། རྒྱུའི་བྱེད་པ་རྣམ་པར་ཤེས་པ་ལས་གཞན་རྟོགས་པའི་བདག་ཉིད་ལ་
སོགས་པ་ལ་ཉེ་བར་སྦྱོར་བའི་ཕྱིར་རོ། །དེ་ལྟ་ན་ནི། རྟག་ཏུ་ཡོད་པ་འམ་མེད་པར་འགྱུར། །ཞེས་བྱ་བའི་ཉེས་པར་འགྱུར་རོ། །འོན་ཏེ་ཇི་སྐད་བཤད་པའི་ཉེས་པས་འཇིགས་ནས་ཐ་དད་པར་ཁས་མི་ལེན་ན་དེ་ལྟ་ན་ནི་རྟོགས་པའི་བདག་ཉིད་ལ་སོགས་པ་ཕན་ཚུན་ཐ་དད་པ་མེད་པར་འགྱུར་ཏེ། རྣམ་པར་ཤེས་
เล่ม ๘๕ · หน้า 334b
པ་གཅིག་ལས་གཞན་མ་ཡིན་པའི་ཕྱིར་རྣམ་པར་ཤེས་པའི་རང་གི་བདག་ཉིད་བཞིན་ནོ། །དེ་བས་ན་རྒྱུའི་བྱེད་པའི་ཡུལ་ཐ་དད་པར་བརྟགས་པ་དོན་མེད་པས་རང་བཞིན་ཐ་དད་པའི་མིག་ལ་སོགས་པ་ལས་ཞེས་སྔར་བཤད་པའི་ཉེས་པས་ཕོག་པར་འགྱུར་རོ། །འོན་ཏེ་འབྲས་བུའི་ངོ་བོ་ཉིད་རྟོགས་
པའི་བདག་ཉིད་མ་ཡིན་པ་ལ་སོགས་པ་དུ་མ་ལས་ལྡོག་པ་དང་ལྡན་པ་ཡང་དག་པར་སྐྱེ་བ་མཐོང་བས་ཆོས་ཐ་དད་པ་རྟོག་པས་བཞག་ནས་རྟོགས་པའི་བདག་ཉིད་ཡིད་ལ་བྱེད་པ་ལས་ནི་རྟོགས་པའི་ངོ་བོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་རྒྱུ་དང་རྗེས་སུ་མཐུན་པར་རྟོགས་པའི་བདག་ཉིད་ལ་སོགས་པའི་ཆོས་
ཀྱི་དབྱེ་བས་ཡུལ་ཐ་དད་པར་རྟོག་པས་སྒྲོ་བཏགས་པ་ཡིན་ནོ། །དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ན་དེ་རྣམས་ལས་ཐ་མི་དད་པའི་ཕྱིར་ཤེས་པ་དུ་མ་ཉིད་དང་ཤེས་པ་གཅིག་ལས་གཞན་མ་ཡིན་པའི་ཕྱིར་དེ་རྣམས་ཐ་མི་དད་པ་ཡིན་ནོ་ཞེས་བྱ་བའི་སྦྱོར་བ་གཉི་ག་ལ་གཏན་ཚིགས་སུ་མ་གྲུབ་པ་ཡིན་ནོ་ཞེས་
འདོད་ན། གལ་ཏེ་དེ་ལྟར་ན་ནི་ཁྱད་པར་དེ་རྣམས་རྟོག་པས་སྦྱར་བ་ཉིད་ཡིན་པས་ནམ་མཁའི་ཨུཏྤལ་ལ་སོགས་པ་དང་འདྲ་བར་རྒྱུའི་བྱེད་པ་ལ་ལྟོས་པ་མ་ཡིན་པའི་ཕྱིར་རྒྱུའི་རང་བཞིན་ཐ་དད་པ་རྣམས་ལས་ཁྱད་པར་ཐ་དད་པ་ཁོ་ནར་འགྱུར་རོ་ཞེས་བརྗོད་པ་ནི་རིགས་པ་མ་ཡིན་ནོ། །འོན་ཏེ་ལྟོས་
པ་ཡིན་ནོ་ཞེས་མངོན་པར་ཞེན་པ་དེ་ལྟར་ན་ཡང་རྟོག་པས་སྦྱར་བའི་རྟོགས་པའི་བདག་ཉིད་ལ་སོགས་པ་རྒྱུའི་བྱེད་པ་བཞག་པས་ན་བརྟགས་པ་ཉིད་ཡིན་གྱི་ཡང་དག་པའི་དོན་དུ་མི་འགྱུར་རོ། །དེ་ལྟ་ན་ནི་འབྲས་བུ་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། རྒྱུའི་བྱེད་པས་བརྟགས་པའི་བདག་ཉིད་རྣམས་ལ་ཉེ་བར་སྦྱོར་
བའི་ཕྱིར་རོ། །འོན་ཏེ་བརྗོད་ཟིན་པའི་ཉེས་པས་འཇིགས་ནས་འབྲས་བུ་ནི་ཐ་དད་པ་མ་ཡིན་པ་གཅིག་པུ་ཡིན་ལ་བྱེ་བྲག་ནི་ཐ་དད་ཀྱང་འབྲས་བུ་ལས་ཐ་དད་པ་ནི་མ་ཡིན་ནོ་ཞེས་འདོད་ན། དེ་ལྟ་ན་ནི་འོ་ན་ཐ་དད་པ་དང་ཐ་མི་དད་པའི་ཆོས་དང་ལྡན་པས་ཆོས་དང་ཆོས་དག་དངོས་སུ་ཟླ་བ་དང་སྐར་མ་ལ་སོགས་
པ་དང་འདྲ་བར་ཐ་དད་པའི་ཕྱིར་ན། སྤྱི་ཐ་དད་པ་ཉིད་ནན་གྱིས་ཐོག་ཏུ་འབབ་པ་དང་། ཕན་ཚུན་འགལ་བའི་མཚན་ཉིད་དང་ལྡན་པའི་ཉེས་པ་འབའ་ཞིག་ཏུ་ཡང་མ་ཟད་དོ། །འོན་ཀྱང་རྟོགས་པའི་རང་བཞིན་ལས་གཞན་མ་ཡིན་པར་ཁས་ལེན་པ་ན་གཟུགས་ལས་འབྲས་བུ་རྣམ་
เล่ม ๘๕ · หน้า 335a
པར་ཤེས་པ་མི་སྐྱེ་སྟེ། རྟོགས་པའི་ངོ་བོ་ལ་གཞན་མ་ཡིན་པའི་ཕྱིར་རྟོགས་པའི་རང་གི་བདག་ཉིད་བཞིན་ནོ། །ཡུལ་གྱི་རྣམ་པ་ལས་གཞན་མ་ཡིན་པའི་ཕྱིར་གཟུགས་ལས་ཀྱང་དེ་སྐྱེ་བར་འགྱུར་ཏེ། ཡུལ་གྱི་རྣམ་པའི་རང་གི་བདག་ཉིད་བཞིན་ནོ། །དེ་ལྟར་ན་འབྲས་བུ་གཅིག་
ལས་སྐྱེ་བ་དང་མི་སྐྱེ་བ་དང་རྒྱུ་གཅིག་ལ་ཡང་སྐྱེད་པར་བྱེད་པ་དག་ཅིག་ཅར་དེ་ཁོ་ནར་འགལ་བ་ཡིན་ནོ། །འདི་སྙམ་དུ་རྣམ་པ་དེ་ལྟ་བུའི་འབྲས་བུ་སྐྱེ་བཞིན་པར་མཐོང་བ་ཡིན་ནོ་སྙམ་ན། དེ་ནི་རིགས་པ་མ་ཡིན་ཏེ། ཟླ་བ་གཉིས་ལ་སོགས་པ་མཐོང་བ་ཡང་ཚད་མར་མ་གྱུར་ཅིག་སྙམ་པས་ཚད་མས་
གནོད་པ་བཞིན་དུ་ཡང་མཐོང་བ་ཐམས་ཅད་ཚད་མར་འགྱུར་བ་ནི་མ་ཡིན་ནོ། །འོན་ཏེ་རྒྱུ་གཅིག་པུ་ཁོ་ནས་འབྲས་བུ་དུ་མ་བྱེད་དོ་ཞེས་བྱ་བའི་ཕྱོགས་གསུམ་པ་ཁས་ལེན་ཏོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། གཅིག་ལས་འབྲས་བུ་དུ་མ་སྐྱེད་ན་རྒྱུ་ཐ་དད་པ་ནི་འབྲས་བུ་ཐ་དད་པར་བྱེད་པར་མི་འགྱུར་བའི་
ཕྱིར་ཐ་དད་པ་ཡང་ཐ་དད་པའི་རྒྱུ་མ་ཡིན་ནོ། །དེས་ན་སྣ་ཚོགས་ཀྱི་ཐ་དད་པ་དང་ཐ་མི་དད་པ་དག་རྒྱུ་མེད་པར་འགྱུར་རོ། །གང་གི་རྒྱུ་གཅིག་པོ་ཡིན་ན་ཡང་འབྲས་བུ་དུ་མ་བྱེད་པ་དེ་ནི་ཐ་མི་དད་ཀྱང་བདག་ཉིད་ཀྱི་ཁྱད་པར་དེ་འདྲ་བ་ཡིན་ནོ་ཞེ་ན། རྒྱུ་དེ་བདག་ཉིད་ཀྱི་ཁྱད་པར་གང་གི་འབྲས་བུ་གཅིག་
སྐྱེད་པ་དེ་ཉིད་ཀྱིས་ཅི་གཞན་ཡང་ཡིན་ནམ། དེ་ཉིད་ཀྱིས་སོ་ཞེ་ན། ཇི་ལྟར་འབྲས་བུ་ཐ་དད་པ་ཡིན། འོན་ཏེ་གཞན་གྱིས་སོ་ཞེ་ན། འོ་ན་ནི་རྒྱུ་ཐ་མི་དད་པ་རིགས་པ་དང་ལྡན་པ་མ་ཡིན་ཏེ། བདག་ཉིད་ཀྱི་ཁྱད་པར་ལ་གཞན་པའི་དངོས་པོ་ནི་མེད་པའི་ཕྱིར་རོ། །འདི་སྙམ་དུ་གལ་ཏེ་ཇི་ལྟར་
གྲངས་ཅན་པའི་ལྟར་འབྲས་བུའི་ངོ་བོར་གྱུར་པའི་རྒྱུས་འབྲས་བུ་བསྐྱེད་པ་ཡིན་ན། དེའི་ཚེ་གཅིག་ནི་དུ་མའི་ངོ་བོར་འགྱུར་བ་འགལ་བས་དུ་མ་སྐྱེད་པར་རིགས་པ་དང་ལྡན་པ་མ་ཡིན་པར་འགྱུར་ན། གང་གི་ཕྱིར་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་སྐྱེད་པར་ངེས་པའི་ངོ་བོ་ཉིད་ཀྱི་རྒྱུ་ཉེ་བ་ཙམ་གྱིས་འབྲས་
བུ་ཐ་དད་པ་མེད་པ་སྐྱེད་པ་ན་རྩོད་པ་འདིས་བརྫི་བར་མི་འགྱུར་རོ། །ཐ་དད་པ་དང་ཐ་མི་དད་པ་སྐྱེད་པར་ངེས་པའི་རང་བཞིན་གྱི་རྒྱུ་ལས་ཐ་དད་པ་དང་ཐ་མི་དད་པའི་འབྲས་བུ་སྐྱེ་བ་གང་ཡིན་པ་འདི་ཉིད་རྒྱུ་ཐ་དད་པ་དང་ཐ་མི་དད་པ་དག་ལས་འབྲས་བུ་ཐ་དད་པ་དང་ཐ་མི་དད་པ་འབྱུང་བ་ཡིན་ནོ་སྙམ་ན། འདི་ཡང་
เล่ม ๘๕ · หน้า 335b
ལོག་པ་ཡིན་ཏེ། གང་གི་ཕྱིར་འདི་ཉིད་དུ་འདི་ལྟར་རྣམ་པར་དཔྱད་པར་བྱ་སྟེ་མིག་གི་ངོ་བོ་ཉིད་གང་གིས་མིག་གི་སྐད་ཅིག་མ་སྐྱེད་པ་དེ་ཉིད་ཀྱིས་མིག་གི་རྣམ་པར་ཤེས་པ་ཡང་སྐྱེད་དམ་ཅི། དེ་ཉིད་ཀྱིས་སོ་ཞེ་ན། རྣམ་པར་ཤེས་པ་དེ་ཡང་མིག་ཁོ་ནར་འགྱུར་ཏེ་མིག་བསྐྱེད་པའི་ངོ་བོ་ཉིད་ཀྱི་རྒྱུས་བསྐྱེད་པ་ཉིད་ཡིན་
པའི་ཕྱིར་མིག་བཞིན་ནོ། །ཡང་ན་ངོ་བོ་ཉིད་གང་གིས་རྣམ་པར་ཤེས་པ་སྐྱེད་པ་ནི་ཉིད་ཀྱིས་མིག་ཀྱང་ཡིན་ན། དེ་ལྟ་ན་ནི་མིག་གི་རྣམ་པར་ཤེས་པའི་རྒྱུས་བསྐྱེད་པ་ཉིད་ཡིན་པས་མིག་ཀྱང་མིག་གི་རྣམ་པར་ཤེས་པར་འགྱུར་ཏེ། མིག་གི་རྣམ་པར་ཤེས་པ་བཞིན་ནོ། །ཡང་ན་སོ་སོར་མིག་དང་མིག་མ་ཡིན་པའི་
ངོ་བོ་ཉིད་ཀྱི་རྒྱུས་བསྐྱེད་པའི་མིག་དང་མིག་མ་ཡིན་པར་འགྱུར་གྱི། དེ་བཞིན་དུ་རྣམ་པར་ཤེས་པ་དང་རྣམ་པར་ཤེས་པ་མ་ཡིན་པ་སྐྱེད་པར་བྱེད་པའི་རང་བཞིན་གྱི་རྒྱུས་བསྐྱེད་པའི་ཕྱིར་རྣམ་པར་ཤེས་པ་དང་རྣམ་པར་ཤེས་པ་མ་ཡིན་པའི་ངོ་བོར་འགྱུར་རོ། །འདི་ནི་དེ་བཞིན་དུ་ཡིན་ནོ་ཞེས་ཁས་ལེན་ན་ཡང་
ཁྱེད་ཅག་མངོན་སུམ་ལ་སོགས་པས་གནོད་པས་ཤིན་ཏུ་ཉེ་བར་འགྱུར་རོ། །འོན་ཏེ་མིག་གི་ངོ་བོ་ཉིད་གཞན་གྱི་མིག་གི་སྐད་ཅིག་མ་སྐྱེད་ལ་གཞན་གྱིས་ནི་མིག་གི་རྣམ་པར་ཤེས་པ་ཡིན་ནོ་ཞེས་འདོད་ན། ངོ་བོ་ཉིད་དེ་དག་ཅི་མིག་ལས་ཐ་དད་པ་ཡིན་ནམ་འོན་ཏེ་ཐ་མི་དད་པ་ཡིན། གལ་ཏེ་ཐ་དད་པ་
ཡིན་ན་ནི་དེའི་ཚེ་དེ་དག་ཉིད་དངོས་སུ་ན་དོན་བྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་དངོས་སུ་ནི་སྐྱེད་པར་བྱེད་པའི་དངོས་པོར་འགྱུར་ལ་མིག་ནི་དངོས་པོ་མ་ཡིན་པར་འགྱུར་ཏེ། ཅི་ཡང་མི་བྱེད་པའི་ཕྱིར་རོ། །འོན་ཏེ་ཐ་མི་དད་པ་ཡིན་ན་ནི་དེའི་ཚེ་གཅིག་པ་ཉིད་དུ་མངོན་པར་འདོད་པའི་མིག་ཀྱང་ཐ་དད་པར་འགྱུར་
ཏེ། ཕན་ཚུན་ཐ་དད་པའི་ངོ་བོ་ཉིད་དང་ཐ་མི་དད་པས་རང་བཞིན་གཉིས་བཞིན་ནོ། །དེ་ལྟ་ན་ཡང་གཅིག་པ་ཉིད་ཉམས་པར་འགྱུར་རོ། །ཡང་ན་རང་བཞིན་དག་ཀྱང་གཅིག་ཏུ་འགྱུར་ཏེ། མིག་ལས་ཐ་མི་དད་པའི་ཕྱིར་མིག་བཞིན་ནོ། །དེ་ལ་ཡང་མིག་གི་ངོ་བོ་ཉིད་གང་གིས་ཞེས་བྱ་བ་ལ་སོགས་པའི་
ཉེས་པ་བཤད་ཟིན་ཏོ། །འོན་ཏེ་རང་གི་རྒྱུ་ལས་གཅིག་བསྐྱེད་པའི་ངོ་བོར་སྐྱེས་པའི་རྒྱུ་ནི་དེ་བཞིན་དུ་འབྲས་བུ་གཅིག་སྐྱེད་པར་བྱེད་ལ། དེ་བཞིན་དུ་དུ་མ་སྐྱེད་པར་བྱེད་པ་ཡང་རང་གི་རྒྱུ་ཉིད་ལས་སྐྱེས་པ་ཡིན་ནོ་ཞེས་འདོད་ན། དེ་སྐད་སྨྲ་བ་ནི་སྐབས་ཉིད་བརྗེད་པ་ཡིན་ཏེ། འདི་ལྟར་ཇི་ལྟར་གཅིག་དང་དུ་མ་སྐྱེད་པར་
เล่ม ๘๕ · หน้า 336a
བྱེད་པ་ཡིན་པ་འགོག་པར་བྱེད་པ་དེ་བཞིན་དུ་གཅིག་སྐྱེད་པར་བྱེད་པ་ཡིན་པ་ཡང་འགོག་པར་འདོད་པས་དབུ་མ་པ་ལ་དེ་སྐད་ཅི་སྟེ་བརྗོད། དབུ་མ་པ་མ་ཡིན་པ་ལ་ཡང་དོན་མེད་དེ། དེ་ནི་གཅིག་དང་དུ་མ་སྐྱེད་པར་བྱེད་པ་འདི་འདོད་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་ཐ་དད་
པ་སྐྱེད་པར་ངེས་པའི་རང་བཞིན་ལས་ཐ་མི་དད་པ་སྐྱེ་བ་ཡིན་ནོ་སྙམ་ན། དེ་ལྟར་ན་འོ་ན་འབྲས་བུ་རྒྱུའི་ངོ་བོ་ཉིད་ཀྱི་རྗེས་སུ་བྱེད་པ་མ་ཡིན་པར་འགྱུར་བ་དེས་ན་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །གང་གི་ཕྱིར་ཐ་དད་པ་སྐྱེད་པར་ངེས་པའི་རང་བཞིན་གྱི་མིག་ལས་མིག་དང་མིག་གི་རྣམ་པར་ཤེས་པ་མིག་
མ་ཡིན་པའི་རང་བཞིན་ཡང་སྐྱེ་བའི་ཕྱིར་ཐ་དད་པ་མེད་པ་ཇི་ལྟར་སྐྱེ། འདི་ལྟར་རྒྱུ་ནི་འབྲས་བུ་སོ་སོ་ལ་ཕན་ཚུན་མི་མཐུན་པའི་ནུས་པ་རྣམས་དང་རྗེས་སུ་འབྲེལ་བའི་ཕྱིར་འབྲས་བུ་ཐ་དད་པ་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་རང་གི་ངོ་བོ་ལས་སོ་ཞེས་བྱ་བ་ཡིན་ན། གང་གིས་ན་སྔར་བཤད་པའི་འགལ་བ་
ཡོད་ཀྱང་དེ་ཁྱད་དུ་བསད་ནས་རང་གི་ཕྱོགས་བསྲུང་བར་ཀུན་དུ་སྤྱོད་པས་ལན་འགའ་སེམས་དཔའི་ཁུར་སྤངས་ནས་ཁྱེད་བདེ་བར་གནས་པ་རང་གི་ངོ་བོ་ཞེས་བྱ་བ་རང་བཞིན་སྣ་ཚོགས་ཅན་འདི་ཅི་ཞིག་ཡིན། རྒྱུའི་ཆོས་ཀྱི་སྟོབས་ཡིན་ནོ་ཞེ་ན། དེ་ལྟ་མ་ཡིན་ཏེ་སྔར་བསལ་ཟིན་པའི་ཕྱིར་རོ། །ཡོངས་སུ་
སྣང་བཞིན་པའི་ངོ་བོ་ཉིད་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་གཟུགས་ལ་སོགས་པ་ཉམས་སུ་མྱོང་བ་དང་ལྡན་པའི་ཤེས་པ་ལ་སྣང་བཞིན་པ་ནི་བསྟན་བཅོས་ལ་སོགས་པ་ལ་བརྟེན་ནས་ཀུན་བརྟགས་པའི་དེ་ཁོ་ནར་སྐྱེ་བ་ལ་སོགས་པ་བཀག་པ་ཡིན་པའི་ཕྱིར་རོ། །བློ་གང་ཞིག་གི་བསམ་
བློ་གང་ཞིག་ཡོད་ན་དེ་ཉིད་སྒྲིབ་པར་བྱེད་པ་འཇིག་རྟེན་ན་གྲགས་པ་དེ་ལྟ་བུ་ནི་ཀུན་རྫོབ་ཏུ་བཞེད་དོ། །དེ་ན་རྟོགས་བཞིན་པའི་རང་བཞིན་སྣ་ཚོགས་པ་འདི་དག་ཐམས་ཅད་བདེན་པ་ཡིན་ལ། གཞན་དུ་ན་ནི་བརྫུན་པ་ཡིན་ནོ། །དེ་བས་ན་རྒྱུ་དང་འབྲས་བུའི་དངོས་པོ་ཇི་ལྟར་མཐོང་བཞིན་པ་ནི་བཟློག་དཀའོ། །དེ་ལྟར་ཡིན་དང་ཁ་ཅིག་
གིས་འདི་སྐད་དུ་ཀུན་རྫོབ་ནི་དངོས་པོ་མེད་པ་ཡིན་ལ་སྐྱེ་བ་དངོས་པོ་ཡིན་པའི་ཕྱིར་ཅིག་ཅར་དོན་བྱ་བར་རུང་བ་དང་མི་རུང་བའི་དངོས་པོ་ཁས་བླངས་པ་ཡིན་ནོ། །འོན་ཏེ་ཀུན་རྫོབ་སྐྱེ་བ་ཡིན་ན་དེའི་ཚེ་ཀུན་རྫོབ་ཏུ་སྐྱེའོ་ཞེས་བྱ་བའི་ཚིག་འདི་སྐྱེ་བ་སྐྱེའོ་ཞེས་ཁས་ལེན་པ་ཡིན་པས་མི་འདོད་པ་ཅི་ཡང་བསྒྲུབས་པ་མེད་དོ། །
เล่ม ๘๕ · หน้า 336b
དེ་བཞིན་དུ་སྐྱེ་བ་མེད་པ་ནི་དོན་དམ་པ་ཡིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་དོན་དམ་པར་མ་སྐྱེས་པ་ཞེས་བྱ་བ་འདིའི་དོན་ཡང་སྐྱེ་བ་མེད་པས་སྐྱེ་བ་མེད་དོ་ཞེས་བྱ་བར་འགྱུར་ལ། དེ་ལྟ་ན་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སུན་འབྱིན་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་མཚན་ཉིད་མ་ཤེས་པས་
སྐབས་ཀྱི་དོན་ལ་མི་མཁོ་བར་མ་འབྲེལ་པ་འབའ་ཞིག་མངོན་པའི་ང་རྒྱལ་གྱིས་སྨྲས་པར་ཟད་དོ། །འོན་ཏེ་རྒྱུ་གཅིག་གིས་འབྲས་བུ་གཅིག་ཁོ་ན་བྱེད་དོ་ཞེས་བྱ་བ་ཕྱོགས་བཞི་པ་ཁས་ལེན་ན་འདི་ཤིན་ཏུ་མི་མཛེས་ཏེ། འདི་ལྟར་རང་གི་རིགས་ཀྱི་སྐད་ཅིག་མ་སྐྱེད་པར་བྱེད་པ་ཉིད་ཀྱིས་མིག་ལ་སོགས་པ་རྣམས་ལ་
རང་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཉིད་མེད་པས་ལོང་བ་ཉིད་ལ་སོགས་པའི་ཐལ་བར་གསལ་བར་ཐལ་ལོ། །རང་གི་རྣམ་པར་ཤེས་པ་ཉིད་སྐྱེད་པར་བྱེད་པ་ཉིད་ཡིན་པར་ཁས་ལེན་ན་ཡང་མིག་ལ་སོགས་པའི་རིགས་རྒྱུན་ཆད་པས་ཤེས་པའི་སྐད་ཅིག་མ་གཅིག་གི་རྗེས་ལ་མིག་ལ་སོགས་པ་མེད་ཅིང་
ཤེས་པ་ཡང་མེད་པ་དེས་ན་འགྲོ་བ་རྣམས་ཀྱིས་ལོང་བ་ལ་སོགས་པ་དེ་ཉིད་འབད་པ་མེད་པར་ཐོབ་པར་འགྱུར་རོ། །དེ་བས་ན་གང་དང་གང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པ་དེ་ནི་དོན་དམ་པར་མ་བརྟགས། གཅིག་པུར་ཉམས་དགའ་བ་ཡིན་ཏེ། དཔེར་ན་སྒྱུ་མ་བྱེད་པ་སྤྲུལ་པའི་གླང་པོ་ལ་སོགས་པ་ལྟ་བུའོ། །
གཟུགས་ལ་སོགས་པའི་དངོས་པོ་འདི་དག་ཐམས་ཅད་དེ་དང་འདྲའོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །ཇི་ལྟར་མཐོང་བ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །སྔ་མའི་ཚུལ་
གྱིས་མི་མཐུན་པའི་ཕྱོགས་ལ་གནོད་པར་བྱེད་པའི་ཚད་མ་ཉེ་བར་བསྟན་པའི་ཕྱིར་མ་ངེས་པ་ཉིད་དུ་མི་འགྱུར་རོ། །དེ་ལྟར་ན་རིགས་པ་འདིས་རྐྱེན་ལ་རག་ལས་ཏེ་འཇུག་པ་ཉིད་ཡིན་པའི་ཕྱིར་ཇི་ལྟར་སྒྲོ་བཏགས་པ་ཡིན་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྐུ་ཡང་རྣམ་པར་གཞག་པ་ཡིན་ཏེ་ཤིན་ཏུ་སྤྲོས་
པས་ཆོག་གོ། །དེ་ལ་ཉེ་བར་ལེན་པའི་རྒྱུ་ལ་རག་ལས་པ་ཉིད་ཡིན་པས་ན་རྒྱུ་ལ་རག་ལས་པའོ། །ལྷན་ཅིག་བྱེད་པའི་རྒྱུ་ལས་སྐྱེས་པ་ཉིད་ཡིན་པས་ན་རྐྱེན་ལ་རག་ལས་པའོ། །གདུལ་བྱ་རྣམས་ཀྱི་དགེ་བའི་རྩ་བའི་སྟོབས་ཀྱི་སྣང་བའི་ཡུལ་དུ་འགྱུར་བས་ན་དགེ་བའི་རྩ་བའི་སྦྱོར་བ་དུ་མས་ཡོངས་སུ་གྲུབ་
เล่ม ๘๕ · หน้า 337a
པ་ཡིན་ནོ། །ཇི་སྐད་དུ་གསུངས་པའི་ཆོས་ལ་སོ་སོར་རྟོག་པའི་དགོས་པའི་དོན་ནི་རིགས་ཀྱི་བུ་ཁྱོད་གང་ཚུན་ཆད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཕྱིར་དེ་ལྟར་བཤད་མ་ཐག་པའི་རིམ་པས་ཇི་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཡིན་པའི་ཕྱིར་རོ། །མཐོང་བའི་
ལམ་རྟོགས་པས་ཁྱོད་ཀྱིས་ཡང་དག་པར་ཤེས་པ་ཡིན་པས་ན། དེ་བས་ན་དངོས་པོ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱིས་ཕྱིན་ཅི་ལོག་དང་འགལ་བ་ངོ་བོ་ཉིད་མེད་པར་ཤེས་པས་སྤངས་ཏེ། དེའི་རྩ་བ་ཅན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་རིམ་གྱིས་བསལ་ནས་ས་དང་པོ་ལ་སོགས་པར་ཁྱོད་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གདུལ་བྱ་རྣམས་ལ་ཆོས་ཕྱིན་ཅི་མ་ལོག་པར་བཤད་པའི་སྟོབས་ཀྱིས་རྟོགས་པ་སྐྱེས་པར་གྱུར་ཏོ་ཞེས་སྟོན་པ་ནི་ཡང་དེ་བཞིན་གཤེགས་པ་བྱོན་པ་དང་བཞུད་པ་མེད་པ་འདི་བཤད་པའི་ཚེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སླར་ཐེ་
ཚོམ་མི་འཇུག་གོ་ཞེས་བྱ་བ་ནི་གྲུབ་པ་དང་བདེ་བ་གཅིག་པ་རྣམས་ཀྱི་ནང་ནས་གང་ཡང་རུང་བ་གཅིག་པུ་ཞིག་སྤངས་པ་མེད་པའི་ཕྱིར་ཆོས་བདག་མེད་པ་བསྟན་པའི་སྟོབས་ཀྱིས་མཐོང་བའི་ལམ་རྟོགས་པའི་མཐུ་ལས་ཐེ་ཚོམ་སྤངས་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཚོགས་སྤངས་པ་གསལ་བར་བྱེད་པ་
དེས་ན་བླ་ན་མེད་པའི་བྱང་ཆུབ་ལ་སླར་ཐེ་ཚོམ་འཇུག་པར་མི་འགྱུར་རོ། །དགེ་བའི་རྩ་བ་ཡོངས་སུ་བསྐང་བའི་ཕྱིར་ཞེས་བྱ་བ་ནི་ས་དང་པོའི་དབང་དུ་བྱས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ལོ་བདུན་གྱི་བར་དུ་ཞེས་བྱ་བ་ནི་ཁ་ཅིག་ན་རེ། ད་ལྟར་ང་ནི་སྙིང་རྗེ་ལས། །ཉམས་
མིན་ཆོས་ལའང་སེར་སྣ་མེད། །དཔེ་མཁྱུད་མེད་ཅིང་མི་ནུས་མིན། །ང་ནི་སྡུག་བསྔལ་རང་བཞིན་མིན། །ང་ཡི་བསྟན་པ་མ་ཟད་ལ། །ཁྱེད་ལ་རེ་བའང་ཡོད་མིན་གྱི། །གདུལ་བྱས་ང་ནི་ཤེས་མི་ནུས། །གུས་དང་བཅས་པ་འང་མེད་པས་ན། །དེས་ནི་བསྟན་པར་མི་བྱ་བར། །མཁྱེན་ཅིང་སྐོམ་པར་བྱ་བའི་ཕྱིར། །ཟླ་བ་ཕྱེད་དང་
གསུམ་དག་ཏུ། །བཅོམ་ལྡན་ནང་དུ་ཡང་དག་འཇོག །ཅེས་བྱ་བའི་རིགས་པས་འཕགས་པ་རྟག་ཏུ་ངུའི་བསམ་པ་ཡོངས་སུ་དག་པ་ཉིད་ཟད་པར་བྱ་བའི་དོན་དུ་ལོ་བདུན་གྱི་བར་དུ་སྙོམས་པར་འཇུག་པ་ཉིད་ཀྱིས་གནས་པ་ཡིན་ནོ་ཞེས་འདོད་དོ། །གཞན་དག་ནི་མཐོང་བའི་ལམ་རྟོགས་པའི་སྟོབས་ཀྱིས་ཡང་དག་པའི་
เล่ม ๘๕ · หน้า 337b
བྱང་ཆུབ་ཀྱི་ཡན་ལག་བདུན་རྟོགས་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྦྱང་བར་བྱ་བའི་དོན་ཡིན་ནོ་ཞེས་འཆད་དོ། །བསམ་པ་ཡོངས་སུ་དག་པས་བསྒོམས་པའི་སྟོབས་ཀྱིས་ཕྱིན་ཅི་མ་ལོག་པའི་ལྟས་སྣང་བ་སྐྱེས་པར་གསུངས་པ་ནི་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ལྷའི་སྒྲ་ཐོས་ཏེ་ཞེས་བྱ་
བྱ་བ་ལ་སོགས་པའོ། །དེ་ལྟར་བསམས་ནས་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་དཔྱད་ནས་ཏེ་མངོན་པར་ཤེས་པ་དྲུག་ཡོད་དུ་ཟིན་ན་ཡང་དེས་མཆོད་པར་མི་བྱེད་པ་ནི་ལུས་བཙོངས་པའི་རིན་ལེན་པ་དང་འདྲ་བར་བཤད་པར་བྱའོ། །ཇི་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་འགྱུར་ཞེ་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཆོས་འཕགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ནི་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཁ་ཅིག་ན་རེ་གལ་ཏེ་ཡང་ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོགས་པར་སྟོན་པའི་རྣམ་པ་ཐམས་ཅད་ཆོས་བདག་མེད་པར་སྟོན་པ་ཉིད་དུ་མཚུངས་པ་ཡིན་པ་དེ་ལྟ་ན་ཡང་སྒྲ་འདི་དག་སྐྱེས་
བུས་བྱས་པ་ཡིན་པའི་ཕྱིར་སྨྲ་བ་པོའི་མངོན་པར་འདོད་པའི་འབྲས་བུ་སྟོན་པ་ཡིན་ཏེ། དེ་བས་ན་མན་ངག་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉིད་ཀྱིས་མངོན་པར་འདོད་པ་སྟོན་པ་ཡིན་པའི་ཕྱིར་འདི་རྣམས་ཀྱི་དོན་གྱི་དབྱེ་བ་ཁོང་དུ་ཆུད་པར་བྱའོ་ཞེས་འདོད་དོ། །དེ་བས་ན་དེའི་གཞུང་ཉིད་བྲི་བར་བྱ་སྟེ། དེ་ལ་དང་པོར་རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མཐར་གྱིས་པའི་མངོན་པར་རྟོགས་པའི་མཐར་ཐུག་མངོན་པར་རྟོགས་པ་རྣམ་པ་དྲུག་གི་རིམ་པ་སོ་སོར་སྦྱོར་བ་དང་མཐོང་བ་དང་བསྒོམ་པའི་ལམ་གྱི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་པས་ཞེས་བྱ་བ་ལ་སོགས་པ་ཚིག་བཅོ་བརྒྱད་
གསུངས་པ་ཡིན་ནོ། །དེའི་འོག་ཏུ་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་རྣམ་པ་བཞིའི་དོན་བསྟན་པའི་ཕྱིར་སའི་ཁམས་སུ་མེད་པས་ཞེས་བྱ་བ་ལ་སོགས་པ་ཚིག་བཞི་སྨོས་པ་ཡིན་ནོ། །དེའི་འོག་ཏུ་ནི་སྐུ་གསུམ་པ་སྟོང་པ་ཉིད་དུ་རོ་གཅིག་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་ནམ་མཁའི་ཁམས་མུ་མེད་པས་ཞེས་བྱ་
བའི་ཚིག་སྨོས་པ་ཡིན་ནོ། །དེའི་འོག་ཏུ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གསུམ་གྱི་རང་བཞིན་གྱི་ངོ་བོ་ཉིད་བསྟན་པའི་ཕྱིར་རྣམ་པར་ཤེས་པའི་ཁམས་མུ་མེད་པ་ཉིད་པས་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་སྨོས་སོ། །དེའི་འོག་ཏུ་ཡང་ཚོགས་དང་མོས་པས་སྤྱོད་པ་དང་བྱང་ཆུབ་སེམས་དཔའ་
เล่ม ๘๕ · หน้า 338a
དང་དེ་བཞིན་གཤེགས་པའི་ས་རྣམས་ལ་གདུལ་བྱའི་སྐྱེ་བོ་སྐལ་བ་ཇི་ལྟ་བ་བཞིན་དུ་རབ་ཏུ་འཇོག་པར་བྱེད་པའི་ཆོས་ཀྱི་སྐུའི་ཕྲིན་ལས་ཡོངས་སུ་བསྟན་པའི་ཕྱིར་ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་པས་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་སྨོས་པར་ཤེས་པར་བྱ་སྟེ། འདི་
ནི་ཅིའི་དོན་ཡིན་ནོ། །ཚིག་གི་དོན་རྣམས་ནི་ཕལ་ཆེར་རྣམ་པར་ཕྱེ་ཟིན་པ་ཁོ་ན་ཡིན་པས་ཡང་རྣམ་པར་མ་ཕྱེའོ། །འཕགས་པ་ཆོས་འཕགས་ཀྱི་བྱིན་གྱི་རླབས་དང་རང་གི་སྨོན་ལམ་དང་བསོད་ནམས་དང་ཡེ་ཤེས་ཀྱི་མཐུས་ཐོས་པ་དང་བསམ་པའི་རང་བཞིན་ཅན་གྱི་ཤེས་པ་སྐྱེས་པའི་རིམ་གྱིས་ཇི་སྐད་དུ་བཤད་
པའི་མངོན་པར་རྟོགས་པ་བརྒྱད་ཀྱི་ངོ་བོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་རྣམ་པའི་ཏིང་ངེ་འཛིན་རྣམས་ཀྱི་སྣང་བ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་རྨི་ལམ་གྱི་གནས་སྐབས་དང་འདྲ་བར་དུས་དེ་སྲིད་ཅིག་སྐྱེས་སོ་ཞེས་གསུངས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དེ་ལྟར་
འདུག་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །ཏིང་ངེ་འཛིན་གང་ལ་གནས་ན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་འགྱུར་བ་དེ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ནོ། །ཆོས་ཐམས་ཅད་དབེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །
རྣམ་པ་ཐམས་ཅད་དུ་ཇི་སྐད་དུ་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པའི་ཏིང་ངེ་འཛིན་རྣམས་རྟོགས་པའི་ཚུལ་གྱིས་བརྟན་པར་སྣང་བ་ཉིད་ཡིན་ན་ནི་མདོ་དང་འགལ་ལོ། །འདི་ལྟར་བསྐལ་པ་གྲངས་མེད་པ་དང་པོས་ནི་ཚོགས་ཀྱིས་ནས་བརྩམས་ཏེ་ས་དང་པོའི་བར་དུ་རྫོགས་པར་འགྱུར་རོ། །
གཉིས་པས་ནི་དྲི་མ་མེད་པའི་ས་ནས་བཟུང་སྟེ་ས་བདུན་པའི་བར་དུའོ། །ཡང་བསྐལ་པ་གྲངས་མེད་པ་གསུམ་པས་ནི་ས་མི་གཡོ་བ་ནས་བཟུང་ནས་སངས་རྒྱས་ཀྱི་སའི་བར་དུའོ། །དེ་ལྟར་ན་བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་ཉིད་འཐོབ་པར་འགྱུར་བ་ཡིན་པས་སྒྲ་ཇི་བཞིན་པ་ཉིད་ཀྱི་མདོ་དང་འགལ་
ལོ་ཞེ་ན། གསུམ་ཚན་དུ་མཚུངས་པས་ན་བསྐལ་པ་གྲངས་མེད་པ་གསུམ་གྱི་ཞེས་བྱ་བ་གསུངས་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེས་ན་དེ་ལྟར་དྲང་བའི་དོན་གྱི་མདོར་བཤད་པ་ན་ཤིན་ཏུ་འགལ་བ་ཁོ་ནའོ། །འདི་ལྟར་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱི་ཚོགས་ཀྱིས་ཀུན་ཏུ་རྫོགས་པར་བྱེད་པ་ན་བསྐལ་
เล่ม ๘๕ · หน้า 338b
པ་གྲངས་མེད་པ་གཅིག་འདའ་བར་བྱེད་པའོ། །དེའི་འོག་ཏུ་མོས་པས་སྤྱོད་པའི་ས་རྫོགས་པར་བྱེད་པ་ན་བསྐལ་པ་གྲངས་མེད་པ་གཉིས་འདའ་བར་བྱེད་དོ། །དེའི་འོག་ཏུ་རབ་ཏུ་དགའ་བ་ནས་བརྩམས་ཏེ་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་གྱི་བར་ལ་སོ་སོ་སོ་སོར་བསྐལ་པ་གྲངས་མེད་པ་གསུམ་གསུམ་གྱིས་བྱང་
ཆུབ་སེམས་དཔའ་རྫོགས་པར་བྱས་ནས་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་བསྐལ་པ་གྲངས་མེད་པ་སུམ་ཅུ་རྩ་གསུམ་གྱིས་སངས་རྒྱས་ཉིད་འཐོབ་པ་ཡིན་ནོ་ཞེས་བཤད་དོ། །ཇི་སྐད་དུ་བཤད་པའི་མངོན་པར་རྟོགས་པའི་བདག་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་
དམིགས་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱི་ས་དང་པོ་ཁོ་ན་ལ་ཏིང་ངེ་འཛིན་གྱི་སྒོ་མང་པོ་རྟོགས་སོ་ཞེས་གསུངས་པ་ནི་དེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའོ། །འདིར་ཏིང་ངེ་འཛིན་གྱི་མངོན་པར་བསྒྲུབ་པའི་ཐབས་ཁོ་ན་ཏིང་ངེ་འཛིན་གྱི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་རྣམས་མ་ཡིན་ཏེ་ས་བཅུ་པ་ལས་རབ་ཏུ་དགའ་བའི་ས་
ལ་ཏིང་ངེ་འཛིན་བརྒྱ་འཐོབ་པ་ཞེས་གསུངས་པའི་ཕྱིར་རོ། །ཡང་ན་ཏིང་ངེ་འཛིན་གྱི་རང་བཞིན་ཁོ་ན་ལ་ཏིང་ངེ་འཛིན་གྱི་སྒོ་ཞེས་བྱའོ། །དེ་ལ་བརྒྱ་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་ཉིད་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས་ཆོས་
འཕགས་ཀྱི་ལེའུ་ཞེས་བྱ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།ཏིང་ངེ་འཛིན་ཡང་དག་པ་ཁོ་ནར་རྟོགས་པ་རྣམས་ཀྱི་བྱ་བ་བསྟན་པའི་ཕྱིར་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་གཞན་དག་གུས་པ་བསྐྱེད་པར་བྱ་བའི་ཕྱིར་
ཡོངས་སུ་གཏད་པའི་དོན་དུ་གླེང་སློང་བར་མཛད་པ་ནི་དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་གྲངས་འདིས་ཀྱང་ཞེས་བྱ་བ་ནི་གང་གི་ཕྱིར་འཕགས་པ་རྟག་ཏུ་ངུ་ཉིད་ཀྱི་དོན་ཆེན་པོ་བྱེད་པ་ཡིན་པ་དེ་བས་ན་སྔར་བཤད་པའི་
རྣམ་གྲངས་འབའ་ཞིག་ཏུ་མ་ཟད་ཀྱི་འདིས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི་ཕན་ཡོན་ཆེ་བ་ཉིད་ཀྱིས་བར་ཆད་མང་བ་ཡིན་པའི་ཕྱིར་གློ་བུར་དུ་ཡི་གེར་བྲི་བར་མི་ནུས་ཏེ། དེས་ན་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཡིན་ནོ། །དེ་ལྟར་གླེང་
เล่ม ๘๕ · หน้า 339a
བསླང་བ་མཛད་ནས་ཡོངས་སུ་གཏད་པ་སྟོན་པར་མཛད་པ་ནི་ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྒྱུ་མཚན་ཅི་ཞིག་གིས་འདི་ཡོངས་སུ་གཏད་པར་མཛད་པ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་གསལ་བར་མཛད་པ་ནི་ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་མདོར་བསྡུས་པ་རྒྱས་པར་བསྟན་པ་ལ་དགའ་བའི་སེམས་ཅན་ལ་ཕན་འདོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ལ་སོགས་པ་ཆོས་ཀྱི་སྐུ་མཛད་པ་དང་བཅས་པའི་མཐར་ཐུག་པའི་དོན་བརྒྱད་པོ་ཐམས་ཅད་ཉིད་ཡང་དག་པར་བསྟན་པ་ཡིན་ནོ། །ཡང་ན་དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་མངོན་པར་མཚོན་པའི་གནས་ཉིད་ཡིན་པས་མཚན་ཉིད་དོ། །
དེ་ནས་དབང་དུ་བྱ་བའི་ཕྱིར་འདིས་ཐམས་ཅད་མཁྱེན་པ་ཉིད་གསུམ་བསྒོམ་པ་ལ་སྦྱོར་བས་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བའོ། །དེ་ནས་ཤིན་ཏུ་གོམས་པས་རབ་ཏུ་འགྲོ་བའི་ཕྱིར་རྩེ་མོའི་མངོན་པར་རྟོགས་པ་ནི་མཁྱེན་པ་ཉིད་
གསུམ་གྱི་རབ་ཀྱི་གནས་སྐབས་ཡིན་ནོ། །དེ་ནས་རྟོགས་པའི་དངོས་པོ་ངེས་པར་བྱ་བའི་ཕྱིར་སོ་སོ་བ་དང་བསྡུས་པ་དག་ཏུ་བསྒོམས་པའི་དོན་གཞུང་སྲོང་བར་བྱེད་པས་མཐར་གྱིས་པའི་མངོན་པར་རྟོགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་གོ་རིམས་ཀྱི་གནས་སྐབས་ཡིན་ནོ། །དེ་ནས་
ཁྱད་པར་དུ་འགྲོར་མེད་པ་ཡང་དག་པར་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཐར་ཐུག་པའི་གནས་སྐབས་སོ། །དེ་ནས་དེའི་འབྲས་བུ་ཡིན་པས་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པར་
སྨིན་པ་ཡིན་ནོ། །དེ་ལྟར་ན་མདོར་བསྡུས་པ་འབྲིང་དུ་བསྟན་པ་ལ་དགའ་བ་ལ་རྗེས་སུ་བརྩེ་བས་དོན་བསྡུས་པ་རྣམ་པ་དྲུག་པོ་འདིས་སྔ་མ་བཞིན་དུ་རྒྱལ་བའི་ཡུམ་འདི་བཤད་པར་བྱ་བ་ཡིན་ནོ། །དེ་སྐད་དུ་ཡང་། མཚན་ཉིད་དེ་ཡི་སྦྱོར་བ་དང་། །དེ་རབ་དེ་ཡི་གོ་རིམས་དང་། །དེ་མཐའ་དེ་ཡི་
เล่ม ๘๕ · หน้า 339b
རྣམ་སྨིན་ནི། །དོན་བསྡུས་གཞན་དེ་རྣམ་པ་དྲུག །ཅེས་གསུངས་པ་ཡིན་ནོ། །ཡང་ན་དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ངོ་བོ་ཉིད་ནི་འཇུག་པའི་སྤྱོད་ཡུལ་ཡིན་ནོ། །དེ་ཇི་ལྟར་རབ་ཏུ་སྦྱོར་ཞེ་ན། དེའི་འོག་ཏུ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ལ་
སོགས་པ་མངོན་པར་རྟོགས་པ་རྣམ་པ་བཞི་ནི་རྒྱུའི་རང་བཞིན་གྱི་སྦྱོར་བ་ཡིན་ནོ། །སྦྱོར་བ་དང་དེ་ལྟ་བུ་དང་ལྡན་པའི་ཡུལ་དེའི་འབྲས་བུ་ཅི་ཞིག་ཡིན་ཞེ་ན། དེའི་འོག་ཏུ་ཆོས་ཀྱི་སྐུ་ཕྲིན་ལས་དང་བཅས་པ་ནི་འབྲས་བུ་ཡིན་ཏེ། དེ་ལྟར་མངོན་སུམ་དུ་བསྡུས་ཏེ་མདོར་བསྡུས་པ་ལ་དགའ་བའི་སེམས་
ཅན་རྣམས་ཀྱི་དབང་དུ་མཛད་ནས་དེ་བཞིན་དུ་ཡུམ་འདི་བཤད་པར་བྱ་བ་ཡིན་ནོ། །དེ་སྐད་དུ་ཡང་། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །ཞེས་གསུངས་པ་ཡིན་ནོ། །བཅོམ་
ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་དང་། སྐྱེས་བུ་དེ་ནི་ཉེར་གནས་པ། །ཙམ་གྱི་ཡིད་བཞིན་ནོར་བུ་བཞིན། །རྩིག་སོགས་ལས་ཀྱང་ཆོས་སྟོན་པ། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །ཞེས་བྱ་བའི་ཚུལ་གྱིས་བཅོམ་ལྡན་འདས་དགྱེས་
ཤིང་ཐུགས་དགའ་བས་གདུལ་བྱའི་སྐྱེ་བོ་སྐལ་བ་དང་ལྡན་པ་རྣམས་ཀྱིས་སྟོན་པ་པོ་ཉིད་དུ་ལྷག་པར་ཞེན་པས་བཤད་མ་ཐག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་ཉིད་མ་ལུས་པ་དེ་སྐད་ཅེས་བཀའ་སྩལ་པ་སྟེ་གསུངས་པ་དང་ངོ་། །གལ་ཏེ་འཕགས་པ་རབ་འབྱོར་ལ་སོགས་
པ་གཞན་དག་གིས་ཀྱང་ཅུང་ཟད་སྨྲས་པ་ཡོད་མོད་ཀྱི་དེ་ནི་བཅོམ་ལྡན་འདས་ཀྱི་བདག་པོ་ཉིད་ལས་ཡིན་པས་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་བྱམས་པ་ལ་སོགས་པ་དེ་དག་ཀྱང་དགའ་ཞིང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་
འབྲེལ་ཏེ་རྣམ་པར་དབྱེ་བ་སྒྱུར་ནས་འབྲེལ་པ་ཡིན་པའི་ཕྱིར་རོ། །དང་ཞེས་བྱ་བ་ནི་ཐམས་ཅད་དུ་འོག་མ་འོག་མ་ལ་ལྟོས་ཏེ་བསྡུ་བའི་དོན་ཡིན་ཏེ། དེ་བཞིན་དུ་འཕགས་པ་རབ་འབྱོར་ཡང་དགའ་ཞིང་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་འབྲེལ་ཏེ་བརྗོད་པ་ཡོངས་སུ་གྱུར་པ་དང་འབྲེལ་པའི་ཕྱིར་རོ། །དེ་
เล่ม ๘๕ · หน้า 340a
བཞིན་དུ་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་ལ་ལྟོས་ཏེ་རེ་རེ་ཞིང་སྦྱར་རོ། །ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པ་དང་ལྷན་ཅིག་གནས་པ་ཡིན་པས་ན་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཞེས་བྱའོ། །དེ་དང་ཐ་དད་པ་གཞན་སུ་ཞིག་ཡོད་ཅེ་ན་
དེ་རྣམས་དང་བཅས་པ་ཞེས་བརྗོད་ཅིང་། ཚོགས་པ་དང་ཚོགས་པ་ཅན་གྱི་དབྱེ་བ་ལ་ལྟོས་ནས་དེ་སྐད་བརྗོད་པས་ཉེས་པ་མེད་དོ། །ཡང་ན་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་ནམ་མཁའ་ལྡིང་ལ་སོགས་པ་གཞན་དག་ཀྱང་མང་པོ་ཡོད་པས་དེ་ལྟར་བརྩད་པར་མི་བྱའོ། །འདི་དག་ཐམས་ཅད་ཀྱིས་ཀྱང་
དམ་པའི་ཆོས་མཉན་པ་ལས་གཞན་རང་དང་གཞན་ལ་ཆེས་མཆོག་ཏུ་ཕན་པ་ཡོད་པར་ཉེ་བར་མ་དམིགས་ཏེ། དེ་བས་ན་རབ་ཏུ་དགའ་བའི་རྒྱུ་ཡོད་པས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རབ་ཏུ་དགའ་བ་ཕུལ་དུ་བྱུང་བ་ཡང་དག་པར་སྐྱེད་དེ་བཅོམ་ལྡན་འདས་ཆོས་ཀྱི་དབང་ཕྱུག་དམ་པ་ཐུགས་
རྗེ་ཆེན་པོའི་རང་བཞིན་གྱི་སྐུ་ཅན་ཁྱོད་ཀྱིས་ལེགས་པར་གསུངས་པའི་གསུང་འདི་ནི་ལེགས་སོ་ཞེས་བྱ་བ་ལ་སོགས་པས་མངོན་པར་བསྟོད་དོ་ཞེས་བྱ་བ་བསྟོད་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས་ཡོངས་སུ་གཏད་
པའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།མདོར་བསྡུས་ལ་སོགས་ཚིག་བརྗོད་ལ་མཁས་གསུང་རབ་ཀུན་ལ་མངའ་མཛད་པ། །འདྲེན་བྱེད་རྣམས་ཀྱི་རྟོགས་དོན་དེ་ཉིད་ལམ་ཀུན་གང་ཕྱིར་དེ་ལྟ་བུར། །གསལ་བར་མཛད་པ་དེ་ཉིད་ལས་ནི་ཤེས་རབ་ཕ་རོལ་ཕྱིན་པ་ཡི། །
ཚུལ་ལ་ཁྱད་པར་ཤེས་བྱ་འདི་ནི་གསུང་གི་བདག་ཉིད་ཙམ་དུ་ཟད། །འཕགས་པ་ཐོགས་མེད་གཞུང་གི་རྗེས་འབྲངས་བློ་བཟང་སེར་སྣ་མེད་རྣམས་དང་། །མཁྱེན་ལྡན་མང་དུ་གསན་པ་དང་ལྡན་བླ་མ་རྣམ་པར་སྣང་མཛད་བཟང་པོ་ཡི། །མཐུ་ཡིས་བློ་གསལ་ཅུང་ཞིག་སྐྱེས་པས་སེང་གེ་བཟང་
པོ་ཞེས་བྱ་བས། །འཕགས་པ་བཅོམ་ལྡན་འདས་ཡུམ་འདི་ཡི་དོན་གསལ་རྣམ་པ་ཀུན་ཏུ་གུས་པས་བྱས། །ཡང་དག་ཡང་དག་མ་ཡིན་རྣམ་དབྱེའི་རིགས་བྲལ་ཤེས་པ་སྐྱེས་ལས་ཀུན་རྫོབ་ཏུ། །འཁོར་བའི་རྒྱ་མཚོའི་འདམ་དུ་ཡིད་བྱིང་སྐྱེ་བཞིར་འགྱུར་བའི་ལུས་ཅན་འདི་དག་ཀུན། །
เล่ม ๘๕ · หน้า 340b
ཡུམ་གྱི་བཤད་སྦྱར་བྱས་པ་ལས་བྱུང་བདག་གིས་ཐོབ་པའི་དགེ་བའི་ས་བོན་ལས། །རྣམ་པ་ཀུན་གྱི་མཆོག་ཏུ་གྱུར་པའི་སྐུ་ནི་གསུམ་པོ་ངེས་པར་ཐོབ་པར་ཤོག །རྫོགས་སངས་སྲས་བཅས་རྣམས་ཀྱིས་ལེགས་པར་རྣམ་ཕྱེ་ཡུམ་འདི་འང་གང་ན་བཞུགས་གྱུར་ལ། །བློ་ནོར་ཕུན་
ཚོགས་ཡུལ་མིན་དེ་བཞིན་ཚིག་གི་སྤྱོད་ཡུལ་མིན་བདག་གང་ན་སྟེ། །བདག་ནི་ཕྱི་ནས་སྐྱེ་བ་གཞན་དུ་རྟག་ཏུ་རྨོངས་པ་ཉིད་དུ་མ་གྱུར་ཅིག །སྙམ་དུ་བསམས་ནས་འདི་བྱས་པ་ལས་མཁས་རྣམས་ཀྱིས་ནི་དཔྱད་པར་རིགས་པ་ཡིན། །ཕྲག་དོག་ཟུག་རྔུས་གདུངས་པའི་ཡིད་
ཅན་ལོག་པའི་ང་རྒྱལ་སྟོབས་བསྒྲུབས་ཐོས་པ་ཡིས། །ཤེས་རབ་ལྡན་པ་རྣམས་ཀྱི་མདུན་དུ་བཤད་པར་བྱེད་པའི་ནུས་པ་ཡོད་མིན་ཏེ། །དམ་མིན་སྐྱེ་བོ་རྣམས་དང་དམ་པའི་བར་ནི་ས་འོག་དང་ནི་མཁའ་ལྟར་རིང་། །དེ་ཉིད་ཕྱིར་ན་རྣམ་པ་དེ་འདྲས་བདག་ལ་གནོད་འགྱུར་ཕྲ་མོ་
འགའ་ཡང་མེད། །གང་ཞིག་ས་སྟེངས་བསོད་ནམས་གྲངས་ཚོགས་ལྡན་པར་རབ་གྲགས་མཁས་པའི་སྐྱེ་བོས་བརྒྱན། །ཡོན་ཏན་ཀུན་གྱི་འབྱུང་གནས་དཔལ་ལྡན་ཊཱི་ཀ་དུ་ཀའི་གཙུག་ལག་ཁང་བཟངས་དེར། །སྦྱིན་ལས་འབྱོར་པ་ཆེན་པོ་ཐོབ་འགྱུར་ཆོས་ཀྱི་བདག་ཉིད་སྙིང་རྗེ་ལྷ་ཡི་
ནི། །མགོན་བཅས་བདེ་བའི་རྐྱེན་གཞི་མཁས་པའི་གནས་གྱུར་ཁང་པ་དག་ཏུ་གནས་བཅས་ནས། །གླང་ཆེན་ཁྲོས་པའི་ཀླད་པ་རྣམ་པར་འགེམས་བྱེད་ནུས་པ་དང་ལྡན་བདག་ཉིད་ཅན། །བསོད་ནམས་ལ་སྦྱངས་བརྩོན་པ་ལས་བྱུང་ཕུན་ཚོགས་རྣམས་ནི་ཀུན་ཏུ་སྦྱོར་གྱུར་པ། །རྒྱལ་
པོ་མཆོག་བརྒྱུད་རྒྱལ་རིགས་ནས་འཁྲུངས་རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་རིང་ལ་ནི། །དཀའ་འགྲེལ་བཟང་པོ་དེ་ཉིད་སྣང་བ་ཞེས་བྱ་འདི་ནི་བདག་གིས་རྣམ་པར་བརྩམས། །མངོན་རྟོགས་ཀྱི་ནི་རྒྱན་གང་ཡིན། །དེ་གསལ་བྱེད་པའི་སྣང་བ་ནི། །ཤེས་རབ་ཕ་རོལ་ཕྱིན་རྣམས་བཤད། །
དགེ་འབྱུང་དེ་ནི་རྫོགས་པ་ཡིན། །མཁས་པ་མཁས་པ་མ་ཡིན་རྣམས། །ལྷག་ཆད་དོགས་པ་ཡོད་གྱུར་ན། །གཞུང་འདིའི་ཚད་ཀྱི་ངེས་པ་ནི། །ཡུམ་འདི་ཡི་ནི་མཚན་ཉིད་ཡིན། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་དེ་ཁོ་ན་ཉིད་
เล่ม ๘๕ · หน้า 341a
སྣང་བ་ཞེས་བྱ་བ། མཁས་པ་ཆེན་པོ་སློབ་དཔོན་སེང་གེ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།སྔོན་གྱི་སྨོན་ལམ་བསོད་ནམས་ཚོགས་བསགས་རྒྱུས། །ལྷ་རིགས་བྱང་ཆུབ་སེམས་དཔའི་རྒྱུད་དུ་གྲགས། །ས་སྟེངས་རྒྱལ་པོའི་རྒྱལ་
པོ་ཉིད་གྱུར་པ། །དཔལ་གྱིས་བརྒྱན་ཅིང་སྐྱོན་མེད་གནས་སུ་འཁྲུངས། །གང་དག་གྲགས་པ་ཟླ་ཟེར་ལྟ་བུ་ཡིས། །ས་སྟེངས་ཀུན་ཏུ་རྣམ་པར་མཛེས་གྱུར་ཅིང་། །མཛད་སྤྱོད་ཕུན་ཚོགས་ཡོན་ཏན་ཀུན་གྱིས་བརྒྱན། །མི་དབང་ས་ཡི་བདག་པོ་ལྷ་ལྡེར་གྲགས། །སྐྱེས་ཆེན་
དེས་ནི་བོད་ཁམས་འགྲོ་བ་ཀུན། །སངས་རྒྱས་འབྲས་ཐོབ་བར་གྱི་ཕན་བཞེད་དེ། །རྒྱལ་ཡུམ་དོན་གསལ་བྱ་ཕྱིར་རབ་འབད་པས། །ཡོངས་སྙོམས་ཆོས་ཀྱི་སྦྱིན་བདག་ཆེན་པོ་མཛད། །དོན་འདི་སྒྲུབ་ཕྱིར་དགའ་བས་ཐག་རིངས་ནས། །གསོལ་བཏབ་རྒྱུ་ཡིས་རྒྱལ་པོའི་
རིགས་སུ་གྲགས། །དགའ་བྱེད་རྒྱུད་བྱུང་ལེགས་བཤད་དཔལ་ཞེས་བྱའི། །ཐོས་མངས་མཁས་པའི་གྲགས་ཐོབ་བདག་གིས་བཤད། །སྒྲ་སྐད་ཐ་སྙད་ལ་བྱང་བརྩོན་པར་ལྡན། །རིན་ཆེན་སྒྲོན་འདྲའི་རིན་ཆེན་བཟང་པོ་ཡིས། །གཙང་དགེ་ཡོན་ཏན་དུ་མའི་འབྱུང་གནས་གྱུར། །
རྒྱལ་སའི་དམ་པ་པུ་རངས་གནས་སུ་བསྒྱུར། །སྙིང་རྗེས་གཞན་ལ་ཕན་པ་གཙོར་བྱས་ཏེ། །རྟོགས་སླ་ཐུན་མོང་རང་སྐད་བྱས་པ་ལས། །བསོད་ནམས་རྒྱ་ཆེན་འདིར་ནི་གང་བསགས་དེས། །འཇིག་རྟེན་མཐའ་དག་བྱང་ཆུབ་མཆོག་ཐོབ་ཤོག །དབང་ཕྱུག་དམ་པའི་མངའ་བདག་བོད་
ཀྱི་ལྷ་བཙན་པོ་ཁྲི་བཀྲ་ཤིས་ལྡེ་བཙན་གྱི་བཀས། རྒྱ་གར་གྱི་མཁན་པོ་སུ་བྷཱ་ཥི་ཏ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ནས། སླད་ཀྱི་རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་ཡུལ་
དབུས་ཀྱི་དཔེ་དང་ཡང་གཏུགས་ནས་བཅོས་ཤིང་ཞུས་ཏེ་གཏན་ལ་ཕབ་པ་ལས། དེ་ནས་དུས་ཕྱིས་པཎྜི་ཏ་ཆེན་པོ་གཞུང་འབུམ་ཕྲག་གཉིས་ཀྱིས་མགྲིན་པ་བརྒྱན་པ་དྷི་ར་པཱ་ལ་ཞེས་བྱ་བ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་བསྒྱུར་ཞིང་བཅོས་པའོ།། །།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด