ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་རྟོགས་པར་དཀའ་བའི་སྣང་བ་ཞེས་བྱ་བའི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་ས་མ་ཡཱ་ལངྐཱ་ར་པྲཛྙཱ་པཱ་ར་མི་ཏོ་པ་དེ་ཤ་ཤཱསྟྲ་བྲྀཏྟི་དུ་ར་བ་བོ་དྷཱ་ལོ་ཀནཱ་མ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๘๖ · หน้า 225b

མེད་པས་ཞེས་བྱ་བ་ནི་དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་བཏགས་པ་ནི་ཀུན་རྫོབ་ཏུ་གཟུགས་ལ་སོགས་པའི་ཐ་སྙད་དུའོ། །དེ་ཁོ་ན་ཉིད་ཤེས་པའི་ཆགས་པས་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུ་གཉིས་སུ་མེད་པའི་ཡེ་ཤེས་ལ་མངོན་པར་མ་ཆགས་པ་ཡིན་པའི་

ཕྱིར་རོ། །མངོན་པར་ཞེན་པ་སྔོན་དུ་འགྲོ་བའི་ཆགས་པ་ནི་མངོན་པར་ཞེན་པ་མེད་པས་གཟུགས་ལ་སོགས་པ་ལ་ཆགས་པའོ། །མཉམ་པ་ཉིད་དུ་བསྒོམ་པ་ནི་དེ་ཁོ་ན་ཉིད་དུ་ན་གཟུགས་ལ་སོགས་པ་རྣམ་པ་གཅིག་པར་བསྒོམ་པའོ། །དེ་ཉིད་ནི་གཟུང་བ་ལ་སོགས་པ་བྱེ་བྲག་གི་

བློ་འཇོམས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་གཉེན་པོ་སྟེ། དེས་ན་ཐམས་ཅད་མཁྱེན་པ་གསུམ་གྱི་ལམ་ནི་གཉེན་པོ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་མི་ཤེས་པ་ཉིད་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ཐོགས་པ་ལ་ཞེས་བྱ་བ་ནི་གང་གི་ཚེ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལམ་གྱི་བདག་ཉིད་ཅན་ཡིན་པ་དེའི་ཚེ་དངོས་པོ་ལ་སོགས་པར་མི་དམིགས་པར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པར་མ་རྟོགས་པའི་ཕྱིར་ཇི་ལྟར་འདོད་པ་བཞིན་དུ་གཟུགས་ལ་སོགས་པ་མི་དམིགས་པའི་ཤེས་པ་ནི་མི་འཇུག་པ་ཡིན་ལ། ཡང་གང་གི་

ཚེ་འབྲས་བུའི་བདག་ཉིད་ཅན་ཡིན་པ་དེའི་ཚེ་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་དུ་བྱས་པ་ཡིན་པས་ཇི་ལྟར་འདོད་པ་བཞིན་དུ་ཐམས་ཅད་དུ་འགྲོ་བ་ལ་ཐོགས་པ་མེད་པ་ཡིན་ནོ། །དང་ཞེས་བྱ་བ་རྣམས་ནི་བསྡུ་བ་ཡིན་ནོ། །བཤད་མ་ཐག་པའི་འཛིན་པའི་རྣམ་པར་རྟོག་

པ་གང་ཡིན་པ་དེ་སྔ་མ་བཞིན་དུ་མཐོང་བའི་ལམ་གྱི་བསམ་གཏན་གྱི་ཁྱད་པར་གྱིས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དོན་དམ་པའི་དངོས་པོ་ནི་སྐྱེས་བུ་རྫས་སུ་ཡོད་པ་སྟེ། དེ་ལ་མངོན་པར་ཞེན་པ་ཞེས་བྱ་བ་ལ་སོགས་

པ་ཡིན་ནོ། །ཆེད་བཞིན་ཞེས་བྱ་བ་ལ་སོགས་པ་འཛིན་པའི་རྣམ་པར་རྟོག་པ་སྐྱེས་བུ་བཏགས་པར་ཡོད་པའི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ་ནི། ཉན་ཐོས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཉན་ཐོས་ལ་སོགས་པའི་ངེས་པར་འབྱུང་བ་ཉིད་ཀྱིས་ཞེས་བྱ་བ་ནི་གདུལ་བྱའི་

เล่ม ๘๖ · หน้า 226a

དབང་གིས་ཉན་ཐོས་ལ་སོགས་པའི་ལམ་ཉིད་ཡིན་པའི་ཕྱིར་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་དུ་སྟེ། ཆེད་དུ་བྱ་བ་འབྱུང་བ་ལས་མ་འདས་པས་སོ། །ངེས་པར་མི་འབྱུང་བ་ནི་ཆེན་པོ་ཉིད་གསུམ་མ་ཐོབ་པའོ། །ལམ་ཐམས་ཅད་ལས་ཡོངས་སུ་རྒྱལ་བར་བྱ་བའི་ཕྱིར།

ཐམས་ཅད་མཁྱེན་པ་ཉིད་གསུམ་བདག་གིར་བྱས་པ་ལས་རང་གི་མངོན་པར་འདོད་པའི་ལམ་མེད་པས། ཞེས་བྱ་བ་བདག་ཉིད་ཀྱིས་ངེས་པའི་ལམ་མེད་པས་ལམ་གཞན་ལ་ལམ་མ་ཡིན་པར་ངེས་པར་འཛིན་པ་སྟེ། མི་དམིགས་པ་ལ་དམིགས་པའི་ཐམས་ཅད་མཁྱེན་པ་གསུམ་ལས་

ཐ་དད་པའི་ལམ་ལ་ལམ་མ་ཡིན་པ་ཁོ་ནའོ་ཞེས་བྱ་བར་ངེས་པར་འཛིན་པའོ། །རྒྱུ་དང་འབྲས་བུ་ཀུན་རྫོབ་ཀྱི་ངོ་བོས་ཞེས་བྱ་བ་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུ་ཡོད་པས་སྐྱེ་བ་དང་འགག་པ་སྟེ། སྐྱེ་བ་དང་འཇིག་པའོ། །བར་ཆད་མེད་པ་དང་ཅིག་ཤོས་སུ་སྣང་བ་ཉིད་ཀྱིས་ཞེས་བྱ་བ་

དོན་དམ་པ་ཉིད་དང་ཀུན་རྫོབ་ཏུ་དབྱེ་བ་མེད་པར་རྟོགས་པས་དངོས་པོ་མཐའ་དག་སྟེ། གཟུགས་ལ་སོགས་པ་རྣམས་ལ་ལྡན་པ་སྟེ། དབྱེ་བ་མེད་པར་རྟོགས་པ་དང་མི་ལྡན་པ་སྟེ། དབྱེ་བ་གང་ཡིན་པ་དེ་ལ་ཐ་དད་པ་མེད་པར་ཤེས་པ་སྔོན་དུ་འགྲོ་བས་དབྱེ་བ་ཤེས་པའོ་ཞེས་བྱ་བའི་ཐ་

ཚིག་གོ། །ནམ་མཁའ་ལ་གནས་པའི་བྱ་དང་འདྲ་བ་ཉིད་ཀྱིས་ན་རྟེན་མེད་པ་ཉིད་ཀྱིས་གཟུགས་ལ་སོགས་པའི་གནས་ལ་གཟུགས་ལ་སོགས་པ་གནས་མེད་པར་གནས་པའོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པའི་སྒོ་ནས་ཞེས་བྱ་བ་སངས་རྒྱས་ལ་སོགས་པ་ལས་བྱང་ཆུབ་ཏུ་

སེམས་བསྐྱེད་པ་དང་གདམས་ངག་ལ་སོགས་པ་ཡོངས་སུ་བཟུང་བའི་དབང་གིས་ཉན་ཐོས་ལ་སོགས་པའི་རིགས་འཇིག་པ་ཡིན་ཏེ། སངས་རྒྱས་ཀྱི་རིགས་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་ཉིད་ལས་ཁྱད་པར་དུ་འཕགས་པའི་ཆོས་མེད་པས་ཞེས་བྱ་བ་ནི་སྟོང་པ་ཉིད་ལས་ཁྱད་པར་དུ་

འཕགས་པའི་གཟུགས་ལ་སོགས་པ་མེད་པའི་ཕྱིར་འདོད་པ་མེད་དེ། འདོད་པའི་ཡུལ་མི་དམིགས་པས་འདོད་པས་འདོད་པ་མེད་པའོ། །དོན་དམ་པའི་བདེན་པ་ལ་བརྟེན་ནས། དེ་ཁོ་ན་ཉིད་མཐོང་བས་རྒྱུ་མེད་པ་སྟེ། ཡང་དག་པའི་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་རྒྱུ་མེད་

เล่ม ๘๖ · หน้า 226b

པའོ། །སེར་སྣ་ཤིན་ཏུ་གོམས་པར་བྱས་པའི་ཆོས་ཉིད་ཀྱིས་ཞེས་བྱ་བ་ནི་གཏོང་བ་མེད་པ་ལ་གོམས་པའི་ཕྱིར་རོ། །བདུད་ལ་སོགས་པའི་ཕྱིར་རྒོལ་བའི་དངོས་པོ་དམིགས་པ་ནི་རྫས་གཅིག་ལ་མངོན་པར་འདོད་པའི་མི་དང་བདུད་དང་དགྲ་བོ་ལ་སོགས་པའི་ཡུལ་དུ་འཛིན་པའི་ཤེས་པ་

ཡོད་པའོ། །དང་གི་སྒྲ་ནི་སྔ་མ་བཞིན་ནོ། །བཏགས་པའི་དངོས་པོ་སྐྱེས་བུ་ཡོད་པར་བཏགས་པའོ། །དེ་ལ་མངོན་པར་ཞེན་པ་ཉིད་ཀྱིས་དེ་ལ་མངོན་པར་ཆགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཉེན་པོ་མ་བསྟན་དུ་ཟིན་ཀྱང་འདིར་མི་མཐུན་པའི་ཕྱོགས་སྨོས་པས་

ཤུགས་ཀྱིས་འཕངས་པར་ལྟའོ་ཞེས་བྱ་བ་ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྣམ་རྟོག་འདི་དག་རང་ཉིད་ནི། །མ་རིག་ངོ་བོ་ཉིད་དུ་རྟོགས། །གང་ཕྱིར་རང་གི་རྣམ་པ་ནི། །ཕྱིའི་ངོ་བོར་སྒྲོ་བཏགས་འཇུག །ཅེས་སྨོས་པས་མ་རིག་པ་དང་བྲལ་བའི་བྱང་ཆུབ་པའི་གནས་

སྐབས་སུ་རྣམ་པར་རྟོག་པ་ཐམས་ཅད་ནི་མ་རིག་པ་ཡིན་པའི་ཕྱིར་སྤང་བར་བྱའོ་ཞེས་སྤང་བར་བྱ་བ་ཉིད་དུ་སྔར་བཤད་པ་ཡིན་ནོ། །འདིར་གཟུང་བའི་རྣམ་པར་རྟོག་པ་ཡིན་ལ་འཛིན་པའི་རྣམ་པར་རྟོག་པ་མ་ཡིན་པ་ནི་མུ་བཞི་སྟེ། དེ་ལ་མུ་དང་པོ་ནི་གང་གཟུང་བའི་རྣམ་པའི་ཡུལ་རྟོག་

པའི་རྣམ་པར་ཤེས་པའོ། །གཉིས་པ་ནི་སྐད་ཅིག་མ་གཅིག་པ་འཛིན་པའི་རྣམ་པའོ། །གསུམ་པ་ནི་དེ་ཉིད་ཀྱིས་སྐད་ཅིག་མ་གཞན་ནོ། །བཞི་པ་ནི་རྣམ་པ་དེ་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རིགས་ཉིད་ཡིན་ལ་རིགས་ཀྱི་རྣམ་པར་རྟོག་པར་གྱུར་པ་མ་ཡིན་པར་ཞེས་བྱ་

བ་ཕྱི་མ་སྟོང་པར་བྱེད་པ་ནི་རེ་ཞིག་རིགས་ཀྱི་རྣམ་པར་རྟོག་པ་གང་ཡིན་པས་རིགས་ཀྱང་དེ་ཉིད་ཡིན་པ་ནི་འདི་ལྟ་སྟེ། གཉེན་པོ་ཡང་དག་པར་སྒྲུབ་པའི་དུས་ཀྱི་རིགས་སོ། །རིགས་ཉིད་ཡིན་ལ་རིགས་ཀྱི་རྣམ་པར་རྟོག་པས་གྱུར་པ་མ་ཡིན་པ་ནི། འདི་ལྟ་སྟེ་ཡང་དག་པར་སྒྲུབ་པར་

གྱུར་པའི་རིགས་སོ། །ཡང་དག་པར་སྒྲུབ་པའི་རྣམ་པར་རྟོག་པ་ཡིན་ལ་དམིགས་པའི་རྣམ་པར་རྟོག་པར་གྱུར་པ་མ་ཡིན་པ་ཞེས་བྱ་བ་ནི་སྔ་མ་སྟོན་པར་བྱེད་པ་ནི་རེ་ཞིག་ཡང་དག་པར་སྒྲུབ་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ཉིད་དམིགས་པའི་རྣམ་པར་རྟོག་པ་ཡང་ཡིན་པ་ནི་འདི་ལྟ་སྟེ།

เล่ม ๘๖ · หน้า 227a

ཡང་དག་པར་སྒྲུབ་པར་གྱུར་པའི་ཡང་དག་པའི་དམིགས་པ་ལ་རབ་ཏུ་སྦྱོར་བའོ། །དམིགས་པའི་རྣམ་པར་རྟོག་པ་ཉིད་ཡང་དག་པར་སྒྲུབ་པའི་རྣམ་པར་རྟོག་པ་མ་ཡིན་པར་གྱུར་པ་ནི་འདི་ལྟ་སྟེ་དམིགས་པ་ཡོངས་སུ་མ་རྫོགས་པའོ། །ཕྱོགས་འདིས་ལྷག་མ་རྣམས་

དཔག་པར་བྱའོ། །འབྲས་བུ་འདོད་པའི་སྐྱེ་བོ་ནི་དང་པོར་རྒྱུ་ཚོལ་བར་འགྱུར་བ་ཡིན་པས་བྱང་ཆུབ་ཀྱི་རྒྱུ་མཐོང་བའི་ལམ་གྱི་ལྷན་ཅིག་བྱེད་པའི་རྒྱུ་རྣམ་པ་གསུམ་འཆད་པར་བྱེད་པའི་ཕྱོགས་སྔ་མ་བཀོད་པས་ཚིག་ལེའུར་བྱས་པ་ལ་འཇུག་པ་ནི་དེ་ལྟར་མཐོང་བའི་ལམ་ཞེས་བྱ་བ་

ལ་སོགས་པ་ཡིན་ལ་ཚིག་ལེའུར་བྱས་པའི་དོན་ནི་འཆད་པར་འགྱུར་བའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་བྱང་ཆུབ་ནི་འཚང་རྒྱ་བ་ཉིད་དོ། །གཞན་དག་ལ་ནི་གདུལ་བྱ་རྣམས་ལའོ། །མཐོང་བའི་ལམ་ལ་སོགས་པ་སྟོན་པ་

ཞེས་བྱ་བ་ནི་བདག་ཉིད་ཀྱིས་མཐོང་བ་དང་བསྒོམ་པའི་ལམ་ཐོབ་པས་སོ། །རབ་ཏུ་འགོད་པ་ནི་གདུལ་བྱ་རྣམས་ལ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་སྦྱིན་པ་ནི་རྒྱུ་གཅིག་ཡིན་ནོ། །ཞེས་འོག་མ་དང་སྦྱར་རོ། །བྱང་ཆུབ་ཀྱི་རྒྱུ་མཚན་ཁོ་ནར་ཞེས་བྱ་བ་ནི་བདག་ཉིད་ཀྱི་བྱང་

ཆུབ་ཀྱི་རྒྱུར་རོ། །དེ་དག་ལ་ནི་གདུལ་བྱ་རྣམས་ལའོ། །ཡང་དག་པའི་ཚིག་དང་དོན་ནི་བཅོས་མའི་དོན་གྱིས་སྟོང་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའོ། །སོགས་པའི་སྒྲས་ནི་ལམ་དེ་དང་སྒོ་དེ་དང་མན་ངག་དེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པ་སོ་སོར་

གཏོད་ཅིང་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ཡུལ་རབ་ཏུ་སྦྱིན་པ་ནི་རྒྱུ་གཉིས་པ་ཡིན་ནོ། །བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་བདག་ཉིད་ལ་བར་ཆད་མེད་པའི་ཕྱིར་རྒྱུ་གསུམ་པ་ཡིན་ནོ། །དེ་ནི་རང་ལས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རང་ལས་ཏེ་བདག་ཉིད་ལས་ཆེས་

མང་པོའི་གུས་པ་ལ་སོགས་པའམ་མང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལ་སོགས་པ་སྟེ། ཐོས་པ་དང་བསམ་པ་ལ་སོགས་པ་གང་ཡིན་པ་དེས་བསོད་ནམས་ཏེ། སེམས་ཀྱི་དག་བྱེད་དེ་ཉིད་མཚན་ཉིད་དེ། དེ་ལྟར་ན་རྒྱུ་རྣམ་པ་གསུམ་བསྟན་པ་

เล่ม ๘๖ · หน้า 227b

ཡིན་ནོ། །གང་གི་དོན་དུ་ཞེས་བྱ་བ་ལ་སོགས་པ་ལ་དྲི་མ་སྟེ་ཉོན་མོངས་པ་གང་ཡིན་པ་ཟད་པ་དང་། མི་སྐྱེ་བ་དེ་དག་གི་ཡེ་ཤེས་ནི་རྣམ་པར་མི་རྟོག་པའི་མཚན་ཉིད་ཅན་དུ་གང་གི་ཚེ་གྱུར་པ་དེའི་ཚེ་བྱང་ཆུབ་ཅེས་བརྗོད། །དེ་རྣམ་པར་རྟོག་པ་ཐམས་ཅད་བྲལ་བའི་འཚང་རྒྱ་བ་ཉིད་ནི་སྔར་ཀུན་རྫོབ་

ཡིན་པར་བཤད་དོ། །ཅི་ནང་གི་མུ་སྟེགས་པ་དང་འདྲ་བ་ཡིན་ནམ་ཞེ་ན། ཟག་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམས་བཞིན་དུ་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ཏེ། གང་གི་ཚེ་ཡང་དག་པར་ན་ཉོན་མོངས་པ་ལ་སོགས་པའི་སྐྱེས་པ་མེད་པ་ཉིད་ཀྱིས་ན་ཟད་པ་མེད་དོ། །ཞེས་མཁྱེན་པ་དེའི་

ཚེ་ཉོན་མོངས་པ་ལ་སོགས་པ་ཟད་པའི་ཡེ་ཤེས་ཡིན་ལ། ཡང་གང་གི་ཚེ་ཉོན་མོངས་པ་ལ་སོགས་པ་མི་སྐྱེ་བ་མེད་པ་ཉིད་ཀྱིས་སྐྱེ་བ་མེད་དོ། །ཞེས་མཁྱེན་པ་དེའི་ཚེ་ནི་ཉོན་མོངས་པ་ལ་སོགས་པ་སྐྱེ་བ་མེད་པའི་ཡེ་ཤེས་འདིར་ཤེས་པར་བྱ་བའོ་ཞེས་བྱ་བ་ནི་སྤྱིའི་དོན་ཡིན་ནོ། །ཚིག་

ལེའུར་བྱས་པའི་དོན་ནི་ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །ཤེས་བྱ་ནི་གཟུང་བ་མ་ལུས་པ་སྟེ། དེ་དག་ཉིད་ཡང་དག་པའི་ཡེ་ཤེས་ཀྱི་གེགས་བྱེད་པ་ཡིན་པའི་ཕྱིར་སྒྲིབ་པ་སྟེ། དེ་ཉིད་གློ་བུར་བ་ཡིན་པའི་ཕྱིར་

དང་། མི་ཤེས་པའི་དྲི་མའི་རྒྱུ་ཡིན་པའི་ཕྱིར་དྲི་མ་ཡིན་ནོ། །དེ་ནས་སྐྱེས་པ་དང་མ་སྐྱེས་པ་ཉིད་དུ་བརྟགས་པ་ནི། ནང་གི་མུ་སྟེགས་པ་དག་གིས་ཡང་དག་པར་ན་སྐྱེས་པ་དང་མ་སྐྱེས་པ་ཉིད་དུ་མངོན་པར་འདོད་པའོ། །ཆོས་ཀྱི་དབྱིངས་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ལ་མ་

གཏོགས་པར་ནི་དེ་དང་བྲལ་བ་སྟེ། གང་གི་ཕྱིར་ཆོས་ཏེ། གཟུགས་ལ་སོགས་པ་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་བཤད་པས། ཆོས་ཀྱི་ཁོངས་སུ་འདུས་པ་ཉིད་ཀྱིས་ན། ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་

བདག་ཉིད་ཅན་ཡིན་ལ་ནམ་མཁའ་བཞིན་དུ་ཞེས་བྱ་བ་རྟེན་མེད་པ་ཉིད་ཀྱིས་སོ། །འགག་པ་དང་སྐྱེ་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་པ་སྐྱེས་པ་རྣམས་ཡང་དག་པར་ན་ཟད་པ་མེད་པའི་མཚན་ཉིད་འགོག་པ་མཁྱེན་པའོ། །སྐྱེ་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་

เล่ม ๘๖ · หน้า 228a

ཟག་པ་མེད་པ་ལ་ཟད་པ་མཁྱེན་པའི་བཤད་པ་ཡིན་ནོ། །གཅིག་དང་དུ་མའི་ངོ་བོ་ཉིད་ནི་ཆ་ཤས་ཅན་དང་རྡུལ་ཕྲ་རབ་བསགས་པའི་བདག་ཉིད་དོ། །རྒྱུ་དང་འབྲས་བུ་ནི་གྲགས་པར་ཟད་དོ། །དངོས་པོའི་ཆོས་འདི་དག་རྣམ་པར་འབྱེད་པ་ནི་ཚད་མ་སྟེ་གཅིག་དང་དུ་

མའི་ངོ་བོ་དང་བྲལ་བ་དང་ཡོད་པ་དང་མེད་པ་ལ་སོགས་པའི་རྒྱུ་དང་འབྲས་བུ་མེད་པའོ། །སོགས་པའི་སྒྲས་ཐོག་མ་ལ་སོགས་པའི་ཤེས་པའི་བྱེ་བྲག་དང་ཕྱོགས་གཅིག་ལ་སོགས་པ་ཐམས་ཅད་སྒྲིབ་པ་ལ་སོགས་པར་ཐལ་བ་དང་ལྡན་པ་དང་མི་ལྡན་པ་ཉིད་ལ་སོགས་པའོ། །དེས་འཐད་

པའི་དངོས་པོའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་དེ། མེད་པས་ཞེས་བྱ་བ་ནི་མི་ལྡན་པ་ཉིད་ཀྱིས་ན་མེད་པའི་ཕྱིར་རོ། །ནམ་མཁའི་པདྨ་བཞིན་དུ་འགག་པ་དང་སྐྱེ་བ་མེད་པས་ཞེས་བྱ་བ་ནི་དངོས་པོ་ཉིད་དུ་མེད་པའི་ཕྱིར་ཉོན་མོངས་པ་ལ་སོགས་པ་མ་སྐྱེས་པ་རྣམས་ནི་ཡང་དག་པར་སྐྱེ་བའི་

མཚན་ཉིད་འགོག་པའི་ཡེ་ཤེས་ཀྱིས་སྐྱེ་བ་མེད་པའི་ཕྱིར་སྐྱེ་བ་མེད་པ་མཁྱེན་པ་བཤད་པ་ཡིན་ནོ། །དེ་ནི་དེ་ལྟར་གོ་རིམས་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གོ་རིམས་བཞིན་དུ་སྔར་བཤད་པའི་དྲི་མ་རྣམས་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་

ཅན་ཡིན་པས་སྔ་མ་བཞིན་དུ་ཟད་པ་ཤེས་པ་དང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚད་མས་གང་གི་ཚེ་མིར་སྐྱེ་བ་ཤེས་པ་དེའི་ཚེ་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་དེ་རྣམས་ཕྱིན་ཅི་མ་ལོག་པར་རྟོགས་པ་སྟེ། ཡང་དག་པར་ན་སྐྱེ་བ་མེད་པར་ཤེས་པའོ། །

དེའི་མཚན་ཉིད་ནི་ངོ་བོ་ཆོས་ཀྱི་སྐུ་ལ་སོགས་པའི་བདག་ཉིད་ནི་ཡེ་ཤེས་ལས་སྐུ་གཞན་གྱི་ཡིན་པར་མི་འཐད་དོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཚད་མས་འཐད་པ་ཉིད་ཡིན་པའི་ཕྱིར་རོ། །བྱང་ཆུབ་ཆེན་པོ་ནི་ཁྱབ་པའི་ཡེ་ཤེས་སོ། །ནང་གི་མུ་སྟེགས་པ་རྣམས་ཀྱི་བྱང་ཆུབ་མི་

འཐད་པའི་ཚིག་ལེའུར་བྱས་པ་ལ་འཇུག་པ་ནི། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གི་ཕྱིར་ཐེག་པ་ཆེན་པོའི་ཚུལ་ལ་བྱང་ཆུབ་དེ་ལྟ་བུ་ཡིན་པ་དེའི་ཕྱིར། ནང་གི་མུ་སྟེགས་པ་གང་དག་གིས་དངོས་པོ་འཇིག་པའི་བསམ་པས་དངོས་པོ་ཅན་གྱི་ཉོན་

เล่ม ๘๖ · หน้า 228b

མོངས་པ་ལ་སོགས་པ་སྐྱེས་པ་རྣམས་འགག་པ་ལ་བསམས་ནས་ཟད་ཅིང་འགག་པ་ལ་ཟད་ཅིང་འགགས་སོ་ཞེས་བྱ་བའི་ཤེས་པ་སྟེ་རྣམ་པར་རྟོག་པ་ནི་ཟད་པར་ཤེས་པའོ། །དངོས་པོ་མི་སྐྱེ་བའི་བསམ་པས་དངོས་པོ་ཅན་གྱི་ཉོན་མོངས་པ་ལ་སོགས་པ་སྐྱེ་བ་རྣམས་ལ་སྐྱེ་བ་མེད་པར་བསམས་

ནས་མ་སྐྱེས་པ་ཡིན་ཞིང་སྐྱེ་བའི་གེགས་བྱེད་པའི་འགོག་པ་ལ་མི་སྐྱེ་བ་ལ་མི་སྐྱེའོ་སྙམ་པའི་ཤེས་པ་མ་སྐྱེས་པ་ཉིད་ཀྱིས་ན་ཉོན་མོངས་པ་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བའི་རྣམ་པར་རྟོག་པ་ནི་མི་སྐྱེ་བའི་ཤེས་པ་ཡིན་པར་བརྗོད་ཅིང་རང་གི་ཚུལ་རྣམ་པར་འཇོག་ན། དེ་རྣམས་ཀྱི་ཟད་

པ་དང་མི་སྐྱེ་བ་མེད་པ་ཁོ་ནས་ཤེས་པ་དེ་རུང་བ་མ་ཡིན་ནོ་ཞེས་བྱ་བ་ཡང་དག་པར་ཡོད་པ་མ་ཡིན་པ་ཉིད་ཀྱིས་ན་ཉོན་མོངས་པ་ལ་སོགས་པ་མེད་པར། ཟད་པ་དང་མི་སྐྱེ་བ་དག་མེད་པ་ཁོ་ན་ཡིན་པས་ནང་གི་མུ་སྟེགས་པ་རྣམས་ཀྱི་ཤེས་པ་དེ་རུང་བ་མ་ཡིན་ནོ་ཞེས་དེ་རྣམས་ལ་བར་

སྐབས་ཀྱི་ཚིག་སུ་བཅད་པ་གསུངས་པ་ཡིན་ཏེ། གཅིག་དང་དུ་མ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པའི་མཚན་མས་འཐད་པའི་རང་གི་ལུང་སྟོན་པས་རྟག་པའི་ལུང་ལ་མི་རྟག་པའི་ལུང་ལྟ་བུ་འམ། སྨིག་རྒྱུའི་ཆུ་ལ་ཡང་དག་པའི་ཆུར་ཤེས་པ་དང་འདྲ་བར་དེའི་ལུང་མི་འཐད་

པར། འཕགས་པ་བྱམས་པས་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་གཟིགས་ནས་དེ་རྣམས་ཀྱི་ཐོག་མ་མེད་པའི་སྲིད་པར་དངོས་པོ་དང་དངོས་པོ་མེད་པས་མངོན་པར་ཞེན་པ་བསལ་བར་བྱ་བའི་ཕྱིར་ཐུགས་རྗེས་རིགས་པ་བདག་གིར་མཛད་པ་ཡིན་ཏེ། མཐོང་ཞེས་བྱ་བའི་ལམ་གྱིས་ནི། །

ཞེས་བྱ་བ་ནི་ནང་གི་མུ་སྟེགས་པ་རྣམས་ཀྱིས་བདག་གི་ཉོན་མོངས་པ་ཟད་ཅིང་སླར་ཡང་མི་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ནི་ཉོན་མོངས་པ་ལ་སོགས་པའི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་ཟད་པ་དང་མི་སྐྱེ་བ་མེད་པ་ནི། འགོག་པ་མེད་པ་དེའི་རང་

བཞིན་ཡིན་ཞིང་ལྡོག་ཏུ་མེད་པ་ཡིན་པ་ལ་དངོས་པོ་ལ་མངོན་པར་ཞེན་པས་རང་གི་ངོ་བོ་ཡོངས་སུ་མི་ཤེས་པ་ལས་གྱུར་པ་ཡིན་པར་ཤེས་པར་བྱའོ། །དེ་ལས་ཉེས་པ་ཅིར་འགྱུར་ཞེ་ན། རྣམ་པར་རྟོག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། རྣམ་པར་རྟོག་པའི་རིགས་ནི་རྣམ་པར་རྟོག་

เล่ม ๘๖ · หน้า 229a

པའི་ངོ་བོའོ། །ཅི་ཞིག་ཟད་པ་ནི་འགོག་པའོ། །ཡང་ན་རྣམ་པར་རྟོག་པའི་ངོ་བོ་སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། ཅེས་བྱ་བ་སྟེ། སྐྱེ་བ་མེད་པའི་ཆོས་ཅི་ཞིག་སྐྱེད་དེ་ཅི་ཡང་མ་ཡིན་ཏེ། ཉོན་མོངས་པ་ལོག་ན་དེ་ལས་བྱུང་བའི་རྣམ་པར་རྟོག་པ་ལྡོག་པར་

ཡིན་ན་དེ་ཡང་བཤད་མ་ཐག་པའི་ཚད་མས་འཐད་པའི་དེ་བཞིན་ཉིད་ཀྱི་ངོ་བོས་དྲངས་པའི་ཉོན་མོངས་པ་ལ་སོགས་པའི་ངོ་བོ་དང་ཟད་པ་དང་མི་སྐྱེ་བ་ཤེས་པའི་རང་བཞིན་ནི་དངོས་པོ་ལ་མངོན་པར་ཞེན་པས་རང་གི་ངོ་བོ་མ་ཤེས་པས་ནང་གི་མུ་སྟེགས་པ་རྣམས་ཀྱིས་མི་ཤེས་པ་ཡིན་ལ།

དེ་བས་ན་ཉོན་མོངས་པའི་རང་གི་ངོ་བོ་མི་ཤེས་པས་ཇི་ལྟར་ན་དེ་རྣམས་མཐོང་བའི་ལམ་གྱིས་ཉོན་མོངས་པ་ལ་སོགས་པ་རྣམ་པར་ལྡོག་པར་བྱ་བར་ནུས། དེ་ལྡོག་པས་ཀྱང་དེ་ལས་བྱུང་བའི་རྣམ་པར་རྟོག་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཇི་ལྟར་ལྡོག་སྟེ། རྒྱུ་ཡོད་ན་འབྲས་བུ་ལྡོག་

པ་ནི་གང་ན་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་བསམ་པ་དང་ལྡན་པས། འཕགས་པ་བྱམས་པའི་དགོངས་པ་བཤད་པས་ཚིག་ལེའུར་བྱས་པའི་དོན་ནི་སྐྱེས་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྐྱེས་པ་དང་མ་སྐྱེས་པ་དག་གོ་རིམས་བཞིན་དུ་ཞེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་

པ་སྐྱེས་པ་རྣམས་རྣམ་པར་འཇིག་པ་ནི་ཟད་པ་ཡིན་ལ། ཉོན་མོངས་པ་ལ་སོགས་པ་མ་སྐྱེས་པ་སྐྱེ་བའི་གེགས་བྱེད་པ་སྟེ། ཉེ་བར་ལེན་པའི་རྒྱུ་མེད་པས་མ་སྐྱེས་པ་ཡིན་ལ་འདི་དག་གི་མཚན་ཉིད་ཀྱི་འགོག་པ་གང་ཡིན་པ་དེ་ནི་མཐོང་བའི་ལམ་གྱི་འབྲས་བུ་ཉིད་ཡིན་པ་དེ་རྣམས་

འདོད་ལ། དེ་དང་བྲལ་བ་དེ་ནི་དོན་དམ་པར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དོན་དམ་པ་ནི་ཡང་དག་པ་ཉིད་དེ་རྣམ་པར་དཔྱད་ཅིང་བརྟག་བཟོད་པ་ཉིད་ཀྱིས་ན་དེ་བཞིན་ཉིད་ཀྱི་ངོ་བོ་ནི་རང་བཞིན་ཡིན་ཞིང་ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་རང་བཞིན་ཡིན་ལ། དངོས་པོ་ལ་ལོག་པར་

མངོན་པར་ཞེན་པ་ཁྱེད་ཀྱིས་ཞེས་བྱ་བ་དངོས་པོ་རྣམ་པ་ལ་ལོག་པར་མངོན་པར་ཞེན་པ་ཁྱེད་རྣམས་ཀྱིའོ། །མཐོང་བའི་ལམ་གྱི་སྟོབས་ཀྱིས་ཞེས་བྱ་བ་ནི་སྔར་བཤད་པས་སོ། །རྣམ་པར་རྟོག་པ་ལ་སོགས་པའི་ངོ་བོས་སྐྱེས་པ་ནི་ཅི་ཞིག་ཟད་ཅེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་

เล่ม ๘๖ · หน้า 229b

པའི་རྣམ་པར་རྟོག་པ་ཅི་ཞིག་བག་ཆགས་གང་ལས་འབྱུང་བ་ནི་འགགས། མི་སྐྱེ་བའི་ཆོས་ཅན་མ་སྐྱེས་པ་ནི་ཅི་ཞིག་སྐྱེས་ཏེ། སྐྱེ་བ་མེད་པས་ཅུང་ཟད་ཀྱང་མེད་པ་ཁོ་ན་ཡིན་པས་དེའི་ཕྱིར་མེད་པ་ལ་མངོན་པར་ཞེན་པ་ཁྱེད་ཀྱིས་མཐོང་བའི་ལམ་ནི་ལམ་མ་ཡིན་པ་ཉིད་ཡིན་པའི་

ཕྱིར་རོ། །རྒྱུ་འདིས་ན་ཁོ་བོ་ཅག་གི་གཞུང་ལུགས་ཁོ་ན་ཁས་བླང་པར་བྱའོ་ཞེས་བྱ་བ་ཀུན་ཏུ་འགྲོ་བའི་བདག་མེད་པའི་མཚན་ཉིད་ཅན་ཁོ་ན་བྱང་ཆུབ་ཀྱི་ལམ་ཡིན་པར་རིགས་པ་ཉིད་ཡིན་པའི་ཕྱིར་རྟེན་པར་གྱིས་ཤིག་སྙམ་དུ་དགོངས་པ་ཡིན་ནོ་ཞེས་བྱ་བ། འཕགས་པ་

བྱམས་པའི་དགོངས་པ་ཡིན་ནོ། །དངོས་པོ་རྣམས་ཡང་དག་པར་ཁས་བླངས་ནས་སྔར་བཤད་པ་བཞིན་དུ་བྱང་ཆུབ་མེད་པའི་ཉེས་པ་བསལ་བར་བྱ་བ་ནི་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་མ་ཡིན་ཞེས་བྱ་བ་ནི་ཁོ་བོ་ཅག་གི་གཞུང་བོར་ཏེ། ཆོས་

ཡང་དག་པར་ཡོད་པར་ཁས་ལེན་ན་ཞེས་བྱ་བ་གཟུགས་ལ་སོགས་པ་དོན་དམ་པར་ཡོད་པར་བདག་གིར་བྱེད་ན་བཅོམ་ལྡན་འདས་ཏེ། རྫོགས་པའི་སངས་རྒྱས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་རྣམ་པར་རྟོག་པ་ནི་སྔར་བཤད་པའོ། །དེ་ཉིད་ནི་སྔ་མ་བཞིན་དུ་སྒྲིབ་པ་

ཡིན་ལ་དེ་རྣམས་སྤངས་པས་འགོག་པ་ནི་རྣམ་པ་ཐམས་ཅད་དུ་ངོ་མཚར་གྱི་གནས་ཡིན་པ་ནི་ངོ་མཚར་བྱེད་པ་ཡིན་པ་འདི་ལྟར་མི་སྲིད་དོ་ཞེས་བྱ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པ་ནི་ཆོས་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆོས་རྣམས་ཏེ་གཟུགས་ལ་

སོགས་པ་རྣམས་ཀྱང་ཡོད་ཅེས་བྱ་བ་དང་ཞེས་བྱ་བ་ཡང་དག་པར་ཁས་ལེན་ན་ཤེས་བྱ་ལ་ཡང་ཞེས་བྱ་བ་གཟུང་བ་ལ་ཡང་སྒྲིབ་པ་སྟེ། རྣམ་པར་རྟོག་པ་ལ་སོགས་པ་ཟད་ཅིང་འགོག་པར་སྟོན་པ་གཞན་གྱིས་བརྗོད་པ་གང་ཡིན་པ་དེ་ནི་འདིར་ཕན་ཚུན་འགལ་བ་ཡིན་པའི་ཕྱིར་ཁོ་

བོས་མཚར་དུ་རྩིས་ཏེ། འདི་ནི་མི་སྲིད་དོ་ཞེས་འཕགས་པ་བྱམས་པས་དགོངས་སོ། །ནང་གི་མུ་སྟེགས་པ་རྣམས་ཀྱིས་བྱང་ཆུབ་པའི་ཐབས་མ་ཡིན་པ་ཉིད་དུ་བསྟན་པའི་སྐབས་སུ་ཐམས་ཅད་དུ་འགྲོ་བའི་བདག་མེད་པ་བསྟན་པ་ནི། བྱང་ཆུབ་ཇི་ལྟ་བ་དེ་ལྟ་བུ་ཡིན་པ་བླ་མའི་མན་

เล่ม ๘๖ · หน้า 230a

ངག་མདོར་བསྡུས་ཏེ། བསྟན་པས་འཇུག་པའི་སྒོ་ནས་ཚིག་ལེའུར་བྱས་པ་ལས་མ་སྨོས་པའི་དོན་གྱི་ཤུགས་ཀྱིས་འཕངས་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་ཕྱི་རོལ་ཡོད་པར་ལྟ་བའི་བྱང་ཆུབ་མི་འཐད་

པར་གནས་པ་ནི་རྣལ་འབྱོར་པས་ཐམས་ཅད་དུ་འགྲོ་བའི་བདག་མེད་པའི་སྦྱོར་བ་དང་ལྡན་པས་ཤེས་བྱའི་སྒྲིབ་པ་ཡང་དག་པར་སྤོང་ངོ་ཞེས་བྱ་བ་རྣམ་པར་རྟོག་པའི་དྲ་བ་ཡང་དག་པར་སླར་ཡང་མི་ལྡོག་པ་ཉིད་དུ་སྤོང་ངོ་ཞེས་འོག་མ་དང་སྦྱར་བར་བྱའོ། །ཅིའི་ཕྱིར་ཞེ་ན། ཅིའི་ཕྱིར་ཇི་ལྟ་

བུར་ཞེས་རྟོག་པ་ལ། སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཕྱི་རོལ་པའི་མུ་སྟེགས་པ་ཁ་ཅིག་རྟག་པ་དང་བདག་དང་རྟོགས་པའི་ངོ་བོ་དང་མ་རྟོགས་པའི་ངོ་བོར་སྨྲ་ལ། དེ་རྣམས་ནི་རང་ཉིད་མར་མེའི་མེ་ལྕེ་དང་འདྲ་བར་རྟག་པ་ཉིད་དུ་མི་འཐད་པས་སྐྱེ་བ་དང་འཇིག་པ་དེ་ནི་

ཁས་མི་ལེན་གྱི་ནང་གི་མུ་སྟེགས་པ་ཁ་ཅིག་རྟག་པ་དང་ཆད་པ་ཉིད་ལས་རྣམ་པར་གྲོལ་བ་གསོ་བ་དང་སྐྱེས་བུ་ལ་སོགས་པའི་བདག་ཉིད་དུ་སྨྲ་སྟེ། དེ་རྣམས་ཀྱང་རྟག་པ་དང་མི་རྟག་པའི་ངོ་བོ་དག་གཅིག་པར་མི་སྲིད་ཅིང་དངོས་པོ་མ་ཡིན་པ་ཉིད་ཀྱིས་ན་དེ་སྐྱེ་བ་དང་འཇིག་པ་

ཁས་བླང་བར་མི་བྱ་སྟེ། གང་ཡང་སྐྱེ་བ་དང་འཇིག་པས་སྟོང་པ་ནི། ཀུན་རྫོབ་ཏུ་ཡང་རི་བོང་གི་རྭ་དང་འདྲ་བར་རྟག་པ་དང་བདག་མེད་པ་ཉིད་དུ་ཁས་བླངས་པ་ཉིད་ཀྱིས་གྲུབ་པ་ལ་རྟག་པ་དང་དབང་ཕྱུག་ལ་སོགས་པ་གཞན་དག་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་བསམ་

པ་དང་ལྡན་པས་མངོན་པར་འདུ་བྱེད་པའི་འཇིག་ཚོགས་ལ་ལྟ་བ་ནི་བདག་གི་རྟེན་ཡིན་པས་ཡོད་པར་ལྟ་བ་ལ་རྟེན་པ་ཐམས་ཅད་ཀྱི་རྩེ་མོ་ཉིད་ཡིན་པའི་ཕྱིར་དེས་སེལ་བར་བྱེད་པའི་རྡོ་རྗེའི་སྐྱིལ་མོ་ཀྲུང་ལ་སོགས་པས་བསྒོམ་པ་རྩོམ་པ་ཡིན་ཏེ། དེ་ནི་བདག་ནི་མེད་ཀྱི་ཕུང་

པོ་ཙམ་ཉིད་ཡིན་ནོ་ཞེས་ཕྱི་རོལ་པའི་སངས་རྒྱས་པའི་གྲུབ་པའི་མཐའ་ལས་སྐྱེ་བ་དང་འཇིག་པའི་སྟོང་པའི་ཕྱིར་བདག་མེད་དོ་སྙམ་དུ་བསྒོམ་ཞིང་མངོན་པར་འདུས་བྱས་པའི་བདག་ཏུ་མངོན་པར་ཞེན་པ་ཡོངས་སུ་བོར་ལ། དེས་དབེན་པའི་བདག་གིས་སྟོང་པའི་ཕུང་པོ་ལ་

เล่ม ๘๖ · หน้า 230b

སོགས་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཙམ་མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་ལས་འབྱུང་བ་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་དང་འཇིག་པའི་ཆོས་ཅན་ལ་ཡང་དག་པར་དམིགས་ཏེ། ཞེས་བྱ་བ་ཀུན་རྫོབ་ཏུ་སྐྱེ་བ་དང་འཇིག་པའི་ཆོས་ཅན་

ལ་ཡང་དག་པར་དམིགས་ཏེ་ཞེས་བྱ་བ་ཀུན་རྫོབ་ཏུ་སྐྱེ་བ་དང་འཇིག་པའི་ཆོས་ཀྱང་ཡིན་པར་འཇིག་རྟེན་དུ་གྲགས་པ་ཡིན་པའི་ཕྱིར་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བའི་རྟེན་ལ་དམིགས་ཏེ། དེའི་རྗེས་ལ་དེ་བསལ་བར་བྱ་བའི་དོན་དུ་སྔོན་པོ་དང་དེའི་བློ་དག་ལྷན་ཅིག་དམིགས་པར་ངེས་པའི་

ཕྱིར་ཞེས་བྱ་བ་ཤེས་བྱ་ནང་གི་ཡིན་པའི་གྲུབ་པའི་མཐའ་ལས་སྔོན་པོ་དང་དེའི་བློ་དག་ཅེས་བྱ་བ་སྔོན་པོ་དང་ཅིག་ཤོས་དག་ཀྱང་ཤ་ཟ་ཡིན་སྙམ་པའམ་ཀ་བ་ལ་སོགས་པ་ལྟར་སྔོན་པོ་དང་བློ་དག་ནི་དེ་འཛིན་པར་བྱེད་པ་ཉིད་ཀྱིས་ན་བརྟགས་པ་ཡིན་པས་རྣམ་པ་དང་བཅས་པ་འམ་རྣམ་པ་མེད་

པར་དམིགས་པ་དང་ལྷན་ཅིག་པར་ངེས་པ་ཡིན་པ་ཉིད་ཀྱིས་ན་ཟླ་བ་གཉིས་པ་དང་འདྲ་བར་རྟོགས་པའི་ཕྱིར་འདི་ནི་སེམས་ཙམ་ཁོ་ན་ཡིན་གྱི་ཕྱི་རོལ་གྱི་དོན་ནི་མེད་དོ་ཞེས་བྱ་བ་ནི་ཡང་ཡུལ་ལ་སོགས་པ་ངེས་པར་གྲུབ་སྟེ། མི་འདྲའོ་ཞེས་བྱ་བའི་གྲུབ་པའི་མཐས་དེའི་སྒྲུབ་པའི་ཡུལ་ལ་སོགས་

པའི་ངེས་པ་ནི་མེད་དུ་ཟིན་ཀྱང་རྨི་ལམ་དུ་སྲིད་པས་མ་ངེས་པ་ཉིད་ཀྱིས་ན་སྒྲུབ་པ་མ་ཡིན་པ་ཉིད་དུ་སེམས་ཤིང་ཤ་ཟ་འམ་ཀ་བ་ལ་སོགས་པ་གཞན་དག་ཡོད་པ་མ་ཡིན་ཏེ། ཕྱིའི་དོན་ནི་བེམས་པོ་ཡིན་ཏེ་སྣང་བར་མི་རུང་བས་དེ་མེད་དོ་ཞེས་ཡིད་ལ་བྱེད་ཅིང་དམིགས་པ་ན་འཛིན་པའི་

རྣམ་པ་ཅན་གྱི་སེམས་ལ་མངོན་པར་ཞེན་པ་ཡོངས་སུ་མ་བོར་བས་ཞེས་བྱ་བའི་ཕྱི་རོལ་མེད་པ་ན། དེ་འཛིན་པར་བྱེད་པ་དེ་ཉིད་དུ་མི་འཐད་པ་ཡིན་ན་ཡང་སྐྱེ་བ་ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་བརྒྱུད་པའི་གོམས་པ་དང་དེའི་བག་ཆགས་ཡོད་པས་རང་གི་སེམས་གཉིས་སུ་མེད་པའི་

རྣམ་པ་ལ་འཛིན་པའི་རྣམ་པ་ཉིད་མངོན་པར་ཞེན་པ་ཡིན་ནོ། །ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་སྤངས་ཏེ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཕྱིའི་ཡུལ་དུ་དམིགས་པ་མི་འཐད་པས་དེ་ལ་ཆགས་པ་རྣམ་པར་བསལ་ཏེ། རྒྱུ་དང་འབྲས་བུ་ཉིད་ཀྱིས་གཟུང་བ་དང་འཛིན་པ་དག་ཕན་ཚུན་ལྟོས་པ་ཉིད་ཀྱིས་

เล่ม ๘๖ · หน้า 231a

ཡོད་པར་རིགས་ལ། དེའི་འོག་ཏུ་དེ་ཡང་རྣམ་པ་མེད་པའི་ཤེས་པ་ནི་ཡུལ་ལ་འཛིན་པར་མི་རིགས་སོ། །རྣམ་པ་ཚད་མ་མེད་ཕྱིར་དང་། །མི་རིགས་ཕྱིར་ན་ཅིག་ཤོས་མིན། །ཞེས་བྱ་བས་བསལ་བས་གཟུང་བ་མེད་ན་འཛིན་པ་མེད་དོ་ཞེས་ངེས་པར་བསམ་མོ། །དེའི་འོག་ཏུ།

འདི་དག་རྣམ་རིག་ཙམ་ཉིད་ཅེས། །དེ་སྙོམ་དུ་ནི་བསམས་ནས་སུ། །ཅི་ཡང་རུང་སྟེ་མདུན་འཇོག་ན། །དེ་ཉིད་ཙམ་ལ་མི་གནས་སོ། །ཞེས་སྨོས་པས་གཟུང་བའི་རྣམ་པའི་མཚན་ཉིད་ཀྱང་སེམས་ཙམ་ཉིད་ཡིན་པས་མདུན་དུ་རྣམ་པ་བརྟག་པ་ཡང་སེམས་ཙམ་ཉིད་ཀྱིས་རིགས་པ་མ་ཡིན་

པས་དེ་ཡང་འཛིན་པའི་རྣམ་པའི་མཚན་ཉིད་ཀྱི་རྣམ་པར་རིག་པ་ཙམ་དེ་ཡང་རྣམ་པར་བསལ་ཞིང་དོར་ཏེ། བློ་ལས་ཉམས་མྱོང་གཞན་མེད་ཅིང་། །དེ་ཉམས་མྱོང་བ་གཞན་མེད་དེ། །གཟུང་དང་འཛིན་པ་དང་བྲལ་བས། །དེ་ནི་རང་ཉིད་སྣང་བ་ཡིན། །ཞེས་བཤད་པས་གཉིས་

སུ་མེད་པའི་ཡེ་ཤེས་འབའ་ཞིག་སྟེ། གཟུང་བ་ལ་སོགས་པ་སྟོང་པ་ངེས་པར་འབྱེད་པའི་ཆའི་རྣམ་པར་ཤེས་པ་ཙམ་འབའ་ཞིག་བདག་ལ་སོགས་པའི་འཛིན་པ་དང་བྲལ་བ་འམ། ཡང་དག་པའི་རིག་པའི་བྱ་བས་སྟོང་པ་ཡང་དག་པ་སྟེ། དེ་ཁོ་ན་ཉིད་དུ་ན་ཡོད་པའི་ངོ་བོ་སྟེ་གཉིས་

སུ་མེད་པའི་ངོ་བོ་ཉིད་ཀྱིས་རང་རིག་པར་འགྱུར་བ་ཉིད་ཀྱིས་ཡོད་ཅིང་གནས་པ་ཡིན་ནོ་སྙམ་དུ་དེ་ལྟར་ངེས་པར་བྱས་ནས་དེའི་འོག་ཏུ། དེ་དང་དེ་རྟེན་གང་བྱུང་བ། །རང་གི་ངོ་བོར་དེ་མ་སྐྱེས། །རང་གི་ངོ་བོར་གང་མ་སྐྱེས། །དེ་ལ་སྐྱེས་ཞེས་ཅི་ཞིག་བརྗོད། །ཅེས་བྱ་བའི་གྲུབ་

པའི་མཐས་དེ་ཡང་སྟེ། རྣམ་པར་ཤེས་པ་ཙམ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་ཞེས་བྱ་བ་སྔ་མ་བཞིན་དུ་སེམས་དང་སེམས་ལས་བྱུང་བའི་ཚོགས་པའི་དབང་ལས་སྐྱེས་པ་ཡིན་པའི་ཕྱིར་སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་པ་སྟེ། རང་རིག་པ་ཉིད་ཡིན་པ་ཉིད་ཀྱིས་ན་བསྙོན་

པར་མི་ནུས་པ་ཡིན་ན་ཡང་རྒྱུ་དང་འབྲས་བུའི་ངོ་བོར་མི་འཐད་པས་རང་ཉིད་ཀྱིས་སྟོང་པ་ཡིན་ཞིང་ཡང་དག་པར་ཏེ། དེ་བཞིན་ཉིད་ངོ་བོ་ཉིད་ཀྱིས་ན་གཅིག་ཏུ་སྟེ། ཤིན་ཏུ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་བརྟགས་པའི་ངོ་བོ་དང་བྲལ་བ་ཞེས་བྱ་བ་དངོས་པོ་དང་དངོས་པོ་མེད་པ་

เล่ม ๘๖ · หน้า 231b

དང་གཉི་ག་དང་གཉི་ག་མ་ཡིན་པའི་རྣམ་པར་རྟོག་པའི་ངོ་བོ་མེད་ཅིང་སྤངས་པ་ཡིན་ནོ་སྙོམ་དུ་བསྒོམས་ཏེ། གང་ཕྱིར་ཡང་དག་ཡང་དག་མིན། །ཤིན་དུ་བསྒོམ་པ་གང་གང་ཡིན། །བསྒོམ་པའི་སྟོབས་ནི་རྫོགས་པས་ན། །དེ་གསལ་མི་རྟོག་བློའི་འབྲས་བུ། །ཞེས་སྨོས་པས།

བསྒོམ་པའི་སྟོབས་གྲུབ་ནས་ཞེས་བྱ་བ་བསྒོམ་པའི་རབ་ཀྱི་མཐར་ཕྱིན་པའི་གནས་སྐབས་སུ། ཁ་ཅིག་ལ་ནོར་བུ་དང་དངུལ་ལ་སོགས་པའི་ཤེས་པ་བཞིན་དུ་ཞེས་བྱ་བ་ཇི་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱི་ནོར་བུ་དང་དངུལ་དང་མེ་ལོང་ལ་སོགས་པ་ལ་གཟུགས་བརྙན་གྱི་ཤེས་པ་

གཅིག་དང་དུ་མ་ལ་སོགས་པ་ཉིད་ཀྱིས་སྟོང་པ་གསལ་བར་སྣང་བ་དེ་བཞིན་དུ་འཁྲུལ་པའི་མཚན་མ་མཐའ་དག་སྤངས་པ་ཞེས་བྱ་བ་གཟུང་བ་ལ་སོགས་པ་མ་ལུས་པ་དང་བྲལ་བའོ། །སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་ཞེས་བྱ་བ་རྒྱུ་དང་འབྲས་བུའི་དངོས་པོར་

མི་འཐད་པས་སོ། །རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་རྣམ་པར་རྟོག་པས་སྟོང་པ་ཉིད་ཀྱིས་ན་མ་རིག་པ་དང་བྲལ་བའོ། །སོ་སོར་རང་གིས་རིག་པར་བྱ་བ་ནི་མི་སླུ་བར་སོ་སོ་རང་གིས་རིག་པའོ། ཅི་ཞིག་ལྟར་འགའ་ཞིག་གིས་ཀྱང་སྟེ། ཡང་

དག་པར་སྐྱེས་ན་སྤོང་ངོ་ཞེས་འོག་མ་དང་སྦྱར་རོ། །ད་ནི་ལྡོག་པའི་སྒོ་ནས་ཚིག་ལེའུར་བྱས་པ་ལས་མ་སྨོས་པའི་དོན་གྱིས་འཕགས་པ་ནི་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་ངོ་བོ་ཉིད་སྟོང་པས་ཉོན་མོངས་པ་ལ་སོགས་པ་ལྡོག་པར་ཁས་

མི་ལེན་པར་གཞན་དག་གིས་གཉེན་པོའི་ལམ་བསྒོམས་པས་ཆོས་དེ་རྣམ་པ་ཅུང་ཟད་ཀྱང་མི་བྱེད་དེ་ཉོན་མོངས་པ་ལ་སོགས་པ་སྤང་བའི་ཁྱད་པར་ཅི་ཡང་སྐྱེ་བར་མི་འགྱུར་རོ། །ཇི་ལྟ་བུ་ཞེ་ན་ནམ་མཁའ་བཞིན་དུ་སྟེ། ཇི་ལྟར་ནམ་མཁའ་ལ་རྫས་མེད་པ་ཙམ་གྱིས་ངོ་བོ་ལ་ཁྱད་པར་

གང་གིས་ཀྱང་འཕེལ་བ་དང་འབྲི་བའི་བདག་ཉིད་ཅན་གྱི་ཁྱད་པར་བྱ་བར་མི་ནུས་ཏེ། རྟག་པ་ཉིད་ཀྱིས་དོན་དམ་པར་ངོ་བོ་ཉིད་དེ་ལྟ་བུར་ཡོད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཕྱི་དང་ནང་གི་མུ་སྟེགས་པ་ལ་གྲགས་པའི་དཔེ་ཡིན་པ་དེ་སྨྲས་པ་ནི། དེ་ལ་ནམ་མཁའ་བསྒྲིབས་པ་མེད་པ་

เล่ม ๘๖ · หน้า 232a

ཞེས་བྱ་བ་ནང་གི་མུ་སྟེགས་པའི་གྲུབ་པའི་མཐའ་ལས་དུས་ཐམས་ཅད་དུ་སྟེ། རྣམ་པ་ཐམས་ཅད་དུ་ནམ་མཁའི་ཞེས་བྱ་བ་ནི་རི་བོང་གི་རྭ་དང་འདྲ་བར་གསོག་ཡིན་པ་ཉིད་ལ་དེ་རྣམས་ཀྱི་འཐད་པ་དང་རྫས་སུ་བཏགས་པ་ཡིན་ཏེ། དེ་ནི་རྫས་མེད་པ་ཙམ་གྱི་ངོ་བོ་འཛིན་

པ་བཞིན་དུ་ཞེས་སྨོས་པ་ཡིན་ནོ། །ཕྱི་རོལ་གྱི་མུ་སྟེགས་ཀྱི་ཕྱོགས་ནི་རྫས་དང་ཡོན་ཏན་ལ་སོགས་པ་མེད་པ་ཙམ་གྱི་ངོ་བོ་ཡིན་ལ་ནང་གི་མུ་སྟེགས་པའི་ཕྱོགས་ལྟར་ན་ཡང་གཟུགས་ལ་སོགས་པ་སྤྱི་དང་ཁྱད་པར་མེད་པ་ཙམ་གྱི་ངོ་བོ་ཁྱད་པར་མེད་པ་ནམ་མཁའ་ཇི་ལྟར་འཛིན་པ་དེ་བཞིན་དུ་སྐྱེད་དུ་མེད་

པ་སྟེ། གཞལ་དུ་མེད་པ་དང་། སྤང་དུ་མེད་པ་དང་བསལ་དུ་མེད་པར་རང་གི་ངོ་བོ་སྟེ། རང་བཞིན་གང་ཡིན་པ་དེ་འཛིན་ཅིང་བདག་ཉིད་ཀྱི་ངོ་བོར་བདག་གིར་བྱེད་པས་ཆོས་རྣམས་ཀྱི་འཛིན་པ་ཉིད་དེ། ཡང་དག་པ་ཉིད་མེད་པའི་ཕྱིར་གཟུང་བ་དང་འཛིན་པའི་སྐད་ཅིག་མ་སྐྱེ་བ་ཙམ་དུ་གནས་

པ་ཡིན་ལ། དེ་ནི་ཤེས་པ་ཙམ་གྱི་ངོ་བོར་ཞེས་སྨོས་པ་ཡིན་ཏེ། འཛིན་པའི་ཤེས་པའི་བདག་ཉིད་ལ་སོགས་པའི་ངོ་བོས་སྟོང་པ་རྣམས་དང་ཤེས་བྱའི་མཚན་ཉིད་རྣམས་ཏེ། དེའི་རྒྱུ་གཟུགས་ལ་སོགས་པ་གཟུང་བའི་བདག་ཉིད་རྣམས་གལ་ཏེ་དོན་དམ་པར་བཅོས་མ་མ་ཡིན་པའི་

དོན་གྱིས་ཡོད་པ་ཉིད་དུ་གྱུར་ན་དེའི་ཚེ་ཅུང་ཟད་ཀྱང་མི་བྱེད་དོ་ཞེས་བྱ་བར་སྦྱར་ཏེ། ད་ལྟར་གྱི་གཟུགས་ལ་སོགས་པ་ཉོན་མོངས་པ་ཅན་གྱི་ཕུང་པོའི་མཚན་ཉིད་ལ་གཉེན་པོ་ལམ་གྱི་མཚན་ཉིད་འདས་པ་དང་མ་འོངས་པ་མེད་པས་དེ་སྐྱེ་བའི་སྐད་ཅིག་མ་ཡང་ད་ལྟར་གྱི་སྐད་ཅིག་མ་ནི་མེད་པ་

ཉིད་ཡིན་པའི་ཕྱིར་ཅུང་ཟད་ཀྱང་མི་བྱེད་དོ་ཞེས་བྱ་བ་ནམ་མཁའ་རྟག་པ་དང་འདྲ་བར་ཆོས་རྣམས་སྐད་ཅིག་མ་ཉིད་ཡིན་ན་ཡང་། ཕུལ་དུ་བྱུང་བའི་བྱེད་པ་མེད་པ་ན་ཁྱད་པར་ཅི་ཞིག་ཡོད་དེ། ཅི་ཡང་མེད་པས་ཁྱེད་ཅག་གི་ཕྱོགས་ལྟར་བསྒོམ་པ་ནི་འབྲས་བུ་མེད་པ་དང་། ཆོས་ཀྱི་རང་

གི་ངོ་བོ་མ་ཤེས་པར་གྱུར་པ་གང་གིས་བཟློག་ཅེས་བྱ་བར་དགོངས་སོ། །དེ་ཡང་། ཇི་ལྟར་རི་མོ་མཁན་གྱིས་ནི། །གནོད་སྦྱིན་འཇིགས་སུ་རུང་བའི་གཟུགས། །བྲིས་ནས་བདག་ཉིད་སྐྲག་པ་ལྟར། །འཁོར་བར་མི་མཁས་དེ་བཞིན་ནོ། །ཞེས་གང་བཤད་པ་ཡིན་ནོ་ཞེས་བྱ་བའི་ལན་གྱི་

เล่ม ๘๖ · หน้า 232b

ཟུར་གྱིས་ཡང་། ཚིག་ལེའུར་བྱས་པ་ལས་སྨོས་པའི་དོན་ནི་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་དངོས་པོ་སྟེ། གཟུགས་ལ་སོགས་པ་དེ་ལ་མངོན་པར་ཞེན་པ་སྟེ། ཡང་དག་པའི་བློར་གྱུར་པ་དེ་ཉིད་ཕྱིན་ཅི་ལོག་ཡིན་ཞིང་མི་འཐད་

པ་ཉིད་ཀྱིས་ན་དེ་མི་ལྡོག་པས། བཅོམ་ལྡན་འདས་ཀྱི་གནས་སྐབས་སུ་ཡང་གནས་པ་ཡིན་ལ་དེས་ན་གང་བཅོམ་ལྡན་འདས་ཏེ་རྫོགས་པའི་སངས་རྒྱས་ཀྱི་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དུ་སྤངས་ཤིང་གཟུང་བ་ལ་སོགས་པ་འགོག་པ་དང་། ཆོས་

རྣམས་ཏེ་གཟུགས་ལ་སོགས་པ་རྣམས་ཀྱང་ཡོད་པར་ཁས་ལེན་ཅིང་དོན་དམ་པར་ཡོད་པར་འདོད་པ་གང་ཡིན་པ་དེ་ནི་ཕན་ཚུན་འགལ་བའི་དོན་ཁས་ལེན་པ་ནི། ཁོ་བོས་ཏིང་ངེ་འཛིན་མངོན་སུམ་དུ་བྱས་པས་ཡ་མཚན་དུ་རྩིས་ཏེ། ལོག་པའི་དངོས་པོ་ལ་མངོན་པར་ཞེན་པ་ཡང་

གལ་ཏེ་ཉོན་མོངས་པ་ལྡོག་པར་གྱུར་ན་དེའི་ཚེ་སོ་སོའི་སྐྱེ་བོ་རྣམས་དང་ཅིའི་ཕྱིར་མ་གྱུར་ཅེས། འཕགས་པ་བྱམས་པས་དགོངས་སོ། །རྒྱུ་མཆོག་ཉིད་ལས་འབྲས་བུ་མཆོག་ཏུ་འགྱུར་གྱི། ཀོ་ཏྲ་པའི་ས་བོན་ལས་སཱ་ལུའི་མྱུ་གུ་དང་འདྲ་བར་གཞན་ལས་མ་ཡིན་ནོ་ཞེས་ཐམས་

ཅད་ཀྱིས་ཁས་བླང་བར་བྱ་བ་ཡིན་པས་ཉོན་མོངས་པ་སྤངས་པའི་འབྲས་བུ་མཆོག་ཏུ་གྱུར་པ་འདི་ནི་མཆོག་མ་ཡིན་པའི་དངོས་པོ་ལ་ལྟ་བས་དྲི་མ་ཅན་དུ་བྱས་པའི་མཐོང་བའི་ལམ་ལས་རུང་བ་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །དབུ་མའི་རྒྱན་ལས། རྣམ་པར་དག་པའི་རྒྱུ་

ལས་ནི། །འབྲས་བུ་རྣམ་པར་དག་པ་འབྱུང་། །ཡང་དག་ལྟས་བྱུང་ཚུལ་ཁྲིམས་ཀྱི། །ཡན་ལག་ལ་སོགས་རྣམ་དག་བཞིན། །ཞེས་བྱ་བ་དང་། རྣམ་འགྲེལ་ལས། །ལན་འགའ་ཐབས་ནི་རྣམ་པ་ཞིག །དུས་ཀྱང་མང་དུ་འདི་ཡིས་ནི། །བསླབས་པས་དེ་ལ་ཡོན་ཏན་

དང་། །ཉེས་པ་བསལ་བར་གྱུར་པ་ཡིན། །ཞེས་གང་བཤད་པ་ཡིན་ནོ། །དེ་ལྟར་ཡོད་པའི་ཕྱོགས་བསལ་བས་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པའི་གྲུབ་པའི་མཐའ་མི་བདེན་པའི་གྲུབ་པའི་མཐའ་ཉིད་དུ་བསྟན་ནས། ངོ་བོ་ཉིད་མེད་པའི་ཕྱོགས་ཐམས་ཅད་དུ་འགྲོ་བའི་

เล่ม ๘๖ · หน้า 233a

བདག་མེད་པའི་གྲུབ་པའི་མཐའ་བརྟན་པོར་མཛད་ཅིང་ངེས་པར་བྱས་ནས། ཐར་པ་འདོད་པ་རྣམས་ཀྱིས་འདི་ཁོ་ན་ཁས་བླང་བར་བྱའོ་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་འདོད་པ་རྣམས་ཀྱིས་དངོས་པོ་ཐམས་ཅད་བདག་མེད་པའི་ཕྱོགས་འདི་ཁོ་ན་རིགས་པ་དང་

ལྡན་པ་ཉིད་ཡིན་པའི་ཕྱིར་ཁས་བླང་བར་བྱའོ་ཞེས་གནས་པའི་ཕྱོགས་ཏེ། ངེས་པ་གྲུབ་པའི་མཐའ་བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་པ་ནི། འདི་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་བྱ་བ་གང་གི་ཕྱིར་གྲོལ་བ་མི་འཐད་པའི་རྒྱུ་

དེས་ན་ནང་གི་མུ་སྟེགས་པ་རྣམས་ཀྱིས་དོན་དམ་པར་ཡོད་པ་ལ་སོགས་པར་སྒྲོ་བཏགས་པའི་དེ་ཁོ་ན་ཉིད་ཀྱི་ལྟ་བ་གང་ཡིན་པ་དེ་བསལ་བར་བྱ་བ་དང་། བསྣན་པར་བྱ་བ་ཅུང་ཟད་མེད་ཅེས་བྱ་བས་ནི་ཕྱི་རོལ་པའི་མུ་སྟེགས་པ་རྣམས་ཀྱིས་བདག་ལ་སོགས་པ་སྒྲོ་བཏགས་པ་གང་ཡིན་པ་

དེས་བསྟན་པར་མི་བྱ་སྟེ། ཀུན་རྫོབ་དང་དོན་དམ་པའི་ལྟ་བའི་ཚུལ་ལ་སོགས་པ་ལ་ཞེས་བྱ་བ་ནི་ལྷག་མའོ། །མེད་པར་ལྟ་བ་བསལ་བ་ནི་ཡང་དག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡང་དག་པ་ཉིད་དུ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱིས་ཡང་དག་པ་སྟེ།

ཇི་ལྟ་བ་བཞིན་དུ་གྲགས་པའི་གཟུགས་ལ་སོགས་པ་བལྟ་བར་བྱ་ཞིང་ཤེས་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱ་བ་ཡིན་ཏེ། རང་གི་ངོ་བོ་ཉིད་སྒོམ་པར་བྱེད་པ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པར་སྤངས་པས་སངས་རྒྱས་སུ་འགྱུར་

རོ། །ཚིག་ལེའུར་བྱས་པ་འདི་ཉིད་ཀྱི་དོན་ནི། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གི་ཕྱིར་བཤད་མ་ཐག་པའི་དངོས་པོ་ལ་མངོན་པར་ཞེན་པ་ལས་གྲོལ་བར་མི་འཐད་ཅིང་བྱང་ཆུབ་པ་མི་རུང་བ་རྒྱུ་དེའི་ཕྱིར་སྐུར་པ་འདེབས་པ་སྟེ། བདག་མེད་པ་ལ་གནོད་པ་བྱེད་པའི་

དོན་དམ་པར་ཡོད་པ་ལ་སོགས་པ་སྒྲོ་འདོགས་པའི་ངོ་བོ་སྟེ། ངོ་བོ་ཉིད་ཡོད་པར་དོགས་པ་བསལ་ན་གཅིག་དང་དུ་མའི་རང་བཞིན་ལ་སོགས་པའི་ཚད་མས་དེ་ཁོ་ན་ཉིད་མཐོང་བས་བསལ་ཅིང་ཆོས་གང་ལ་ཡང་བདག་ལ་སོགས་པས་གནོད་པ་ཀུན་རྫོབ་དང་དོན་དམ་པར་མ་

เล่ม ๘๖ · หน้า 233b

བྱས་པར་འདི་ཉིད་ཤེས་པར་གྱུར་པ་ན་མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་ལས་ཀུན་ཏུ་འབྱུང་བ་ཡིན་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ལ་སོགས་པ་སྟེ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཞིང་ཀུན་རྫོབ་ཏུ་ཡང་དག་པའི་ངོ་བོ་ཉིད་དེ་ཐ་སྙད་དུ་

དབེན་པ་རང་བཞིན་མེད་པ་སྟེ། སྒྱུ་མ་དང་མཚུངས་པའི་ངོ་བོར་བརྟག་པར་བྱ་ཞིང་བསྒོམ་པར་བྱའོ། །འདིས་ཅིར་འགྱུར་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྒྱུ་མའི་གླང་པོས་སྒྱུ་མའི་གླང་པོ་གཞན་ཞིག་ཕམ་པར་བྱས་པ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་བརྫུན་གྱིས་

གླང་པོ་དང་འཐབ་པ་ནི་ཟིལ་གྱིས་མནན་པ་དེ་བཞིན་དུ་ཕྱིན་ཅི་ལོག་པས་ཞེས་བརྫུན་གྱི་ལམ་གྱིས་བརྫུན་གྱི་བདག་ཏུ་ལྟ་བ་ལས་སྐྱེས་པའི་ཉོན་མོངས་པ་ལས་སྐྱེས་པའི་ཕྱིན་ཅི་ལོག་སྤོང་བའི་རྒྱུས་ན་དེ་ཁོ་ན་ཉིད་མཐོང་བ་ན་སྟེ། ཐམས་ཅད་དུ་འགྲོ་བའི་བདག་མེད་པ་མཐོང་ཞིང་

མོས་པ་ནི་རྣམ་པར་གྲོལ་བར་འགྱུར་ཏེ། ཡང་དག་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །བདག་ཅག་གི་ཕྱོགས་ལྟར་ན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ལ་དེ་བས་ན་ཉོན་མོངས་པ་ལ་སོགས་པའི་སྒྱུ་མ་ལམ་གྱི་སྒྱུ་མས་ལྡོག་པ་ཡིན་པས་དངོས་པོ་དེ་ཁོ་ན་ཉིད་ལ་རེ་བར་མི་མཐུན་

པའི་ཕྱོགས་དང་གཉེན་པོར་གྱུར་པ་མེད་དོ། །དེའི་ཕྱིར་ཁོ་བོ་ཅག་ལ་སྔར་སྨྲས་པའི་ཐར་པ་མི་འཐད་པའི་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །མྱ་ངན་འདས་མིན་མྱ་ངན་འདས། །འཇིག་རྟེན་མགོན་གྱིས་བསྟན་པ་ནི། །ནམ་མཁས་བྱས་པའི་མདུད་པ་འདི། །

ནམ་མཁའ་ཉིད་ཀྱིས་བཀྲོལ་བ་ཡིན། ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཕན་ཚུན་ཏེ། གཅིག་ལ་གཅིག་བསྡུས་པ་གང་ཡིན་པ་སྟེ། སྔ་མ་བཞིན་དུ་ཁོངས་སུ་གཏོགས་པའི་སྦྱིན་པ་ལ་

སོགས་པ་དེ་རེ་རེ་ལ་ཞེས་བྱ་བ་སོ་སོ་རེ་རེ་ཞིང་སྐད་ཅིག་མ་གཅིག་པ་སྟེ། སྐད་ཅིག་མ་གཅིག་ཏུ་བྱུང་བའི་བཟོད་པ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་གང་ཡིན་པ་དེས་བསྡུས་ཤིང་དེ་དང་འབྲེལ་བའི་སེམས་ཀྱི་ཁྱད་པར་གང་ཡིན་པ་དེ་ནི་རྩེ་མོའི་མངོན་པར་རྟོགས་པ་

เล่ม ๘๖ · หน้า 234a

འདིར་མཐོང་བའི་ལམ་ཡིན་ཏེ། ཉོན་མོངས་པ་ལ་སོགས་པ་བག་ཆགས་དང་བཅས་པ་སྤོང་བར་མཐོང་བའི་ཐབས་སུ་རྣམ་པར་གཞག་གོ་ཞེས་བྱ་བ་ནི་ལྷག་མའོ། །སྦྱིན་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་འགྲེལ་པ་ཡིན་ཏེ། ལན་

ཅིག་རྣམ་པར་རྟོག་པ་དུ་མ་འབྱུང་བ་ནི་འགལ་བ་ཉིད་ཡིན་གྱི་ཡུལ་དུ་མ་ལ་རྣམ་པར་རྟོག་པ་གཅིག་འབྱུང་བ་ནི་དེ་ལྟ་མ་ཡིན་ཏེ། ཤིན་ཏུ་མང་བས་མ་བསླབས་པས་དེ་ལྟར་སྲིད་པའི་ཕྱིར་ཡང་དག་པར་རྣམ་པ་སུམ་ཅུ་རྩ་དྲུག་ཉིད་ཡིན་ན་ཡང་སྦྱིན་པ་ལ་སོགས་པ་ཚོགས་པའི་ཡུལ་གྱི་

སྐད་ཅིག་མ་གཅིག་ལ་བཟོད་པ་གཅིག་ནི། སེམས་གཅིག་གི་བདག་ཉིད་ཅན་གྱིས་མཐོང་བའི་ལམ་ཡང་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུ་ཡིན་པ་ལ་འགལ་བ་མེད་དོ་ཞེས་བྱ་བར་དགོངས་སོ། །ད་ནི་མཐོང་བའི་ལམ་སྐྱེས་པར་མ་གཏོགས་པའི་དགོངས་པ་

བརྗོད་ནས་སྤོང་བའི་འབྲས་བུ་ཉིད་ཀྱིས་མཐོང་བའི་ལམ་ལས་བསྒོམ་པའི་ལམ་ཐ་དད་པ་ཉིད་ཡིན་ན་ཡང་བཤད་མ་ཐག་པའི་སྤང་བ་ལ་དབང་དུ་བྱས་པའི་བསྒོམ་པའི་ལམ་བརྗོད་པར་རིགས་པ་ཡིན་ནོ་ཡང་གང་གིས་དེ་དོན་དང་བཅས་པས་རེ་ཞིག་དེ་བསྟན་པས་ནི་དེ་སྐྱེས་པ་ན་ཞེས་བྱ་བ་

ལ་སོགས་པ་སྨོས་པ་ཡིན་ཏེ། མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་། སྐྱེད་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་སྟེ། སྲིད་པའི་ཡན་ལག་བཅུ་གཉིས་ནི། རྟེན་ཅིང་

འབྲེལ་པར་འབྱུང་བ་ཞེས་བྱ་བ་ཉིད་གོ་རིམས་ཀྱིས་བདག་མེད་པ་བསྒོམ་པ་ནི་ལུགས་སུ་འབྱུང་བར་བསྒོམ་པའོ། །དེ་བཞིན་དུ་ཐ་མ་ནས་བརྩམས་ཏེ། གོ་བཟློག་ནས་བསྒོམ་པ་ནི་ལུགས་དང་མི་མཐུན་པ་བསྒོམ་པ་ཡིན་པར་ཤེས་པར་བྱའོ། །དེ་ཡང་མཐོང་བ་ཞེས་བྱ་བ་ལ་སོགས་

པས་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་བྱེད་པའི་རྣམ་པར་འགྲེལ་པ་ནི་བསལ་ཏེ། ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་མི་གནོན་པ་ཉིད་ཀྱིས་ན། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་པར་ཤེས་པར་བྱའོ། །མ་རིག་པ་ལ་སོགས་

เล่ม ๘๖ · หน้า 234b

པའི་གོ་རིམས་ནི་དོན་གྱི་དབང་ལས་ཤེས་པར་བྱ་སྟེ། ཆོས་མངོན་པ་ལས། མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་

འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པའི་ཆགས་ཅན་གྱི། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའི། །དེ་ཡི་འབྲས་བུ་འབྱུང་འགྱུར་

བའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤི་ཡིན། །ཞེས་གང་བཤད་པ་ཡིན་ནོ། །བསྒོམ་པའི་ལམ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་སྤོང་བ་ནི་ཉོན་མོངས་པ་ལ་སོགས་པའི་ཤིན་

ཏུ་འགོག་པའོ། །སོགས་པའི་སྒྲས་ནི་མ་སྐྱེས་པའི་ཉོན་མོངས་པ་ལ་སོགས་པ་ཤིན་ཏུ་མི་སྐྱེད་པའོ། །རྟེན་སྒྲུབ་པ་མངོན་དུ་འགྲོ་བ་ཞེས་བྱ་བ་ནི་གཞི་མེད་པ་ལ་སྤོང་བ་ལ་སོགས་པ་མི་འཐད་པས་དེ་ལ་བརྟེན་པའི་ཤེས་པ་སྔོན་དུ་འགྲོ་བ་ཡིན་ནོ། །གོ་སླ་བ་ནི་རྟོགས་སླ་བའོ། །ཞེས་བྱ་

བའི་རྒྱུས་རྟེན་ཏེ་སྤོང་བ་ལ་སོགས་པའི་གཞི། བསྒོམ་པའི་ལམ་ནི་འགོག་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་དང་། མི་དང་། འདོད་པའི་ལྷ་དྲུག་ནི་འདོད་པའི་ཁམས་སོ། །འདོད་པ་དེར་གཏོགས་པ་ནི་སྐྱེ་བས་ཐོབ་པའོ། །

རྣམ་པར་ཤེས་པ་མཉམ་པར་མ་བཞག་པ་ནི་རྣམ་པར་རྟོག་པའི་ཤེས་པའོ། །མཚམས་བཟུང་སྟེ་ཞེས་བྱ་བ་ནི་འདོད་པའི་ཁམས་པའི་སྐྱེ་བོ་རྣམས་ལས་འཚང་རྒྱ་བ་ཉིད་ཡིན་པའི་ཕྱིར་ཉེ་བར་བཟུང་ཞིང་རྣམ་པར་གཞག་པས་འགོག་པ་དང་བཅས་པའི་སྙོམས་འཇུག་དགུ་ཞེས་གོང་

མ་དང་སྦྱར་རོ། །དེས་ན་དོན་ནི་འདི་ཡིན་ཏེ་འགོག་པ་དང་བཅས་པའི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། དགུའི་ནང་ནས་བསམ་གཏན་དང་པོ་ནས་བརྩམས་ཏེ། རིམ་པ་བཞིན་དུ་བསྒོམས་པས་འགོག་པའི་བར་དུ་སོང་ལ་འོངས་ནས་

เล่ม ๘๖ · หน้า 235a

ཞེས་བྱ་བ་འགོག་པ་དང་བཅས་པའི་སྙོམས་འཇུག་དགུར་སོང་ནས་ཞེས་འདིར་རྗེས་སུ་སྦྱར་བར་བྱའོ། །དེས་ན་དོན་ནི་འདི་ཡིན་ཏེ་ཐ་མ་འགོག་པ་ནས་བརྩམས་ཏེ་ལུགས་ལས་བཟློག་པ་བསམ་གཏན་དང་པོའི་བར་དུ་འོངས་ནས་ཡང་སྙོམས་པར་འཇུག་པ་དགུ་

ཕོ་དེ་དག་ཉིད་ཀྱི་ནང་ནས་རྣམ་པ་གཉིས་སུ་སྟེ། སྙོམས་པར་འཇུག་པ་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་དང་བདུན་དང་བརྒྱད་གང་ཡིན་པ་དེ་བརྒལ་ཅིང་འདས་ནས་དེ་ལས་གང་ཐོད་རྒལ་དུ་ནི་སྙོམས་འཇུག་པ་ཞེས་བྱ་བ་ཉོན་མོངས་པ་བག་ཆག་དང་བཅས་པ་

ཉམས་སྨོད་པའི་བསམ་གཏན་གྱི་ཁྱད་པར་རོ། །འགོག་པའི་བར་དུ་མི་འདྲ་བར་འགྲོ། ཞེས་བྱ་བ་ནི་དེ་བཞིན་དུ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པའི་རིམ་པ་དག་གིས་འགོག་པ་མངོན་པར་ཁྱབ་པར་བྱས་པ་གོ་རིམས་མ་ཡིན་པར་འགྲོ་བ་དེ་ནི་འདིར་བསྒོམ་

པའི་ལམ་ཉིད་ཡིན་པར་བཤད་དོ་ཞེས་བྱ་བར་ཤེས་པར་བྱའོ། །ཚིག་ལེའུར་བྱས་པའི་དོན་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བསམ་གཏན་དང་པོ་ནས་བཟུང་སྟེ་འགོག་པའི་བར་དུ་སོང་ནས་ཞེས་བྱ་བ་ནས་འདོད་པ་མི་དགེ་བའོ་ཞེས་སྨོས་པས་

འདོད་ཁམས་པའི་རྣམ་པར་རྟོག་པས་རྣམ་པར་གཡེང་བའི་སེམས་ནས་ཉེ་བར་གཟུང་བ་བྱས་ནས་གཟུགས་ཁམས་སུ་གཏོགས་པའི་སེམས་ཀྱིས་བསམ་གཏན་དང་པོ་མངོན་སུམ་དུ་བྱས་པ་འགོག་པའི་བར་དུ་སོང་ནས་ཞེས་བྱ་བ་དེ་བཞིན་དུ། བསམ་གཏན་གཉིས་པ་དང་གསུམ་པ་དང་

བཞི་པ་དང་དེ་བཞིན་དུ། གཟུགས་མེད་ཁམས་ལ་གནས་མེད་དེ། །སྐྱེ་བ་ལས་ནི་རྣམ་པ་བཞི། །ཞེས་སྨོས་པ་གཟུགས་མེད་པའི་ཁམས་སུ་གཏོགས་པའི་སེམས་ནམ་མཁའ་དང་། རྣམ་པར་ཤེས་པ་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དོ། །དེའི་འོག་

ཏུ་ནི་འགོག་པའོ། །དེ་བཞིན་དུ་རིམ་གྱིས་སོང་ནས་ཞེས་བྱ་བ་ལ་སོགས་པ་བཤད་པ་ནི་དེའི་འོག་ཏུ་འགོག་པ་ནས་བཟུང་སྟེ་བསམ་གཏན་དང་པོའི་བར་དུ་འོངས་ཏེ་ཞེས་བྱ་བ་རྒྱུན་དུ་ལུགས་དང་མི་མཐུན་པར་བསྒོམས་པས་བསམ་གཏན་དང་པོའི་བར་དུ་འོངས་པ་ནི་འགོག་པ་དང་བཅས་

เล่ม ๘๖ · หน้า 235b

པའི་སྙོམས་འཇུག་དགུར་འོངས་ནས་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེ་ལྟར་བཤད་པའི་རིམ་གྱིས་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པའི་རིམ་པ་རྣམ་པ་གཉིས་ཀྱིས་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་། འགོག་པའི་མཚན་ཉིད་ཀྱི་སྙོམས་པར་འཇུག་པ་དགུ་

ལ་སོང་ཞིང་ཞེས་བྱ་བ་བསམ་གཏན་དང་པོ་ནས་བརྩམས་ཏེ། འགོག་པའི་བར་དུ་ནི་ལུགས་དང་མཐུན་པ་ཡིན་ལ་འགོག་པ་ནས་བརྩམས་ཏེ། བསམ་གཏན་དང་པོའི་བར་དུ་ལུགས་དང་མི་མཐུན་པར་འོངས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དེ་བཞིན་དུ་རྣམ་པ་གཉིས་ལ་སོགས་པ་དོར་བ་ནི་འོངས་

ནས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འོངས་ནས་ཞེས་བྱ་བ་ནི་དེ་ལྟར་དང་པོར་སོང་བ་ལས་སོ། །ཡང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་བཤད་པའི་རིམ་པས་གཅིག་ལ་སོགས་པ་བོར་ནས་ཞེས་བྱ་བ་གཅིག་དང་གཉིས་དང་གསུམ་ལ་སོགས་པ་བོར་བས་སོ། །འགོག་པའི་

སྙོམས་པར་འཇུག་པ་ལ་ཐུབ་པའི་བར་དུ་མི་འདྲ་བའི་སྒོ་ནས་འགྲོ་བ་ནི་བསྒོམ་པའི་རིམ་གྱིས་རབ་ཏུ་འགྲོ་བའི་རྒྱུས་མི་འདྲ་བར་འགྲོ་བ་ཐོད་རྒལ་གྱི་སྙོམས་པར་འཇུག་པ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་ཉམས་སྨད་པར་བྱེད་པའི་བསམ་གཏན་གྱི་ཁྱད་པར་རོ། །དབང་པོ་

ཉིད་ཀྱི་མཚན་ཉིད་ནི་སེམས་དབང་དུ་བྱེད་པ་ཉིད་ཀྱི་བདག་ཉིད་ཅན་བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་གྱི་ཕྱིར་གོ་ཆ་བགོས་པས་མངོན་སུམ་དུ་བྱེད་པ་ཡིན་པས་ན་བསྒོམ་པའི་ལམ་ཡིན་ནོ། །སྙོམས་པར་འཇུག་པ་ཐམས་ཅད་དུ་སེམས་ལ་དབང་བ་ཉིད་ཀྱིས་ན་རྒྱལ་པོ་ཆེན་

པོ་དང་འདྲ་བར་འདོད་པས་འཇུག་པ་ཡིན་པའི་ཕྱིར་མི་འདྲ་བར་འགྲོ་བ་ནི་སེང་གེ་རྣམ་པར་བསྒྱིངས་པའི་སྙོམས་པར་འཇུག་པ་ཡིན་པར་ཤེས་པར་བྱ་ལ་ཁྱད་པར་ཅན་རྣམས་ནི་ཁྱད་པར་གྱི་ལམ་ཁོ་ན་ཡིན་པས་ཐོད་རྒལ་གྱི་ཏིང་ངེ་འཛིན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་

རིགས་ཀྱི་གཞན་དག་ལ་ནི་མ་ཡིན་ནོ། །ས་བརྒྱད་རྣམ་པ་གཉིས་འབྲེལ་དང་། །གཅིག་བརྒལ་སོང་ཞིང་འོངས་ནས་ནི། །རིས་མི་མཐུན་པར་གསུམ་པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །ཞེས་བྱ་བ་འདིས་བཤད་པའི་ཐོད་རྒལ་གྱི་ཏིང་ངེ་འཛིན་ནི་འདིར་སྐབས་མ་

เล่ม ๘๖ · หน้า 236a

ཡིན་ནོ། །དེ་ལྟར་བསྒོམ་པའི་ལམ་བརྗོད་ནས་དེ་ལ་སྤོང་བའི་ཞེས་བྱ་བ་གང་གི་ཕྱིར་བསྒོམ་པའི་ལམ་གྱིས་སྤང་བ་ཡིན་པ་དེའི་རྒྱུས་འོག་ནས་བཤད་པའི་རྣམ་པར་རྟོག་པ་རྣམ་པ་བཞི་བསྒོམ་པའི་ལམ་དེར་ཁོངས་སུ་ཆུད་པར་བྱའོ། །དང་པོ་ཞེས་བྱ་བ་ནི་བཞི་

པོ་དེ་ལས་སྤང་བར་བྱ་བའི་གཟུང་བའི་རྣམ་པར་རྟོག་པ་དང་པོ་ནི་རེ་ཞིག་མདོར་བསྡུས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཚིག་ལེའུར་བྱས་པའི་དོན་མདོར་བསྡུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མདོར་བསྡུས་པ་དང་རྒྱས་པ་ལ་དགའ་བའི་གདུལ་བྱ་དག་སྟེ།

མགོ་སྨོས་པ་དང་རྣམ་པར་སྤྲོས་པས་ཤེས་པ་ཁ་སྦུབ་ལ་སོགས་པའི་ཉེས་པ་དང་བྲལ་བ་དག་ལ་ལུང་ཉེ་བར་སྟོན་པས་མདོར་བསྡུས་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་གཉིས་ཡིན་ནོ། །ཇི་སྐད་དུ་བཤད་པའི་དོན་ནི་སྦྱིན་པ་ལ་སོགས་པ་སྟེ། དེ་རྣམས་ནན་ཏན་དུ་མི་བྱེད་པ་ནི་

སྒྲུབ་པར་མི་བྱེད་སངས་རྒྱས་རྣམས་ཀྱིས་བསྟངས་པ་ནི་མགོན་དུ་བྱ་བ་གང་ཡིན་པ་སྟེ། དེས་ཡོངས་སུ་མ་བཟུང་ཞིང་བདག་གིར་མ་མཛད་པ་ནི་དེའི་རྣམ་པར་རྟོག་པ་གཞན་ཡིན་ནོ། །བྱུང་བ་དང་འགག་པ་ཉིད་ཀྱིས་ཞེས་བྱ་བ་ནི་ཉོན་མོངས་པ་ཀུན་ཏུ་བྱུང་བ་རྣམས་རང་གི་ངང་གིས་

འཇིག་པས་སྦྱོར་བའི་ལམ་གྱི་ཡོན་ཏན་གང་ཡིན་པ་དེ་དང་བྲལ་བའི་མཚན་ཉིད་ནི་མེད་པ་སྟེ། ཕན་ཚུན་འགལ་བ་ཉིད་ཀྱིས་ནི་གཅིག་ལ་བྱུང་བ་དང་འབྱུང་བར་འགྱུར་བའི་ངོ་བོ་གཉིས་མི་འཐད་པས་མེད་པ་འམ་ངོ་བོ་ཉིད་གཉིས་ལས་འདས་པའི་ངོ་བོ་ནི་རང་གི་ངང་གིས་འཇིག་པ་ཡིན་

པའི་ཕྱིར་དང་མ་འོངས་པ་ནི་རང་གི་ངོ་བོར་མེད་པ་ཡིན་པའི་ཕྱིར་རོ། །ཡང་དག་པར་སྐྱེ་བའི་རྒྱུ་དང་མི་ལྡན་པས་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་ནི་ཡང་དག་པའི་སྐྱེ་བ་མེད་པའི་ཕྱིར་རོ། །མཐོང་བའི་ཞེས་བྱ་བ་ལ་སོགས་པ་ནི་ཕྱིས་འབྱུང་བའི་ཉོན་མོངས་པ་རྣམས་ནི་རང་གི་ངོ་བོ་ཉིད་དུ་

མེད་པའི་ཕྱིར་རོ། །མ་འོངས་པ་ཞེས་བྱ་བ་ལ་སོགས་པ་ནི་ཉོན་མོངས་པ་རྣམ་པ་གསུམ་འགོག་པར་བྱ་བའི་ཕྱིར་ལམ་གསུམ་ལ་འཇུག་པ་དང་། །ཉོན་མོངས་པ་རྣམས་ཡང་དག་པར་ན་ཡོད་པ་མ་ཡིན་པས་ཡུལ་མེད་པ་ཉིད་ཀྱིས་ན་ལམ་གསུམ་པ་འཇུག་པ་དུས་གསུམ་གྱི་ཡོན་ཏན་དུ་

เล่ม ๘๖ · หน้า 236b

ཇི་ལྟར་འགྱུར་ཞེས་བྱ་བ་རྣམ་པར་རྟོག་པ་གསུམ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་དོན་ཡིན་ཏེ། དུས་གསུམ་ཡོན་ཏན་མེད་པ་དང་ཞེས་བྱ་བ་བཤད་པ་ཡིན་ནོ། །བདག་ཏུ་ལྟ་བ་ལ་སོགས་པ་ཡོད་ན་མྱ་ངན་ལས་འདས་པ་ལ་སོགས་པའི་ལམ་ལ་སོགས་པ་ཡོད་པ་ཡིན་ལ། །དེ་མེད་པས་

སེལ་བའི་ལམ་མེད་པ་དེ་ནི་ཕྱིན་ཅི་ལོག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། ཕྱིན་ཅི་ལོག་ཞི་བ་ཉིད་ལ་སོགས་པས་བདག་ཏུ་ལྟ་བ་དག་མྱ་ངན་ལས་འདས་པའི་དོན་དུ་སྦྱོར་བའི་ལམ་གང་ཡིན་པའོ། །དེ་ལ་སྟོང་པ་ཉིད་དུ་མངོན་པར་བསྒྲུབ་པ་ཉིད་ཀྱིས་བདག་མེད་པའི་ཡེ་ཤེས་ཐོབ་པས་

མཐོང་བའི་ལམ་མོ། །རང་བཞིན་མེད་པའི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་རང་བཞིན་མེད་པས་བསྒོམ་པར་བྱ་བ་ལ་སོགས་པ་མེད་པའི་ཕྱིར། བསྒོམ་པའི་ལམ་སྟེ། རྣམ་པར་རྟོག་པ་གསུམ་གྱིས་ནི། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །ཞེས་བྱ་བ་བཤད་པ་ཡིན་ཏེ།

ལེགས་པའི་ལམ་རྣམ་པ་གསུམ་མོ་ཞེས་བྱ་བའི་ཐ་ཚིག་གོ། །དང་ཞེས་བྱ་བ་ནི་བསྡུ་བའོ། །གནས་སྐབས་འདིར་ཞེས་བྱ་བ་ནི་སྤང་བར་བྱ་བ་ཉིད་ཀྱིས་དབང་དུ་བྱ་བའི་གནས་སྐབས་སུ་ཤིན་ཏུ་སྤང་བར་བྱ་བ་ཉིད་ཀྱིས་ན། བསྒོམ་པའི་ལམ་སྔར་བཤད་པའི་སྦྱོར་བའི་གནས་སྐབས་

གང་བསྒོམ་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་རྒྱུན་མི་འཆད་པར་འཇུག་པའི་དམིགས་པའི་ཁྱད་པར་དང་པོ་སྟེ། དེའི་ཡུལ་ཅན་གཟུང་བ་རྣམ་པ་དགུ་ནི་ཆོས་བསྡུས་པ་ལ་སོགས་པ་ཅི་རིགས་པར་བླང་བ་དང་དོར་བའི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་

མ་ལུས་པ་ནི་སྤང་བར་བྱ་བ་ཉིད་ཡིན་པས་དེ་ལྟར་དང་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཚིག་ལེའུར་བྱས་པའི་དོན་ནི་དགེ་བའི་བཤེས་གཉེན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དགེ་བའི་བཤེས་གཉེན་ལ་སོགས་པ་དང་བྲལ་བས་ཡང་དག་པའི་མན་ངག་སྟོན་པ་དང་དད་

པ་ལ་སོགས་པ་མེད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་མི་སྐྱེ་བའོ། །འཁོར་གསུམ་ཡོངས་སུ་དག་པ་ཉིད་ཀྱིས་ཁྱད་པར་དུ་འཕགས་པའི་སངས་རྒྱས་ལ་དམིགས་པའི་བསོད་ནམས་གང་ཡིན་པ་དེ་དམིགས་པས་བྱང་ཆུབ་ཉིད་ཅེས་བྱ་བ་ཡིན་པའི་ཕྱིར་སྙིང་པོ་ཡིན་པའམ། དེ་མངོན་སུམ་དུ་

เล่ม ๘๖ · หน้า 237a

བྱེད་པའི་གནས་སྐབས་དེ་ཡིད་ལ་མི་བྱེད་པ་ནི་མི་དམིགས་པའོ། །ཉན་ཐོས་ཞེས་བྱ་བ་ལ་སོགས་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་ཉིད་ཡིན་པའི་ཕྱིར་ལམ་གྱི་འབྲས་བུ་མངོན་དུ་བྱེད་པ་རེ་བ་ཡོད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ནི་སྔར་བཤད་པའོ། །དེ་སྒྲུབ་པ་མེད་པ་ནི་ཉམས་སུ་(ལན་‚ལེན་)པ་དང་བྲལ་བས་ཡང་དག་པའི་བྱང་ཆུབ་ཡིད་ལ་མི་བྱེད་པ་ནི་རྫོགས་པའི་སངས་རྒྱས་ལ་དམིགས་པར་མི་བྱེད་པའོ། །དམིགས་པ་དང་བཅས་པ་ཉིད་ཀྱིས་གཟུང་བ་ལ་སོགས་པ་ལ་དམིགས་པས་བསྒོམ་པའི་གཟུགས་

ལ་སོགས་པ་ལ་དམིགས་པའོ། །དམིགས་པ་མེད་པ་ཉིད་ཀྱིས་ཞེས་བྱ་བ་ལ་གཟུང་བ་ལ་སོགས་པ་མ་དམིགས་པས་བསྒོམ་པ་མེད་པ་ནི་གཟུགས་ལ་སོགས་པ་ལ་མི་དམིགས་པའོ། །དམིགས་པ་ཡང་མེད་མི་དམིགས་པ་ཡང་མེད་པས་ཞེས་བྱ་བ་ནི་མི་དམིགས་པ་དང་

དམིགས་པ་དག་བསྒོམ་པ་ཡང་མེད་སྒོམ་པ་མེད་པ་ཡང་མ་ཡིན་པ་སྟེ། གཟུགས་ལ་སོགས་པ་ལ་མི་དམིགས་པ་དང་དམིགས་པའོ། །ཕྱིན་ཅི་ལོག་ལ་མངོན་པར་ཞེན་པས་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པ་ལ་མངོན་པར་ཞེན་པས་སོ། །དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་

ལ་ཞེས་བྱ་བ་ནི་ལོག་པ་ཉིད་ཡིན་པས་སོ། །གནས་སྐབས་དེ་ནི་སྤང་བར་བྱ་བ་ཉིད་ཀྱིས་ཞེས་བྱ་བ་ནི་དབང་དུ་བྱེད་པའི་གནས་སྐབས་སུ་ཤིན་ཏུ་སྤང་བར་བྱ་བ་ཉིད་ཡིན་པས་སོ། །བསྒོམ་པའི་ལམ་གྱི་སྔར་བཤད་པའི་སེམས་དང་སེམས་ལས་བྱུང་བ་ནི་ཁྱད་པར་ཅན་གྱི་ཤེས་

པའི་ཚོར་བ་ལ་སོགས་པའོ། །དེ་རྣམས་ཀྱི་འཇུག་པའི་གནས་སྐབས་ནི་རྒྱུན་གྱིས་སྐྱེ་བའི་ཁྱད་པར་གང་ཡིན་པ་སྟེ། དེའི་ཡུལ་ཅན་ནི་དེའི་གཟུང་བར་བྱ་བ་ཞེས་བྱ་བ་ལ་སོགས་པའོ། །འཛིན་པའི་ཞེས་བྱ་བ་ལ་སོགས་པ་ལ་ཚིག་ལེའུར་བྱས་པའི་དོན་ནི་རྫས་སུ་ཡོད་

པར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྫས་སུ་ཡོད་པར་མི་སྐྱེ་བས་ཞེས་བྱ་བ་ནི་དོན་དམ་པར་ཡོད་པར་སྐྱེ་བར་མི་རིགས་པའི་ཕྱིར་རོ། །སེམས་ཅན་དུ་བཏགས་པ་ནི་གང་ཟག་ལ་སོགས་པའི་ཐ་སྙད་དོ། །སྣང་བ་ཙམ་དུ་ཟད་པའི་ཕྱིར་ཞེས་བྱ་བ་ནི་ཕྱིའི་དོན་ཡོད་

เล่ม ๘๖ · หน้า 237b

པར་མི་རུང་བས་སེམས་ཅན་ཉིད་ཡིན་པའི་ཕྱིར་ཆོས་སུ་བཏགས་པ་ནི་གཟུགས་ལ་སོགས་པའི་ཐ་སྙད་དོ། །ཐམས་ཅད་དུ་འགྲོ་བའི་ཕྱིར་ཞེས་བྱ་བ་ནི་གང་དུ་ཡང་མི་གནས་པས་ཡོད་པར་མི་རིགས་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་གསུམ་པོའི་ཆོས་སེམས་

སྐྱེད་པ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱི་སྟོང་པ་ཉིད་མ་ཡིན་པ་ཉིད་དུ་ཡོད་པའོ། །རྣམ་པ་ཐམས་ཅད་དུ་མངོན་པར་ཞེན་པ་མ་སྤངས་པས་ཞེས་བྱ་བ་རྣམ་པ་ཐམས་ཅད་དུ་གཟུང་བ་ལ་སོགས་པ་ལ་མངོན་པར་ཆགས་པ་མི་འགོག་པས། ཆོས་ལ་ཆགས་པ་སྟེ་

གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའོ། །ངོ་བོ་ཉིད་མེད་པར་རྟོགས་པས་ཞེས་བྱ་བ་གཟུགས་ལ་སོགས་པ་མེད་པར་ཤེས་པས་ཆོས་རབ་ཏུ་རྣམ་པར་འབྱེད་པ་གཟུགས་ལ་སོགས་པའི་ཆར་དབྱེ་བ་ཤེས་པར་བྱའོ། །ཆེད་དུ་བྱ་བ་མི་བྱེད་པས་ཞེས་བྱ་བ་སྔར་

བཤད་པའི་ཆེད་དུ་བྱ་བ་རྣམ་པ་གསུམ་ལ་མི་དམིགས་པས་དངོས་པོའི་ཆེད་དུ་བྱ་བ་བྱེད་པ་སྟེ། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དོན་སྟོན་པ་ལ་དམིགས་པའོ། །གཟུགས་ལ་སོགས་པ་ལ་མི་དམིགས་པའི་ཕྱིར་ཞེས་བྱ་བ་གཟུང་བ་ལ་སོགས་པ་མེད་པར་གཟུགས་

ལ་སོགས་པ་མི་ཤེས་པས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱེད་པའོ། །ཡང་དག་པར་རབ་ཏུ་མ་ཞུགས་པ་ཉིད་ཀྱིས་ཞེས་བྱ་བ་གཟུང་བ་ལ་སོགས་པ་མེད་པར་མངོན་སུམ་དུ་མ་ཤེས་པས་ཡོན་མ་དག་

པ་སྟེ། སློབ་མ་ལ་སོགས་པས་བྱིན་པའི་རྫས་ལ་སོགས་པ་རྣམ་པར་མི་སྦྱོང་བའོ། །སྦྱིན་པ་ལ་སོགས་པར་དམིགས་ཏེ་སྒྲུབ་པས་ཞེས་བྱ་བ་བསམ་གཏན་དང་བསམ་བྱ་དང་གཉི་ག་ལ་སོགས་པའི་དངོས་པོ་ལ་དམིགས་པའི་ཤེས་པས་སྤྱོད་པ་རྣམ་པར་འཁྲུགས་པ་སྟེ།

སྦྱིན་པ་ལ་སོགས་པའི་བྱ་བ་ལ་མངོན་པར་ཞེན་པའོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་པ་ཉིད་ཀྱིས་ན་གནས་སྐབས་འདིར་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་འཛིན་པར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །

เล่ม ๘๖ · หน้า 238a

སེམས་ཅན་ཞེས་བྱ་བ་ལ་སོགས་པ་འཛིན་པའི་ཚིག་ལེའུར་བྱས་པ་ནི་སེམས་ཅན་བཏགས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སེམས་ཅན་བཏགས་པ་ནི་གཟུགས་ལ་སོགས་པ་ཡོད་པའི་ཐ་སྙད་དོ། །དེའི་རྒྱུ་ནི་ཚུལ་འདི་ལ་སྤྱིའི་དོན་མེད་པས་

ཤེས་པ་ཙམ་གང་ཡིན་པར་དེ་རྣམ་པར་གཞག་པའི་རྒྱུ་མཚན་ཡིན་ནོ། །དེའི་ཡུལ་ནི་དེའི་གཟུང་བ་བསྒོམ་པའི་ལམ་དང་འབྲེལ་པའི་མི་མཐུན་པའི་ཕྱོགས་གཞན་རྣམ་པ་དགུ་སྤང་བར་བྱའོ། །ཅིའི་ཕྱིར་ཞེ་ན་དེ་ལ་གནོད་པ་བྱེད་པ་ཡིས་ཞེས་བྱ་བ་སྟེ། བསྒོམ་པའི་ལམ་གྱིས་

ཏེ་འགོག་པ་ཡིན་པའི་ཕྱིར་རོ། །དོན་འདི་ཉིད་ནི་མི་མཐུན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སེམས་ཅན་དུ་བཏགས་པ་ནི་གཟུགས་ལ་སོགས་པ་ཡོད་པའི་ཐ་སྙད་དོ། །དེ་རྣམ་པར་གཞག་པར་བྱ་བའི་ཕྱིར་གང་སྣང་བ་ཙམ་ནི་ཕྱིའི་དོན་ཡོད་པར་མི་རུང་བས་སེམས་

ཙམ་མོ། །དེ་ཉིད་ནི་རྒྱུ་རྣམ་པར་གཞག་པའི་རྒྱུ་མཚན་ཡིན་ཏེ་རྣམ་པར་རྟོག་པའི་རྣམ་པ་ཁོ་ན་ཐ་སྙད་མ་ལུས་པ་ལ་འཇུག་པ་ཡིན་པའི་ཕྱིར་རོ། །དེའི་ཡུལ་ཅན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་ཉིད་གསུམ་དག་གི་ཞེས་བྱ་བ་ལ་སོགས་པའི་

ཚིག་ལེའུར་བྱས་པའི་དོན་ནི་རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྣམ་པ་ཐམས་ཅད་ཡོངས་སུ་མ་ཤེས་པས་ཞེས་བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་རྣམས་ཀྱི་རྣམ་པ་ཡོངས་སུ་མ་ཤེས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒྲིབ་པ་གང་ཡིན་པ་མི་

མཐུན་པའི་ཕྱོགས་དེ་ལ་ཀུན་ཏུ་རྨོངས་ཤིང་མི་ཤེས་པ་ཡིན་ནོ། །ལམ་ཐམས་ཅད་ཡོངས་སུ་མི་ཤེས་པ་ཞེས་བྱ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ལམ་གསུམ་པོ་མ་ཤེས་པས་ལམ་ཤེས་པ་ཉིད་ཀྱི་སྒྲིབ་པ་གང་ཡིན་པ་དེ་མི་མཐུན་པའི་ཕྱོགས་དེ་ལ་ཀུན་དུ་རྨོངས་

པའོ། །གཞི་ཐམས་ཅད་ཡོངས་སུ་མ་ཤེས་པས་ཞེས་བྱ་བ་ཕྱི་ནང་གི་བདག་ཉིད་ཅན་གྱི་དངོས་པོ་ཙམ་ཡོངས་སུ་མ་ཤེས་པས་ཐམས་ཅད་ཤེས་པ་ཉིད་ཀྱི་སྒྲིབ་པ་གང་ཡིན་པ་དེ་ལ་ཀུན་ཏུ་རྨོངས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔ་མ་བཞིན་ནོ། །དེ་ཡོངས་སུ་མ་ཤེས་པས་

เล่ม ๘๖ · หน้า 238b

ཐམས་ཅད་ཞི་བའི་ལམ་ལ་ཀུན་དུ་རྨོངས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྫོགས་པའི་སངས་རྒྱས་ཀྱི་ལམ་མི་ཤེས་པའོ། །གཟུགས་ལ་སོགས་པའི་ཤེས་བྱ་དང་དེ་བཞིན་ཉིད་དག་ཏུ་ཡོངས་སུ་མ་ཤེས་པས་ཞེས་བྱ་བ་གཟུགས་ལ་སོགས་པ་དང་སྟོང་པ་

ཉིད་དག་ཉེ་བར་དམིགས་པའི་ཕྱིར་དེ་བཞིན་ཉིད་ལ་སོགས་པ་དང་མཚུངས་པར་ལྡན་པ་དང་མི་ལྡན་པ་ལ་ཀུན་དུ་རྨོངས་པ་སྟེ། དེ་བཞིན་ཉིད་དང་གཟུགས་ལ་སོགས་པ་དག་ལ་ཕྲད་པ་དང་འབྲལ་བ་མི་ཤེས་པའོ། །བདུད་ལ་སོགས་པར་རང་གི་ངོ་བོ་ཡོངས་སུ་མ་ཤེས་པས་ཞེས་

བྱ་བ་བདུད་དང་ཕྱིར་རྒོལ་བ་དང་དགྲ་བོ་རྣམས་དངོས་པོ་མེད་པར་མ་ཤེས་པས་མི་མཉམ་པ་ཉིད་ལ་ཀུན་དུ་རྨོངས་པ་སྟེ། བདག་ཉིད་ཀྱི་ཐུན་མོང་མ་ཡིན་པ་ཉིད་དུ་མི་ཤེས་པ་ལའོ། །དོན་ལ་སྒྲ་ཇི་བཞིན་དུ་འཛིན་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ལ་ལར་བྱང་ཆུབ་

སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་པས་གཟུགས་ལ་སོགས་པའི་ཕུང་པོ་དོན་དམ་པ་ཉིད་དུ་འཛིན་པས་སྡུག་བསྔལ་བ་ལ་སོགས་པའི་བདེན་པ་ལ་ཀུན་དུ་རྨོངས་པ་སྟེ། འཕགས་པའི་བདེན་པ་བཞི་མི་ཤེས་པའོ། །འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་ཡོངས་

སུ་མ་ཤེས་པས་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་རྣམས་ནི་མི་བདེན་པའི་ཕྱིན་ཅི་ལོག་གི་ཀུན་ནས་བླངས་པ་ཉིད་དུ་མི་ཤེས་པའི་ཕྱིར་ཉོན་མོངས་པའི་རང་བཞིན་ལ་ཀུན་དུ་རྨོངས་པ་སྟེ། འདོད་ཆགས་ལ་སོགས་པ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མ་ཤེས་

པའོ། །གཟུང་བ་དང་འཛིན་པའི་མཚན་ཉིད་ཡོངས་སུ་མ་ཤེས་པས་ཞེས་བྱ་བ་གཉིས་དང་བྲལ་བར་མི་ཤེས་པའི་ཕྱིར་གཉིས་སུ་མེད་པ་ལ་ཀུན་དུ་རྨོངས་པ་སྟེ། གཉིས་སུ་མེད་པ་མ་ཤེས་པའོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་འཛིན་པའི་རྣམ་པར་རྟོག་པ་ལ་སོགས་

པའོ། །མི་མཐུན་པའི་ཕྱོགས་བརྗོད་པའི་ཤུགས་ཀྱིས་འཕངས་པ་གཉེན་པོའི་ཕྱོགས་ཀྱང་རྣམ་པ་བཞི་ཡིན་ལ་རེ་རེ་ཞིང་སྔ་མ་བཞིན་དུ་མི་མཐུན་པའི་ཕྱོགས་དགུ་ལས་གོ་བཟློག་པར་བཤད་པའི་དོན་ལས་ཤེས་པར་བྱའོ། །དེ་ནི་བསྒོམ་པའི་ལམ་གྱི་ཞེས་བྱ་བ་ལ་

เล่ม ๘๖ · หน้า 239a

སོགས་པ་སྨོས་པ་ཡིན་ནོ། །བསྒོམ་པའི་ལམ་གྱི་དགོངས་པ་ནི་སྔ་མ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྔ་མ་བཞིན་དུ་ཞེས་བྱ་བ་ནི་མཐོང་བའི་ལམ་དང་འདྲ་བར་འདིར་ཡང་རྣམ་པར་རྟོག་པ་བཞི་པོ་རེ་རེ་ཞིང་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུ་ཅར་

ཡང་འཁོར་གསུམ་ཡོངས་སུ་དག་པ་ཉིད་ཀྱིས་རྣམ་པ་དགུ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡམས་ནད་ཅེས་བྱ་བ་ལ་སོགས་པ་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །ཞེས་བྱ་བ་བཤད་པར་བྱ་

སྟེ། གེགས་བྱེད་པ་མེད་པས་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་མེད་པས་སོ། །དགའ་བས་དབུགས་འབྱིན་པ་ཐོབ་པ་བཞིན་དུ་ཞེས་བྱ་བ་ནི་ཡུན་རིང་པོ་སྟེ། འཚང་རྒྱ་བ་ཉིད་ལ་གནས་པའི་བར་དུ་རབ་ཏུ་དགའ་བས་བརྒལ་བ་ལྟ་བུར་འགྱུར་བའོ། །བསྒོམ་པའི་ལམ་གྱི་ཞེས་བྱ་བ་ལ་

སོགས་པ་ཡང་། སྟོང་གསུམ་པའི་ཞེས་བྱ་བ་ལ་སོགས་པ་ནི་བར་ཆད་བྱེད་པའི་ཚིག་ལེའུར་བྱས་པ་ཡིན་ཏེ། ཉན་ཐོས་དང་བསེ་རུ་དག་གི་རྟོགས་པ་ཕུན་སུམ་ཚོགས་པ་ནི་ཤེས་པ་ཕུན་སུམ་ཚོགས་པའོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ནི་སྔར་བཤད་པའི་མཐོང་བའི་ལམ་ལ་སྟེ།

སྟོང་གསུམ་པའི་སྐྱེ་བོ་བཀོད་པ་ནི་ཐོབ་པར་བྱེད་པ་སྟེ། དེ་བྱེད་པས་བསོད་ནམས་གང་སྐྱེ་བར་འགྱུར་བའི་དགེ་བ་རྣམས་དཔེར་མཛད་ནས་ཞེས་བྱ་བ་དགེ་བ་དེ་དཔེ་ཉིད་དུ་བྱས་ནས་བསོད་ནམས་མང་པོ་ཉིད་ཀྱིས་ནི་ཞེས་བྱ་བ་དེའི་བསོད་ནམས་ཀྱི་གྲངས་ཉིད་ཀྱིས་གྲངས་མེད་པའི་བསོད་ནམས་

ཀྱིས་གང་སངས་རྒྱས་ཉིད་ཐོབ་པ་ལ་བར་ཆད་མེད་པར་འཚང་རྒྱ་བ་ཉིད་དུ་བར་ཆད་མེད་པ་དེ་ནི་འདིར་བར་ཆད་མེད་པའི་ཏིང་ངེ་འཛིན་ཏེ། བསམ་གཏན་གྱི་ཁྱད་པར་ཡིན་ནོ། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་བྱ་བ་རྫོགས་པའི་སངས་རྒྱས་ཉེ་བར་ལེན་པ་ཉིད་ཀྱིས་ནི་ཉེ་བར་གདགས་པས་སངས་རྒྱས་ཉིད་

ཅེས་ཀྱང་དེ་ལ་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །འགའ་ཞིག་ཅེས་བྱ་བ་ལ་སོགས་པའི་འགྲེལ་པ་དང་འདིའི་དམིགས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །གནས་འདི་ལ་ཞེས་བྱ་བ་བར་ཆད་མེད་པའི་ཏིང་ངེ་འཛིན་གྱིས་དམིགས་པ་ལ་སོགས་པའི་གནས་

เล่ม ๘๖ · หน้า 239b

སྐབས་ནི་གཏིང་དཔག་དཀའ་བ་ཉིད་ཡིན་པའི་ཕྱིར་ཚད་མའི་ཡུལ་མ་ཡིན་པ་ཉིད་ཀྱིས་ན་རབ་ཏུ་སྨྲ་བ་རྣམས་བརྒྱུད་མར་རྒོལ་ལོ་ཞེས་བྱ་བའི་ཐ་ཚིག་སྟེ། ཀླན་ཀའི་རྒོལ་བ་བརྒྱུད་མར་འབྱུང་བ་ནི་རྒོལ་བ་སྨྲ་བ་མང་པོའོ། །གང་ཞིག་ཡིན་ཞེ་ན་ཐབས་ལ་མཁས་པ་མ་རྟོགས་པ་སྟེ།

ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་པའི་ཐབས་ལ་མཁས་པ་མངོན་པར་མ་ཤེས་པ་རྣམས་ལ་འཕགས་པ་བྱམས་པ་འཇིག་རྟེན་སྒྲོལ་བ་ལ་མཁས་པའི་ཐབས་ལ་མཁས་པས་དེ་དག་གསལ་བར་བྱ་བའི་ཐབས་ལ་མཁས་པས་ཀུན་རྫོབ་དང་དོན་དམ་པ་དག་གི་རྒོལ་བ་རྣམས་ཀུན་

རྫོབ་དང་དོན་དམ་པ་དག་གིས་བསྟན་པ་ཡིན་ནོ། །འདིས་ནི་ཏིང་ངེ་འཛིན་འདི་ཟབ་པ་ཉིད་དུ་བསྙད་དེ། ཚད་མས་མི་རྟོགས་པ་ཉིད་དུ་སྟོན་ཏོ། །བློའི་ནོར་ཅན་ཞེས་བྱ་བ་ལ་སོགས་པ་དང་དམིགས་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་

ཁམས་དག་ཅེས་བྱ་བ་རྒྱུ་དང་རྐྱེན་ལ་རག་ལས་པའི་ལམ་དང་། གཟུགས་ལ་སོགས་པ་དང་ནམ་མཁའ་ལ་སོགས་པ་ནི་དངོས་པོ་མེད་པ་ཉིད་ཀྱིས་དམིགས་པར་འཐད་པ་སྟེ། གཟུགས་ལ་སོགས་པའི་ཡུལ་དུ་རིགས་པ་ཉིད་དུ་ལོག་པར་རྟོག་པ་ཡིན་ནོ། །ཞེས་ཐམས་ཅད་ལ་

སྦྱར་བར་བྱའོ། །གལ་ཏེ་ཡང་དག་པར་ཡུལ་དུ་གྱུར་ན་འདུས་བྱས་དང་འདུས་མ་བྱས་ཁོ་ན་ཡུལ་ཡིན་གྱི་དེ་མེད་ན་ཡུལ་གང་ཞིག་ཡིན་ཞེས་རྒོལ་བ་པོའི་བསམ་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་རང་བཞིན་མེད་པའི་ཕྱིར་གཟུགས་ལ་སོགས་པ་རྣམས་ཀྱི་ཆ་ཤས་ཅན་ལ་སོགས་པའི་ངོ་བོ་

མེད་པས། དམིགས་པའི་ངོ་བོ་ཉིད་ངེས་པར་གཟུང་ཞིང་ཡུལ་གྱི་རྣམ་པ་ངེས་པར་བྱ་སྟེ། ཡང་དག་པར་ན་ཆ་ཤས་ཅན་ལ་སོགས་པའི་ངོ་བོ་ཡོད་ན་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཡུལ་གཟུགས་ལ་སོགས་པ་ཡོད་པར་ངེས་པ་ཡིན་གྱི་དེ་མེད་ན་ཇི་ལྟར་ཡོད་ཅེས་བྱ་བ་སྙམ་

མོ། །དངོས་པོ་དང་དངོས་པོ་མེད་པ་དག་ནི་གཟུང་བ་ལ་སོགས་པའོ། །དེ་མེད་པ་ནི་མི་དམིགས་པ་སྟེ། མི་རྟོག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འཚང་རྒྱ་བ་ན་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ཡུལ་མཁྱེན་པའི་ཡེ་ཤེས་གང་ཡིན་པ་དེ་ལ་གཟུང་བ་ལ་སོགས་

เล่ม ๘๖ · หน้า 240a

པ་རྣམ་པ་ཐམས་ཅད་ཡང་དག་པར་ཡོད་ན་ནི། དེ་མཁྱེན་པ་ཡིན་གྱི་དེ་མེད་པར་དེ་ཇི་ལྟར་ཡོད། ཡུལ་མེད་པར་ཡུལ་ཅན་སྐྱེ་བར་རིགས་པ་མ་ཡིན་ནོ། །དེ་བཞིན་ཉིད་ཀྱིས་དབྱེ་བ་ནི་འཐད་པས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་དང་ཞེས་བྱ་བ་ནི་འདི་

ནི་ཁྱད་པར་རམ་ཁྱད་པར་གྱི་རྒྱུ་ཡིན་ཏེ། འདི་ལྟ་སྟེ་འགལ་བའི་ཆོས་ལ་གནས་པ་དང་། རྒྱུའི་བྱེ་བྲག་གིས་ཞེས་བྱ་བའི་རིགས་པས་དབྱེ་བ་ཐམས་ཅད་ལ་ཡིན་ལ་ཁྱེད་ཀྱི་ཕྱོགས་ལྟར་ན་རྒྱུའི་དབྱེ་བས་མི་རིགས་ཏེ། དངོས་པོ་མེད་པའི་རྒྱུ་དང་རྐྱེན་ཁོ་ན་ལས་དེ་གཉིས་སྐྱེ་བའི་ཕྱིར་

དང་། དེ་བཞིན་ཉིད་ཀྱི་རང་བཞིན་ཉིད་ཀྱིས་ན་ཀུན་རྫོབ་དང་དོན་དམ་པ་དག་འགལ་བའི་ཆོས་གནས་པ་མེད་པ་སྟེ་ཇི་ལྟར་དེ་དག་ཐ་དད་པར་ཡོད་ཅེས་བྱ་བ་སྙམ་མོ། །སྦྱིན་པ་ལ་སོགས་པ་མི་དམིགས་པས་ཞེས་བྱ་བ་སྦྱིན་པར་བྱ་བ་ལ་སོགས་པ་མེད་དེ་མ་ཤེས་པའི་ཕྱིར་ཞེས་བྱ་བ་སྦྱིན་

པ་ལ་སོགས་པ་ཉམས་སུ་ལེན་པ་ཡོད་པ་ཁོ་ནས་སྦྱིན་པ་ལ་སོགས་པ་ཡིན་ལ་དེ་ན་དེ་མེད་ན་ཇི་ལྟར་ཡོད་སྙམ་མོ། །རྟོགས་པར་བྱ་བ་མེད་པས་ཞེས་བྱ་བ་ནི་ཤེས་བྱ་མེད་པས་སོ། །བློའི་ཁྱད་པར་དང་ལྡན་པ་གང་ཡིན་པ་ནི་སངས་རྒྱས་ཡིན་ལ་དེ་ཉིད་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་

དགའ་བ་སྐྱེད་པར་བྱེད་པ་ཉིད་ཀྱིས་ན། དཀོན་མཆོག་ཡིན་ན་དེ་ལ་རྟོགས་པར་བྱེད་པས་ཇི་ལྟར་སངས་རྒྱས་ཤེས་བྱ་སྙམ་མོ། །མིང་དུ་བཏགས་པ་ཙམ་དུ་ཟད་པས་ཞེས་བྱ་བ་གཟུགས་དང་འདུ་བྱེད་ཀྱི་ཕུང་པོ་དག་གམ་གཉིས་དང་གཉིས་མེད་པའི་ཤེས་པ་དག་ནི་མིང་དུ་བཏགས་པ་ཙམ་

ཉིད་ཡིན་པའི་ཕྱིར་ཇི་ལྟར་ཡོངས་སུ་བརྟགས་པའི་རང་བཞིན་ནི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚད་མས་དེ་མེད་པས་མིང་དུ་བཏགས་པ་ཙམ་དུ་ཟད་པའི་ཕྱིར་ཆོས་དཀོན་མཆོག་སྟེ་ལུང་དང་རྟོགས་པའོ། །གཟུགས་ལ་སོགས་པར་དམིགས་པ་བཀག་

པས་ཞེས་བྱ་བ་ཕྱིའི་དོན་ཡོད་པར་མི་འཐད་པས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ཡུལ་བཀག་པའི་ཕྱིར་དགེ་འདུན་ཏེ་གཟུགས་དང་གཟུགས་མེད་པ་ཉན་ཐོས་ལ་སོགས་པའི་དགེ་འདུན་ནི་གཟུགས་ལ་སོགས་པའི་དངོས་པོ་ཡོད་ན་དཀོན་མཆོག་གསུམ་གྲུབ་ཀྱི་དེ་མེད་ན་དེ་ཇི་ལྟར་ཡོད་

เล่ม ๘๖ · หน้า 240b

སྙམ་མོ། །སྦྱིན་པ་ལ་སོགས་པ་དམིགས་པས་སྦྱིན་པར་བྱ་བ་ལ་སོགས་པ་མཐོང་བའི་ཕྱིར་ཐབས་ལ་མཁས་པ་སྟེ། སེམས་མི་འགོང་བ་ལ་སོགས་པ་ལ་སྦྱིན་པར་བྱ་བ་ལ་སོགས་པ་མཐོང་བས་དམིགས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་སྐྲག་པ་ལ་སོགས་པ་འབྱུང་བས་སེམས་

མ་ཞུམ་པ་ལ་སོགས་པ་ཉིད་དུ་ཇི་ལྟར་འགྱུར་སྙམ་མོ། །དངོས་པོ་དང་དངོས་པོ་མེད་པ་དང་གཉི་གའི་ངོ་བོར་རྟོགས་པ་ནི་ཤེས་པ་སྟེ། དེ་བཀག་པས་དེ་བཞིན་གཤེགས་པའི་མངོན་པར་རྟོགས་པ་སྟེ། འཚང་རྒྱ་བ་ཉིད་མངོན་སུམ་དུ་བྱ་བ་ལ་དངོས་པོ་ལ་སོགས་པ་མེད་ན་དངོས་

པོ་ལ་སོགས་པ་ཇི་ལྟ་བ་དེ་ལྟར་མཁྱེན་པ་གང་ལ་ཡོད་སྙམ་མོ། །སྤྲོས་པ་རྣམ་པར་གཞག་པའི་མི་རྟག་པ་ལ་སོགས་པ་ཉིད་ཀྱིས་ཞེས་བྱ་བ་གདུལ་བྱའི་དབང་གིས་རྣམ་པ་སྣ་ཚོགས་པ་ཉིད་དུ་སྟོན་པའི་ངེས་པ་ཉིད་ཀྱིས་ན་མི་རྟག་པ་ལ་སོགས་པ་ཉིད་ཡིན་པའི་ཕྱིར། རྟག་པ་ལ་

སོགས་པར་ཕྱིན་ཅི་ལོག་པ་སྟེ། རྟག་པ་ལ་སོགས་པ་གོ་བཟློག་པས་མི་རྟག་པ་ལ་སོགས་པ་དང་། རྟག་པ་ལ་སོགས་པ་ཡང་དག་པ་མ་ཡིན་པ་ཉིད་དུ་མཉམ་པའི་ཕྱིར་གནོད་པར་བྱ་བ་དང་། གནོད་པ་བྱེད་པར་ཇི་ལྟར་འགྱུར་སྙམ་མོ། །ལམ་རྣམ་པར་

བསྒོམས་པའི་འབྲས་བུ་གང་ཡིན་པ་དེ་མངོན་སུམ་དུ་མི་ཕྱེད་པའི་ཕྱིར་ལམ་སྟེ། ལམ་བསྒོམས་པས་འབྲས་བུ་མངོན་སུམ་དུ་བྱེད་པ་འབྱུང་བ་ཡིན་ན་དེ་ཇི་ལྟར་མངོན་སུམ་དུ་མི་བྱེད་པ་ཡིན་སྙམ་མོ། །བླང་བ་དང་དོར་བ་མེད་པས་ཞེས་བྱ་བ་སྤང་བར་བྱ་བ་དང་། བླང་བར་

བྱ་བ་མེད་པའི་ཕྱིར་མི་མཐུན་པའི་ཕྱོགས་དང་གཉེན་པོ་སྟེ། དགག་པར་བྱ་བ་དང་། འགོག་པར་བྱེད་པའི་དངོས་པོ་ཡོད་ན་དོར་བ་དང་བླང་བར་བྱ་བ་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཡོད་པར་རིགས་ན། དེ་མེད་པས་དེ་ཇི་ལྟར་ཡོད་པ་ཡིན་སྙམ་མོ། །ཆོས་ཅན་མེད་

པས་ཞེས་བྱ་བ་གཟུགས་ལ་སོགས་པ་མེད་པས་ཆོས་ཀྱི་མཚན་ཉིད་དེ། གཟུགས་ལ་སོགས་པ་རང་དང་སྤྱིའི་མཚན་ཉིད་དེ། མཚན་གཞི་ཡོད་ན་མཚན་ཉིད་ཡོད་པར་རིགས་ན། དེ་མེད་པར་དེ་ཇི་སྲིད་ཡོད་པ་ཡིན་སྙམ་མོ། །རང་དང་སྤྱིའི་མཚན་ཉིད་མི་འཐད་པས་ཞེས་བྱ་

เล่ม ๘๖ · หน้า 241a

བ་ནུས་པ་དང་། མི་ནུས་པའི་མཚན་ཉིད་མི་འཐད་པའི་ཕྱིར་སྒོམ་པ་ལ་སྟེ། ལམ་བསམ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་དོན་གྱི་བསྒོམ་པའི་མཚན་ཉིད་མི་འཐད་པས་ཀྱང་ཐམས་ཅད་མེད་པ་ཡིན་ལ་དེ་བས་ན་དེའི་དོན་མེད་པར་འགྱུར་རོ་སྙམ་

མོ། །དང་ཞེས་བྱ་བ་ནི་བསྡུ་བ་སྟེ། ལོག་པར་རྟོགས་པ་རྣམས་ཀུན་རྫོབ་ཡིན་པའོ། །ཕན་ཚུན་འགལ་བ་ལྟར་སྣང་བའི་དོན་གང་ཡིན་པ་དེ་ནི་ཕན་ཚུན་འགལ་བར་སྣང་བའི་དོན་ཏེ། དེ་བསྒྲུབས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་ཕན་ཚུན་འགལ་བ་དང་འདྲ་བས། མི་འཐད་པ་

ཉིད་ཀྱིས་ཞེས་བྱ་བ་མི་རིགས་པ་ཉིད་ཀྱིས་ན་གང་རྒོལ་བ་ཉིད་ཀྱིས་ཐེ་ཚོམ་གྱི་ངོ་བོ་སྟེ། ལོག་པ་ཉིད་ཡིན་པར་ཡིད་གཉིས་སུ་གྱུར་པ་ན་ཇི་སྐད་བཤད་པའི་ཡུལ་ཅན་ཉིད་ཀྱིས་ཞེས་བྱ་བ་བར་ཆད་མེད་པའི་ལམ་གྱི་ཡུལ་ཅན་ཡིན་པ་ཉིད་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་ཅན་ཞེས་

བྱ་བ་འཚང་རྒྱ་བ་ཉིད་ལ་བརྟེན་པའོ། །ལོག་པར་རྟོགས་པ་རྣམ་པ་བཅུ་དྲུག་གོ་ཞེས་བྱ་བ་དམིགས་པ། འཐད་པ་ལ་སོགས་པའི་མཚན་ཉིད་ཅན་རྣམས་སོ། །ལོག་པར་རྟོགས་པ་དེ་དག་གང་གི་ཡིན་ཞེ་ན། སྐྱེ་བོ་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་མི་ཤེས་པའི་

རབ་ཏུ་སྨྲ་བ་ཉིད་ཅེས་བྱ་བ་སྨོས་ཏེ། སྐྱེ་བོ་མངོན་པར་རྟོགས་པ་བརྒྱད་མི་ཤེས་ཤིང་། སེམས་མི་འགོང་བ་ཉིད་ལ་སོགས་པའི་ཐབས་མི་ཤེས་པའི་རབ་ཏུ་སྨྲ་བ་སྟེ། བསྟན་བཅོས་ཤེས་པ་དང་། དེ་ལས་གཞན་པའི་རྒོལ་བ་བྱེད་པར་འདོད་པའི་མཁས་པ་ཆེན་པོ་རྣམས་དང་།

ཐམས་ཅད་ཀྱི་ཞེས་བྱ་བ་དེ་རྣམས་ཉིད་དང་། ལྷ་ཆེན་པོ་དང་ཁྱབ་འཇུག་ལ་སོགས་པ་དང་། དེ་ལས་གཞན་པའོ། །དེ་བས་ན་ཞེས་བྱ་བ་ནི་བཤད་པའི་རིམ་པས་སོ། །ཀུན་རྫོབ་དང་དོན་དམ་པའི་སྒོ་ཅན་གྱི་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པ་ཉིད་དུ་རྒོལ་བ་མི་རིགས་པ་ཉིད་དུ་

རྟོགས་པ་ལའོ། །གོ་རིམས་བཞིན་དུ་དོན་དམ་པ་དང་ཀུན་རྫོབ་ཀྱི་སྒོ་ནས་ལན་བཏབ་དགོས་པས་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་རྒོལ་བ་ལ་ནི་དོན་དམ་པའི་ཐབས་ཀྱིས། དོན་དམ་པར་རྒོལ་བ་ལ་ནི་ཀུན་རྫོབ་ཀྱི་ཐབས་ཀྱིས་ལན་གདབ་པའོ། །དེ་བཞིན་དུ་རྒོལ་བ་ཁ་ཅིག་ལ་ནི་

เล่ม ๘๖ · หน้า 241b

དོན་དམ་པ་དང་ཀུན་རྫོབ་དག་དང་། ལ་ལར་ནི་ཡང་དག་པ་དང་། ཡང་དག་པ་མ་ཡིན་པའི་ཀུན་རྫོབ་དག་གིས་ལན་གདབ་པར་བྱ་བར་ཤེས་པར་བྱའོ། །དེ་ལྟར་ན་གཉི་ག་ལ་བརྟེན་པའི་ཐབས་ལ་མཁས་པས་ཞེས་བྱ་བ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཐ་སྙད་

ལ་བརྟེན་པའི་ཐབས་ལ་མཁས་པ་ལ་བྱ་བས་སོ། །དེ་ལ་ཀུན་རྫོབ་ཏུ་གཟུགས་ལ་སོགས་པ་ལ་ཡོད་པས་ན་དམིགས་པ་ཡིན་ལ་དེའི་ངོ་བོ་ཉིད་ངེས་པར་བཟུང་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ནོ། །དཀོན་མཆོག་གསུམ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱིས་ལན་བཏབ་པའོ། །

ཀུན་རྫོབ་ཏུ་སྦྱིན་པ་ལ་སོགས་པ་མཐོང་ན་ཡང་དེ་ཁོ་ན་ཉིད་དུ་མ་མཐོང་བ་ནི་ཐབས་ལ་མཁས་པ་ཞེས་བྱའོ། །ཀུན་རྫོབ་དང་དོན་དམ་པ་དག་གིས་སོ། །དེ་བཞིན་དུ་ཀུན་རྫོབ་དང་དངོས་པོ་ལ་སོགས་པ་སྲིད་པས་དེ་བཞིན་གཤེགས་པའི་མངོན་པར་རྟོགས་པ་ཡིན་ནོ། །ཡང་དག་

པའི་ཀུན་རྫོབ་ནི་མི་རྟག་པ་ལ་སོགས་པའོ། །ལོག་པའི་ཀུན་རྫོབ་ནི་རྟག་པ་ལ་སོགས་པ་ཡིན་པས་མི་རྟག་པ་ལ་སོགས་པ་ལ་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་པ་ནི་ཡང་དག་པ་དང་ལོག་པའི་ཀུན་རྫོབ་དག་གིས་འགྲུབ་སྟེ་ཚུལ་ཁྲིམས་དང་ལྡན་པའི་སྨོན་ལམ་འགྲུབ་པོ་ཞེས་སྨོས་པའི་ཕྱིར་

རོ། །ལམ་རྣམ་པར་བསྒོམས་པས་ཀྱང་འབྲས་བུ་མངོན་སུམ་དུ་མི་བྱེད་ཅེས་བྱ་བ་ནི་ཀུན་རྫོབ་ཀྱིས་ཏེ། དེ་བཞིན་དུ་ཀུན་རྫོབ་ཏུ་ཉོན་མོངས་པ་ལ་སོགས་པ་དང་། ལམ་ཡོད་པས་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཉིད་ཡོད་དོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ཡོད་

པས་དེའི་མཚན་ཉིད་ཡོད་པ་དང་། ཡང་དེ་བཞིན་དུ་གཟུགས་ལ་སོགས་པའི་རྣམ་པ་ཐམས་ཅད་ལ་བསྒོམ་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་ལེགས་པ་ཡིན་ནོ་ཞེས་ཅི་རིགས་པར་དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་སྒོ་ནས་ལན་གདབ་པར་

བྱ་སྟེ། དེ་དག་ལ་སོགས་པ་རྣམ་པ་སྟོང་དུ་བསལ་བ་སྔོན་དུ་འགྲོ་བས་ལྷ་ཆེན་པོ་དང་ཁྱབ་འཇུག་ལ་སོགས་པའི་རྒོལ་བ་དུ་མ་ཚར་གཅོད་པའི་ངེས་པ་རྣམ་པ་ཐམས་ཅད་དུ་སྟེ། ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་ཚད་མ་དུ་མ་དག་གིས་ཡང་དག་ཅིང་ཕྱིན་ཅི་མ་ལོག་པའི་ངེས་

เล่ม ๘๖ · หน้า 242a

པ་སྟེ། འདི་ཁོ་ན་ཡང་དག་པ་ཡིན་གྱི་གཞན་དག་ནི་རྨོངས་པ་ཡིན་ནོ་ཞེས་བྱ་བའི་ཤེས་པ་བརྟན་པོར་བསྐྱེད་ནས་དགེ་བ་འདོད་པ་རྣམས་ཀྱིས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ཀུན་ནས་བྱེད་ཅིང་འཚང་རྒྱ་བ་ཉིད་འདོད་པའི་བྱང་ཆུབ་སེམས་

དཔའ་རྣམས་ཀྱིས་བར་ཆད་མེད་པའི་ཏིང་ངེ་འཛིན་བསྐྱེད་པར་བྱའོ་ཞེས་བྱ་བ་དབང་དུ་བྱའོ། །ཡུལ་གྱི་དབྱེ་བས་ལོག་པར་རྟོག་པ་རྣམས་ཀྱི་དབྱེ་བ་མཐའ་ཡས་པ་ཡིན་ན་ཡང་ཉེ་བ་ན་འདུག་པའི་གདུལ་བྱའི་སྐྱེ་བོ་ལས་ལྟོས་ཏེ། བཅུ་དྲུག་ཉིད་དུ་བཤད་པ་ཡིན་ལ་དེ་བས་ན་

རྣམ་པ་སྟོང་དུ་ཞེས་བྱ་བ་དང་མི་འགལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་སེང་གེ་བཟང་པོའི་ཞལ་སྔ་ནས་ནི་གཞུང་རྟོགས་དཀའ་བའི་སྣང་བ་མདོར་མཛད་པ་ཆོས་ཀྱི་གྲགས་པས་བྱས་པ་ལས་སྐབས་ལྔ་

པའི་འགྲེལ་པའི་བཤད་པའོ།། །།རབ་ཏུ་བྱེད་པའི་ཕན་ཚུན་གྱི་འབྲེལ་པ་བརྗོད་པ་ནི། རྩེ་མོའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་ཞེས་བྱ་བ་ནི་སྔར་བཤད་པའི་རྩེ་མོའི་སྦྱོར་བ་ལ་ལྷུན་གྱིས་གྲུབ་པ་ཐོབ་པའོ། །སོ་

སོ་དང་བསྡུས་པ་ཉིད་དུ་ཞེས་བྱ་བའི་ལུགས་ལས་བཟློག་པ་དང་ལུགས་སུ་འབྱུང་བ་དག་གིས་སོ། །རྟོགས་པའི་དོན་རྣམས་ནི་བསྒོམས་པས་ཡུལ་དུ་བྱས་པའི་ཡུལ་ལོ། །གོ་རིམས་སུ་བཀླགས་པ་ནི་རིམ་གྱིས་དྲན་པ་ལ་ཡང་དག་པར་བཞག་པའོ། །བསྟན་པར་བྱ་བའི་ཕྱིར་ཞེས་

བྱ་བ་ནི་ལྷུན་གྱིས་གྲུབ་པ་དྲན་པ་ལ་འཇུག་པར་བྱ་བའི་ཕྱིར་རོ། །རྣམ་པར་སྒོམ་པར་བྱེད་པས་ཞེས་བྱ་བ་ནི་སེམས་ཕྱི་རོལ་ལས་ཡང་དག་པར་བསྡུས་ཏེ། ནང་དུ་ངེས་པར་དམིགས་པར་བྱེད་པས་སོ། །མཐར་གྱིས་པའི་མངོན་པར་རྟོགས་པའི་སྦྱོར་བ་ནི། སྦྱིན་པ་ཞེས་བྱ་བ་

ལ་སོགས་པ་སྨོས་པ་ཡིན་ཏེ། སྦྱིན་པ་དང་བཅས་པའི་ཤེས་རབ་སྟེ། ཕ་རོལ་ཏུ་ཕྱིན་པས་སོ། །བར་དག་ཅེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་ལ་སོགས་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་

เล่ม ๘๖ · หน้า 242b

པ་དག་གོ། །སངས་རྒྱས་ལ་སོགས་དྲན་དང་ནི། །ཞེས་བྱ་བ་ནི་དཀོན་མཆོག་གསུམ་རྗེས་སུ་དྲན་པས་དྲན་པ་དང་། དགེ་བ་ལ་སོགས་པ་རྗེས་སུ་དྲན་པའི་སྒོམ་པ་གང་ཡིན་པའི་ཆོས་དངོས་མེད་ངོ་བོ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་མི་དམིགས་པ་སྟེ་མཐར་གྱིས་པའི་བྱ་བར་

བཞེད། ཅེས་བྱ་བ་དེ་ནི་གོ་རིམས་ཀྱི་སྦྱིན་པ་གྲུབ་པ་ཡིན་པར་ཤེས་པར་བྱའོ། །དོན་འདི་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ནི་སྦྱིན་པར་བྱ་བ་ལ་སོགས་པ་གསུམ་པོ་ཉེ་བར་མི་དམིགས་པ་ལས་

བྱུང་བའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་གང་ཡིན་པ་དེ་རྣམ་པ་ཐམས་ཅད་དུ་སྟེ། གཏོང་བ་དང་གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་སྟེ་ཡོངས་སུ་རྫོགས་ཤིང་བསྒྲུབ་པའོ། །དྲུག་ཅེས་བྱ་བ་སྨོས་ན་ཡང་། །འདི་

དག་གི་ལས་ཤེས་པ་ཡིན་ཞེ་ན། ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་དུ་ཕ་རོལ་ཏུ་ཕྱིན་པ་སྨོས་པ་དེར་ཕ་རོལ་ཏུ་ཕྱིན་པ་བཅུ་ཤེས་པར་བྱ་སྟེ། འབྲས་བུ་ས་བཅུ་བསྟན་པའི་ཕྱིར་རོ། །ཅི་ཞིག་རྫོགས་པར་བྱེད་པས་ཤེ་ན། དེ་ནི་ས་བཅུ་

ཡང་དག་པར་བྱེད་པ་ཞེས་བྱ་བ་སྨོས་པ་ཡིན་ནོ། བར་དག་ཅེས་བྱ་བའི་སྒྲས་བསྡུས་པའི་དོན་ནི་དྲན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལུང་དང་རྟོགས་པའི་བདག་ཉིད་དག་ནི་ཆོས་ཞེས་བྱ་བ་ཡིན་པས་ཕྱོགས་གཉི་ག་ལ་ཡང་གོ་རིམས་བཞིན་དུ་ལུང་དུ་གསུངས་པ་ཉིད་

ཡིན་པ་དང་། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཆོས་དཀོན་མཆོག་ཁོ་ན་ལ་དཀོན་མཆོག་གསུམ་ཞེས་བརྗོད་དོ། །དེ་ནི་དོན་དམ་པར་ན་ལུང་དང་རྟོགས་པ་མ་གཏོགས་པར་གཞན་དུ་དཀོན་མཆོག་གསུམ་དུ་མི་འཐད་པས། གང་འདི་སངས་རྒྱས་བཅོམ་ལྡན་

འདས་ཀྱི་ཡོན་ཏན་མཐའ་ཡས་ཤིང་མཐར་ཐུག་པ་མེད་པ་འདི་དག་ནི་ཆོས་ལས་སྐྱེས་པ་ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ། ཆོས་ཀྱི་རྒྱུ་ཅན་ཆོས་ཀྱི་དབང་དུ་བྱས་པས་ཆོས་ལས་བྱུང་བ་ཆོས་ཀྱི་སྤྱོད་ཡུལ་ཅན་ཆོས་ཀྱི་རྗེས་སུ་འབྲང་བ་ཆོས་ལས་གྲུབ་པ་ཞེས་བྱ་བ་ལ་སོགས་པ་

เล่ม ๘๖ · หน้า 243a

གསུངས་པའི་རྣམ་པས་ཆོས་དྲན་པ་གང་ཡིན་པ་དེའི་མཚན་ཉིད་དང་དེའི་བདག་ཉིད་ཅན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཆོས་ཡང་དག་པར་བསྡུས་པ་ལ་སོགས་པའི་མདོ་སྡེ་ཐོས་པ་དང་བསམ་པའི་སྒོ་ནས་ཕྱིས་ཡིད་ལ་བྱེད་པས་སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་

རྣམ་པ་གསུམ་གང་ཡིན་པ་དེས་ན། ཆོས་ཀྱི་མཚན་ཉིད་ཀྱིས་ཆོས་མེད་པ་ཡིན་པའི་ཕྱིར་འདིར་རྗེས་སུ་དྲན་པ་རྣམ་པ་གཉིས་ཁོ་ན་ཡིན་ནོ་ཞེས་ཀྱང་འདོགས་པར་མི་འགྱུར་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་དཀོན་མཆོག་གསུམ་དུ་ཡང་ཡོངས་སུ་བརྟགས་པ་ཉིད་ཡིན་པའི་ཕྱིར་རོ། །

གཞན་དུ་ན་ཆོས་དཀོན་མཆོག་ཏུ་བརྟགས་པ་ཡང་ཇི་ལྟར་འགྱུར། ཡང་ན་ཆོས་ཀྱི་བདག་ཉིད་མེད་པ་ན་དཀོན་མཆོག་གཉིས་སུ་བརྟགས་པར་ཡང་མི་འགྱུར་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་དཀོན་མཆོག་གསུམ་དུ་བརྟགས་པར་མི་རིགས་པ་མ་ཡིན་ནོ། །ཡང་ན་འདིར་

གཉིས་སུ་མེད་པའི་སྟོང་པའི་ཡེ་ཤེས་ཁོ་ན་ལ་ཉོན་མོངས་པ་བག་ཆགས་དང་བཅས་པ་མེད་པས་གཙོར་དགའ་བ་བསྐྱེད་པ་ཉིད་ཀྱིས་ན་ཆོས་དཀོན་མཆོག་ཡིན་པའི་ཕྱོགས་འདི་ལ་ནི་དཀོན་མཆོག་གསུམ་དུ་གཏོགས་པའི་ཆོས་ཀྱི་སྒྲས་ལུང་ཡིན་པར་ཤེས་པར་བྱའི་གཉིས་

སུ་མེད་པའི་ཡེ་ཤེས་ནི་མ་ཡིན་ཏེ། དེས་གང་དུ་ཡང་བྱེ་བྲག་ཏུ་འབྱེད་པར་མི་བྱེད་དོ། །དེ་ནི་དོན་དམ་པར་ཞེས་སྨོས་པ་ཡིན་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ནི་དངོས་ཀྱིས་ཕྱེ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱོགས་འདི་ལ་ཆོས་ཀྱི་སྒྲས་ལུང་དང་རྟོགས་པ་ཡིན་པར་བཤད་དེ་

རྣམ་གྲངས་ཡིན་པས་སོ། །སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །འཛིན་དང་དེ་ནི་སྟོན་པ་དང་། །སྒྲུབ་པར་བྱེད་པ་ཉིད་དག་གོ། །ཞེས་བྱ་བས་འགལ་བ་མེད་དེ། །ངན་འགྲོ་ཐམས་ཅད་འཇིག་པར་བྱེད་པ་ཉིད་ཀྱིས་ན་དགའ་བ་སྐྱེད་པར་བྱེད་པ་

གང་ཅི་ཡང་རུང་བ་དེ་ཐམས་ཅད་འདི་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ། །དེ་བས་ན་དཀོན་མཆོག་འདི་ལས་གཞན་མེད་པས་དཀོན་མཆོག་གསུམ་ལས་ལྷག་པར་ཐལ་བར་མི་འགྱུར་རོ། །དེ་ཁོ་ན་ཉིད་དུ་ནི་ཡང་དཀོན་མཆོག་གསུམ་པོ་མཐའ་ཡས་པར་འདོད་པ་ཉིད་ཆོས་ལས་མ་

เล่ม ๘๖ · หน้า 243b

གཏོགས་པར་གཞན་ཡིན་པར་མི་རུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་ཕག་མོའི་རྟོགས་པ་བརྗོད་པ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ངན་འགྲོར་མི་འགྲོ་སྟེ། །མི་ཡི་ལུས་ནི་རྣམ་སྤངས་ནས། །དེ་ཡིས་ལྷ་ཡི་ལུས་འཐོབ་བོ། །ཞེས་བྱ་བ་དང་། དེ་བཞིན་དུ་གང་

ཞིག་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་སྔ་མ་བཞིན་དུ་སྨོས་སོ། །དཀོན་མཆོག་གསུམ་པོ་འདི་དག་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་ལམ་རྣམ་པ་གསུམ་གྱི་ངོ་བོ་ཉིད་ཡིན་ཏེ། དེ་ནི་གོ་རིམས་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ།

དཀོན་མཆོག་གསུམ་རྗེས་སུ་དྲན་པ་འདིས་ཀྱང་ལམ་གསུམ་ལ་སྐྱེས་པའི་བར་ཆད་མེད་པའི་ལམ་ཐོབ་བོ་ཞེས་སྟོན་ཏོ། །སངས་རྒྱས་ལ་སོགས་པ་ཞེས་བྱ་བའི་སོགས་པའི་སྒྲས་བསྡུས་པའི་རྗེས་སུ་དྲན་པ་གཞན་དག་ཀྱང་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྦྱིན་

པ་ལ་སོགས་པ་ཕྱི་དང་ནང་གི་མུ་སྟེགས་པའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པ་ཉིད་ནི་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་གང་ཡིན་པ་དེ་རྣམས་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ནི་སྔར་བཤད་པའི་སྦྱིན་པ་ལ་

སོགས་པ་དྲན་པའི་ཁྱད་པར་ཚད་མ་དང་། ལུང་གིས་གྲུབ་པ་གང་ཡིན་པ་དེས་ཁོང་དུ་ཆུད་པས་སྦྱིན་པ་ལ་སོགས་པ་དྲན་པའི་ཤེས་པས་རྟོགས་པའི་ཁྱད་པར་གང་ཡིན་པ་དེ་ནི་མཐར་གྱིས་པའི་ཁྱད་པར་བཞེད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་

བཅོས་མངོན་པར་རྟོགས་པའི་རྒྱན་ལས་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་གཞུང་རྟོགས་པར་དཀའ་བའི་སྣང་བ་མདོར་བཤད་པ་ཆོས་ཀྱི་གྲགས་པས་མཛད་པ་ལས་སྐབས་དྲུག་པའི་འགྲེལ་པའི་བཤད་པའོ།། །།རབ་ཏུ་བྱེད་པའི་འབྲེལ་པ་བརྗོད་པ་ནི་མཐར་གྱིས་

པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མཐར་གྱིས་པའི་མངོན་པར་རྟོགས་པའི་སྦྱིན་པ་ལ་སོགས་པའི་མཚན་ཉིད་དོ། །རྣམ་པར་བསྒོམ་པ་ནི་བསླབ་པ་སྟེ་གང་གིས་དེ་ཤིན་ཏུ་གོམས་པར་བྱས་པའི་ཕྱིར་ཏེ། ལྷུན་གྱིས་གྲུབ་པ་དྲན་པའི་ཕྱིར་རོ། །དེ་དག་ཉིད་ཅེས་བྱ་བ་ནི་

เล่ม ๘๖ · หน้า 244a

བཤད་མ་ཐག་པའི་སྦྱིན་པ་ལ་སོགས་པའོ། །སྐད་ཅིག་མ་གཅིག་གིས་བསྒོམ་པ་ནི། སྐད་ཅིག་མ་དཔག་ཏུ་མེད་པས་རྣམ་པར་བསྒོམས་པ་རྣམས་ཤིན་ཏུ་མང་དུ་གོམས་པའི་ཕྱིར། སྐད་ཅིག་མ་གཅིག་ལ་ངེས་པར་དམིགས་པ་ནི་སྐད་ཅིག་མ་གཅིག་

པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། སྐད་ཅིག་མ་གཅིག་པར་གྱུར་པའི་སྦྱོར་བའི་ཡེ་ཤེས་ཀྱི་ཁྱད་པར་རོ། །དེ་ཡང་མཚན་ཉིད་ཀྱིས་ཏེ། རང་གི་ངོ་བོ་ཉིད་རྣམ་པ་བཞི་ཡོད་པ་ལས་དང་པོ་སྟེ། ཐོག་མ་ནི་རྣམ་པར་སྨིན་པ་མ་ཡིན་པ་སྟེ། ཕྱི་རོལ་གྱི་རྒྱུ་དང་རྐྱེན་

གྱིས་མངོན་པར་འདུས་མ་བྱས་པ་ཟག་པ་མེད་པ་ཞེས་བྱ་བ་ཉོན་མོངས་པ་མེད་པའི་ཆོས་ཐམས་ཅད་དོ། །ཆོས་མངོན་པ་ལས། ཟག་མེད་ལམ་གྱི་བདེན་པ་དང་། །ཞེས་སྨོས་པས་འདིར་ལམ་གྱི་བདག་ཉིད་ཅན་གྱི་སྦྱིན་པ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱི་སྐད་ཅིག་

མ་གཅིག་པའི་མཚན་ཉིད་ནི་སྐད་ཅིག་མ་གཅིག་གི་བདག་ཉིད་ཅན་ནོ། །སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པའི་བྱང་ཆུབ་པ་ནི་སྐད་ཅིག་མ་གཅིག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །ལམ་ནི་སྦྱིན་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ།

ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །དངོས་པོ་སོ་སོར་ངེས་པར་འཛིན་པ་ནི་ཤེས་པ་གང་ལ་སྦྱིན་པར་བྱ་བ་ལ་སོགས་པའི་ཡུལ་ལ་དམིགས་པའོ། །དེ་དང་བྲལ་བ་ནི་དེ་ལས་འདས་པའོ། །དེ་ཉིད་ཀྱིས་ན་གོ་བཟློག་པའི་ངོ་བོ་སྟེ། སྦྱིན་པ་ལ་སོགས་པའི་ཡུལ་གཅིག་

ཤེས་པ་ལས་གོ་བཟློག་པས་སོ། །གོ་བཟློག་པའི་རྒྱུ་ནི་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཟག་པ་མེད་པའི་སྦྱིན་པ་ལ་སོགས་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་མཚན་ཉིད་ཀྱི་ཆོས་རྣམས་གང་ཡིན་པ་དེ་བསྡུས་པའི་ཕྱིར་ཞེས་བྱ་བ་སྦྱིན་པ་ལ་སོགས་པ་

གཅིག་ལ་ཆོས་ཀྱི་དབྱིངས་ཉིད་ཀྱི་ཁོངས་སུ་འདུས་པའི་རྒྱུས་ན་ཐུབ་པ་ཞེས་བྱ་བ་མཉམ་པར་གཞག་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་ཡིན་པར་ཤེས་པར་བྱ་སྟེ། ཟག་པ་མེད་པའི་ཡུལ་དཔག་ཏུ་མེད་པ་ཤེས་པ་གཅིག་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་སྐད་ཅིག་

เล่ม ๘๖ · หน้า 244b

མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཞེས་བྱ་བ་སྟེ། སྐད་ཅིག་མ་གཅིག་པར་གྱུར་པའི་ཡེ་ཤེས་སོ། །ཡུལ་དཔག་ཏུ་མེད་པ་ལ་ཡེ་ཤེས་གཅིག་གི་བྱ་བ་ཇི་ལྟར་ཡིན་ཞེས་བྱ་བ་གཏན་ཚིགས་ཉིད་ཀྱིས་དཔེ་བསྟན་པ། ཇི་ལྟར་སྐྱེས་བུས་ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ། རབ་ཏུ་བྱེད་པ་དང་འགྲེལ་པ་ནི་གོ་སླའོ། །སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གཉིས་པ་ནི་དེ་ལྟར་དང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྣམ་པར་སྨིན་པའི་ཆོས་ཉིད་ནི་འཚང་རྒྱ་བ་ཉིད་ཀྱི་འབྲས་བུ་སྟེར་བ་ལ་མངོན་པར་ཕྱོགས་པ་དེ་

དང་ལྡན་པའི་ཟག་པ་མེད་པར་ཆོས་ཐམས་ཅད་དམིགས་པ་རབ་མཆོག་ཏུ་གྱུར་པའི་སྦྱིན་པ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱི་སྐད་ཅིག་མ་གཅིག་པའི་མཚན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་སུ་འཚང་

རྒྱ་བ་ཉིད་ཀྱི་འབྲས་བུ་འབྱིན་པ་ལ་མངོན་པར་ཕྱོགས་པའི་རྣམ་པའི་ཁྱད་པར་ནི། གང་གི་ཆོས་དཀར་པོ་ཐམས་ཅད་ཀྱང་རང་བཞིན་དུ་སྐྱེས་པ་ཡིན་ཞིང་ཉོན་མོངས་པའི་ཆོས་ཀྱི་དབྱིངས་སུ་ཡང་དག་པར་བྱུང་བ་ནི། སྔར་བཤད་པའི་སྦྱིན་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་ནི་ལྷག་

མའོ། །དེའི་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཞེས་བྱ་བ་དེའི་ཚེ་སྦྱིན་པ་ལ་སོགས་པ་སྐད་ཅིག་མ་གཅིག་པར་གྱུར་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཚིག་ལེའུར་བྱས་པ་འདི་ཉིད་ཀྱི་དོན་ནི། གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ།

གང་གི་ཚེ་བྱང་ཆུབ་སེམས་དཔའི་གཉེན་པོ་བསྒོམས་པས་ཞེས་བྱ་བ་སྔར་བཤད་པའི་ཐམས་ཅད་མཁྱེན་པ་གསུམ་པ་ལ་སོགས་པའི་བསམ་གཏན་གྱི་མི་མཐུན་པའི་ཕྱོགས་ཐམས་ཅད་མེད་དེ་ཞེས་བྱ་བ་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བས་རྣམ་པར་བྱང་བའི་ཆོས་

ཐམས་ཅད་དེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་སོགས་པའི་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་གང་ཡིན་པ་སྟེ། འཚང་རྒྱ་བ་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བའི་རྒྱུ་ཉིད་ཡིན་པ་དེ་ནི་དྲི་མ་ཐམས་ཅད་དང་བྲལ་བས་ཞེས་བྱ་བ་གཟུང་བ་ལ་སོགས་པའི་ལྟ་བ་

เล่ม ๘๖ · หน้า 245a

སྤངས་པས་སྟོན་ཀའི་ཟླ་བའི་འོད་བཞིན་དུ་དཀར་པོའི་ཆོས་སྐྱེས་པ་ཞེས་བྱ་བ་དྲི་མ་མེད་པར་གྱུར་པ་དེའི་ཚེ་སྐད་ཅིག་མ་གཅིག་ཁོ་ན་ལ་རྣམ་པར་སྨིན་པའི་གནས་སྐབས་སུ་གྱུར་པ་ཐོབ་པ་ནི་འཚང་རྒྱ་བ་ཉིད་ཀྱི་རྒྱུ་ཉིད་དུ་གྱུར་པ་ན་ཟག་པ་མེད་པ་སྟེ། ཉོན་མོངས་པ་དང་བྲལ་

བའི་ཆོས་ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་སོགས་པ་རྟོགས་ཤིང་ལྷུན་གྱིས་གྲུབ་པའི་དྲན་པའི་ཡེ་ཤེས་ནི་ཞེས་བྱ་བ་རྟོགས་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། །དེའི་རྒྱུར་གྱུར་པ་ཉིད་ཀྱིས་ན་རབ་ཀྱི་མཐར་ཐུག་པ་ལ་འཇུག་པའི་ཡེ་ཤེས་ནི་སྐད་ཅིག་མ་

ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གསུམ་པ་ནི་དེ་ལྟར་གཉིས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཕྱིའི་མཚན་ཉིད་མེད་པས་ན་མཚན་ཉིད་མེད་པའོ། །ཆོས་ཐམས་ཅད་ནི་སྔར་བཤད་པ་གང་ཡིན་པ་སྟེ། དེ་རྣམས་

སྐད་ཅིག་མ་གཅིག་པའི་མཚན་ཉིད་ཅེས་བྱ་བ་སྐད་ཅིག་མ་གཅིག་པའི་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པའོ། །སྦྱིན་པ་ཞེས་བྱ་བ་ལ་སོགས་པ་མངོན་པར་རྫོགས་པར་བྱང་ཆུབ་པ་གསུམ་པའི་ཚིག་ལེའུར་བྱས་པའི་དོན་ནི་སྔོན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྔོན་ཆོས་

ཐམས་ཅད་རྨི་ལམ་ལྟ་བུར་གོམས་པས་ཞེས་བྱ་བ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་ལ་སོགས་པ་དང་མཉམ་མོ། །ཞེས་སྔར་བསྒོམས་པས་ཚོགས་གཉིས་ཉམས་སུ་མྱོང་བར་བྱས་ནས་ཞེས་བྱ་བ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་

ཉེ་བར་བསགས་ནས་རྟོགས་པའི་གནས་སྐབས་ན་ཞེས་བྱ་བ་ཡང་དག་པའི་ཡེ་ཤེས་ཐོབ་ཏུ་རུང་བའི་གནས་སྐབས་སུ་རྨི་ལམ་གྱི་ངོ་བོ་ཉིད་ཅེས་བྱ་བ་དངོས་པོ་མེད་པའི་ཆོས་ཐམས་ཅད་དེ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་གང་ཡིན་པ་དེ་རྣམས་ལའོ། །དེ་ནི་ཉེ་བར་

ལེན་པའི་ཕུང་པོ་ལ་གནས་ཏེ་ཞེས་བྱ་བ་སྨོས་པ་ཡིན་ཏེ། ཟག་པ་དང་བཅས་པ་དང་། ཀུན་འབྱུང་གི་ཕུང་པོ་དང་། ཟག་པ་མེད་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལ་དམིགས་ཏེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ཞེས་བྱ་བ་སྦྱིན་པ་ལ་སོགས་པ་

เล่ม ๘๖ · หน้า 245b

ཉམས་སུ་ལེན་པས་སྦྱིན་པ་ལ་སོགས་པའི་ངོ་བོ་ཉིད་སྦྱིན་པར་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ལ་བདག་མེད་པར་ངེས་པར་རྟོགས་པ་ནི་ངེས་པར་བརྟགས་པ་སྟེ། དེའི་རྣམ་པ་ཅན་གྱིས་ཆོས་ཐམས་ཅད་ནི་མཚན་ཉིད་མེད་པའོ། །ཞེས་བྱ་བ་གཟུགས་ལ་སོགས་པ་ཕྱིའི་མཚན་ཉིད་ཀྱི་སྟོང་

པ་ཉིད་ཀྱིས་ན་ངོ་བོ་ཉིད་མེད་པའོ། །ཞེས་དེ་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ངོ་བོ་སྔར་བཤད་པའི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་བདག་ཉིད་ཅན་གྱི་ཆོས་རྣམས་ཏེ་གཟུང་བ་ལ་སོགས་པ་དང་ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་སོགས་པ་ནི་མཚན་ཉིད་མེད་པ་ཉིད་དུ་

ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུ་ཉིད་དུ་གྱུར་པས་ན་དེའི་མཚན་ཉིད་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་བཞི་པ་ནི་དེ་ལྟར་གསུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྨི་ལམ་ན་ནི་ཞེས་བྱ་བ་ལ་སོགས་པའི་ཚིག་

ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །མངོན་པར་རྟོགས་པ་རྣམ་པ་བཞི་ནི་གདུལ་བྱའི་སྐྱེ་བོའི་དྲུང་ན་གནས་པ་ལས་ལྟོས་ནས་ལྡོག་པའི་དབྱེ་བས་གསུངས་པ་ཡིན་ནོ། །དེ་བས་ན་ཁ་ཅིག་ན་རེ་རྣལ་འབྱོར་པས་གང་ཡང་རུང་བ་ཅིག་རྟོགས་པར་བྱའོ་ཞེས་འདོད། གཞན་

དག་ནི་བཞི་ཅར་ཡང་རྟོགས་པར་བྱའོ་ཞེས་འདོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་གཞུང་རྟོགས་པར་དཀའ་བའི་སྣང་བ་མདོར་བཤད་པ་ཆོས་ཀྱི་གྲགས་པས་མཛད་པ་ལས་

སྐབས་བདུན་པའི་འགྲེལ་པའི་བཤད་པའོ།། །།དེ་ལྟར་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་རྟོགས་པ་བརྗོད་ནས། ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་ནི་སྐད་ཅིག་མ་གཅིག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཆོས་ནི་དྲན་པ་ཉེ་བར་གཞག་

པ་ལ་སོགས་པའོ། །དེའི་བདག་ཉིད་ཅན་གྱི་སྐུ་གང་ཡིན་པ་ནི་ཡེ་ཤེས་ཀྱི་ཕྲ་རབ་བསགས་པའོ། །དེ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཡེ་ཤེས་སོ། །དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས་ཞེས་བྱ་བ་ཡང་དག་པར་ན་གཅིག་ཡིན་དུ་ཟིན་ཀྱང་

เล่ม ๘๖ · หน้า 246a

ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་བྱེ་བྲག་གི་རྒྱུ་ཡོད་པས་རྣམ་པ་བཞི་ཡིན་ནོ། །ཐུབ་པའི་ངོ་བོ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི། ཐུབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནི་དྲན་པ་ཉེ་བར་

གཞག་པ་དང་། ཡང་དག་པར་སྤང་བ་ལ་སོགས་པ་ལའོ། །ཡེ་ཤེས་ཀྱི་བདག་ཉིད་འཇིག་རྟེན་ལས་འདས་པ་ནི་ཕྱིའི་འཇིག་རྟེན་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ཟག་

པ་མེད་པ་ནི་ཉོན་མོངས་པ་མེད་པའོ། །ཇི་ལྟ་བུ་ཞེ་ན། དྲི་མ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲི་མ་རྣམས་གློ་བུར་བ་ཡིན་པ་ཉིད་ཀྱིས་ཞེས་བྱ་བ་ཉོན་མོངས་པ་རྣམས་བཅོས་མ་ཡིན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་རྣམ་པར་དག་པ་ནི་ཕྱི་དང་ནང་དྲི་མ་མེད་པའོ། །རང་

བཞིན་གྱིས་དབེན་པའི་མཚན་ཉིད་དུ་གྱུར་པ་ནི་ངོ་བོ་ཉིད་ཀྱིས་གཟུང་བ་ལ་སོགས་པ་མེད་པའི་བདག་ཉིད་ཅན་ཐོབ་པ་སྟེ། སྒྱུ་མ་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་གི་རང་བཞིན་ངོ་བོ་ཉིད་གང་

ཞིག་ཡིན་ཞེ་ན། སྐྱེ་བ་མེད་པའི་ངོ་བོ་ཉིད་དེ། སྒྱུ་མ་ལྟ་བུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་འདི་ནི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཡིན་ནོ་ཞེས་བྱ་བ་གོང་མ་དང་སྦྱར་རོ། །ངོ་བོ་ཉིད་དུ་གྱུར་པའི་རྒྱུ་ནི་བཅོས་མ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་

ཡིན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱི་ཞེས་བྱ་བ་རྫོགས་པའི་སངས་རྒྱས་ལ་སོགས་པའི་སྤྱོད་ཡུལ་མངོན་པར་རྟོགས་པ་བརྒྱད་ཀྱི་ཐབས་ཀྱིས་ཐོབ་པ་སྟེ། འདིར་ཐོས་པ་མེད་པས་ཀུན་རྫོབ་ཀྱི་ཡུལ་དུ་བྱས་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །བྱས་པ་ནི་མ་ཡིན་པས་ཞེས་

བྱ་བ་ནི་ནང་གི་མུ་སྟེགས་པ་རྣམས་ཀྱིས་མྱ་ངན་ལས་འདས་པ་དང་འདྲ་བར་ལམ་གྱིས་བསྐྱེད་ནས་ཐོབ་པར་བྱ་བ་ཐོབ་པ་མ་ཡིན་པའོ། །རྒྱུ་དེས་ན་བཅོས་མ་མ་ཡིན་པའི་དོན་གྱིས་ན་སྐྱེ་བ་མེད་པ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །དེ་ལྟ་ཡིན་ན་ཁྱེད་ཅག་གི་ཕྱོགས་ལ་

เล่ม ๘๖ · หน้า 246b

ཡང་སྐུ་དང་ལམ་དག་ཡུལ་དང་ཡུལ་ཅན་ཉིད་དུ་ཡོད་པ་དེ་གཉི་ག་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་མེད་པ་ནི་མ་ཡིན་ནོ། །དེ་བས་ན་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ཇི་ལྟར་འགྲུབ་ཅེ་ན། རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་ཤེས་པ་སྒྱུ་མ་ལྟ་བུས་

དམིགས་པར་བྱ་བ་ལ་སོགས་པ་རང་བཞིན་གྱིས་སྟོང་པའི་སེམས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྟོགས་ཤིང་མཐོང་བ་གང་ཡིན་པ་དེས་ཐོབ་པ་ནི་ཤེས་པ་ཡིན་ནོ། །ཕྱི་རོལ་ལྟ་བ་རྣམས་ཀྱིས་ནི་གཉི་ག་ཡོད་པས་ཡུལ་དང་ཡུལ་ཅན་ཉིད་དང་། རྒྱུ་དང་འབྲས་

བུའི་དངོས་པོའི་མཚན་ཉིད་དུ་འཐད་པ་ཡིན་གྱི། འདིར་ནི་སྒྱུ་མའི་སྐྱེས་བུ་ལྟར་སྤྱད་པར་བྱའོ། །ཞེས་སྨོས་པས་ཡང་དག་པར་ན་ཡུལ་དང་ཡུལ་ཅན་མེད་པའི་ཕྱིར་ལམ་གྱི་ཡུལ་ཉིད་མ་ཡིན་ནོ། །དེ་བས་ན་ཀུན་རྫོབ་ཏུ་དེའི་ཡུལ་ཡིན་ན་ཡང་ངོ་བོ་ཉིད་ཀྱི་སྐུ་འབྲས་བུ་ཉིད་མ་ཡིན་པས་

བཅོས་མ་མ་ཡིན་པར་ཇི་ལྟར་འགྱུར་ཞེས་བྱ་བར་དགོངས་སོ། །ཅི་སྐུ་གསུམ་པོ་ངོ་བོ་ཉིད་ཀྱི་སྐུ་ལས་གཞན་ཡིན་ནམ་ཞེ་ན། སྐུ་ལྷག་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐུ་ལྷག་མ་ནི་ངོ་བོ་ཉིད་ཀྱི་སྐུ་ལས་གཞན་པའོ། །སྐུ་གསུམ་པོ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ཞེས་

བྱའོ། །ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་ནི་ཏིང་ངེ་འཛིན་གྱི་ཤེས་པའི་ཡུལ་ལོ། །དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་ནི་ཡང་དག་པར་ན་ཡུལ་དང་ཡུལ་ཅན་ཉིད་མེད་པས་གཟུང་བ་ལ་སོགས་པ་མེད་པའི་ཕྱིར་གཉིས་སུ་མེད་པའི་བདག་ཉིད་ཅན་ནོ། །ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་ཞེས་བྱ་

བ་ནི་ཉམས་སུ་ལེན་པའི་མངོན་པར་ཞེན་པ་ལས་མ་འདས་པར་འབྱུང་བ་དེ་ནི་ངོ་བོ་ཉིད་ཀྱི་སྐུའི་ཡུལ་དུ་རྣམ་པར་གཞག་པའམ། དེའི་འབྲས་བུའི་ཐ་སྙད་ཡིན་གྱི་ཡང་དག་པར་ནི་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཡེ་ཤེས་གཅིག་གི་བདག་ཉིད་ངོ་བོ་ཉིད་ཀྱི་སྐུ་ལ་འབྲས་བུ་

འམ། དེའི་ངོ་བོ་ཉིད་རྣམ་པ་གསུམ་ཡིན་པ་འདི་ག་ལས་ཤེས་ཞེས་བརྟགས་པ་ལ། ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་ནི་ཞེས་བྱ་བའོ། །འདི་ཉིད་ཀྱི་དོན་ལ་རབ་ཏུ་གསལ་བར་བྱ་བ་ནི། སངས་རྒྱས་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་

เล่ม ๘๖ · หน้า 247a

ཐོས་ལ་སོགས་པའི་སྤྱོད་ཡུལ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པ་རྣམ་པ་གསུམ་བསྟན་པའི་དོན་དུ་དེ་དང་ཐ་མི་དད་ཀྱང་ཞེས་བྱ་བ་ངོ་བོ་ཉིད་ཀྱི་སྐུ་དང་བྱེ་བྲག་མེད་ན་ཡང་ཐ་དད་པར་རྣམ་པར་གཞག་གོ་ཞེས་སྐུ་གསུམ་

དུ་དབྱེ་བས་བརྗོད་པ་ནི་སྐུ་གསུམ་གྱི་བྱེ་བྲག་ཡིན་ནོ། །ཅི་དེ་ལས་ཐ་དད་པ་འམ་ཐ་མི་དད་པ་ཡིན། ཐ་མི་དད་ན་བྱེ་བྲག་ཡོད་པ་མ་ཡིན་ནོ་ཞེ་ན། བྱེ་བྲག་མེད་པ་ནི་ལུགས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལུགས་ལས་ཞེས་བྱ་བ་ནི་རིགས་པར་སྨྲ་བ་རྣམས་ཀྱིས་

ཤེས་པ་ཡིན་པས་ན་རིགས་པ་སྟེ། རིགས་པའི་བསྟན་བཅོས་ལས་སོ། །གང་གི་ཕྱིར་ཞེས་བྱ་བ་ནི་གང་གིས་ནའོ། །དབེན་པ་ཅན་ལས་ནི་དབེན་པ་ཐ་དད་པ་ཉིད་དུ་མི་འདོད་ཅེས་བྱ་བ་ཐ་དད་པ་ཅན་ལས་ཐ་དད་པར་མི་འདོད་པ་ནི་དབྱེར་མེད་པ་ཉིད་དོ། །གང་ཞིག་ཅེ་ན་དབེན་པ་སྟེ་ལྡོག་

པའོ། །ལྡོག་པ་ནི་དངོས་པོ་མེད་པ་ཉིད་ཡིན་ལ་ཀུན་རྫོབ་ཏུ་ནི་དངོས་པོ་དང་བྱེ་བྲག་ཡོད་པས་བྱེ་བྲག་ཅན་ཞེས་བྱ་བ་དེ་ཉིད་ནི་སངས་རྒྱས་པ་རྣམས་འདོད་ཀྱི་གཞན་དག་ནི་མ་ཡིན་པས་འདིར་ཡང་དེ་ཉིད་ཀྱིས་སྐུ་གསུམ་པོ་བུམ་པ་དང་སྣམ་བུ་དག་བཞིན་དུ་ཐ་དད་པ་ཡིན་ནོ་ཞེས་བྱ་བར་དགོངས་

སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་ཕྱོགས་མཐུན་ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་སྐུའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །ནང་གཟུགས་དང་ཞེས་བྱ་བ་ལ་སོགས་པ་ཆུང་ངུ་དང་ཆེན་པོའི་རྣམ་པ་དག་ནི་ཆུང་ངུ་དང་རྒྱ་ཆེན་པོ་དག་གིས་ལྟ་བ་རྣམ་པ་གཉིས་དང་།

ཟིལ་གྱིས་མནན་པའི་ཤེས་པ་རྣམ་པ་གཉིས་ཏེ་བཞི་དང་། དེ་བཞིན་བཞི་པ་གཉིས་པ་སྟེ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམ་པ་བརྒྱད་དོ། །ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་སྨོན་གནས་མཁྱེན་པ་ནི་མཚན་མ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་

ཏེ། ཡང་དག་པར་ཞེས་བྱ་བ་ཕྱིར་མི་ལྡོག་པར་རོ། །མཚན་མ་ཐམས་ཅད་དང་ཞེས་བྱ་བ་རྒྱུ་དང་བྲལ་ཞིང་སྤངས་པ་དང་། ཆགས་པ་བཅོམ་པ་སྟེ། མངོན་པར་ཆགས་པ་དང་། ཉོན་མོངས་པའི་བག་ཆགས་དང་བཅས་པ་ལ་སོགས་པ་དང་བྲལ་བ་གང་ཡིན་པ་དེ་དང་། ཐེ་

เล่ม ๘๖ · หน้า 247b

ཚོམ་སེལ་བར་མཛད་པ་སྟེ། འདྲི་བའི་ལན་ལྡོན་པར་བྱེད་པའི་འོག་ནས་བཤད་པའི་སྨོན་ལམ་གང་ཡིན་པ་དེ་གྲུབ་ཅིང་རྫོགས་པས་འཁོར་བ་ཇི་སྲིད་པར་ཞེས་བྱ་བ་སེམས་ཅན་གྱི་སྲིད་པ་ཅི་སྙེད་པ་དང་། རྣམ་པར་གྲོལ་བ་ཅི་སྲིད་པའི་གནས་སྐབས་སུ་ཞེས་བྱ་བ་འཚང་རྒྱ་བ་ཉིད་ཀྱི་

བར་དུ་འཇུག་ཅིང་རྒྱུན་མི་འཆད་པར་རབ་ཏུ་འཇུག་པས་ན་སྨོན་གནས་མཁྱེན་པ་སྟེ། དེ་བཞིན་གཤེགས་པ་གཞན་གྱི་དོན་ལ་ངེས་པའི་ཡེ་ཤེས་སོ། །དེ་བཞིན་གཤེགས་པའི་སྟེ། ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་ལྡན་པའི་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་

པ་གང་དུ་བྱུང་བ་དེ་ནི་འདིའི་བསྲུང་བ་མེད་པ་རྣམ་པ་གསུམ་ཡིན་ནོ་ཞེས་འོག་མ་དང་སྦྱར་རོ། །སྐུ་ལ་སོགས་པ་གསུམ་རྣམ་པར་དག་པས་ལོག་པར་ཀུན་ཏུ་སྤྱོད་པ་ཉིད་ག་ལ་ཡོད་དེ། གང་ལུས་ལ་སོགས་པ་མ་དག་པར་གྱུར་ན་རྒོལ་བ་པོ་གཞན་གྱིས་ཡོངས་སུ་ཤེས་པ་སྟེ། གཞན་

གྱིས་ཡོངས་སུ་ཤེས་ཤིང་ཀུན་ནས་མཁས་པ་དེ་ལས་བསྙེངས་ཤིང་འཇིག་པ་ནི་ཡོངས་སུ་ཤེས་པའི་སྐྲག་པས་བཅབ་པར་བྱའོ་སྙོམ་པའི་ཞེས་བྱ་བ་སོ་སོའི་སྐྱེ་བོ་དང་འདྲ་བར་བདག་ཉིད་ཀྱིས་མི་ཤེས་པ་སྦེད་ཅིང་འཆབ་པ་ཞེས་བྱ་བ་ངེས་པར་འབྱེད་པ་ཡིན་པ་ལས་མི་མངའོ་ཞེས་བྱ་

བ་བརྙེས་པ་འདི་དེ་བཞིན་གཤེགས་པ་ལ་མི་མངའ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཆོས་ཀྱི་སྐུའི་གནས་སྐབས་སུ་སློབ་དཔོན་རྣམས་ཀྱིས་ལོག་པར་རྟོགས་པ་མང་དུ་ཡོད་དོ་ཞེས་བསྟན་པ་ནི། ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པ་

སྨོས་པ་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཐམས་ཅད་ཀྱང་གནས་ཡོངས་སུ་གྱུར་པས་ཞེས་བྱ་བ་ཟག་པ་དང་བཅས་པའི་ཕུང་པོའི་རྟེན་དུ་གྱུར་པས་ཞེས་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་སུ་གྲུབ་པའོ། །དེའི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་

ཉིད་ཆོས་ཀྱི་སྐུར་མངོན་པར་བརྗོད་དོ་ཞེས་ཁ་ཅིག་ཟེར་ཞིང་ཁས་ལེན་པ་ནི་གཅིག་ཡིན་ནོ། །གཞན་དག་ནི་གཞན་དུ་འདོད་དེ། །དེ་ནི་ཐུབ་པའི་ཞེས་བྱ་བ་སྨོས་ཏེ། དེའི་ཕྱོགས་ལྟར་ན། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་བྱ་བ་

เล่ม ๘๖ · หน้า 248a

ལ་སོགས་པའི་ཚིག་ལེའུར་བྱས་པ་དོན་གཅིག་སྟེ། ངོ་བོ་ཉིད་ཀྱི་སྐུ་ཁོ་ན་ཆོས་ཀྱི་སྐུ་ཉིད་དུ་འཆད་དོ་སྙམ་མོ། །འདིར་ཁ་ཅིག་ཉེས་པ་ཡོད་པར་སྨྲ་སྟེ་དེ་ནི་གཞན་དག་ན་རེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་དག་གི་ལྟར་ན་ངོ་བོ་ཉིད་ཀྱི་སྐུ་ལ་ཆོས་ཀྱི་སྐུ་དབྱེ་བ་ཉིད་ཡིན་ན། རྣལ་འབྱོར་པའི་ཀུན་རྫོབ་

ཏུ་རྫོགས་པའི་སངས་རྒྱས་ལ་སོགས་པའི་ཐ་སྙད་ཀྱི་དབང་གིས་དོན་ཁྱད་པར་ཅན་སྣང་བ་སྐྱེད་པ་ཞེས་བྱ་བ་གདུལ་བྱ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ངེས་པར་ལེགས་པ་དང་། མངོན་པར་མཐོ་བའི་ཤེས་པ་འཐོབ་པ་དེའི་སྒོ་ནས་ཏེ། དེའི་དབང་གིས་གནས་ཡོངས་སུ་གྱུར་པ་ཞེས་བྱ་བ་ཟག་པ་

དང་བཅས་པའི་ཕུང་པོའི་གནས་ལྡོག་ཅིང་ཡོངས་སུ་གྱུར་པ་ཟག་པ་མེད་པ་ཉིད་ཀྱིས་གཞན་གྱི་དོན་ནུས་པ་ཉིད་དུ་ཡང་འཁྲུངས་ཏེ། ཆོས་སྟོན་པ་ལ་སོགས་པའི་དོན་གྱི་བྱ་བ་མཛད་པ་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་གདོན་མི་ཟ་བར་ཁས་བླང་དགོས་པ་རྣམས་གཞན་གྱི་དོན་

འདོད་པ་རྣམས་ཀྱིས་ངེས་པར་འདོད་པར་བྱའོ། །གཞན་དུ་ན་རྟེན་མེད་པ་ཉིད་ཀྱིས་ན་གཞན་གྱི་དོན་མེད་པར་ཐལ་བར་འགྱུར་རོ། །དེས་ན་ཇི་ལྟར་བསྡུ་བར་བྱ་སྟེ། །མ་ཡིན་པ་ཁོ་ནའོ་ཞེས་བྱ་བ་ནི་གཞན་དག་གི་ཡིན་ཏེ། ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་དག་ཡེ་ཤེས་ཀྱི་བདག་ཉིད་ཅན་ཉིད་

དང་། སངས་རྒྱས་ཀྱི་སྤྱོད་ཡུལ་ཉིད་ཡིན་པར་མཚུངས་ན་ཡང་འགྲོ་བའི་དོན་མཛད་པའི་སེམས་དང་སེམས་ལས་བྱུང་བའི་བདག་ཉིད་ཀྱི་ཆོས་ཀྱི་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་ནི་དེ་ལས་ཐ་དད་པ་ཡིན་པས་དེ་གཉིས་བྱེ་བྲག་མེད་ན་འགྲོ་བའི་དོན་མཛད་པའི་སེམས་དང་སེམས་ལས་བྱུང་བ་ཐ་མི་དད་དོ་ཞེས་

བྱ་བ་ནི་ཉེས་པ་རྗོད་པར་བྱེད་པའི་བསམ་པ་ཡིན་ནོ། །ཡང་གཞན་དག་ནི་གཞན་དུ་འདོད་དེ། དེ་ནི་ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྐུ་བཞི་བཤད་པ་ལས་སྔར་མདོར་བསྡུས་པ་བསྟན་པ་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་ལས་

ངོ་བོ་ཉིད་ཀྱི་སྒྲའི་རྗེས་ཐོགས་ལ་ཆོས་ཀྱི་སྐུའི་སྒྲ་མི་འབྱུང་ཞིང་མི་སྨོས་པས་སྐུ་གསུམ་པོ་ཁོ་ནའོ་ཞེས་བྱ་བའི་ངོ་བོ་ཉིད་དང་། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྟེ་གསུམ་ཡིན་གྱི་ཆོས་ཀྱི་སྐུ་ནི་མ་ཡིན་ནོ་ཞེས་ཟེར་ཏེ་སངས་རྒྱས་ཀྱི་ཡུལ་ཡིན་པ་ཉིད་ཀྱིས་ན་ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་དེ་དག་ནི་གཅིག་ཏུ་སྨོས་

เล่ม ๘๖ · หน้า 248b

པར་རིགས་ཀྱི་ངོ་བོ་ཉིད་ལ་སོགས་པའི་སྐུ་ལས་ཆོས་ཀྱི་སྐུ་ལོགས་ཤིག་ཏུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གཞན་དག་ནི་འདིར་སྐུ་གསུམ་པོ་ཡང་ཇི་ལྟར་ཡོད། མཛད་པའི་དབང་གིས་ཡིན་ནོ་ཞེ་ན། བཞི་པ་ཡང་བྱང་ཆུབ་ཕྱོགས་མཐུན་ཞེས་བྱ་བ་ལ་སོགས་པ་དེ་ལྟར་རྣམ་པར་གཞག་པ་ལ་གེགས་

བྱེད་པ་སུ་ཞིག་ཡོད་རིགས་སུ་ཟིན་ན་ཡང་བསྡུས་པའི་དོན་ལས་གྲངས་བཞི་སྨོས་པ་དོན་མེད་པར་ཐལ་བར་འགྱུར་བ་དང་། སྐུ་བཞི་པ་དགག་པའི་ལུང་ཡང་མེད་དེ། བསྒྲུབ་པ་ཉིད་སྣང་བའི་ཕྱིར་རོ། །གང་ཡང་ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་མི་འབྱུང་བས་ཞེས་

གང་སྨྲ་བ་དེ་ཡང་རིགས་པ་མ་ཡིན་ཏེ། གང་ཞིག་གང་དང་འབྲེལ་པ་ནི། །རིང་ན་འདུག་ཀྱང་དེ་དང་དེར། །ཞེས་བྱ་བའི་ཚུལ་གྱིས་རིང་པོ་ན་འདུག་པ་ཉིད་ཡིན་ན་ཡང་ངོ་བོ་ཉིད་དང་ཆོས་ཀྱི་སྐུ་ཞེས་འབྲེལ་པར་བྱ་བར་ནུས་པའི་ཕྱིར་རོ། །གཞན་དག་ནི་རྒྱུ་གསུམ་གྱི་སྐུ་རྣམ་པ་བཞི་ཡིན་པར་འདོད་དེ།

དེ་ནི་གཞན་དག་ན་རེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དགོས་པ་ཉེ་བར་བསྟན་པའི་ཤུགས་ཀྱིས་ཞེས་བྱ་བ་ནི་སྔར་བཤད་པའི་སྐུ་བཞི་པོ་དགོས་པ་གཞན་དུ་མི་འཐད་པས་སོ། །ཚིག་ལེའུར་བྱས་པ་སྦྱར་བའི་ངོར་ཞེས་བྱ་བ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །ཞེས་བྱ་བ་ལ་སོགས་པའི་

གོ་རིམས་ཀྱིས་ཚིག་ལེའུར་བྱས་པའི་ངོར་ཡེ་ཤེས་ཉིད་ཀྱིས་མཛད་པ་ཡིན་པའི་འབྲེལ་པའི་དོན་གྱིས་ངོ་བོ་ཉིད་ཀྱི་ཡེ་ཤེས་ཀྱི་སྐུའི་མཛད་པས་སྐུ་གསུམ་དང་འབྲེལ་པར་བྱ་བའི་དོན་དུ་དང་ཞེས་དང་གི་དོན་བལྟ་བར་བྱའོ། །དེ་སྐད་དུ་གསུངས་པ་ཡིན་ཏེ་ཞེས་བྱ་བ་ནི་གང་འབྲེལ་པ་དང་། གང་དང་འབྲེལ་

པ་དེ་ཐམས་ཅད་གཅིག་ཏུ་བྱས་ནས་སྐུ་བཞིར་བཤད་དོ། །དེའི་ཕྱིར་ཏེ་རྒྱུ་དེས་ན་སྔོན་དང་ཕྱི་མ་འགལ་བའི་ཉེས་པ་ཡོད་པ་མ་ཡིན་ཞིང་ཕྱོགས་གཞན་ནས་སྨོས་པའི་ལུང་དང་ལུང་མ་ཡིན་པ་དག་ལས་སྐུ་བཞིར་གསུངས་པ་ཐམས་ཅད་མི་འགལ་བ་ཡིན་ནོ་ཞེས་གཞན་དག་ཁས་ལེན་པ་ཡིན་ཏེ། བཤད་མ་

ཐག་པའི་བཤད་པའི་རིགས་འདི་ཉིད་ཀྱི་ཕྱོགས་ལེགས་པ་ཡིན་ནོ་ཞེས་བྱ་བ་ནི་སྨྲ་བ་པོའི་བསམ་པ་ཡིན་ནོ། །ཉན་ཐོས་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་ལ། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་དང་། སངས་རྒྱས་སྨོན་གནས་མཁྱེན་པ་ནི། །ཞེས་བྱ་བ་ལ་སོགས་

เล่ม ๘๖ · หน้า 249a

པ་སྨོན་གནས་མཁྱེན་པའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །དེ་བཞིན་དུ་ཡང་ལྷུན་གྱིས་གྲུབ་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་མཛད་པ་མི་མངའ་ན་ཡང་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་བཅོམ་ལྡན་འདས་ཀྱི་ཐད་ནས་དོན་གྱི་བྱ་བ་ཐམས་ཅད་སྣང་དུ་རུང་བ་ཉིད་

ཡིན་པས་ན་ཅིའི་ཕྱིར་གང་གི་ཚེ་གང་དུ་འཇུག་པར་འགྱུར་ཞེས་རྟོགས་པ་ལ་རྟག་ཏུ་ཐམས་ཅད་ལ་ཁྱབ་པ་དང་རྣམ་པར་མི་རྟོག་པའི་ཐུགས་རྗེ་གང་ཡིན་པ་དེ་ནི་ཐུགས་རྗེ་ཆེན་པོའོ། །དེའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུ་ནི་ཡེ་ཤེས་ཀྱི་སྐུ་གང་ཡིན་པ་སྟེ། དེ་ལ་བཞུགས་པ་ནི་དེ་ལ་བཅོམ་ལྡན་འདས་བཞུགས་པར་གྱུར་པ་

ན་ཇི་ལྟར་ཏེ་རྣམ་པ་གང་གིས། རྟག་ཏུ་ཇི་ལྟར་དོན་མི་མཛད། །དེ་བཞིན་དུ། །རྒྱུ་ནི་མ་ཚང་མེད་པ་ན། །དེ་ལ་འབྲས་བུ་གང་གིས་དགག །ཅེས་བྱ་བ་ནི་ཚུལ་གྱིས་དོན་གྱི་བྱ་བ་མཛད་པའི་བཅོམ་ལྡན་འདས་དང་དོན་དུ་གཉེར་བ་དག་ཡོད་པས་རྟག་ཏུ་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་རྫོགས་

པར་མཛད་པར་རུང་བ་ཉིད་ཡིན་ནོ་ཞེས་བྱ་བ་འདི་ལ་ལན་གདབ་པའི་ཕྱིར། བཅོམ་ལྡན་འདས་ཐམས་ཅད་དུ་ཁྱབ་པ་ཡིན་ན་ཡང་ཕྱོགས་གཅིག་པའི་སྐྱེ་བོ་ལྟར་དོན་གྱི་བྱ་བ་མཛད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པའི་རྒྱུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ།

རྒྱུ་ཡོངས་སུ་སྨིན་པ་ནི་སངས་རྒྱས་ལ་དམིགས་པ་ལ་སོགས་པ་འཚང་རྒྱ་བ་ཉིད་ཀྱི་རྒྱུ་གུས་པ་དང་བཅས་པ་ལ་སོགས་པའི་རིམ་གྱིས་གོམས་པ་མཐར་ཐུག་པར་གྱུར་པས་སྦྱིན་པ་ལ་མངོན་པར་ཕྱོགས་པ་བརྙེས་པར་གྱུར་ནས་གདུལ་བྱ་གང་དག་གང་ལ་གང་དང་གང་ཚེ་ཕན་པར་གྱུར་པ་སྟེ།

མ་འོངས་པ་ན་ཕན་པའི་ཆོས་སྟོན་པ་ལ་སོགས་པ་དེ་དང་དེ་ལ་སྟེ། གདུལ་བྱ་དེ་དང་དེ་ལ་བཅོམ་ལྡན་འདས་དེ་སྣང་ངོ་ཞེས་བྱ་བ་སྣང་བ་དང་རྗེས་སུ་མཐུན་པའི་ཚུལ་གྱིས་དེ་བཞིན་དུ་ཀུན་ནས་དོན་མཛད་པར་འགྱུར་བ་ཡིན་ནོ། །དོན་འདི་ཉིད་ནི་དགེ་བའི་བཤེས་གཉེན་ཞེས་བྱ་བ་ལ་སོགས་པ་སྨོས་

པ་ཡིན་ཏེ། དགེ་བའི་བཤེས་གཉེན་ཞེས་བྱ་བ་བླ་མ་དང་མཁན་པོ་ལ་སོགས་པ་དང་ཕྲད་པས་དེས་བསྟན་པ་ལས་སངས་རྒྱས་ལ་སོགས་པ་ལ་དམིགས་པ་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་ལ་སོགས་པས་མདུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཡུལ་ཏུ་བྱས་པས་རྒྱུ་སྟེ། ལམ་ལ་སོགས་པ་བསླབས་

เล่ม ๘๖ · หน้า 249b

པས་ཡོངས་སུ་བརྟས་པར་གྱུར་ནས་འཚང་རྒྱ་བའི་འབྲས་བུ་སྦྱིན་པ་ལ་མངོན་པར་ཕྱོགས་པའི་རྒྱུ་བརྙེས་པའོ། །ལམ་ལ་སོགས་པ་བརྙེས་པ་ཉིད་ཀྱང་ག་ལས་ཡིན་ཞེ་ན། སྔོན་བསྐྱེད་པའི་དགེ་བའི་རྩ་བའི་ས་བོན་ཡོད་པ་ལས་ཞེས་བྱ་བ་སྨོས་ཏེ། སྔོན་བསྐྱེད་པ་ནི་བྱས་པ་སྟེ་ཅི་ཞིག་ལྟར་སངས་རྒྱས་ལ་

སོགས་པ་ལ་མེ་ཏོག་གཅིག་འབུལ་བ་ལ་སོགས་པས་དགེ་བ་སྟེ། ཉོན་མོངས་པ་ངན་པ་ཚར་གཅོད་པའི་རྒྱུའི་བསོད་ནམས་གང་ཡིན་པ་དེ་ཉིད་ནི་རྩ་བའི་ས་བོན་ཏེ། དང་པོར་སངས་རྒྱས་ལ་སོགས་པ་ལ་མངོན་པར་དད་པ་ཉིད་ཀྱི་རྒྱུ་ཡིན་ལ། དེ་མངའ་ཞིང་ཡོད་པས་སེམས་ཅན་གང་ལ་སྟེ། རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་ལ་སོགས་པའི་གདུལ་བྱ་རྣམས་ལ་གང་གི་དུས་སུ་ཞེས་བྱ་བ་སྐལ་བ་དང་རྗེས་སུ་མཐུན་པའི་དུས་ན་ཆོས་བསྟན་པ་ལ་སོགས་པ་མཛད་པས་ན་ཞེས་བྱ་བ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་གསུངས་པས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ལ་གཞག་པ་སྐྱེད་པ་ན་ཡུལ་དུ་

འཕྲོད་པར་འགྱུར་བ་སྟེ། སྐྱེ་བ་ཐམས་ཅད་དུ་ཕན་པར་འགྱུར་བ་དེའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་གདུལ་བྱ་ལ་སོགས་པ་དེའི་དོན་བྱ་བའི་ཕྱིར་ཞེས་བྱ་བ་བཤད་མ་ཐག་པའི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་བསྒྲུབ་པར་བྱ་བའི་ཕྱིར་སྔོན་གྱི་སྨོན་ལམ་གྲུབ་ཅིང་

རྫོགས་པས་བཅོམ་ལྡན་འདས་དེ་དང་དེར་སྣང་བ་དང་འཚམ་པར་དོན་གྱི་བྱ་བ་མཛད་པ་ཡིན་ནོ་ཞེས་ཚིག་ལེའུར་བྱས་པ་བཤད་ཅིང་འཕགས་པ་བྱམས་པའི་དགོངས་པ་བརྗོད་པས་བཤད་མ་ཐག་པའི་དོན་ཉིད་གསལ་བར་བྱ་བ་ནི་དུས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དུས་ཐམས་ཅད་དུ་ནི་

རྣམ་པ་ཐམས་ཅད་དུའོ། །ཡིད་བཞིན་གྱི་ནོར་བུ་ལྟར་ཞེས་བྱ་བ་ནི་བདག་ཉིད་ཆེན་པོ་འགའ་ཞིག་མྱ་ངན་ལས་འདས་སུ་ཟིན་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་ཡིད་བཞིན་གྱི་ནོར་བུ་སྤྲུལ་པ་དེས་བཀའ་སྩལ་པའི་དོན་རྫོགས་པར་བྱ་བའི་ཕྱིར་ཇི་ལྟར་ཐམས་ཅད་དུ་ཁྱབ་པ་ཡིན་ན་ཡང་སེམས་

ཅན་རྣམས་ཀྱིས་ལོག་པར་སྤྱད་པའི་ཉེས་པས་དེ་ལྟར་དོན་མི་བྱེད་དོ། །དེ་བཞིན་དུ་ཉེ་བར་གནས་ཀྱང་ཞེས་བྱ་བ་བཅོམ་ལྡན་འདས་ཐུགས་རྗེས་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་རྫོགས་པར་བྱ་བའི་ཕྱིར་མདུན་ན་བཞུགས་ཀྱང་འབྲས་བུ་སྟེར་བར་མཛད་པར་མི་མངོན་ནོ། །ཅིའི་ཕྱིར་ཞེ་ན། རང་གི་

เล่ม ๘๖ · หน้า 250a

ལས་ཀྱི་ཉེས་པས་ཞེས་བྱ་བ་སེམས་ཅན་རྣམས་ཀྱིས་ཉེས་པར་སྤྱད་པའི་ལས་ཀྱི་ཉེས་པས་བསྐྱེད་པ་གང་ཡིན་པ་ལ་རྒྱུ་མ་ཚང་བས་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་ཐད་ནས་མངོན་པར་འདོད་པའི་དོན་ལེན་དུ་རུང་བའི་སེམས་དང་བྲལ་ཞིང་མེད་ལ་དེ་བས་ན་བཅོམ་ལྡན་འདས་ཐམས་ཅད་དུ་དོན་གྱི་བྱ་བ་མཛད་

པ་ཡིན་ན་ཡང་སེམས་ཅན་རྣམས་ཀྱི་སྐལ་བའི་ཉེས་པས་དོན་གྱི་མཛད་པ་མི་མཛད་པས་ཡིད་བཞིན་གྱི་ནོར་བུ་ལྟར་མེད་པ་མ་ཡིན་ཞིང་། དོན་གྱི་བྱ་བ་མི་མཛད་པ་ཡང་མ་ཡིན་ལ་མི་སྣང་བ་ཡང་ཚད་མ་མ་ཡིན་ཏེ། སྐལ་བ་དང་འཚམ་པ་ཉིད་ཀྱི་རིམ་གྱིས་དེ་ཡོད་པ་མ་ཡིན་ནོ་ཞེས་འཕགས་པ་བྱམས་

པའི་དགོངས་པ་ཉེ་བར་བསྟན་པ་ཡིན་ནོ་ཞེས་བྱ་བར་དགོངས་ཏེ། འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་འགྱུར། །ཞེས་གསུངས་པ་ཡིན་ནོ། །འདི་དག་ཁོ་ན་བརྒྱ་བྱིན་གྱིས་དཔེས་གསལ་བར་བྱ་བ་ནི་ཇི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལྷའི་

རྒྱལ་པོས་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །བཅོམ་ལྡན་འདས་འོག་མིན་ལ་སོགས་པར་རྟོགས་པའི་རྒྱུད་ལ་གནས་པ་ནི་གཅིག་ཏུ་རྣམ་པར་གནས་ཤིང་རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་གྱི་བྱ་བ་མཛད་པར་མི་འཐད་པས་མི་རྟག་པ་ཉིད་ཡིན་ན་ཡང་ཁྱབ་པ་

དང་རྟག་པར་བརྗོད་པ་མི་འགལ་ལོ་ཞེས་བསྟན་པ་ནི་ཡེ་ཤེས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་མཛད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །གསུམ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ནི་དེ་ལྟར་སྐུ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ།

མཚན་ནི་ཞེས་བྱ་བ་ལ་སོགས་པ་མཚན་རྣམས་ཀྱི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །ལས་གང་ཞིག་བྱས་པས་མཚན་འགྲུབ་པའི་ལས་དེའི་རྒྱུ་མཚན་ཉིད་ནི་རྒྱུ་གྲུབ་པས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདི་ལ་མཚན་ནི་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་

བྱས་པ་དང་འགྲེལ་པ་ནི་གོ་སླའོ། །བཞི་པ་སྤྲུལ་པའི་སྐུ་ནི་དེ་ལྟར་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གིས་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །དེ་ལྟར་ཁྱད་པར་གྱི་བྱ་བ་བརྗོད་ནས་ད་ནི་ངོ་བོ་ཉིད་ལ་སོགས་པའི་སྐུ་བཞིའི་ཐུན་མོང་གི་མཛད་པ་ནི་དེ་ལྟར་ངོ་བོ་ཉིད་

เล่ม ๘๖ · หน้า 250b

ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡེ་ཤེས་ལ་སོགས་པ་ལ་ལྟོས་ནས་རབ་ཏུ་བརྟགས་པའི་ཞེས་བྱ་བ་ནི་གདུལ་བྱ་དང་རྗེས་སུ་མཐུན་པའི་སྣང་བའི་དོན་ཐོབ་པའི་དབང་གིས་ངེས་པའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། དེའི་དབང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གདུལ་བྱའི་སྐྱེ་བོ་སོ་སོའི་སྣོད་ལ་

སྣང་བ་ལ་བརྟེན་པའམ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་སྐུར་གཏོགས་པ་ཐམས་ཅད་རྣམ་པར་མི་རྟོག་པ་ཉིད་ཡིན་པས་མཛད་པ་མི་མངའ་བའི་ཕྱིར་ཕྲིན་ལས་དེ་དང་འཚམ་པའི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་སྣང་བ་ལ་གནས་པའི་ཕྲིན་ལས་སྔར་བཤད་པ་དང་འོག་ནས་བཤད་པ་གང་ཡིན་པ་དེའི་དབང་ལ་བརྟེན་

ནས་བྱུང་བ་སྟེ། སྨོན་ལམ་གྱི་དབང་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་ཡིན་པར་གསུངས་ཏེ་ཞེས་འོག་མ་དང་སྦྱར་རོ། །གལ་ཏེ་ཕྲིན་ལས་འདི་དག་སྐུ་བཞིའི་མ་ཡིན་ནམ་དེ་ལྟ་ན་ཅི་ལྟར་ཆོས་ཀྱི་སྐུ་ཞེས་འཕགས་པ་བྱམས་པའི་ཞལ་སྔ་ནས་ཀྱིས་གསུངས་ཤེ་ན། ཀུན་རྫོབ་ཏུ་ཞེས་བྱ་

ལ་སོགས་པ་སྨོས་པ་ཡིན་ཏེ། ཀུན་རྫོབ་ཏུ་སངས་རྒྱས་ལ་སོགས་པའི་ཐ་སྙད་ཀྱི་དབང་གིས་ཡེ་ཤེས་ཁོ་ན་ཞེས་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དོན་གྱི་བྱ་བ་མཛད་པ་ཡིན་ཏེ། ཡང་དག་པར་ན་གཞན་དག་ཡིན་པར་མི་འཐད་པའི་ཕྱིར་རོ། །མི་འཐད་པ་ཉིད་ཡིན་ན་ཡང་ཡེ་ཤེས་ནི་བསྙོན་མི་ནུས་པར་ཡོད་

པ་ཉིད་ཀྱི་དེ་ཉིད་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་རྫོགས་པར་བྱེད་པ་ཡིན་ལ་རྒྱུ་དེས་ན་ཆོས་ཀྱི་སྐུ་ཡིན་ནོ་ཞེས་སྨོས་པ་ཡིན་ཏེ། ཆོས་ཀྱི་སྐུ་ནི་ཡེ་ཤེས་ཀྱི་སྐུའི་ཡིན་ལ་དེ་ནི་ཡང་དག་པར་ན་དོན་གྱི་བྱ་བ་མ་ལུས་པར་མཛད་པ་ཡིན་ནོ་ཞེས་འཕགས་པ་བྱམས་པས་གསུངས་པ་ཡིན་ནོ། །མཛད་པ་མེད་པའི་ཡེ་ཤེས་

ཀྱི་དོན་བྱ་བ་མཛད་པ་ཉིད་དུ་ག་ལ་རུང་ཞེ་ན། ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་སྣང་བ་བསྐྱེད་པའི་སྒོ་ནས་ཞེས་སྨོས་པ་ཡིན་ཏེ། སྔོན་གྱི་སྨོན་ལམ་གྱི་འཕེན་པའི་ཤུགས་ཀྱིས་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ལ་ལོངས་སྤྱོད་རྫོགས་པ་དང་། ཆོས་དང་སྤྲུལ་པའི་སྐུར་སྣང་བ་བསྐྱེད་པར་མཛད་པ་

ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན། དེའི་དབང་ལ་བརྟེན་ནས་བྱུང་བ་ཞེས་སྨོས་པ་ཡིན་ཏེ། གཞན་དུ་ན་ཇི་སྐད་སྨོས་པའི་ཕྲིན་ལས་རྣམས་ཡང་དག་པར་ན་ཆོས་ཀྱི་སྐུའི་འབྲས་བུ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་གཞན་དག །ཚོགས་དང་ཆོས་ཀྱི་སྐུ་དག་དང་། །འགྲོ་བའི་དོན་ནི་མཛད་པ་ཡིས། །

เล่ม ๘๖ · หน้า 251a

སངས་རྒྱས་ཐམས་ཅད་མཉམ་པ་སྟེ། །སྐུ་ཚེ་རིགས་དང་ཚད་ཀྱིས་མིན། །ཞེས་བྱ་བ་ལ་སོགས་པ་སྨོས་པས་སྐུ་བཞི་ཆར་ཚོགས་ལ་སོགས་པ་མཉམ་པ་ཡིན་ན་ཡང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་དག་ནི་རྟོགས་པ་པོའི་དབྱེ་བས་དེའི་ཁྱད་པར་དུ་འགྱུར་ན། ངོ་བོ་ཉིད་ཀྱི་སྐུ་དང་ཆོས་

དང་ཆོས་ཀྱི་སྐུ་དག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་དང་། སངས་རྒྱས་ཀྱི་ཡུལ་ཉིད་ཡིན་པ་ཉིད་དུ་མཉམ་པས་རྒྱུ་དང་འབྲས་བུ་ཉིད་དུ་བདག་ཅག་ལ་སོགས་པས་ཤེས་པར་མི་ནུས་པ་ཉིད་ཡིན་པའི་ཕྱིར། སངས་རྒྱས་རྣམས་ཁོ་ནའི་ཡུལ་ཡིན་ནོ། །ཁ་ཅིག་ན་རེ་ངོ་བོ་ཉིད་ཀྱི་སྐུ་གང་ཡིན་པ་

དེ་ནི་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། དེ་མཁྱེན་པ་མེད་པར་དེ་དང་འབྲེལ་པའི་སྐུ་གསུམ་དུ་སངས་རྒྱས་ཀྱི་རྣམ་པར་གཞག་པ་མི་འཐད་པའི་ཕྱིར་དང་། སངས་རྒྱས་ཀྱིས་མ་གཟིགས་པ་ཉིད་ཀྱིས་ན་ངོ་བོ་ཉིད་ཀྱི་སྐུ་མེད་པས་སྐུ་གང་ཡང་ཡོད་པར་མི་འགྱུར་ཏེ། སྐུ་ཅིག་ཤོས་རྣམས་ནི་དེ་དང་

འབྲེལ་བ་ཡིན་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཡོད་ཀྱང་མ་མཁྱེན་པར་གྱུར་ན། སངས་རྒྱས་རྣམས་ལ་མི་མཁྱེན་པའམ་མ་གཟིགས་པ་འམ་ཅི་ཡང་མི་མངའོ་ཞེས་བྱ་བ་དང་ཡང་འགལ་བར་འགྱུར་རོ། །མཚན་ཡང་དག་པར་བརྗོད་པ་ལས། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་སྨོས་

པ་དེ་ཡང་འཐད་པ་ཁོ་ན་ཡིན་ཏེ། སྤྲུལ་པའི་སྐུའི་དབྱེ་བ་རྣམ་པར་སྨིན་པའི་སྐུ་ཡོད་པ་ཡིན་པའི་ཕྱིར་རོ། །ཡང་ན་རྣལ་འབྱོར་པའི་རྒྱུད་ལ་སོ་སོར་ངེས་པར་ཡོད་པས་རྟག་པ་དང་ཁྱབ་པ་གང་ཡིན་པ་འདི་ནི་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་སྟེ། དངོས་གཞི་ཡིན་ལ་དེའི་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་

དང་ཆོས་ཀྱི་སྐུའི་དབྱེ་བས། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་བྱ་བ་དང་མི་འགལ་ལོ། །འདིའི་དོན་དང་། །ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་ཉིད་ལས་ཤེས་སོ། །དེ་བཞིན་དུ་མཛད་པ་དང་བཅས་པས་འགྲོ་བ་རྣམས་ཞི་བ་ལ་སོགས་པ་ལ་འཇུག་པར་མཛད་

པས་ན་མཛད་པར་བཅས་པས་ཏེ། དངོས་གཞིའི་ཆོས་ཀྱི་སྐུ་གང་ཡིན་པ་འདི་ནི། ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་བྱ་བ་འདིར། ཆོས་ཀྱི་སྐུ་ཞེས་བྱ་བ་དེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་བྱ་བ་འདི་ཇི་ལྟ་ཡིན་ཞེ་ན། དེ་ནས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །གང་དེ་བཞིན་

เล่ม ๘๖ · หน้า 251b

གཞན་ཞེས་སྨོས་སུ་ཟིན་ཀྱང་དེ་བཞིན་དུ་ཆོས་ཀྱི་སྐུ་ཞེས་དེ་ཡང་སྟོན་པར་འགྱུར་ཏེ། འདིར་དངོས་གཞི་ལས་གཞན་པ་ནི་ཆོས་ཀྱི་སྐུར་བཤད་པ་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་། ཆོས་ཀྱི་སྐུ་ཡི་ཕྲིན་ལས་འདི། །ཞེས་སྨོས་པ་དེ་ཡང་འཐད་པ་ཡིན་ཏེ། དེ་ལ་ཡང་དངོས་གཞི་ཉིད་ཆོས་ཀྱི་སྐུར་བཤད་པ་ཉིད་ཀྱིས་དངོས་གཞི་ནི་གང་དུ་ཡང་

འབྲས་བུ་ཉིད་དུ་མི་བགྲང་སྟེ། དེས་དེ་ཉིད་བྱེ་བྲག་ཏུ་བྱས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་ཐ་དད་པ་ཉིད་ཡིན་ལ། དེ་ནས་ངོ་བོ་ཉིད་ལ་སོགས་པའི་སྐུ་བཞི་པོ་འབྲས་བུར་གྱུར་པ་དང་བཅས་པ་ཉིད་ཀྱིས་ན་རྒྱུར་གྱུར་པ་ཆོས་ཀྱི་སྐུ་ཡང་འགྲུབ་པ་ཡིན་ནོ་ཞེས་བྱ་བ་འགལ་བ་ཅི་ཞིག་ཡོད་གང་ཡང་སངས་རྒྱས་ལ་སོགས་པའི་ཡུལ་

ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གསུམ་ནི་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཅན་ཉིད་ཡིན་པར་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཅན་ཞེས་བྱ་བ་ལ་སོགས་པས་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་བསྟན་པ་དེ་དང་འགལ་བ་མེད་དོ། །དངོས་གཞིའི་ཆོས་ཀྱི་སྐུ་ལས་ངོ་བོ་ཉིད་ཀྱི་སྐུ་ནི་འགའ་ཞིག་གིས་ཀྱང་དབྱེ་བ་མེད་པར་

དེ་བརྗོད་པ་ཡིན་པའི་ཕྱིར་རོ། །གཞན་དུ་ན་ཆོས་ཀྱི་སྐུའི་དོན་གྱི་མཛད་པ་ངོ་བོ་ཉིད་ཀྱི་སྐུའི་དབང་ལས་བྱུང་བར་ཇི་ལྟར་འགྱུར། སྐུ་གསུམ་པོ་ཡང་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཅན་ཡིན་དུ་ཆུག་ན་དངོས་གཞིའི་ཆོས་ཀྱི་སྐུ་ལས་རང་བཞིན་གང་གི་ངོ་བོ་ཉིད་གཞན་ཡིན་ཞིང་གང་ལས་བྱུང་བ་ཉིད་ཀྱིས་ན་ངོ་བོ་ཉིད་ཀྱི་སྐུ་ཞེས་

བཤད་པ་ཡིན་པ་ཡང་རྟོགས་པར་གྱིས་ཤིག །ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་དག་ནི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་སྤྱོད་ཡུལ་ཡིན་པར་དབྱེ་བ་ཡོད་དུ་ཆུག་ན་དངོས་གཞིའི་ཆོས་ཀྱི་སྐུ་ལས་ཆོས་ཀྱི་སྐུ་གཞན་གྱི་དབྱེ་བ་ཅི་ལྟར་ཡོད། དེའི་ཡུལ་ཡིན་པའི་ཕྱིར་སངས་རྒྱས་རྣམས་ཁོ་ནའི་ཐུགས་སུ་

ཆུད་པར་བྱ་བ་ཡིན་ཏེ། གཞན་དུ་ན་ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་དག་གིས་དབྱེ་བ་མི་འགྲུབ་པར་འགྱུར་རོ། །འདིར་ཡང་དོན་ནི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་རྗེས་ཐོགས་ལ་ཆོས་ཀྱི་སྐུའི་མངོན་པར་བྱང་ཆུབ་པ་ཡིན་ལ། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་ནོ་

ཞེས་བཟང་པོའི་ཞལ་སྔ་ནས་ཀྱིས་བཤད་པས་ལོག་པར་རྟོགས་པར་མི་བྱའོ། །སྐུ་ལྔ་ཡིན་པ་ཁོ་ནར་སྔོན་གྱི་སློབ་དཔོན་གྱིས་བཤད་པས་བླ་མ་ལ་གུས་པར་བྱ་བའི་ཕྱིར་བཟང་པོའི་ཞལ་སྔ་ནས་ཀྱིས་གསལ་པོར་མ་མཛད་མོད་ཀྱི་གཙོ་ཆེར་ཐེག་པ་ཆེན་པོ་ནི་ཚུལ་གཉིས་ལ་བརྟེན་པ་ཉིད་ཡིན་པའི་ཕྱིར། མཚན་ཡང་

เล่ม ๘๖ · หน้า 252a

དག་པར་བརྗོད་པ་ནི་ཕྱིའི་ཚུལ་ལྟར་འགལ་བར་བཏང་སྙོམས་སུ་བྱ་བར་རིགས་པ་མ་ཡིན་ནོ། །བདག་གི་འབད་པ་ནི་སྐབས་ལ་མ་བབ་པ་མ་ཡིན་ཞིང་དམ་པའི་ཆོས་ནུབ་པའི་དུས་སུ་བདག་ཅག་བཅོམ་ལྡན་འདས་ལ་མཆོད་པར་མངོན་པར་དགའ་བ་རྣམས་བཏང་སྙོམས་སུ་བྱེད་པར་རིགས་པ་མ་ཡིན་ཏེ། ཏིང་ངེ་

འཛིན་གྱི་རྒྱལ་པོ་ལས། སྐྱེས་བུ་ཁྱུ་མཆོག་གིས་ནི་དམ་པའི་ཆོས། །འཇིག་པར་གྱུར་ཚེ་གང་དག་བཏང་སྙོམས་བསྒོམ། །དེ་ཡིས་རྒྱལ་བར་བཀུར་སྟི་བྱས་མ་ཡིན། །འདྲེན་པ་དག་ལ་རི་མོར་དེས་མ་བྱས། །ཞེས་གང་བཤད་པ་ཡིན་ནོ། །ཞར་ལ་འོངས་པས་ཆོག་གོ། །དེ་བཞིན་ལས་ཀྱང་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་

བྱས་པ་དང་འགྲེལ་པ་ནི་གོ་སླའོ། །དང་པོར་འགྲོ་བ་བཟང་པོ་དང་བཟང་པོ་མ་ཡིན་པ་ཞེས་བྱ་བ་ནི་བྲམ་ཟེ་དང་། རྒྱལ་རིགས་ཀྱི་འགྲོ་བ་དང་རྗེའུ་རིགས་ལ་སོགས་པའི་འགྲོ་བ་སྟེ། དེ་ལ་མངོན་པར་ཞེན་པ་ནི་བཟང་པོ་དང་བཟང་པོ་མ་ཡིན་པ་ཉིད་དུ་མངོན་པར་ཆགས་པའོ། །དེ་ལ་གནས་པ་མེད་པ་ནི་མི་དམིགས་པ་གང་ཡིན་པ་སྟེ། དེའི་མཚན་

ཉིད་དུ་འགྲོ་བ་རབ་ཏུ་ཞི་བའི་ཕྲིན་ལས་མཛད་ནས་ཞེས་བྱ་བ་ནི། སྡུག་བསྔལ་ཕྱིན་ཅི་ལོག་བློ་དང་། །སྲིད་པ་ཀུན་ནས་འཆིང་བའི་རྒྱུ། །འགྲོ་བ་གང་ལ་དེ་མེད་ན། །དེ་ནི་སྐྱེ་བར་འགྱུར་མ་ཡིན། །ཞེས་བྱ་བ་ལུང་གང་གི་དོན་གྱི་རྗེས་སུ་འབྲངས་ནས་ཉོན་མོངས་པ་ལ་སོགས་པའི་དབང་གིས་སྐྱེ་བ་གང་ཡིན་པ་དེ་མེད་པར་མཛད་པ་སྟེ། ཆོས་ཡང་དག་

པར་སྡུད་པའི་མདོ་ལས་གདུལ་བྱའི་ལུས་ནི་ཆོས་ཀྱི་སྐུའི་སྤྱོད་ཡུལ་ལོ་ཞེས་སྨོས་པས་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཉིད་ཡིན་ན་ཡང་སྐྱེ་བ་བཟློག་པར་མཛད་དོ་ཞེས་བྱ་བར་དགོངས་སོ། །དེ་ལྟ་ན་ནི་སྨོན་ལམ་དང་འགྲོ་བའི་དོན་ལ་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། རྣམ་པར་རྟོག་པ་

དང་བཅས་པ་དང་རྣམ་པར་རྟོག་པ་མེད་པ་ཉིད་དང་། གདུལ་བྱའི་ཁྱད་པར་ལས་ཡིན་གྱི་གཞན་འགའ་ཡང་མེད་དོ། །དེ་ཉིད་ཀྱིས་ན་དེ་བཞིན་གཤེགས་པའི་གསང་བ་བསྟན་པ་ལ་སོགས་པའི་མདོ་ལས། དེ་རྣམས་ཀྱང་སངས་རྒྱས་དང་འདྲ་བར་ལུས་དང་སྤྱོད་ལམ་མཐའ་ཡས་ཤིང་དཔག་ཏུ་མེད་པར་བཤད་པ་ཡིན་ནོ། །རྫོགས་པའི་སངས་

རྒྱས་ཀྱི་ཡེ་ཤེས་རྟོག་པ་དང་བཅས་པ་ཉིད་དུ་མེད་པ་མ་ཡིན་ནམ། ཇི་ལྟར་ན་དེ་དང་ལྷན་ཅིག་དེ་རྣམས་འགྲོ་བའི་དོན་གྱི་ཕྱིར་མཉམ་པ་ཡིན་ཞེ་ན། འདིར་སྨོན་ལམ་ཁོ་ན་ཚད་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ནི་སྨོན་ལམ་གྱི་སྟོབས་ཅན་ཡིན་ནོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལྟ་ན་ནི་རྣམ་པ་ཐམས་

เล่ม ๘๖ · หน้า 252b

ཅད་དུ་མཉམ་པ་ཁོ་ནར་འགྱུར་རོ། །སྨོན་ལམ་ནི་གཞན་དུ་མི་འཐད་པས་ཉེས་པ་ཅི་ཞིག་ཡོད། རྫོགས་པའི་སངས་རྒྱས་རྣམས་ནི་རྣམ་པར་མི་རྟོག་པ་ཉིད་ཡིན་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པ་ཉོན་མོངས་པ་ཉིད་དུ་མི་འགྱུར་བ་མ་ཡིན་ནམ། མེད་པ་ཁོ་ན་སྟེ་གང་གི་ཚེ་དེས་གདུལ་བྱ་དེའི་དོན་དུ་རྫོགས་

པའི་སངས་རྒྱས་སུ་འགྱུར་ན་ཕྱིས་རྣམ་པར་རྟོག་པའི་ཉོན་མོངས་པ་ག་ལས་འབྱུང་། སྨོན་ལམ་ལས་སོ། །དེ་ལྟ་ན་ནི་རྫོགས་པའི་སངས་རྒྱས་ཉིད་བརྫུན་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེས་འདུལ་བ་རྣམས་ཀྱིས་དེ་ལྟར་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ཉན་ཐོས་ལ་སོགས་པའི་རྣམ་པ་འཛིན་པར་མཛད་པ་ཡང་བརྫུན་པ་

མ་ཡིན་ནོ་ཞེས་བལྟ་བར་བྱའོ། །ཇི་ལྟར་ན་གཅིག་པུ་དུ་མ་ཉིད་དུ་འགྱུར་ཞེ་ན། རྫོགས་པའི་སངས་རྒྱས་རྣམས་ཀྱི་སྨོན་ལམ་ཇི་ལྟ་བ་ལས་སོ། །གཞན་ཡང་གཞན་དུ་ན་སངས་རྒྱས་རྣམས་ཀྱི་སྨོན་ལམ་གྱིས་རྣམ་པར་མི་རྟོག་པ་ཉིད་དུ་ཀུན་ནས་དོན་གྱི་བྱ་བ་མཛད་པའི་རྒྱུར་སྣང་བ་ཡིན་ལ། དེ་བཞིན་དུ་གལ་ཏེ་རྣམ་པར་

རྟོག་པ་དང་བཅས་པ་ཉིད་ཡིན་པར་གྱུར་ན་ཡང་འདིར་འགལ་བ་ཅི་ཞིག་ཡོད་དེ། གཉི་ག་སྨོན་ལམ་ཁོ་ནས་དོན་གྱི་བྱ་བ་མཛད་པ་ཡིན་པར་བསྔགས་པའི་ཕྱིར་རོ། །གལ་ཏེ་ཕ་རོལ་འདོད་པ་ལྟར་ལ་ལ་ནི་འཚང་རྒྱ་བ་ཉིད་བསྒྲུབས་ནས་སེམས་ཅན་གྱི་དོན་མཛད་ལ་ཁ་ཅིག་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་བརྩད་པར་རིགས་པ་མ་ཡིན་

ཏེ། སེམས་ཅན་རྣམས་མ་ཡིན་པའི་ཕྱིར་རོ། །རྫོགས་པའི་སངས་རྒྱས་ཉིད་ཡིན་པའི་ཕྱིར་འདིར་རྣམ་པར་རྟོག་པ་ཉོན་མོངས་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲོལ་བ་ཅི་ཞིག་ཡིན། འགྲོ་བའི་དོན་ལ་མ་གཏོགས་པ། །གཞན་ཅིའང་ཡོད་པ་མ་ཡིན་ཏེ། །སེམས་ཅན་རྣམས་ཀྱི་གྲོལ་བ་ལས། །དགའ་བའི་རྒྱ་

མཚོ་གང་ཡིན་ཏེ། །དེ་ཉིད་མཐར་ཐུག་མ་ཡིན་ནམ། །རོ་བྲལ་གྲོལ་བས་ཅི་ཞིག་བྱ། །ཞེས་གང་བཤད་པ་ཡིན་ནོ། །མཉམ་པར་མ་བཞག་པ་ཉིད་ཀྱང་མ་ཡིན་ཏེ། ལས་དང་པོ་པ་མ་གཏོགས་པར་དེ་བཞིན་གཤེགས་པའི་གསང་བ་བསྟན་པ་ལས་རྟག་ཏུ་མཉམ་པར་གཞག་པ་གསུངས་པ་ཡིན་ནོ། །ཡང་ན་བྱང་ཆུབ་སེམས་དཔའི་

གནས་སྐབས་མ་གཏོགས་པར་རྫོགས་པའི་སངས་རྒྱས་ཀྱི་གནས་སྐབས་ན་ཡང་རྣམ་པར་རྟོག་པའི་ཉོན་མོངས་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་འདྲ་བར་ཡོད་པ་ཉིད་དེའི་འབྲས་བུ་མི་སྐྱེད་པས་དོན་མི་མཛད་པ་ཡིན་ཏེ། ཤཱནྟ་དེ་བའི་ཞལ་སྔ་ནས། །མཁའ་ལྡིང་གྲུབ་པས་ཇི་ལྟ་བུར། །མཆོད་སྡོང་བསྒྲུབས་པས་འདས་གྱུར་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด