ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཛོད་ཀྱི་ལྡེ་མིག་ཅེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) པྲཛྙཱ་པཱ་ར་མི་ཏཱ་ཀོ་ཥ་ཏ་ལ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๙๐ · หน้า 228a
༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་ཀོ་ཥ་ཏ་ལ་ནཱ་མ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཛོད་ཀྱི་ལྡེ་མིག་
ཅེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཡུམ་ལ་ཕྱག་འཚལ་ནས། །བླ་མའི་ཞལ་གྱི་གདམས་པ་ནི། །བདག་ཉིད་དྲན་ཉམས་འཇིགས་སྤང་ཕྱིར། །ལུང་བཞིན་དུ་ནི་དགོད་པར་བྱ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དོན་བཞི་སྟེ། སྤྱིར་རྣམ་པར་གཞག་
པ་དགོད་པ་དང་བཅས་པ་བསྟན་པ་དང་། བརྗོད་པར་བྱ་བའི་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང་། མཚོན་པར་བྱེད་པའི་དཔེ་བརྒྱ་རྩ་བརྒྱད་བསྟན་པ་དང་། རྗོད་བྱེད་ཚིགས་སུ་བཅད་པ་སུམ་བརྒྱ་ཕུལ་གདབ་པའོ། །དེ་ལས་དང་པོ་ཡོན་ཏན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་
སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ཆོས་ཐམས་ཅད་ཀྱི་མཆོག །འཕགས་པའི་གང་ཟག་ཐམས་ཅད་ཀྱི་གཤེགས་ཤུལ། བདེ་སྐྱིད་ཐམས་ཅད་འབྱུང་བའི་མཛོད། དུག་ཐམས་ཅད་ཞི་བར་བྱེད་པའི་སྨན། བདུད་དང་མུ་སྟེགས་ལ་སོགས་པ་ཐམས་ཅད་ཟློག་པར་བྱེད་པའི་དཀའ་ཟློག་
เล่ม ๙๐ · หน้า 228b
ཆེན་པོ། མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པའི་ཤེས་རབ་ཀྱི་ཉི་མ། ཡོན་ཏན་བརྗོད་ཀྱིས་མི་ལང་བ་འདི་ལ་ཆོས་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཅིར་ཡང་མ་གྲུབ་ཀྱང་། གཟུགས་སྐུ་སྣང་བ་དག་པ་ལ་ཅིར་ཡང་ཤར་བས་མངོན་པར་རྟོགས་པའི་སྣང་བའོ། །
མངོན་རྟོགས་ལ་བརྒྱད་ལས་རྣམ་པ་ཐམས་ཅད་མཁྱེན་པ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔེའི་སྒོ་ནས་བསྟན། ལམ་ཤེས་ཁྲུས་མཁན་དྲི་མ་དག་པར་བྱེད་པའི་དཔེའི་སྒོ་ནས་བསྟན། གཞི་ཤེས་ཞིང་པ་སོ་ནམ་བྱེད་པའི་དཔེའི་སྒོ་ནས་བསྟན། རྣམ་ཀུན་མངོན་རྫོགས་དེད་དཔོན་ནོར་བུ་རིན་
པོ་ཆེ་འདོན་པའི་དཔེའི་སྒོ་ནས་བསྟན། རྩེ་མོ་མངོན་རྟོགས་སྨན་པ་མཁས་པ་ནད་པ་གསོ་བའི་དཔེའི་སྒོ་ནས་བསྟན། མཐར་གྱིས་པ་མ་མཛངས་མས་བུ་ཆུང་གསོ་བའི་དཔེའི་སྒོ་ནས་བསྟན། སྐད་ཅིག་མའི་མངོན་པར་རྟོགས་པ་ཟོ་ཆུན་རྒྱུད་མོའི་དཔེའི་སྒོ་ནས་བསྟན། ཆོས་སྐུ་མཛད་པ་དང་
བཅས་པ་ནི་ནམ་མཁའི་ཆར་སྤྲིན་གྱི་དཔེའི་སྒོ་ནས་བསྟན་ཏོ། །དོན་དམ་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་མཚོན་དུ་མེད་པ་ནམ་མཁའི་དཔེས་བསྟན། ཀུན་རྫོབ་ཀྱི་སྣང་བ་འཁྲུལ་པའི་དཔེ་བརྒྱད་ཀྱིས་བསྟན། གྲངས་ལ་ངེས་པ་མེད་པ་སྐྱེས་བུའི་ཚེ་ཚད་ཀྱི་དཔེས་བསྟན། གོ་རིམས་ལ་ངེས་པ་
མེད་པ་ཉི་མའི་དཀྱིལ་འཁོར་གྱི་དཔེས་བསྟན། ངོ་བོ་ལ་ངེས་པ་མེད་པ་སྤྲུལ་པའི་མི་ལུས་ཀྱི་དཔེས་བསྟན། ཆོས་ཐམས་ཅད་ཚུལ་གཅིག་ཏུ་སྟོན་པ་ཤིང་རྣམས་ཀྱི་གྲིབ་མའི་དཔེས་བསྟན། ཟློས་པ་ཡོད་ཀྱང་སྐྱོན་མེད་པ་ཐ་ག་པས་ཐག་འཐགས་པའི་དཔེས་བསྟན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱིའི་རྣམ་པར་གཞག་པ་
དགོས་པ་དང་བཅས་པ་འབྱེད་པའི་ལྡེ་མིག་སྟེ་དང་པོའོ།། །།བརྗོད་པར་བྱ་བའི་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐབས་བརྒྱད་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཆོས་བཅུའི་བདག་ཉིད་ནི་བྱང་ཆུབ་ཀྱི་སེམས་ལྟ་སྤྱོད་གཉིས་ཀྱིས་ཉམས་སུ་ལེན་པའོ། །དེ་ལ་སེམས་བསྐྱེད་
ནི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་བསམ་པ། ཆེད་ནི་བྱང་ཆུབ་ཀྱི་སེམས་ཀྱི་འཇུག་པ། ངེས་པར་འབྱུང་བ་ནི་བྱང་ཆུབ་ཀྱི་སེམས་མཐར་ཐུག་པ་སྟེ་བསམས་པ་བཞིན་མཐར་ཕྱིན་པའོ། །ལྟ་བ་ནི་ཆོས་ཐམས་ཅད་རང་བཞིན་མེད་པའོ། །དེ་བསྟན་པའི་ཆ་ནས་ནི་གདམས་ངག་གོ །རང་བཞིན་མེད་པ་
เล่ม ๙๐ · หน้า 229a
དེ་བློས་རྟོགས་པའི་ཆ་ནས་ནི་ངེས་འབྱེད། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔར་ཡང་མི་དམིགས་པར་རྟོགས་པས་རིགས་ཅན་གྱི་རྟེན་གང་ཟག་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་དགེ་མི་དགེ་ལ་སོགས་པ་དམིགས་པ་བཅུ་གཅིག །དེ་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་པས་མི་དམིགས་པར་རྟོགས་པས་དམིགས་པའོ། །སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་བགོས་པ་ནི་གོ་ཆ། སྦྱིན་པ་ལ་སོགས་པ་བྱང་ཆུབ་ཀྱི་ལམ་དུ་འགྲོ་བ་ནི་འཇུག་པ། དྲུག་པོ་དེ་ཚོགས་སུ་འགྲོ་བ་ནི་ཚོགས་ཏེ། བཅུ་པོ་དེ་གསུམ་དུ་བསྡུས་ཏེ་བྱང་ཆུབ་ཀྱི་སེམས་སུ་བསྡུས་པའོ། །
ལམ་ཤེས་ལ་ཆོས་བཞི་སྟེ། མཉམ་གཞག །རྗེས་ཐོབ། ཕན་ཡོན། རྟེན་གྱི་གང་ཟག་གོ། །མཉམ་གཞག་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་དེས་གང་ལ་ཡང་མི་གནས་པ། གང་ལ་ཡང་མི་སློབ་པ། གང་ཡང་བཙལ་ན་མི་རྙེད་པ། གང་ཡང་མི་སྒྲུབ་པ། རང་བཞིན་གྱིས་རྣམ་པར་དག་
པའོ། །རྗེས་ཐོབ་ནི་རང་ཡང་ཡུམ་ལ་མོས་པ་བྱེད། གཞན་ཡང་བྱེད་དུ་འཇུག །བྱེད་པ་ལ་རྗེས་སུ་ཡི་རང་། བྱས་པའི་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའོ། །ཕན་ཡོན་ནི་མཚན་ཉིད་ཡོངས་སུ་ཤེས་པའི་ཕན་ཡོན་དང་། རྒྱུད་ལ་ཉམས་སུ་བླངས་པའི་ཕན་ཡོན་དང་གཉིས་སོ། །རྟེན་གྱི་གང་ཟག་ནི་
ལམ་རྣམ་པར་དག་པ་སྐྱེ་བ་དང་མི་སྐྱེ་བའོ། །དེ་ཡང་ལམ་ཤེས་ཀྱི་ཆོས་བཅུ་གཅིག་རྟེན་གྱི་གང་ཟག་གཅིག་གིས་མཉམ་གཞག་རྗེས་ཐོབ་གཉིས་ཀྱིས་ཉམས་སུ་བླངས་པས་ཕན་ཡོན་འབྱུང་བའོ། །གཞི་ཤེས་ལ་གཉིས་ཏེ། འཁྲུལ་པའི་གཞི་འཁོར་འདས་གཉིས། འཁོར་བ་སྤངས་ནས་མྱ་ངན་ལས་འདས་པ་ཐོབ་པར་
བྱེད་པའི་ཐབས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལྟ་བསྒོམ་སྤྱོད་པ་རྒྱུད་ལ་བརྟེན་པས་སྤང་བྱ་ཉོན་མོངས་པ་ལ་སོགས་པ་འགག་པ་འཁོར་བ་སྤོང་བར་འདོད་པའོ། །བྱང་ཆུབ་སེམས་དཔའི་གཞི་ཤེས་འཁོར་བ་རང་བཞིན་མེད་པར་ཤེས་པས་མཐའ་གཉིས་གང་ལ་ཡང་མི་གནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
མཚན་མར་མི་འཛིན། ལྟ་བ་སྤྱོད་པ་འབྲས་བུ་གསུམ་མཚན་མར་མི་འཛིན་ཆོས་ཐམས་ཅད་རང་བཞིན་མེད་པས་གཟུགས་དང་གཟུགས་ཀྱི་རྒྱུད་གང་ལ་ཡང་མི་སྦྱོར། རྣམ་པ་གང་གིས་ཀྱང་རློམ་སེམས་སུ་མི་བྱེད་པའོ། །གཞི་ཤེས་ཀྱི་ཆོས་དགུ་འཁོར་བ་རང་བཞིན་མེད་པར་ཤེས་པས་བདག་ཉིད་དེར་མི་ཞེན་པར་སེམས་
เล่ม ๙๐ · หน้า 229b
ཅན་ལ་འཆི་འཕོ་ལ་སོགས་པ་བསྟན་པའོ། །རྣམ་ཀུན་མངོན་རྫོགས་ནི་ཟབ་པ་དང་རྒྱ་ཆེ་བ་གཉིས་སོ། །ཟབ་པ་ནི་ཕུང་པོ་དང་ཁམས་ལ་སོགས་པ་གང་ལ་ཡང་མི་བརྩོན། །སྦྱོར་བས་ཆོས་སྐུ་སྲིད་པ་དང་ཞི་བ་མཉམ་པ་ཉིད་དོ། །རྣམ་པ་རྒྱ་ཆེ་བ་ནི་སྦྱོར་བ་ལ་ཕན་ཡོན་གྱི་རྣམ་པ་དང་། སྐྱོན་གྱི་རྣམ་པ་དང་། སྦྱོར་བའི་མཚན་
ཉིད་ཀྱི་རྣམ་པ་དང་། སྦྱོར་བ་ཉམས་སུ་ལེན་པར་བྱེད་པའི་ཐབས་ཐ་དད་པ་ལ་སོགས་པའི་དབང་པོ་ལྔས་ཐར་པའི་ཆ་མཐུན་གྱི་རྣམ་པ་དང་། སྡིག་པ་སྤང་ཞིང་དགེ་བ་སྒྲུབ་པ་ངེས་པར་འབྱེད་པའི་རྣམ་པ་དང་། སྦྱོར་བ་མཐར་ཕྱིན་མ་ཕྱིན་རྟགས་ཀྱི་རྣམ་པ་དང་། སྦྱོར་བའི་ཕན་ཡོན་ཞིང་དག་པ་ཐབས་ལ་མཁས་པའི་རྣམ་པའོ། །
རྣམ་ཀུན་མངོན་རྫོགས་ཀྱི་ཆོས་བཅུ་གཅིག་ཕུང་པོ་ལ་སོགས་པ་གང་ལ་ཡང་མི་གནས་པ་རྒྱུད་ལ་སྦྱར་བས་ཟབ་པ་དང་རྒྱ་ཆེ་བའི་རྣམ་པར་འཆར་བའོ། །རྩེ་མོ་མངོན་པར་རྟོགས་པ་ནི་རྣམ་ཀུན་མངོན་རྫོགས་ཀྱི་སྦྱོར་བ་ལས་བོགས་ཕྱུང་བ་ལས་རྟགས་བཅུ་གཉིས། དགེ་བའི་རྣམ་པ་བཅུ་དྲུག་འཕེལ། ཐེག་པ་ཆེན་
པོར་ངེས། སེམས་ཀུན་དུ་གནས་པའི་སྦྱོར་ལམ་གྱི་རྩེ་མོའོ། །མཐོང་ལམ་བསྒོམ་ལམ་བར་ཆད་མེད་པ་གསུམ་ནི་མཉམ་གཞག་ལ་རྣམ་པར་མི་རྟོག་པ་དང་། དེའི་ཕན་ཡོན་ནོ། །མཉམ་པར་མ་བཞག་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཤེས་རབ་ཀྱིས་ཟིན་ནས་རྟོགས་པ་ལ་སྐྱེད་འབྱུང་བའོ། །མཐར་གྱིས་པ་ནི་ཆོས་
ཐམས་ཅད་མི་དམིགས་པས་ཕ་རོལ་ཏུ་ཕྱིན་པ་རིམ་གྱིས་འཆར་བའོ། །སྐད་ཅིག་མ་ནི་ཆོས་ཐམས་ཅད་རང་བཞིན་མེད་པས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཅིག་ཅར་དུ་རྫོགས་པའོ། །སྐབས་ཐ་མ་ནི་ཆོས་ཐམས་ཅད་རང་བཞིན་མེད་པར་མཐར་ཕྱིན་པའོ། །དེ་རྣམས་ཀྱི་དོན་ཡང་བསྡུ་ན་ཀུན་རྫོབ་དང་། དོན་
དམ་པ་གཉིས་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། མཉམ་པར་མ་བཞག་པ་དང་། རྒྱ་ཆེ་བ་དང་། ཐབས་ཀྱི་ཆ་ཐམས་ཅད་ནི་ཀུན་རྫོབ་བོ། །ཆོས་ཐམས་ཅད་རང་བཞིན་མེད་པ་དང་། མཉམ་པར་བཞག་པ་དང་། ཟབ་པ་དང་། སྐྱེ་མེད་ལ་སོགས་པ་དང་། རྣམ་པར་མི་རྟོག་པ་ནི་དོན་དམ་པའོ། །བདེན་པ་གཉིས་
ཀྱང་ལྟོས་ནས་བཞག་པ་ལས་ངོ་བོས་སྒྲུབ་པ་ནི་མེད་དེ། སྐྱེ་བ་དང་། འགག་པ་དང་། མཚན་ཉིད་དང་། མཚན་གཞི་དང་། སྤྱི་དང་། བྱེ་བྲག་དང་། གཟུང་བ་དང་། འཛིན་པ་ལ་སོགས་པ་གཉིས་དང་། གསུམ་ལ་སོགས་པ་ཆོས་ཐམས་ཅད་དོན་ལ་དབྱེར་མེད་ཡིན་གྱི་དུ་མ་རོ་གཅིག་ཤེས་པར་གྱིས། བརྗོད་པར་བྱ་བའི་
เล่ม ๙๐ · หน้า 230a
དོན་གཏན་ལ་འབེབས་པའི་ལྡེ་མིག་སྟེ་གཉིས་པའོ།། །།མཚོན་པར་བྱེད་པའི་དཔེ་བརྒྱ་རྩ་བརྒྱད་ཀྱིས་བསྟན་པ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དཔེ་ལྔ་ལས་དང་པོ་ནི། ཆུ་ཀླུང་ཇི་སྙེད་ཡོད་པ་ཐམས་ཅད་ཀླུའི་བདག་པོ་མ་དྲོས་པའི་མཐུ་ཡིན་པའི་དཔེས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ཡིན་ཡང་། ཉན་ཐོས་དང་རང་རྒྱལ་སོ་སོ་སྐྱེ་བོ་རྣམས་ལ་སྣང་བས་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པར་བསྟན། སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་བྱེད་པའི་དཔེས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་བདེན་བརྫུན་
དབྱེར་མེད་པར་བསྟན། རྫ་སོ་མ་བཏང་བར་ཆུས་རེག་པའི་དཔེས་ཐབས་མི་མཁས་པའི་གང་ཟག་སྡིག་པའི་གྲོགས་པོས་ཟིན་ན་བརླག་པར་བསྟན། སྒྱུ་མ་མཁན་གྱིས་བཞི་མདོར་སྤྲུལ་ནས་དམྱལ་བ་དང་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་དཔེས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་
འཇིགས་པ་དང་ཞེན་པ་ནི་སྐྱེ་བར་བསྟན། མི་ཤི་དེའི་འགྲོ་རྒྱུ་མེད་པའི་དཔེས་བུད་ཤིང་ལས་མེ་ལོགས་སུ་མ་གྲུབ་པས་འཁོར་བ་རང་བཞིན་མེད་པར་ཤེས་པ་ལས་མྱ་ངན་ལས་འདས་པ་འགྲོ་རྒྱུ་མེད་པར་བསྟན་ནོ། །ལམ་ཤེས་ལ་དཔེ་བཅུ་དགུ་ལས། དང་པོ་འདྲེན་པ་འདུས་མ་བྱས་ལ་མི་གནས་ཞེས་པས་
སངས་རྒྱས་གང་ལ་ཡང་མི་གནས་པའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་ཡང་མི་གནས་པར་བསྟན། ཚུ་རོལ་ཕ་རོལ་འགྲོ་ངོགས་མ་མཐོང་ཞེས་པས་མཐའ་མ་མཐོང་བའི་བྱའི་དཔེས་ཡུམ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྟག་ཆད་ཀྱི་མཐའ་མི་མཐོང་བར་བསྟན། ཆོས་འཆད་པ་དང་ཉན་པ་ནས་
བཟུང་ནས་མྱ་ངན་ལས་འདས་པའི་བར་སྒྱུ་མ་ལྟ་བུར་བསྟན་པའི་དཔེས་ཉན་པ་ལ་སོགས་པ་ནས་འཁྲུལ་སྣང་དུ་ཤེས་ན་དེ་ཉིད་སྒོམ་པ་ཡིན་པར་བསྟན། ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་ཐ་དད་མེད་པའི་དཔེས་གཟུགས་ལ་སོགས་པའི་ཆོས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་པས་
གཅིག་དང་ཐ་དད་དུ་མ་གྲུབ་པས་བཙལ་ན་མི་རྙེད་པར་བསྟན་ཏོ། །མོས་པའི་དཔེ་བདུན་ནི། རིག་སྔགས་ཆེན་པོའི་དཔེས་མྱ་ངན་སྡུག་བསྔལ་གྱི་ཆོས་ཞི་བ་དང་། སྨན་པའི་རྒྱལ་པོའི་དཔེས་ཉོན་མོངས་པའི་ནད་ཐམས་ཅད་ཞི་བ་དང་། ས་བོན་བཏབ་ནས་ས་ལ་མྱུ་གུ་འབྱུང་བའི་དཔེས་ཤེས་རབ་ཀྱིས་དགེ་
เล่ม ๙๐ · หน้า 230b
བའི་ལོ་ཏོག་ཐམས་ཅད་འཕེལ་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་ན་ཡོད་ས་ན་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་དཔེས་ཡུམ་སྤྱོད་ས་ན་ལྟ་སྤྱོད་རིན་པོ་ཆེ་ཐམས་ཅད་འབྱུང་བར་བསྟན། རྒྱལ་པོ་བརྟེན་མི་རིམ་གྲོ་ཐོབ་པའི་དཔེས་ཡུམ་རྒྱལ་པོ་དང་འདྲ། སྐུ་གདུང་རྒྱལ་པོ་ལ་བརྟེན་པའི་མི་དང་འདྲ་བར་
བསྟན། རིན་པོ་ཆེ་གའུ་ཏོག་གི་ནང་དུ་བཅུག་ནས་བཏོན་པའི་དཔེས་ཡུམ་རིན་པོ་ཆེ་དང་འདྲ། སྐུ་གདུང་རིན་པོ་ཆེའི་སྣོད་རྙིང་པ་དང་མཚུངས་པར་བསྟན། ཤིང་རྣམས་ལོ་མ་དང་མེ་ཏོག་ཐ་དད་ཀྱི་གྲིབ་མ་ལ་དབྱེར་མེད་པའི་དཔེས་སྡེ་སྣོད་ཀྱི་ཆོས་ཐམས་ཅད་ཚུལ་གཅིག་པར་བསྟན་ཏོ། །མོས་པ་བྱེད་དུ་འཇུག་
པའི་དཔེ་གསུམ་ནི། མྱུ་གུ་མེད་ན་སྡོང་བུ་མེད་པའི་དཔེས་བྱང་ཆུབ་ཀྱི་སེམས་མེད་ན་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་མི་འབྱུང་བར་བསྟན། ཉི་མའི་དཀྱིལ་འཁོར་འོད་ཀྱི་དྲ་བ་འགྱེད་པའི་སེམས་ཅན་ལས་བྱེད་པ་རྣམས་བརྩོན་པའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུམ་ཡོད་ན་སྡིག་པ་སྤང་ཞིང་དགེ་
བ་སྒྲུབ་པར་བསྟན། མ་དྲོས་གནས་པའི་ཀླུའི་བདག་པོ་མེད་ན་ཆུ་ཀླུང་དང་རྩི་ཤིང་ནགས་ཚལ་ལ་སོགས་པ་མི་འབྱུང་བའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མེད་པས་ངེས་པར་ལེགས་པ་བྱང་ཆུབ་རྣམ་པ་གསུམ་དང་། མངོན་པར་མཐོ་བའི་ཆོས་མི་འབྱུང་བར་
བསྟན་ཏོ། །སྣང་བྱེད་ཐམས་ཅད་པས་ཉི་མའི་འོད་ཟེར་མཆོག་ཏུ་བཞག་པའི་དཔེས་ཉན་ཐོས་ལ་སོགས་པའི་བསོད་ནམས་བྱས་པའི་དངོས་པོ་བས་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བསོད་ནམས་ཁྱད་པར་འཕགས་པར་བསྟན། དུག་དང་འདྲེས་པའི་ཁ་ཟས་ཀྱི་དཔེས་མཚན་མ་དང་བཅས་པའི་དགེ་བའི་
རྩ་བ་མཐར་སྡུག་བསྔལ་དུ་འགྱུར་བར་བསྟན། དམུས་ལོང་དམིགས་བུ་མེད་པའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱང་སྤྱན་དང་འདྲ་བར་བསྟན། ཟོང་ཟད་སླར་ལོག་ན་མི་རུང་བའི་དཔེས་དལ་འབྱོར་གྱི་ཟོང་ཟད་ནས་ངན་འགྲོར་འགྲོ་བར་བསྟན། ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་གཅད་
དུ་མེད་པའི་དཔེས་གཟུགས་ལ་སོགས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པས་དག་པར་བསྟན་ཏོ། །གཞི་ཤེས་ཀྱི་དཔེ་དྲུག་ལས། འཁོར་བའི་དཔེ་གསུམ་ནི་འདམ་ལ་ཟིན་པའི་དཔེས་མིང་དང་གཟུགས་ལ་སོགས་པའི་དངོས་པོ་ལ་ཆགས་པ་བསྟན། རླུང་གི་འཁོར་ལོའི་དཔེས་ཁམས་
เล่ม ๙๐ · หน้า 231a
གསུམ་དུ་འཁྱམས་ཤིང་རྒྱུད་དྲུག་ཏུ་འཁོར་བ་བསྟན། རི་དགས་རྒྱར་ཆུད་ཀྱི་དཔེས་སེམས་ཅན་སྐྱེ་རྒས་ན་འཆིའི་སྡུག་བསྔལ་འབྱུང་བར་བསྟན། ནམ་མཁའ་ལ་བྱ་འཕུར་བའི་དཔེས་རིགས་ཀྱི་བུ་ཤེས་རབ་དང་ལྡན་པ། དངོས་པོ་ཡོད་མེད་ཀྱི་མཐའ་ལས་མི་འཆོར་བར་བསྟན། ཉི་མ་
གཟའ་དང་བྲལ་བ་ལྷང་ངེ་འདུག་པའི་དཔེས་གཟུགས་ལ་སོགས་པའི་ཆོས་དང་ཆོས་ཅན་གྱིས་མི་སྒྲིབ་པར་བསྟན། མེ་བཏང་ནས་རྩྭ་ཤིང་ཐམས་ཅད་སྲེག་པར་བྱེད་པའི་དཔེས་སྤང་བྱ་དང་གཉེན་པོ་ཐམས་ཅད་ལས་གྲོལ་ནས་གང་ལ་ཡང་རློམ་སེམས་མི་བྱེད་པར་བསྟན་ཏོ། །རྣམ་ཀུན་མངོན་རྫོགས་ལ་
དཔེ་སུམ་ཅུ་རྩ་དགུ་ལས། སྦྱོར་བའི་དཔེ་ལྔ་ནི། ཆོས་འདི་སྤྲུལ་པ་དང་སྒྱུ་མ་འདྲ་ཤེས་ཀྱི་དཔེས་སྣང་བ་འཁྲུལ་སྣང་དུ་བསྟན། དགོན་པའི་ལམ་ནི་དཔག་ཚད་མང་པོར་ཕྱིན་པའི་དཔེས་འཛིན་པ་དང་འཆང་བ་ལ་སོགས་པའི་བྱེད་པ་འདི་སངས་རྒྱས་ཀྱི་གྲོང་ཁྱེར་དུ་ཕྱིན་པའི་རྟགས་སུ་བསྟན། རྒྱ་མཚོ་ཆེན་པོ་
ལྟ་རུ་འགྲོ་བ་ལ་རྟགས་མ་མཐོང་བ་རྒྱ་མཚོ་ཆེན་པོ་ཉེ་བའི་རྟགས་ཀྱི་དཔེས་མི་དགེ་བ་ལ་སོགས་པའི་རྟགས་མེད་པ་བྱང་ཆུབ་ཐོབ་པའི་རྟགས་སུ་བསྟན། དཔྱིད་དུས་ཀྱི་རྩི་ཤིང་ཁ་འབུས་ན་ལོ་འབྲས་མེ་ཏོག་འབྱུང་བ་ཤེས་པའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ལ་སོགས་པ་བྱེད་ན་མྱུར་དུ་བདེ་ལེགས་
ཐམས་ཅད་འབྱུང་བར་བསྟན། སྦྲུམ་མ་ཟླ་བ་ཚང་བའི་དཔེས་སྣང་བ་བཀྲག་ཆུང་ངུ་སོང་ཙམ་ན་མྱུར་དུ་སངས་རྒྱས་པར་བསྟན་ཏོ། །བར་ཆད་ཀྱི་དཔེ་ལྔ་ནི། གློག་བཞིན་མྱུར་དུ་ཉམས་པའི་དཔེས་བརྟན་པ་ཆུང་བས་ཕན་མི་ཐོགས་པར་བསྟན། མི་ཤེས་དེ་དག་རྩ་བ་བོར་ནས་རྨོངས་པ་ཡལ་ག་དག་དང་འདབ་
མ་ཚོལ་བའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སེམས་ཉིད་ཀྱི་དོན་བོར་ནས་ཐེག་པ་ཆུང་ངུའི་མདོ་སློབ་པ་འཁྲུལ་པར་བསྟན། གླང་པོ་རྙེད་ནས་གླང་པོའི་རྗེས་ཚོལ་གྱི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྙེད་ནས་སྒྲ་དང་ཚད་མ་ལ་སོགས་པ་ཐ་སྙད་སློབ་པ་འཁྲུལ་པར་བསྟན། ཟས་མཆོག་རྙེད་ནས་ཟས་
ངན་ཚོལ་བར་བྱེད་པའི་དཔེས་མཉམ་གཞག་ལ་སེམས་བརྟན་ནས་ལུས་ངག་གིས་དགེ་བ་ལ་འབད་པ་འཁྲུལ་བར་བསྟན། རིན་པོ་ཆེ་ལ་དགྲ་འབྱུང་བའི་དཔེས་ཟབ་མོ་ལ་བར་ཆད་འོང་བ་མི་འགལ་བར་བསྟན་ཏོ། །མཚན་ཉིད་ཀྱི་དཔེ་མ་ཞིག་ན་བར་གྱུར་ལ་བུ་ནི་མང་ཡོད་ཀྱི་དཔེས་དུས་གསུམ་གྱི་སངས་རྒྱས་ཐམས་
เล่ม ๙๐ · หน้า 231b
ཅད་འདི་ལས་འབྱུང་བས་ཡུམ་དང་སྲས་སུ་སྒྲུབ་པ་བསྟན། ཤེས་པའི་མཚན་ཉིད་ཀྱི་དཔེ་བཞི་ནི། དགའ་བའི་ཚལ་གྱི་དཔེས་སེམས་ཅན་ངན་སོང་གི་སྡུག་བསྔལ་ལས་འདོན་ཀྱང་སེམས་ཅན་དུ་མི་དམིགས་པ་དང་། སེང་གེ་རི་སུལ་གྱི་དཔེས་བདག་མེད་སེང་གེའི་སྒྲས་བདག་ཏུ་ལྟ་བ་སྤོང་ཞིང་
བྱང་ཆུབ་སེམས་དཔའ་ལ་ཉམ་ང་བ་མེད་པར་བསྟན། ཉི་མའི་དཀྱིལ་འཁོར་གྱིས་ས་སྐེམས་ཤིང་གཟུགས་རྣམས་སྟོན་པའི་དཔེས་སྲིད་པའི་ཆུ་བོ་སྐེམས་ཤིང་འཁོར་གྱི་ཆོས་སྣང་བ་དང་། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་ཀྱི་དཔེས་གང་ཡང་མཐོང་བ་མེད་པ་ཆོས་ཉིད་ཀྱི་དོན་
མཐོང་བར་བསྟན་ཏོ། །ཁྱད་པར་གྱི་མཚན་ཉིད་ཀྱི་དཔེ་དྲུག་ནི། རྒྱལ་པོ་གྲོང་དུ་མི་འགྲོ་ཡུལ་འཁོར་དུ་མི་འགྲོ་བར་རང་གི་ཡུལ་ནས་འདུ་བ་ཐམས་ཅད་སྡུད་པའི་དཔེས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་སའི་ཡོན་ཏན་ཐམས་ཅད་འབྱུང་བར་བསྟན། རྒྱལ་པོ་བཏང་སྙོམས་འདུག་
ཅིང་བློན་པོ་ཀུན་བྱེད་ཀྱི་དཔེས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱེད་པར་བསྟན། རྒྱ་མཚོར་གྲུ་ཞིག་ན་མི་རོ་དང་རྐྱལ་པ་ལ་མི་འཇུ་བ་དང་འཇུས་པའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ལ་སོགས་པ་མི་བྱེད་ན་འཁོར་བའི་རྒྱ་མཚོ་ལས་མི་ཐར་འཛིན་པ་ལ་སོགས་
པ་བྱེད་ན་ཐར་པར་བསྟན། བུམ་པ་སོ་བཏང་བ་དང་མ་བཏང་བ་ཆུས་རེག་པའི་དཔེས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་མ་བསྐྱེད་པ་དང་བསྐྱེད་པ་མི་འགྲོལ་བ་དང་གྲོལ་བར་བསྟན། གྲུ་ཟག་ལྷན་མ་བྱས་པ་དང་བྱས་པའི་དཔེས་དམ་ཚིག་དང་སྡོམ་པ་ལ་གནས་པ་དང་མི་གནས་པ་འཁོར་བའི་རྒྱ་མཚོ་ལས་ཐར་བ་དང་
མི་ཐར་པ་བསྟན། མི་རྒས་པ་གཡས་གཡོན་གཉིས་ནས་མིས་བརྟེན་པ་དང་མ་བརྟེན་པའི་དཔེས་ཐབས་དང་ཤེས་རབ་ཀྱིས་ཟིན་པ་དང་མ་ཟིན་ན་བདག་གཞན་གྱི་དོན་འགྲུབ་མི་འགྲུབ་བསྟན་ཏོ། །ནམ་མཁའི་ཁམས་ནི་ཤར་ཕྱོགས་དང་ཞེས་བྱ་བ་ལ་སོགས་པའི་དཔེས་ཆོས་ཉིད་ཕྱོགས་དང་རིས་སུ་མ་ཆད་པར་
བསྟན་ཏོ། །བྱ་ཞིག་ལུས་ཆེ་དཔག་ཚད་ལ་སོགས་པའི་དཔེས་ཐབས་ཤེས་རབ་འབྲིང་གིས་རྟོགས་པ་དཀའ་སླ་བསྟན་ཏོ། །བསྒོམ་ལམ་ལས་ཕྱིར་མི་ལྡོག་པའི་རྟགས་ཀྱི་དཔེ་དྲུག་ནི། མདས་རྒྱ་མཚོའི་གཏིང་ཐུག་ཚོལ་བའི་དཔེས་སོ་སོར་རྟོག་པའི་ཤེས་རབ་ཀྱི་ཕུང་པོ་ལ་སོགས་པའི་གཏིང་མི་
เล่ม ๙๐ · หน้า 232a
རྟོགས་པར་བསྟན། འདོད་ཆགས་ཆོས་ལ་སྤྱོད་པའི་སྐྱེས་བུའི་རྣམ་པར་རྟོག་པའི་དཔེས་མ་གཡེངས་པར་རང་གིས་གསལ་བཏབ་པ་རྒྱུད་ལ་གོམས་དགོས་པར་བསྟན། བསོད་ནམས་དེ་ཡང་གསོག་གསོབ་དང་སྙིང་པོ་མེད་པའི་དཔེས་མངོན་པར་འདུ་བྱས་པའི་དགེ་བ་ལ་མི་
ཞེན་པར་བསྟན། འབྲུ་མར་སྙིང་པོ་འབར་བའི་དཔེས་བྱང་ཆུབ་ཀྱི་སེམས་རྟེན་འབྲེལ་ཡིན་པས་ཟབ་པར་བསྟན། ས་བོན་ལས་ནི་མྱུ་གུ་འབྱུང་དེ་ཡང་འགགས་ལ་སོགས་པས་ཉོན་མོངས་པ་འགགས་པ་མེད་པར་ཟབ་པར་བསྟན། ཆུའི་ཐིགས་པ་བུམ་པ་དང་པོ་ཐ་མའི་བར་གྱིས་དགེ་བ་རིམ་གྱིས་སོགས་པར་
བསྟན། མཉེན་པ་མཁས་པ་ཕར་འགྲོ་ཚུར་འགྲོ་བྱེད་ཀྱང་མི་གནས་པའི་དཔེས་སྲིད་པ་དང་ཞི་བ་མ་གྲུབ་ཀྱང་དམིགས་པ་ཅན་ལ་ལས་འབྲས་ཡོད་པར་བསྟན་ཏོ། །ཐབས་ལ་མཁས་པའི་དཔེ་དགུ་ནི། སྐྱེས་བུ་མཁས་པ་ཡོན་ཏན་ཀུན་ལྡན་གྱི་དཔེས་སྤང་བྱ་སྒྱུ་མ་ལ་གཉེན་པོ་སྒྱུ་མ་བསྟན། མཁའ་ལ་རླུང་རྟེན་གྱི་དཔེས་
ཆོས་ཐམས་ཅད་གཞི་རྩ་བ་མེད་པར་བསྟན། ནམ་མཁར་གནས་པའི་བྱས་ལ་མི་ལྟུང་བའི་དཔེས་ཐབས་དངོས་པོར་མི་འཆར་བར་བསྟན། འཕོང་བསླབས་སྐྱེས་བུས་གནམ་དུ་མདའ་འཕངས་ཀྱི་དཔེས་ཚོགས་སོགས་པ་སྟོང་པ་ཉིད་རྟོགས་པའི་ཐབས་སུ་བསྟན། དགེ་སློང་རྫུ་འཕྲུལ་ལྡན་པའི་དཔེས་སྟོང་ཉིད་
རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་སྐྱོ་བ་མེད་པའི་ཐབས་སུ་བསྟན། ལག་པ་གཉིས་ཀས་གདུགས་གཉིས་འཛིན་པའི་དཔེས་ཐབས་ཤེས་རབ་དང་ལྡན་པས་འཁོར་བའི་གཡང་སར་མི་ལྟུང་བར་བསྟན། རིན་པོ་ཆེ་བླན་ཞིང་གཉེན་ལ་མི་སྟེར་བ་རིགས་པ་དང་མི་ལྡན་པའི་དཔེས་
བདག་ཉིད་སྟོང་ཉིད་རྟོགས་ནས་སེམས་ཅན་སྟོང་པ་ཉིད་ལ་དགོད་པའི་ཐབས་བསྟན། དེད་དཔོན་ཚོང་པ་རྒྱུ་བར་ཤེས་པར་བྱ་བའི་ཕྱིར་གྲོང་ཁྱེར་ལ་སོགས་པར་གོམས་པར་བྱེད་པའི་དཔེས་འདུས་བྱས་ཐམས་ཅད་སེམས་ཅན་གཞན་གྱི་ཆོས་ཉིད་རྟོགས་པའི་ཐབས་སུ་བསྟན། སྤྲུལ་པའི་མི་ལུས་མི་སྣང་མ་ཡིན་
པའི་དཔེས་རྣམ་ཐར་སྒོ་གསུམ་དངོས་པོར་མ་གྲུབ་ཀྱང་སེམས་ཅན་གྱི་དོན་དུ་འགྲོ་བར་བསྟན་ནོ། །རྩེ་མོའི་དཔེ་སུམ་ཅུ་རྩ་གཅིག་ལས། རྟགས་ཀྱི་དཔེ་གསུམ་ནི་མཁས་པས་ང་རྒྱལ་ངེས་བཅོམ་སྟེ། ནད་པའི་ཚོགས་ཀྱིས་སྨན་པ་བསྟེན་པ་ལྟར་གྱི་དཔེས་དུག་གསུམ་ཞི་བར་འདོད་པས་དགེ་བའི་བཤེས་གཉེན་གུས་པའི་
เล่ม ๙๐ · หน้า 232b
སྒོ་ནས་བསྟེན་པ་བསྟན། བྱིས་པའི་བདག་ཉིད་ཀྱིས་ནི་མཁའ་ལ་མདུད་པ་བོར་བའི་དཔེས་འཁོར་བར་འཆིང་བ་མ་གྲུབ་པར་བསྟན། དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར་གྱི་དཔེས་རང་བཞིན་མེད་པ་ལ་བདག་ཏུ་བཟུང་བས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མྱོང་བར་བསྟན་ཏོ། །རྣམ་པར་འཕེལ་བའི་
དཔེ་བདུན་ནི། རིན་པོ་ཆེ་རྙེད་ནས་བག་མེད་པས་སྟོར་ན་མྱ་ངན་གྱི་གདུང་བ་འབྱུང་བའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དོར་བར་བསྟན། །ཉི་མ་སྤྲིན་མེད་ཀྱི་འོད་ཟེར་གྱིས་སྣང་བ་གཞན་ཟིལ་གྱིས་གནོན་ཅིང་མུན་པ་འཇོམས་པའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དགེ་བ་བཅུ་ལ་སོགས་པ་ཟིལ་གྱིས་
གནོན་ཅིང་མ་རིག་པའི་མུན་པ་འཇོམས་པར་བསྟན། རྒྱལ་པོའི་བུ་ཞིག་ནོར་གཏོང་དོན་འདོད་ཀྱི་དཔེས་ལྷ་དང་མི་ཐམས་ཅད་རིགས་ཀྱི་བུ་དེ་ལ་མོས་པར་བསྟན། ཤ་ཟ་འདྲ་བའི་དཔེས་བྱང་ཆུབ་སེམས་དཔའ་ནང་རྩོད་པ་ལ་སོགས་པ་བྱེད་ན་རྩོད་པའི་དུས་དེ་ཉིད་ན་ཡི་དགས་དང་འདྲ་བར་བསྟན། ཉི་མ་མཁའ་
ལ་འགྲོ་བའི་འོད་ཟེར་གྱིས་ནོན་ན་མུན་པ་མེད་པའི་དཔེས་རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དགེ་བ་ལ་མི་དགེ་བ་མི་འབྱུང་བར་བསྟན། ལྟ་བ་དྲུག་ཅུ་རྩ་གཉིས་འཇིག་ཚོགས་སུ་འདུས་པ་རྗེས་སུ་འགྲོ་བའི་དཔེས་སྲོག་གི་དབང་པོ་འགགས་ན་དབང་པོ་ཐམས་ཅད་འགག་པ་ལྡོག་པའི་དཔེས་དགེ་བའི་ཆོས་
ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུས་པར་བསྟན་ཏོ། །རྣམ་པར་མི་རྟོག་པའི་དཔེ་བཞི་ནི། ནམ་མཁའ་དང་ནམ་མཁའ་མི་འགལ་བའི་དཔེས་རང་གི་ངོ་བོ་ལ་རྣམ་པར་མི་རྟོག་པར་བསྟན། སྒྱུ་མའི་སྐྱེས་བུའི་དཔེས་བྱ་བ་ལ་མི་རྟོག་པ་བསྟན། སངས་རྒྱས་ཀྱི་སྤྲུལ་པ་སེམས་ཅན་གྱི་དོན་བྱེད་ཀྱང་རང་ལ་དྲེགས་
པ་མེད་པའི་དཔེས་བྱེད་པོ་ལ་མི་རྟོག་པ་བསྟན། ཤིང་གི་འཁྲུལ་འཁོར་གྱི་དཔེས་འབྲས་བུ་ལ་མི་རྟོག་པ་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཔེ་བརྒྱད་ལ། བར་སྣང་སྤྲིན་བཞིན་གནས་པ་མེད་པའི་ཆོས་ཉིད་ལ་མི་གནས་པ་དང་། རིག་སྔགས་འཆང་མཁའ་ལ་རྒྱུ་བའི་དཔེས་སྟོང་ཉིད་ཀྱི་དོན་རྟོགས་པ་
དང་། དུས་མིན་མེ་ཏོག་འབྱུང་བའི་དཔེས་སེམས་ཉིད་དག་པ་ལ་ཕན་ཡོན་འབྱུང་བ་དང་། འདབ་ཆགས་མཁའ་ལ་གནས་ཀྱང་མི་ལྟུང་བའི་དཔེས་སྟོང་ཉིད་རྟོགས་ཀྱང་ཞི་བ་ཕྱོགས་གཅིག་པར་མི་འགྲོ་བ་དང་། ཉ་ནི་ཆུ་ལ་གནས་ཀྱང་འཚུབས་ནས་མི་འཆི་བའི་དཔེས་འཁོར་བ་ན་གནས་
เล่ม ๙๐ · หน้า 233a
ཀྱང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་ས་མི་འཆིང་བ་དང་། ས་ལ་ཟད་པ་དང་འཕེལ་བ་མེད་པའི་དཔེས་ཤེས་རབ་ལ་འཕེལ་འགྲིབ་མེད་པ་དང་། འཁྲུལ་པའི་འཁོར་ལོའི་དཔེས་འཁོར་འདས་གཉིས་ཀ་རྟེན་འབྲེལ་གྱི་འཁྲུལ་པ་ཡིན་པ་དང་། ཉི་མ་སྤྲིན་མེད་ཀྱིས་མུན་
པ་སེལ་བའི་དཔེས་རྣམ་རྟོག་ཡེ་ཤེས་སུ་འཆར་བའོ། །བསམ་གཏན་གྱི་དཔེ་བཞི་ནི། འཛམ་བུའི་གླིང་གི་མིས་ལྷ་ཡུལ་དུ་ཕྱིན་ནས་མི་ཡུལ་དུ་མི་ཆགས་པའི་དཔེས་རིགས་ཀྱི་བུ་ཡུམ་ལ་སྤྱོད་པ་འདོད་པ་ལ་མི་ཞེན་པ་དང་། ཆུ་ནང་པདྨའི་དཔེས་འཁོར་བའི་ནང་ན་གནས་ཀྱང་དེའི་
སྐྱོན་གྱིས་མ་གོས་པ་དང་། རིན་པོ་ཆེ་རྙེད་ནས་དེ་ལ་མ་ཞེན་པའི་དཔེས་བསམ་གཏན་གྱི་བདེ་བ་ཐོབ་ཀྱང་དེ་ལ་ཡང་དག་ཏུ་མི་འཛིན་པ་དང་། མཉེན་པ་གྲུ་ཞིག་གི་དཔེས་བསམ་གཏན་ཐེག་པ་དམན་པའི་དོན་དུ་སྤྱོད་པའོ། །བརྩོན་འགྲུས་ཀྱི་དཔེ་བཞི་ནི། བྲན་མོའི་དཔེས་
ང་རྒྱལ་མེད་ན་བརྩོན་འགྲུས་ཡིན་པ་དང་། རྩྭ་དང་ཤིང་ལས་མེ་བྱུང་བའི་དཔེས་བདེ་སྐྱིད་རང་གིས་སྲེག་པ་དང་། བུ་གཅིག་པ་ལ་མ་ནི་རིམ་གྲོ་བྱེད་པའི་དཔེས་སེམས་ཅན་གྱི་དོན་ལ་མི་སྐྱོ་བ་དང་། གནམ་ས་ཆ་རལ་གྱི་དཔེས་བདག་དང་ལུས་བདེན་པར་བཟུང་ན་སེམས་ཅན་གྱི་
དོན་མི་འགྲུབ་པའོ། །སྦྱིན་པའི་དཔེ་བཞི་ནི། བདག་ཉིད་ཡ་མ་བརླ་དང་འདྲ་བའི་དཔེས་བདག་ཉིད་ལ་འཕགས་པ་མེད་པ་དང་། གླིང་བཞི་ལེགས་པར་བརྒྱན་པའང་མཆིལ་མའི་ཐལ་བ་དང་འདྲ་བའི་དཔེས་ལོངས་སྤྱོད་ལ་མ་ཆགས་པ་དང་། ནོར་བུ་མཆིང་བུའི་ཕུང་པོ་ཆེན་པོ་ཡང་
རིན་པོ་ཆེ་གཅིག་གིས་ཟིལ་གྱིས་གནོན་པའི་དཔེས་འགྲོ་བ་ཀུན་གྱི་དགེ་བ་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་ན་ཟིལ་གྱིས་གནོན་པ་དང་། ཡོན་ཏན་རིན་པོ་ཆེ་འབྱུང་བས་ནོར་བུ་རིན་པོ་ཆེ་དང་འདྲ་བའོ། །བརྟག་པ་མཐའ་གཟུང་གི་དཔེ་བརྒྱད་ནི། འཛམ་
བུའི་གླིང་ལ་སོགས་པ་མཆོད་རྟེན་གྱིས་བཀང་བ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྱད་པར་འཕགས་པ་དང་། འཛམ་བུའི་གླིང་སྐུ་གདུང་གིས་བཀང་བ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདམ་པ་དང་། འཛམ་བུའི་གླིང་ལ་སོགས་པ་དགྲ་བཅོམ་པ་ལ་བཞག་པ་བས་ཀྱང་ཤེས་རབ་ཀྱི་
เล่ม ๙๐ · หน้า 233b
ཕ་རོལ་ཏུ་ཕྱིན་པ་བྱིན་ན་བསོད་ནམས་ཆེ་བ་དང་། འཛམ་བུའི་གླིང་ལ་སོགས་པའི་སེམས་ཅན་གནས་པ་ལ་སྦྱིན་པ་བཏང་བ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསོད་ནམས་ཆེ་བ་དང་། སྟོང་གསུམ་གྱི་རི་རབ་སྲང་ལ་གཞལ་བར་ཚད་གཟུང་དུ་ནུས་ཀྱི་སེམས་ཀུན་དུ་གནས་
པའི་ཚད་གཟུང་བར་མི་ནུས་པ་དང་། ཆུ་བོ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་བདུད་སྡིག་ཅན་དུ་གྱུར་ནས་བ་སྤུ་ཉག་རེ་རེ་ལས་དེ་སྙེད་སྤྲུལ་ཀྱང་བར་ཆད་བྱ་བར་མི་ནུས་པ་དང་། སྟོང་གསུམ་རིན་པོ་ཆེས་བཀང་ནས་ཕུལ་བ་བས་བཟོད་པ་ལ་གནས་པ་ལྷག་པ་དང་། སྲིད་པ་གསུམ་
ན་སེམས་ཅན་ཇི་སྙེད་ཡོད་པས་རིན་པོ་ཆེ་སངས་རྒྱས་ལ་སོགས་པ་ལ་དམིགས་པ་དང་བཅས་པས་ཕུལ་བ་བས་དམིགས་པ་མེད་པའི་ཤེས་རབ་ཀྱིས་ཁྱད་པར་དུ་འཕགས་པའོ། །མཚོན་པ་དཔེའི་ལྡེ་མིག་སྟེ་གསུམ་པའོ།། །།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཚིགས་
སུ་བཅད་པ་ཉི་ཤུ་རྩ་དགུ་ལས་དང་པོ་སྔོན་བྱུང་ལ་ཚིགས་སུ་བཅད་པ་གཅིག །སེམས་བསྐྱེད་ཀྱི་ངོ་བོ་ལ་གཅིག །དཔེ་ལ་གཅིག །དོན་ལ་གཅིག །རྒྱུ་མཚན་ལ་གཅིག་སྟེ། སེམས་བསྐྱེད་ལ་བཞིའོ། །གདམས་ངག་ལ་གཅིག །ངེས་འབྱེད་ལ་བཅུ་ལས་དྲོད་དང་རྩེ་མོ་ལ་ཚིགས་སུ་
བཅད་པ་གསུམ། བཟོད་པ་ལ་གཉིས། ཆོས་མཆོག་ལ་གཅིག །ངེས་འབྱེད་ཀྱི་ཏིང་ངེ་འཛིན་མཇུག་བསྡུ་བ་ལ་གཅིག་སྟེ་བདུན་ནོ། །གཟུང་རྟོག་ལ་གཅིག །འཛིན་རྟོག་ལ་གཅིག །ཡོངས་སུ་འཛིན་པ་ལ་གཅིག་སྟེ་བཅུའོ། །རྟེན་དང་། དམིགས་པ་གཉིས་ལ་གཅིག །
ཆེད་དུ་བྱ་བ་ལ་གཅིག །གོ་ཆ་འཇུག་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚོགས་ལ་གཅིག །ཞི་གནས་དང་ལྷག་མཐོང་གི་ཚོགས་ལ་གཅིག །ཟུང་དུ་འབྲེལ་བའི་ཚོགས་ལ་གཅིག །ཐབས་ལ་མཁས་པ་ལ་སོགས་པ་བདུན་གྱི་ཚོགས་ལ་གཅིག །ངེས་འབྱུང་གི་སྒྲུབ་པ་ལ་
བདུན་ལས་ཆེད་དུ་བྱ་བ་དང་། མཉམ་པ་ཉིད་དང་། སེམས་ཅན་དོན་དང་། ལྷུན་གྱིས་གྲུབ་པའི་ངེས་འབྱུང་བཞི་ལ་གཅིག །ཤིན་ཏུ་ངེས་པར་འབྱུང་བ་དང་། ཐོབ་པའི་ངེས་འབྱུང་གཉིས་ལ་གཅིག །རྣམ་པ་ཐམས་ཅད་མཁྱེན་པའི་ངེས་འབྱུང་ལ་གསུམ། ལམ་གྱི་ངེས་
เล่ม ๙๐ · หน้า 234a
འབྱུང་ལ་ཚིགས་སུ་བཅད་པ་གཉིས། ལམ་ཤེས་པ་ལ་ཚིགས་སུ་བཅད་པ་ལྔ་བཅུ་རྩ་བཞི་ལས་དང་པོ་ཇི་ལྟར་གནས་པ་ལ་ཚིགས་སུ་བཅད་པ་གསུམ། ཇི་ལྟར་བསླབ་པ་ལ་ལྔ། མཐོང་ལམ་གྱི་ཡེ་ཤེས་བཙལ་ན་མ་རྙེད་པ་ལ་གཅིག །དེའི་
ཕན་ཡོན་དང་བསྒོམ་ལམ་གྱི་བྱེད་པ་ལ་ལྔ། མོས་པ་ཡིད་ལ་བྱེད་པ་ལ་བཅུ་བཞི་ཡོད་པ་ལས་རང་གི་དོན་དུ་མོས་པ་ལ་གསུམ། གཉིས་ཀའི་དོན་དུ་མོས་པ་ལ་བཞི། གཞན་གྱི་དོན་དུ་མོས་པ་ལ་བདུན་ནོ། །གཞན་མོས་པ་བྱེད་དུ་འཇུག་པ་ལ་བརྒྱད། རྗེས་སུ་ཡི་རང་བ་ལ་གཉིས།
བསྔོ་བ་ལ་བརྒྱད་ལས་ཁྱད་པར་གྱི་བསྔོ་བ་ལ་བཞི། མི་དམིགས་པ་དང་ཕྱིན་ཅི་མ་ལོག་པ་གཉིས་ལ་གཅིག །ཐབས་ལ་མཁས་པ་དང་མཚན་མ་མེད་པར་བསྔོ་བ་ལ་གཅིག །སངས་རྒྱས་ཀྱིས་གནང་བའི་བསྔོ་བ་ལ་གཅིག །བསོད་ནམས་ཆེ་འབྱུང་གི་བསྔོ་བ་ལ་གཅིག །སྒྲུབ་པ་ལ་བཞི། རྣམ་དག་
སྐྱེ་བའི་རྒྱུ་ལ་གཅིག །མི་སྐྱེ་བའི་རྒྱུ་ལ་གཉིས། རྣམ་དག་དངོས་ལ་གཅིག་གོ། །གཞི་ཤེས་པའི་རང་གི་ངོ་བོ་ལ་གཅིག །ཐབས་ཀྱི་ཉེ་རིང་དང་མི་མཐུན་པའི་ཕྱོགས་བཞི་ལ་གཅིག །སྦྱོར་བ་ལ་གཅིག །རྣམ་པ་ལ་གཅིག །ཉན་ཐོས་ལ་སོགས་པའི་མཐོང་ལམ་ལ་ཚིགས་སུ་བཅད་པ་གཅིག་སྟེ་ལྔའོ། །རྣམ་ཀུན་
མངོན་རྫོགས་ལ་ཚིགས་སུ་བཅད་པ་དགུ་བཅུ་རྩ་བདུན་ལས། དང་པོ་སྦྱོར་བ་ལ་བཅུ་ནི་ཆོས་ཉིད་ཀྱི་སྦྱོར་བ་ལྔ་ལ་གཅིག །ཚེགས་ཆེན་པོ་ཡུན་རིང་པོས་ཐོབ་པའི་སྦྱོར་བ་དང་། ལུང་བསྟན་པ་དང་། ཕྱིར་མི་ལྡོག་པའི་སྦྱོར་བ་དང་གསུམ་ལ་གཅིག །ངེས་འབྱུང་ལ་དཔེ་དོན་གཉིས། བར་
ཆད་མེད་པ་ལ་དཔེ་དོན་གཉིས། བྱང་ཆུབ་ཉེ་བ་ལ་གཅིག །མྱུར་བ་ལ་གཅིག །འཕེལ་འགྲིབ་མེད་པ་དང་ཆོས་དང་ཆོས་མ་ཡིན་པ་མི་མཐོང་བ་གཉིས་ལ་གཅིག །རྣམ་པར་མི་རྟོག་པ་དང་། ཡོན་ཏན་བཅུ་བཞི་ལ་གཅིག་གོ། །སྐྱོན་ལ་ཚིགས་སུ་བཅད་པ་བཅུ་ལས་སྐྱོན་
སྤྱིར་དྲིས་པ་ལ་ཚིགས་སུ་བཅད་པ་གཅིག །ཚེགས་ཆེན་པོས་ཡུན་རིང་པོར་དང་། སྤོབས་པ་ཧ་ཅང་མྱུར་བ་དང་། ལུས་ཀྱི་གནས་ངན་ལེན་དང་། སེམས་ཀྱི་གནས་ངན་ལེན་དང་། རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཏོན་ལ་སོགས་པ་ལྔ་ལ་གཅིག །ཕྱིར་ཕྱོགས་པའི་རྒྱུ་
เล่ม ๙๐ · หน้า 234b
མཚན་ལ་གཅིག །རྒྱུ་ལ་མངོན་པར་ཞེན་པ་ཉམས་པ་དང་། ཐེག་པ་མཆོག་ལ་ཉམས་པ་གཉིས་ལ་གཅིག །རོ་མཆོག་ལ་ཉམས་པ་ལ་གཅིག །རྙེད་པ་དང་བཀུར་སྟི་ལ་ཆགས་པས་ཉམས་པ་ལ་གཅིག །སློབ་དཔོན་དང་སློབ་མ་མི་མཐུན་པས་ཉམས་པ་ལ་གཅིག །སྐྱོན་གྱི་རྣམ་
པ་གཞན་བསྟན་པ་ལ་གཅིག །ཡོན་ཏན་ཅན་ལ་བར་ཆོད་འབྱུང་བར་བསྟན་པ་ལ་གཅིག །མོས་གུས་ཅན་ལ་བར་ཆོད་ཀྱིས་མི་ཚུགས་པ་ལ་གཅིག་སྟེ་བཅུའོ། །མཚན་ཉིད་ལ་ཚིགས་སུ་བཅད་པ་སུམ་ཅུ་ལས་མཚན་ཉིད་སྤྱིར་བསྟན་པ་ལ་གཅིག །ཤེས་པའི་མཚན་ཉིད་ལ་བརྒྱད་
ལས་གཞི་ཤེས་པ་ལ་གཉིས། ལམ་ཤེས་པ་ལ་གཅིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ལྔའོ། །ཁྱད་པར་གྱི་མཚན་ཉིད་ལ་བཅུ་བཞི་ལས་དགེ་བ་ཐམས་ཅད་སྡུད་པ་ལ་གཅིག །བྱེད་པ་ལ་གཅིག །སྒྲུབ་པ་ལ་གཅིག །དམིགས་པ་ལ་དཔེ་དོན་གཉིས། རྟེན་ལ་དཔེ་དོན་
གཉིས། མཐའ་དག་ལ་དཔེ་དོན་གཉིས། ཡོངས་སུ་འཛིན་པ་ལ་དཔེ་དོན་གཉིས། རོ་མྱང་བ་མེད་པ་ལ་གསུམ་མོ། །བྱེད་པ་ལ་གཅིག །ངོ་བོ་ཉིད་ཀྱི་མཚན་ཉིད་ལ་དྲུག་སྟེ་སུམ་ཅུའོ། །ཐར་པའི་ཆ་མཐུན་ལ་གསུམ། ངེས་པར་འབྱེད་པ་ལ་གཅིག །སྦྱོར་ལམ་དང་མཐོང་ལམ་གྱི་
རྟགས་ལ་བདུན། བསྒོམ་ལམ་ལས་ཕྱིར་མི་ལྡོག་པའི་རྟགས་ལ་བཅུ་གཉིས། ཆོས་སྐུ་ལ་དཔེ་དོན་གཉིས། ཞིང་དག་པ་ལ་གཅིག །སེམས་ཅན་གྱི་དོན་དུ་ཐབས་ལ་མཁས་པ་ལ་ཚིགས་སུ་བཅད་པ་ཉི་ཤུ་རྩ་གཅིག་གོ། །རྩེ་མོ་མངོན་པར་རྟོགས་པ་ལ་ཚིགས་སུ་བཅད་པ་བརྒྱ་དང་
དགུ་སྟོན་པ་ལས། རྟགས་ལ་བཅོ་བརྒྱད་ནི་ཕྱིར་མི་ལྡོག་པའི་རྟགས་ལ་གསུམ། མངོན་པའི་ང་རྒྱལ་མེད་པའི་རྟགས་ལ་བརྒྱད་ལས། ཡོན་ཏན་གྱི་གཞི་ལས་བྱུང་བ་ལ་གཅིག །མིང་གི་གཞི་ལས་བྱུང་བ་ལ་གཉིས། དབེན་པའི་གཞི་ལས་བྱུང་བའི་བདུད་ཀྱི་ལས་ལ་ལྔ།
དགེ་བའི་བཤེས་གཉེན་ལ་གཉིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས། འཁོར་འདས་ལ་མ་ཞེན་པ་ལ་གསུམ་སྟེ་བཅོ་བརྒྱད་དོ། །རྣམ་པར་འཕེལ་བ་ལ་ཉི་ཤུ་གཅིག་གིས་སྟོན་པ་ལ་འཛམ་བུའི་གླིང་དུ་དགེ་བ་བཅུ་ལ་སོགས་པ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
เล่ม ๙๐ · หน้า 235a
པ་མཐུན་པར་བྱེད་པ་བསོད་ནམས་ཆེ་བ་ལ་གསུམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དང་མི་འགལ་བ་ལ་གསུམ། དགེ་བ་བཅུ་ལས་ཁྱད་པར་དུ་འཕགས་པ་ལ་གཉིས། ལྷའི་རིགས་ཐམས་ཅད་ཉེ་བར་འོང་བ་ལ་གཉིས། བདུད་
ཐམས་ཅད་ཟིལ་གྱིས་གནོན་པ་ལ་དྲུག །བསླབ་པ་རྣམ་པར་དག་པ་ལ་གཉིས། མི་དགེ་བ་ལ་སོགས་པའི་གོ་མི་འབྱེད་པ་ལ་གཅིག །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པ་ལ་གཉིས་ཏེ་ཉི་ཤུ་རྩ་གཅིག་གོ། །ངེས་པ་ལ་གཅིག །ཀུན་ཏུ་གནས་པ་ལ་གཉིས། རྣམ་པར་མི་རྟོག་
པ་ལ་དྲུག །མི་རྟོག་པའི་ཕན་ཡོན་ལ་བཞི་སྟེ་བཅུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚིགས་སུ་བཅད་པ་བཅུ་གསུམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཅུ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཅུ་གཅིག །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བདུན། ཚུལ་ཁྲིམས་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་ཕྱེད་དང་དགུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཚིགས་སུ་བཅད་པ་ཕྱེད་དང་བརྒྱད་དོ། །མཐར་གྱིས་པ་ལ་ཚིགས་སུ་བཅད་པ་བཞི་ལས། སྦྱིན་པ་ལ་གཅིག །ཚུལ་ཁྲིམས་དང་བཟོད་པ་ལ་གཅིག །བརྩོན་འགྲུས་དང་བསམ་གཏན་ལ་གཅིག །ཤེས་རབ་ལ་གཅིག་གོ། །སྐད་
ཅིག་མ་ལ་རྐང་པ་གཅིག་གོ། །ཆོས་སྐུ་ལ་རྐང་པ་གསུམ། མདོ་ཡོན་ཏན་རིན་པོ་ཆེ་དོན་དང་ལྡན་པའི་མཚན་བསྟན་པ་ལ་གཅིག་གོ། །རྗོད་པར་བྱེད་པའི་ཚིག་ཕུལ་གདབ་པའི་ལྡེ་མིག་སྟེ་བཞི་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཛོད་ཀྱི་ལྡེ་མིག་ཅེས་བྱ་བ་ཁ་ཆེའི་མཁན་པོ་བླ་མ་དྷརྨ་ཤྲཱིས་
མཛད་པ་རྫོགས་སོ།། །།འཕགས་པ་སྡུད་པའི་གདམས་ངག་འདི། བྱང་ཆུབ་སའི་སྙིང་པོ་དཔལ། འབུམ་སྟེངས་ཀྱི་གཙུག་ལག་ཁང་གསར་དུ་བཞེངས་པའི་དུས་སུ། སློབ་དཔོན་ཆེན་པོ་བྱང་ཆུབ་སེམས་དཔའ་དང་གདན་འཛོམ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་
བསྒྱུར་ཅིང་བཀའ་སྩལ་ཏེ། སྟོན་སྒོམ་སྦག་མ་གསུམ་གྱིས་ཞུ་བ་ཕུལ། དགེ་སློང་དྲི་མ་མེད་པས་ཡོན་བདག་མཛད་ནས། མཁས་པ་ཆེན་པོ་བ་རེག་ལོ་ཙཱ་བས་སེམས་ཅན་གྱི་དོན་དུ་བསྒྱུར་བའོ།། །།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด