ตัวบทไม่มีชื่อ — ประโยคแรก: ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๙๒ · หน้า 220b
གསོལ་ཏོ་ཞེས་བྱ་བ་ནས་ཆོས་ཀྱི་གཉེར་བའི་ཆོས་ཉིད་ཡང་དག་པར་ལུང་བསྟན་པས། ལུང་བསྟན་པར་འགྱུར་བ་ལགས་སམ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་བརྒྱ་བྱིན་གྱིས་ཆོས་ཟབ་མོ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དཀའ་བ་བགྱིད་པའོ་ཞེས་སྨྲས་པ་དང་། གནས་བརྟན་རབ་འབྱོར་གང་
ཅི་སྟོན་ཀྱང་། དེ་ཐམས་ཅད་སྟོང་པ་ཉིད་བརྩམས་ཤིང་སྟོན་ཏེ། ཅི་ལ་ཡང་ཆགས་པ་མེད་དོ་ཞེས་སྨྲས་པ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། མཐུན་ནམ་མི་མཐུན་ཆོས་དང་མཐུན་པར་སྨྲ་བ་ལགས་སམ་མ་ལགས་ཞེས་ཞུས་པ་སྟེ། ཆོས་ཀྱི་གཉེར་བའི་ཆོས་ཉིད་
ཅེས་བྱ་བ་ལ། ཆོས་ནི་མྱ་ངན་ལས་འདས་པའི་ཆོས་ལ་བྱ། གཉེར་བའི་ཆོས་ནི་མྱ་ངན་ལས་འདས་པའི་ཆོས་དེ་སྒྲུབ་པ་འཕགས་པའི་ལམ་ལ་བྱ་སྟེ། དེ་མཐུན་པར་བདག་གིས་སྨྲས་པ་ལགས་སམ་མ་ལགས་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་
བྱ་བ་ནས་གཉེར་བའི་ཆོས་ཉིད་ལུང་སྟོན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་བརྒྱ་བྱིན་གྱིས་སྨྲས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་ཡང་མཐུན་ལ། ཆོས་ཉིད་དང་ཡང་མི་འགལ་བ་ཡིན་ནོ་ཞེས་བཀའ་སྩལ་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་
འདས་གནས་བརྟན་རབ་འབྱོར་འདིས་ཅི་དང་ཅི་སྤོབས་པ་དེ་དག་ཐམས་ཅད་སྟོང་པ་ཉིད་ལས་བརྩམས་ཤིང་སྤོབས་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་ཤིང་སྤོབས་པ་ངོ་མཚར་ཆེའོ་ཞེས་བྱ་བའི་བར་གྱིས་ནི། རབ་འབྱོར་ཉན་ཐོས་ཡིན་ལ། བྱང་ཆུབ་སེམས་
དཔའི་སྤྱོད་པ་ཟབ་ཅིང་རྒྱ་ཆེ་བ་རྣམས་ཤེས་ནས་སྤོབས་པ་ཆེན་པོ་གཞན་ལ་ཡང་སྟོན་པ་ངོ་མཚར་ཆེའོ་ཞེས་རབ་འབྱོར་ལ་བསྟོད་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གནས་བརྟན་རབ་འབྱོར་སྟོང་པ་ཉིད་ལ་རྣམ་པར་སྤྱོད་པས་ཞེས་བྱ་བ་ནས་དཔེ་བྱད་
རྣམས་ཀྱང་མི་དམིགས་ན། གང་གི་ལུས་ལ་དཔེ་བྱད་ཡོད་པར་འགྱུར་བ་ལྟ་ཅི་སྨོས་ཞེས་བྱ་བའི་བར་གྱིས་ནི། གནས་བརྟན་རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཟབ་ཅིང་རྒྱ་ཆེན་པོ་ལ་སྤྱོད་པས་སྤྱད་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་
เล่ม ๙๒ · หน้า 221a
ཐམས་ཅད་དང་། དེ་ལ་སྤྱོད་པའི་གང་ཟག་གཉི་ག་ཡང་མི་དམིགས་པས། གནས་བརྟན་རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ལ་དེ་ལྟར་སྤོབས་སོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་གནས་བརྟན་རབ་འབྱོར་
ནི་ཆོས་ཐམས་ཅད་དབེན་པ་ལ་རྣམ་པར་སྤྱོད་པ་སྟེ་ཞེས་བྱ་བ་ནས་གྲངས་དང་ཚ་དང་བགྲང་བ་དང་། དཔེ་དང་རྒྱུར་ཡང་མི་བཟོད་དོ་ཞེས་བྱ་བའི་བར་གྱིས་ནི། གནས་བརྟན་རབ་འབྱོར་དེ་ལྟར་ཟབ་ཅིང་རྒྱ་ཆེ་བའི་སྤྱོད་པ་དང་ལྡན་ཡང་། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་པ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ལ་སོགས་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཁྱད་པར་དུ་འཕགས་པ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་རྣམ་པར་སྤྱོད་པ་མ་རྟོགས་པར་ཞེས་བྱ་བ་ནས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་
ཅད་སྤངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་པ་ལས་ཁྱད་པར་དུ་འཕགས་པའི་གཏན་ཚིགས་
བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལྟར་རབ་འབྱོར་གྱིས་ཕུན་སུམ་ཚོགས་པར་མི་ནུས་པ་དང་། བྱང་ཆུབ་སེམས་དཔའ་སྨོན་ལམ་ཁྱད་པར་ཅན་གྱིས་འཕགས་པས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྤྱོད་པས་ཁྱད་པར་དུ་མི་འཁོར་
རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་འཁོར་དེའི་ནང་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཞེས་བྱ་བ་ནས། བཅོམ་ལྡན་འདས་དགེ་བའི་རྩ་བ་འདིས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ལགས་པའི་རྣམ་པར་སྤྱོད་པ་དམ་པས། བདག་ཅག་རྣམ་པར་སྤྱོད་པར་
གྱུར་ཅིག་ཅེས་སྨྲས་པ་དང་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་པ་ལས་ཁྱད་པར་དུ་འཕགས་པ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། དགེ་སློང་བརྒྱ་དྲུག་ཅུ་འཁོར་
เล่ม ๙๒ · หน้า 221b
དེའི་ནང་ན་འཁོད་པས་ཐོས་ནས་ལྷ་རྣམས་ཀྱིས་ནི་མཆོད་པ་ཆེན་པོ་བྱས། དགེ་སློང་རྣམས་ཀྱིས་ཀྱང་མཆོད་པ་ཆེན་པོ་བྱས་ནས། དགེ་སློང་རྣམས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་པ་ལས་ཁྱད་པར་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དམ་པ་ལ་སྤྱོད་པར་གྱུར་
ཅིག་ཅེས་སྨོན་ལམ་བཏབ་པ་དང་ལུང་བསྟན་པ་བཤད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བདག་གི་བསམ་པ་ཐུགས་སུ་ཆུད་དེ་ཞེས་བྱ་བ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རྣམ་པར་སྤྱོད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། དགེ་སྟོང་བརྒྱ་དྲུག་ཅུ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དད་པ་སྐྱེས་ནས། སྨོན་ལམ་བཏབ་པ་ཡང་འདི་ལྟར་ལུང་བསྟན་པ་དང་སྦྱར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་དེ་ལྟར་མཐུ་ཆེ་ཞིང་བསམ་པ་ཡོངས་སུ་རྫོགས་
པར་འགྱུར་བས་དེ་ལ་སྤྱད་པར་བྱའོ་ཞེས་བསྟན་པའོ། །དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཞེས་བྱ་བ་ནས། དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་དགེ་བའི་རྩ་བ་བསྐྱེད་པ། དགེ་བའི་གཤེས་གཉེན་གྱིས་ཡོངས་སུ་
གཟུང་བར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཚེ་རབས་སྔ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ཅིང་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་སྤྱད་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པར་འགྱུར་གྱི། གཞན་གྱིས་དེ་ལྟར་མི་འགྱུར་རོ་ཞེས་བསྟན་པའོ། །
དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་དགེ་བའི་རྩ་བ་བསྐྱེད་པ་ལྟ་ཡང་མི་སླུ་སྟེ། ཉན་ཐོས་སམ་རང་སངས་རྒྱས་སུ་འགྱུར་མོད་ཀྱི་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་
པས་ཤིན་ཏུ་རྟོགས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། དགེ་བའི་རྩ་བ་གང་སྐྱེད་ཀྱང་ཐེག་པ་གསུམ་གྱི་འབྲས་བུ་ཐོབ་པ་ལྟར་གདོན་མི་ཟ་བར་འགྱུར་མོད་ཀྱི། འོན་ཀྱང་ཆོས་རྣམས་ཀྱི་རང་བཞིན་ཤིན་ཏུ་རྟོགས་པར་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་
เล่ม ๙๒ · หน้า 222a
པར་བྱ་བའི་བར་མ་དོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་མི་བྱའོ་ཞེས་བསྟན་པའོ། །དོན་དེ་ཉིད་གསལ་བར་བཤད་པའི་ཕྱིར་ཤིན་ཏུ་རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་བྱ་བ་ནས་རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པ་ནི་ཉན་ཐོས་དང་རང་སངས་རྒྱས་སུ་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དགའ་བོ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཁྱོད་ལ་གཏད་དེ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་བ་ཡིན་ཞེས་བྱ་བའི་བར་
གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོ་སྡེ་གཞན་ཐམས་ཅད་པས་མཆོག་ཡིན་པ་དང་། དེ་བཞིན་གཤེགས་པ་ཉིད་དང་འདྲ་བ་ལ་སོགས་པའི་ཡོན་ཏན་སྨོས་ནས་ཉམས་པར་མི་འགྱུར་བར་བྱ་བའི་ཕྱིར་གཏད་ཅིང་གཏམས་པ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ་ཞེས་བྱ་བ་ནས། དགའ་བོ་དེ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང་། ཕ་རོལ་ཏུ་ཕྱིན་པ་
དྲུག་ལ་བསླབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་དང་། མཆོད་ཅིང་རིམ་གྲོ་བྱ་བ་དང་། ཡོངས་སུ་མི་གཏོང་བའི་གཏན་ཚིགས་
བསྟན་པ་སྟེ། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་བཞུགས་པ་རྣམས་ཀྱི་བྱང་ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་ཅིང་ཡོངས་སུ་གཏང་བར་མི་བྱའོ་ཞེས་བསྟན་
པའོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མ་སྟེ་སྐྱེད་པར་བྱེད་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱ་བའི་གཏན་ཚིགས་བསྟན་པ་སྟེ། སངས་རྒྱས་དང་
เล่ม ๙๒ · หน้า 222b
བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ་སོའི་ས་བརྙེས་པ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ་བརྙེས་ཤིང་འདིའི་རྒྱུས་བླ་ན་མེད་པའི་བྱང་ཆུབ་བརྙེས་པའི་ཕྱིར་འདི་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕ་རོལ་ཏུ་ཕྱིན་པ་
དྲུག་ལ་སློབ་པ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་ཏེ། དགའ་བོ་དེ་བས་ན་ཁྱོད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཡང་དང་ཡང་དུ་ཡོངས་སུ་གཏད་དོ། །རྗེས་སུ་གཏད་དོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་བཤད་པའི་དོན་དེ་ཉིད་
གསལ་བར་བྱ་བའི་ཕྱིར་བསྟན་པ་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་རྣམས་སྐྱེད་པར་བྱེད་པ་ཡིན་པས། མི་བསླབ་ཏུ་མི་རུང་གི་ཉམས་པར་མི་འགྱུར་བར་ཡུན་རིང་དུ་གནས་ཤིང་། རྒྱ་ཆེར་སྤེལ་བའི་ཕྱིར་ཁྱོད་ལ་གཏད་དོ་ཞེས་བསྟན་པའོ། །དེ་ཅིའི་
ཕྱིར་ཞེ་ན། དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་མཛོད་དོ་ཞེས་བྱ་བ་ནས་ཡོངས་སུ་མྱ་ངན་ལས་འདའོ། །ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་
ནས་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། དེ་དག་གི་འཁོར་ཉན་ཐོས་རྣམས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་རྒྱུས་སོ་སོའི་གོ་འཕང་ཐོབ་ཅིང་། འདི་ལ་བརྟེན་ཏེ་ཆོས་སྟོན་ཏོ་ཞེས་བཤད་པའོ། །དགའ་བོ་གལ་ཏེ་ཁྱོད་ཀྱིས་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་
རྣམས་ལ། ཉན་ཐོས་ཀྱི་ས་ལས་བརྩམས་ཏེ་ཞེས་བྱ་བ་ནས། ཉན་ཐོས་ཀྱི་བྱ་བ་བྱས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཐེག་པ་ཆུང་ངུའི་ཆོས་བསྟན་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པར་གྱུར་པར་བྱས་པ་བས། བྱང་ཆུབ་
སེམས་དཔའ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཚིག་འགའ་ཙམ་ཞིག་བསྟན་པ་ཕན་ཡོན་ཆེ་བ་བསྟན་པའོ། །དགའ་བོ་དེ་ཇི་སྙམ་དུ་སེམས་ཆོས་བསྟན་པ་སྔ་མ་དེས་ཞེས་བྱ་བ་ནས། དེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཐམས་
เล่ม ๙๒ · หน้า 223a
ཅད་ཀྱི་དགེ་བའི་རྩ་བ་ཟིལ་གྱིས་ནོན་པར་འགྱུར་ཏེ་ཞེས་བྱ་བའི་བར་གྱིས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དུས་གཅིག་ཏུ་དགྲ་བཅོམ་པར་གྱུར་ཏེ། སྦྱིན་པ་བྱིན་པ་དང་། ཚུལ་ཁྲིམས་བསྲུངས་པ་དང་། བསྒོམ་པ་
བྱས་པའི་བསོད་ནམས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་ཉི་མ་འགའ་འམ་ཉི་མ་ཕྱེད་དམ། སྔ་དྲོ་འགའ་འམ་ཆུ་ཚོད་འགའ་འམ། སྐད་ཅིག་གམ་ཡུད་ཙམ་མམ། ཐང་ཅིག་ཙམ་བཤད་པ་བསོད་ནམས་ཆེ་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བདག་ཀྱང་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ལ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པའི་གནས་མེད་དེ་དེ་ནི་གནས་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་
བཤད་པ་བསོད་ནམས་ཆེ་བའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་ནི་བདག་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་བྱེད་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་པར་འགྱུར་བ་མི་སྲིད་དོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་འདི་བཤད་པའི་ཚེ་ཞེས་བྱ་བ་ནས་དགའ་བོ་ཆོས་ཐམས་ཅད་ནི་ཤེས་པ་མེད་པ། མཐོང་བ་མེད་པ། བྱ་བ་ལ་མཐུ་མེད་པ་ཤ་སྟག་སྟེ་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་ལ་དངོས་པོ་ཡོད་པར་མི་ལྟ་བ་བསྟན་པའི་ཕྱིར། རྫུ་འཕྲུལ་མཛད་པ་ཕྱིས་བལྟར་མེད་
པའི་དཔེས་ཆོས་ཐམས་ཅད་ཀྱང་དངོས་པོ་བལྟར་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་ཆོས་ཐམས་ཅད་ནི་ནམ་མཁའ་ལྟར་བྱེད་པ་མེད་པས་བྱེད་པ་མེད་ཅིང་འཛིན་པ་མེད་པའོ་ཞེས་བྱ་བ་ནས་སྙིང་པོ་མེད་པའི་ཕྱིར་ཚོར་བ་མེད་པའོ་ཞེས་བྱ་བའི་བར་གྱིས་ནི་དངོས་པོ་མེད་ཅིང་
བྱེད་པ་མེད་པ་དཔེ་དང་བཅས་པར་བསྟན་པའོ། །དཔེར་ན་ནམ་མཁའ་དང་སྒྱུ་མའི་སྐྱེས་བུ་དངོས་པོ་མེད་ཅིང་སེམས་མེད་པས་ཅི་ཡང་མི་བྱེད་པ་བཞིན་ནོ་ཞེས་བསྟན་པའོ། །རྣམ་པར་སྒྲུབ་པས་སོ་སོར་གནས་པའི་མཚན་ཉིད་དེ་ཞེས་བྱ་བ་ནི། དོན་དམ་པར་དེ་ལྟར་དངོས་པོ་མེད་པས་བྱེད་པ་
เล่ม ๙๒ · หน้า 223b
པོ་མེད་ཀྱི། ཀུན་རྫོབ་ཏུ་སྣང་བ་ནི་རྒྱུ་དང་རྐྱེན་གྱིས་བསྒྲུབ་པ་ལ་བརྟེན་པ་ཙམ་དུ་ཟད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ་ཞེས་བྱ་བ་ནས། སངས་རྒྱས་ཀྱིས་གནང་བ་སངས་རྒྱས་ཀྱིས་བསྔགས་
པ་སྟེ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སློབ་པ་ནི། དམིགས་པ་ཅན་གྱི་སྤྱོད་པ་ཐམས་ཅད་པས་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་གནས་ཤིང་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཕྱག་གཡས་པས་གྱེན་དུ་བཏེག་ཅིང་ཞེས་བྱ་བ་ནས་མཉམ་པ་མེད་པ་ཞེས་བྱའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱའོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་སྤྱོད་པའི་མཐུ་དང་ཡོན་ཏན་ཆེ་བ་བསྟན་པའོ། །དགའ་བོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚད་གཟུང་བའམ། མཐའ་བཙལ་བར་འདོད་པ་ནི་ནམ་མཁའ་ཚད་གཟུང་བ་དང་། མཐའ་བཙལ་བར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། དགའ་བོ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟད་པར་བྱ་བར་སེམས་པ་དེ་ནི་ནམ་མཁའ་ཟད་པར་བྱ་བར་སེམས་སུ་ཟད་དོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་ཡོན་ཏན་ཆེན་པོ་དང་ལྡན་པས། ཀུན་རྫོབ་ཏུ་ཡོན་ཏན་ཚད་མེད་ཅིང་ཟད་མི་ཤེས་པ་དང་། ཟད་པར་མི་འགྱུར་བ་བསྟན་པའོ། །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ཆོས་དེ་དག་ལ་ནི་སྐྱེ་བ་ཡང་མེད་ན། དེ་དག་ཟད་པར་འགྱུར་བ་ལྟ་ག་ལ་ཡོད་ཅེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
འབའ་ཞིག་དངོས་པོ་མེད་དེ། ཚད་གཟུང་དུ་མེད་ཅིང་མི་ཟད་པར་མ་ཟད་ཀྱི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་ཀྱང་རང་བཞིན་དེ་དང་འདྲའོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྗགས་ཀྱི་
เล่ม ๙๒ · หน้า 224a
དབང་པོ་བཀྲམ་སྟེ་ཞེས་བྱ་བ་ནས། དགའ་བོ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུངས་གང་བཟུང་བས། ཆོས་ཐམས་ཅད་གཟུང་བར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུངས་བསྟན་པ་འདི་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་འདི་ཡོན་ཏན་མང་པོ་བཤད་པ། འཁོར་རྣམས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཤོ་བེ་མི་གསུང་བའི་རྟགས་སུ་ལྗགས་ཀྱི་དབང་པོ་བཀྲམ་སྟེ་བསྟན་ནས། ངས་བསྟན་པ་བཞིན་དུ་ཡིད་ཆེས་པར་གྱིས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དགེ་སློང་
དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་བཞི་པོ་རྣམས་ལ་རྒྱ་ཆེར་སྟོན་ཅིག་ཅེས་བཀའ་སྩལ་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ལྔ་བཅུ་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་
དུ་གྱུར་ཏེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་བས་པའོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་བཤད་པ་ལྟར་ན། བསྒྲུབ་པར་བྱ་བའི་བླ་ན་མེད་པའི་བྱང་ཆུབ་ཀྱང་ཟབ་ལ། སྒྲུབ་པར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་ལྟར་ཟབ་ན། དེ་དག་ཇི་
ལྟར་བསྒྲུབ་པར་བྱ་བ་ཞུས་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་བས་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དངོས་པོ་མེད་པ་ཇི་ལྟར་བསྒྲུབ་པར་བྱ་བའི་ཐབས་ཞུ་བའི་གླེང་བསླང་བའི་ཕྱིར་སྨྲས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
ནམ་མཁའ་མི་ཟད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་དངོས་པོ་མེད་དེ། ནམ་མཁའ་དང་འདྲ་བའི་ཕྱིར་མི་ཟད་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་
པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་དང་འདྲ་སྟེ། དངོས་པོ་མེད་ན་ཇི་ལྟར་ཡོངས་སུ་རྫོགས་པར་བྱ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་
เล่ม ๙๒ · หน้า 224b
པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ། མི་ཟད་པར་ཤེས་པ་ཉིད་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་མངོན་པར་བསྒྲུབས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་གཟུགས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནས།
རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པ་མི་ཟད་པ་ནམ་མཁའི་དཔེས་བསྟན་པ་སྟེ། ཇི་
ལྟར་ནམ་མཁའ་དངོས་པོ་མེད་པས་ཟད་པར་མི་འགྱུར་བ་དེ་བཞིན་དུ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་དོན་དམ་པར་ནམ་མཁའ་དང་འདྲ་བར་དངོས་པོ་མེད་པས་ཟད་མི་ཤེས་པར་རྟོགས་པར་བྱས་ནས། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་
འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་མ་རིག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནས། རབ་འབྱོར་རྒ་ཤི་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་།
སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་སྟེ་ཞེས་བྱ་བའི་བར་གྱིས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་རྣམ་པར་བརྟག་
པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་བསྟན་པ་སྟེ། དེ་ཡང་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་དང་ལུགས་མ་ཡིན་པར་རྣམ་པར་བལྟས་ནས། དོན་དམ་པར་དེ་དག་ཀྱང་ནམ་མཁའ་ལྟར་དངོས་པོ་མེད་དེ་ཟད་མི་ཤེས་པར་རྟོགས་
เล่ม ๙๒ · หน้า 225a
པར་བྱས་ནས། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། གོང་དུ་
གཟུགས་ལ་སོགས་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་བ་དང་། གཟུགས་ལ་སོགས་པ་ནམ་མཁའ་ལས་དཔེ་བླངས་ཏེ་ཟད་མི་ཤེས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་བརྟགས་
པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་བལྟ་བ་དང་། ཤིན་ཏུ་རྣམ་པར་སྤངས་པ་རྣམ་པར་བལྟ་བ་སྟེ་ཞེས་བྱ་བ་ནས་རྟེན་ཅིང་
འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་དང་ལུགས་མ་ཡིན་པར་བརྟགས་པ། ནམ་མཁའ་ལྟར་ཟད་མི་ཤེས་པར་རྟོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་མཇུག་བསྡུས་ཏེ་བསྟན་པ་སྟེ། ཤིན་ཏུ་རྣམ་པར་སྤང་བ་རྣམ་པར་བལྟ་བ་སྟེ་ཞེས་
བྱ་བ་ནི། ནམ་མཁའ་ལྟར་ཟད་མི་ཤེས་པར་རྟོགས་པ་ཉིད་དངོས་པོར་ལྟ་བ་རྣམ་པར་སྤངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྣམ་པར་ལྟ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ལ་འདུག་པའི་མ་འདྲེས་པའི་ཆོས་ཏེ་ཞེས་བྱ་བ་ནི་དེ་
ལྟར་གོང་དུ་སྨོས་པའི་ཚུལ་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ནམ་མཁའ་ལྟར་ཟད་མི་ཤེས་པར་རྟོགས་པ་དེ་ནི་བྱང་ཆུབ་སེམས་དཔའི་སྙིང་པོ་བྱང་ཆུབ་ལ་འདུག་པར་ནུས་ཀྱི། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དམིགས་པ་ཅན་རྣམས་ཀྱིས་མི་ནུས་ཏེ། དེ་དག་དང་ཐུན་མོང་མ་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྣམ་པར་ལྟ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། ཐུན་མོང་མ་ཡིན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ལྟ་བུ་རྟོགས་ན། རྣམ་པ་
เล่ม ๙๒ · หน้า 225b
ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །རབ་འབྱོར་གང་ལ་ནམ་མཁའ་ལྟར་ཟད་མི་ཤེས་པས་ཞེས་བྱ་བ་ནས། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་ནམ་མཁའ་
ལྟར་ཟད་མི་ཤེས་པར་རྟོགས་པར་བྱས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྣམ་པར་ལྟ་བ་དེ་དག་གཉི་ག་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་
འགྱུར་བའི་ཕན་ཡོན་བསྟན་པའོ། །རབ་འབྱོར་གང་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་ཕྱིར་ལྡོག་པ་དེ་དག་ཐམས་ཅད་ནི་ཞེས་བྱ་བ་ནས། ཐབས་མཁས་པ་འདི་ལ་མ་བརྟེན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་གོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་བརྟེན་པ་དང་། ཆོས་ཐམས་ཅད་ནམ་མཁའ་ལྟར་མི་ཟད་པར་ཤེས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ནམ་མཁའ་ལྟར་ཟད་མི་ཤེས་པ་རྣམ་པར་ལྟ་བ་མི་ཤེས་པ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་བའི་ཉེས་པའི་
དམིགས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དེ་དག་ཐམས་ཅད་ཀྱང་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བལྟ་བར་བྱ། མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་
བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ་ཐབས་མཁས་པ་ལ་སྤྱད་ཅིང་། རྟེན་ཅིང་འབྲེལ་བར་འབྱུང་བ་ནམ་མཁའ་ལྟར་ཟད་མི་ཤེས་པར་རྟོགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་ན་ཕྱིར་མི་ལྡོག་པར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་
དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྣམ་པར་བལྟ་བས་ནི་ཆོས་གང་ཡང་རྒྱུ་མེད་པ་ལས་འབྱུང་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་སྨོས་པའི་ཚུལ་དུ་དོན་དམ་པར་རྟེན་ཅིང་འབྲེལ་བར་འབྱུང་བ་རང་བཞིན་གྱིས་སྟོང་སྟེ། ནམ་
เล่ม ๙๒ · หน้า 226a
མཁའ་ལྟར་ཟད་མི་ཤེས་པར་རྟོགས་ཀྱང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལས་བྱུང་བར་ལྟའི་མུ་སྟེགས་ཅན་ཁ་ཅིག་ལྟར་རྒྱུ་མེད་པ་ལས་འབྱུང་བར་མི་བལྟའོ་ཞེས་བྱ་བའི་དོན་ཏོ། །ཆོས་གང་ཡང་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནས། ཞི་བར་
ཡང་དག་པར་རྗེས་སུ་མི་མཐོང་མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཀུན་རྫོབ་དང་དོན་དམ་པའི་ཚུལ་དུ་ཤེས་པར་བྱ་བ་ལ་མཁས་པ་ནི་ཆོས་གང་ལ་ཡང་རྟག་པའམ། འགག་པའི་དངོས་པོར་ཡོད་པར་ཡང་མི་ལྟ་ལ།
མུ་སྟེགས་ཅན་གྱིས་བརྟགས་པའི་བདག་རྣམས་ལ་སོགས་པའི་དངོས་པོར་ཡོད་པར་མི་བལྟའོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་བལྟ་བར་བྱའོ་ཞེས་བྱ་བ་
ནི་དེ་ལྟར་གོང་དུ་སྨོས་པའི་ཚུལ་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པའི་བློས། ཆོས་གང་ལ་ཡང་རྟག་པ་དང་། འགག་པ་ལ་སོགས་པའི་དངོས་པོར་ཡོད་པར་ཡང་མི་ལྟ་ལ། ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ལ་ཡང་མཁས་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་
གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཚེ། གཟུགས་རྟག་པའམ་མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་ཡོད་པའམ་བདག་མེད་པའམ། ཞི་བའམ་མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་
བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟག་པའམ། མི་རྟག་པ་འམ། བདེ་བའམ། སྡུག་བསྔལ་བའམ། ཞི་བའམ་མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་ན། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་ལ་ཕྱིན་ཅི་ལོག་བཞི་དང་། ཞི་བ་དང་མ་ཞི་བའི་དངོས་པོར་ལྟ་བའི་ཕན་ཡོན་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་
เล่ม ๙๒ · หน้า 226b
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། རབ་
འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་ལ་ཕྱིན་ཅི་ལོག་ཏུ་ལྟ་བར་མི་འགྱུར་བའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སོགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། བག་ཆགས་ཀྱིས་མཚམས་སྦྱོར་བ་ཐམས་ཅད་སྤང་བར་བྱ་བ་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས། བལྟ་བར་བྱ་བའི་དངོས་པོར་ཡང་མེད་ལ། ཆོས་དེ་དག་ལ་ལྟ་བར་འགྱུར་བའི་
དངོས་པོ་གང་ཡང་མེད་པས། ཆོས་དེ་དག་ཐམས་ཅད་ལ་ཕྱིན་ཅི་ལོག་ཏུ་མཐོང་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཚེ། བདུད་སྡིག་
ཏོ་ཅན་མྱ་ངན་གྱི་ཟུག་རྔུས་ཟུག་པར་གྱུར་ཏོ་ཞེས་བྱ་བ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་སྡིག་ཏོ་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མྱ་ངན་གྱི་ཟུག་རྔུ་མི་བཟད་པས་ཟུག་པར་གྱུར་ཏེ། རང་རང་གི་སྟན་ལ་འདུག་མི་འདོད་དོ་ཞེས་བྱ་བའི་བར་གྱིས་ནི།
དེ་ལྟར་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བདུད་ཀྱིས་མི་ཚུགས་ཤིང་། བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་མཐུ་དང་ལྡན་པར་འགྱུར་བ་བསྟན་པའོ། །དེ་ལྟར་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་
དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས། གང་གི་ཕྱིར་དེ་གཟུང་ཞིང་ཕྱིར་ཟློག་པའི་གླགས་མི་རྙེད་གཏིང་མི་རྙེད་དོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་ནི་ནམ་མཁའ་དང་འདྲ་བར་ཟད་མི་ཤེས་པར་རྟོགས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བླ་ན་མེད་པ་ཡང་དག་པར་
เล่ม ๙๒ · หน้า 227a
རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་པར་ངེས་པར་བསྟན་པ་སྟེ། བདུད་འབའ་ཞིག་གིས་མི་ཚུགས་ཤིང་བར་ཆད་བྱ་མི་ནུས་པར་མ་ཟད་ཀྱི། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་ཀྱང་ཕྱིར་བཟློག་ཅིང་བར་ཆད་བྱ་མི་ནུས་སོ་ཞེས་
བྱ་བའི་དོན་ཏོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པས། རྣམ་པར་སྤྱད་པར་བྱ་སྟེ་ཞེས་བྱ་བ་ནི། དེ་
ལྟར་གོང་དུ་བཤད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བདུད་ལ་སོགས་པས་བར་ཆད་བྱ་མི་ནུས་པའི་མཐུ་དང་ལྡན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་ཕྱིར། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་སྤྱད་པར་བྱའོ་ཞེས་གདམས་ངག་ཏུ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པས། རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ནས། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྒོམ་
པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕན་ཡོན་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་མིང་གིས་ཀྱང་སྨོས་ལ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་ཀྱང་འབྱུང་བ་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་ཆར་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བསྟན་པའོ། །དེ་
ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས་ཞེས་བྱ་བའི་བར་གྱིས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བར་བྱ་བའི་ཐབས་ཞུས་པའོ། །
เล่ม ๙๒ · หน้า 227b
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་སྦྱིན་པ་དེ་དག་ཡོངས་སུ་གཏོང་སྟེ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་སྒོམ་པའི་ཚེ། བདག་དང་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཐོབ་པར་བྱ་བའི་ཕྱིར་བསྒོམ་ལ། དེ་ལྟར་བསྒོམས་པའི་བསོད་ནམས་ཀྱང་བདག་དང་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་ཅིག་ཅེས་ཡོངས་སུ་བསྔོས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་
རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་ནི། སྦྱིན་པའི་ཕ་རོལ་
ཏུ་ཕྱིན་པ་གཅིག་པུ་སྤྱོད་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་བྱ་བའི་ཐབས་བསྟན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ལྔ་བཅུ་གཅིག་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་
ཏོ། །བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་པུ་ལ་གནས་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་བྱ་བའི་ཐབས་བསྟན་པའོ། །གསོལ་པ་
เล่ม ๙๒ · หน้า 228a
བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྟེན་པ་ལགས་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་
ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏེ། ཅི་ནས་ཀྱང་མི་སྤོང་མི་འཛིན་པ་དེ་ལྟར་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་བྱ་བའི་ཐབས་བསྟན་
པ་སྟེ། ཅི་ནས་ཀྱང་མི་སྤོང་མི་འཛིན་པ་དེ་ལྟར་ཡོངས་སུ་འཛིན་ཏོ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པས་སྤང་བར་བྱ་བ་དང་གཟུང་བར་བྱ་བ་གཉིས་གར་ཡང་མི་རྟོག་ལ། ཀུན་རྫོབ་ཏུ་ཡོངས་སུ་མི་འཛིན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་བྱ་བའི་ཐབས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་བྱ་བའི་ཐབས་བསྟན་པ་སྟེ། བསམ་གཏན་རྣམས་ཀྱི་མཚན་ཉིད་དང་། བསམ་གཏན་རྣམས་ཀྱི་འབྲས་བུ་མངོན་པར་
เล่ม ๙๒ · หน้า 228b
ཤེས་པ་རྣམས་ཀྱི་མཚན་ཉིད་ནི་སྔར་བཤད་ཟིན་ཏོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་
པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཐབས་བསྟན་པ་སྟེ། རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་མཚན་ཉིད་ནི་སྔར་བཤད་ཟིན་ཏོ། །སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་བསམ་གཏན་དང་སྙོམས་པར་འཇུག་པ་རྣམས་
ལ་གོམས་ཤིང་དབང་དུ་གྱུར་པས་མི་མཐུན་པའི་ཕྱོགས་ཀྱིས་མི་འཇིགས་ཤིང་། བག་མི་ཚ་བར་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་དང་། ཐོད་རྒལ་དུ་སྙོམས་པར་འཇུག་པ་ལ་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་སྟེ། ཡུན་རིང་པོ་ཇི་སྲིད་ཅིག་ནས་ཡང་དག་པར་ཞུགས་པ་ལགས་ཞེས་བྱ་བ་ནས། ཡོངས་སུ་རྫོགས་པར་མ་བྱས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱ་བ་དེ་ལྟ་བུ་གང་ཡང་མེད་དོ་ཞེས་བྱ་བའི་བར་གྱིས་
ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཕ་རོལ་ཏུ་ཕྱིན་པ་གཅིག་སྤྱད་པའི་ཞར་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་བྱེད་ནུས་པའི་བྱང་ཆུབ་སེམས་དཔའ་དཀོན་པ་བསྟན་པ་སྟེ། ཡུན་རིང་པོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བསྐལ་པ་གྲངས་མང་པོར་བྱང་ཆུབ་སེམས་དཔའི་སྤྱོད་པ་
སྤྱད་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་པས། ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་
མཁས་པ་དེ་ལྟ་བུ་དག་དང་ལྡན་པ་དེ་དག་ནི་ངོ་མཚར་ཆེའོ་ཞེས་བྱ་བ་ནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་འདི་སྙམ་དུ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་སོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཐབས་མཁས་པ་དང་ལྡན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་
เล่ม ๙๒ · หน้า 229a
ཕྱིན་པའི་མཐུ་ཡིན་པ་དཔེ་དང་བཅས་པར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་རང་བཞིན་ནི་དེ་ཡིན་ཏེ། ཅི་ཡང་ནུས་པ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་ཞིང་གསོག་སྟེ། སྨིག་རྒྱུ་ལྟ་བུའོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་ཆར་གྱི་གཙོ་བོ་ཡིན་ཡང་གཅིག་ལ་གཅིག་
ཕན་འདོགས་པར་རྣམ་པར་རྟོག་པ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཕ་རོལ་ཏུ་ཕྱིན་པ་དེ་དག་ཐམས་ཅད་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་དེ་སྙམ་དུ་མི་སེམས་ཤིང་རྣམ་པར་མི་རྟོག་གོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན་ཞེས་བྱ་བ་ལ་སོགས་པས་ནི་འཁོར་གྱི་ནང་ནས་ཁ་ཅིག་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱར་མེད་ལ། དེ་དག་ཡོངས་སུ་
རྫོགས་པར་བྱས་པའི་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མེད་དོ་སྙམ་དུ་སེམས་པའི་རྣམ་པར་རྟོག་པ་བསལ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འདི་སྙམ་དུ་ཀྱེ་མ་འཇིག་རྟེན་གནས་པ་འདི་དག་ནི། སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ཡོངས་སུ་རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཡང་། ཀུན་རྫོབ་ཏུ་སེམས་ཅན་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མི་བྱར་མི་རུང་བ་དང་། དེ་དག་ཡོངས་སུ་
རྫོགས་པར་བྱ་བའི་ཐབས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཐ་དད་པ་མ་མཆིས་ན་ཞེས་བྱ་བ་ནས། མི་མཉམ་པ་དང་མཉམ་པ་ཞེས་བགྱི་བའི་བར་གྱིས་ནི། གོང་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་སྟོང་པ་ཉིད་དུ་རོ་གཅིག་སྟེ། རྣམ་པར་མི་རྟོག་
เล่ม ๙๒ · หน้า 229b
པར་བཤད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་ཡིན་པར་ཡང་བཤད་པ་འགལ་བའི་གལ་བཟུང་སྟེ། རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་ངོ་བོ་ཉིད་
མེད་པས་དེའི་ཕྱིར་ཁྱད་པར་མེད་དོ་ཞེས་བྱ་བའི་བར་གྱིས་ནི། དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་ཏེ། ཐ་དད་པ་མེད་དུ་ཟིན་ཀྱང་ཀུན་རྫོབ་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་ཡིན་ནོ་ཞེས་ཐ་དད་དུ་དབྱེར་ཡོད་པ་བསྟན་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་འབྲས་བུ་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་དུ་གཅིག་ཏུ་འགྱུར་བའི་དཔེ་སེམས་ཅན་ལུས་ཀྱི་ཁ་དོག་ཐ་དད་པ་རྣམས་རི་རབ་དང་ཉེ་བར་གྱུར་ན། ངོས་གང་དང་ཉེ་བ་དེའི་ཁ་དོག་ཏུ་འགྱུར་བ་ལས་བླངས་ཏེ་བསྟན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་
ཁ་དོག་ཏུ་ཁ་དོག་གཅིག་པར་འགྱུར་ཞེས་བྱ་བ། རྒྱ་གར་སྐད་དུ། པ་ན་ཞེས་པ་རིགས་སམ་རང་བཞིན་ལ་ཡང་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིགས་སམ་རང་བཞིན་དུ་གཅིག་ཏུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཆོས་གང་ལ་ཡང་ཁྱད་པར་མ་
མཆིས་ལ། བྱེ་བྲག་མ་མཆིས་ན་ཞེས་བྱ་བ་ནས། མཉམ་པ་མེད་པ་ཞེས་བྱ་བ་ན། མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་ཏེ། ཆོས་གང་ལ་ཡང་ཐ་དད་པ་མེད་པ། བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཐོབ་པར་བྱ་བའི་དོན་ཡང་ཅི་ཞིག་ཡོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཅིའི་ཕྱིར་གཙོ་བོ་ཡིན་ཞེས་ཞུས་པ་དང་། དེ་ལྟར་ཆོས་ཐམས་ཅད་དོན་དམ་པར་སྟོང་པའི་རང་བཞིན་དུ་གཅིག་ཀྱང་། ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་དང་བརྡར་བྱ་ན། དོན་རྗེས་སུ་འཐོབ་པ་མེད་
པ་ཡང་མ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཐ་དད་པ་ཡང་མེད་པ་ཡང་མ་ཡིན་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་ཡིན་པར་དཔེ་དང་བཅས་ཏེ་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཅེས་བགྱི་བ་དང་། གཙོ་བོ་ཞེས་བགྱི་བ་
เล่ม ๙๒ · หน้า 230a
དང་ཞེས་བྱ་བ་ནས། མི་མཉམ་པ་དང་མཉམ་པ་ཞེས་བགྱི་བ་ཅི་ལས་དགོངས་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅིའི་ཕྱིར་གཙོ་བོ་ཡིན་པའི་གཏན་ཚིགས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་བཟུང་ཞིང་མི་གནས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་གནས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ན། དགེ་བའི་ཆོས་སྤྱོད་དོ་ཅོག་ཐམས་ཅད་འཁོར་
གསུམ་ཡོངས་སུ་དག་པར་སྤྱད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཕྱིར། གཙོ་བོ་དང་རབ་ལ་སོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཡང་ཡོངས་སུ་འཛིན་པའམ། མཐོང་བ་མཆིས་སམ་ཞེས་བྱ་
བ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་སྟེ་གལ་ཏེ་ཆོས་འགའ་ཞིག་ཡོངས་སུ་འཛིན་ན། དེ་ཉིད་མངོན་པར་ཆགས་པའི་སྐྱོན་དུ་འགྱུར་ཏེ། དེ་ཅི་ཡང་ཡོངས་སུ་མི་འཛིན་པར་གཏོང་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་འགྱུར་རོ་སྙམ་དུ་རྟོག་པ་བསལ་བའི་ཕྱིར་རབ་འབྱོར་གྱིས་ཞུས་
པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་ཡོངས་སུ་འཛིན་པའམ་གཏོང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མེད་པ་དང་། གཏོང་བ་མེད་པའི་ཕྱིར་
རོ་ཞེས་བྱ་བ་ནི། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། ཡོངས་སུ་གཟུང་བར་བྱ་བའམ། གཏང་བར་བྱ་བའི་དངོས་པོ་མེད་པའི་ཕྱིར་འཛིན་པའམ་གཏོང་བ་མེད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་
ཐམས་ཅད་མི་འཛིན་མི་གཏོང་བ་ལགས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་གཟུང་དུ་མེད་པ་དང་། གཏོང་དུ་མེད་པ་ཞིབ་ཏུ་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་
เล่ม ๙๒ · หน้า 230b
ཡོངས་སུ་མི་འཛིན་མི་གཏོང་ངོ་ཞེས་བྱ་བ་ནས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་མི་འཛིན་མི་གཏོང་ངོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་གཟུང་དུ་ཡང་མེད་གཏོང་དུ་ཡང་མེད་
པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཡང་ཡོངས་སུ་མི་འཛིན་མི་གཏོང་ངོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན། གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ལགས་ཞེས་བྱ་བ་ནས། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས་ཞེས་
བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་གཏོང་བར་བྱ་བའི་ཐབས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཡིད་ལ་མི་བྱེད་པས། གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་
ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་མི་བྱེད་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་ཏེ། དམིགས་པའི་ཡུལ་མ་ཡིན་པའི་ཕྱིར་ཡིད་
ལ་མི་བྱེད་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་ན་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་སྨོས་
པའི་ཚིག་ཉིད་བཟླས་ནས། དེ་ལྟར་ཡིད་ལ་མི་བྱེད་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་བ་ཡིན་གྱི། དངོས་པོ་ཡོད་པ་མི་འཛིན་མི་གཏོང་བ་ནི་མ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་གཟུགས་ཡིད་ལ་མི་བགྱི། ཚོར་བ་ཡིད་ལ་མི་བགྱི་ཞེས་བྱ་བ་ནས།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་མ་བགྱིས་པར་དགེ་བའི་རྩ་བ་རྣམས་ཇི་ལྟར་རྣམ་པར་འཕེལ་བར་འགྱུར། དགེ་བའི་རྩ་བ་རྣམས་རྣམ་པར་མ་འཕེལ་ན་ཡང་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་མ་རྫོགས་པ་ན་ཡང་ཇི་ལྟར་རྣམ་
เล่ม ๙๒ · หน้า 231a
པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་འགྱུར་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཆོས་ཐམས་ཅད་ཡིད་ལ་མི་བྱ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་མི་འཕེལ་བར་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཞེས་གལ་བཟུང་སྟེ་ཞུས་པའོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་གཟུགས་ཡིད་ལ་མི་བྱེད་ཅེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་རྣམས་རྣམ་པར་འཕེལ་བར་འགྱུར་ཏེ། དགེ་བའི་རྩ་བ་རྣམ་པར་འཕེལ་
བས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་སྟོང་པར་རྟོགས་ཏེ། དེ་དག་ལ་མངོན་པར་མ་ཆགས་
ཤིང་ཡིད་ལ་མ་བྱས་ན། འཁོར་གསུམ་ཡོངས་སུ་དག་པར་དགེ་བའི་རྩ་བ་རྣམས་སྤེལ་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཡིད་ལ་མ་བྱས་པས་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་སྨོས་པའི་དོན་དེ་ཉིད་བཟླས་ཏེ། དེ་ལྟར་ཆོས་ཐམས་ཅད་ཡིད་ལ་མ་བྱས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་
བསྟན་པའོ། །གསོལ་པ་ཅིའི་སླད་དུ་དེ་ལྟར་གཟུགས་ཡིད་ལ་མ་བགྱིས་ཞེས་བྱ་བ་ནས། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མ་བགྱིས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཞེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་ཡིད་ལ་བྱས་ན། སྐྱོན་དུ་
འགྱུར་བ་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཆོས་གང་ཡང་འདྲེས་པར་མི་བྱའོ་ཞེས་བྱ་བའི་བར་གྱིས་ན། ཆོས་རྣམས་ལ་དངོས་པོར་ལྟ་ཞིང་མངོན་པར་ཆགས་པས་ཡིད་ལ་བྱས་ན། ཁམས་གསུམ་ལས་གྲོལ་ཐར་བར་མི་
เล่ม ๙๒ · หน้า 231b
འགྱུར་ཏེ། དེ་བས་ན་ཆོས་གང་ལ་ཡང་མངོན་པར་ཆགས་པས་ཡིད་ལ་མི་བྱ་ཞིང་། ཁམས་གསུམ་གྱི་ཆོས་གང་དང་ཡང་མ་འདྲེས་པར་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་དེ་དག་
གང་ལ་གནས་པར་འགྱུར་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་ཡིད་ལ་མི་བྱེད་ཅིང་། ཁམས་གསུམ་གང་དང་ཡང་འདྲེས་པར་མི་བྱ་ན། གང་ལ་བརྟེན་ཞིང་གནས་པར་བྱ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ནི་གཟུགས་ལ་གནས་པར་མི་འགྱུར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དངོས་པོར་ལྟ་ཞིང་མངོན་པར་ཆགས་པའི་དབང་གིས་ནི་ཆོས་གང་ལ་ཡང་གནས་པ་མ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་
ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་གནས་པར་མི་འགྱུར་བ་ལགས་ཞེས་བྱ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བསྒྲུབ་ཅིང་ཐོབ་པར་བྱ་བ་ཡིན་ན། དེ་ལ་ཅིའི་ཕྱིར་གནས་པར་མི་འགྱུར་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མངོན་པར་ཆགས་
པ་མེད་པའི་ཕྱིར་གང་ལ་ཡང་གནས་པར་མི་འགྱུར་རོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཆགས་ཤིང་གནས་པར་བྱ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་མངོན་པར་ཆགས་པར་བྱ་བའམ། གནས་པར་བྱ་བའི་ཆོས་དེ་ལྟ་བུ་གང་
ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ནི། དོན་དེ་ཉིད་གཏན་ཚིགས་དང་བཅས་པས་གསལ་བར་བསྟན་པ་སྟེ། དངོས་པོ་འགའ་ཞིག་ཡོད་ན་ནི་དེ་ལ་མངོན་པར་ཆགས་པ་འམ། གནས་པར་བྱར་ཡང་རུང་ན་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་མངོན་པར་ཆགས་པར་བྱ་བའམ།
གནས་པར་བྱ་བ་དེ་ལྟ་བུ་གང་ཡང་མེད་པའི་ཕྱིར། གང་ལ་ཡང་གནས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཆགས་པ་མེད་པ་དང་། གནས་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་དེ་ལྟར་
เล่ม ๙๒ · หน้า 232a
གོང་དུ་བཤད་པའི་ཚུལ་དུ་ཆོས་གང་ལ་ཡང་མངོན་པར་མ་ཆགས་ཤིང་མི་གནས་པར་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བསྟན་པའོ། །གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཤིང་། གང་དེ་ལྟར་སྤྱོད་
པ་དང་། དེ་ལྟར་བསྒོམས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་རིང་དུ་གྱུར་པ་ཡིན་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གང་ལ་ཡང་མངོན་པར་མ་ཆགས། གང་ལ་ཡང་མི་གནས་པར་སྤྱོད་པ་དེའི་ཚེ། བདག་དེ་ལྟར་སྤྱོད་ཅིང་སྒོམ་མོ་
སྙམ་པའི་འདུ་ཤེས་ཙམ་ཞིག་སྐྱེས་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་མཐུན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་དང་བྲལ་ཞིང་རིང་དུ་གྱུར་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ནི་གང་ལ་ཡང་མངོན་པར་ཆགས་པར་མི་བྱེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པ་གང་ཡང་མེད་དོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོང་པའི་ཕྱིར་གཞན་ལ་མངོན་པར་ཆགས་པར་བྱེད་པ་ཡང་མ་ཡིན་
གཞན་གྱིས་མངོན་པར་ཆགས་པར་བྱ་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་མངོན་པར་ཆགས་པར་འགྱུར་བ་དེ་ལྟ་བུའི་རང་བཞིན་དེ་ལ་མེད་དེ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆགས་པར་བྱེད་པ་དང་། ཆགས་པར་བྱ་བ་གཉི་གའི་རང་
བཞིན་དུ་ཡོད་པ་མ་ཡིན་པའི་གཏན་ཚིགས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུ་ཤེས་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པར་འགྱུར་ཏེ། གང་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལས་ཉམས་པ་དེ་ནི་ཆོས་ཐམས་ཅད་ལས་ཉམས་པར་འགྱུར་རོ་ཞེས་བྱ་བ་ནས། རབ་འབྱོར་དེ་ཡང་འདི་ལྟར་དེ་བཞིན་གཤེགས་པ་ནི་ཆོས་གང་ཡང་འདོགས་པ་མེད་ན། ཆོས་ལ་ལ་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལྟ་ག་ལ་ཡོད་དེ་དེ་ནི་གནས་མ་ཡིན་ནོ་ཞེས་བྱ་
เล่ม ๙๒ · หน้า 232b
བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་འདུ་ཤེས་སྐྱེ་ཞིང་མཚན་མར་འཛིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འཐོབ་པའི་སྐྱོན་དུ་འགྱུར་བ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་མ་ཆགས་པས་བརྗོད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་ལ་འདུ་ཤེས་དང་མཚན་མར་འཛིན་པའི་སྐྱོན་དུ་མི་འགྱུར་བའི་ཐབས་བསྟན་པའོ། །
གསོལ་པ་བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལགས་སམ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཆོས་དེ་དག་གི་རང་བཞིན་དང་བྲལ་ཏེ། རང་བཞིན་གཅིག་ན་བདག་གིས་བདག་མངོན་པར་བསྒྲུབ་ཏུ་མི་རུང་སྟེ། དཔེར་ན་རལ་གྲི་དེ་ཉིད་ཀྱི་སོས་རལ་གྲི་དེ་ཉིད་བཅད་དུ་མི་རུང་བ་བཞིན་ནོ། །ཇི་ལྟར་དེ་དག་མངོན་པར་བསྒྲུབ་པར་བགྱི་ཞེས་གལ་བཟུང་སྟེ་ཞུས་
པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཞེའམ་འདི་ནི་གཟུགས་སོ། །འདིའི་གཟུགས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ་ཞེས་བྱ་བ་ནས། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཅེའམ། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འདིའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པར་རྟོགས་པས་བདག་
དང་བདག་གིར་མི་རྟོག་ཅིང་། མངོན་པར་ཆགས་པ་མེད་པ་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་མངོན་པར་བསྒྲུབ་པ་ཡིན་གྱི། དངོས་པོ་ཡོད་པར་ལྟ་ཞིང་ཆགས་པས་ནི་མངོན་པར་བསྒྲུབ་པར་མི་ནུས་སོ་ཞེས་བསྟན་པའོ། །གཟུགས་རྟག་པའམ་མི་རྟག་པར་མངོན་པར་ཆགས་པ་མེད་དོ་ཞེས་
เล่ม ๙๒ · หน้า 233a
བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན་པའམ། མི་དབེན་པར་མངོན་པར་ཆགས་པ་མེད་དོ་ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་རྟག་པའམ། མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་གམ་བདག་མེད་པ་འམ།
ཞི་བའམ་མ་ཞི་བའམ། སྟོང་པའམ་མི་སྟོང་པའམ། མཚན་མ་ཡོད་པའམ་མཚན་མ་མེད་པ་འམ། སྨོན་པ་ཡོད་པ་འམ། སྨོན་པ་མེད་པའམ། དབེན་པའམ་མི་དབེན་པར་འདུ་ཤེས་ཤིང་། མངོན་པར་ཆགས་པ་མེད་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་པས།
ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་མངོན་པར་བསྒྲུབ་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་མེད་པའི་ཆོས་ལ་ནི་རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བའམ་ཞེས་བྱ་བ་ནས། དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་མངོན་པར་བསྒྲུབ་
པར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི། རྟག་པའམ་མི་རྟག་པ་ལ་སོགས་པར་མངོན་པར་སྒྲུབ་པར་བྱེད་པ་དང་། མངོན་པར་བསྒྲུབ་པར་བྱ་བའི་ཆོས་རྣམས་དོན་དམ་པར་དངོས་པོ་མེད་པས། མངོན་པར་ཆགས་པར་བྱ་ཞིང་སྒྲུབ་ཏུ་མེད་དོ་ཞེས་བསྟན་པའོ། །ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱིས་མངོན་
པར་བསྒྲུབ་པར་མི་ནུས་སོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་པས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་མངོན་པར་བསྒྲུབ་ཏུ་མེད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པ་ཞེས་བྱ་བ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་དོན་དམ་པར་ཆོས་ཐམས་ཅད་སྟོང་པའི་ངོ་བོ་ཉིད་དུ་རྟོགས་ལ། དེ་ལ་མངོན་པར་མ་ཆགས་པར་ཕ་རོལ་
ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་དང་མ་བྲལ་བའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་ནི། འཁོར་ལོས་སྒྱུར་བའི་
เล่ม ๙๒ · หน้า 233b
རྒྱལ་པོ་གང་དང་གང་དུ་འགྲོ་བ་དེ་དང་དེར་འགྲོའོ་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ཀྱི་གཙོ་བོ་ཡིན་པའི་དཔེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ཁ་ལོ་བསྒྱུར་བ་ལས་བླངས་ཏེ་བསྟན་པ་སྟེ། ལམ་མཉམ་པ་ནི་ཉན་ཐོས་དང་
རང་སངས་རྒྱས་ཀྱི་ལམ་དམིགས་པ་ཅན་མེད་པའི་དཔེའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ནི་གང་ལགས། ལམ་མ་ལགས་པ་ནི་གང་ལགས་ཞེས་བྱ་བ་ནི་གོང་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར། ལམ་མཉམ་
པ་ནས་འགྲོ་ཞེས་གསུངས་པ། ལམ་དང་ལམ་མ་ཡིན་པ་གང་ཡིན་པ་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ་ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་མ་ཡིན་ནོ། །
རང་སངས་རྒྱས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་མ་ཡིན་ནོ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དམིགས་པ་ཅན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་རྒྱུ་ལ་ལམ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཐོབ་པར་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔོན་དུ་འགྲོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་མོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་
པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་རྒྱུ་ཡིན་ནོ་ཞེས་བསྟན་པའོ། །འདི་ནི་ལམ་མ་ཡིན་པའོ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལྟ་བ་དམིགས་པ་ཅན་ལ་སྤྱད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་རྒྱུ་
མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལམ་དང་ལམ་མ་ལགས་པ་སྟོན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དོན་ཆེན་པོའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ནི། གོང་དུ་ལམ་དང་ལམ་མ་ཡིན་པ་བསྟན་པས་
เล่ม ๙๒ · หน้า 234a
རབ་འབྱོར་མགུ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་སྟེ། ཆོས་དང་གང་ཟག་ལ་བདག་མེད་པའི་དོན་སྟོན་པ་དང་། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་སྟོན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུ་ཆེན་པོ་ཐོབ་པའི་རྒྱུ་ཡིན་པའི་
ཕྱིར། དོན་ཆེན་པོ་བསྒྲུབ་པའི་བྱ་བ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱིས་གསོལ་པའི་དོན་དེ་ཉིད་འཁོར་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་དེ་བདེན་ནོ་ཞེས་བསྟན་པ་སྟེ། དོན་
ཚད་མེད་པ་དང་། དོན་གྲངས་མེད་པ་ཡང་དོན་ཆེན་པོའི་འགྲེལ་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོན་ཏན་ཚད་མེད་གྲངས་མེད་པ་ཐོབ་པའི་རྒྱུ་ཡིན་པ་དང་། སེམས་ཅན་ཚད་མེད་གྲངས་མེད་པའི་དོན་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་དེ་
ཡང་རྗོད་མོད་ཀྱི། གཟུགས་ཡོངས་སུ་འཛིན་ཏོ་ཞེས་བྱ་བ་ལ་སོགས་པས་ནི། ཀུན་རྫོབ་ཏུ་དོན་དེ་ལྟ་བུ་དག་སྟོན་ཀྱང་དོན་དམ་པར་ནི་གཟུགས་ལ་སོགས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་དངོས་པོར་ལྟ་ཞིང་མཚན་མར་འཛིན་པ་མ་ཡིན་ནོ་ཞེས་བསྟན་པའོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་གང་ལ་ཡང་བླང་དོར་མེད་པ་བསྟན་པ་སྟེ། དེ་ལྟར་ཆོས་ཀྱི་གནས་
ཉིད་ཚད་མར་བྱས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་སྐྱེད་པ་མ་ཡིན་འགོག་པ་མ་ཡིན་ནོ་ཞེས་བྱ་བ་ནི། གོང་དུ་བླང་དོར་མེད་པ་བསྟན་པའི་གཏན་ཚིགས་བསྟན་པ་སྟེ། དེ་བཞིན་ཉིད་བརྩན་པར་བྱས་ན། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པས། རྣམ་པར་བྱང་བའི་
ཕྱོགས་སུ་གཏོགས་པའི་ཆོས་རྣམས་བསྐྱེད་དུ་ཡང་མེད། ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་དགག་ཏུ་ཡང་མེད་པའི་ཕྱིར། ཆོས་གང་ཡང་བསྐྱེད་པ་མ་ཡིན་འགོག་པ་མ་ཡིན་ནོ་ཞེས་བསྟན་པ་སྟེ། ཆོས་ཀྱི་གནས་ཉིད་མཚན་མར་བྱས་ན་ཞེས་བྱ་བ་ནི་དེ་བཞིན་
เล่ม ๙๒ · หน้า 234b
བརྩན་པར་བྱས་ན་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་གང་ཡང་སྐྱེ་བ་མ་ལགས་འགོག་པ་མ་ལགས་ན་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་གང་ཡང་དངོས་པོ་མེད་པས་གང་ལ་ཡང་མི་རྟོག་སྟེ།
མི་འགོག་མི་སྐྱེད་ན་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་སྤྱད་པར་བྱ་ཞེས་དོན་དམ་པའི་བདེན་པ་ལ་བརྟེན་ནས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ། སྦྱིན་པ་བྱིན་
པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པར་ཆོས་གང་ཡང་བསྐྱེད་པར་བྱ་བའམ། དགག་པར་བྱ་བ་མེད་དུ་ཟིན་ཀྱང་ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་བསྔོས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་
བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། ཤེས་རབ་ཀྱིས་དོན་དམ་པར་སྟོང་པར་རྟོགས་ལ། ཐབས་ཀྱིས་ཀུན་རྫོབ་ཏུ་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་
བསྔོས་ན། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ཞིང་འཁོར་གསུམ་དག་པས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བསྒོམ་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་
བ་ལ་སོགས་པས་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་བསྟན་པ་སྟེ། བྱང་ཆུབ་སེམས་དཔའི་བྱམས་པ་བསྒོམ་པ་སྔར་བཤད་པའི་མཚན་ཉིད་གང་ཡིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་རྒྱུ་ཡིན་པའི་ཕྱིར། རྒྱུ་ལ་འབྲས་བུ་བཏགས་ཏེ་བྱམས་པ་བསྒོམ་པ་དེ་
ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ་ཞེས་བསྟན་པའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་རྒྱུ་ཡིན་པས་རྒྱུ་ལ་འབྲས་བུ་བཏགས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་ཡིན་
เล่ม ๙๒ · หน้า 235a
པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་
དྲུག་ལ་བརྩོན་པར་བགྱི་ཞེས་བྱ་བ་ནི། གོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ་ཞེས་བཤད་པ་ལས་གླེང་བསླང་ས་ནས། དོན་དམ་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཇི་ལྟར་བསྒོམ་ཞིང་བརྩོན་པར་བྱ་བ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་གཟུགས་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་བརྟག་པར་བྱ་སྟེ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་
ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཉོན་མོངས་པ་ལ་སོགས་པའི་དྲི་མ་དང་ལྡན་པ་ཡང་མ་ཡིན། དྲི་མ་སྤངས་ཏེ་མི་ལྡན་པ་ཡང་མ་ཡིན་པར་བསྒོམ་ཞིང་བརྟག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་གཟུགས་ལ་གནས་པར་བྱའོ་ཞེས་བརྩོན་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི། དེ་ལྟར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པས་ཅི་ལ་ཡང་མི་གནས་པའི་ཕྱིར་གནས་ཤིང་བརྟེན་པར་བྱ་བའི་དངོས་པོ་གང་ཡང་མེད་པས་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ལ་ཐུག་གི་བར་དུ་རྣམ་པར་སྨིན་པའི་ཕུང་པོ་བདེ་བ་ལ་སོགས་པ་ཐོབ་པར་བྱ་བའི་བསམ་པ་ལ་གནས་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུ་ཐོབ་པར་བྱ་བའི་བསམ་པ་ལ་གནས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྣལ་འབྱོར་དུ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་
ཞེ་ན། གཟུགས་ནི་གང་ལ་ཡང་མི་གནས་སོ་ཞེས་བྱ་བ་ལ་སོགས་པས་ནི་གནས་པར་མི་བྱ་བའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡང་མི་གནས་པ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔས་ཀྱང་ཅི་ལ་ཡང་མི་གནས་པར་
เล่ม ๙๒ · หน้า 235b
བྱས་ན་དེ་བཞིན་ཉིད་དང་མི་འགལ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཞིག་ཤིང་ཐོག་ཨ་མྲ་འམ། པ་ན་ས་ཟ་བར་འདོད་ན་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུ་རྗེས་སུ་
མཐུན་པའི་རྒྱུ་སྤྱད་པའི་དཔེ་ཀུན་རྫོབ་ཏུ་བསྟན་པ་སྟེ། ཀུན་རྫོབ་ཀྱི་དཔེ་དེས་དོན་དམ་པར་ཡང་དེ་བཞིན་ཉིད་དང་མཐུན་པའི་རྒྱུ་ཆོས་གང་ལ་ཡང་མི་གནས་པར་རྣལ་འབྱོར་དུ་བྱས་ན་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་ལ། ཀུན་རྫོབ་ཏུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབས་ཏེ་ཕ་རོལ་
ཏུ་ཕྱིན་པ་དྲུག་གིས་སེམས་ཅན་རྣམས་ལ་ཕན་གདགས་པར་བྱ་སྟེ། དེ་ལྟར་བྱས་ན་གཞན་ལ་མི་ལྟོས་པ་བྱང་ཆུབ་ཀྱི་ཚོགས་རྫོགས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། བྱང་ཆུབ་ཀྱི་སྙིང་པོར་འདུག་པར་བྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་ནུས་པར་འགྱུར་རོ་ཞེས་
བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུང་ངམ་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ན། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཐ་དད་དུ་དབྱེར་མེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་ཏུ་ནི་བདག་ཉིད་ཀྱིས་བདག་ཉིད་ལ་བསླབ་ཏུ་མི་རུང་སྟེ། དཔེར་ན་རལ་གྲི་དེ་ཉིད་ཀྱི་སོས་རལ་གྲི་དེ་ཉིད་བཅད་དུ་མི་རུང་བ་དང་འདྲའོ་ཞེས་གལ་བཟུང་སྟེ་ཞུས་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསླབ་པར་བྱའོ་ཞེས་སྨྲས་པའོ་ཞེས་བྱ་བ་ནི། ཤེས་རབ་
དང་ཐབས་སུ་ལྡན་པས། དེ་ལྟར་བསླབ་ཏུ་རུང་བར་བཤད་དོ་ཞེས་མདོར་བསྟན་པའོ། །ཆོས་ཐམས་ཅད་ལ་དབང་དུ་འགྱུར་བ་ཐོབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་སྨྲའོ་ཞེས་བྱ་བ་ནི་གོང་དུ་མདོར་བསྟན་པའི་དོན་དེ་ཉིད་འགྲེལ་པ་སྟེ། ཤེས་རབ་
ཀྱིས་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པར་བྱས་ལ། ཐབས་ཀྱིས་ཀུན་རྫོབ་ཏུ་དངོས་པོ་ལ་མ་ཆགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ན་ཆོས་ཐམས་ཅད་ལ་དབང་དུ་འགྱུར་རོ་ཞེས་བསྟན་པ་སྟེ། ཆོས་ཐམས་ཅད་ལ་དབང་དུ་འགྱུར་རོ་
เล่ม ๙๒ · หน้า 236a
ཞེས་བྱ་བ་ཡང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པས་དངོས་པོ་གང་ལ་ཡང་མ་ཆགས་པར་མི་དམིགས་པའི་ཚུལ་གྱིས་སློབ་པ་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་ཆོས་ཐམས་ཅད་དབང་དུ་འགྱུར་བའི་ས་ཐོབ་པར་འགྱུར་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་
བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ན། ཆོས་ཐམས་ཅད་ལ་དབང་དུ་འགྱུར་བའི་ཤེས་རབ་འཐོབ་པར་འགྱུར་རོ་ཞེས་བསྟན་པ་སྟེ། དབང་དུ་འགྱུར་བའི་ས་ཞེས་བྱ་བ་ནི་དེ་བཞིན་ཉིད་རྟོགས་པའི་ཤེས་རབ་ལ་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་
ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ན་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་རྟོགས་པར་འགྱུར་རོ་ཞེས་བསྟན་པའོ། །འདི་ལྟར་དཔེར་ན་རྒྱ་མཚོ་ཆེན་པོ་ནི་ཆུ་ཀླུང་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པས་ཆུ་ཀླུང་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོར་འདུ་ཞིང་ལན་ཚྭའི་
རོར་རོ་གཅིག་པར་འགྱུར་བ་དེ་བཞིན་དུ། ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུ་ཞིང་དེ་བཞིན་ཉིད་དུ་རོ་གཅིག་པར་འགྱུར་བས། ཐེག་པ་གསུམ་ཆར་ལ་སློབ་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟ་བས་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་ཀྱི་སྒོ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་བྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་
གི་བར་དུ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཕོང་གི་སློབ་དཔོན་ལག་ཚོད་དང་འབྱོར་པའི་གཞུ་ཐོགས་པ་ནི་དགྲ་དང་ཕྱིར་རྒོལ་བ་རྣམས་ཀྱིས་ཐུབ་པར་དཀའོ་ཞེས་བྱ་བ་ལ་སོགས་པས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་སྤྱོད་
པས་ཆོས་ཐམས་ཅད་ལ་དབང་དུ་གྱུར་ནས་ཉོན་མོངས་པ་ལ་སོགས་པའི་དགྲས་མི་ཚུགས་པའི་དཔེས་བསྟན་པ་སྟེ། མི་དཔའ་བོ་འཕོང་སྐྱེན་པ་དག་གིས་ལག་ཚོད་ལ་བབ་པའི་གཞུ་ཐོགས་པ་ན་ཉམས་འོག་ཏུ་ཆུད་ཅིང་དབང་དུ་འགྱུར་བས་དགྲ་ལ་སོགས་པས་ཐུབ་པར་བཀའ་བ་དེ་བཞིན་དུ། ཐབས་དང་ཤེས་རབ་
เล่ม ๙๒ · หน้า 236b
ཟུང་དུ་འབྲེལ་ཞིང་ཆོས་ཐམས་ཅད་ལ་དབང་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་བདུད་ལ་སོགས་པས་ཐུབ་པར་དཀའོ་ཞེས་བསྟན་པའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་
བཅོམ་ལྡན་འདས་རྣམས་དགོངས་པ་མཛད་དོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་ལ་དབང་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ལ། ཆོས་གང་ལ་ཡང་མ་ཆགས་ཤིང་མི་དམིགས་པར་སྤྱོད་པར་བྱིན་གྱིས་རློབ་ཅིང་མཐུ་གཏོང་ངོ་ཞེས་བསྟན་པའོ། །གསོལ་
པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དགོངས་པ་མཛད་ཅེས་བྱ་བ་ལ་སོགས་པས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་དགོངས་པ་མཛད་པ་ཞིབ་ཏུ་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པ་དེ་ལྟར་དགོངས་པ་མཛད་དོ་ཞེས་
བྱ་བ་ལ་སོགས་པས་ནི། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ཞིང་ཆོས་ཐམས་ཅད་ལ་དབང་དུ་གྱུར་པ་ལ། དོན་དམ་པར་ཆོས་གང་ཡང་མི་དམིགས་ལ། ཀུན་རྫོབ་ཏུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མི་སྤྱོད་པ་ཡང་མ་ཡིན་ཏེ། དེ་དག་ལ་ཡང་སྤྱོད་ལ་ཅི་ལ་ཡང་མ་ཆགས་ཤིང་
མི་དམིགས་པ་དང་། ཉོན་མོངས་པ་དང་བདུད་ལ་སོགས་པའི་དབང་དུ་མི་འགྱུར་བར་བྱིན་གྱིས་རློབ་ཅིང་དགོངས་པ་མཛད་དོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གཟུགས་སུ་དགོངས་པ་མི་མཛད་དོ་
ཞེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་སེམས་དཔའ་ཉིད་ཀྱང་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་དོན་དམ་པར་ཆོས་གང་གིས་དངོས་པོར་ཡང་དམིགས་ཏེ་དགོངས་པ་མི་མཛད་ཀྱི། ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་དགོངས་པ་མཛད་དོ་ཞེས་བསྟན་
เล่ม ๙๒ · หน้า 237a
པའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་མང་པོ་ལ་ཡང་བསླབ་པར་བགྱི་ལ། གང་ལ་ཡང་བསླབ་པར་མི་བགྱིའོ་ཞེས་བྱ་བ་ལ་སོགས་པས་ནི། ཀུན་རྫོབ་ཏུ་ཕ་རོལ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་
རྣམ་པ་མང་པོ་ལ་བསླབས་ལ། དོན་དམ་པར་དེ་ལྟར་བསླབ་པར་བྱ་བའི་ཆོས་གང་ཡང་དམིགས་སུ་མེད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པས་ཆོས་འདི་དག་མདོ་དང་རྒྱས་པར་བསྟན་ན་ཞེས་བྱ་བ་ལ་སོགས་པ་ནི། དོན་དམ་པར་ཆོས་ཐམས་
ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་རྟོགས་པར་བྱ་བ་བསྟན་པ་ནི་མདོར་བསྟན་པའོ། །ཀུན་རྫོབ་ཏུ་ཆོས་རྣམས་ཀྱི་མཚན་ཉིད་སོ་སོར་ཕྱེ་སྟེ་བསྟན་པ་ནི་རྒྱས་པར་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་
པར་འཚལ་བར་འགྱུར་བ་ལགས་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པར་བྱ་བའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་
ཞེས་བྱ་བ་ལ་སོགས་པ་ནི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་ཤེས་པ་ནི་མདོར་ཤེས་པའོ། །ཆོས་དེ་དག་གི་སོ་སོའི་མཚན་ཉིད་ཤེས་པ་ནི་རྒྱས་པར་ཤེས་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་
འདས་གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི། གོང་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་བཤད་པ། ཆོས་དེ་དག་གི་དེ་བཞིན་ཉིད་གང་ཡིན་པ་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་
གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མི་དམིགས་འཇིག་པ་མི་དམིགས་གནས་པ་ལས་གཞན་དུ་འགྱུར་བ་མི་དམིགས་པ་འདི་ནི་གཟུགས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་
เล่ม ๙๒ · หน้า 237b
པས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་རྣམས་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་ཡོངས་སུ་དག་པས་སྐྱེ་བ་དང་འཇིག་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་ཉིད། གཟུགས་ལ་
སོགས་པའི་དེ་བཞིན་ཉིད་ཡིན་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱ་བ་ཡང་དེ་ཉིད་ཡིན་ནོ་ཞེས་བསྟན་པའོ། །ཡང་དག་པའི་མཐའ་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི། འདུས་མ་བྱས་པའི་རང་བཞིན་ཡང་དག་པའི་མཐའ་
ཞེས་བྱ་བ་དེ། ཀུན་རྫོབ་དང་དོན་དམ་པའི་ཚུལ་དུ་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཡང་དག་པའི་མཐའ་གང་ལགས་ཞེས་བྱ་བ་ནི། ཉན་ཐོས་ལ་སོགས་པ་ཁ་ཅིག་ཡང་དག་པའི་མཐའ་དངོས་པོར་ལྟ་ཞིང་
མངོན་སུམ་དུ་བྱ་བར་འདོད་པ་ཡང་ཡོད། དེ་ཅི་ལྟ་བུ་ཡིན་ནམ་འོན་ཏེ་གཞན་ཞིག་ཡིན་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་མེད་པ་ནི་ཡང་དག་པའི་མཐའ་སྟེ་ཞེས་བྱ་བ་ནི། ཉན་ཐོས་ལ་སོགས་པའི་ཡང་དག་པའི་མཐའ་ལྟ་བུ་དངོས་པོ་ཅན་ནི་མ་ཡིན་གྱི་ཆོས་
ཐམས་ཅད་རང་བཞིན་གྱིས་དག་པ། སྐྱེ་བ་དང་འགག་པའི་མཐའ་གཉིས་མེད་པ་དེ་ནི་ཡང་དག་པའི་མཐའ་སྟེ་ཡང་དག་པའི་དོན་དེ་ལྟ་བུ་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་བསྟན་པའོ། །ཆོས་ཀྱི་དབྱིངས་ཤེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དོན་དམ་པ་དང་ཀུན་རྫོབ་ཀྱི་ཚུལ་དུ་ཤེས་ན་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ནང་དུ་འདུས་པས་དོན་དམ་པའི་ཚུལ་དུ་ཤེས་པས་ནི་མདོར་ཤེས་སོ། །ཀུན་རྫོབ་ཀྱི་ཚུལ་དུ་ཤེས་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་
པ་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་གང་ལགས་ཞེས་བྱ་བ་ནི་ཐེག་པ་ཆུང་ངུའི་གཞུང་ལྟར་ན་རྫས་བདུན་པ་ཡང་ཆོས་ཀྱི་དབྱིངས་ཞེས་བྱ། ཆོས་རྣམས་སྐྱེ་ཞིང་འབྱུང་བའི་རྒྱུའམ་གནས་ལ་ཡང་དབྱིངས་ཞེས་བྱ། རང་གི་མཚན་ཉིད་འཛིན་པ་ལ་ཡང་དབྱིངས་ཞེས་བྱ། སྐབས་འདིར་ཆོས་ཀྱི་
เล่ม ๙๒ · หน้า 238a
དབྱིངས་ཞེས་བྱ་བ་གང་ལ་བྱ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱིངས་མེད་པ་ནི་ཆོས་ཀྱི་དབྱིངས་ཏེ་ཞེས་བྱ་བ་ནི་ཐེག་པ་ཆུང་ངུའི་གཞུང་ལས་བྱུང་བའི་ཆོས་ཀྱི་དབྱིངས་གོང་དུ་སྨོས་པ་རྣམ་པ་གསུམ་ལ་སོགས་པའི་དངོས་པོ་མེད་པ་ལ་ཆོས་ཀྱི་དབྱིངས་
ཞེས་བྱའོ་ཞེས་བསྟན་པའོ། །ཆོས་ཀྱི་དབྱིངས་དེ་ལ་ཆད་པ་དང་ཡོངས་སུ་ཆད་པ་མི་དམིགས་སོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དེ་མི་འགྱུར་བ་ཡོངས་སུ་གྲུབ་པའི་ཕྱིར་ཆད་པ་དང་གཞན་དུ་འགྱུར་བ་མེད་དོ་ཞེས་བསྟན་པའོ། །ཆོས་ཀྱི་དབྱིངས་དེ་ལྟར་ཤེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ནི་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི་གོང་དུ་བསྟན་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟར་གོང་དུ་སྨོས་པའི་ཚུལ་དུ་དོན་དམ་པར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་ཤེས་སོ། །ཀུན་རྫོབ་ཏུ་ཆོས་
དེ་ལ་མ་ཆགས་པར་བྱ་སྟེ། ཆོས་ཐམས་ཅད་ཀྱི་སོ་སོའི་མཚན་ཉིད་ཤེས་པ་ནི་རྒྱས་པར་ཤེས་པའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་འཚལ་བར་བགྱི་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པ་གོང་དུ་མདོར་བཤད་
པས་ཚིམ་པར་མ་གྱུར་པའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་ནས་ཀྱང་ཆོས་ཐམས་ཅད་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དངོས་པོ་ཞིག་ཡོད་ན་ནི་ཕན་
ཚུན་ལྡན་པར་འགྱུར་ན། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་དངོས་པོ་མེད་པས་གང་དང་ཡང་ལྡན་པར་འགྱུར་བ་དེ་ལྟ་བུ་མེད་དེ་དེ་བས་ཆོས་ཐམས་ཅད་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པར་ཤེས་པར་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ལྡན་པ་ཡང་མ་
ལགས། མི་ལྡན་པ་ཡང་མ་ལགས་པའི་ཆོས་དེ་དག་ཀྱང་གང་ལགས་ཞེས་བྱ་བ་ནི། གོང་དུ་ཆོས་ཐམས་ཅད་ཅེས་སྤྱིར་སྨོས་པ་མིང་གིས་རེ་རེ་ནས་སྨོས་ཏེ་ཞིབ་ཏུ་བཤད་པའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་
เล่ม ๙๒ · หน้า 238b
ཡིན་ནོ་ཞེས་བྱ་བ་ལ་སོགས་པས། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་དངོས་པོ་མེད་པས། གང་དང་ཡང་ལྡན་པའམ་མི་ལྡན་པ་མ་ཡིན་ནོ་ཞེས་བསྟན་པའོ། །འདུས་བྱས་ཀྱི་ཁམས་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །
འདུས་མ་བྱས་ཀྱི་ཁམས་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི། གོང་དུ་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ཐམས་ཅད་རེ་རེ་ནས་སྨོས་ཏེ། རྒྱས་པར་བཤད་པའི་དོན་དེ་ཉིད་མདོར་བསྡུས་པའམ་དགའ་བའི་སེམས་ཅན་རྣམས་
ལ་ཕན་གདགས་པའི་ཕྱིར། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་མདོར་བསྡུས་ཏེ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་ལྡན་པ་འམ་མི་ལྡན་པར་འགྱུར་བ་དེ་ལྟ་བུའི་ངོ་བོ་ཉིད་མེད་དེ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བཤད་པའི་གཏན་ཚིགས་བསྟན་པ་སྟེ། དངོས་པོ་འགའ་ཞིག་ཡོད་ན་
ལྡན་པའམ་མི་ལྡན་པ་ཞེས་བྱར་རུང་ན་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་པས་ལྡན་པའམ་མི་ལྡན་པར་འགྱུར་བ་གང་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
མདོར་བསྡུས་པ་སྟེ་ཞེས་བྱ་བ་ནི། གོང་དུ་བཤད་པའི་ཚུལ་དུ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ་དངོས་པོ་མེད་པས་ལྡན་པ་མ་ཡིན། མི་ལྡན་པ་ཡང་མ་ཡིན་པར་བཤད་པ་དེ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་མདོར་བསྡུས་ཏེ་བསྟན་པ་སྟེ། འདི་ཉིད་ཤེས་བྱ་དང་ཉོན་མོངས་པའི་
སྒྲིབ་པ་ཐམས་ཅད་བསལ་བའི་མཐར་ཕྱིན་ཅིང་། དོན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་ཏེ་ཡོངས་སུ་རྫོགས་པས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །མདོར་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ་ཞེས་བྱ་བ་ནི། སྟོང་པ་ཉིད་
དུ་མདོར་བསྡུས་ཏེ་བསྟན་པའི་དོན་འདི་ལ་མོས་པ་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་མོས་པ་ཡིད་ལ་བྱེད་པས་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལས་དང་པོ་པ་ཞེས་བྱ་བ་ནི། མོས་པ་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བྱའོ། །བྱང་ཆུབ་
เล่ม ๙๒ · หน้า 239a
ཆུབ་སེམས་དཔའི་ས་བཅུ་ལ་གནས་ཏེ། མདོར་བསྡུས་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ནས་ས་བཅུའི་བར་དུ་གནས་པས་ཀྱང་མདོར་བསྡུས་པའི་དོན་འདི་ཉིད་ལ་དེ་ཁོ་ན་ཉིད་རྟོགས་པའི་ཚུལ་གྱིས་བསླབ་པར་བྱའོ་ཞེས་བསྟན་པའོ། །མདོར་
བསྡུས་པའི་དོན་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི། གོང་དུ་བསྟན་པའི་དོན་དེ་ལྟ་བུ་ལ་སློབ་པའི་ཕན་ཡོན་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དབང་པོ་རྣོན་པོས་རྟོགས་པའོ་ཞེས་བྱ་བ་ནི། འཁོར་གྱི་ནང་ན་སེམས་ཅན་དབང་པོ་རྣོ་རྟུལ་དུ་མ་ཞིག་ཡོད་པས་དེ་དག་གི་ནང་ན་དབང་པོ་རྟུལ་པོ་ཁ་ཅིག་འདི་ལྟ་བུའི་དོན་ཟབ་མོ་བདག་ཅག་གི་སྤྱོད་ཡུལ་དུ་མི་འགྱུར་རོ་སྙམ་ནས་སྒྱིད་ལུགས་པའི་སེམས་སྐྱེ་བ་དག་བསལ་བའི་ཕྱིར་དེ་
སྐད་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་ཞན་པས་ཀྱང་རྟོགས་པར་འགྱུར་བའོ་ཞེས་བྱ་བ་ལ་སོགས་པས་ནི་མདོར་བསྡུས་པའི་དོན་ཟབ་མོ་འདི་དབང་པོ་རྣོ་རྟུལ་ཀུན་གྱི་སྤྱོད་ཡུལ་དུ་འགྱུར་ཏེ་དད་པ་ཆེ་ཞིང་
བརྩོན་འགྲུས་སྤྱད་དེ་སློབ་པར་འདོད་པ་ཀུན་གྱིས་ཀྱང་ལོབས་ཤིང་རྟོགས་པར་འགྱུར་ཏེ། གང་གིས་ཀྱང་རྟོགས་པར་མི་འགྱུར་བ་མེད་ཀྱི། ལེ་ལོ་ཅན་དང་བརྩོན་འགྲུས་ཞན་པ་དང་། དྲན་པ་ཉམས་པ་དང་། སེམས་འཁྲུགས་པ་འབའ་ཞིག་གིས་རྟོགས་པར་མི་འགྱུར་རོ་ཞེས་བསྟན་པ་སྟེ། དེ་ལ་ལེ་ལོ་
ཅན་ནི་དགེ་བ་མ་ཡིན་པའི་ཆོས་གཞན་ལ་ཞེན་པའོ། །བརྩོན་འགྲུས་ཞན་པ་ནི་དགེ་བ་ལ་སེམས་མི་སྤྲོ་བའོ། །ཕྱིར་མི་ལྡོག་པའི་ས་ལ་སློབ་པར་འདོད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་རྟོགས་པར་འགྱུར་ཏེ་ཞེས་བྱ་བ་ནི་གོང་དུ་སློབ་པར་འདོད་པས་རྟོགས་པར་འགྱུར་རོ་ཞེས་སྤྱིར་
བཤད་པ་གང་ལ་སློབ་པར་འདོད་པའི་དམིགས་ཕྱེ་སྟེ་ཞེས་བསྟན་པའོ། །གལ་ཏེ་ཇི་སྐད་དུ་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཅིང་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། རྣམ་པ་
เล่ม ๙๒ · หน้า 239b
ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ན། བདུད་ཀྱིས་མི་ཚུགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་ཤིང་བྱིན་གྱིས་བརླབས་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལས་བྱུང་བ་ནི་འདས་པ་དང་
མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ་ཞེས་བྱ་བས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དགོངས་ཤིང་བྱིན་གྱིས་རློབ་པར་འགྱུར་བའི་གཏན་ཚིགས་བསྟན་པ་སྟེ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསླབས་བསླབས་པ་ལས་
སངས་རྒྱས་སུ་གྱུར་པས་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ལ་དེ་ལྟར་དགོངས་ཤིང་བྱིན་གྱིས་རློབ་པར་མཛད་དོ་ཞེས་བསྟན་པའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཞེས་བྱ་བ་ལ་སོགས་པས་ནི་དེ་
བཞིན་གཤེགས་པའི་ཡོན་ཏན་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་ཆོས་རྣམས་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་སྔར་བརྙེས་ཟིན་པ་དང་། ད་ལྟར་བརྙེས་པ་དང་ཕྱིས་བརྙེས་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་པ་ལས་
གྱུར་པས་བདག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ན་ཆོས་དེ་དག་འཐོབ་པར་འགྱུར་རོ་སྙམ་པའི་སེམས་བསྐྱེད་དེ་བརྩོན་པར་བྱས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་
བྱ་བ་དང་མ་བྲལ་བར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པར་བྱའོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་དེ་ལྟར་སྤྱོད་ན་ཆུང་ངུ་ན་སེ་གོལ་གཏོགས་པ་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བསོད་ནམས་ནི་ཆེས་མང་དུ་འཕེལ་གྱི་ཞེས་བྱ་བ་ལ་སོགས་པས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་འཁོད་དོ་ཅོག་ཐམས་ཅད་ཟག་པ་མེད་པའི་ཕུང་པོ་ལ་བཀོད་པ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ལ་
เล่ม ๙๒ · หน้า 240a
བཀོད་པ་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སེ་གོལ་གཏོགས་པ་ཙམ་གོམས་པར་བྱས་པ་བསོད་ནམས་ཆེ་བའི་ཕན་ཡོན་གཏན་ཚིགས་དང་བཅས་པ་བསྟན་པའོ། །རབ་འབྱོར་གཞན་ཡང་སྐད་འགའ་འམ་ཉི་མ་འགའ་འམ་ཞེས་བྱ་བ་ལ་སོགས་པ་ནི། འཇིག་རྟེན་གྱི་
ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་འཁོར་བའི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་ཕུང་པོ་ལྔ་ལ་བཀོད་པ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ལ་བཀོད་པ་བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་ཅིང་བསྒོམས་པ་ཆེས་བསོད་ནམས་མང་དུ་འཕེལ་བའི་ཕན་ཡོན་གཏན་
ཚིགས་དང་བཅས་པར་བསྟན་པ་སྟེ། དེའི་གཏན་ཚིགས་ཀྱང་བསོད་ནམས་བྱ་བའི་དངོས་པོ་རྣམས་དང་། ཟག་པ་མེད་པའི་ཕུང་པོ་ལྔ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་ན། ཟག་
པ་མེད་པའི་ཕུང་པོ་ལྔ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་ནི་ཕྱིར་མི་ལྡོག་པར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་ལྟར་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་བ་ལ་སོགས་པའི་ཕན་ཡོན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཡོན་ཏན་རྣམས་དང་ལྡན་པར་འགྱུར་བ་བསྟན་པ་སྟེ། གཞན་ནི་རང་ལོག་ཏུ་ཟད་དེ་དེ་ལ་གཟུགས་ཡོངས་སུ་རྫོགས་པ་ནི་མཚན་དང་དཔེ་བྱད་
ཀྱིས་བརྒྱན་པ་ལ་སོགས་པའི་གཟུགས་སུ་འགྱུར་བའོ། །ལུང་བསྟན་པ་ཕུན་སུམ་ཚོགས་པ་ནི་དེ་བཞིན་གཤེགས་པས་ལུང་བསྟན་པ་དང་ལྡན་པར་འགྱུར་བའོ། །ཆེད་དུ་བསམས་ཤིང་སྲིད་པ་འདོད་པ་ནི་སྨོན་ལམ་གྱི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་ཆེད་དུ་བསམས་ཤིང་འཁོར་
བར་སྐྱེའི་ཉོན་མོངས་པའི་དབང་གིས་མི་སྐྱེ་བའོ། །རྣམ་པར་རྟོགས་པར་བྱ་བ་ལ་མཁས་པ་ནི་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཤེས་པ་ལ་མཁས་པའོ། །ལུང་བསྟན་པ་ལ་མཁས་པ་ནི་གཞན་གྱི་ཐེ་ཚོམ་དྲིས་པའི་ལན་ལྡོན་པ་ལ་མཁས་པའོ། །ཡི་གེ་དང་ཡི་གེ་མེད་པར་
เล่ม ๙๒ · หน้า 240b
རྟོགས་པར་བྱ་བ་ལ་མཁས་པ་ནི་ཀུན་རྫོབ་ཏུ་ཚིག་བརྗོད་པ་དང་། དོན་དམ་པར་བརྗོད་དུ་མེད་པའི་དོན་ལ་མཁས་པའོ། །བྱང་ཆུབ་སེམས་དཔའི་རྣམ་པར་སྤྱོད་པ་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་དང་ཏིང་ངེ་འཛིན་དེ་བཞིན་ཉིད་ལ་གནས་པ་ལ་མཁས་པའོ། །བརྗོད་པ་ལ་མཁས་པ་
ནི་ངེས་པའི་ཚིག་དང་སྒྲ་སྐད་སྣ་ཚོགས་སུ་བརྗོད་ཅིང་ཆོས་སྟོན་པ་ལ་མཁས་པའོ། །བརྗོད་པ་མེད་པ་ལ་མཁས་པ་ནི་དོན་དམ་པའི་དབྱིངས་བརྗོད་དུ་མེད་པ་ལ་མཁས་པའོ། །གཅིག་གིས་ལྷག་པའི་ཚིག་ལ་མཁས་པ་དང་། གཉིས་དང་མང་པོ་དང་། བུད་མེད་དང་སྐྱེས་པ་དང་། མ་ནིང་གིས་
ལྷག་པའི་ཚིག་ལ་མཁས་པ་ནི་འཇིག་རྟེན་གྱི་གཙུག་ལག་བྱཱ་ཀ་ར་ཎ་ལ་སོགས་པའི་གཞུང་ལས་གཅིག་གི་ཚིག་དང་གཉིས་ཀྱི་ཚིག་དང་། མང་པོའི་ཚིག་དང་། བུད་མེད་ཀྱི་མཚན་དང་། སྐྱེས་པའི་མཚན་དང་། མ་ནིང་གི་མཚན་ལ་སོགས་པའི་ཚིག་བླ་དགས་ལ་མཁས་པའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ལ་མཁས་པར་རིག་པར་བྱའོ་ཞེས་བྱ་བ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དངོས་པོ་རྣམས་སྔོན་ཇི་ལྟར་གྱུར་པ་དང་། ད་ལྟ་ཇི་ཡིན་པ་དང་། ཕྱིས་ཅིར་འགྱུར་བ་ལ་མཁས་པའོ། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ནི་གཟུགས་ལ་མཁས་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། འདུས་ཏེ་རེག་པ་དྲུག་དང་། འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་དྲུག་དང་། སའི་ཁམས་ལ་སོགས་པ་ཁམས་དྲུག་དང་། མ་རིག་
པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྟོང་པ་ཉིད་བཅོ་བརྒྱད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་
เล่ม ๙๒ · หน้า 241a
བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་བཞི་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། མྱ་ངན་ལས་འདས་པ་དང་། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་མཚན་ཉིད་དང་། དངོས་པོ་དང་དངོས་པོ་མེད་པ་དང་། བདག་གི་དངོས་པོ་དང་། གཞན་གྱི་དངོས་པོ་ལ་མཁས་པར་གྱུར་པ་ལ་སོགས་པའི་ཕན་ཡོན་
བསྟན་པ་སྟེ། དེ་ལ་འདུ་བ་ལ་མཁས་པ་ནི་ཉོན་མོངས་པའི་ཕྱོགས་དང་ལྡན་པ་ལ་མཁས་པའོ། །འབྲལ་བ་ལ་མཁས་པ་ནི་གཉེན་པོ་ལ་བརྟེན་ནས། ཉོན་མོངས་པ་དང་བྲལ་བར་བྱེད་པ་ལ་མཁས་པའོ། །ལྡན་པ་ལ་མཁས་པ་ནི་འདུ་བྱེད་སེམས་དང་ལྡན་པ་ལ་མཁས་པའོ། །མི་ལྡན་པ་ལ་
མཁས་པ་ནི་འདུ་བྱེད་སེམས་དང་མི་ལྡན་པ་ལ་མཁས་པའོ། །ལྡན་པ་དང་མི་ལྡན་པ་ལ་མཁས་པ་ནི་དེ་གཉི་གའི་དངོས་པོ་ལ་མཁས་པའོ། །ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་ལ་མཁས་པ་ནི་དེ་གཉི་ག་མེད་པ་ལ་མཁས་པའོ། །དེ་བཞིན་ཉིད་ལ་མཁས་པ་ལ་སོགས་པ་ནི་ཡང་དག་པའི་
མཐའ་དང་། བསམ་གྱིས་མི་ཁྱབ་པ་ལ་ཐུག་གི་བར་དུ་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་ལ་མཁས་པར་བསྟན་པའོ། །རྒྱུ་དང་རྐྱེན་ལ་མཁས་པ་ནི་དབང་ཕྱུག་ལ་སོགས་པ་མུ་སྟེགས་ཅན་གྱི་བྱེད་པ་རྣམས་རྒྱུ་རྐྱེན་མ་ཡིན་གྱི། ལས་དང་ཉོན་མོངས་པ་ལ་སོགས་པའི་རྒྱུ་རྐྱེན་ལ་མཁས་པའོ། །རྐྱེན་
མེད་པ་ལ་མཁས་པ་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་རྐྱེན་རྣམས་རྐྱེན་མ་ཡིན་པར་མཁས་པའོ། །འདུས་བྱས་ཀྱི་ཁམས་ལ་མཁས་པ་ནི་ཀུན་རྫོབ་ཀྱི་ཆོས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དངོས་པོ་རྒྱུ་དང་རྐྱེན་འདུས་པ་ལས་བྱུང་བ་རྣམས་ལ་མཁས་པའོ། །འདུས་མ་བྱས་ལ་མཁས་པ་ནི།
དེ་བཞིན་ཉིད་ལ་སོགས་པ་རྒྱུ་རྐྱེན་ཚོགས་པས་བྱས་པ་མ་ཡིན་པ་ལ་མཁས་པའོ། །ཁམས་ལ་མཁས་པ་ནི། ཁམས་གསུམ་ལ་མཁས་པའོ། །ཁམས་མེད་པ་ལ་མཁས་པ་ནི། དོན་དམ་པར་ཁམས་གསུམ་དངོས་པོ་མེད་པར་མཁས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུགས་
เล่ม ๙๒ · หน้า 241b
ཡིད་ལ་མི་བྱེད་པ་ལ་མཁས་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས། གང་ཡང་ཡིད་ལ་བྱ་བའི་ཡུལ་མ་ཡིན་པར་རྟོགས་ནས། ཆོས་དེ་དག་གང་ཡང་ཡིད་ལ་མི་
བྱེད་པ་ལ་མཁས་པར་འགྱུར་རོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུགས་གཟུགས་གྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་
ཆོས་དེ་རྣམས་དོན་དམ་པར་དངོས་པོ་མེད་པས་སོ་སོའི་རང་བཞིན་གྱིས་སྟོང་པར་ཤེས་པར་འགྱུར་རོ་ཞེས་བསྟན་པའོ། །རབ་ཏུ་སྦྱངས་པའི་ལམ་ལ་མཁས་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་ལམ་གྱིས་ལུས་དང་སེམས་ལས་སུ་རུང་བའི་མཚན་ཉིད་རབ་ཏུ་སྦྱངས་པ་ཞེས་བྱ་བ་བདེ་བ་ཅན་ལ་མཁས་
པའོ། །རབ་ཏུ་མ་སྦྱངས་པ་ལ་མཁས་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་ལུས་དང་སེམས་ལས་སུ་རུང་བར་བྱ་སྟེ་རབ་ཏུ་མ་སྦྱངས་པའི་བདེ་བ་ལ་མ་ཆགས་པ་ལ་མཁས་པའོ། །སྐྱེ་བ་དང་འགག་པ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་ནི་སྐྱེ་བ་དང་འགག་པ་དང་། གནས་པ་
ལས་གཞན་དུ་འགྱུར་བའི་རང་བཞིན་ལ་མཁས་ཤིང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་། དེ་རྣམས་མེད་པའི་རང་བཞིན་ལ་མཁས་པ་དང་། མུ་སྟེགས་ཅན་གྱི་ལྟ་བ་རྣམས་ཀྱི་རྒྱུས་དང་ལྟ་བ་དེ་དག་མེད་པ་ལ་མཁས་པ་དང་། མིང་དང་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་
རང་བཞིན་དང་། རྒྱུ་དང་འབྲས་བུ་ལ་མཁས་པར་འགྱུར་བ་ལ་སོགས་པའི་ཕན་ཡོན་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
མངོན་པར་བསྒྲུབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ལ་ལེགས་པ་འདི་དག་ཡོད་པར་རིག་པར་བྱའོ་ཞེས་གསུངས་པ་ལ། སྤྱད་པ་དང་མངོན་པར་བསྒྲུབ་པ་དང་བསྒོམ་པ་གསུམ་གྱི་བྱེ་བྲག་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཞི་བ་དང་ཞེས་བྱ་བ་ལ་
เล่ม ๙๒ · หน้า 242a
སོགས་པས་དེ་དག་གི་བྱེ་བྲག་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམས་ཞི་བ་དང་། རག་ལས་པ་དང་། གསོབ་དང་སྙིང་པོ་མེད་པར་རྟོགས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བསྟན་པ་སྟེ། དེ་ལ་ཞི་བ་ནི་དོན་དམ་པའི་རང་བཞིན་
གྱིས་སྟོང་པས་སྐྱེ་བ་དང་འཇིག་པ་ལ་སོགས་པ་མེད་པའོ། །རག་ལས་པ་ནི་དངོས་པོ་ཡོད་པར་གཞུང་མི་ཚུགས་པའོ། །གསོབ་དང་སྙིང་པོ་མེད་པ་ནི་དངོས་པོ་མེད་པའི་རྣམ་གྲངས་སོ། །ནམ་མཁའ་སྟོང་པ་ཉིད་མངོན་པར་བསྒྲུབས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་
བྱའོ་ཞེས་བྱ་བ་ནི། མངོན་པར་བསྒྲུབ་པ་བསྟན་པ་སྟེ། ཆོས་ཐམས་ཅད་ནམ་མཁའ་ལྟར་སྟོང་པ་ཉིད་དུ་རྟོགས་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱའོ་ཞེས་བསྟན་པའོ། །བསྒོམ་པ་རྣམ་པར་བསྒོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ་
ཞེས་བྱ་བ་ནི། བསྒོམ་པ་ཉིད་ཀྱང་སྟོང་པ་ཉིད་དུ་བཤིག་སྟེ། མེད་པར་བསྒོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དང་པོའི་སྤྱོད་པ་ནི་མོས་པ་སྤྱོད་པའི་ས་ནས་ས་དང་པོའི་བར་དུ་རྩོལ་བ་དང་བཅས་ཤིང་མཚན་མ་དང་བཅས་པའི་གནས་སྐབས་ལ་བྱའོ། །
དེའི་འོག་ཏུ་མངོན་པར་བསྒྲུབ་པ་ནི་ས་དང་པོ་ཡན་ཆད་ས་བདུན་གྱི་བར་དུ་རྩོལ་བ་དང་བཅས་ལ་མཚན་མ་མེད་པའི་གནས་སྐབས་ལ་བྱའོ། །དེའི་ཡང་འོག་ཏུ་བསྒོམ་པ་ནི་ས་བརྒྱད་པ་ཡན་ཆད་ལྷུན་གྱིས་གྲུབ་ཅིང་མཚན་མ་མེད་པ་ལ་གནས་པའི་གནས་སྐབས་ལ་བྱའོ། །གསོལ་པ་བཅོམ་ལྡན་འདས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུན་རིང་པོ་ཇི་སྲིད་དུ་སྤྱད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་འགྱུར་ཞེས་བྱ་བ་ནི་དོན་དེ་ཉིད་གསལ་བར་བཤད་པའི་ཕྱིར་ཞུས་པའོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་བ་ཡིན་ཏེ་ཞེས་བྱ་བ་ནི་དང་པོ་མོས་པ་སྤྱོད་པའི་ས་ལ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ས་དང་པོའི་བར་དུ་རྩོལ་བ་དང་བཅས་ཤིང་མཚན་མ་དང་བཅས་པར་སྤྱད། དེའི་འོག་ཏུ་ས་དང་པོ་ནས་ས་བདུན་པ་ལ་ཐུག་གི་བར་དུ་རྩོལ་བ་དང་བཅས་ཤིང་
เล่ม ๙๒ · หน้า 242b
མཚན་མ་མེད་པར་མངོན་པར་བསྒྲུབ། དེའི་ཡང་འོག་ཏུ་ས་བརྒྱད་པ་ནས་སངས་རྒྱས་ཀྱི་སའི་བར་དུ་རྩོལ་བ་ཡང་མེད། མཚན་མ་ཡང་མེད་པར་ལྷུན་གྱིས་གྲུབ་པ་ཉིད་དུ་བསྒོམ་དགོས་སོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་སེམས་ཀྱི་རྒྱུན་མ་ཆད་པ་དང་བྲལ་བར་སྤྱད་པར་བགྱི་
ཞེས་བྱ་བ་ནི། དེ་ལྟར་སེམས་དང་པོ་བསྐྱེད་པ་ནས་སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་སྤྱད་པ་དང་། མངོན་པར་བསྒྲུབ་པ་དང་། བསྒོམ་པར་བགྱི་ན་སེམས་ལ་བར་ཆད་མ་མཆིས་པར་ཇི་ལྟར་བགྱི་ཞེས་ཞུས་པའོ། །ཡིད་ལ་བྱ་བ་གཞན་གྱི་གོ་སྐབས་མི་འབྱེད་པས་ཞེས་བྱ་བ་ནི་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་མ་ཡིན་པའི་ཡིད་ལ་བྱ་བ་གཞན་རྣམས་ཀྱི་གོ་སྐབས་མི་དབྱེ་བས་སྤྱད་པར་བྱའོ་ཞེས་བསྟན་པ་སྟེ། དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མི་འདོར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་བ་གསུངས་སོ། །ཅི་ནས་ཀྱང་
སེམས་དང་སེམས་ལས་བྱུང་བའི་ཆོས་མི་རྒྱུ་བ་དེ་ལྟར་སྤྱད་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་ཡིད་ལ་བྱ་བ་གཞན་གྱི་སྐབས་མི་དབྱེ་བས་སྤྱད་པར་བྱ་བའི་ཐབས་བསྟན་པ་སྟེ། སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་རྣམས་མི་འབྱུང་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་
མངོན་པར་བསྒྲུབ་པ་དང་བསྒོམ་པར་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། མངོན་པར་བསྒྲུབ་པ་དང་། བསྒོམ་པ་རྩོལ་བ་དང་བཅས་ཤིང་མཚན་མ་དང་བཅས་པས་བྱས་ན་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་ཞུས་པའོ། །དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྩོལ་བ་དང་བཅས་ཤིང་མཚན་མ་དང་བཅས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། མངོན་པར་བསྒྲུབ་པ་དང་། བསྒོམ་པ་བྱས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་
དོན་ཏོ། །འོ་ན་ཅི་ལགས་མ་བསྒོམས་པས་སམ་ཞེས་བྱ་བས་ནི་འོ་ན་སྤྱད་པ་དང་མངོན་པར་བསྒྲུབ་པ་དང་། བསྒོམ་པ་མ་བྱས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་ཞུས་པའོ། །དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མ་སྤྱད་ཅིང་མ་བསྒོམས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་
เล่ม ๙๒ · หน้า 243a
པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཅི་ལགས་བསྒོམས་ཀྱང་བསྒོམས་ལ་མ་བསྒོམས་ཀྱང་བསྒོམས་སམ་ཞེས་བྱ་བ་ནི་དེ་ལྟར་བསྒོམས་པར་མི་འཐོབ། མ་བསྒོམས་པར་ཡང་མི་འཐོབ་ན། ཅི་བསྒོམས་པ་དང་མ་བསྒོམས་པ་གཉིས་ཀ་བྱས་པས་འཐོབ་བམ་
ཞེས་ཞུས་པའོ། །དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་སྐྱོན་གཉི་ག་ལྟར་འགྱུར་བའི་ཕྱིར་དེ་ལྟ་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །འོ་ན་ཅི་ལགས་བསྒོམས་པ་ཡང་མ་ལགས་མ་བསྒོམས་པ་ཡང་མ་ལགས་པས་སམ་ཞེས་བྱ་བ་ནི་གཅེར་བུ་པའི་གཞུང་ལས་འབྱུང་བ་ལྟ་བུ་གཉིས་ཀ་ཡང་
མ་ཡིན་པའི་དངོས་པོ་ཞིག་ཡོད་དེ། དེ་ལྟ་བུས་ཐོབ་བམ་ཞེས་ཞུས་པའོ། །དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་ཐོབ་པར་བགྱི་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་སོགས་པ་བརྗོད་དུ་མེད་ཅིང་བསམ་གྱིས་མི་
ཁྱབ་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བསྒོམ་པར་བྱ་བ་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་འཐོབ་པར་འགྱུར་བའི་ཐབས་
བསྟན་པ་སྟེ། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་བརྗོད་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དང་། མུ་སྟེགས་ཅན་གྱིས་བརྟགས་པའི་བདག་དང་སེམས་ཅན་དང་སྲོག་དང་གང་ཟག་ལ་སོགས་པ་ཀུན་རྫོབ་ཏུ་ཡང་དམིགས་སུ་མེད་ཅིང་གདགས་སུ་མེད་པ་དེ་བཞིན་
དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆོས་ཐམས་ཅད་དམིགས་སུ་མེད་ཅིང་གདགས་སུ་མེད་པར་རྟོགས་ཤིང་སྒོམ་ན་གདོད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདགས་སུ་མཆིས་
པ་ལགས་སམ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བཤད་པ་ལྟར་དེ་བཞིན་ཉིད་ལ་སོགས་པ་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སུ་གཏོགས་པ་དང་། མུ་སྟེགས་ཅན་གྱིས་བརྟགས་པའི་བདག་ལ་སོགས་པ་གདགས་སུ་མེད་དེ་ཅིར་ཡང་མ་བརྟགས་ན་གདོད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ན།
เล่ม ๙๒ · หน้า 243b
ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་ཀྱང་གདགས་སུ་མེད་པ་ཡིན་ནམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདགས་སུ་མེད་པའོ་ཞེས་བྱ་བ་ལ་སོགས་
པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་དང་། འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་གདགས་སུ་མེད་དེ། དེ་ལྟར་རྟོགས་ན་གདོད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ་བཅོམ་
ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་གདགས་སུ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཅིའི་སླད་དུ་སེམས་ཅན་དམྱལ་བར་མཆིས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། གདགས་སུ་མེད་པ་ལས་ཉེས་པ་བྱས་པའི་འབྲས་བུ་ངན་སོང་
གསུམ་དང་། ལས་ལེགས་པར་བྱས་པའི་འབྲས་བུ་མཐོ་རིས་དང་འཕགས་པའི་ས་ཡང་མེད་པར་འགྱུར་བའི་རིགས་ན། ཅིའི་ཕྱིར་དེ་དག་གཞུང་ལས་བཤད་ཅེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་སྙམ་དུ་སེམས། སེམས་ཅན་དུ་གདགས་པ་
དམིགས་སུ་ཡོད་དམ་ཞེས་བྱ་བ་ལ་སོགས་པ་ངན་སོང་དང་མཐོ་རིས་ལ་སོགས་པ་བཤད་པ་ནི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་ལས་ལེགས་ཉེས་ཀྱི་འབྲས་བུས་སྐྱིད་སྡུག་ཡོད་པར་ཀུན་རྫོབ་ཏུ་བཏགས་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་གང་ལ་ཡང་དམིགས་སུ་མེད་
པས་ཆོས་ཐམས་ཅད་གདགས་སུ་མེད་པ་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ལ་བསླབ་པ་དང་ཞེས་བྱ་བ་ལ་སོགས་པས། དེ་ལྟར་ཆོས་
ཐམས་ཅད་གདགས་སུ་མེད་ན། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་དམིགས་ཤིང་གདགས་སུ་མེད་དེ། བསླབ་ཏུ་ཡང་མེད་པས་དེ་དག་ལ་བསླབ་པར་ཡང་མི་བགྱིའམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
เล่ม ๙๒ · หน้า 244a
གཟུགས་དབྲི་བ་དང་བསྣན་པ་མེད་པར་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་སྐུར་པ་འདེབས་པ་དང་སྒྲོ་འདོགས་པ་མེད་པར་བསླབ་པར་བྱའོ་ཞེས་བསྟན་པ་སྟེ། དབྲི་བ་མེད་པ་ནི་ཀུན་རྫོབ་ཏུ་ཡང་མེད་པར་མི་ལྟ་བའོ། །བསྣན་པ་མེད་པ་ནི་དོན་དམ་
པར་ཡོད་པར་མི་ལྟ་བའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་གཟུགས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་པར་བསླབ་པར་བྱ་བ་བསྟན་པའི་སྐབས་དབྱེ་བའི་ཕྱིར་བསྟན་པའོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བ་མེད་པ་དང་འགག་པ་མེད་པར་བསླབ་པར་བྱའོ་ཞེས་བྱ་བ་ནི་སྐྱེ་བ་མེད་པར་བསླབས་པས་སྒྲོ་འདོགས་པ་མེད་པར་བསྟན་པའོ། །འགག་པ་མེད་པར་བསླབས་པས་སྐུར་པ་འདེབས་པ་མེད་པ་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་སྐྱེ་བ་
མ་མཆིས་པ་དང་འགག་པ་མ་མཆིས་པ་ལ་ཇི་ལྟར་བསླབ་པར་བགྱི་ཞེས་བྱ་བ་ནི་སྐྱེ་བ་དང་འགག་པ་མེད་པ་ཇི་ལྟར་བསླབ་པར་བྱ་བའི་ཐབས་འོག་ནས་བཤད་པ་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུ་བྱེད་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་བསྒོམ་པ་
འམ་རྣམ་པར་བསྒོམ་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་འདུ་བྱེད་རྣམས་བསྐྱེད་པར་བྱ་བའི་ཕྱིར་བསྒོམ་ཞིང་མངོན་པར་འདུ་བྱ་བ་མེད་པ་དང་། འདུ་བྱེད་རྣམས་གཞིག་ཅིང་མེད་པར་བྱ་བའི་ཕྱིར། མངོན་པར་འདུ་བྱ་བ་མེད་པར་བསླབ་པར་བྱ་བ་བསྟན་པས་ཏེ། རྣམ་པར་བསྒོམ་པ་ཞེས་
བྱ་བ་ནི་གཞིག་ཅིང་སུན་དབྱུང་བ་ལ་བྱའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བསླབ་པར་བགྱི་ཞེས་བྱ་བ་ནི་གོང་དུ་འདུ་བྱེད་རྣམས་བསྐྱེད་པའམ་གཞིག་པར་བྱ་བའི་ཕྱིར་མངོན་པར་འདུ་བྱེད་པ་མེད་པར་བསླབ་པར་བྱའོ་ཞེས་མདོར་བཤད་པའི་དོན་ཞིབ་
ཏུ་བཤད་པའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་མཐོང་བས་མངོན་པར་འདུ་བྱ་བ་མེད་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས་བསྐྱེད་པར་བྱ་བའམ་གཞིག་
เล่ม ๙๒ · หน้า 244b
པར་བྱ་བའི་དངོས་པོ་གང་ཡང་མེད་པར་རྟོགས་པར་བྱ་སྟེ། མངོན་པར་འདུ་བྱ་བ་མེད་པ་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་ཇི་ལྟར་བལྟ་བར་བགྱི་ཞེས་བྱ་བ་ནི་ཆོས་རྣམས་དོན་དམ་པར་རང་གི་མཚན་ཉིད་ཀྱིས་སྟོང་པར་
ཇི་ལྟར་རྟོགས་པར་བྱ་བའི་ཐབས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་གཟུགས་ཀྱིས་སྟོང་པར་བལྟའོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སོ་སོའི་རང་བཞིན་ཀུན་བརྟགས་པའི་མཚན་ཉིད་ཇི་ལྟར་སྣང་ཞིང་གྲགས་པ་ལྟ་བུར་དོན་དམ་
པར་ཡོད་པ་མ་ཡིན་པར་མཐོང་བས། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་སྟེ་ཅི་ཡང་
མེད་ན། བྱང་ཆུབ་སེམས་དཔས་སྤྱད་དུ་ཡང་ཅི་ཞིག་ཡོད་ཅེས་གལ་བཟུང་སྟེ་ཞུས་པའོ། །རབ་འབྱོར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་དམིགས་སུ་མེད་པས་ཅི་ལ་ཡང་མི་
སྤྱོད་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་གྱི། དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས་པར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མི་ཆུད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་སྤྱོད་པ་མ་མཆིས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་པ་ལགས་ཞེས་བྱ་བ་ནི་དམིགས་སུ་མེད་པའི་དོན་བསྟན་པའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས་ཞེས་བྱ་བ་ལ་སོགས་པས་ནི་སྤྱད་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྤྱོད་
པར་བྱེད་པའི་བྱང་ཆུབ་སེམས་དཔའ་ཐབས་གང་གིས་སྤྱོད་པ་དེ་ཡང་མི་དམིགས་ཏེ། དེ་ལྟར་རྟོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བསྟན་པ་སྟེ། གང་སྤྱོད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལ་བྱའོ། །གང་གིས་སྤྱོད་པ་ཞེས་བྱ་བ་ནི་ཐབས་གང་གིས་
เล่ม ๙๒ · หน้า 245a
སྤྱོད་པའོ། །གང་ལ་སྤྱོད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱའོ། །རབ་འབྱོར་གང་ལ་སྤྲོས་པ་དེ་དག་ཐམས་ཅད་མི་དམིགས་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་
ནི། གང་སྤྱོད་པ་གང་ལ་སྤྱོད་པར་རྟོགས་པའི་སྤྲོས་པ་དེ་དག་ཐམས་ཅད་མི་འབྱུང་བར་མི་འགྱུར་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཆུད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་སྤྱོད་པ་མ་མཆིས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་
ན། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱད་པར་བགྱི་ཞེས་བྱ་བ་ནི་དེ་ལྟར་ཅི་ལ་ཡང་མི་དམིགས་ཤིང་ཅི་ལ་ཡང་མི་སྤྱོད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ན། ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་དེ་
ལྟར་མི་དམིགས་པར་མི་ནུས་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ཉིད་ནས་བརྩམས་ཏེ། ཆོས་
ཐམས་ཅད་དམིགས་སུ་མེད་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མི་དམིགས་པ་དོན་དམ་པའི་སྤྱོད་པ་ཡོངས་སུ་རྫོགས་པར་མི་ནུས་སུ་ཟིན་ཀྱང་དེ་ལྟར་ཅི་ནུས་སུ་བསླབ་པར་བྱའོ་ཞེས་བསྟན་པའོ། །དེས་སྦྱིན་པ་གཏོང་བའི་ཚེ་མི་དམིགས་
པའི་ཚུལ་གྱིས་སྦྱིན་པ་གཏང་བར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་མི་དམིགས་པར་བསླབ་པའི་ཐབས་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སྤྱོད་ན་དེ་དག་ལ་སྤྱོད་ཀྱང་སྤྱོད་ལ་དངོས་པོར་ལྟ་ཞིང་ཆགས་པར་ཡང་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་
ཅི་ཙམ་གྱིས་དམིགས་པར་འགྱུར་ཞེས་བྱ་བ་ནི། གོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་མི་དམིགས་པའི་ཚུལ་གྱིས་སྤྱད་པར་བྱའོ་ཞེས་བཤད་པ་དམིགས་པ་དང་མི་དམིགས་པའི་བྱེ་བྲག་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་ཙམ་དུ་གཉིས་པ་དེ་ཙམ་དུ་
เล่ม ๙๒ · หน้า 245b
དམིགས་ཏེ། གཉིས་སུ་མེད་པ་ནི་མི་དམིགས་པའོ་ཞེས་བྱ་བ་ནི་ཇི་ཙམ་དུ་གཟུང་བ་དང་འཛིན་པ་གཉིས་ཡོད་པ་དེ་ཙམ་དུ་དམིགས་པར་འགྱུར་ཏེ། གཟུང་བ་དང་འཛིན་པ་གཉིས་རྣམ་པར་སྤངས་པ་ནི་དམིགས་སུ་མེད་པའོ་ཞེས་མདོར་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གཉིས་ཞེས་བགྱི་བ་
ཇི་ལྟ་བུ་ལགས་ཞེས་བྱ་བ་ནི། གོང་དུ་མདོར་བསྟན་པའི་དོན་དེ་ཉིད་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ཙམ་དུ་མིག་དང་གཟུགས་དང་ཞེས་བྱ་བ་ལ་སོགས་པས་ནི་ཇི་ཙམ་དུ་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་གཉིས་ཡོད་
པར་གྱུར་པ་དེ་ཙམ་དུ་གཉིས་སུ་ཡོད་པ་ནི་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས། དམིགས་སུ་མཆིས་པ་མི་དམིགས་སམ། མ་ལགས་ཏེ་དམིགས་སུ་མ་མཆིས་པ་མི་དམིགས་ཞེས་བྱ་བ་ནི་གོང་དུ་མི་དམིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་ལ་སྤྱད་པར་བྱའོ་ཞེས་
གསུངས་པ་ལ། འཁོར་གྱི་ནང་ན་ཁ་ཅིག་མི་དམིགས་ཞེས་བྱ་བ་འཕགས་པ་ཁ་ཅིག་གི་སྤྱོད་ཡུལ་དུ་འགྱུར་བའི་དངོས་པོ་གཅིག་ཡོད་དམ་སྙམ་དུ་རྟོག་པ་བསལ་བའི་ཕྱིར་མི་དམིགས་པ་ཞེས་བགྱི་བ་དེ་དངོས་པོར་དམིགས་སུ་མཆིས་པ་ཞིག་ལགས་སམ། འོན་ཏེ་དངོས་པོར་དམིགས་སུ་མ་མཆིས་པ་ཞིག་
ལགས་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དམིགས་སུ་ཡོད་པ་མི་དམིགས་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་མི་དམིགས་ཞེས་བྱ་བ་དངོས་པོར་དམིགས་སུ་ཡོད་པ་ཡང་མ་ཡིན། དངོས་པོར་དམིགས་སུ་མེད་པ་ཡང་མ་ཡིན་གྱི། དམིགས་པ་དང་མི་དམིགས་
པ་གཉི་གར་མི་འབྱེད་ཅིང་མཉམ་པ་ཉིད་དུ་གྱུར་པ་ནི་མི་དམིགས་པ་ཡིན་ཏེ། དེ་ལྟར་དམིགས་པ་དང་མི་དམིགས་པ་མཉམ་པ་ཉིད་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པའི་ཚེ། དམིགས་པ་ལ་ཡང་མི་ཆགས་མི་དམིགས་པ་ལ་ཡང་མི་ཆགས་པ་ལགས་ན། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ས་ནས་ས་ཡོངས་སུ་རྫོགས་པར་བགྱི། ས་ནས་ས་ཡོངས་སུ་རྫོགས་ནས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་
เล่ม ๙๒ · หน้า 246a
ཐོབ་པར་བགྱི་ཞེས་བྱ་བ་ནི་དེ་ལྟར་དམིགས་པ་དང་མི་དམིགས་པ་མཉམ་པ་ཉིད་ལ་བསླབ་ན། ཅི་ལ་ཡང་མ་ཆགས། ཅི་ལ་ཡང་མི་སྤྱོད་པར་བྱ་དགོས་ཏེ། དེ་ལྟར་ཅི་ལ་ཡང་མ་སྤྱད་ན་བྱང་ཆུབ་སེམས་དཔའ་ས་གོང་ནས་གོང་དུ་འཕར་བ་དང་། ས་དེ་དག་ལ་སྤྱད་པའི་འབྲས་བུ་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་ཇི་ལྟར་བྱ་ཞེས་ཞུས་པའོ། །དམིགས་པ་ལ་གནས་ཤིང་ས་ནས་ས་ཡོངས་སུ་རྫོགས་པར་མི་བྱེད་དེ་ཞེས་བྱ་བ་ལ་སོགས་པ་ནི། དམིགས་པ་དང་བཅས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན། བྱང་ཆུབ་སེམས་དཔའི་ས་ཡོངས་སུ་རྫོགས་པར་མི་འགྱུར་ལ། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དམིགས་སུ་མེད་དེ་ཞེས་བྱ་བ་ལ་སོགས་པས་དེའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བླ་ན་མེད་པའི་བྱང་ཆུབ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡང་དོན་དམ་པར་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མ་མཆིས་ཏེ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དམིགས་སུ་མེད་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་རབ་ཏུ་རྟོགས་པར་བྱ་དགོས་ན། གཟུགས་ལ་སོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་དུ་འཇིག་རྟེན་དང་། འཇིག་རྟེན་ལས་འདའ་བའི་ཆོས་ཐམས་ཅད་ཇི་ལྟར་རབ་ཏུ་རྟོགས་པར་བགྱི་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་བྱས་པས་གཟུགས་དམིགས་པར་འགྱུར་བ་དང་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཅི་ནས་ཀྱང་ཆོས་རྣམས་རྟག་ཏུ་མེད་
ཅིང་མི་དམིགས་པར་སྤྱོད་ཀྱི། དམིགས་སུ་ཡོད་པ་དང་། རྟོགས་པར་བྱ་བར་མི་སྤྱོད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཀྱང་མི་དམིགས་ཞེས་བྱ་བ་ལ་སོགས་པས་ནི།
เล่ม ๙๒ · หน้า 246b
ཆོས་ཐམས་ཅད་དམིགས་སུ་མེད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའི་ས་ལ་འཇུག་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། ཆོས་ཀྱི་འཁོར་
ལོ་བསྐོར་བ་ལ་སོགས་པ་སངས་རྒྱས་ཀྱིས་མཛད་པ་རྣམས་ཇི་ལྟར་གྲུབ་པར་འགྱུར་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུགས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ལ་སོགས་པས་ནི། ཕ་རོལ་ཏུ་ཕྱིན་
པ་དྲུག་ཡོངས་སུ་རྫོགས་པར་བྱ་བ་ལ་སོགས་པ་ནི་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་བསྒྲུབ་པར་བྱ་བའི་ཆོས་གང་ཡང་མེད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་ཞེས་
བྱ་བ་ནི། ཆོས་ཐམས་ཅད་མ་བྱས་པ་དང་མངོན་པར་འདུ་མ་བྱས་པའི་དོན་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་
པས་སྤྱད་ཅིང་། སྤྱད་དུ་མེད་པའི་ཕྱིར་གང་གི་དོན་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་མ་བགྱིས་པ་སྟེ་ཞེས་བྱ་བ་ལ་སོགས་པས་དེའི་གཏན་ཚིགས་བསྟན་པ་སྟེ། མ་བྱས་པ་ནི་བྱེད་པ་པོས་མ་བྱས་པ་ལ་བྱའོ། །མངོན་པར་འདུ་མ་བྱས་པ་ནི། རྒྱུ་རྐྱེན་
ཚོགས་པས་མ་བསྐྱེད་པ་ལ་བྱའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་མ་བགྱིས་པ་སྟེ་མངོན་པར་འདུ་མ་བགྱིས་པ་ལགས་ན། འོ་ན་ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་དང་། ཐེག་པ་གསུམ་པོ་འདི་དག་རྣམ་པར་དགོངས་པར་འགྱུར་རོ་ཞེས་བྱ་བ་ནི་
དོན་དམ་པར་ཐེག་པ་གསུམ་དུ་དབྱེ་ཞིང་རྣམ་པར་དགོད་དུ་ཡང་མེད་པའི་དོན་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མ་བྱས་མངོན་པར་འདུ་མ་བྱས་པའི་ཆོས་རྣམས་ལ་ནི་རྣམ་པར་དགོད་པ་ཡང་དམིགས་སུ་མེད་དོ་ཞེས་བྱ་བ་ལ་སོགས་པས་ནི། དོན་དམ་པར་ཆོས་
เล่ม ๙๒ · หน้า 247a
ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། མངོན་པར་འདུས་མ་བྱས་པ་ལ་ཐེག་པ་གསུམ་དུ་དབྱེ་ཞིང་རྣམ་པར་དགོད་དུ་མེད་ཀྱི། ཀུན་རྫོབ་ཏུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ལ་མངོན་པར་འདུ་བྱེད་པ་རྣམ་པར་རྟོག་པ་ཡོད་པ་རྣམས་ལ། ཐེག་པ་གསུམ་དུ་དབྱེ་ཞིང་རྣམ་པར་དགོད་པ་ཡོད་
དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་རྣམས་ཕུང་པོ་ལ་མངོན་པར་ཞེན་ཅིང་ཞེས་བྱ་བ་ལ་སོགས་པས་དེའི་གཏན་ཚིགས་བསྟན་པ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡང་དག་པ་མ་ཡིན་པར་རྣམ་པར་རྟོག་པས། གཟུགས་ལ་སོགས་པའི་ཆོས་རྣམས་ལ་མངོན་
པར་ཞེན་ཅིང་རློམ་སེམས་སུ་བྱས་ནས། བདག་གིས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་འཁོར་བ་ལས་དགྲོལ་ལོ་སྙམ་དུ་སེམས་ཅན་རྣམས་བཀྲི་བའི་ཕྱིར། ཀུན་རྫོབ་ཏུ་ཐེག་པ་གསུམ་རྣམ་པར་ཕྱེ་སྟེ་བཀོད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་དེ་བཞིན་གཤེགས་པའི་སྤྱན་ལྔས་ཀྱང་
ཆོས་གང་ཡང་མ་གཟིགས་ཏེ་དམིགས་སུ་མེད་དོ་ཞེས་བསྟན་པའོ། །དེ་ལ་ལོང་བ་ཞེས་བྱ་བ་ནི་གཏི་མུག་གིས་ལྡོངས་པའོ། །མིག་མེད་པ་ཞེས་བྱ་བ་ནི་སྤྱན་ལྔ་དང་མི་ལྡན་པ་ལ་བྱའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ། དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་ཀྱི་སྤྱན་ལྔས་ཀྱང་སེམས་ཅན་གང་འཁོར་བ་ལས་ཡོངས་སུ་དགྲོལ་བར་བགྱི་བ་དེ་ལྟ་བུ་མ་གཟིགས་ན་ཞེས་བྱ་བ་ལ་སོགས་པས་ནི། དོན་དམ་པར་སེམས་ཅན་དམིགས་སུ་མེད་ཀྱང་། ཀུན་རྫོབ་ཏུ་སེམས་ཅན་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་དེ་ལས་བཟློག་པའི་ཕྱིར་ཕུང་པོ་གསུམ་དུ་བཤད་པ་བསྟན་པ་སྟེ།
དེ་ལ་ཡང་དག་པར་ངེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པའི་སྐལ་བ་ངེས་པར་སྤྱོད་པ་ལ་བྱའོ། །མ་ངེས་པ་ནི་དགེ་བའི་གཤེས་གཉེན་གྱི་ཁར་ལུས་པ་ལ་བྱའོ། །ལོག་པར་ངེས་པ་ནི་ལྟ་བ་ལོག་པ་ཅན་དགེ་བའི་རྩ་བ་ཆད་པ་རྣམས་ལ་བྱའོ། །གསོལ་པ་བཅོམ་ལྡན་འདས་ཀྱིས་དོན་དམ་པ་ལ་ཞུགས་ཏེ།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སམ་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པར་ནི་གནས་པ་ཡང་མེད། མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བ་ཡང་མེད་པས། དོན་དམ་པར་སངས་རྒྱས་པ་ཡང་མ་ཡིན་ལ། ཀུན་རྫོབ་ནི་ཕྱིན་ཅི་ལོག་ཡིན་པས་ཀུན་རྫོབ་ལ་གནས་ཏེ་མངོན་པར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด