ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་བཤད་ཚིག་རབ་ཏུ་གསལ་བ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་ས་མ་ཡ་ཨ་ལངྐཱ་ར་ཀཱ་རི་ཀཱ་པྲཛྙཱ་པཱ་ར་མི་ཏོ་པ་དེ་ཤ་ཤཱསྟྲ་ཊཱི་ཀཱ་པྲ་སནྣ་པ་ད་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๘๗ · หน้า 1b
༄༅༅། །རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་ཨ་ལངྐཱ་ར་ཀཱ་རི་ཀཱ་པྲཛྙཱ་པཱ་ར་མི་ཏོ་པ་དེ་ཤ་ཤཱསྟྲ་ཊཱི་ཀཱ་པྲ་སནྣ་པ་ད་ནཱ་མ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་
ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་བཤད་ཚིག་རབ་ཏུ་གསལ་བ་ཞེས་བྱ་བ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པ། སྲས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་འདོད་ཆགས་དང་བྲལ་བར་བཅས་པ་ཐམས་ཅད་ལ་ཕྱག་
འཚལ་ལོ། །གཉིས་མེད་ཡེ་ཤེས་རང་བཞིན་འཕགས་པའི་གང་ཟག་སྐྱེད་པའི་ཡུམ། །རྒྱལ་དང་དེ་སྲས་ཡུམ་གྱུར་ཟབ་མོ་དེ་ལ་ཕྱག་འཚལ་ལོ། །གཞུང་འདི་རྒྱ་ཆེ་རབ་ཟབ་
ཀུན་གྱི་འཇུག་པས་ཕ་རོལ་དུ། །ལེགས་འགྲོ་དཀའ་ཞིང་གཏིང་མི་རྙེད་ཕྱིར་བདག་འདྲས་མི་དཔོག་པ། །མཁས་པ་རྣམས་ལ་མཚར་མེད་སྨོད་བྲལ་འདི་བརྩམས་ཏེ། །བདག་
เล่ม ๘๗ · หน้า 2a
ཕན་ཐབས་མཁས་སུ་ཞིག་རང་གི་བརྩོན་པ་འདོར། །གང་ཞིག་རྟོགས་པས་རྒྱལ་བ་སྲས་བཅས་ཞབས་ལ་ལྷ་དབང་གཙུག་གི་ནོར་བུས་འདུད་བྱེད་ཅིང་། །མངོན་པར་མཐོ་བའི་བདེ་བ་རྒྱ་ཆེན་
ཟད་མི་ཤེས་པའང་སྔོན་དུ་ཡོངས་སུ་ལོངས་སྤྱོད་ཅིང་། །རབ་ཏུ་འཇིགས་རུང་གྲང་བས་སྤུ་ལྡང་ངན་འགྲོའི་གཡང་ས་མ་རུངས་པ་ལས་ལེགས་སྒྲོལ་བ། །ལྷ་ཡི་དཔག་བསམ་ཤིང་ལྟར་སྐྱེ་བོ་དམ་པ་དགའ་བྱེད་དེ་ལ་སུ་
ཞིག་བརྟེན་མི་བྱེད། །དེ་ཕྱིར་སྐྱེ་བོ་དམ་པས་རིགས་པའི་ཤིང་རྟ་ལུང་གི་འཁོར་ལོས་དྲངས་པ་ཆེན་པོ་ཡིས། །ཉམ་ངའི་ལམ་སྦྱངས་ངེས་པའི་གནས་བརྟན་དཔག་བསམ་ཤིང་ཆེན་ཡལ་ག་རབ་རྒྱས་གཅིག་ལ་ནི། །ལེགས་
འཇུས་དེ་ཐོབ་གྱུར་པའི་འབྲས་བུ་ཡིད་འོང་རོར་ལྡན་བདུད་རྩི་ལྟ་བུ་བརྩོན་པས་ཐོབ། །གང་ཡིན་དེ་འདིར་རང་གི་ཆེད་དུ་ལེགས་པར་ཡོངས་སུ་སྤྱད་པ་མཁས་པ་རྣམས་ཀྱིས་རྟོགས། །བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་
ཐུགས་རྗེའི་ཐུགས་བརླན་པ་དེས་འགྲོ་བ་ཐམས་ཅད་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ལ་འགོད་པའི་ཐབས་སུ་གྱུར་པ་རང་རང་གི་རིགས་དང་རྗེས་སུ་མཐུན་པའི་ཆོས་བསྟན་པ་ཇི་སྙེད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་
เล่ม ๘๗ · หน้า 2b
སྟོང་བསྟན་པ་རྣམས་ལས་རབ་དང་ཕུལ་དང་། གཙོ་བོ་དང་། གྱ་ནོམ་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེར་གང་མ་བསྡུས་པའི་དོན་འགའ་ཡང་མེད་པའི་ཕྱིར་རོ། །དེ་ཡང་ཁ་ཅིག་ནི་དོན་དམ་པའི་བདེན་པ་སྙིང་པོའི་དོན་གཙོ་བོར་བྱས་པ་འཕགས་
པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ལ་སོགས་པའོ། །བདེན་པ་གཉིས་ཀའི་དོན་ལས་མངོན་པར་རྟོགས་པའི་དོན་གཙོ་བོར་བྱས་པའི་གཞུང་ཡང་ཁ་ཅིག་སྟེ་རྒྱལ་བ་སྐྱེད་མ་འབུམ་པ་ལ་སོགས་པའོ། །དེ་ལ་སྙིང་པོའི་དོན་ནི་མདོ་སྡེ་ཟབ་མོ་རབ་ཏུ་མང་པོ་ལས་
གསལ་པོར་བསྟན་ཅིང་། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་དབུ་མ་ཤེས་རབ་ལ་སོགས་པར་ལུང་གི་དོན་གཏན་ལ་དབབ་པ་ངེས་པར་མཛད་པས་ཐེ་ཚོམ་མེད་པར་མཛད་པའི་ཕྱིར་སྐྱེ་བོ་ཕྱི་མ་རྣམས་འཇུག་ཏུ་རུང་བར་མཛད་དོ། །གང་དུ་མངོན་པར་རྟོགས་པའི་དོན་
བསྟན་པ་ནི་རབ་ཏུ་རྒྱས་པ་དང་ཟབ་པར་ལྡན་པས་འཇུག་པའི་གང་ཟག་ཕལ་ཆེར་མགྲོན་པོ་ཕྱོགས་བསླད་པ་བཞིན་གྱུར་པས་རབ་ཏུ་རྨོངས་པའི་གནས་སུ་གྱུར་ཏེ། དོན་འདི་ཉིད་འཕགས་པ་བྱམས་པ་སྐྱེ་བ་གཅིག་གིས་ཐོགས་པ་དེས་གཟིགས་ཏེ། འགྲོ་བ་
རབ་ཏུ་ལྡོངས་པ་དམིགས་བུ་མེད་པ་དེ་དག་གི་ཕྱིར་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཀྱི་སྒོ་སྣང་བར་བྱ་བའི་ཕྱིར་རྒྱལ་བའི་ཡུམ་མ་ལུས་པ་ཐུགས་ལ་བཞག་སྟེ། གང་རྟོགས་དཀའ་བའི་གནས་དེ་དག་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། ཉན་ཐོས་ཞི་བ་
ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། །ཞེས་བྱ་བ་ལ་སོགས་པའི་གཞུང་དོན་རྒྱ་ཆེན་པོ་ཡང་ཐབས་སླ་བས་ཉེ་བར་བསྟན་པ་འདི་མཛད་དོ། །དེ་བས་ན་འདི་ནི་མན་ངག་གི་བསྟན་བཅོས་ཡིན་གྱི། མདོ་རྣམས་ནི་འདི་ལ་ལྟོས་ན་མན་ངག་མ་
ཡིན་ཏེ། འཇུག་པ་པོ་རྣམས་ལ་ཉེ་བར་བསྟན་པ་མ་ཡིན་གྱི་དུས་ཡུན་རིང་མོས་གོ་བ་སྐྱེད་པ་ཙམ་གྱི་ཡན་ལག་ཏུ་གྱུར་པའི་ཕྱིར་རོ། །དེ་ལྟར་མྱུར་དུ་ཁོང་དུ་ཆུད་པར་བྱེད་པའི་མན་ངག་བསྟན་པ་ཡང་བློ་རབ་ཏུ་ཉམས་པ་སྔོན་ཡོངས་སུ་མ་སྦྱངས་པ་ཁ་ཅིག་གིས་མན་ངག་གི་
เล่ม ๘๗ · หน้า 3a
ཚིག་རབ་ཏུ་བསྡུས་པ་ཁོང་དུ་ཆུད་པར་མི་ནུས་པས་ན་དེའི་དོན་བདེ་བར་རྟོགས་པར་བྱ་བའི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས་དེའི་དོན་དགྲོལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གུས་ཕྱག་འཚལ་ཞེས་བྱ་བ་ལ་སོགས་པས་དོན་རྣམ་པར་བཤད་པ་འདི་
ལེགས་པར་བརྩམས་སོ། །དེ་ལྟར་རིམ་པ་གསུམ་དུ་བྱུང་བས་རྒྱལ་བའི་ཡུམ་ལེགས་པར་གཏན་ལ་ཕབ་མོད་ཀྱི། གང་དག་བློའི་སྟོབས་རབ་ཏུ་ཞན་པའམ། ཡང་ཁ་ཅིག་དགེ་བའི་བཤེས་གཉེན་ལེགས་པར་བསྙེན་བཀུར་མི་ནུས་ཀྱི། རང་གི་རྟོག་
གེའི་ཤེས་པ་ཙམ་གྱིས་རྒྱལ་བ་སྐྱེད་མའི་དོན་ཤེས་པར་འདོད་ཅིང་མངོན་པའི་ང་རྒྱལ་དང་ལྡན་པ་དེ་དག་གི་ཕྱིར་བདག་གིས་འགྲེལ་བཤད་དོན་བསྡུས་པ་འདི་བྱས་ཏེ། དེ་བས་ན་རིམ་པ་རེ་རེ་ཡང་དོན་མེད་པར་ནམ་ཡང་མི་བསམ་མོ། །དེ་ལ་མདོ་འཆད་པར་འདོད་པ་
རྣམས་ཀྱི་མན་ངག་ནི་འཕགས་པ་བྱམས་པ་ཉིད་ཀྱི་སློབ་མ་རིམ་པ་གཅིག་གིས་བར་བཅད་པ་སློབ་དཔོན་དབྱིག་གཉེན་སངས་རྒྱས་གཉིས་པ་ཞེས་བྱ་བས་རྣམ་པར་བཤད་པའི་རིགས་པ་ལས། མདོ་རྣམས་སྨྲ་བར་འདོད་པ་ལ། །ངས་ནི་མན་ངག་སྦྱིན་པར་བྱ། །
དགོས་དང་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་པས་བསྙད་པར་བྱ། །ཞེས་བཤད་དེ་འདི་ཡང་འཕགས་པ་བྱམས་པ་ཉིད་ཀྱི་མན་ངག་བརྒྱུད་པའོ། །དེ་བས་ན་རྒྱལ་བའི་ཡུམ་རྣམས་འཆད་པར་
མཛད་པ་རྒྱལ་བ་བྱམས་པའི་ཞལ་སྔ་ནས། དགོས་པ་དང་བསྡུས་པ་དང་། ཚིག་གི་དོན་ནི་དངོས་སུ་བསྟན་ཅིང་། མཚམས་སྦྱར་བ་དང་། བརྒལ་བ་དང་། ལན་ནི་ཤུགས་ལས་རྟོགས་པར་དགོངས་ཏེ་ཤུགས་ཀྱིས་བསྟན་ཏོ། །དེ་ཡང་ཚིག་གི་དོན་ནི་
དོན་དང་ལྡན་པའི་མིང་གིས་བཤད་པ་དང་། ངེས་པའི་ཚིག་གིས་བཤད་པ་དང་། རྣམ་གྲངས་ཀྱིས་བཤད་པ་དང་། ལུང་བསྟན་པའི་རིགས་པས་བཤད་པ་དང་། དོན་གྱི་ཤུགས་ཀྱིས་བཤད་པ་ཙམ་མོ། །དེ་དག་ལས་འདིར་དོན་གྱི་ཤུགས་ཀྱིས་
เล่ม ๘๗ · หน้า 3b
བཤད་པ་ཙམ་དང་རྣམ་གྲངས་ཀྱིས་བཤད་པ་ཉིད་གཟུང་ངོ་། །མཚམས་སྦྱར་བ་ཤུགས་ལས་རྟོགས་པར་བྱ་བ་ནི་སློབ་དཔོན་གྱི་ཞལ་སྔ་ནས་དངོས་སུ་འགྲེལ་པ་ལས་སྨོས་པ་ནི། འཕགས་པ་བྱམས་པ་བདག་ཉིད་དམ་པ་རྣམས་ཀྱི་སྤྱོད་པ་དང་མཐུན་པར་རབ་ཏུ་
སྟོན་པས་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཅན་གྱི་རབ་ཏུ་དང་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་ནས། གཞན་དག་བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་ཕུལ་དུ་
བྱུང་བའི་འབྱུང་གནས་ལ་དོན་གྱིས་འཇུག་པར་བྱ་བའི་ཕྱིར་རབ་ཏུ་དང་བ་བསྐྱེད་པའི་ཆེད་དུ། རེ་ཞིག་དང་པོར་ཡུམ་ལ་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་པ་ཅན་གྱི་ཕྱག་འཚལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་སྐབས་དང་པོ་ལས་ནི་མཚམས་
སྦྱོར་བའི་ཚིག་སུམ་ཅུ་རྩ་དྲུག་སྨོས་ཏེ། སྐབས་གཉིས་པ་ལས་ནི་ཉི་ཤུའོ། །སྐབས་གསུམ་པ་ལས་ནི་བཅུ་བཞིའོ། །སྐབས་བཞི་པ་ལས་ནི་སུམ་ཅུ་རྩ་ལྔའོ། །སྐབས་ལྔ་པ་ལས་ནི་ཉི་ཤུ་རྩ་བདུན་ནོ། །སྐབས་དྲུག་པ་ལས་ནི་གཅིག་ཉིད་དོ། །སྐབས་
བདུན་པ་ལས་ནི་ལྔ་ཉིད་དོ། །སྐབས་བརྒྱད་པ་ལས་ནི་བཅུ་གསུམ་མོ། །དེ་ནས་ནི་སྐབས་བར་མ་ལ་ནི་འཇུག་པའི་མཚམས་སྦྱར་རོ། །དེ་ནས་ནི་སྐབས་བསྡུས་པ་ལ་འཇུག་པའི་མཚམས་སྦྱོར་རོ། །དེ་ལྟར་ན་མཚམས་སྦྱོར་གྱི་ཚིག་ནི་སྤྱིར་བརྒྱ་ལྔ་བཅུ་རྩ་གསུམ་
སྨོས་ཏེ། དེ་ལ་སྐབས་ཀྱི་དང་པོར་བསྟན་པ་བརྒྱད་ནི་སྐབས་ཀྱི་གོ་རིམས་ངེས་པར་སྟོན་པའི་མཚམས་སྦྱོར་ཡིན་ལ། ལྷག་མ་རྣམས་ནི་ཅི་རིགས་སུ་སྦྱར་རོ། །བརྒལ་བ་དང་ལན་དག་ནི་གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། ཤེས་བྱ་ལ་ཡང་སྟོན་པ་ཡིས། །
སྒྲིབ་པ་ཟད་པར་གང་བརྗོད་པ། །དེ་ལ་ཁོ་བོས་མཚར་དུ་བརྩིས། །ཞེས་པ་དང་། འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཤད། །རྣམ་པ་ཞི་ཉིད་འདི་ལ་ནི། །རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་བྱ་བ་ལ་སོགས་པ་དངོས་སུ་ཡང་
เล่ม ๘๗ · หน้า 4a
བསྟན་པར་རུང་སྟེ། དེ་ལྟར་ཡན་ལག་ལྔས་མདོ་བཤད་པ། འདི་མན་ངག་འདིའི་རྩ་བའི་གཞུང་འཆད་པར་འདོད་པ་དག་ལ་ཕན་འདོགས་པར་ཤེས་པར་བྱའོ། །སློབ་དཔོན་གྱི་ཞལ་སྔ་ནས་ཚིག་ལེའུར་བྱས་པའི་འགྲེལ་པ་ནི་ཚིགས་སུ་
བཅད་པ་དང་པོས་ཕྱག་འཚལ་བ་འགྲེལ་པ་བརྩམས་པའི་དགོས་པ་དང་བཅས་པ་བསྟན་ཏོ། །ཚིགས་སུ་བཅད་པ་ལྷག་མ་བཞིས་ནི་སྔོན་གྱི་སློབ་དཔོན་གྱིས་གཞུང་ཇི་ལྟར་ཕྱེ་བ་བསྟན་ཏོ། །དེའི་འོག་མ་ཚིགས་སུ་བཅད་པ་གཅིག་གིས་ནི། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཚང་པར་རྙེད་པ་ངོ་མཚར་ཆེ་བ་བདག་ཉིད་གཟེངས་བསྟོད་པ་བསྟན་ཏོ། །དེའི་རྗེས་སུ་ཚིགས་སུ་བཅད་པ་གཅིག་གིས་ནི་རྒྱལ་བའི་ཡུམ་རྙེད་པ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཡིན་ཞིང་སྟོན་པ་ལ་དྲིན་དུ་གཟོ་བས་བསྒྲུབ་པའི་མཆོད་པའི་ངོ་བོར་ཡུམ་འདི་དབྱེ་
བར་རིགས་པར་བསྟན་ཏོ། །ཚིགས་སུ་བཅད་པ་ཐ་མས་ནི་རང་ལ་སྨད་དེ་འཇུག་པའི་བྱེ་བྲག་བསྟན་ཏོ། །དེ་ལྟར་དེ་དག་ནི་འགྲེལ་པ་བརྩམས་པ་ལ་འཇུག་པའི་ཚིགས་སུ་བཅད་པ་བརྒྱད་དོ། །དེ་ནས་ནི་ཕྱག་འཚལ་བའི་ཚིགས་སུ་བཅད་པ་གཅིག་བཀྲོལ་བའོ། །
དེ་ནས་ནི་དགོས་པ་ལ་སོགས་པ་བསྟན་པའི་ཚིགས་སུ་བཅད་པ་གཉིས་བཀྲོལ་བའོ། །དེ་ནས་ནི་བསྡུས་པའི་དོན་རྣམ་པ་གཉིས་ཀྱི་ཚིགས་སུ་བཅད་པ་བཅྭ་ལྔའི་མཚམས་སྦྱར་བ་ཙམ་བསྟན་ཅིང་ཚིགས་སུ་བཅད་པ་སྨོས་པ་ཡང་མདོར་བསྡུས་པ་དང་དེ་ལས་ཕྱེ་བ་ཙམ་
དུ་བསྟན་ཅིང་དོན་འོག་ཏུ་འཆད་པ་ལ་ལྟོས་པར་བསྟན་ཏོ། །དེ་ནས་ནི་སྐབས་བརྒྱད་རིམ་པས་བསྟན་ནས་བཀྲོལ་བའོ། །དེ་ནས་ནི་སྐབས་དྲུག་ཏུ་བཞག་པ་བསྟན་པ་བཀྲོལ་བའོ། །དེ་ནས་སྐབས་གསུམ་དུ་བཞག་པ་བསྟན་པ་ཕྱེ་བའོ། །དེ་ལྟར་རྩ་བའི་
གཞུང་ཕྱེ་ནས་མདོའི་དོན་མདོར་བསྟན་པའི་ཚིགས་སུ་བཅད་པ་གཉིས་བསྟན་ཏོ། །དེ་ནས་ནི་གཞུང་ཇི་ལྟར་བརྩམས་པ་རང་གི་མིང་གིས་སྨོས་པ་དང་བཅས་པའི་ཚིགས་སུ་བཅད་པ་གཉིས་སྨོས་སོ། །དེ་ནས་དགེ་བ་ཡོངས་སུ་བསྔོ་བའི་ཚིགས་སུ་བཅད་པ་གཅིག་
เล่ม ๘๗ · หน้า 4b
བསྟན་ཏོ། །དེ་ནས་ནི་ཡུམ་འདི་ཟབ་པས་བདག་གི་ཡུལ་མ་ཡིན་ཞིང་སྐྱེས་བུ་དམ་པ་རྣམས་ཀྱི་ཡུལ་དུ་བསྟན་པའི་ཚིགས་སུ་བཅད་པ་གཅིག་གོ། །དེ་ནས་ནི་ཉེ་བར་བསྟན་པ་བཟོད་པར་གསོལ་བའི་ཚིགས་སུ་བཅད་པ་གཅིག་བསྟན་ཏེ། འདི་ནི་རེ་ཞིག་
འགྲེལ་པའི་བསྡུས་པའི་དོན་དུ་ཤེས་པར་བྱའོ། །དེ་ལྟར་སྤྱིར་སྦྱར་བའི་ཚུལ་ཅུང་ཟད་ཅིག་བརྗོད་ནས། ད་ནི་ཡན་ལག་གི་དོན་ཅུང་ཟད་དགྲོལ་ཏེ། འདིར་སློབ་དཔོན་གྱིས་དང་པོ་ཉིད་དུ་ཅིའི་ཕྱིར་ཕྱག་འཚལ་བ་རྩོམ་ཞེ་ན། འགྲེལ་པ་བརྩམས་པ་མཐར་
ཕྱིན་པར་བྱ་བའི་ཕྱིར་ཏེ། གང་ཞིག་ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ་བ་ནི་བསོད་ནམས་ཆེན་པོ་རྒྱུད་ལ་བསྐྱེད་པ་བསོད་ནམས་དང་ལྡན་པའི་བསམ་པ་རྣམས་ནི་ངེས་པར་འགྲུབ་སྟེ། དེ་བས་ན་འཕགས་པ་རྒྱ་ཆེར་རོལ་པ་ལས། བསོད་ནམས་ལྡན་
པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་གསུངས་སོ། །གཞན་ཡང་དམ་པའི་སྤྱོད་པ་དང་མཐུན་པར་རབ་ཏུ་བསྟན་པའི་ཕྱིར། དེས་རང་གི་གཞུང་ལ་འགྲོ་བ་འབྱུང་བ་རྣམས་དད་པར་འགྱུར་ཏེ། འཇིག་རྟེན་པ་དམ་པ་རྣམས་ནི་དང་པོར་ཡུལ་ཁྱད་པར་ཅན་
རྣམས་ལ་ཕྱག་འཚལ་ནས། རང་འདོད་པའི་ལས་ལ་འཇུག་ཅིང་གཞུང་འདིར་ཡང་དང་པོར་ཕྱག་འཚལ་བ་སྣང་བས་ན་སློབ་དཔོན་འདི་ནི་དམ་པའོ། །འདིས་ཕྱག་འཚལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དམ་པ་སྟེ། དམ་པས་འདོད་པར་བྱ་བའི་ཕྱིར་རོ་
ཞེས་དད་པས་རྗེས་སུ་འབྲང་བ་རྣམས་འཇུག་པའི་ཐབས་སུ་གྱུར་པའི་ཕྱིར་རོ། །དེ་ལྟར་དགོས་པ་དེ་གཉིས་གཟིགས་ནས་དང་པོ་ཉིད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གུས་པར་ཕྱག་འཚལ་ཞེས་བྱ་བ་སྨོས་ཏེ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་
བ་ནི་རྣམ་པ་གཉིས་ཏེ། ངོ་བོ་ཉིད་དང་། དེར་བརྟེན་པའོ། །ཇི་ལྟར་ཞེ་ན། ཆོས་རྣམས་ཀྱི་དེ་བཞིན་ཉིད་འདི་ཆོས་རྣམས་ལ་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ནི་རང་བཞིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་ཕྱིར་མཁས་པས་འཇིག་རྟེན་
เล่ม ๘๗ · หน้า 5a
གནས་སམ་མྱ་ངན་འདས་ཀྱང་རུང་། །ཆོས་ཉིད་སྐྱོན་མེད་ཆོས་རྣམས་སྟོང་པ་འདི་གནས་ཏེ། །བྱང་ཆུབ་སེམས་དཔས་དེ་བཞིན་ཉིད་འདི་རྗེས་སུ་རྟོགས། །དེ་ཕྱིར་དེ་བཞིན་གཤེགས་ཞེས་སངས་རྒྱས་མཚན་གསོལ་ཏོ། །ཞེས་གསུངས་ལ། ཡང་དེ་
ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་ཡིན་ཏེ། དེ་ལ་སུ་ཡང་སྟོན་པ་དང་ཉན་པ་དང་། ཤེས་པར་བྱེད་པ་མེད་དོ་ཞེས་ཀྱང་གསུངས་སོ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ལས་བྱུང་བ་དགེ་བ་ཁྱད་པར་ཅན་དུ་བགྲང་བ་མ་ཡིན་ནམ། དེ་
ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ལ་དེ་བཞིན་ཉིད་ནི་འདུས་མ་བྱས་ཁོ་ནར་གྲུབ་པའི་མཐའ་ལས་བསྟན་ཏེ། དེས་ན་ཇི་ལྟར་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར། དེ་ལྟ་ན་ནི་འགྲོ་བ་རྣམས་ལ་དེ་བཞིན་ཉིད་ཡོད་པས་ལུང་སྔ་མ་ཉིད་ཀྱིས་ཐམས་ཅད་དེ་བཞིན་
གཤེགས་པར་འགྱུར་རོ་ཞེ་ན། སེམས་ལས་བྱུང་བ་དགེ་བ་ཁྱད་པར་ཅན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཞག་པ་ནི་རང་བཞིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་རྟོགས་པའི་མཐུས་དེའི་མིང་འཐོབ་ཀྱི་གཞན་དུ་ན་དེ་ཤེས་རབ་ཡིན་དུ་ཟིན་ཀྱང་ཕ་རོལ་ཏུ་ཕྱིན་པར་ནི་ག་ལ་
ཞིག་འགྱུར། རྟོག་པ་གཉིས་པ་ལྟར་ཡང་མི་འགྱུར་ཏེ། ལུང་སྔ་མས་ནི་དེ་བཞིན་ཉིད་དུ་རྟོགས་པས་དེ་བཞིན་གཤེགས་པར་བསྟན་གྱི། དེ་བཞིན་ཉིད་ཡོད་པས་དེར་བསྟན་པ་ནི་མ་ཡིན་ཏེ། དེ་བས་ན་དེ་ཡོད་པས་ངེས་པར་ཕན་པར་བྱེད་པ་ཡང་མ་ཡིན་ཏེ། རྐྱེན་
གཞན་ལ་ལྟོས་པས་ན་དབུལ་པོས་བདག་དབང་བའི་ས་ལ་གནས་པའི་གཏེར་ལྟ་བུའོ། །དེ་བས་ན་བྱིས་པ་རྣམས་ནི་རང་བཞིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཡང་དེ་མ་རྟོགས་པའི་ཕྱིར་བྱིས་པ་ཞེས་བསྟན་ཏེ། བྱིས་པའི་སྒྲ་ནི་ཞན་ཅིང་ཕྲ་བའི་དོན་དུ་འདྲེན་
པའི་ཕྱིར་རོ། །དོན་འདི་ལས་དགོངས་ཏེ་འཕགས་པ་བྱམས་པའི་ཞལ་སྔ་ནས། འགྲོ་བ་དག་ན་དེ་ལས་གཞན་ཡང་ཅུང་ཟད་ཡོད་མིན་ལ། །འགྲོ་བ་མ་ལུས་པ་ཡང་དེ་ལ་རྣམ་པར་རྨོངས་པའི་བློ། །ཡོད་པ་ཀུན་ནས་སྤོངས་ཤིང་མེད་ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་
เล่ม ๘๗ · หน้า 5b
རྨོངས་པའི་ཚབས་ཆེན་འདི་ཀོ་ཇི་ལྟ་བུ། །ཞེས་གསུངས་ལ། འཕགས་པ་སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བའི་མདོ་ཐེག་པ་ཆེན་པོ་དང་རབ་ཏུ་ལྡན་པ་ལས། བྱིས་པས་བྱང་ཆུབ་མི་ཤེས་ཀྱང་། །དེ་དག་དེ་ལ་རབ་ཏུ་གནས། །ཞེས་གསུངས་ཏེ། དེའི་ཕྱིར་རང་བཞིན་གྱིས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་ནི་གཙོ་བོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རབ་ཏུ་གཅེས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱའོ་ཞེས་ཀྱང་གསུངས་ཏེ། ཇི་ལྟར་ལུས་ལ་སོགས་པ་གནས་ཤིང་འཕེལ་བ་ནི་སེམས་ཀྱིས་བཟུང་བའི་མཐུ་ཡིན་ལ། སེམས་དེ་ཡང་
སྙིང་ཞེས་བྱ་བའི་ལུས་ཀྱི་བྱེ་བྲག་དེ་ལ་རབ་ཏུ་བརྟན་པས་ན། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །རྣམ་པར་རྟོག་པ་མང་པོའི་གནས། །སྙིང་གི་ཡུལ་ལ་རབ་ཏུ་གནས། །ཞེས་གསུངས་ཏེ། རྟེན་དུ་གྱུར་པའི་སྙིང་མེད་ན་སེམས་མི་གནས་ཤིང་། དེ་མ་གནས་པར་གྱུར་ན་དབང་
པོ་དང་བཅས་པའི་ལུས་ངེས་པར་མི་གནས་པས་ན་སྙིང་སྟེ། རབ་ཏུ་གཅེས་པ་ནི་ཧྲྀ་ད་ཡ་ཞེས་གྲགས་སོ། །དེ་བཞིན་དུ་རང་བཞིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་དམིགས་པ་གང་ལ་བརྟེན་ནས་ཀྱང་སྐྱེ་བར་མི་འགྱུར་ལ། དེ་མ་སྐྱེས་
པར་གྱུར་ན་ཇི་ལྟར་ལམ་དང་། འབྲས་བུ་དང་གཞུང་དག་འབྱུང་། དེ་བས་ན་འདི་ཡང་ཧྲྀ་ད་ཡ་ཞེས་གསུངས་ཏེ་རབ་ཏུ་གཅེས་པའི་ཕྱིར་རོ། །དེ་ལ་བརྟེན་པ་ནི་ལམ་ལྔ་དང་། དེའི་འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དེ་དག་སྟོན་པའི་གཞུང་རྣམས་སོ། །དེ་དག་
ལས་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བཞག་པ་ལ་བསྟན་པས་གཙོ་བོ་སྟེ། རང་བཞིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གཉིས་སུ་མེད་པ་དང་། ལམ་དང་གཞུང་དག་ཀྱང་དེ་ཐོབ་པར་བྱ་བའི་ཆེད་དུ་སྦྱོར་བའི་ཕྱིར་རོ། །དེ་བས་ན་སློབ་
དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱང་། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡིས། །གཞུང་དང་ལམ་དག་དེའི་སྒྲ་ཡིན། །ཞེས་བཤད་དོ། །དེ་ལ་གཞུང་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་
เล่ม ๘๗ · หน้า 6a
བརྒྱ་པ་ལ་སོགས་པ་སྔར་བསྟན་པས་བསྡུས་པ་གཉིས་སོ། །ལམ་ནི་འོག་ནས་འཆད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་འཆད་པར་བྱེད་པ་ལས་གཏན་ལ་འབེབས་སོ། །དེ་ལྟར་རྣམ་པར་ཕྱེ་བས་ཡུམ་འདིའི་ངོ་བོ་བསྟན་ནས། ད་ནི་ངེས་པའི་
ཚིག་བསྟན་པར་བྱ་སྟེ། ཤེས་རབ་ཅེས་བྱ་བ་ནི། གཞན་སྒྲ་ཤེས་དང་སོ་སོར་ནི། །རང་རིག་རབ་ཏུ་ཤེས་ཕྱིར་དང་། །རབ་ཞི་འཐོབ་ཤེས་རབ་ཕུལ་བྱུང་། །ཡོན་ཏན་འཐོབ་ཤེས་ཕྱིར་ཤེས་རབ། །ཅེས་བཤད་པ་སྟེ། ལམ་དང་པོ་གཉིས་ལ་ནི་དང་པོའོ། །མཐོང་
བའི་ལམ་དང་འབྲས་བུ་ལ་ནི་གཉིས་པའོ། །ཀུན་རྫོབ་ཀྱི་ཡེ་ཤེས་ལ་ནི་གསུམ་པའོ། །བསྒོམ་པའི་ལམ་ལ་ནི་བཞི་པའོ། །ཁྱད་པར་གྱི་ལམ་ལ་ནི་ངེས་ཚིག་ལྔ་པ་སྦྱར་ཞིང་གཞུང་ལ་བཏགས་ཏེའོ། །རང་བཞིན་ལ་ནི་འབྲས་བུའི་མིང་གིས་སོ། །དེ་ལ་ཇི་ལྟར་ན་ཤེས་རབ་
དེ་དག་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། བྱིས་པ་རྣམས་ཀྱི་ཡུལ་དུ་གྱུར་པ་འཁོར་བ་ནི་ཚུ་རོལ་ཡིན་ཏེ། དེ་ལས་འདས་ཤིང་རིང་དུ་སོང་བ་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །དེས་ན་འཇིག་རྟེན་ལས་འདས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་ཕྱིར་
རྒྱལ་བའི་ཡུམ་བར་མ་ལས་ཀྱང་། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་རིང་དུ་སོང་བ་སྟེ། གང་ལས་རིང་དུ་སོང་བ་ཞེས་བྱ་ཞེ་ན།
ཚེ་དང་ལྡན་པ་ཤཱ་རིའི་བུ་ཕུང་པོ་རྣམས་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བས་ན་པ་རའི་སྒྲ་ནི་པ་ར་ཡད་ཏ་ཞེས་བྱ་བར་བསྒྱུར་རོ། །ཡང་ན་པ་རའི་སྒྲས་ནི་མཆོག་བསྟན་ལ་དེ་ལ་དངོས་པོའི་རྐྱེན་སྦྱར་བ་ནི་དངོས་པོའི་
མཆོག་ཉིད་ཅེས་བྱ་སྟེ། ཇི་ལྟ་ཞེ་ན། རྒྱ་ཆེ་བ་དང་ཡུན་རིང་ཆེད་དུ་བྱ། །མི་ཟད་རྒྱུན་མི་འཆད་ཅིང་ཚེགས་མེད་ལ། །དབང་འབྱོར་བསྔོ་དང་རྩོམ་པ་དག་དང་ནི། །འཐོབ་དང་རྒྱུ་མཐུན་འགྲུབ་ཕྱིར་དམ་པའི་དངོས། །ཞེས་བཤད་ལ། ཡང་། ཡུན་རིང་གོམས་ཤིང་ཐབས་དང་འབྲས་
เล่ม ๘๗ · หน้า 6b
བུ་མཆོག །འདི་དག་ཐེག་པ་དམན་ལས་མཆོག་གྱུར་དངོས། །ཞེས་བཤད་པས་སོ། །ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་ཟག་མཆོག་དག་གིས་བསྟན་པའི་ཕྱིར་ཡང་མཆོག་གི་དངོས་པོའོ། །གཞན་ཡང་གཞན་ལ་སོགས་པའི་མཆོག་ཏུ་གནོད་པ་ལས་ཐར་
བར་བྱེད་པས་ན་གཉིས་སུ་སྒྲ་སྦྱར་བའོ། །གཞན་དག་ནི་ཤེས་བྱའི་ཕ་རོལ་ཏུ་ཕྱིན་པས་ན་ཕ་རོལ་ཏུ་ཕྱིན་པར་འདྲེན་ཏེ། དེའི་ཚེ་ནི་ཕྱིན་པའི་སྒྲ་རྫོགས་པར་དྲང་སྟེ། ཨི་ཏ་སཾ་ཛཱ་ཏ་ཞེས་སྐད་ཀྱི་བྱིངས་ལ་འདོན་པས་སོ། །ཡི་གེ་པའི་རིང་པོ་ཉིད་ནི་གཙུག་ལག་གི་ཚིག་ཡིན་པས་
འགལ་བ་མེད་དོ། །ངེས་པའི་ཚིག་ཐ་མ་འདི་ནི་དངོས་སུ་ན་འབྲས་བུ་ལ་སྦྱར་ཏེ། གཞན་ལ་ནི་བཏགས་ནས་སོ། །ལྷག་མ་ནི་ཅི་རིགས་སུ་ངོ་བོ་ལ་སྦྱར་རོ། །དེ་ལྟར་ངོ་བོ་དང་ངེས་ཚིག་རྒྱས་པར་བསྟན་པ་ལས་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་ཕྱེ་བ་དེ་དག་ལས་གང་ལ་ཕྱག་
འཚལ་ཞེ་ན། མ་ལུས་པ་གཟུང་བའམ། ཡང་ན་འབྲས་བུའི་བདག་ཉིད་གཉིས་སུ་མེད་པའི་ཡེ་ཤེས་དེ་ལ་ཕྱག་འཚལ་ཏེ། དེ་ནི་རང་བཞིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐ་མི་དད་པ་སྟེ། དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་གྱིས་ངེས་པར་བྱས་པས་སོ། །
དེ་ལྟར་ན་རྣམ་པར་མི་རྟོག་པར་མི་འགྱུར་ཏེ་རང་བཞིན་ལ་རྟོག་པའི་ཕྱིར་རོ། །ཞེ་ན། དེས་གང་ཡང་ཡུལ་དུ་མ་བྱས་པའི་ཕྱིར་ཏེ་རང་བཞིན་ཡིན་ལ། དེ་ཡང་རྣམ་པར་མི་རྟོག་པར་གྲུབ་ཀྱི་གལ་ཏེ་དེས་ཡུལ་དུ་བྱས་ན། དེ་ཡང་ཡེ་ཤེས་ལ་ལྟོས་པས་བྱས་པར་འགྱུར་བས་
རང་བཞིན་མ་ཡིན་ལ། དེ་ཡང་རྣམ་པར་རྟོག་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ན་ཡང་དག་པར་ན་རང་བཞིན་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཀྱང་མི་གཟིགས་ཏེ། དེའི་དོན་ནི་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱིས་མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར་
ཞེས་འཆད་པར་བྱེད་དོ། །དེ་བས་ན་ཅི་ཡང་མ་མཐོང་བ་ནི་མཐོང་བ་དམ་པའོ་ཞེས་མདོ་ལས་གསུངས་སོ། །དེ་ལྟར་རང་བཞིན་དང་དབྱེར་མེད་པས་རང་བཞིན་དང་འབྲས་བུ་དག་ནི་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའོ། །གཞུང་དང་ལམ་ནི་དེའི་ཆེད་དུ་སྦྱོར་བའོ་ཞེས་སྔར་
เล่ม ๘๗ · หน้า 7a
བཤད་དོ། །དེའི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པའི་ཡེ་ཤེས་ལ་ཕྱག་འཚལ་བ་ཉིད་རིགས་པས་ན། རྒྱལ་བའི་ཡུམ་བར་མ་ལས་ཀྱང་། བཙུན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །གང་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕྱག་འཚལ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་ནི་
ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕྱག་འཚལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་བྱུང་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པར་བརྗོད་དོ་ཞེས་གསུངས་པའོ། །འདིར་ནི་མི་འདོད་པའི་བཞི་པ་ཉིད་དེ། དེ་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །གུས་པར་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཀྱིས་སམ་ཡིད་རབ་ཏུ་དང་བས་སོ། །ཕྱག་འཚལ་ལོ་ཞེས་པ་ནི་མཆོག་ཏུ་འདུད་པར་བྱེད་པའོ། །
འདིར་གང་ལ་འདུད་པར་བྱ། གང་ཡང་མ་དམིགས་ན་བཏུད་པས་ཅི་ཞིག་སྦྱིན་ཞེ་ན། ཆོས་ཐམས་ཅད་ནི་རང་གི་རྣམ་པར་རྟོག་པའི་དབང་ཙམ་གྱིས་སྐྱེ་ཞིང་འཕེལ་བ་ལ་སོགས་པར་འགྱུར་བས་ན་ཡིད་དང་བའི་དབང་གིས་ཅི་ཡང་མེད་པ་ལའང་བཏུད་པས་འབྲས་བུ་
ཡིད་དུ་འོང་བ་སྦྱིན་ལ། གཞན་ཡང་དོན་དམ་པར་གང་ཡང་མེད་དུ་ཟིན་ཀྱང་། ཀུན་རྫོབ་ཏུ་ནི་རྒྱལ་བའི་ཡུམ་འདི་ཉིད་གདུལ་བྱ་དང་འཚམ་པའི་བཀོད་པས་གནས་ཏེ། དེའི་ཕྱིར། གདུལ་བྱའི་སྐྱེ་བོ་ལ་བརྟེན་ནས། །དེ་བཞིན་གཤེགས་པས་དེ་དང་དེར། །ཁྱོད་ཉིད་གཅིག་
པུ་གཟུགས་མང་དང་། །སྣ་ཚོགས་མཚན་དུ་མངོན་པར་བརྗོད། །ཅེས་བསྟོད་ཅིང་། ཡང་། ཚིག་ཡུལ་ཀུན་ལས་འདས་གང་ཡིན། །ཁྱོད་ནི་གང་ལའང་མི་བརྟེན་ཞིང་། །མཚན་མེད་གོས་པ་མེད་པས་ན། །སུ་ཡིས་འདིར་ཁྱོད་བསྟོད་པར་ནུས། །བདག་ཅི་ཚིག་
เล่ม ๘๗ · หน้า 7b
ལམ་འདི་འདྲ་བས། །ཁྱོད་ལ་བསྟོད་པ་མ་བྱས་ཀྱང་། །དགྱེས་མི་དགྱེས་ལས་འདས་མོད་ཀྱི། །འོན་ཀྱང་ཀུན་རྫོབ་བདེན་པའོ། །ཞེས་བསྟོད་པ་བརྗོད་དེ། དེ་བས་ན་ཡུམ་འདི་སྤྲོས་པ་མེད་ཅིང་རྟོག་པ་མེད་དོ་ཞེས་ཏེ། མཆོད་པ་དང་ཕྱག་ལ་སོགས་པ་སྤང་བར་ནི་མི་
བྱའོ། །དེ་ལྟར་ཕྱག་འཚལ་བ་ཅི་ཞིག་འགྲུབ་པར་འདོད་པ་ཡིན་ཞེ་ན། དེ་ཕྱིར། དེའི་རྒྱན་ཚིག་ལེའུར་བྱས་པ་དག །རྣམ་པར་དབྱེ་ཕྱིར་གུས་ཕྱག་འཚལ། །ཞེས་ཚིག་སྔ་མ་དང་སྦྱར་ཏེ། དེའི་ཞེས་བྱ་བའི་བུད་མེད་ཀྱི་རྟགས་ཀྱིས་བསྟན་པའི་ཕྱིར་དང་། དོན་གྱི་དབང་
གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་སྦྱར་རོ། །དེ་ལྟར་ན་གང་ལ་ཕྱག་འཚལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ཀྱི་རྒྱན་ཚིག་ལེའུར་བྱས་པ་དག །རྣམ་པར་དབྱེ་བའི་ཕྱིར་གུས་ཕྱག་འཚལ་ཞེས་ཚིག་རྣམ་པར་སྦྱར་རོ། །རྒྱན་ཞེས་བྱ་བ་ནི་ཚིག་ལེའུར་བྱས་
པའི་མན་ངག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཤེས་པར་བྱ་སྟེ། དེ་ཤེས་པས་མན་ངག་འདིས་མཁས་པ་རྣམས་དགའ་ཞིང་འདི་ལ་དྲིན་དུ་ཡང་གཟོ་བར་འགྱུར་ཏེ། འདི་ནི་དམིགས་བུ་ལྟ་བུའི་ཕྱིར་རོ། །དེ་ལྟར་དགའ་བ་བསྐྱེད་པས་ན་འདི་རྒྱན་ཏེ་དཔེའི་མིང་ཉིད་
དོ། །དོན་འདི་ལས་བརྟེན་ཏེ་འཕགས་པ་བྱམས་པའི་ཞལ་སྔ་ནས་ཀྱང་། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ནས། །མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་སྐྱེད་པ། །དེ་བཞིན་ལེགས་གསུང་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་
ཡི། །ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ན་དགའ་མཆོག་སྐྱེད། །ཅེས་གསུངས་སོ། །ཚིག་ལེའུར་བྱས་པ་དག་ཅེས་པ་ནི་གཞུང་གང་ཚིགས་སུ་བཅད་པ་རྩ་བ་བཞི་པ་ཡི་གེ་བརྒྱད་པར་བྱས་པའི་མིང་སྟེ། དབང་པོའི་རྡོ་རྗེ་ལས་ཁྱད་པར་དུ་གྱུར་པའོ། །རྣམ་པར་
དབྱེ་ཞེས་པ་ནི་དོན་ཙམ་ཞིག་སྟེ་འཆད་པར་བྱེད་པ་ལས་འཕགས་པ་རྣམ་པར་གྲོལ་སྡེས། མཐུ་ཡི་དོན་མཐོང་སྒོ་ནས་ནི། །གོ་བར་སླ་ཕྱིར་ངག་དང་ནི། །ཚིག་སོགས་སྦྱོར་བ་མ་བྱས་པར། །མཁན་པོ་ཡང་དག་རྣམ་སྣང་མཛད། །བླ་མ་བཟང་ལ་ཕྱག་འཚལ་ཏེ། །ཚིག་ལེར་བྱས་
เล่ม ๘๗ · หน้า 8a
པའི་འགྲེལ་གསལ་བ། །འདི་ནི་སེང་གེ་བཟང་པོས་བྱས། །ཞེས་སྨོས་པས་སོ། །བཞི་པ་འདི་ནི་རྒྱུ་མཚན་ཉིད་དུ་ལྟའོ། །ཚིག་ལེའུར་བྱས་པ་དེ་རྣམ་པར་དབྱེ་བའི་ཕྱིར་ཕྱག་འཚལ་བར་ནི་བསྟན་ན། དེ་རྣམ་པར་ཕྱེ་བ་ཉིད་ལ་དགོས་པ་ཅི་ཡོད་ཅེས་རྟོག་པ་ལ།
ཀུན་གྱི་རྒྱན་དུ་འགྱུར་བའི་ཕྱིར། །ཞེས་སྨོས་ཏེ། ཀུན་ཞེས་པ་ནི་ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིའོ། །རྒྱན་དུ་འགྱུར་བ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། སྐྱེས་པའམ་བུད་མེད་གང་ཞིག་གི་གཟུགས་ལ་དགའ་བ་སྐྱེ་བའི་རྒྱུ་ནི་རྒྱན་རྣམས་ཡིན་ཏེ།
འོན་ཀྱང་རྒྱན་དེ་དག་དྲི་མ་དང་བཅས་པར་གྱུར་ན་དགའ་བར་བྱེད་མི་ནུས་པས་ན་རྒྱན་གྱིས་བརྒྱན་ནི་རྒྱན་དེའི་དྲི་མ་མེད་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་མཁས་པ་དགའ་བར་བྱེད་པའི་རྒྱན་ནི་ཚིག་ལེའུར་བྱས་པ་ཉིད་དོ། །ཞེས་བསྟན་དུ་ཟིན་ཀྱང་ཁ་ཅིག་མ་རྟོགས་པའམ། ལོག་
པར་རྟོགས་པའི་དབང་གིས་ཚིག་ལེའུར་བྱས་པ་འདི་ནི་རྒྱལ་བའི་ཡུམ་རྣམས་ཀྱི་དོན་ལེགས་པར་སྟོན་པར་ནུས་པ་མ་ཡིན་པས་འདི་རྒྱན་མ་ཡིན་ནོ་སྙམ་དུ་ཀླན་ཀའི་དྲི་མ་སྐྱེ་སྲིད་དོ། །སློབ་དཔོན་གྱི་ཞལ་སྔ་ནས་འགྲེལ་པ་དོན་གསལ་བ་སྡེབ་སྦྱོར་སྤངས་པས་དྲང་ཐད་དུ་བསྟན་པ་
འདི་མཛད་པས་དེ་དག་གིས་ལོག་པར་རྟོགས་པ་དང་། མ་རྟོགས་པའི་རྒྱུ་ལས་བྱུང་བའི་དྲི་མ་ངན་པ་འཇོམས་པས་ན་འགྲེལ་པ་འདི་ནི་རྒྱན་ཏེ། རྒྱན་དུ་བྱེད་པས་ན་རྒྱན་གྱིས་བརྒྱན་ཉིད་དེ། དེ་བས་ན་འདི་ནི་དྲི་མ་སེལ་བས་རྒྱན་ཏེ། ཇི་སྐད་དུ་སློབ་དཔོན་ཀ་མ་ལ་ཤཱི་ལའི་ཞལ་
སྔ་ནས་དེ་ཉིད་ཀྱི་ཕྱིར་ཀླན་ཀ་ངན་པའི་དྲི་མ་བསལ་བས་ན་འདི་ནི་དབུ་མའི་རྒྱན་ཞེས་བྱའོ་ཞེས་བཤད་པ་ལྟ་བུའོ། །བཞི་པ་འདི་ནི་རྒྱུ་མཚན་ཉིད་སྟོན་པའོ། །དེ་ལྟར་ན་འགྲེལ་པའི་གཞུང་འདི་རྗོད་པར་བྱེད་པ་སྟེ། དེའི་བརྗོད་པར་བྱ་བ་ཡང་སྒྲའི་བརྗོད་པར་བྱ་བ་ནི་ཚིག་ལེའུར་
བྱས་པ་ཁོ་ནའོ། །དོན་གྱིས་བརྗོད་པར་བྱ་བ་ནི་རྒྱལ་བ་སྐྱེད་མ་ཐམས་ཅད་དོ། །དགོས་པ་ཡང་དངོས་སུ་ནི་ཚིག་ལེའུར་བྱས་པའི་དོན་ལེགས་པར་བསྟན་པ་སྟེ། དེའི་ཡང་དགོས་པ་ནི་ཚིག་ལེའུར་བྱས་པ་དེ་རྒོལ་བ་རྣམས་ལ་རྒྱན་ཉིད་དུ་བསྒྲུབ་པའོ། །གཞན་དག་ནི་ཚིག་
เล่ม ๘๗ · หน้า 8b
ལེའུར་བྱས་པའི་དོན་ལེགས་པར་བསྟན་པས་དེ་རྒྱན་ཉིད་དུ་གྲུབ་པ་ནི་དགོས་པ་ཡིན་ལ། དེས་རྒྱལ་བ་སྐྱེད་མའི་དོན་མ་ལུས་པ་ཤེས་པ་ནས་བཟུང་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་བར་དུ་ནི་དགོས་པའི་ཡང་དགོས་པའོ་ཞེས་རྟོག་སྟེ། དེ་ནི་དེ་ལྟར་འགྲུབ་པ་
ཉིད་འགྲེལ་པ་འབའ་ཞིག་གིས་མི་སྲིད་ལ། རྩ་བའི་གཞུང་ཉིད་ཀྱི་དབང་དུ་བྱས་པར་ཡང་འོག་ནས་འཆད་པས་མི་འཐད་པ་ཉིད་དོ། །གཞན་ཡང་ཚིགས་སུ་བཅད་པ་དང་པོའི་དབང་གིས་གཞུང་དབྱེ་བར་དམ་བཅའ་བས་བརྩམས་པ་མཐར་དབྱུང་བ་ཡང་སྟོན་ཏེ། ཕུང་པོ་
དང་ཉོན་མོངས་པ་དང་། ཁས་བླངས་པ་དང་དམ་བཅས་པ་དག་ནི་ཁུར་ཡིན་ལ། སྐྱེས་བུ་དམ་པ་རྣམས་ནི་ལེགས་པར་བླངས་པའི་ཁུར་བྱ་བ་མ་རྫོགས་ཀྱི་བར་དུ་མི་འདོར་ཏེ། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང་། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་
བུ་དམ་པ་ཁུར་ལྕི་ཁུར་བ་དག །ཉམ་ངའི་ལམ་དུ་ནམ་ཡང་འདོར་མི་བྱེད། །ཅེས་བསྟན་པས་སོ། །དེ་ལྟར་ཕྱག་འཚལ་བ་དང་། བསྟན་པར་དམ་བཅའ་བ་དང་། ཉིད་ཀྱིས་སྦྱོར་བའི་འགྲེལ་པའི་དགོས་པ་ལ་སོགས་པ་བསྟན་པའི་ཚིགས་སུ་བཅད་པ་གཅིག་རྣམ་པར་
བཀྲོལ་བའོ། །ད་ནི་སློབ་དཔོན་བདག་ཉིད་སྔོན་གྱི་སློབ་དཔོན་གྱི་ལུགས་ལ་མཁས་པར་བསྟན་པས་འགྲོ་བ་རྣམས་རང་གི་འགྲེལ་པ་ལ་འཇུག་པར་བྱ་བ་དང་། གཞུང་དུ་མ་ཚོལ་བའི་འཇུག་པ་པོ་རྣམས་ལ་འང་ཕན་གདགས་པའི་ཕྱིར། སྔོན་གྱི་སློབ་དཔོན་གྱིས་མཛད་པའི་
གཞུང་གདགས་པ་བསྟན་པའི་ཕྱིར། འགྲོ་བའི་ཆགས་ལ་ཆགས་མེད་མཛད། །ཅེས་པ་ལ་སོགས་པ་སྨོས་ཏེ། ཁ་ཅིག་ན་རེ་ཡི་གེ་ཨ་ནི་རིང་པོ་ཡིན་པས་ལྷག་པར་སྟོན་ཏེ། དེས་ན་ཀུན་ཏུ་ཆགས་པའོ་ཞེས་ཟེར་ན། དེ་དག་གིས་ནི་མཚམས་སྦྱོར་བ་མ་རྟོགས་པ་སྟེ།
གལ་ཏེ་རིང་པོ་ཡིན་ན་མཚམས་སྦྱར་བར་མི་འགྱུར་རོ། །དེའི་ཕྱིར་ཡི་གེ་ཨ་ནི་ཐུང་ངུ་སྟེ་དགག་པ་ཉིད་དོ། །དེ་ལ་མདོར་བསྡུས་ན་འཕགས་པ་ཐོགས་མེད་དང་། སློབ་དཔོན་དབྱིག་གཉེན་དག་གིས་སྐབས་བརྒྱད་དུ་ཕྱེ་མོད་ཀྱི་དོན་གཞན་དུ་རྣམ་པར་རིག་པའི་གྲུབ་པའི་མཐར་
เล่ม ๘๗ · หน้า 9a
རྒྱལ་བའི་ཡུམ་བཀྲོལ་ཏེ། ཚིག་ལེའུར་བྱས་པ་ཐེག་པ་ཆེན་པོ་དབུ་མའི་ལྟ་བ་འདི་ནི་སློབ་དཔོན་དབྱིག་གཉེན་གྱིས་དེའི་ཡུལ་དུ་མ་གྱུར་པས་ན། འཕགས་པ་ཐོགས་མེད་པ་འོད་བྱེད་པ་བརྙེས་པས་ཀྱང་དེ་འདུལ་བ་དང་འཚམ་པར་བཀྲོལ་ཏེ། སེམས་
ཅན་གཅིག་གི་དོན་གྱི་ཕྱིར། །ཕྱི་མཐའི་བར་དུ་གནས་པར་བགྱི། །ཞེས་གསུངས་པའི་རྗེས་སུ་འབྲང་བས་སོ། །དེ་ལྟར་དེ་དག་གི་སྐབས་ཀྱི་དོན་མ་བརྗོད་ཅིང་རྣམ་པར་རིག་པའི་ཞེན་པ་མ་སྤངས་པས་ན། དེས་བྱས་བྱས་པ་མིན་མཐོང་སྟེ། །འཕགས་པའི་ནང་དུ་གཏོགས་པ་
ཡི། །རྣམ་པར་གྲོལ་སྡེ་ཞེས་བྱས་ཀྱང་། །དབུ་མར་གནས་པའི་བློས་རྣམ་ཕྱེ། །ཞེས་རིམ་པར་བྱས་ཏེ་མདོ་བར་མ་དང་སྦྱར་བ་མཛད་དོ། །དེ་ཡི་འོག་ཏུ་རྣམ་གྲོལ་སྡེ། །དད་པའི་ས་ལ་གནས་པ་ཡིས། །ཞེས་པ་ནི་ཚོགས་ཀྱི་ལམ་ཕལ་པ་སྟེ་དད་པ་ཙམ་གྱི་ས་ནི་དད་པའི་སའོ། །
བསྟན་བཅོས་མཐའ་དག་མ་རྙེད་པར། །ཞེས་པ་ནི་གྲུབ་པའི་མཐའ་རབ་འབྱམ་ལ་མ་འདྲིས་པར་རོ། །ཁ་ཅིག་ན་རེ་རྒྱལ་བའི་ཡུམ་མཐའ་དག་མ་རྙེད་པར་ཞེས་ཟེར་ཏེ་དེས་ནི་ལེགས་པར་མ་སྨྲས་སོ། །རང་དང་རྗེས་མཐུན་རྣམ་བཤད་བྱས། །ཞེས་པ་ནི་དེ་རང་གི་ཤེས་རབ་འཕེལ་
བར་བྱ་བའི་ཕྱིར་གཞུང་བརྩམས་ཀྱི། གཞན་ལ་ཕན་པར་འདོད་པའམ་མངོན་པའི་ང་རྒྱལ་གྱིས་ནི་མ་ཡིན་ཏེ། ཇི་སྐད་དུ་རིག་པ་བརྩམས་པ་ནི་ཤེས་རབ་འཕེལ་བའི་རྒྱུའོ་ཞེས་གསུངས་སོ། །འདི་ནི་འདབ་གཤོག་ཅུང་ཟད་སྐྱེས་པའི་བྱ་འཕུར་བར་རྩོལ་བ་དང་འདྲ་བས་བསྔགས་
པའི་ཚིག་ཡིན་གྱི་སྨད་པར་མི་སྦྱར་རོ། །དེ་ལྟར་མཁས་པས་སྣང་བྱས་ཤིང་། །ཞེས་བྱ་བ་ནི། འཕགས་པ་རྣམ་པར་གྲོལ་སྡེའི་ཞལ་སྔ་ནས་སོ། །ཁ་ཅིག་གིས་ནི་བསྟན་བཅོས་ཀུན། །མ་རྙེད་ཅེས་བྱ་བ་ལ་བསྟན་བཅོས་ནི། །ཉོན་མོངས་དགྲ་རྣམས་མ་ལུས་
འཇོམས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །ཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་པའི་ངེས་པའི་ཚིག་གི་ཚུལ་གྱིས་ན་བསྟན་བཅོས་ཏེ། དེ་ཡང་ཁྱད་པར་ཅན་རྒྱལ་བའི་ཡུམ་རྣམས་སོ། །
เล่ม ๘๗ · หน้า 9b
ཀུན་མ་རྙེད་པ་ཉིད་ཅེས་པ་ནི་རང་རང་གི་བློས་མ་རྟོགས་པ་སྟེ་གཞུང་མ་རྙེད་པ་ནི་མ་ཡིན་ནོ། །ཁ་ཅིག་གིས་ནི་ཞེས་པ་ནི་སློབ་དཔོན་དབྱིག་གཉེན་དང་། བཙུན་པ་རྣམ་པར་གྲོལ་བའི་སྡེ་སྟེ། འདུལ་བའི་དབང་ལས་འཕགས་པ་ཐོགས་མེད་ཀྱང་དེར་བགྲང་ངོ་། །དེ་རྙེད་
པ་གང་ཡིན་དེ་ནི་ཡ་མཚན་ནོ་ཞེས་པ་ནི་བདག་ནི་སྔོན་དུ་ཡང་སྐལ་བ་བཟང་བས་སྔོན་བསོད་ནམས་མཚར་ཞིག་བྱས་པ་ལྟ་ཞེས་རྗེས་སུ་དགའ་བ་སྟོན་པའི་ཚིག་གོ། །དེ་ལྟར་མཁས་པས་སྣང་བར་བྱས་པ་ཡང་བདག་གིས་ཤེས་ལ། ལ་ལས་ནི་དོན་ཚང་བར་མ་ཤེས་
ལ་བདག་གིས་ཚང་བར་ཤེས་སོ་ཞེས་བསྟན་ནས། དེ་ཡང་རང་གི་ལྷས་བྱིན་པ་ལ་སོགས་པ་ནི་མ་ཡིན་ཏེ། སངས་རྒྱས་ཀྱི་མཐུས་ཡིན་པར་བསྟན་པའི་ཕྱིར། དེ་ལྟར་ཤིན་ཏུ་རྙེད་དཀའ་བ། །ཟབ་མོའི་ལམ་ཅན་འདི་ལྟ་སྟེ། །སངས་རྒྱས་དབང་གིས་རྙེད་པ་ནི། །ཞེས་
སྨོས་ཏེ་བསྐལ་པ་མང་པོར་ཡང་མཚན་ཙམ་ཡང་རྙེད་པར་དཀའ་བའི་རྒྱལ་བའི་ཡུམ་དོན་ཟབ་མོ་འདི་དང་ཕྲད་པ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་དབང་ཉིད་ཡིན་གྱི་གནམ་བཅས་ལ་སོགས་པ་ནི་མ་ཡིན་ཏེ། དེ་ལྟར་ནི་ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་དེ་བཞིན་གཤེགས་
པའི་བྱིན་གྱི་རླབས་ཏེ། བཅུ་གང་ཞེ་ན། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཚེ་རབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། བདུད་ཀྱི་ལས་ཁོང་དུ་ཆུད་ནས་དེ་བཟློག་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐོས་ཏེ་ནན་ཏན་བྱེད་པ་དང་། འཁོར་བའི་
སྡུག་བསྔལ་ཤེས་ནས་མི་སྐྱོ་བ་དང་། ཆོས་ཟབ་མོ་རྟོགས་པར་བྱས་པས་འབྲས་བུ་ཐོབ་པ་དང་། སེམས་ཅན་རྣམས་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་སྟོན་ཀྱང་དེའི་རྣམ་པར་གྲོལ་བ་ལ་མི་མོས་པ་དང་། འདུས་བྱས་ཀྱི་རང་བཞིན་ལ་རྟོག་ཅིང་འདུས་མ་བྱས་ལ་མི་གནས་
ལ་འདུས་བྱས་དང་འདུས་མ་བྱས་ལ་མི་གནས་པར་འདུ་ཤེས་པ་དང་། ཉིང་མཚམས་སྦྱོར་བ་ལ་གནས་ཀྱང་དེ་སེལ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྲུབ་པའི་རིགས་ཀྱི་རྒྱུན་མི་གཅོད་པ་སྟེ། ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་
เล่ม ๘๗ · หน้า 10a
དག་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་སོ། །ཞེས་གསུངས་ཤིང་། ཡང་ཡུམ་འདི་ཉིད་ལས་ཀྱང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཆུང་ངུས་ན་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་བ་བྲིས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་
ལྟར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཡིན་ན། གོ་ཐུགས་རྗེས་ཕྲོགས་པ་དེ་དག་བཙུན་པ་རྣམ་པར་གྲོལ་བའི་སྡེ་ལ་སོགས་པས་རྙེད་པ་ཉིད་དུ་ཅིའི་ཕྱིར་མི་མཛད་ཅེ་ན། རང་གི་འབད་པའི་རྗེས་སུ་བྱིན་གྱི་རླབས་འབྲང་བ་ནི་ཆུའི་ཟླ་བ་ལྟ་བུ་སྟེ། དེའི་ཕྱིར་འཕགས་པ་རབ་ཀྱི་རྩལ་
གྱིས་རྣམ་པར་གནོན་པས་ཞུས་པ་ཞེས་བྱ་བ་རྒྱལ་བ་སྐྱེད་མ་སྙིང་པོའི་དོན་བསྟན་པ་ལས། རྟ་ཅང་ཤེས་ལ་སོགས་པའི་དཔེས་བསྟན་ལ། འདི་ལས་ཀྱང་། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལས་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བྱས་
པས། །འདི་མཉན་པ་ཡི་སྣོད་ཡིན་ནོ། །ཞེས་སྟོན་ནོ། །ད་ལྟར་ཡུམ་འདི་རྙེད་པ་ནི་སངས་རྒྱས་ཀྱི་མཐུ་ཡིན་པས་ན་དེ་ལ་བྱས་པ་ཤེས་པའི་མཆོད་པ་བྱ་བར་རིགས་པས་ན། མཁས་པ་རྣམས་ཀྱིས་དབྱེ་བའི་རིགས། །ཞེས་སྨོས་ཏེ། བཀའ་བཞིན་འབད་པས་བསྒྲུབས་པའི་
ལན་ཀླན་པས། །ཕན་པར་མཛད་པ་དེ་ལ་ལན་དུ་མཆོད། །ཅེས་བསྟན་པས། ལན་དུ་མཆོད་པ་ཡང་བཀའ་བསྒྲུབ་པར་བྱ་བ་ཡིན་ལ། བཀའ་སྒྲུབ་པའི་མཆོག་ནི་རྒྱལ་བའི་ཡུམ་ལ་ནན་ཏན་བྱེད་པ་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔལ་མཆོག་དང་པོ་
ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བ་དང་། ཀློག་པ་དང་། ཉན་པ་དང་། འདོན་པ་དང་། ཁ་ཏོན་བྱེད་པ་དང་། འཆང་བ་དང་། སེམས་པ་དང་། སྒོམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ་ཞེས་གསུངས་པས་སོ། །དེ་ལྟར་ན་
མཁས་པ་སྟེ། ངེས་པར་རྟོགས་པས་སུ་ཡང་རུང་སྟོན་པ་ལ་དྲིན་དུ་གཟོ་བ་རྣམས་ཀྱིས་ལན་དུ་མཆོད་པའི་ངོ་བོར་ཡུམ་འདིའི་དོན་བློ་དང་གཞུང་ལ་དབྱེ་བར་རིགས་པ་དེའི་ཕྱིར་སློབ་དཔོན་བདག་ཉིད་ཀྱང་གཞུང་འབྱེད་པར་བསྟན་པའི་ཕྱིར། རྣམ་པ་ཀུན་ཏུ་བདག་གིས་ནི། །སྤྱོད་
เล่ม ๘๗ · หน้า 10b
ཡུལ་མིན་ཡང་རང་གཞན་ལ། །ཕན་གདགས་འདོད་པས་བསོད་ནམས་དག །བསྒྲུབ་དང་མཐུན་ཕྱིར་སེམས་པ་སྐྱེས། །ཞེས་སྨོས་ཏེ། རྣམ་པ་ཀུན་ཏུ་བདག་གིས་ནི། །སྤྱོད་ཡུལ་མིན་ཡང་ཞེས་པ་ནི། །ཕྲག་དོག་ལ་སོགས་པའི་དབང་གིས་འགྲེལ་པ་བརྩམས་པ་ལ་སྨོད་
པ་སྲིད་པས་དེ་བཀག་པ་སྟེ། དེ་སྐད་དུ་སློབ་དཔོན་ཆོས་ཀྱི་གྲགས་པས་ཚད་མ་རྣམ་འགྲེལ་བྱེད་པ་ན། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཞེས་པ་ལ་སོགས་པ་སྨོས་པ་ལྟ་བུའོ། །རང་གཞན་ལ་ཕན་གདགས་འདོད་ནས་ཞེས་པ་ནི། བསམ་པ་དག་པར་སྟོན་ཅིང་གདུལ་བྱ་
འཇུག་པ་རྣམས་ལའང་བསླབ་པའོ། །བསོད་ནམས་དག་བསྒྲུབ་པ་དང་། ཞེས་པ་ནི་བསྒྲུབ་པའི་ལན་དུ་མཆོད་པ་སྟེ། མཐུན་ཕྱིར་ཞེས་པ་ནི་མཆོད་པའི་ཐབས་བཟང་པོ་འདི་ཉིད་ཡིན་པའི་ཕྱིར་ཞེས་སྟོན་པའོ། །སེམས་པ་སྐྱེས་ཞེས་པ་ནི་བརྩམས་པའི་སྤྲོ་བ་འབྱུང་
ངོ་ཞེས་སྟོན་པ་སྟེ། སེམས་བསྐྱེད་གཅིག་ཅེས་གདམས་ངག་གི་རྐྱེན་ཅན་དུ་ཡང་སྦྱར་རོ། །ད་ནི་ཕྱག་འཚལ་བ་བསྟན་པ་ནི་ཚིག་དགྲོལ་བའི་ཕྱིར། འཕགས་པ་བྱམས་པ་བདག་ཉིད་དམ་པ་རྣམས་ཀྱི་སྤྱོད་པ་དང་མཐུན་པར་རབ་ཏུ་སྟོན་པས་ཞེས་པ་ལ་སོགས་པ་སྨོས་ཏེ་ཚིག་དེ་
ནི་གོ་སླའོ། །སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཅན་གྱི་རབ་ཏུ་དང་བ་ནི་ཞེས་བྱ་བ་ལ། སོ་སོ་རང་གིས་རིག་པ་ཞེས་བྱ་བ་ནི་ངག་གི་ལམ་ལས་འདས་པས་བརྗོད་པ་དང་བྲལ་བ་སྟེ། རང་གིས་ཡང་དག་པར་རིག་པ་དེ་ནི་གཞན་ལ་བསྟན་ནུས་པ་མ་
ཡིན་ལ། གཞན་གྱིས་ཀྱང་དེ་བརྟེན་ཅིང་གཟུང་བར་ནུས་པ་མ་ཡིན་ཏེ། དེ་བས་ན་རང་ཁོ་ནས་ཡང་དག་པར་རིག་པ་ནི་རང་གིས་ཡང་དག་པར་རིག་པའོ། །དེ་ལྟར་ཡང་། ཕྲ་ལ་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ། །མི་རྟོག་རྟོག་ཡུལ་མ་ཡིན་བལྟ་བར་དཀའ། །རང་བཞིན་ཞི་ཞིང་
འགག་མེད་འབྱུང་བ་མེད། །མཁས་གསལ་ཤེས་པས་ཁོང་དུ་ཆུད་པ་ཡིན། །ངོ་བོ་ཉིད་མེད་ཞི་ཞིང་སྡུག་བསྔལ་ཟད། །རྒྱུད་ལས་རྣམ་གྲོལ་མཉམ་པར་མྱ་ངན་འདས། །མཐའ་དང་དབུས་མེད་ཚིག་གིས་བརྗོད་དུ་མེད། །དུས་གསུམ་གྲོལ་བ་ནམ་མཁའ་འདྲ་ཞིང་མཚུངས། །
เล่ม ๘๗ · หน้า 11a
བདེ་གཤེགས་སྤྱོད་ཡུལ་ཞི་ཞིང་ཉེ་བར་ཞི། །སྨྲ་བའི་ལམ་རྣམས་ཀུན་གྱིས་བརྗོད་པར་དཀའ། །དེ་དག་ས་དང་སྤྱོད་པ་དེ་འདྲ་བས། །སྨྲ་བར་དཀའ་ན་བསྟན་པར་ག་ལ་ནུས། །དེ་ནི་བསམ་ཡས་སེམས་ལས་རྣམ་པར་སྤངས། །ཡེ་ཤེས་མངོན་བསྒྲུབ་
རྒྱལ་བའི་སྤྱོད་ཡུལ་ཏེ། །ཕུང་པོ་སྐྱེ་མཆེད་ཁམས་ཀྱིས་བསྐྱེད་པ་མིན། །སེམས་ཀྱིས་མི་ཤེས་ཡིད་ཀྱིས་རྣམ་མ་བརྟགས། །ཇི་ལྟར་བར་སྣང་གནས་ཀྱི་བྱ་ཡི་རྗེས། །ཤིན་ཏུ་སྨྲ་དཀའ་བསྟན་པར་མི་ནུས་པ། །དེ་ལྟར་བདེ་གཤེགས་སྲས་ཀྱི་ས་རྣམས་ཀྱང་། །ཡིད་དང་
སེམས་ཀྱི་ཡུལ་གྱིས་ཤེས་མི་ནུས། །འོན་ཀྱང་བྱམས་དང་སྙིང་རྗེའི་སྨོན་ལམ་གྱིས། །དེ་ལས་ཕྱོགས་ཙམ་རིམ་པའི་ཚུལ་བཞིན་དུ། །བཤད་པར་བྱ་སྟེ་སེམས་ཀྱི་སྤྱོད་ཡུལ་མིན། །ཡེ་ཤེས་ཚུལ་གྱིས་རྫོགས་པར་བྱ་བའོ། །དེ་འདྲའི་སྤྱོད་ཡུལ་ཕྲ་ཞིང་བལྟ་དཀའ་བ། །
རང་རིག་ཡིན་ཕྱིར་བརྗོད་པར་མི་ནུས་ཀྱང་། །འོན་ཀྱང་བདེ་བར་གཤེགས་པའི་མཐུས་བརྗོད་ཀྱིས། །སེམས་དང་མཐུན་པར་ནན་ཏན་གྱིས་ཏེ་ཉོན། །ཞེས་གསུངས་སོ། །དེ་ལྟར་བསྟན་པའི་དབང་ལས་དེ་བརྗོད་དུ་མེད་པར་བསྟན་ན། ཅི་སྟེ་རི་བོང་གི་རྭ་ལྟར་ཤིན་ཏུ་མེད་
པས་ན་བརྗོད་པར་མི་ནུས་སམ། འོན་ཏེ་ཡོད་དུ་ཆུག་ན་ཡང་བརྗོད་པར་མི་ནུས། དེ་ལ་ཕྱོགས་དང་པོ་ལྟར་ན་ནི་དེ་བརྗོད་དུ་མེད་པ་ཡིན་ཡང་རང་རིག་པ་མ་ཡིན་ཏེ། མེད་པ་ནི་རིག་པར་གཞག་པར་མི་ནུས་ཏེ་ནམ་མཁའི་མེ་ཏོག་ལ་སོགས་པ་ལྟ་བུའོ། །དེས་ན་ཐལ་བར་འགྱུར་བ་དང་།
བཟློག་ན་གནོད་པ་མེད་པའི་ཕྱིར་དེ་ནི་མ་གྲུབ་པོ། །ཕྱོགས་གཉིས་པ་ལྟར་ན་ཡང་མི་རིགས་ཏེ། གང་ཡོད་བཞིན་དུ་བརྗོད་དུ་མི་ནུས་པ་ནི་མི་རིགས་ཏེ། བུམ་པ་ལ་སོགས་པ་ཡང་བརྗོད་དུ་མེད་པར་འགྱུར་བའི་ཕྱིར་དང་། བརྗོད་དུ་མེད་པའི་ཡོད་པའི་ཐ་སྙད་ཉིད་གང་གི་ཚེ་སུ་ལས་ཡིད་
ཆེས་པར་འགྱུར། བླ་མ་ལ་སོགས་པས་ཀྱང་དེ་ངེས་པ་སྐྱེད་པར་ནུས་པ་མ་ཡིན་ཏེ། བརྗོད་པར་ནུས་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སོ་སོ་རང་གིས་རིག་པ་ནི་མི་འདོད་པ་ཉིད་དོ་ཞེ་ན། ཅི་གླགས་ལྟ་བ་འདི་ནི་དོན་དམ་པའི་སྒོ་ནས་སམ། འོན་ཏེ་ཀུན་རྫོབ་ཀྱི་སྒོ་ཅན་ཉིད་
เล่ม ๘๗ · หน้า 11b
ནས་འཇུག་པར་བྱེད། གལ་ཏེ་དེ་དོན་དམ་པར་ན་ནི་ཇི་སྐད་དུ་སྨྲས་པ་བཞིན་ཏེ། རང་རིག་པ་ཕྲ་རབ་ཙམ་ཡང་ཁོ་བོ་ཡང་ཁས་མི་ལེན་ཏེ། དེ་ལ་རིགས་པའི་སྟོབས་བཅོམ་སྟེ་གནས་པའི་མཐུ་ག་ལ་ཞིག་ཡོད་པར་འགྱུར། ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱིས་མཁྱེན་ནས་
ཆོས་རྣམས་མ་གཟིགས་ཕྱིར་ཞེས་ཀྱང་གསུངས་པས་སོ། །འོན་ཏེ་གླགས་འདི་ཀུན་རྫོབ་ཀྱི་སྒོ་ནས་སོ་ཞེ་ན། དེ་ནི་གླགས་སུ་མི་རུང་སྟེ། དངོས་པོ་ཀུན་རྫོབ་པ་དག་ལས་ཁ་ཅིག་ནི་བརྟགས་པ་ཙམ་སྟེ། བདག་ལ་སོགས་པའོ། །ཁ་ཅིག་ནི་རྫས་སུ་ཡོད་ལ་བསྟན་དུ་རུང་བ་
སྟེ་བུམ་པ་ལ་སོགས་པའོ། །ཁ་ཅིག་ནི་རྫས་སུ་ཡོད་ཀྱང་རང་རིག་པའི་ངོ་བོ་བྱུང་བ་ཙམ་ལས་བསྟན་དུ་མེད་པ་སྟེ། ཚོར་བ་ལ་སོགས་པའོ། །དེའི་ཕྱིར་རང་གིས་རིག་པ་དེ་ནི་ཡོད་ཀྱང་བསྟན་པར་མི་ནུས་པའོ། །གལ་ཏེ་བསྟན་པར་མི་ནུས་པའི་རང་རིག་པ་དེའི་དབང་དུ་བྱས་ན་
གཞན་གྱི་རྒྱུད་ཡོད་པར་ནི་མི་འགྱུར་ཏེ། དེ་མེད་ན་འགྲོ་བའི་དོན་བྱ་བར་མི་འཇུག་པས་ཐེག་པ་ཆེན་པོའི་ཐ་སྙད་དག་མེད་དོ་ཞེ་ན། རང་རིག་པ་ནི་མངོན་སུམ་གྱིས་གྲུབ་པས་སྐུར་པ་མི་གདབ་ཅིང་། རྒྱུད་གཞན་ཡོད་པ་ནི་རྗེས་དཔག་ལས་ཁོང་དུ་ཆུད་པར་བྱ་བ་ཡིན་པས་ན་ཐ་སྙད་
མི་འཇིག་གོ། །འདིའི་དོན་ནི་ཚད་མའི་གཞུང་རྣམ་པ་བདུན་གྱིས་ཤེས་པས་འདིར་མི་དཔྱད་དོ། །གལ་ཏེ་རང་རིག་པ་གྲུབ་ན་དེ་ནི་གཞན་རིག་པ་དང་ཕན་ཚུན་སྤངས་པས་འགལ་བའི་ངོ་བོ་ཡིན་པས། བཅོམ་ལྡན་འདས་རྣམས་རང་རིག་པའི་ཡེ་ཤེས་དང་ལྡན་པ་ན་ནི་
རྣམ་པ་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། གཞན་གྱི་རྣམ་པ་མི་མཁྱེན་པའི་ཕྱིར་རོ། །དེ་མཁྱེན་པ་ན་ནི་རང་རིག་པའི་ཡེ་ཤེས་མི་འགྲུབ་པོ་ཞེ་ན། ས་བཅུ་པའི་བར་དུ་ནི་དེ་གཉིས་ཇི་སྐད་སྨྲས་པའི་འགལ་བ་ཡིན་པས་ན། དེ་དག་ལ་རྣམ་པ་ཐམས་ཅད་མཁྱེན་པར་མ་བརྟགས་
ཤིང་། རྣལ་འབྱོར་པ་རྣམས་ཀྱི་ཐ་སྙད་ནི་སེམས་ཅན་གདུལ་བའི་དབང་མ་གཏོགས་པར་ཐམས་ཅད་དུ་རྟོགས་པ་དང་མཐུན་པ་ཁོ་ན་ཡིན་ཞེས་ཤེས་པར་བྱ་བའི་ཕྱིར་ཉེ་བར་བརྟགས་ནས་བཤད་དེ། དེ་ལྟ་མ་ཡིན་ན་རྣལ་འབྱོར་པའི་རྒྱུད་ལས་སོ་སོ་རང་གིས་རིག་པའི་སྐད་ཅིག་མ་
เล่ม ๘๗ · หน้า 12a
རྣམས་ཇི་ལྟར་གཞན་ཡིད་ཆེས་པར་བྱེད་པའི་མཚན་ཉིད་དག་ཡིན་ཞེས་འཆད་པར་འགྱུར་བའི་དོན་ཡང་འདི་ཉིད་དུ་གཏན་ལ་ཕབ་པའོ། །སངས་རྒྱས་ཀྱི་ས་ལ་ནི་འགལ་བ་དེ་དག་བསམ་པར་མི་བྱ་སྟེ། དེ་ནི་བསམ་གྱིས་མི་ཁྱབ་པས་ན། གྲངས་
མེད་པ་ལ་སུ་ཞིག་བགྲང་། །ཚད་མེད་པ་ལ་སུ་ཞིག་འཇལ། །ཁྱོད་ཀྱི་ཡོན་ཏན་གྲངས་དང་ནི། །མཐུ་ལ་སྤོབས་པ་མ་མཆིས་སོ། །ཞེས་བསྟོད་པའོ། །ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་རང་རིག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སོ། །རྣམ་པར་མི་རྟོག་པ་ཞེས་བྱ་བ་འདི་
ཅི་ཞིག་ཡིན། གལ་ཏེ་རང་བཞིན་གྱིས་མི་རྟོག་པའོ་ཞེ་ན། དེ་ལྟར་ན་ཀ་བ་ལ་སོགས་པ་བེམས་པོ་རྣམས་ཡེ་ཤེས་སུ་འགྱུར་ཏེ། འཕགས་པ་ལྷའི་ཞལ་སྔ་ནས་ཀྱང་། གལ་ཏེ་ཡེ་ཤེས་མི་ཤེས་ན། །ཤིང་ནི་ཡེ་ཤེས་ཡིན་པར་ཐལ། །ཞེས་བཤད་དོ། །འོན་ཏེ་རྟོག་པ་
དང་དཔྱོད་པ་ལས་འདས་པས་དེར་བཞག་ན་ནི་བསམ་གཏན་གཉིས་པ་ལ་སོགས་པ་ཡང་དེར་འགྱུར་ཏེ་དེ་དག་ལ་རྟོག་པ་དང་དཔྱོད་པ་མེད་པའི་ཕྱིར་རོ། །ཡང་སེམས་དང་སེམས་ལས་བྱུང་བ་རབ་ཏུ་ཞི་བས་དེར་བཞག་ན་ནི་འགོག་པའི་སྙོམས་པར་འཇུག་པ་ཡང་དེར་འགྱུར་རོ། །རྐྱེན་
གྱིས་ཡུལ་མི་འཛིན་པས་དེར་བཞག་ན་ནི་རྒྱལ་བ་ལ་སོགས་པ་ཡང་དེར་འགྱུར་རོ། །འོན་ཏེ་མི་རྟོག་པའོ་སྙམ་སེམས་པས་རྟོག་པ་གཞན་མ་སྐྱེས་པས་དེར་བཞག་ན་ནི་དེ་ཉིད་རྟོག་པར་རེད་པས་མི་རྟོག་པ་ག་ལ་ཡིན་ཞེ་ན། དེ་དག་ནི་འདིར་མི་བསམ་གྱི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་
ཡུན་རིང་པོར་དངོས་པོ་རྣམས་ལ་བལྟས་པ་ལས། དངོས་པོའི་ཆ་ཤས་ཕྲ་རབ་ཙམ་ཡང་མི་དམིགས་པར་ངེས་པར་བགས་ཀྱིས་བརྟན་པར་འགྱུར་ཞིང་། ནམ་ཞིག་ན་ཡུལ་གང་ལ་ཡང་རྣམ་པར་མི་རྟོག་ཅིང་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་སྣང་བ་རབ་འབྱམ་ཚད་མེད་པ་
རང་གིས་རིག་པ་དེ་སྐྱེ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱིས་ཅུང་ཟད་ཀྱང་མ་མྱངས་པས་ན་ཇི་ལྟར་ན་ངེས་པར་བྱེད་ནུས་ཏེ། ཁྱབ་དང་དབང་ལ་སོགས་མ་མྱོང་། །དཔག་ཏུ་མེད་པར་གནས་པའི་རྒྱུ། །འཇིག་རྟེན་སྤྱི་བོར་གྱུར་པས་ཀྱང་། །མྱོང་བར་གྱུར་པ་མ་
เล่ม ๘๗ · หน้า 12b
ཡིན་པ། །ཡང་དག་བདུད་རྩི་དག་པ་འདི། །ཐུགས་རྗེ་དག་པའི་རྒྱུ་ཅན་གྱི། །དེ་བཞིན་གཤེགས་པ་མ་གཏོགས་པར། །གཞན་གྱི་ལོངས་སྤྱོད་མ་ཡིན་ནོ། །ཞེས་བསྟན་ཏེ། དེ་བཞིན་གཤེགས་པའི་རྗེས་སུ་འབྲང་བ་རྣམས་ཀྱིས་ནི་ཅི་རིགས་སུ་མྱོང་བ་ཉིད་དོ། །ཡེ་ཤེས་འདི་
ནི་རྒྱུ་ལས་དཔགས་ཏེ་ངེས་པར་ཡོད་པར་ཡིད་ཆེས་པར་བྱའི། བུམ་པ་ལ་སོགས་པའི་དངོས་པོ་ལྟར་གསལ་པོར་གཟུང་བར་ནི་ནམ་ཡང་མི་ནུས་པས་ན་སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་། བསྒོམ་པའི་སྟོབས་གྲུབ་ནས་ཁ་ཅིག་ལ་ནོར་བུ་དང་དངུལ་ལ་སོགས་པའི་ཤེས་པ་
བཞིན་དུ་འཁྲུལ་པའི་མཚན་མ་མཐའ་དག་སྤངས་པ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་རྣམ་པར་མི་རྟོག་པ་སོ་སོ་རང་གིས་རིག་པར་བྱ་བ་ཅི་ཞིག་ལྟར་ཡང་དག་པར་སྐྱེས་ན་རྣལ་འབྱོར་པས་ཤེས་བྱའི་སྒྲིབ་པ་ཡང་དག་པར་སྤོང་ངོ་ཞེས་འཆད་པ་ཡང་དོན་འདིར་གཏན་ལ་ཕབ་
པ་སྟེ། ཅི་ཞིག་ལྟར་ཞེས་པ་ནི་བསྟན་པར་མི་ནུས་པའི་ཚིག་ཉིད་དོ། །གལ་ཏེ་སོ་སོར་རྟོག་པའི་ཤེས་རབ་ལ་གོམས་པའི་རྒྱུ་ལས་འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་ན། རྒྱུ་ནི་རྣམ་པར་རྟོག་པ་ཉིད་ཡིན་ལ། དེའི་འབྲས་བུ་དེ་ལས་བཟློག་པས་རྒྱུ་དང་འབྲས་
བུ་འགལ་བས་ན། ཡེ་ཤེས་དེ་རྒྱུ་མ་ཡིན་པ་ལས་བྱུང་བས་གང་ལས་ཀྱང་དེ་འབྱུང་བ་འམ། རྒྱུ་མེད་པར་ཇི་ལྟར་མི་འབྱུང་ཞེ་ན། ཇི་ལྟར་ན་འདི་རྒྱུ་མ་ཡིན། སོ་སོར་རྟོག་པ་ན་ཡང་སྤྲོས་པ་མེད་པར་མོས་པས་ཞུགས་ལ་འབྲས་བུའི་སྐབས་ན་ཡང་སྤྲོས་པ་མེད་པ་ཉིད་ཐོབ་པོ། །
ཕྱོགས་མ་ལུས་པས་རྒྱུ་དང་འབྲས་བུ་ཁྱད་པར་མེད་ན་ནི་རྒྱུ་དང་འབྲས་བུར་ཡང་ཇི་ལྟར་འགྱུར། རྒྱུས་ཀྱང་ཅི་ཞིག་བྱ་སྟེ། ཕྱོགས་འགའི་རྗེས་སུ་འགྲོ་བས་ཀྱང་རྒྱུར་འདོགས་སོ། །གཞན་ཡང་འཕགས་པ་སྟུག་པོ་བཀོད་པ་ལས་ཀྱང་། རྭ་ལས་ལན་ཚྭར་གྱུར་པ་དང་། །འདམ་བུ་ལས་
ཀྱང་སྒོག་པར་འགྱུར། །མི་གཙང་སྲིན་བུ་ལ་སོགས་ལས། །སྦྲང་མར་འགྱུར་གཞན་མི་འདྲ་མང་། །རྒྱུ་དང་འདྲ་བའི་འབྲས་བུས་ནི། །ས་རྣམས་གང་ནའང་མི་སྣང་སྟེ། །གྱུར་པའི་རྒྱུ་ལས་འབྲས་བུ་འབྱུང་། །ཞེས་གསུངས་ལ། ཙནྡན་གྱི་ཤིང་ལས་མེ་བྱུང་བའི་དཔེས་མི་འདྲ་བའི་རྒྱུ་
เล่ม ๘๗ · หน้า 13a
ལས་མི་འདྲ་བའི་འབྲས་བུ་འབྱུང་བ་ཡང་ཆོས་རྣམས་ཀྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པས་ཀྱང་འདི་ལ་གནོད་པ་མེད་དོ། །དེ་ལྟར་རང་རིག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་འཐད་པ་ཉིད་ན། དེ་མི་རྟོག་བཞིན་དུ་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཅན་གྱི་
རབ་ཏུ་དང་བ་ཞེས་གཞག །དང་བ་ནི་སེམས་ལས་བྱུང་བ་དད་པ་ཡིན་ནོ་ཞེ་ན། འདིའི་དོན་ནི་སྔར་སྨྲས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུམ་འདི་ངེས་པར་བྱས་ནས། དེའི་རྗེས་ལ་ཐོབ་པས་ཇི་ལྟར་བཟུང་བ་ལ་རབ་ཏུ་དང་བར་བྱེད་པ་སྟེ། མིག་གིས་མཐོང་བའི་གཟུགས་
དག་ལ་ཡིད་ཀྱིས་རྗེས་སུ་ཆགས་པ་ལྟ་བུའོ། །ཡང་ན་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཡུལ་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་དང་བ་ཞེས་གཞན་དུ་སྦྱར་བ་ལ་ཡང་ཉེས་པ་མེད་དོ། །ལྷག་མ་རྣམས་ནི་གོ་སླ་སྟེ། ཅུང་ཟད་དུ་ན་འདིར་ཕྱག་འཚལ་བའི་དགོས་པ་ནི་བདག་
ཉིད་དམ་པའི་གྲངས་སུ་གཏོགས་པར་གཞན་གྱིས་ཤེས་པ་སྟེ། དེ་ཡང་དགོས་པ་ནི་བདག་གིས་བརྩམས་པའི་ཚིག་ལེའུར་བྱས་པ་ལ་གདུལ་བྱ་རྣམས་འཇུག་པའོ་ཞེས་དགོངས་ནས་ཕྱག་འཚལ་བའོ། །གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བ་ཞེས་བྱ་བ་ལ་སོགས་པའི་ཚད་མས་ཞེས་
པ་ནི། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་དུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་པ་དང་། དངོས་པོ་གང་གང་རྣམ་དཔྱད་ན། །དེ་དང་དེ་ལ་གཅིག་ཉིད་མེད། །གང་ལ་གཅིག་ཉིད་ཡོད་མིན་པ། །
དེ་ལ་དུ་མ་ཉིད་ཀྱང་མེད། །གཅིག་དང་དུ་མ་མ་རྟོགས་པར། །རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་བསྟན་པ་ནི་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བ་ཞེས་བྱའོ། །སོགས་པ་ཞེས་བྱ་བ་ནི་རྡོ་རྗེ་གཟེགས་མར།
རང་ལས་མ་ཡིན་གཞན་ལས་མིན། །གཉི་ག་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ལ་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་རིགས་པར། རྐྱེན་ལས་སྐྱེས་པ་གང་ཡིན་དེ་མ་སྐྱེས། །དེ་ལ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད། །ཅེས་
เล่ม ๘๗ · หน้า 13b
བྱ་བ་ལ་སོགས་པ་དང་། གཞན་ཡང་། སྐྱེ་མེད་རབ་ཏུ་སྟོན་ནུས་པ། །དུ་མས་དངོས་པོ་གཅིག་མི་བྱེད། །ཅེས་པ་ལ་སོགས་པ་རྣམས་སོ། །ཚད་མས་ཞེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པ་ལ་ཡིད་ཆེས་པར་བྱེད་པའི་རྒྱུ་གཏན་ཚིགས་དེ་དག་ཉིད་འཇལ་བར་བྱེད་པས་ཚད་མ་ཞེས་
ཀྱང་བྱ་སྟེ། དེ་བཞིན་དུ་ཚུལ་བཞིན་ཡིད་ལ་བྱེད་པའི་དབང་ལས་རིགས་པ་ཞེས་བསྟན་ཅིང་བློ་དངོས་པོ་དང་མཐུན་པར་སྒྲུབ་ཅིང་དེར་འདྲེན་པའི་ཕྱིར་ན་སྒྲུབ་པ་དང་འདྲེན་པ་ཉིད་དུ་བསྟན་ཏོ། །དེ་ཡང་དང་པོ་ཉིད་དུ་ཆོས་ཉིད་ཀྱི་རིགས་པ་ལ་མོས་པར་བྱ་སྟེ། དེ་ཉིད་ལ་
ཐེ་ཚོམ་ལ་སོགས་པ་སྲིད་ན་རིགས་པ་གཞན་གྱིས་དེ་ལ་ངེས་པར་བྱ་སྟེ། དེ་ཉིད་ལ་བརྟེན་པར་རིགས་ཏེ། འདི་ནི་ཡིད་ཆེས་པར་བྱེད་པ་ལ་གཙོ་བོ་སྟེ་དངོས་པོའི་སྟོབས་ལས་འོངས་པ་ནི་སུས་ཀྱང་འགལ་བར་བྱ་བ་མ་ཡིན་པས་སོ། །དེའི་ཕྱིར་བསྟོད་པར་བྱེད་པ་ལས། རྣམ་གྲོལ་
ནང་ན་མི་གཡོ་ལྟར། །རིགས་པའི་ནང་ན་ཆོས་ཉིད་ལྟར། །ཤེས་རབ་ནང་ན་ཀུན་མཁྱེན་ལྟར། །ཁྱོད་ནི་ལུས་ཅན་ཀུན་གྱི་མཆོག །ཅེས་བསྟོད་པ་བརྗོད་དོ། །གཞི་དང་། ལམ་དང་། རྣམ་པ་ཞེས་བྱ་བ་ནི་འཆད་པར་འགྱུར་བ་ལས་གསལ་ལོ། །སྐྱེ་བ་མེད་པ་ཡོངས་སུ་ཤེས་
པའི་དོན་ཅན་གྱི་ཚིགས་སུ་བཅད་པའི་མཚན་ཉིད་ཀྱི་ཡུམ་ལ་གནོད་པ་མ་མཐོང་ནས་ཞེས་བྱ་བ་ལ། སྐྱེ་བ་མེད་པ་ཡོངས་སུ་ཤེས་པའི་དོན་ཅན་ཞེས་བྱ་བ་ནི། སྐྱེ་བ་མེད་པ་ཡོངས་སུ་ཤེས་པའི་དོན་དང་ལྡན་པ་ནི་ཡུམ་སྟེ། ཡུམ་དེ་ཡང་འདིར་ཚིགས་སུ་བཅད་པ་གཅིག་གིས་
མཚན་ཉིད་བསྟན་པ་སྟེ། མཚན་ཉིད་ནི་ནུས་པའི་མཚན་ཉིད་གཙོ་བོར་བྱས་པའོ། །དེ་ལྟར་ཡུམ་སྐྱེ་བ་མེད་པ་ཡོངས་སུ་ཤེས་པ་དང་ལྡན་པ་སྲས་གསུམ་སྐྱེད་པར་ནུས་པའི་མཚན་ཉིད་འདི་ལ་སྐྱེ་བ་ཡོད་དོ་ཞེ་འམ། སྲས་གསུམ་སྐྱེད་པའི་མཚན་ཉིད་དང་མི་ལྡན་ནོ། །ཞེས་
རིགས་པ་འགའ་ཞིག་གིས་གནོད་པ་ཡོད་པར་མ་མཐོང་བ་ནི། ཡུམ་འདིའི་ཆོས་ཉིད་དེ་ཉིད་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་གཞན་གང་གིས་ཀྱང་བཙན་ཐབས་སུ་ནི་དེ་ལྟར་བསྒྲུབ་པར་མི་ནུས་པས་སོ། །ནས་ཞེས་པ་ནི་ཕྱིར་ཞེས་པའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
เล่ม ๘๗ · หน้า 14a
ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཚུལ་གསུམ་པ་ཅན་ནི་ཞེས་པ་ལ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་ཁྱད་པར་གྱི་གཞིའོ། །དེའི་ཁྱད་པར་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཅེས་པ་སྨོས་ཏེ། ཡུམ་དེ་ཡང་ཀུན་
རྫོབ་ཏུ་ཡང་དབྱེར་མེད་པའོ་སྙམ་པ་དགག་པའི་ཕྱིར་དང་། སྲས་གསུམ་ཅར་སྐྱེ་བར་བསྟན་པའི་ཕྱིར་ཚིག་འདི་སྨོས་ཏེ། སངས་རྒྱས་རྣམས་དང་རང་སངས་རྒྱས། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་པའི། །ཐར་ལམ་ཁྱེད་ཉིད་གཅིག་པུ་སྟེ། །གཞན་ཞེས་བགྱི་བ་མ་མཆིས་ངེས། །
ཞེས་བསྟོད་པ་དང་། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །ཞེས་པ་ལ་སོགས་པས་གསུངས་ལ། ཡང་རྒྱལ་བའི་ཡུམ་བར་མ་ལས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ནི་ཐེག་པ་གསུམ་པོ་ཉན་
ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྣམས་རྒྱ་ཆེར་བསྟན་ཏོ་ཞེས་གསུངས་སོ། །དེ་ལྟར་ན་ཡུམ་འདི་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་བསྐྱེད་པས་གང་ཟག་ལ་བདག་མེད་པ་ཙམ་ཞིག་ཡིན་ལ། བྱང་ཆུབ་
སེམས་དཔའ་དང་། སངས་རྒྱས་རྗེ་བཙུན་རྣམས་བསྐྱེད་པས་གང་ཟག་དང་ཆོས་ལ་བདག་མེད་པ་ཉིད་ཡིན་ལ། དེ་ནི་འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དང་། འཕགས་པ་སྡོང་པོ་བཀོད་པ་ལ་སོགས་པ་ལས་ཀྱང་བསྟན་པས། བསྟན་པ་འདི་ལ་
ཡང་དོན་ལྷག་མ་མེད་ལ་ཡུམ་འདི་ལ་ཡང་རང་རང་གི་རྟོགས་པ་ལས་ལྷག་པའི་རྨད་དུ་བྱུང་བ་ཅི་ཞིག་ཡོད་སྙམ་ན། དེ་བསལ་བའི་ཕྱིར་ཚུལ་གསུམ་པ་ཅན་ནི་ཞེས་བྱ་བ་སྨོས་ཏེ། འདིར་དོན་ནི་ཡུམ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་དུ་ཕྱེ་བ་ནི་རང་བཞིན་གསུམ་དུ་ཕྱེ་བ་མ་ཡིན་ཏེ་
དབྱེ་བར་མི་ནུས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། གདུལ་བྱའི་བསམ་པའི་དབང་གིས་སྲས་གསུམ་གྱི་ཡུམ་ཡིན་ནོ་ཞེས་བསྟན་གྱི། རྣམ་པར་ངེས་པའི་དབང་དུ་བྱས་པའི་ཚེ་ནི་སངས་རྒྱས་རྗེ་བཙུན་ཁོ་ནའི་ཡུམ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་གཡུང་པོ་ལ་སོགས་པ་ལྟ་བུ་ནི་
เล่ม ๘๗ · หน้า 14b
བུད་མེད་རིན་པོ་ཆེ་ལྟ་བུའི་ཡུམ་འདིས་ག་ལ་སྐྱེད། དེའི་ཕྱིར་འདིའི་མཐུ་ཆེ་བ་ནི་འགྲོ་བ་མ་ལུས་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོ་ཁོ་ནར་བསྒྲུབས་པས་ན་རབ་ཏུ་མཚར་དུ་བྱ་བའོ། །ཡུམ་གྱི་མཐུའི་ཁྱད་པར་དེ་ཉིད་སྟོན་པའི་གཞུང་དག་ཀྱང་གཞུང་གཞན་
པས་མཆོག་ཉིད་དོ། །འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དེ་དག་ལས་ནི་འདོད་ཆགས་དང་བྲལ་བའི་འཇུག་པའི་རིམ་པ་ལ་སོགས་པ་ཙམ་ཞིག་གཙོར་བསྟན་པས་གཞུང་ཕྱོགས་གཅིག་པའོ། །འཕགས་པ་སྡོང་པོ་བཀོད་པ་ལ་སོགས་པ་དེ་
དག་ཏུ་ཡང་ཐེག་པ་ཆེན་པོའི་བྱ་བའི་ཚུལ་དང་། འབྲས་བུ་ལ་སོགས་པ་གཙོར་བསྟན་གྱི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལམ་དང་འབྲས་བུ་ནི་མ་བསྟན་ཏོ། །དེའི་ཕྱིར་དེ་དག་ཀྱང་གཞུང་ཕྱོགས་གཅིག་པའོ། །རྒྱལ་བའི་ཡུམ་འདིར་ནི་རིགས་ཅན་ཐམས་ཅད་ཀྱི་
བསྟན་པ་བསྒྲགས་པས་ན་གཞུང་ཆེན་པོ་ཤིན་ཏུ་རྒྱས་པའི་སྡེ་ཡིན་ཏེ། དོན་འདི་ཉིད་ལ་བརྟེན་ཏེ། གང་ཡང་དག་པར་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པའི་མཐུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་
རྒྱུན་གྱི་མཚམས་བཅད་པའི་ཕྱིར་ཏེ། འོན་ཀྱང་དེ་དག་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ་། །ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་ཁྱད་པར་དུ་འཕགས་པའི་ཆོས་རྣམས་འཐོབ་པར་འགྱུར་བ་དེ་དག་གི་དགེ་
བའི་ཕྱོགས་ལ་ཁོ་བོ་ནི་བར་ཆད་མི་བྱེད་དོ་ཞེས་གསུངས་ལ། སློབ་དཔོན་ཉིད་ཀྱི་ཞལ་སྔ་ནས་ཀྱང་འཆད་པར་འགྱུར་བ་ལས་དེའི་དོན་བསྟན་པ། ཐེག་པ་གསུམ་རྣམ་པར་གཞག་པ་ནི་དགོངས་པ་ཅན་ཡིན་གྱི་མཚན་ཉིད་པ་ནི་མ་ཡིན་ནོ། །ཞེས་ལུགས་ལས་འབྱུང་བས། སྐྱེ་བོ་ཐམས་
ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པ་ཡིན་ཏེ། དེའི་ཕྱིར་འདོད་ཆགས་དང་བྲལ་བ་དང་ཅིག་ཤོས་ཀྱི་རྣལ་འབྱོར་པས་ཀྱང་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་ལམ་ཤེས་པ་ཉིད་བསྒོམ་པར་བྱ་བ་ཡིན་པས་ཁྱབ་པ་ཡིན་ནོ་ཞེས་བསྟན་པ་ཡང་འདི་ཉིད་དུ་གཏན་
เล่ม ๘๗ · หน้า 15a
ལ་ཕབ་པ་ཡིན་ལ། འཆད་པར་བྱེད་པ་ལས་དེ་ལྟ་ན་ཕྱག་འཚལ་བ་དང་། བསྟོད་པ་སྔོན་དུ་འགྲོ་བའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལ་སོགས་པ་རྒལ་བ་དང་ལན་རྣམས་ཀྱང་འདི་ཉིད་དུ་གཏན་ལ་ཕབ་པར་ཤེས་པར་བྱའོ། །དེའི་
ཕྱིར་ཚུལ་ཞེས་པའི་སྒྲ་ནི་རང་བཞིན་གཅིག་ཁོ་ན་ལས་མེད་པར་རྐྱེན་གཞན་ཁ་ཅིག་གིས་དུ་མར་སྣང་བའི་དུ་མ་ཉིད་ཇི་སྙེད་པ་ནི་འདིར་ཚུལ་གྱི་སྒྲས་བསྟན་པ་སྟེ་ཡུམ་འདི་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་དུ་ཕྱེ་བ་ཡང་རང་བཞིན་ཕྱེ་བ་ནི་མ་ཡིན་ཏེ། འཇིག་རྟེན་མགོན་
པོས་ཐུགས་རྗེ་ཡིས། །ལུས་ཅན་རྣམས་ལ་བསྟན་སླད་དུ། །ཐ་སྙད་མངོན་དུ་མཛད་ནས་ནི། །ཁྱོད་ནི་བསྟན་ཅིང་བསྟན་མ་ལགས། །ཞེས་སློབ་དཔོན་གྱི་ཞལ་སྔ་ནས་རྣམ་པར་མི་རྟོག་པར་བསྟོད་པ་ལས་བསྟན་ཏོ། །དེ་ལྟར་ན་དུ་མར་སྣང་བ་གཅིག་ཉིད་དུ་བསྒྲུབ་པ་ནི་ཚུལ་
གསུམ་པ་ཅན་ནི་ཞེས་བྱ་བ་ཡིན་ལ། གཅིག་དུ་མར་སྟོན་པའི་མཐུ་དང་ལྡན་པར་བརྗོད་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཅེས་སྨོས་པས་སོ། །དེ་ལྟ་བུའི་མཐུའི་ངོ་བོ་དེ་སུའི་སྙམ་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་སྨོས་པ་སྟེ། དོན་གྱི་གོ་རིམས་ནི་དེ་
ལྟར་བལྟ་བར་བྱའོ། །རྒྱུའི་གཙོ་བོ་ཞེས་པ་ནི་བྱེད་པའི་རྒྱུ་ཉིད་དོ། །དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་དོན་བརྒྱད་བསྡུས་ལ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེས་ཀྱང་འཆད་པར་འགྱུར་བའི་ཚུལ་གྱིས་དོན་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་
དེ་ལྟར་ཐུགས་ལ་བཞག་ནས་ཞེས་བྱ་བ་ལ། དངོས་པོ་བརྒྱད་དུ་རྣམ་པར་ཕྱེ་བ་དེ་དག་ནི་དངོས་ཀྱི་ཚུལ་དུ་དཔྱད་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་ཞེས་གཅིག་ཁོ་ནར་གདགས་པར་རིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སྔར་བསྟན་པའི་རིགས་པས་ལམ་ཐམས་ཅད་ནི་
འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཅིག་པུ་བརྒྱུད་པའམ། དངོས་སུ་བསྒྲུབ་པའི་ཕྱིར་རོ། །དེ་བས་ན་སློབ་དཔོན་གྱི་ཞལ་སྔ་ནས་འཆད་པར་འགྱུར་བ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་ཉིད་ཀྱི་ལམ་སྟེ་མངོན་པར་རྟོགས་པ་ཐམས་ཅད་ཉེ་བར་མཚོན་པ་
เล่ม ๘๗ · หน้า 15b
ལྷུར་ལེན་པ་ཡིན་ནོ། །ཞེས་སྨོས་པ་ཡང་འདིར་བསྟན་པས་ཆོག་གོ། །འོན་ཀྱང་དམན་པ་ལ་མོས་པ་ཁ་ཅིག་ནི་འཚང་རྒྱ་བར་ངེས་ཀྱང་བདག་ནི་བྱང་ཆུབ་ཆེན་པོའི་སྣོད་མ་ཡིན་ནོ་ཞེས་བདག་ལ་རྣམ་པར་སྨད་ནས་སྤྱད་པ་སྤྱོད་ལ་ཁ་ཅིག་ནི་འཚང་རྒྱ་བའི་ཕྱིར་སྤྱད་པ་སྤྱོད་ཀྱང་འབྲས་བུ་མ་
ཐོབ་པས་ལམ་ལ་གནས་པ་ཡིན་ལ། ཁ་ཅིག་ནི་ཡུན་རིང་པོ་ནས་བཞེད་པའི་དོན་ཡོངས་སུ་གྲུབ་པས། ཆོས་ཀྱི་རྒྱལ་པོ་སྲིད་པ་གསུམ་གྱི་བདག་པོར་དབང་བརྙེས་པ་ཉིད་དེ། དེ་ལྟར་ཐམས་ཅད་གསུམ་དུ་བསྡུས་པས་ན་སྐབས་བརྒྱད་དུ་ཕྱེ་བ་ཡང་སྐབས་གསུམ་དུ་བསྡུ་བར་ཤེས་
པར་བྱ་བའི་ཕྱིར། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དོན་བརྒྱད་བསྡུས་ལ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །དེ་ལྟར་ན་སྐབས་གཅིག་ཅེའམ། གསུམ་ཞེས་མི་བཞག་པར་དངོས་པོ་བརྒྱད་ཉིད་སྐབས་བརྒྱད་ཀྱིས་བརྗོད་པར་བྱ་བ་རྣམ་པར་ཕྱེ་བ་འདི་ཅི་ལ་
དགོངས་ཤེ་ན། དོན་འདི་ནི་འོག་ནས་སྟོན་པར་འགྱུར་བས་འདིར་མི་བསམ་མོ། །ད་ནི་དངོས་པོ་བརྒྱད་ཐམས་ཅད་མཁྱེན་པ་ཉིད་གསུམ་དུ་ཇི་ལྟར་བསྡུ་བ་ཅུང་ཞིག་འདིར་བརྗོད་དེ། དང་པོ་རེ་ཞིག་གང་ཟག་དབང་པོ་རྟུལ་པོ་རིམ་གྱིས་སངས་རྒྱས་ཉིད་ཐོབ་པའི་རིམ་པས་
དང་པོར་ཉན་ཐོས་ཀྱི་འབྲས་བུའི་དབང་དུ་བྱས་ཏེ། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པའི་དབང་དུ་བྱས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལམ་བདུན་དུ་བསྡུས་པ་འདི་ཉིད་གཞིར་བསྟན་ཏོ། །དེ་ནས་དེ་ལ་
རྣམ་པ་ཇི་སྙེད་ཅིག་ཡོད་ཅེས་རྟོག་པ་ལ། མཐོང་བའི་ལམ་གཙོར་བྱས་ཏེ། རང་གི་རྣམ་པ་བཅུ་དྲུག་མེད་པ་ནས་འདུལ་བ་མེད་པའི་བར་དུ་ཤེས་པར་བྱའོ། །དེའི་མཚན་ཉིད་ཇི་ལྟ་བུ་ཞེས་རྟོག་པ་ལ་ནི་མཚན་ཉིད་ཉི་ཤུ་བསྟན་པའོ། །དེ་དག་གི་སྦྱོར་བའི་ལམ་གང་ཞེ་ན་ཞེས་
རྟོག་པ་ལ་ནི། འཕགས་པ་ཉན་ཐོས་ལམ་ལ་ནི། །ཞེས་པ་ལ་སོགས་པ་དང་། གཟུགས་སོགས་དེ་མི་རྟག་སོགས་དང་། །ཞེས་པ་ལ་སོགས་པ་གསུངས་སོ། །སྦྱོར་བའི་ལམ་ལས་ནི་མཐོང་བའི་ལམ་འབྱུང་བས་ན། སྐབས་གཉིས་པ་དང་གསུམ་པར་མཐོང་བའི་ལམ་རྣམ་
เล่ม ๘๗ · หน้า 16a
པ་དང་བཅས་པར་བསྟན་ཏོ། །འབྲས་བུ་ནི་འདིར་མ་བསྟན་ཏེ་གོ་སླ་བས་སམ། རང་གི་གཞུང་ལ་ལྟོས་པས་སམ། དོན་གཞན་ཡིན་ཡང་གདམས་ངག་གི་སྐབས་སུ། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་བྱ་བ་ལ་སོགས་པས་ཐུན་མོང་དུ་བསྟན་དུ་རུང་བའོ། །
ཐམས་ཅད་ཤེས་པས་བསྡུས་པ་རང་སངས་རྒྱས་རྣམས་ཀྱི་དབང་དུ་བྱས་ཏེ། སྐབས་གཉིས་པ་ལས་སྦྱོར་བའི་ལམ་དང་། མཐོང་བའི་ལམ་དག་ཁྱད་པར་དང་བཅས་པར་བསྟན་ལ། སྐབས་བཞི་པ་ལས་དེ་དག་གི་བསྒོམ་པའི་ལམ་རྣམ་པའི་སྒོ་ནས་བསྟན་ཏེ། རང་སངས་
རྒྱས་ཀྱི་དབང་དུ་བྱས་ཏེ། དེ་ནི་དེ་ཙམ་དུ་ཟད་དོ། །དེའི་ཕྱིར་སྐབས་དང་པོ་དང་། ལྔ་པ་དང་དྲུག་པ་དང་། བདུན་པ་དང་། བརྒྱད་པ་ལས་ནི་ཐམས་ཅད་ཤེས་པ་བསྡུས་པའོ། །འབྲེལ་བ་མ་བསྟན་ཏེ་སྐབས་གཉིས་པ་དང་། གསུམ་པ་དང་། བཞི་པ་དག་ལས་བསྡུས་པའོ། །
ཡོན་ཏན་དང་སྐྱོན་དག་ལ་མི་སྦྱོར་ཏེ། གཙོར་མ་བྱས་པའི་ཕྱིར་རོ། །ཐམས་ཅད་ཤེས་པའི་སྐབས་བསྡུས་པའོ། །ལམ་ཤེས་པའི་དབང་དུ་བྱས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཏེ། དེ་དག་ཞི་བའི་དབྱིངས་ནས་ལངས་ཏེ། ལམ་མཆོག་ཤེས་པར་བྱེད་པ་ནི་སྐབས་དང་པོ་
ནས་བསྟན་པའི་སེམས་བསྐྱེད་པ་ཐོག་མ་དང་། གཉིས་པ་དང་། གསུམ་པ་དང་པོར་བྱས་ཏེ། གདམས་ངག་ལ་བརྟེན་ནས་ཚོགས་ཀྱི་ལམ་ཕལ་པ་སྦྱངས་ནས། སྐབས་བཞི་པ་ལས་བསྟན་པའི་ཐར་པའི་ཆ་དང་མཐུན་པ་བསྐྱེད་དེ། སྐབས་དང་པོ་ནས་ཇི་ལྟར་བསྟན་
པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། གོ་ཆ་དང་། སྐབས་བཞི་པ་དང་། ལྔ་པ་ལས་བསྟན་པའི་སྦྱོར་བའི་ལམ་སྦྱངས་ཏེ། དེ་དག་གི་རྟགས་ཐོབ་པར་བྱས་ནས། ཡང་དེ་ཡན་ཆད་རིགས་ལ་གནས་ཤིང་འཇུག་པ་དང་། རང་གི་སྐབས་ནས་བསྟན་པ་དང་།
སྐབས་ལྔ་པའི་མཐོང་བའི་ལམ་གྱི་རྣམ་པར་རྟོག་པ་དག་སྤངས་ནས། ཡང་རང་གི་སྐབས་ཀྱི་བསྒོམ་པའི་ལམ་དང་། ཚོགས་དང་། སྐབས་ལྔ་པ་ལས་ཇི་ལྟར་བསྟན་པའི་རྣམ་པར་རྟོག་པ་རྣམས་སྤངས་ཏེ། ལམ་དེ་གཉིས་རང་རང་གི་རྣམ་པ་དང་། མཚན་ཉིད་དང་།
เล่ม ๘๗ · หน้า 16b
རྟགས་དང་བཅས་པར་སྦྱངས་ནས། ཡང་སྐབས་དྲུག་པ་ཡོངས་སུ་སྦྱངས་ཏེ། དེ་ནས་བསྒོམ་པའི་ལམ་ཁྱད་པར་ཅན་སྐབས་ལྔ་པ་ལས་ཇི་སྐད་བསྟན་པ་གཙོར་གྱུར་པ་སྐབས་བདུན་པས་དངོས་པོ་ཁོ་ནར་བསྟན་པ་རྣམ་པ་དང་བཅས་ཤིང་ངེས་པར་འབྱུང་བའི་སྒྲུབ་པའི་ངོ་བོ་
ཅན་རྫོགས་པར་བྱེད་དེ། ལམ་དེ་དག་ཐམས་ཅད་ལ་ཡང་སེམས་བསྐྱེད་པ་དང་། རིགས་དང་། གདམས་ངག་དང་། དམིགས་པ་དང་། ཆེད་དུ་བྱ་བ་དང་། ཡོན་ཏན་དང་། སྐྱོན་དག་ནི་ཐུན་མོང་དུ་ཅི་རིགས་པར་སྦྱར་ཏེ། འདི་ནི་སྐབས་བརྒྱད་ལས་ལམ་ཤེས་པ་ཉིད་
ཀྱི་སྐབས་བསྡུས་པའོ། །ད་ནི་སྔར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མངོན་པར་རྟོགས་པ་ཐམས་ཅད་ཉེ་བར་མཚོན་པ་ལྷུར་ལེན་པ་སྟེ་ཞེས་སྨོས་པ་དང་། སྐབས་བརྒྱད་པ་ལས་རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་ཕྱོགས་གཅིག་ཏུ་བསྡུ་བ་ཅིག་ཅར་བསྟན་ཏེ།
རེ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་དེ་ནི་རྒྱུ་ལ་མ་ལྟོས་པར་འཐོབ་པ་མེད་པས་དེའི་རྒྱུ་བསྟན་པ་ལམ་ཐམས་ཅད་བསྡུས་པ་བྱང་ཆུབ་ཀྱི་སེམས་བཅུ་དགུ་རྒྱུའི་ངོ་བོར་བསྟན་ཏོ། །དེ་ཡང་གདམས་ངག་གིས་སྨིན་པར་བྱ་བ་བྱེད་པས་གདམས་ངག་བསྟན་ཏོ། །དེ་ཡང་
གདམས་ངག་གིས་ལེགས་པར་ཟིན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡིན་པས་དེ་བསྟན་ཏོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རིགས་ལ་གནས་པ་ཡིན་པས་རིགས་ཀྱི་དབྱེ་བ་བསྟན་ཏོ། །རིགས་ལ་གནས་པ་རྣམས་ལ་ནི་དམིགས་པ་དང་ཆེད་དུ་བྱ་བ་བསྟན་
ཏོ། །ཡང་སླར་ཐབས་གཞན་གྱིས་སྦྱོར་བའི་ལམ་གོ་ཆའི་སྒྲུབ་པ་བསྟན་ཏོ། །ཡང་སྔར་མཐོང་བ་དང་། བསྒོམ་པ་དང་། ཁྱད་པར་གྱི་ལམ་གྱི་ངོ་བོར་འཇུག་པ་དང་། ཚོགས་དང་ངེས་པར་འབྱུང་བའི་སྒྲུབ་པ་རྣམས་བསྟན་ཏོ། །དེའི་འབྲས་བུ་ནི་སེམས་བསྐྱེད་པ་ཐ་མ་
གསུམ་དང་། སྐབས་བརྒྱད་པ་རིལ་གྱིས་བསྟན་ཅིང་། སྐབས་དྲུག་པ་ནི་འབྲས་བུ་འཐོབ་པར་བྱ་བ་ལ་རབ་ཏུ་འདྲིས་པར་བྱེད་པས་ལམ་སྤྱིར་སྦྱར་ཏེ། དེ་ལྟར་ན་ཁ་ཅིག་ནི་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུའོ། །ཁ་ཅིག་ནི་སྐབས་བདུན་པ་ནས་བསྟན་པའི་རྣམ་པ་དང་
เล่ม ๘๗ · หน้า 17a
མཚན་ཉིད་དོ། །ཁ་ཅིག་ནི་ངོ་བོ་དང་། དབྱེ་བ་དང་། ཕྲིན་ལས་སོ། །ཁ་ཅིག་ནི་འབྲས་བུ་གཞན་པས་ཁྱད་པར་དུ་བསྟན་པ་སྟེ། དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་ཁོ་ནར་སྐབས་ཐམས་ཅད་འདུས་པས་ན་འོག་ནས་འཆད་པ་ལས་ཀྱང་།
རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་བཤད་པ་གང་། །ཞེས་ལམ་གཅིག་པུ་ཁོ་ན་འབྲས་བུ་དང་བཅས་པར་བསྟན་ཏོ། །འདི་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་སུ་སྐབས་ཐམས་ཅད་རབ་ཏུ་བསྡུས་པའི་ཚུལ་ལོ། །ད་ནི་ཞར་ལ་བསྟན་པ་ནི་ངོ་བོར་
སྐབས་ཀྱི་བསྡུ་བ་གཞན་བསྟན་ཏེ། རེ་ཞིག་སྐབས་དང་པོ་གསུམ་ནི་ཐོས་པ་དང་། བསམ་པའི་ཤེས་རབ་ཀྱིས་སྐབས་མ་ལུས་པར་སྐབས་དེ་དག་ཏུ་དྲངས་ཏེ་བྱང་བར་བྱ་བ་སྟེ་དང་པོའོ། །སྐབས་བཞི་པར་ནི་ཇི་ལྟར་འདྲིས་པའི་སྐབས་གསུམ་དུ་བསྡུས་པ་རྣམས་བསྒོམ་པའི་
ཤེས་རབ་ཀྱིས་གོམས་པར་བྱ་བ་སྟེ་གཉིས་པའོ། །སྐབས་ལྔ་པ་ནི་བསྒོམ་པ་ཅུང་ཟད་གྲུབ་པས་བསྟན་པ་སྟེ་གསུམ་པའོ། །ཡང་སྐབས་དྲུག་པ་ནི་ཤིན་ཏུ་རིང་དུ་འདྲིས་པར་བྱེད་པ་སྟེ་བཞི་པའོ། །དེ་བཞིན་དུ་སྐབས་བདུན་པ་ནི་ཡུན་རིང་དུ་འདྲིས་པའི་དབང་གིས་ལྷུན་གྱིས་
གྲུབ་པར་སྐད་ཅིག་གིས་སྡུད་པར་མཐར་གྱུར་པ་སྟེ་ལྔ་པའོ། །བརྒྱད་པ་ནི་འབྲས་བུ་སྟེ་དྲུག་པའོ། །འདི་ནི་འཆད་པར་འགྱུར་བ་ལས། །མཚན་ཉིད་དེ་ཡི་སྦྱོར་བ་དང་། །དེ་རབ་དེ་ཡི་གོ་རིམས་དང་། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག །ཅེས་
བསྟན་པ་ཉིད་དྲང་བའོ། །ཡང་སྐབས་དང་པོ་གསུམ་ནི་ཅིར་ཤེས་པར་བྱ་བ་ཡུལ་ཙམ་སྟེ། ཐོས་པ་དང་བསམ་པ་དག་གིས་སྐབས་མཐའ་དག་དེར་བསྲེས་པའི་ཚུལ་གྱིས་འདྲིས་པར་བྱ་བ་ཡིན་ནོ། །སྐབས་ལྷག་མ་བཞི་ནི་ལེགས་པར་བསྒོམས་པས་རྣལ་འབྱོར་དུ་བྱ་བ་
ཡིན་ཏེ། དེ་བཞིན་དུ་སྐབས་ཐ་མ་ནི་འབྲས་བུ་ཡིན་པས་མདོར་བསྡུས་པའི་དབང་གི་སྐབས་གསུམ་ཉིད་དོ། །དེའི་ཕྱིར། ཡུལ་གྱི་རྒྱུ་ནི་གསུམ་དག་དང་། །སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །མདོར་བསྡུས་གཞན་ཏེ་རྣམ་པ་གསུམ། །
เล่ม ๘๗ · หน้า 17b
ཞེས་སྟོན་པའི་དོན་ཉིད་འདིར་བརྗོད་པའོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་གསུམ་ནི་ལས་དང་པོ་པའི་ས་ནས་བརྩམས་ཏེ། མཐོང་བའི་ལམ་དང་། བསྒོམ་པའི་ལམ་གྱི་བར་དུ་རིམ་པར་སྐྱེ་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་དུ་
བྱས་ལ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་རྣམས་ནི། ལམ་བདེན་པ་མཐོང་བ་ནས་ཡང་བསྒོམ་པའི་ལམ་གྱི་གནས་སྐབས་ན་སྔར་ཇི་ལྟར་མཐོང་བ་རྣམས་ལ་སླར་ཡར་འདྲིས་པར་བྱེད་པས་ན། འཇིག་རྟེན་ལས་འདས་པའི་དབང་དུ་བྱས་པ་ཡིན་
ཏེ། དེའི་ཕྱིར་འཆད་པར་བྱེད་པ་ལས་རྣམ་པ་དང་། ལམ་དང་། གཞི་ཐམས་ཅད་རྣམ་པར་བསྒོམ་པའི་དབྱེ་བས་གོ་རིམས་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོགས་པ་རྣམ་པ་གསུམ་ལ་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་རྟོགས་པ་སྔོན་དུ་འགྲོ་
བས་འཇིག་རྟེན་ལས་འདས་པའི་མཐོང་བའི་ལམ་དང་། བསྒོམ་པའི་ལམ་རྟོགས་པ་ཡིན་ལ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་རྣམ་པ་གསུམ་ལ་ནི། བསྒོམ་པ་གོང་ནས་གོང་དུ་གནས་སྐབས་ཀྱི་ཁྱད་པར་གྱིས་རྣམ་པ་ཐམས་
ཅད་དུ་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ཡེ་ཤེས་ཟག་པ་མེད་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་གྱིས་སྐྱེ་བ་ཡིན་པས་ཅིག་ཅར་སྐྱེ་བ་དགག་པའི་ཕྱིར། ངེས་པར་འབྱེད་པའི་ཆ་ལ་སོགས་པའི་བསྟན་པ་གསུངས་པ་ཡིན་ནོ། །ཞེས་བྱ་བ་སྨོས་ཏེ། ངེས་པར་འབྱེད་པའི་ཆ་
དང་མཐུན་པ་ཡང་ཉེ་བར་མཚོན་པ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡང་ངེས་པར་འདྲིས་པར་སླར་བྱེད་པའི་ཕྱིར་རོ། །དེ་བས་ན་འཆད་པར་བྱེད་པ་ལས། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་བསྒོམ་པའི་ལམ་དག་ལ། །ཡང་དང་ཡང་དུ་སེམས་པ་
དང་། །འཇལ་དང་ངེས་རྟོག་བསྒོམ་པའི་ལམ། །ཞེས་བསྟན་པ་ཡང་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡང་བསྡུས་པར་རིག་པར་བྱའོ། །དེ་ལྟར་བསྟན་པས་ཀྱང་སྐབས་གསུམ་སྟེ། སློབ་པའི་སྐབས་དང་། བསླབ་པ་བསྟན་པར་བྱེད་པའི་སྐབས་དང་། བསྟན་པར་གྱུར་པ་
เล่ม ๘๗ · หน้า 18a
འབྲས་བུའི་སྐབས་སོ། །འོ་ན་སྐབས་གཅིག་ཁོ་ན་དང་། གསུམ་དང་། དྲུག་ཏུ་ཡང་བསྟན་ལ་དོན་གྱི་དབང་གིས་ན་སྐབས་གཉིས་ཀྱང་ཡིན་པར་ངེས་ཏེ། འདི་ལྟར་རྒྱུའི་སྐབས་དང་། འབྲས་བུའི་སྐབས་སོ། །དེ་ལྟར་ངེས་པར་བྱ་ནུས་བཞིན་དུ་འཕགས་
པ་བྱམས་པའི་ཞལ་སྔ་ནས་ཅིའི་ཕྱིར་སྐབས་བརྒྱད་ལ་སོགས་པ་ངེས་པར་བསྟན་ཅེ་ན། དོན་འདི་ཡང་འོག་ནས་འཆད་པར་འགྱུར་རོ། །དེ་ལྟར་ན་སྐབས་ཀྱི་དོན་ཕལ་ཆེར་འདིར་བཤད་པ་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་ཞེས་བསྟན་པའི་སྐབས་འདིར་
ཅིག་ཅར་ཁོ་ནར་བསྟན་པ་སྟེ། གཟུང་བ་ལ་ཚེགས་མེད་པར་བྱ་བའི་ཕྱིར་རོ། །འདིར་སྐབས་ཇི་སྙེད་དུ་བསྟན་ཀྱང་འཇུག་པར་བྱེད་པ་རྣམས་ཀྱིས་ནི་རྒྱུ་མཐའ་དག་ཕྱོགས་གཅིག་ཏུ་ཤེས་པར་བྱ་བ་དང་། དེའི་འབྲས་བུ་གང་ཡིན་པའང་ཤེས་པར་བྱ་བ་གཉིས་ཁོ་ནར་ངེས་ཏེ། དོན་
འདིའི་ཚུལ་ཡང་འོག་ནས་མདོར་འཆད་པས་འདིར་མི་བསམ་སྟེ། འོན་ཀྱང་སྐབས་ཀྱི་དོན་གྱིས་བློ་རྣམ་པར་འཁྲུགས་པར་མི་བྱའི། རིམ་གྱིས་འབྲེལ་པས་ཡིད་དགེ་བར་གནས་པ་ལ་ནི་བདེ་བ་ཐོབ་པར་བྱའོ། །རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གིས་ལྷག་པའི་ཞེས་བྱ་བ་ནི།
རང་སངས་རྒྱས་འདི་དག་ནི་སྣོད་ཀྱི་འཇིག་རྟེན་རྣམས་འཇིག་པ་དང་ཆགས་པའི་དབང་གིས་རྟོགས་པར་སླ་བ་དང་། སེམས་ཅན་གྱི་འཇིག་རྟེན་པའི་ཡང་ལུས་ནི་རབ་ཏུ་འཇིག་པས་བདག་མེད་པར་རྟོགས་པས་ན་ཆོས་ལ་བདག་མེད་པའི་ཕྱོགས་གཅིག་ཁོང་དུ་ཆུད་པས་རྟོགས་པ་
ལྷག་པ་སྟེ། དེའི་དབང་དུ་བྱས་ཏེ། གཟུང་བའི་རྟོག་པ་ཉམས་ཕྱིར་དང་། །འཛིན་པ་མ་སྤངས་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་བསྟན་ཏོ། །འཕགས་པ་རྣམ་པར་འཇིགས་སུ་རུང་བ་ལུང་བསྟན་པའི་མདོ་ལས་རང་སངས་
རྒྱས་རྣམས་ཀྱི་རྟོགས་པ་གང་ཞེ་ན། འདི་ལྟར་དེ་དག་གིས་ནི་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་བདག་མེད་པར་རྟོགས་སོ་ཞེས་གསུངས་པ་ཡང་། ཆོས་ཀྱི་དབྱིངས་དང་མཉམ་པའི་གཟུང་བའི་གཟུགས་ཀྱི་ཕུང་པོ་ལས་བདག་མེད་པར་རྟོགས་པ་སྟེ། འཛིན་པའི་
เล่ม ๘๗ · หน้า 18b
ཕུང་པོ་ལྷག་མ་བཞི་ལ་ནི་མ་ཡིན་ཏེ། འཁོར་བ་རྣམས་སུ་ནི་རྒྱུན་རབ་ཏུ་རྟག་པས་བདག་མེད་ཅེས་ད་དག་གིས་ཡེ་ཤེས་མི་འཇུག་པའོ། །ཕུང་པོ་ལྷག་མ་དང་བཅས་པ་ཞེས་པ་ནི་ཕུང་པོ་ཉིད་ལྷག་མ་སྟེ། འཇིག་རྟེན་དག་ན་ཡང་ཟད་དུ་ཉེ་བའི་དངོས་པོ་ཐ་མ་ལ་ལྷག་མ་ཞེས་གྲགས་
སོ། །དེ་དང་བཅས་པ་ནི་འཕགས་པ་དེ་དག་གིས་དེ་མ་སྤངས་པའོ། །དེ་ནས་གང་གི་ཚེ་འཕགས་པ་དེ་དག་གིས་ཕུང་པོའི་ཁུར་བོར་བ་དེའི་ཚེ་ནི་ཕུང་པོའི་ལྷག་མ་མེད་པ་སྟེ་མདོ་ལས་བདག་གི་ཁུར་བོར་བའོ། །ཞེས་གསུངས་པ་ཡང་ལེགས་པར་བོར་བ་ཡང་འདི་ཉིད་དོ། །གླེགས་
བམ་ལ་ལ་ལས་ནི་ལྷག་མའི་སྒྲ་མི་སྨོས་སོ། །ཇི་སྐད་དུ་བསྟན་པའི་མཚན་ཉིད་ཀྱིས་མྱ་ངན་ལས་འདས་པ་ནི་ལས་དང་ཉོན་མོངས་པའི་འབྲས་བུའི་མེ་ཞི་བས་ན་མྱ་ངན་ལས་འདས་པ་སྟེ། བཱ་པ་ཏཱ་པ་ཞེས་སྐད་ཀྱི་བྱིངས་ལས་འདོན་པས་སོ། །འདིར་ཕྱི་རོལ་གྱི་དོན་དུ་སྨྲ་བ་དང་། ཤེས་བྱ་
ནང་གི་ཉིད་དུ་འདོད་པ་དག་གིས་ནི་སླར་སྲིད་པའི་ས་བོན་མེད་པས་དེ་དག་ག་ལ་ཞིག་སྐྱེ་སྟེ། ལུས་ཞིག་ཚོར་བ་བསིལ་བར་གྱུར། །འདུ་ཤེས་འགགས་ཤིང་འདུ་བྱེད་ཞི། །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །ཞེས་པ་ལ་སོགས་པ་ཡང་བརྗོད་དོ། །
དེ་དགག་པ་ནི་འཕགས་པ་ལང་ཀར་གཤེགས་པ་དང་། དཔལ་ཕྲེང་སེང་གེའི་ང་རོའི་མདོ་ལ་སོགས་པ་ལས་རྒྱས་པར་བསྟན་ཅིང་། རྒྱལ་བ་སྐྱེད་མ་ལས་ཀྱང་སྔར་བསྟན་ཏེ། དངོས་པོ་རྣམས་ནི་ཆོས་ཉིད་ཁོ་ནས་ཁ་ཅིག་སྐྱེ་ཞིང་སླར་ཤིན་ཏུ་རྒྱུན་ཆད་པའི་བྱེ་བྲག་དག་སྣང་སྟེ།
མར་མེ་ལ་སོགས་པའོ། །ཁ་ཅིག་ནི་ནམ་ཡང་མི་སྐྱེ་ཞིང་དེ་ཉིད་ཀྱིས་འགག་པ་མེད་པའི་མིང་ཙམ་པ་སྟེ། ནམ་མཁའི་མེ་ཏོག་ལ་སོགས་པའོ། །ཁ་ཅིག་ནི་སྐྱེ་བ་ལ་སོགས་པ་དམིགས་པ་གཏན་མེད་པར་ཡང་མི་འགྱུར་བ་སྟེ། འགྲོ་བའི་སེམས་ཀྱི་ཁྱད་པར་རོ། །དེའི་ཕྱིར་མ་
བརྟགས་པ་ཙམ་གྱིས་དགའ་བར་བྱེད་ཅིང་བརྟགས་པ་ན་ཆུ་ཤིང་གི་སྙིང་པོ་ལྟར་མེད་པ་ཉིད་ཀྱི་སེམས་དང་། དེ་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་སྒྱུ་མ་ཙམ་འདི་ནི་ནམ་ཡང་མེད་པར་མི་འགྱུར་ལ། དེ་ཡང་དམིགས་པའི་རྐྱེན་ལ་སོགས་པ་མེད་པར་ནི་མི་རུང་བས་ན་དེ་དག་གིས་ལེགས་
เล่ม ๘๗ · หน้า 19a
པར་མ་སྨྲས་པ་ཉིད་དོ། །དེ་བས་ན་འཁོར་བ་ཇི་སྲིད་པར་འགྲོ་བའི་དོན་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བ་སྨོས་ཏེ། ཁ་ཅིག་ལོག་པར་ལྟ་བ་ཁོ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱང་མིང་ཙམ་དུ་ཟད་དེ། བར་ཆད་མེད་པའི་ཏིང་ངེ་
འཛིན་གྱི་རྗེས་ལ་ཡེ་ཤེས་ནི་དངོས་སུ་མེད་ཅིང་དེ་བཞིན་ཉིད་རྣམ་པར་དག་པ་ཙམ་དུ་གྱུར་ཏོ་ཞེས་སྨྲ་བའང་འདིས་བསལ་ཏོ། །ཇི་ལྟ་ཞེ་ན། དེ་བཞིན་ཉིད་རྣམ་པར་དག་པ་ཅེས་བྱ་བ་ནི་ཆོས་ཅན་ཡེ་ཤེས་རྣམ་པར་དག་པའི་དབང་གིས་དེ་དང་ཐ་མི་དད་ཅིང་དེ་ཉིད་ཀྱང་མ་ཡིན་པའི་དེ་
བཞིན་ཉིད་དེ་དག་གོ། །ཞེས་ཀུན་རྫོབ་ཉེ་བར་བཟུང་སྟེ། བརྗོད་པ་ལྟ་ཞིག་ན། ལོག་པའི་ལྟ་བའི་མཚོན་གྱིས་ཡེ་ཤེས་རབ་ཏུ་བཅད་པ་ཁྱེད་ཀྱི་དེ་བཞིན་ཉིད་དེ་དག་པར་གང་གིས་གཞག །གལ་ཏེ་ཆོས་ཅན་ལ་མ་བརྟེན་པའི་དེ་བཞིན་ཉིད་ཡོད་པར་གྱུར་ན་གོ་ཇི་ལྟར་འཕགས་
པ་དགོངས་པ་ངེས་པར་འགྲེལ་པ་ལས་གལ་ཏེ་དོན་དམ་པའི་བདེན་པ་ཀུན་རྫོབ་ཀྱི་བདེན་པ་ལས་གཞན་ཡིན་ན། དེའི་ཚེ་དོན་དམ་པ་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་དུ་མི་འགྱུར་ཞིང་། དོན་དམ་པ་དེ་མཐོང་བས་རྣལ་འབྱོར་པ་རྣམས་ཀྱི་ཉོན་མོངས་པ་སྤོངས་པར་ཡང་མི་འགྱུར་
ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་གླགས་སུ་ཡང་ངེས་པར་འགྱུར་རོ། །གཞན་ཡང་གལ་ཏེ་དེ་བཞིན་ཉིད་དག་པ་སྟེ་འགྲོ་བ་རྣམས་ཀྱི་དེ་བཞིན་ཉིད་རྣམ་པར་མ་དག་པ་དང་ཐ་དད་ན་ནི་ཆོས་ཀྱི་དབྱིངས་ཆ་ཤས་གཉིས་སུ་ཇི་ལྟར་མི་འགྱུར། གལ་ཏེ་ཐ་མི་དད་ན་དེའི་ཚེ་མངོན་པར་
བྱང་ཆུབ་པར་གྱུར་ཀྱང་འགྲོ་བ་ཕལ་པ་ལས་ཇི་ལྟར་དེ་འཕགས། གཞན་ཡང་། ཉོན་མོངས་ཟད་པའི་དགེ་སློང་གིས། །འཁོར་བ་གལ་ཏེ་རྣམ་ལྡོག་ན། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །ཅིའི་ཕྱིར་དེ་ཡི་རྩོམ་མི་བཤད། །རྩོམ་པ་ཡོད་ན་ངེས་པར་ཡང་། །ལྟ་
བར་འགྱུར་བ་ཡོངས་སུ་འཛིན། །ཞེས་བསྟན་པའི་གླགས་ཀྱང་ངེས་པར་གནས་ཏེ། དེའི་ཕྱིར་བདག་དང་གཞན་ཕུང་བར་བྱེད་པའི་ཐབས་སུ་གྱུར་པ་ལྟ་བ་ངན་པའི་དགོན་པ་ཆེན་པོ་འདི་ལྟ་བུ་ནི་མཁས་པ་དེ་དག་གིས་མཉན་པའི་ཡུལ་དུ་ཡང་མི་འོས་པར་སྤང་ངོ་། །སྤྱོད་པའི་གཉེན་
เล่ม ๘๗ · หน้า 19b
པོར་ཞེས་བྱ་བ་ནི་འདོད་ཆགས་ལ་སྤྱོད་པ་ལ་སོགས་པའི་རྩ་བའི་སྤྱོད་པ་བཞི་དང་། རེ་རེའི་ཡང་ཕྱེ་བས་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་དག་གི་གཉེན་པོར་གྱུར་པ་ནི་ཐུབ་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་མ་ལུས་པ་སྟེ་ཆོས་ནི་བསྟན་པའི་ཆོས་གཙོ་བོར་བྱས་པའོ། །འཁོར་ལོ་ནི་
གདུལ་བྱའི་རྒྱུད་ལ་འཕོ་བར་སྣང་བས་ནའམ། ཚོགས་ཀྱི་དོན་གྱི་ཕྱིར་འཁོར་ལོ་སྟེ་སྒྲའི་དོན་ནི་དེ་དག་དང་ཉེ་བའི་ཕྱིར་རོ། །མ་ལུས་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ། དེ་ལ་ཆོས་ཀྱི་ཕུང་པོ་གཅིག་གི་ཚད་ཇི་ཙམ་ཞེ་ན། དེ་ལ་ཚིག་ལེའུར་བྱས་པ་སྟོང་ཉིད་དོ། །ཚིགས་
སུ་བཅད་པ་རེ་རེ་ལའང་ཡིག་འབྲུ་སུམ་ཅུ་རྩ་གཉིས་ཡོད་དོ། །དེ་ལྟར་ན་ཆོས་ཀྱི་ཕུང་པོ་ཐམས་ཅད་ལ་ནི་ཚིགས་སུ་བཅད་པ་བྱེ་བ་ཕྲག་བརྒྱད་དང་། ཡང་འབུམ་ཕྲག་བཞི་བཅུར་འགྱུར་རོ། །འདིར་ནི་རེ་ཞིག་ཐུན་མོང་གི་གྲངས་སུ་བགྲང་བའོ། །ཐེག་པ་བླ་ན་མེད་པའི་དབང་དུ་
བྱས་ཏེ། དབང་པོའི་གླང་པོ་ཆེ་རབ་བརྟན་གྱིས་བཀུར་བར་འོས་པའི་སྣག་ཚས་ནི་ཆོས་ཀྱི་ཕུང་པོ་གཅིག་འདྲི་བར་ནུས་སོ་ཞེས་གསུངས་ཏེ། དེ་ལྟར་བྱས་ན་མདོ་གང་དག་ལས་འཕགས་པ་ལྷས་བྱིན་གྱི་གླང་པོ་ཆེ་ལྔ་སྟོང་གིས་བཀུར་བར་བྱ་བའི་གླེགས་བམ་རྣམས་ཁ་ཏོན་དུ་རྗོད་པར་བྱེད་
དོ་ཞེས་གསུངས་པ་འདི་ཡང་རིགས་པར་འགྱུར་རོ། །ཆོས་ཀྱི་ཕུང་པོ་དེ་སྙེད་ཡོད་པ་ཉིད་ན་ཅིའི་ཕྱིར་དེང་སང་འཛམ་བུའི་གླིང་ན་རབ་ཏུ་མི་སྣང་ཞེ་ན། ཁ་ཅིག་ནི་འཇིག་རྟེན་གྱི་ཁམས་གཞན་དག་ན་སྤྱོད་ཅིང་གཞན་ཡང་ཕལ་ཆེར་ཀླུ་རྣམས་ཀྱི་གནས་ན་སྤྱོད་པ་སྟེ། བསྟན་པ་རིན་
ཆེན་མཆོག་ལྟར་བཟང་ལ་འཕན་མེད་པར། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོ་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛད། །ཅེས་བསྟན་པའོ། །ཆོས་ཀྱི་ཕུང་པོ་དེ་དག་ཀྱང་སྡེ་སྣོད་
གསུམ་ཉིད་དུ་རྣམ་པར་གཞག་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དག་ནི་འཕགས་པ་ཉན་ཐོས་རྣམས་ཀྱི་མདོ་སྡེའི་སྡེ་སྣོད་དུ་བསྡུས་པའོ། །གླེང་གཞིའི་སྡེ་དང་། རྟོགས་པ་
เล่ม ๘๗ · หน้า 20a
བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་དག་འཁོར་དང་བཅས་ཏེ་ནི་འདུལ་བའི་སྡེ་སྣོད་དུ་བསྡུས་པའོ། །ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བའི་སྡེ་དག་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དུ་རྟོགས་པའོ། །གཏན་ལ་ཕབ་
པའི་སྡེ་ནི་གཉི་གའི་ཆོས་མངོན་པའི་སྡེ་སྣོད་དུ་བསྡུས་པའོ། །སྡེ་སྣོད་དེ་དག་ཀྱང་སྡེ་སྣོད་གསུམ་མམ་གཉིས་ཀྱང་ཡིན་ཏེ། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་ནི་རྒྱུ་ནི་དགུར་འདོད་དོ། །དེ་ནི་བག་ཆགས་རྟོགས་དང་ཞི་བ་དང་། །རབ་ཏུ་རྟོགས་ལས་རྣམ་
པར་གྲོལ་བར་བྱེད། །མདོ་དང་ཆོས་མངོན་འདུལ་བ་དག །མདོར་ན་དོན་ནི་རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ནས། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ། །གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །མངོན་དུའི་ཕྱིར་དང་ཡང་ཡང་དང་། །
ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་བཤད་པས་སོ། །དེ་ལས་རྒྱལ་བའི་ཡུམ་རྗེ་བཙུན་འབུམ་ལྡན་མ་ལ་སོགས་པ་འདི་
དག་ནི་ཐེག་པ་ཆེན་པོའི་སྡེ་སྣོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདོ་ཤིན་ཏུ་རྒྱས་པའི་སྡེ་སྣོད་དུ་བསྡུས་པ་ཡིན་པར་ཤེས་པར་བྱའོ། །ཡུམ་འདི་ཉིད་ལ་མཆོད་པ་དང་། བསྟོད་པ་ལ་སོགས་པ་བྱས་པས་ནི་གཞུང་གཞན་ལ་མཆོད་པ་བས་ཆེས་བསོད་ནམས་ཁྱད་པར་དུ་འཕགས་ཤིང་
འདི་ལ་མ་གུས་པ་ཡང་དེ་ལྟར་རབ་ཏུ་མི་ཟད་དེ། ཇི་སྐད་དུ། འགྲོ་བ་དེ་གནས་མིན་ལ་སྐྲག་པ་གདུང་བྱེད་འགྱུར། །བསོད་ནམས་མ་ཡིན་ཕུང་ཆེན་བསགས་བྱས་ཡུན་རིང་དུ། །རིགས་མེད་གྲོགས་ངན་དགེ་སྔོན་མ་བསགས་བློ་མ་སྦྱངས། །ཆོས་འདིས་སྐྲག་འགྱུར་འདི་ནི་དོན་ཆེན་
འདི་ལས་ལྟུང་། །ཞེས་གསུངས་ལ། བློ་ཆུང་དེ་ཡིས་ཐོས་ནས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་ལྟུང་། །ཞེས་གསུངས་ཤིང་མཚམས་མེད་ཀྱི་ལས་བྱས་པ་ལས་ཆེས་ཡུམ་འདི་ལ་སྤོང་བར་བྱེད་པ་མ་རུངས་སོ། །ཞེས་རྒྱལ་བའི་ཡུམ་རྒྱས་པར་
เล่ม ๘๗ · หน้า 20b
བསྟན་པ་དག་ལས་གསལ་བར་གསུངས་སོ། །མ་ལུས་པ་རྣམ་པ་ཐམས་ཅད་དུ་བསྐོར་བ་མཛད་པ་ཞེས་བྱ་བ་ནི། ཁ་ཅིག་ན་རེ་དང་པོ་ནི་རི་དགས་ཀྱི་ནགས་སུ་འཕགས་པ་ཀཽཎྜི་ནྱ་ལ་སོགས་པ་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་འདི་ནི་དམན་པའི་ཆོས་ཀྱི་འཁོར་ལོའོ། །
དེ་ནས་ནི་རྒྱལ་པོའི་ཁབ་ཏུ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་སྙིང་པོ་དང་། མངོན་པར་རྟོགས་པའི་དོན་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྟན་ཏེ། དེ་ནི་དགོངས་པས་བཤད་པའི་འཁོར་ལོ་གཉིས་པ་ཡིན་པས་ན། ལྷའི་བུ་དག་གིས་སྨྲས་པ། ཀྱེ་མ་ཨ་ལ་ལ་འཛམ་བུའི་གླིང་དུ་ཆོས་ཀྱི་
འཁོར་ལོ་གཉིས་པ་བསྐོར་བ་མཐོང་ངོ་ཞེས་སྨྲས་པའི་ཕྱིར་རོ། །དེའི་འོག་ཏུ་རི་མ་ལ་ཡ་ལ་སོགས་པར་ཆོས་མངོན་པ་གཏན་ལ་ཕབ་པའི་སྡེ་སྣོད་མཚན་ཉིད་གསུམ་རྣམ་པར་ཕྱེ་བས་ངེས་པའི་དོན་བསྟན་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། འདི་ནི་ཆོས་ཀྱི་འཁོར་ལོ་མ་ལུས་
པ་རྣམ་པ་ཐམས་ཅད་དུ་བསྐོར་བའོ་ཞེས་ཟེར་རོ། །དེ་དག་གིས་ནི་ལེགས་པར་མ་སྨྲས་ཏེ། ཇི་ལྟ་ཞེ་ན། ཐུབ་པ་ཆེན་པོས་ནི་དེ་ལྟར་རིམ་གྱིས་ཆོས་བསྟན་པ་མེད་དེ། ཇི་སྐད་དུ་འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་ཀྱང་། རིགས་ཀྱི་བུ་དེ་
བཞིན་གཤེགས་པ་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་འཛིན་སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པ་ལ་སྙོམས་པར་ཞུགས་མ་ཐག་ཏུ་སེམས་ཅན་
རྣམས་ཇི་སྙེད་པ་དེ་སྙེད་ཀྱི་སྐུ་ཀུན་ཏུ་གནས་པར་འགྱུར་རོ། །སྐུ་ཇི་སྙེད་པ་དེ་སྙེད་ཀྱི་གསུང་དང་ཐུགས་དག་ཀུན་ཏུ་གནས་པར་འགྱུར་རོ་ཞེས་གསུངས་ལ། གཞན་ལས་ཀྱང་། ཀྱེ་མ་རྒྱལ་སྲས་ཁྱོད་ལྟོས་ཤིག །འཛམ་བུའི་གླིང་རྣམས་ཐམས་ཅད་ན། །བདེ་གཤེགས་
འདི་ན་བཞུགས་སྙམ་བྱེད། །བདག་ཅག་རྣམས་ནི་འདི་སྙམ་དུ། །རི་རབ་རྩེ་ལ་བདེ་གཤེགས་སྙམ། །འཇིག་རྟེན་ཁམས་རྣམས་གཞན་ན་ཡང་། །སངས་རྒྱས་ངོ་མཚར་རྨད་རེ་ཆེ། །ཞེས་གསུངས་ཏེ། རྒྱ་ཆེར་ནི་འཕགས་པ་སུམ་ཅུ་རྩ་གསུམ་པའི་མདོ་ལས་ཤེས་པར་བྱའོ། །གཞན་
เล่ม ๘๗ · หน้า 21a
ཡང་ལྷའི་བུ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་གཉིས་པ་བསྒྲགས་པ་ཉིད་དེའི་དང་པོ་ནི་གང་ཞིག་ཡིན། འཕགས་པ་ཀཽཎྜི་ནྱ་ལ་སོགས་པ་ལ་བཤད་པའོ་ཞེ་ན། རྒྱལ་བ་སྐྱེད་མའི་གཞུང་རྣམ་པ་གསུམ་ཅར་ལས་ཀྱང་གཉིས་པ་ཞེས་སྨོས་ན། དེའི་ཚེ་གང་ཞིག་དང་
པོར་བྱ། དེའི་ཕྱིར་གཉིས་པ་ཞེས་བྱ་བ་ནི། ལྷའི་བུ་དེ་དག་ཉིད་ཀྱིས་དེའི་སྔར་གང་ཐོས་པ་དེ་ཙམ་ལས་གཉིས་པར་གཞག་གི །དང་པོ་ངེས་པར་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་འདི་ལ་ལུང་དང་རིགས་པ་ཅི་ཡང་མེད་དོ། །གཞན་ཡང་ཆོས་ཀྱི་འཁོར་ལོ་ནི་མཐོང་
བའི་ལམ་མོ། །ཞེས་བསྟན་པ་ཡང་ངེས་པ་མེད་པ་ཁོ་ན་སྟེ། ཆོས་ཀྱི་འཁོར་ལོ་ཁ་ཅིག་ནི་ཚོགས་ཀྱི་ལམ་མོ། །ཁ་ཅིག་ནི་སྦྱོར་བའི་ལམ་མོ། །ཁ་ཅིག་ནི་བར་ཆད་མེད་པའི་ལམ་གྱི་བར་རོ། །དེ་བཞིན་དུ་འཁོར་ལོ་གསུམ་པ་ནི་དགོངས་པ་ཅན་མ་ཡིན་ལ། འཁོར་ལོ་གཉིས་
པ་རྒྱལ་བའི་ཡུམ་ནི་དགོངས་པ་ཅན་ནོ། །ཞེས་བྱ་བ་འདི་ནི་ལོག་པར་བརྗོད་པ་སྟེ། གང་ཞིག་རིགས་པས་གནོད་པར་བྱར་རུང་བ་དེ་ནི་ངེས་པའི་དོན་དུ་གཞག་ཅིང་། ལུང་དང་རིགས་པས་ལེགས་པར་གྲུབ་པ་ནི་དྲང་བའི་དོན་དུ་གཞག་པ་འདི་ནི་རབ་ཏུ་འཁྲུགས་པའོ། །འོན་ཀྱང་
དོན་འདི་ནི་དབུ་མའི་བསྟན་བཅོས་ལས་གཏན་ལ་ཕབ་པར་འགྱུར་བས་འདིར་མི་བསམ་མོ། །དེ་ལྟར་ན་ཆོས་ཀྱི་འཁོར་ལོ་མ་ལུས་པ་རྣམ་པ་ཐམས་ཅད་དུ་བསྐོར་བ་ནི་སྐད་ཅིག་གཅིག་ཁོ་ན་ལ་བསྐོར་བ་སྟེ། དེ་ལ་གདུལ་བྱ་རྣམས་ཀྱིས་དུས་ཡུན་རིང་ཐུང་དང་གསུང་ཐ་དད་པར་ཐོས་
པ་ལ་སོགས་པར་ཟད་དེ། འཕགས་པ་དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང་། ས་རུམ་ནས་འཐོན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བར་གྱི་བསྐལ་པ་ཉི་ཤུ་རྩ་ལྔར་བཅོམ་ལྡན་འདས་ཤཱཀྱའི་གཙོ་བོ་ལ་མཆོད་པ་བྱས་མོད་ཀྱི། འཛམ་
བུ་གླིང་པ་ལ་སོགས་པས་ནི་ཕྱི་དྲོ་གཅིག་ཡུན་དུ་ཤེས་སོ་ཞེས་གསུངས་ལ། བཅོམ་ལྡན་འདས་འདི་ནི་ཡོངས་སུ་མྱ་ངན་ལས་མ་འདས་ཏེ་ད་ལྟར་གཟུགས་ཀྱི་སྐུར་བཞུགས་ཤིང་འཇིག་རྟེན་གྱི་ཁམས་འདི་འཇིག་པ་ན་ཡང་ཞིང་འདི་རབ་ཏུ་དག་པར་གནས་ལ། མ་འོངས་
เล่ม ๘๗ · หน้า 21b
པའི་བསྐལ་པ་དཔག་ཏུ་མེད་པ་ན་ཡོངས་སུ་མྱ་ངན་ལས་འདའོ་ཞེས་གསུངས་ཏེ། དེའི་ཕྱིར་ཆོས་ཀྱི་འཁོར་ལོ་མ་ལུས་པ་མཐའ་དག་རྣམ་པ་ཐམས་ཅད་དུ་བསྐོར་རོ་ཞེས་ངེས་པར་གཟུང་གི་ཚུལ་འདི་ལྟར་བསྐོར་ཞེས་དམན་པའི་འདུ་ཤེས་ཀྱིས་ནི་ངེས་པར་བྱ་བ་ག་ལ་ནུས་
ཏེ། གྲངས་མེད་པ་ལ་སུ་ཞིག་བགྲང་ཞེས་པ་ལ་སོགས་པ་སྔར་སྨས་པའོ། །མཚན་ཉིད་ཀྱི་བསྟན་བཅོས་དག་ལ་ཞེས་བྱ་བ་ལ་གཞུང་གང་དག་ལས་དངོས་པོ་རྣམས་སྲ་བ་ལ་སོགས་པའི་མཚན་ཉིད་དུ་ཡོད་པ་དོན་དམ་པར་སྟོན་པ་ནི་མཚན་ཉིད་ཀྱི་བསྟན་བཅོས་སོ། །
གང་དག་ལས་དོན་དམ་པར་མཚན་ཉིད་མེད་པར་སྟོན་པ་ནི་ཀུན་རྫོབ་ཏུ་རང་གི་མཚན་ཉིད་ཙམ་དུ་གནས་པར་སྟོན་ཀྱང་མཚན་ཉིད་བརྗོད་པའི་བསྟན་བཅོས་མ་ཡིན་ཏེ། ཀུན་རྫོབ་ནི་དངོས་པོ་མ་ཡིན་པར་ཁས་བླངས་པའི་དོན་ངེས་པའི་མཚན་ཉིད་མ་ཡིན་པས་སོ། །རྣམ་པ་ཞེས་
བྱ་བ་ནི་ཁ་དོག་དང་དབྱིབས་ཏེ། མེ་ལྕེ་ཟླུམ་པ་དང་མེའི་ཁ་དོག་སྨུག་པ་ལ་སོགས་པའོ། །རྟགས་ཞེས་བྱ་བ་ནི་མཚོན་པར་བྱེད་པའི་མཚན་མ་སྟེ་མེའི་དུ་བ་ལ་སོགས་པའོ། །མཚན་མ་ཞེས་བྱ་བ་ནི་རྒྱུ་སྟེ་མེའི་ཤིང་ལ་སོགས་པའོ། །ཆོས་རེ་རེའི་ཡང་དེ་དག་མ་ལུས་པར་སྐད་
ཅིག་གཅིག་གིས་མཁྱེན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའོ། །མི་རྟག་པ་ལ་སོགས་པ་ཞེས་པ་ནི་བདེན་པ་བཞི་ལ་རྣམ་པ་བརྒྱད་དང་། །དེ་དག་གི་བདེན་པའི་རྣམ་པ་བརྒྱད་དོ། །ཐེག་པ་ཐམས་ཅད་ཀྱིས་ངེས་པར་འབྱུང་བ་ཞེས་པ་ནི་གདུལ་བྱའི་དབང་གིས་ཐེག་པ་གསུམ་
ཅར་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་པ་སྟེ། ཇི་སྐད་དུ། དགེ་སློང་དག་ང་ལན་སྟོང་དུ་ནི་ཉན་ཐོས་ཀྱི་མྱ་ངན་ལས་འདའ་བས་མྱ་ངན་ལས་འདས་སོ། །ལན་སྟོང་དུ་ནི་རང་སངས་རྒྱས་ཀྱི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་གསུངས་ལ། ཡང་གསུངས་པ།
ཐེག་པ་རླབས་པོ་ཆེས་ནི་སྐྲག་འགྱུར་ཞིང་། །འདི་ན་སེམས་ཅན་དམན་ལ་མོས་རིག་ནས། །བྱང་ཆུབ་སེམས་དཔའ་འདི་དག་ཉན་ཐོས་འགྱུར། །རང་རྒྱལ་བྱང་ཆུབ་བར་ཡང་རབ་ཏུ་སྟོན། །ཞེས་གསུངས་ཏེ། རྒྱུ་མཚན་དེས་གཙོ་བོར་བྱས་ཏེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཉན་ཐོས་
เล่ม ๘๗ · หน้า 22a
དང་རང་སངས་རྒྱས་ཀྱི་ལམ་བསྟན་པ་མཛད་དེ་དེ་ལ་འདྲིས་པ་ཙམ་དུ་བྱ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པར་རྟེན་པ་ཞེས་བྱ་བ་ལ་དེ་ཁོ་ན་ཉིད་ནི་གང་ཟག་ལ་བདག་མེད་པའི་མཐའ་ཞི་བ་ཉིད་དེ། དེ་མངོན་སུམ་དུ་མི་བྱེད་པ་ནི་བསྒོམས་པས་སྤང་
བར་བྱ་བའི་ཉོན་མོངས་པ་རྣམས་ནི་མི་སྤོང་བའི་ཕྱིར་ཏེ། དེ་མ་སྤངས་པས་ན་མྱ་ངན་ལས་མི་འདའ་སྟེ། དེའི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་། ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱ་བ་ཡིན་གྱི་མངོན་སུམ་དུ་བྱ་བ་ནི་མ་ཡིན་པས་བསྒོམ་པའི་
ལམ་ནི་མ་བསྟན་ཏོ། །ཞེས་སྟོན་པར་འགྱུར་རོ། །བག་ཆགས་ཀྱི་མཚམས་སྦྱོར་བ་ཞེས་བྱ་བ་ནི་བག་ཆགས་ཉིང་མཚམས་སྦྱོར་བ་ཡིན་ཏེ། གང་དག་བག་ཆགས་ཟད་པ་དེ་དག་ནི་ཡང་སྲིད་པར་མཚམས་སྦྱོར་བ་མེད་པས་སོ། །ཡང་ན་བག་ཆགས་ཀྱིས་མཚམས་སྦྱོར་བ་ནི་
བག་ཆགས་ཀྱིས་མཚམས་སྦྱོར་བའོ་ཞེས་གསུམ་པའི་བསྡུ་བའོ། །དེ་སྤངས་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཟད་པ་དང་ལྡན་པ་སྟེ། བྲལ་བའི་འབྲས་བུ་སྟོན་པའོ། །དེ་ལྟ་ན་ཡང་སྲིད་པར་མཚམས་སྦྱོར་བ་ནི་བག་ཆགས་ཀྱི་རྒྱུ་ཅན་ཡིན་ལ། བཅོམ་ལྡན་འདས་འདི་ལ་དེ་མི་མངའ་
བས་ན་རྒྱལ་པོ་ཟས་གཙང་མའི་སྲས་སུ་གྱུར་པ་ལ་སོགས་པའི་རྒྱུ་གང་ཞིག་ཡིན་ཞེ་ན། འདི་ནི་ཐུབ་པ་ཆེན་པོའི་བྱ་བ་སྒྲུབ་པའི་ཡེ་ཤེས་ལ་གདུལ་བྱ་རྣམས་ཀྱི་ཁ་དོག་དང་དབྱིབས་སུ་བརྟགས་ཏེ། འདི་ནི་གཞོན་ནུ་དོན་ཐམས་ཅད་གྲུབ་པའོ་ཞེས་བྱ་བར་བཟུང་བར་ཟད་ཀྱི་ཅི་ཡང་
མཚམས་སྦྱོར་བ་མེད་དོ། །དེ་ལྟར་ན་རྒྱལ་བའི་ཡུམ་བར་མ་ལས། རབ་འབྱོར་ངའི་ལུས་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཞི་སྟེ་ཞེས་གསུངས་པས་སྐུ་དེ་ཉིད་ཡེ་ཤེས་སུ་མ་བསྟན་པ་ཅིའི་ཕྱིར་ཞེ་ན། བྱིས་པ་རྣམས་ནི་རང་གི་མངོན་པར་ཞེན་པ་རབ་ཏུ་བསྟན་
པས་ན་འདི་ཉིད་ཡེ་ཤེས་སོ་ཞེས་བརྗོད་པས་ཡིད་ཆེས་པར་རབ་ཏུ་དཀའ་བས་ན་གཞིའོ་ཞེས་འཇིག་རྟེན་པའི་མཐུན་པར་འཇུག་པ་ཙམ་སྟེ། རང་གི་ངོ་བོས་ནི་ཡེ་ཤེས་ཉིད་ཁ་དོག་དང་དབྱིབས་སུ་སྣང་ཞིང་རིང་བསྲེལ་ལ་སོགས་པར་སྣང་བས་ན། འཕགས་པ་དགེ་བའི་རྩ་བ་ཡོངས་
เล่ม ๘๗ · หน้า 22b
སུ་འཛིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང་། ང་ཡིས་རིགས་རྣམས་གཞག་མ་ཡིན། །སྐྱེ་བའང་བླངས་པ་མ་ཡིན་ཞིང་། །དེ་ཡི་ཁ་དོག་ཕྱེ་བའང་མིན། །གཟུགས་ཀྱི་སྐུ་ལས་དམན་པ་མེད། །ཅེས་གསུངས་ལ། སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་། ཀུན་
རྫོབ་ཏུ་ཡེ་ཤེས་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པར་སྣང་བ་བསྐྱེད་པའི་སྒོ་ནས་དོན་བྱ་བ་མཛད་པ་ཡིན་པས་ཆོས་ཀྱི་སྐུ་ཡིན་ནོ་ཞེས་འཆད་པར་མཛད་དེ། དེའི་ཕྱིར་བཅོམ་ལྡན་འདས་འདི་ནི་རྟག་ཏུ་ཡེ་ཤེས་ཀྱི་སྣང་བ་རབ་འབྱམ་ཚད་མེད་པ་གཅིག་ཁོ་ན་ཡིན་མོད་ཀྱི།
ཡེ་ཤེས་གཅིག་པོ་དེ་ཁོ་ན་ལ་གདུལ་བྱའི་དོན་མཛད་པའི་དབང་གིས་སྐུ་དང་ཡེ་ཤེས་དུ་མར་བཏགས་པར་ཟད་དོ། །དེ་བས་ན་གདུལ་བྱའི་སོ་སོར་འཛིན་པས་རྒྱལ་བའི་ངོ་བོ་ཉིད་ཐ་དད་པར་ནི་མི་དབྱེ་བ་ཉིད་དོ། །གཞི་ཞེས་བྱ་བ་ནི་བྱིས་པ་རྣམས་ལ་བདག་དང་བདག་
གིར་འཛིན་པའི་གཞིར་གྱུར་པ་ཕུང་པོ་ལ་སོགས་པ་ཡིན་ལ་དེ་བདག་མེད་པར་ཤེས་པ་དང་། སྤོང་བ་ལ་སོགས་པར་འབྱེད་པས་ན་གཞི་སྟེ། ལྷན་ཅིག་སྤྱོད་པའི་མིང་ལྷན་ཅིག་སྤྱོད་པས་ཐོབ་པའོ། །ཡང་ན་ལམ་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་གཞི་སྟེ། དང་པོར་
ནི་དེ་ལ་བརྟེན་པར་བྱ་བའི་ཕྱིར་རོ། །དེའི་ཕྱིར་འཕགས་པ་སའི་སྙིང་པོ་འཁོར་ལོ་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང་། བྱིས་པ་དབང་པོ་ཞེན་ཅིང་ལེ་ལོ་ཅན། །ཐེག་པ་གཉིས་ལ་ནན་ཏན་མི་བྱེད་པ། །ཐེག་པ་ཆེན་པོའི་འཁོར་ལོ་ལྡན་མི་འགྱུར། །དེ་ནི་རྒྱ་
ཆེན་ཐེག་ཆེན་སྣོད་མ་ཡིན། །ཞེས་གསུངས་སོ། །དེའི་ཚེ་ནི་གཞིའང་ཡིན་ལ། ཡེ་ཤེས་ཀྱང་ཡིན་ཞེས་གཞི་མཐུན་པའི་བསྡུ་བར་བསྟན་ཏོ། །དེ་ལྟར་ཕྱག་འཚལ་བ་བསྟན་ནས། ད་ནི་དགོས་པ་ལ་སོགས་པ་བསྙད་པའི་དོན་དགྲོལ་བར་བྱ་སྟེ། དོན་ལ་ཐེ་ཚོམ་སྐྱེད་པ་
ཉིད་ཀྱིས་ཞེས་བྱ་བ་ལ། དོན་ནི་རྒྱལ་བའི་ཡུམ་མངོན་པར་རྟོགས་པའི་རིམ་པ་བསྟན་པ་ཐམས་ཅད་དེ་འདིར་བརྗོད་པར་བྱ་བའི་དོན་དུ་གཟུང་ངོ་། །དེ་རྣམས་ལ་ཐེ་ཚོམ་སྐྱེད་པ་ཉིད་ནི་དགོས་པ་ལ་སོགས་པ་སྟོན་པའི་ཚིགས་སུ་བཅད་པ་གཉིས་དང་པོར་སྨོས་པ་ཉིད་ཡིན་ཏེ། ཇི་ལྟ་
เล่ม ๘๗ · หน้า 23a
ཞེ་ན། དང་པོར་སྨོས་པའི་དབང་གིས་རྟོག་པ་དང་ལྡན་པ་དག་འདི་སྙམ་དུ་དགོས་པ་ལ་སོགས་པ་ཡོད་པ་ཉིད་དུ་དམ་བཅས་པ་འདི་དག་ཁོ་ན་ལྟར་ཡོད་དམ། ཅི་སྟེ་མ་ཡིན་པ་ནི་བདག་ཉིད་ཀྱི་གཞུང་འདི་མཉན་པ་ལ་སོགས་པས་ཤེས་པར་འགྱུར་གྱི་གཞན་
དུ་ནི་མ་ཡིན་ནོ། །གལ་ཏེ་འདི་ལ་དང་པོར་ཇི་སྐད་སྨྲས་པའི་དགོས་པ་ལ་སོགས་པ་ཡོད་པར་ལྟ་ན་ན་ཁོ་བོ་ཡང་འདི་ལ་གུས་པས་གནས་པར་བྱའོ་ཞེས་འདི་ཉན་པ་ལ་སོགས་པ་ལ་འཇུག་སྟེ། དེའི་ཕྱིར་དགོས་པ་ལ་སོགས་པ་བར་དང་མཐར་མ་བསྟན་གྱི། དང་པོར་བསྟན་པ་ཁོ་ནས་
དོན་ལ་ཐེ་ཚོམ་སྐྱེད་པ་ཉིད་ཡིན་ལ། དེ་ཉིད་ཀྱིས་འཇུག་པའི་ཡན་ལག་ཀྱང་ཡིན་ནོ། །དེ་ལྟར་ན་ཕྱག་འཚལ་བའི་དང་པོར་ཡང་ཅིའི་ཕྱིར་མི་བསྟན་ཞེ་ན། ལས་བརྩམས་ནས་ཕྱག་འཚལ་བ་ནི་འཇིག་རྟེན་ན་ཚུལ་མ་ཡིན་པའི་ཕྱིར་དང་། ཇི་སྐད་བསྟན་པའི་ཚུལ་གྱིས་ན་དང་
པོར་ཡུམ་གྱི་ཡོན་ཏན་བརྗོད་པས་ནི་རྟོག་པ་དང་ལྡན་པ་རྣམས་ཀྱང་དད་པར་འགྱུར་ལ། དད་པར་གྱུར་ནས་དགོས་པ་ལ་སོགས་པ་དེའི་ཡོན་ཏན་ལ་ཞིབ་ཏུ་ཡང་དཔྱད་པས་ན་ཕྱག་འཚལ་བ་ཡང་དགོས་པ་ལ་སོགས་པ་ལྟར་འཇུག་པ་ཡན་ལག་གི་སྔོན་དུ་བྱ་བའི་ཡན་ལག་ཡིན་
པས་ཉེས་པ་མེད་དོ། །རང་གི་བསྟན་བཅོས་ཞེས་བྱ་བ་ནི་རྒྱལ་བའི་ཡུམ་མངོན་པར་རྟོགས་པའི་རིམ་པ་སྟོན་པ་ཐམས་ཅད་ཀྱི་མན་ངག་གི་ཚིག་ལེའུར་བྱས་པ་འདི་སྟེ། རྩ་བའི་གཞུང་ལྟ་བུར་གྱུར་པའོ། །བརྗོད་པར་བྱ་བ་ནི་རྒྱལ་བའི་ཡུམ་གང་དག་མངོན་པར་རྟོགས་པའི་རིམ་པ་
སྟོན་པ་ཐམས་ཅད་དེ། འོག་ཉིད་ནས་རྒྱལ་བའི་ཡུམ་རྣམ་པ་གསུམ་ཅར་ཞེས་སྨོས་པ་ནི་ཉེ་བར་མཚོན་པའི་དོན་ཉིད་དོ། །དགོས་པ་ནི་ཚིག་ལེའུར་བྱས་པ་འདི་ལ་བརྟེན་ནས་རྒྱལ་བའི་ཡུམ་དེ་དག་གི་དོན་ལེགས་པར་རྟོགས་པའོ། །དགོས་པའི་ཡང་དགོས་པ་ནི་ཇི་ལྟར་རྟོགས་པ་
ལྟར་བསྒྲུབས་པས་ས་རབ་ཏུ་དགའ་བ་ལ་སོགས་པ་ཐོབ་པ་ནས་བརྩམས་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་བར་དུའོ། །འགྲེལ་པ་ཁོ་ན་ཡོད་པ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་ནི་རྗོད་པར་བྱེད་པ་སྟེ། ཤེས་པར་བྱེད་པ་ཉིད་ཡིན་ལ། རྒྱལ་བའི་ཡུམ་རྣམས་ནི་
เล่ม ๘๗ · หน้า 23b
བརྗོད་པར་བྱ་བ་འབྲས་བུ་ཤེས་པར་བྱ་བ་ཡིན་ཏེ། དེ་བས་ན་རྗོད་པ་དང་བརྗོད་པར་བྱ་བ་འདི་དག་ནི་རྒྱུ་དང་འབྲས་བུ་ཤེས་བྱ་དང་། ཤེས་པར་བྱེད་པས་ཆེད་དུ་མ་བྱས་ཀྱང་ཤུགས་ཉིད་ཀྱིས་རང་དབང་མེད་པར་འབྲེལ་པས་ན་ཁོང་ན་ཡོད་པ་སྟེ། དེས་ན་འབྲེལ་པ་ནི་ཐབས་
ཡིན་པར་ཡིད་ཆེས་པར་བྱེད་པའོ། །དེ་ལ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་བཤད་པ་གང་། །གཞན་གྱིས་མྱོང་བ་མ་ཡིན་ཏེ། །ཞེས་བྱ་བ་ནི་བརྗོད་པར་བྱ་སྟེ། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་གཞག་ནས། །བློ་དང་
ལྡན་པས་རྟོགས་འགྱུར་ཞེས། །ཞེས་བྱ་བ་རིམ་པ་གཞན་དུ་སྦྱར་བ་ནི་དགོས་པའི་དགོས་པ་སྟོན་པའོ། །བདེ་བླག་ཏུ་ནི་རྟོགས་འགྱུར་བ། །རྩོམ་པ་ཡི་ནི་དགོས་པ་ཡིན། །ཞེས་བྱ་བ་ནི་དགོས་པ་སྟེ། །དགོས་པའི་སྒྲ་ནི་འདིར་དགོས་པ་དང་དེའི་ཡང་དགོས་པ་གཉི་ག་ལ་བལྟ་
བར་བྱའོ། །འབྲེལ་པ་ནི་གང་དུ་ཡང་ཚིག་གིས་མི་སྟོན་ཏོ། །ད་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཚིགས་སུ་བཅད་པའི་དོན་དགྲོལ་བའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་བཤད་པ་འདི་ལས་ནི་དང་པོ་བརྗོད་པར་བྱ་བ་སྟོན་ཏོ། །དེ་
ནས་ནི་འབྲེལ་པ་སྟོན་ཏོ། །དེ་ནས་ནི་དགོས་པའི་དགོས་པ་སྟོན་ཏོ། །དེ་ནས་ནི་དགོས་པ་སྟོན་ཏོ། །དེ་ལ་ངག་དང་པོ་ནི་བདག་གིས་སྔར་བཤད་ཟིན་ཏེ་སྐབས་དང་པོ་ཉིད་དོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། །བདུད་བཅོམ་འཇིགས་མེད་སྐལ་བ་བཟང་པོ་དང་། །སྲིད་པར་འགྲོ་ལས་
འདས་དང་ཤེས་རབ་དང་། །འཁྲུལ་དང་བྲལ་ཞིང་ཡོན་ཏན་དཔག་མེད་སྣོད། །ཡོན་ཏན་འདི་དག་རབ་རྒྱས་བཅོམ་ལྡན་འདས། །ཞེས་ཇི་སྐད་དུ་བཤད་པའི་ཚུལ་གྱིས་བཅོམ་ལྡན་འདས་སོ། །ཆོ་འཕྲུལ་རྣམ་པ་གསུམ་གྱིས་ཞེས་བྱ་བ་ནི་རྫུ་འཕྲུལ་དང་། ཀུན་བརྗོད་པ་དང་། རྗེས་སུ་
བསྟན་པའི་ཆོ་འཕྲུལ་གྱིས་ཏེ། དེ་ཡང་དང་པོ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་བསྟན་པས་ཕ་རོལ་ཟིལ་གྱིས་གནོན་ཅིང་། དེ་ནས་ནི་གདུལ་བྱའི་སེམས་ཀྱི་རྒྱུ་བ་ལུང་བསྟན་པས་དེ་རབ་ཏུ་དད་པར་བྱེད་ལ། དེ་ནས་རྗེས་སུ་མཐུན་པའི་གདམས་ངག་སྦྱིན་པ་རྗེས་སུ་
เล่ม ๘๗ · หน้า 24a
བསྟན་པའི་ཆོ་འཕྲུལ་གྱིས་དོན་དངོས་སུ་བསྟན་པར་མཛད་པ་ནི། འགྲོ་བ་མཐའ་དག་ལ་རྗེས་སུ་བསྟན་པར་མཛད་པ་དེ་ཉིད་ཀྱིས་ཞེས་སྨོས་པའོ། །རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་བརྗོད་པར་བྱ་བ་ཉིད་དུ་བསྟན་པ་གང་ཡིན་པ་དང་ཞེས་བྱ་བ་ནི་
འདིར་ཚིག་ལེའུར་བྱས་པ་ནི་བརྒྱུད་དེ་བརྗོད་པར་བྱ་བ་འམ། དོན་གྱིས་བརྗོད་པར་བྱ་བ་ཡིན་ལ། མདོ་རྣམས་ཀྱི་ནི་དངོས་ཀྱིས་བརྗོད་པར་བྱ་སྟེ་སྒྲའི་བརྗོད་བྱ་ཡིན་ནོ། །ཚིག་ལེའུར་བྱས་པའི་བརྗོད་པར་བྱ་བ་དངོས་ཏེ་སྒྲའི་བརྗོད་པར་བྱ་བ་ནི་རྒྱལ་བའི་ཡུམ་གྱི་གཞུང་ཉིད་
ཡིན་ཏེ། ཇི་ལྟ་ཞེ་ན། ཚིག་ལེའུར་བྱས་པས་ནི་རྒྱལ་བའི་ཡུམ་གྱི་གཞུང་ཤེས་པར་འགྱུར་ལ། གཞུང་དེ་དག་ཤེས་པ་ལས་ནི་དོན་སངས་རྒྱས་ཉིད་ཀྱི་ལམ་འབྲས་བུ་དང་བཅས་པ་ཤེས་པར་འགྱུར་བས་སོ། །དེའི་ཕྱིར་འདིར་གཙོར་ནི་དོན་གྱི་བརྗོད་བྱ་བསྟན་ཏེ། སྒྲའི་བརྗོད་
བྱ་ནི་གོ་སླ་བས་སོ། །རྗོད་པ་དང་བརྗོད་པར་བྱ་བ་དག་ཐབས་དང་ཐབས་ཀྱིས་བསྒྲུབ་པར་བྱ་བའི་ཚུལ་གྱིས་འབྲེལ་པར་མཛད་པ་ཞེས་བྱ་བ་ནི་སྔར་བསྟན་པ་ཁོ་ནར་ཟད་དོ། །ཕྱི་རོལ་པ་དང་ཅིག་ཤོས་ཀྱི་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཆོས་ཐམས་ཅད་བདག་མེད་པར་གོམས་
པར་མ་བྱས་པ་རྣམས་ཀྱིས་མ་མྱངས་པ་དེ་ཞེས་བྱ་བ་ནི་དོན་གྱིས་བརྗོད་པར་བྱ་བ་དེའི་ཆེ་བ་བསྟན་པ་དེ། སྔར་ཁྱབ་པ་དང་དབང་ལ་སོགས་པ་མ་མྱོང་ཞེས་བྱ་བ་ལ་སོགས་པའི་ལུང་གིས་བསྟན་པ་ཉིད་དེ་གོ་སླའོ། །ད་ནི་དགོས་པའི་དགོས་པ་སྟོན་ཏེ། བྱང་ཆུབ་སེམས་དཔའ་ཞེས་
བྱ་བ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཐམས་ཅད་དེ། ཁྱད་པར་དུ་ནི་རིགས་ལ་གནས་པའི་ཕྱིར་མི་ལྡོག་པ་བཅུ་གསུམ་པོ་རྣམས་ཏེ། དེ་དག་ནི་ངེས་པར་འགྱུར་བའི་ཕྱིར་རོ། །ཐོས་པ་ལས་བྱུང་བ་ལ་སོགས་པ་ཤེས་པའི་རིམ་གྱིས་ཞེས་བྱ་བ་ནི་ཤེས་རབ་གསུམ་གྱི་རིམ་གྱིས་འཇུག་
པའོ། །དེ་ལྟ་ན་རྒྱལ་བའི་ཡུམ་འབད་པ་ཆུང་ངུས་ཅིག་ཅར་རྟོགས་པ་དགག་པའོ། །རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བསྒྲུབ་པ་ཅི་ལ་ཡང་མ་རིག་པར་ཆས་པ་དག་ཁོ་ནས་ཞེས་པ་ནི། སྔར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སྨོས་པའི་དོན་ཉིད་བསྟན་པའོ། །ཉམས་
เล่ม ๘๗ · หน้า 24b
སུ་མྱོང་བ་ཤིན་ཏུ་གསལ་བ་ཞེས་པ་ནི་ཤེས་རབ་རྣམ་པ་གསུམ་གྱིས་ཡུམ་གྱི་མིང་དང་དོན་སེམས་ལ་གསལ་པོར་བྱས་པའོ། །དེ་དག་གིས་གཞག་པའི་བག་ཆགས་ཞེས་པ་ནི་ཡང་དང་ཡང་གོམས་པའི་དབང་ལས་སེམས་དེའི་རྣམ་པར་འབྱུང་བ་བསྟན་པས་ལྷུན་གྱིས་གྲུབ་པ་
ཡིན་གྱི། ཏིལ་འབྲུ་ལ་སྣ་མའི་མེ་ཏོག་གི་དྲིས་གོས་པ་ལྟར་ནི་མི་བསམ་མོ། །དེ་ལྟར་གོམས་པའི་དབང་དེའི་མཐུ་ལས་བྱུང་བའི་སེམས་ལས་བྱུང་བར་གདགས་པ་འདྲིས་པའི་དངོས་པོ་མ་བརྗེད་པ་དེ་ཉིད་དྲན་པའི་ཤེས་པ་སྟེ། འདིར་དྲན་པ་དང་ལྡན་པའི་ཤེས་པ་ནི་དྲན་
པའི་ཤེས་པའོ། །དེའི་ཕྱིར་ཐམས་ཅད་དུ་སེམས་ཉིད་གཅིག་པུའི་མཐུའི་བྱེ་བྲག་ལས་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ཀྱི་དབང་གིས་བཞག་པ་ནི་སློབ་དཔོན་ཆོས་སྐྱོང་གི་ཞལ་སྔ་ནས་འདི་དག་གི་དེའི་གནས་སྐབས་ཙམ་ལ་བཞག་གི་དངོས་སུ་ག་ལ་ཡོད། ཅེས་
བཤད་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བསྒྲུབ་པར་ཅི་ལ་ཡང་རག་མ་ལས་པར་ཆས་པ་ཤེས་རབ་རྣམ་པ་གསུམ་གྱི་རིམ་གྱིས་ཉམས་སུ་མྱོང་བས་གསལ་པོར་བྱས་པའི་བག་ཆགས་ཀྱི་ངོ་བོ་དྲན་པའི་ཤེས་པ་རིང་དུ་ཡང་ཇི་ལྟར་
ཐོས་པ་ལ་སོགས་པ་མི་བརྗེད་པའི་ངང་དུ་གྱུར་པ་དེ་ལ་ལེགས་པར་བཞག་ནས་ཞེས་སྦྱར་ཏེ། ལེགས་པར་བཞག་པ་ནི་འདྲེས་པའི་དངོས་པོ་རབ་ཏུ་མ་བརྗེད་པས་ཚེ་རབས་གཞན་དུ་ཡང་རྗེས་སུ་འབྲང་བར་གསལ་བའི་ཕྱིར་རོ། །ཅི་ཞིག་དྲན་པའི་ཤེས་པ་ལ་ལེགས་པར་བཞག་
ནས་ཤེ་ན། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་ཞེས་སྨོས་པ་བསྟན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་མ་ལུས་པ་ཞེས་སྨོས་ཏེ། མདོ་དོན་ཞེས་པ་དང་སྦྱར་རོ། །མདོའི་དོན་དེ་ཡང་གླེང་གཞི་ལ་སོགས་པའི་གཞུང་མ་ལུས་པའི་དོན་ནམ། ཡང་ན་
སྙིང་པོའི་དོན་ཙམ་ཞིག་དྲན་པའི་ཤེས་པ་ལ་བཞག་ནས་སྙམ་པ་ལ། གཉི་གའི་གཙོ་བོ་མ་ཡིན་པའི་ཕྱིར་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་ཅེས་པ་སྨོས་ཏེ། འདི་ནི་དོན་གཙོ་བོར་གྱུར་པས་ན་དྲན་པའི་ཤེས་པ་ལ་བཞག་པར་བྱ་བ་སྟེ་སྙིང་པོའི་དོན་ཡང་དེའི་ནང་དུ་འདུས་
เล่ม ๘๗ · หน้า 25a
པའི་ཕྱིར་རོ། །གླེང་གཞི་ལ་སོགས་པ་གཞུང་མ་ལུས་པ་ནི་དྲན་པའི་ཤེས་པ་ལ་ངེས་པར་བཞག་པ་ཡང་མེད་དེ། ལུང་གི་ཆོས་ནི་རྟོགས་པའི་ཆོས་ཡིད་ལ་བྱེད་པ་ན་གཟིངས་དང་འདྲ་བའི་ཕྱིར་རོ། །རྣམ་པར་གཡེང་བའི་ངོ་བོས་དམན་པའི་ཕྱིར་རོ། །མངོན་
པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་དེའི་རང་བཞིན་བསྡུས་པ་ནི། ཆོས་སྤྱོད་བཅུའི་བདག་ཉིད་ཅེས་སྨོས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡིན་པས་ན་དེ་བསྟན་པ་ནི་བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་ལ་སོགས་པ་བསྒྲུབ་པའི་སྤྱོད་པ་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་སྨོས་པ་ནི་ལས་
དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་དུ་རྒྱུ་དང་འབྲས་བུའི་ངོ་བོས་བྱང་ཆུབ་ཀྱི་སེམས་དང་ནམ་ཡང་མི་འབྲལ་བས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དག་ལ་ཡང་དེ་དང་ལྡན་པར་བསྟན་པའི་ཕྱིར་སྨོས་ཏེ། སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་དེས་
བྱིན་གྱིས་མ་བརླབས་པར་གྱུར་ན་སྦྱིན་པ་ལ་སོགས་པ་ཡང་བསྒྲུབ་པའི་སྤྱོད་པར་མི་འགྱུར་བའི་ཕྱིར་དེ་གཙོ་བོར་སྨོས་སོ། །དེའི་ཕྱིར་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཞེས་བྱ་བ་ལས་བར་གྱི་ཚིག་མི་མངོན་པར་བྱས་པའོ། །སྦྱིན་པ་ལ་སོགས་པ་ཞེས་པ་ནི། སྦྱིན་དང་ཚུལ་
ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན། །ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཏེ། །འདི་དག་ཕ་རོལ་ཕྱིན་བཅུར་འདོད། །ཅེས་བཤད་པ་རྣམས་སོ། །དེ་དག་ཉིད་བསྒྲུབ་པའི་སྤྱོད་པ་སྟེ། ཐེག་པ་ཆེན་པོ་ལ་སྤྱོད་པ་གསུམ་ནི། དང་པོ་སྨོན་པ་བྱང་
ཆུབ་ཀྱི་སེམས་ནི་འཇུག་པའི་སྤྱོད་པའོ། །དེ་ནས་འཇུག་པ་བྱང་ཆུབ་ཀྱི་སེམས་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་བསྒྲུབ་པའི་སྤྱོད་པ་སྟེ་སྔར་ཇི་ལྟར་སྨོན་པ་བསྒྲུབ་པའམ། འབྲས་བུ་ལེགས་པར་བསྒྲུབས་པས་སོ། །དེ་ནས་སངས་རྒྱས་ཀྱིས་ནི་གྲུབ་པའི་སྤྱོད་པ་སྟེ། ཆོས་ཀྱི་སྐུའི་
ཕྲིན་ལས་རྣམས་སོ། །ཁ་ཅིག་ནི་འདིར་ཆོས་སྤྱོད་བཅུའི་བདག་ཉིད་ནི་འཕགས་པ་བྱམས་པ་ཉིད་ཀྱི་ཞལ་སྔ་ནས་གཞན་དུ། ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པའོ། །ཞེས་གསུངས་
เล่ม ๘๗ · หน้า 25b
པའོ་ཞེས་འཆད་པ་ནི་མི་འཐད་དེ། དེ་དག་ནི་སྦྱོར་བའི་ལམ་གྱིས་བསྒྲུབ་པའི་སྤྱོད་པ་ཙམ་གཙོར་གྱུར་པའི་ཕྱིར་ཐམས་ཅད་དུ་མཆོག་མ་ཡིན་པ་དང་། སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་འགྲེལ་པར་དེ་དག་གི་ཟུར་ཙམ་ཡང་མ་སྨོས་པའི་ཕྱིར་རོ། །དེ་བཞིན་དུ་ཁ་ཅིག་ཆོས་སྤྱོད་བཅུ་
ནི་རང་དང་གཞན་གྱི་དོན་གྱི་ལས་ཅན་དགེ་བ་བཅུའོ་ཞེས་འདོད་པ་ཡང་མི་འཐད་དེ། སློབ་དཔོན་གྱི་ཞལ་སྔ་ནས་འདིར་དེ་ཟུར་གྱིས་ཀྱང་མ་བསྟན་པས་སོ། །དེ་ལྟར་གྲུབ་པའི་སྤྱོད་པ་དེ་སྤྱད་པའི་འབྲས་བུ་ཅི་ཞེ་ན། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་མཚན་ཉིད་ས་རབ་ཏུ་དགའ་བ་
ལ་སོགས་པ་རྟོགས་པའི་རིམ་པས་ཞེས་པ་ལ་སོགས་པ་སྨོས་ཏེ། ཆོས་ནི་གཟུགས་ལ་སོགས་པ་ཇི་སྙེད་པ་ཆོས་ཅན་དུ་བསྡུ་བ་རྣམས་ཏེ། དེ་རྣམས་ཀྱི་དབྱིངས་ནི་རང་བཞིན་ནོ། །ཇི་ལྟར་མེའི་རང་བཞིན་ཚ་བ་ཉིད་དེ་ལ་མེའི་ཁམས་ཞེས་བརྗོད་པ་ན། མེ་དང་དེའི་ཁམས་
ཚ་བ་ཉིད་ནི་ཅུང་ཟད་ཀྱང་དབྱེ་བར་ཡང་མི་ནུས་ལ། ཐམས་ཅད་ནས་ཐམས་ཅད་དུ་གཅིག་པར་ཡང་མི་བརྗོད་དེ་འཛིན་པ་ཐ་དད་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་རྣམས་དང་དེའི་དབྱིངས་ཀྱང་དེ་ལྟར་བལྟའོ། །དོན་དེ་ཉིད་ལེགས་པར་མཐོང་བ་ན་ཆོས་ཐམས་ཅད་མཐའ་
ཡས་པ་ལྟར་དེའི་དབྱིངས་ཀྱང་དེ་དག་ལས་གཞན་དུ་མི་དམིགས་པས་ན། ཀུན་ཏུ་འགྲོ་བར་རྟོག་པའི་མཚན་ཉིད་ཅེས་སྨོས་སོ། །མཚན་ཉིད་དེའི་མཚན་གཞི་གང་ལ་གདགས་ཤེ་ན། ས་རབ་ཏུ་དགའ་བ་ཞེས་བྱ་བ་སྨོས་ཏེ། ས་དང་པོ་ལ་དེ་ལྟར་རྟོགས་པ་ཡིན་ལ། མཚན་
ཉིད་དེ་དང་ལྡན་པས་ན་རྗེས་ཀྱི་ཡེ་ཤེས་ལ་བདག་ཉིད་ཆོས་ཀྱི་དབྱིངས་མཐོང་བའོ་ཞེས་དགའ་བ་སྐྱེ་བས་ན་དེའི་མིང་དེ་སྐད་ཅེས་བྱ་སྟེ། བྱང་ཆུབ་ལ་ནི་ཉེ་བ་དང་། །སེམས་ཅན་དོན་གྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེའི་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་གསུངས་
པ་ནི་དོན་གཞན་གྱི་མིང་སྦྱར་བར་ཟད་དོ། །དེ་ལྟར་ཆོས་ཀྱི་དབྱིངས་རྟོགས་ན་ཅི་སྟེ་སངས་རྒྱས་ཉིད་དུ་མ་གྱུར་ཞེ་ན། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱ་བ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་མ་རྫོགས་པའི་ཕྱིར་རོ། །གཞན་དག་
เล่ม ๘๗ · หน้า 26a
ནི་དེ་དག་གི་ཆོས་ཀྱི་དབྱིངས་རྟོགས་པ་ནི་འཇིག་རྟེན་ལས་འདས་པར་བཞག་པའི་རྒྱུ་མཚན་དུ་གྱུར་པ་ཙམ་ཡིན་གྱི། དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ནའི་ཐུན་མོང་མ་ཡིན་པའི་གཟིགས་པ་ཡིན་ཏེ། དེ་ལྟར་
བྱས་ན་ངའི་དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་ཕྲ་ཞིང་བལྟ་དཀའ་ལ་ཟབ་པ་ཡང་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟ་བུ་མ་མཐོང་བ་ལས་མཐོང་བར་གྱུར་ཏོ། །ཞེས་གསུངས་པ་འདི་ཡང་ལེགས་པར་དྲངས་པར་འགྱུར་རོ་ཞེས་ཟེར་རོ། །སོགས་པའི་
སྒྲས་ནི་ས་གཉིས་པ་དྲི་མ་མེད་པ་ལ་སོགས་པ་བསྡུའོ། །དེ་དག་རྟོགས་པའི་རིམ་པས་ཞེས་བྱ་བ་ནི་ས་དེ་དག་གི་རིམ་པ་ནི་རང་གིས་རྟོགས་པ་ཙམ་གྱིས་གཞག་གི་རྣམ་པ་གཞན་དུ་ལྷའི་རིས་ལ་སོགས་པ་ལྟར་མཐོ་དམན་དག་མེད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་བ་ཞེས་བྱ་བ་དགོས་པའི་ཡང་དགོས་པ་ཞེས་བྱ་བ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་སྐབས་ཐ་མ་ལས་ཇི་སྐད་དུ་བསྟན་པ་དང་རྣམ་པ་དང་མཚན་ཉིད་དག་ལས་ཇི་ལྟར་བསྟན་པའི་བདག་ཉིད་དོ། །དེ་མངོན་སུམ་དུ་བྱེད་
པར་འགྱུར་བ་ནི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ལས་ཇི་སྐད་དུ་བསྟན་པའི་སྐད་ཅིག་མ་བཞིས་སོ། །དེས་མངོན་སུམ་དུ་བྱས་པ་དེ་ཉིད་དགོས་པའི་དགོས་པ་སྟེ། འབྲས་བུ་མཐར་ཕྱིན་ཅིང་ཕུལ་དུ་བྱུང་བ་དེ་ལས་འགའ་ཡང་མི་རྙེད་པའི་བདག་ཉིད་
ཅན་ནོ། །ད་ནི་དགོས་པ་དེ་གྲུབ་པའི་རྒྱུར་གྱུར་པས་སྔོན་དུ་འགྲོ་བའི་ཚིག་ལེའུར་བྱས་པའི་དགོས་པ་བསྟན་པའི་ཕྱིར། གདུལ་བྱ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་འགྱུར་བ་ནི་བསྟན་བཅོས་རྩོམ་པའི་དགོས་པ་ཡིན་ནོ། །ཞེས་བྱ་བར་སྦྱར་ཏེ་མན་ངག་བཟུང་བདེ་བ་འདི།
ལས་ནི་དོན་རྟོགས་པར་སླ་ལ། དེ་ཉིད་ཀྱིས་རྒྱལ་བའི་ཡུམ་རྣམས་ཀྱི་དོན་བདེ་བླག་ཏུ་འདིས་རྟོགས་པར་འགྱུར་བས་ན་ཐབས་སླ་བའི་དགོས་པ་ཉིད་ཡོད་དོ། །རྒྱལ་བའི་ཡུམ་གྱི་དོན་གང་ཞེ་ན་སྙམ་པ་ལ་བྱང་ཆུབ་ཀྱི་སེམས་དང་སྒྲུབ་པ་ལ་སོགས་པའི་མཚན་ཉིད་ཅེས་བྱ་བ་སྨོས་ཏེ།
เล่ม ๘๗ · หน้า 26b
བྱང་ཆུབ་ཀྱི་སེམས་ཀྱིས་ནི་སྤྱོད་པ་རྣམ་པ་གསུམ་ཅར་བསྡུས་ལ། སྒྲུབ་པ་ནི་སྒྲུབ་པའི་སྤྱོད་པ་ཉི་ཚེ་གཟུང་བ་སྟེ། དེས་ན་མཚན་ཉིད་འདི་གཉིས་ཀྱིས་ནི་མངོན་པར་རྟོགས་པའི་སྙིང་པོ་བསྡུས་སོ། །དེ་དག་ཉིད་ནི་རྟོགས་ཤིང་ཐོབ་པ་མངོན་པར་འདོད་པའི་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པའི་དོན་གང་ཡིན་པ་དེ་བསྟན་པ་ཡིན་ལ། དེ་ལ་ཡང་ཅིའི་ཕྱིར་མངོན་པར་འདོད་པ་སྐྱེད་ཅེས་རྟོག་པ་ལ་ནི། སྔར་ཇི་སྐད་དུ་བཤད་པའི་དགོས་པའི་ཡང་དགོས་པའི་ཆེད་དུ་དེ་རྟོགས་པ་དང་ཐོབ་པར་འདོད་ཅེས་སྦྱར་ཏེ་འདི་ནི་དོན་གྱི་གོ་རིམས་ལྟར་བཤད་པའོ། །
དེ་ལྟར་བསྟན་པ་ནི་སྔར། དགོས་པ་བསྡུས་པའི་དོན་བཅས་དང་། །ཞེས་བརྗོད་པ་ལས་དགོས་པ་ལ་སོགས་པ་བསྟན་པ་སྟེ། ད་ནི་བསྡུས་པའི་དོན་བསྟན་པ་དགྲོལ་བར་བཞེད་ནས། དེ་ལྟར་འབྲེལ་པ་ལ་སོགས་པ་བསྙད་ནས་གདུལ་བྱ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་བྱ་བའི་
ཕྱིར་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོར་བསྡུས་པ་དང་པོར་བསྟན་པས་ནི་དཀྱུས་ཀྱི་སར་བསྟན་པའི་རྟ་ཐོགས་པ་མེད་པར་རྒྱུག་པར་འགྱུར་བ་ལྟར་ཕྱིས་དོན་རྒྱས་པ་རྣམས་མི་འཁྲུགས་པར་འགྱུར་ཏེ། དེ་བས་ན་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཞེས་སྨོས་སོ། །བསྟན་
བཅོས་དོན་རྣམ་པར་ཕྱེ་བ་བྱས་པ་ཡང་མ་འཛིངས་པ་ཉིད་ཀྱིས་བཤད་པར་སླ་བ་ཞེས་བྱ་བ་ནི་འཆད་པ་པོ་རྣམས་ཀྱིས་ཀྱང་དང་པོ་བསྡུས་པའི་དོན་ཁོང་དུ་ཆུད་ན། སྐྱེས་བུ་རྟའི་ཁ་ལོ་བ་ཡང་དཀྱུས་ཀྱིས་སྔར་མཐོང་བས་སེམས་སྟོབས་ཆེ་བར་འགྱུར་ཞིང་རྟ་ཚར་གཅོད་པ་ནུས་
པར་འགྱུར་བ་ལྟ་བུའོ། །གཟིགས་ནས་ཞེས་བྱ་བ་ནི་ཚིག་གཉི་གའི་མཐར་སྦྱར་རོ། །མདོ་དང་ཞེས་བྱ་བ་ནི་འགྲེལ་པ་ལས། དེ་ལ་ཚིག་ལེའུར་བྱས་པ་དང་པོ་གཉིས་ཀྱིས་ནི་དངོས་པོ་བརྒྱད་བསྡུས་པའི་ཕྱིར་མདོར་བསྡུས་པ་ཡིན་ནོ་ཞེས་བཤད་པའོ། །རྒྱས་པར་ཞེས་པ་ནི་
འགྲེལ་པ་ལས་ཚིག་ལེའུར་བྱས་པ་ལྷག་མ་བཅུ་གསུམ་གྱིས་ནི་དེ་དག་ཉིད་ཀྱི་དོན་བསྡུས་ནས་རྒྱས་པར་བཤད་དེ་ཞེས་བསྟན་ཏོ། །ལུས་རྣམ་པར་གཞག་པ་ནི་སྤྱིར་བསྟན་པ་རྣམ་པར་གཞག་པ་སྟེ། ཇི་སྲིད་དུ་ཕྱེ་བ་རྣམས་ནི་ཡན་ལག་དང་ཉིང་ལག་དག་ལྟ་བུ་ཡིན་པའི་ཕྱིར་
เล่ม ๘๗ · หน้า 27a
རོ། །ལེགས་པར་བཤད་པ་ཡིན་ནོ་ཞེས་བྱ་བ་ནི་ཐབས་བཟང་པོ་སྦྱར་བ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་བསྡུས་པའི་དོན་རྒྱས་པར་རབ་ཏུ་བཤད་ན་ཟློས་བུའི་ཉེས་པས་གོས་ཀྱིས་དོགས་པས་དེ་མི་དགྲོལ་བའི་རྒྱུ་མཚན་བསྟན་པར་བསྡུས་པའི་དོན་གྱི་
ཚིག་ལེའུར་བྱས་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་བསྡུས་པའི་དོན་དང་ཚིག་གི་དོན་གྱི་བར་སྐབས་འདི་ཉིད་དུ་བརྗོད་པར་བྱ་བ་རབ་ཏུ་མང་པོ་ཞིག་ཡོད་པ་དེ་དག་བདག་གིས་བརྗོད་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་
མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ཚིག་ལེའུར་བྱས་པ་འདིས་རྒྱལ་བའི་ཡུམ་ཐམས་ཅད་ཀྱི་དོན་བསྡུས་པའོ་ཞེས་བསྟན་པར་བྱ་བ་ཡིན་པ་ལས། ཇི་ལྟར་བསྡུས་པའི་ཚུལ་ལ་སོགས་པ་ངེས་པར་བརྗོད་དགོས་པས། དེ་བརྗོད་པའི་ཕྱིར་འདི་དྲན་པར་བྱ་སྟེ། རེ་ཞིག་མདོ་
རྣམས་ཀྱི་དབང་དུ་བྱས་པ་དང་། མདོ་རྣམས་དང་ཚིག་ལེའུར་བྱས་པ་འབྲེལ་པའི་དབང་དུ་བྱས་ཏེ། གཞུང་རྒྱས་པར་བསྟན་པ་ནི་ཡན་ལག་གཅིག་ཉིད་དོ། །དོན་རྣམ་པར་ངེས་པ་ནི་ཡན་ལག་གཉིས་པ་ཉིད་དོ། །དེ་ལ་ཡན་ལག་དང་པོའི་དབང་དུ་བྱས་ཏེ། མདོའི་དོན་སྟོན་
པའི་སྐབས་སུ་དོན་གཅིག་སྟོན་པ་ལས་རྒྱས་པ་དང་། འབྲིང་དང་། མདོར་བསྡུས་པའི་གཞུང་རྣམ་པ་ལྔ་དང་། རབ་ཏུ་བསྡུས་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པའི་ཚིགས་སུ་བཅད་པ་ཞེས་བྱ་བ་དང་བཅས་པ་འབྱུང་ཞེ་ན། གདུལ་བྱ་ཁམས་དང་མོས་པ་སྣ་ཚོགས་
པ་རྣམས་གནས་པའི་དབང་ལས། ཐུབ་པ་ཆེན་པོས་ལུང་རྣམ་པ་དུ་མ་བསྟན་ཏེ། དེའི་དབང་གིས་དོན་གཅིག་སྒྲུབ་པའི་གཞུང་དུ་མ་བྱུང་བ་འདི་ལ་དོན་མེད་པའི་ཉེས་པ་མེད་དོ། །དེ་ལས་དེང་སང་ནི་རྒྱལ་བའི་ཡུམ་བར་མའི་ཉུང་ངུ་གཉིས་འདི་ལྟ་སྟེ། འཕགས་པ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ཞེས་བྱ་བ་དང་། སྟོང་ཕྲག་བཅུ་པ་ཞེས་བྱ་བ་ཡུལ་ཤར་ཕྱོགས་ན་ཡོངས་སུ་སྤྱོད་ཅིང་། ཡུལ་དབུས་ན་ནི་མདོར་བསྡུས་པའི་གཞུང་སྟོང་ཕྲག་བརྒྱ་པ་སྤྱོད་པས་སྟོན་པར་བྱེད་དོ། །འོ་ན་དེ་དག་གི་ཁྱད་པར་ཅི་ཞེ་ན། འདི་ནི་སློབ་དཔོན་གྱི་ཞལ་
เล่ม ๘๗ · หน้า 27b
སྔ་ནས། ལ་ལ་ལས་དོན་གཞན་ལས་ཚིག །གཞན་ལས་རྣམ་གྲངས་མིང་གིས་ཏེ། །མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང་། །དོན་བསྡུས་དེ་ཙམ་ཤེས་པར་བྱ། །དེ་ལ་བསྡུས་སོགས་རབ་དབྱེ་བའི། །ཁྱད་པར་ཡོད་པ་ཁོ་ནར་ཟད། །དེ་ལྟ་མིན་ན་ཐམས་
ཅད་ཀྱི། །རིམ་པ་ལེགས་པར་བསྡུས་མ་ཡིན། །ཞེས་འཆད་པར་འགྱུར་བ་སྟེ། ལ་ལ་ལས་ནི་དོན་ཞེས་བྱ་བ་ནི་རྒྱལ་བའི་ཡུམ་བསྡུས་པ་ལས་ནི་དོན་ཙམ་དུ་སྐབས་ཀྱི་དོན་སྟོན་གྱི་ཚིག་གིས་རྫོགས་པར་སྟོན་མི་ནུས་སོ། །གཞན་ལས་ཚིག་ཅེས་པ་ནི་ཡུམ་བར་མ་
ལས་ནི་སྐབས་ཀྱི་དོན་གང་ཡིན་པ་ཚིག་ཙམ་དུ་བསྟན་པར་གྱུར་ཀྱང་རྣམ་གྲངས་རྒྱས་པར་ནི་མ་ཡིན་ནོ། །གཞན་ལས་རྣམ་གྲངས་མིང་གིས་ཏེ། །ཞེས་བྱ་བ་ནི་རྒྱལ་བ་སྐྱེད་མ་རྒྱས་པ་ལས་ནི་དོན་ཐ་དད་པའི་རྣམ་གྲངས་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་
དུ་ཡང་དང་ཡང་དུ་སྨོས་པས་སྟོན་ཅིང་། མིང་གི་གདགས་པ་མི་འདྲ་བས་ཀྱང་དོན་གཅིག་ཉིད་རྒྱས་པར་སྟོན་ཏེ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་སོགས་པ་མང་དུ་སྨོས་པས་སོ། །དེ་ཉིད་ཀྱིས་ན། དེ་ལ་བསྡུས་
སོགས་རབ་དབྱེ་བའི། །ཁྱད་པར་ཡོད་པ་ཁོ་ནར་ཟད། །ཅེས་གསུངས་ཏེ། རྒྱལ་བའི་ཡུམ་རྣམས་ཀྱི་ཁྱད་པར་ནི་དེ་ཙམ་དུ་ཟད་ཅེས་པའི་དོན་ཏོ། །ཁ་ཅིག་ནི་རྒྱལ་བའི་ཡུམ་རྣམས་ཀྱི་ཁྱད་པར་ནི། དེ་ལ་བསྡུས་སོགས་རབ་དབྱེ་བའི། །ཁྱད་པར་ཡོད་པ་ཁོ་ནར་ཟད། །
ཅེས་བྱ་བས་བསྟན་ལ། ཁྱད་པར་དུ་བྱས་པའི་ཡུམ་རྣམ་པ་གསུམ་ལས་མངོན་པར་རྟོགས་པའི་དོན་བསྡུ་བ་ནི་དོན་ཙམ་གྱིས་བསྡུ་བ་དང་ཚིག་ཙམ་གྱིས་བསྡུ་བ་དང་། རྣམ་གྲངས་དང་མིང་ཙམ་གྱིས་བསྡུ་བ་ནི། ལ་ལ་ལས་དོན་གཞན་ལས་ཚིག །གཞན་ལས་རྣམ་གྲངས་
མིང་གིས་ཏེ། །ཞེས་བྱ་བས་སྟོན་ཏོ་ཞེས་ཟེར་རོ། །དེ་ལྟར་ཁྱད་པར་དུ་བྱས་པའི་རྒྱལ་བའི་ཡུམ་དེ་དག་ལས་ཡང་དང་ཡང་དུ་བསྟན་པས་ཟློས་བུར་གྱུར་པ་སྦྱོར་བའི་ལམ་ཉིད་ལན་བཅུ་གསུམ་དུ་བསྟན་པ་ལ་སོགས་པ་འདི་ཇི་ལྟར་འཐད། རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་
เล่ม ๘๗ · หน้า 28a
ནི་མངོན་པར་རྟོགས་པ་མཐའ་དག་བསྡུས་པ་ཡིན་ཞེས་བསྟན་པས་དེའི་སྐབས་འབའ་ཞིག་གིས་ཀྱང་ཅིས་ན་དོན་ཡོངས་སུ་རྫོགས་ཤེ་ན། ཟློས་བུ་དང་འདྲ་བར་བྱུང་བ་འདི་ནི་ཟློས་བུ་མ་ཡིན་པར་སྔར་སྐབས་ཀྱི་དོན་ངེས་པར་འབྱེད་པ་ན་ཡང་དོན་གྱིས་
བསྟན་ཟིན་ཏོ།། །།གཞན་ཡང་གདུལ་བྱ་རྒྱལ་བའི་ཡུམ་ཉན་པར་འདོད་པ་རྣམས་ཀྱང་ཁ་ཅིག་ནི་དང་པོ་ནས་ཐ་མའི་བར་དུ་འཁོད་དེ་འཕགས་པ་རབ་འབྱོར་ལ་སོགས་པའོ། །ཁ་ཅིག་མགོ་སྨོས་པས་གོ་བའམ། ཡོངས་སུ་རྫོགས་པར་ཉན་པའི་སྐལ་བ་མེད་
པས་སྐབས་དེ་དང་དེ་ཐོས་ནས་འཁོར་གྱི་དཀྱིལ་འཁོར་དེ་ནས་དོང་བ་སྟེ། དེ་ནས་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནས། རྒྱང་མི་རིང་བ་ཞིག་ནས་མི་སྣང་བར་གྱུར་ཏོ་ཞེས་སླར་སོང་བར་བསྟན་པ་ལྟ་བུའོ། །ཡང་ཁ་ཅིག་ནི་གཞུང་དང་པོ་ནས་མ་
ཐོས་ཀྱི་སྐབས་དེ་དང་དེ་དག་ཡོངས་སུ་རྫོགས་ནས་འཁོར་དེར་འདུས་པ་སྟེ། དཔེར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་ཡོངས་སུ་རྫོགས་པའི་ཚེ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་པོ་ཆེན་པོ་བཞིའི་རིས་ཇི་སྙེད་ཅིག་ཡོད་
པ་དེ་དག་ཐམས་ཅད་ཀྱང་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག་འཁོར་དེར་འདུས་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་སྐབས་དེ་དང་དེར་གློ་བུར་དུ་འདུས་པ་རྣམས་ལ་བསྟན་པས་དེ་དག་ལ་ཐུགས་བརྩེ་བའི་ཕྱིར་ཡང་སྔར་འདས་པའི་དོན་རྣམས་ཚིག་གཞན་གྱིས་
བསྟན་ཏེ། དེས་གདུལ་བར་བྱ་བ་མ་ཐོས་པ་རྣམས་ཀྱི་དོན་དུ་འགྱུར་བས་ན་ཟློས་བུ་ནི་མེད་དོ། །གཞན་ཡང་སྦྱོར་བའི་ལམ་ལྟ་བུ་དོན་གཅིག་ཉིད་ལ་ལན་དུ་མར་བསྟན་པ་ཡང་ཁ་ཅིག་ནི་དོན་གྱི་རང་བཞིན་ཉིད་སྟོན་པ་སྟེ། སྐབས་དང་པོ་ལས་སྦྱོར་བའི་ལམ་གྱི་དམིགས་
པ་དང་རྣམ་པའི་དབྱེ་བ་བསྟན་པ་ལྟ་བུའོ། །ཁ་ཅིག་ནི་དོན་དེ་ལས་ཐ་མི་དད་ཀྱང་ཚིག་གཞན་གྱིས་བསྟན་ཏེ། སྐབས་དང་པོ་དེ་ཉིད་དུ་ཡང་སེམས་བསྐྱེད་པ་དང་། རིགས་དང་། གོ་ཆའི་སྒྲུབ་པ་དག་གིས་སྦྱོར་བའི་ལམ་དེ་བསྟན་ཏོ། །ཁ་ཅིག་ནི་དོན་གྱི་རྣམ་གྲངས་སྔ་མ་
เล่ม ๘๗ · หน้า 28b
ལས་ཐ་དད་པས་དེ་བསྟན་ཏེ། ལམ་ཤེས་པའི་སྐབས་སུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྦྱོར་བའི་ལམ་སྔ་མ་ལས་དོན་གཞན་དུ་གྱུར་པ་བསྟན་པ་དང་། སྐབས་བཞི་པ་དང་ལྔ་པ་ལས་སྦྱོར་བའི་ལམ་གྱི་རྟགས་ལ་སོགས་པས་དོན་གཞན་དུ་གྱུར་པ་བསྟན་པ་ལྟ་བུའོ། །དེ་བས་ན།
ལ་ལ་ལས་དོན་གཞན་ལས་ཚིག །གཞན་ལས་རྣམ་གྲངས་མིང་གིས་ཏེ། །ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་ཡང་ཁ་ཅིག་གིས་ཟློས་བུ་ལྟ་བུ་སྤངས་ཏེ་དོན་གཅིག་ཏུ་བསྒྲུབ་པར་འཆད་པ་ཡང་ཡུམ་གྱི་དོན་བསྡུ་བའོ་ཞེས་བཤད་པ་ཡིན་ལ། སློབ་དཔོན་ཕྱོགས་ཀྱི་
གླང་པོའི་ཞལ་སྔ་ནས་ཀྱང་། ཤེས་རབ་ཕ་རོལ་ཕྱིན་ལ་བརྟེན། །མདོར་བསྡུས་དོན་ནི་འདི་དག་ཡིན། །སླར་ཡང་དོན་གཞན་ལ་བརྟེན་ནས། །དོན་དེ་ཉིད་ནི་འདས་པ་ཡིན། །ཞེས་བཤད་ཅིང་། སྨྲ་བའི་དམ་པ་ཁྱོད་ཀྱི་བཀའ། །རྣམ་གྲངས་དུ་མ་ཉིད་མཆིས་ཤིང་། །ཟློས་
བུ་ཡང་ནི་མ་མཆིས་ལ། །སྦྱོར་བའི་ལུགས་ཀྱང་རིགས་པ་ལགས། །ཞེས་བསྟོད་པ་བྱེད་པ་ལས་བརྗོད་པས་ན་ཟློས་བུའི་ཉེས་པ་ནི་ག་ལ་ཞིག་ཡིན། ཟློས་བུའི་སྐྱོན་མེད་དུ་ཟིན་ན་ཡང་འདིར་སྐབས་རེ་རེ་ཞིག་གིས་བྱང་ཆུབ་སེམས་དཔའི་དོན་རྣམས་སྟོན་པར་ནུས་པ་གློ་བུར་དུ་
འདུས་པའི་འཁོར་གྱི་དབང་དུ་བྱས་པ་ལྟར་ངེས་སམ། འོན་ཏེ་སྐབས་མ་ལུས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་སྟོན་པར་འགྱུར། གཞན་ཡང་གཞུང་འདི་དག་ལས་ནི་དོན་མཐུན་དུ་ཟིན་ཀྱང་མིང་སྦྱོར་བའི་ལམ་དང་མཐོང་བའི་ལམ་ལ་སོགས་པ་མི་གདགས་པར་
རྣམ་པ་གཞན་དུ་སྟོན་པའི་དགོས་པ་ནི་ཅི་ཞིག་འདི་ལ་གཟིགས། ཆོས་མངོན་པ་ལ་སོགས་པའི་མདོ་ཁ་ཅིག་ལས་བསྟན་པ་ནི་དང་པོ་མི་སྡུག་པ་བསྒོམ་པ་དང་། དབུགས་རྔུབ་པ་དང་། འབྱུང་བ་བགྲང་བའི་ཞི་གནས་ལ་བརྟེན་ཏེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་བྱང་ཆུབ་
ཀྱི་ཕྱོགས་ཀྱི་ཆོས་ལྷག་མཐོང་གི་བདག་ཉིད་བསྒོམ་མོ་ཞེས་བསྟན་ན་འདིར་རིམ་པ་དེ་ལྟར་མཛད་པའི་དགོས་པ་ཡང་ཇི་ལྟ་བུ་ཞིག་གཟིགས་ཤེ་ན། སྐབས་རེ་རེས་ཀྱང་བྱང་ཆུབ་སེམས་དཔའི་དོན་སྟོན་པར་ནུས་པའི་ཕྱིར་གློ་བུར་དུ་ལྷགས་པའི་འཁོར་གྱི་དབང་དུ་བྱས་པ་ཁོ་ན་ལྟར་ངེས་
เล่ม ๘๗ · หน้า 29a
པར་བརྗོད་ཅིང་སྐབས་མ་ལུས་པར་བྱང་ཆུབ་སེམས་དཔའི་དོན་བསྒྲུབ་པར་ནུས་པ་ནི་ཅི་ཞིག་སྨོས་སུ་ཡོད། གཞན་ཡང་སེམས་བསྐྱེད་པ་ལ་སོགས་པ་དག་རེ་རེས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་ཐམས་ཅད་སྟོན་པར་འགྱུར་བས་ན། སློབ་
དཔོན་གྱི་ཞལ་སྔ་ནས། དེ་ལྟར་ན་སེམས་བསྐྱེད་པ་དང་པོ་དང་ཐ་མའི་ལས་བསྟན་པའི་གོ་རིམས་བསྟན་པ་འདིས་ལྷག་མ་བར་གྱི་ཚིག་གི་དོན་རྣམས་ཀྱི་གོ་རིམས་ཀྱང་ཁོང་དུ་ཆུད་པར་བྱ་སྟེ། ཚིག་མངས་སུ་དོགས་ནས་བདག་གིས་མ་བྲིས་སོ་ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །འདིར་
དོན་ནི་ཚིག་གི་ཟུར་ཙམ་མམ་དོན་གྱི་དབང་ཡང་རུང་སྟེ། ངག་རེ་རེ་ལ་ཡང་སྐབས་བརྒྱད་ཅར་གྱི་དོན་རྫོགས་པར་སྦྱར་ཡང་ཟློས་བུར་ནི་མི་འགྱུར་རོ་ཞེས་དགོས་པའོ། །དེ་བས་ན་ངེས་པར་ཡང་ངག་རེ་རེ་ལ་དོན་མཐའ་དག་རྣམ་པར་གཞག་པར་བྱའོ་ཞེས་ལྷག་པར་སྟོན་པ་
ཡང་མེད་དོ། །ཁ་ཅིག་ན་རེ་སྐབས་དང་པོས་སྐབས་ཐམས་ཅད་བསྡུས་པའི་དབང་ལས་བྱ་བ་ཡོངས་སུ་རྫོགས་པར་འགྱུར་བ་ནི་མགོ་སྨོས་པས་གོ་བའི་དབང་དུ་བྱས་པའོ། །སྔར་བསྟན་པའི་རྗེས་སུ་འབྲངས་ཏེ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་སྐབས་ཐམས་ཅད་
བསྡུས་པས་དོན་ཡོངས་སུ་རྫོགས་པར་འགྱུར་བ་ནི་དབང་པོ་བར་མའི་དབང་དུ་བྱས་པའོ། །སྐབས་བརྒྱད་དུ་རྣམ་པར་ཕྱེ་བ་ནི་དབང་པོ་ཞན་པ་རྣམས་ཀྱི་དབང་དུ་བྱས་པ་སྟེ། སྐབས་གསུམ་པ་དང་། དྲུག་པ་དང་། བརྒྱད་དུ་བསྟན་པ་ནི་ཡང་དབང་པོའི་བྱེ་བྲག་སྟེ་གསུམ་ཅར་ལ་
ཡང་བསྡུས་པ་དང་འབྲིང་དང་རྒྱས་པ་ལ་དགའ་བའི་མོས་པ་ཐ་དད་པའི་དབང་ཙམ་དུ་བསྟན་པའོ་ཞེས་ཟེར་རོ། །གཞན་ཡང་འདི་ལས་མིང་གཞན་དུ་གདགས་པ་བྱས་པ་ལ་དགོས་པ་ཅི་ཞིག་གཟིགས་ཞེས་སྨྲས་པ་ནི། གལ་ཏེ་འོ་ན་དེ་ལྟ་ན་གཞུང་གཞན་དུ་རྒྱལ་བའི་ཡུམ་འདི་
དག་ལས་བསྟན་པ་ལྟར་ཅིའི་ཕྱིར་མི་བསྟན་ཞེས་འདྲི་ན་དེ་ལ་ཡང་ཇི་སྐད་དུ་སྨྲ་བར་བྱེད། དེ་བས་ན་འདི་ནི་དོན་དང་མིང་དང་ཚིག་རྣམས་ལུགས་གཞན་ཁོ་ན་ཡིན་པར་ཤེས་པར་བྱ་སྟེ། དེ་བས་ན་སློབ་དཔོན་གྱི་ཞལ་སྔ་ནས་མདོར་བསྡུས་ཏེ་རྣམ་པར་དགྲོལ་བ་ཙམ་དུ་བརྗོད་པར་
เล่ม ๘๗ · หน้า 29b
འདོད་པས་མ་སྤྲོས་ཏེ། དེ་བས་ན་འདི་ལྟར་འདི་ནི་ལུགས་གཞན་ཁོ་ན་ཡིན་པས་གང་དུ་ཡང་ཐེག་པ་གཞན་ལ་བརྟེན་ནས་སུན་དབྱུང་བ་བརྗོད་པར་མི་བྱའོ་ཞེས་འཆད་པར་མཛད་པ་ཡང་དོན་འདི་ཉིད་ཐུགས་ལ་བཞག་ནས་གསུང་བར་མཛད་དོ། །དེ་བས་ན་ཚིག་ལེའུར་བྱས་པ་རྣམ་
པར་བཤད་པ་དང་བཅས་པ་ལས་མཐོང་བའི་ལམ་ལ་སོགས་པ་ཞར་ལ་གདགས་པར་མཛད་པ་ནི་གདུལ་བྱ་བློ་བུལ་ལ་རབ་ཏུ་མ་སྦྱངས་པ་དག་ལ་ཡུལ་གཞན་གྱི་སྐད་ཡུལ་གཞན་པ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའི་མཐུས་དངོས་པོ་ལ་བརྟེན་ནས་བསླབ་པ་དང་འདྲ་
བར་བསྟན་གྱི། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །ཞེས་བྱ་བ་ལ་སོགས་པས་སྣོད་དུ་གྱུར་པའི་ཕྱིར་མི་ལྡོག་པ་རྣམས་ལ་ཇི་སྐད་དུ་གདགས་པ་མཛད་པ་ཁོ་ནས་དོན་ཡོངས་སུ་རྫོགས་པར་འགྱུར་བ་ཁོ་ནས་འདི་ལ་ནི་ལོག་པར་ཐ་སྙད་མཛད་པ་ཅི་ཡང་མེད་ཀྱི་སོ་སོ་རང་གི་
ཁོང་དུ་མ་ཆུད་པར་ཟད་དོ། །གཞན་ཡང་མི་སྡུག་པ་བསྒོམ་པ་ལ་སོགས་པ་འཇུག་པའི་རྣམ་པ་མི་འདྲ་བ་འདིར་བསྟན་པ་ཡང་འཇུག་པ་པོ་རྣམས་ནི་ཁམས་སྣ་ཚོགས་དང་། མོས་པ་སྣ་ཚོགས་སུ་རྣམ་པར་གནས་པའི་ཕྱིར་གཅིག་ཇི་ལྟར་འཇུག་པ་དེ་ཁོ་ན་ལྟར་ཐམས་ཅད་ཀྱང་འཇུག་
པར་ངེས་པའོ་ཞེས་ནི་ཅིས་བཞག་པར་ནུས། དེའི་ཕྱིར་མི་སྡུག་པ་བསྒོམ་པ་དང་། དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་དག་ནི་ཆོས་མངོན་པའི་མདོ་ལ་སོགས་པར་སྦྱོར་བའི་ལམ་ཡོངས་སུ་སྦྱོང་བའི་དང་པོར་བསྟན་ལ། འདིར་ནི་སེམས་བསྐྱེད་པའི་སྐབས་སུ་སེམས་
བསྐྱེད་པ་གསུམ་པ་ལྷག་པའི་བསམ་པས་བསྡུས་པ། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའི་སྐབས་སུ་འདི་ལྟ་སྟེ། ཚོགས་ཀྱི་ལམ་དེ་ཡོངས་སུ་སྦྱོང་བའི་མཐའ་ལ་བསྟན་ཅིང་། དེ་བཞིན་དུ་ཡང་ཐམས་ཅད་དུ་གཏོགས་པ་དམིགས་པའི་ཁོངས་སུ་གཏོགས་པར་མཛད་ཀྱི་
གཅིག་ཁོ་ནར་ཚོགས་ཀྱི་ལམ་གྱི་དང་པོ་འབའ་ཞིག་ཏུ་ངེས་པ་མེད་ལ། ཆོས་མངོན་པའི་མདོ་ལ་སོགས་པར་ཇི་སྐད་དུ་བསྟན་པ་ལྟར་འདིར་ངེས་པར་བཀག་པ་ཡང་ཅི་ཞིག་ཡོད་དེ། དམིགས་པ་ཐམས་ཅད་དུ་གཏོགས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ལ་ཡང་ཅི་རིགས་
เล่ม ๘๗ · หน้า 30a
སུ་སྦྱར་རོ། །གལ་ཏེ་འདི་ནི་ཤིན་ཏུ་རྒྱས་པའི་སྡེའོ་ཞེས་བསྟན་པ་མ་ཡིན་ནམ། དེ་ལྟར་ན་མདོ་གང་དག་ལས་རབ་ཏུ་གསལ་བར་བསྟན་པ་ཤིན་ཏུ་འདུས་པ་ཆོས་ལྔས་སངས་རྒྱས་ཀྱི་ས་བསྡུས་ཏེ་མེ་ལོང་ལྟ་བུ་དང་ཞེས་བྱ་བ་ལ་སོགས་པ་བསྟན་པ་དང་།
བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་བཅུ་བསྟན་པ་དང་། བདུད་ཀྱི་ལས་ཡང་དག་ཕུལ་ཉི་ཤུ་ལ་སོགས་པ་བསྟན་པ་དེ་དག་འདིར་ཅིའི་ཕྱིར་མ་བསྟན་ཞེ་ན། གལ་ཏེ་དོན་དེ་དག་འདིར་ཚིག་ཏུ་མ་སྨོས་པ་ཅིའི་ཕྱིར་ཞེས་འདྲི་ན་ནི་ཁོ་བོས་ཀྱང་སླར་འདྲི་སྟེ་དེ་དག་ཏུ་ཡང་རྒྱལ་
བའི་ཡུམ་འདིའི་ཚིག་སེམས་བསྐྱེད་པ་ལ་སོགས་པ་ཅིའི་ཕྱིར་སྨོས་པ་མ་མཛད། གལ་ཏེ་དོན་གྱི་དབང་དུ་བྱས་ཏེའོ་ཞེ་ན། དེའི་ཚེ་ནི་ཁ་ཅིག་ནི་རྒྱུས་བསྡུས་པ་དང་། ཁ་ཅིག་ནི་འབྲས་བུས་བསྡུས་པ་དང་། ཁ་ཅིག་ནི་གྲོགས་ཀྱིས་བསྡུས་པ་དང་། ཁ་ཅིག་ནི་རྣམ་
གྲངས་ཀྱིས་བསྡུས་པ་དང་། ཁ་ཅིག་ནི་ཆེད་དུ་མ་བརྩལ་བ་ཡང་ཤུགས་ཀྱིས་འདུ་བའི་ཕྱིར་རྩོད་པ་དེའི་གནས་མེད་ལ་གཞུང་རྣམས་ཕན་ཚུན་ལྟོས་པ་དང་བཅས་པས་ལྕགས་སྒྲོག་གིས་འཆིང་བ་ལྟ་བུ་ཡིན་པས་ན་འདི་ལས་མ་བསྟན་པ་རྣམས་ནི་དེ་དང་དེ་ཉིད་ལ་གཟུང་
བར་དགོངས་ཏེ། མ་བསྟན་པས་ཀྱང་ཉེས་པ་མེད་ལ། རྣམ་པ་གཞན་ཡང་གདུལ་བྱ་རྣམས་ཁམས་དང་མོས་པ་སྣ་ཚོགས་པའི་ཕྱིར་རོ་ཞེས་སྔར་ནན་ཏན་དུ་སྨོས་པར་ཟད་དོ། །དེ་ལྟར་ཇི་སྐད་དུ་བསྟན་པའི་རིམ་པས་ལེགས་པར་སྨྲས་པ་ནི་དགེ་མོད་ཀྱི། རྣམ་
པར་རྟོག་པ་གཞན་ཉེ་བར་གནས་ཏེ། སྦྱོར་བའི་ལམ་ལ་སོགས་པ་རྣམ་པ་རེ་རེ་ཡང་ལན་དུ་མར་བསྟན་པ་དེ་དག་བར་དུ་རྣམ་པ་གཞན་གྱིས་ཡོངས་སུ་མ་བཅད་པ་འདི་མི་བསྟན་པར་འདིའི་དགོས་པ་ཅི་ཞེ་ན། འདི་ནི་སྔར་སྐྱེ་བོ་མ་ཐོས་པ་རྣམས་ཀྱི་ཕྱིར་བར་བར་དུ་ཡོངས་སུ་
བསྟན་པར་ཟད་ཅེས་བྱ་བ་དང་། སྔར་འཇིག་རྟེན་པའི་ལམ་ནས་འཇིག་རྟེན་ལས་འདས་པའི་ལམ་གྱི་བར་དུ་རིམ་གྱིས་འཇུག་པ་དང་། དེ་ལྟར་ཞུགས་ཏེ་བསྒོམ་པའི་ལམ་ལ་ནི་སྔར་ཇི་ལྟར་ཞུགས་པ་ཁོ་ན་ལ་རབ་ཏུ་ཞེན་པར་རྣལ་འབྱོར་དུ་བྱེད་དོ་ཞེས་བསྟན་པ་དང་། སྐབས་རེ་
เล่ม ๘๗ · หน้า 30b
རེའམ་ངག་རེ་རེ་ལ་ཡང་དོན་ཐམས་ཅད་རྫོགས་པར་བསྟན་པས་ཞི་གནས་ལས་མི་ཉམས་པར་བྱ་བའི་ཕྱིར་ཏེ། གཞུང་གང་དག་ལས་ཞི་གནས་ཀྱི་ཡོན་ཏན་བསྟན་པའི་དབང་དུ་བྱས་ཏེ། བསྟན་པའི་ཆོས་ཐམས་ཅད་བྱེ་བྲག་མེད་པར་རོ་གཅིག་པར་ལྷག་པར་མོས་ཏེ་མཉམ་
པར་འཇོག་ཅིང་ཕུང་པོ་ལ་སོགས་པ་དོན་གྱི་རྣམ་པ་ཐ་དད་པའི་འདུ་ཤེས་དང་བྲལ་བས་མདོ་ལ་སོགས་པའི་ཆོས་ཀྱི་དགའ་བ་ལ་ཆོས་ཀྱི་དགའ་བ་འཐོབ་པོ་ཞེས་བསྟན་ལ། འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས་ཀྱང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་མདོ་རྣམས་
བསྟན་ཀྱང་། མདོ་གཅིག་གི་རང་བཞིན་གཅིག་ཏུ་ཐམས་ཅད་གནས་པར་བསྟན་པ་ཡང་དོན་གྱི་དབང་འདི་ཉིད་ལ་དགོངས་པར་ཟད་དོ། །དེའི་ཕྱིར་རིམ་པ་འཁྲུགས་པར་བསྟན་པ་ནི་འཁྲུགས་པ་ཡང་ཡིན་པས་ཕྱོགས་གཅིག་ཏུ་བྱ་ལ་ཡང་ན་ཇི་ལྟར་བསྟན་པ་ལྟར་ཉིད་ངེས་
པར་གཟུང་གི་འདི་ལ་གོ་རིམས་བཞིན་བསྟན་པ་འདི་ནི་ཅི་ཡང་མེད་དོ་ཞེས་ཤེས་པར་བྱའོ། །ད་ནི་ཚིག་ལེའུར་བྱས་པ་དང་འབྲེལ་པའི་གཞུང་གི་དོན་གཞན་བསྟན་པར་བྱ་སྟེ། འཕགས་པ་མི་ཕམ་པའི་ཞལ་སྔ་ནས་ཚིག་ལེའུར་བྱས་པ་འདིས་ཅིའི་ཕྱིར་གླེང་གཞི་ལེའུར་མ་
བསྡུས། དེ་བཞིན་དུ་རྗེ་བཙུན་ཉིད་ཀྱིས་ཞུས་པའི་ལེའུ་ལ་སོགས་པ་ཡང་མ་བསྡུས་ཤེ་ན། དང་པོར་གླེང་གཞིའི་ལེའུ་ནི་རྒྱལ་བའི་ཡུམ་འདི་ཇི་ལྟར་བྱུང་བར་གྱུར་པའི་འཁོར་འདུས་པ་ལ་སོགས་པ་བསྟན་པ་ཡིན་པས་རབ་ཏུ་རྟོགས་པར་སླ་ཞིང་། གདུལ་བྱ་རྣམས་ཀྱི་
རང་རང་གིས་རྟོགས་པར་ནུས་བཞིན་དུ་ཡང་བསྟན་པ་ནི་ཇི་སྐད་དུ་བཤད་པའི་དགོས་པ་ལ་སོགས་པ་དང་མི་ལྡན་པས་བློ་དང་ལྡན་པ་དག་འབད་པའི་གནས་མ་ཡིན་ནོ། །དེའི་འོག་ཏུ་སེམས་བསྐྱེད་པའི་ལེའུ་ལ་སོགས་པའི་ལེའུ་གྲངས་ལྷག་མ་ཆོས་ཉིད་འགྱུར་བ་མེད་པའི་མཐར་
ཐུག་པ་ནི་རབ་ཏུ་རྟོགས་པར་དཀའ་བས་ན་ཐོག་མར་བཤད་པའི་དགོངས་པས་ཚིག་ལེའུར་བྱས་པ་དང་སྦྱར་བ་བསྟན་ཏེ། དེ་ནས་བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ནི་མཚན་ཉིད་གསུམ་གྱི་དབྱེ་བས་ནི་དོན་དམ་པའི་བདེན་པ་ཡོངས་སུ་གྲུབ་པའི་མཚན་ཉིད་སྙིང་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด