ตัวบทไม่มีชื่อ — ประโยคแรก: ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๙๑ · หน้า 115b

བྱ་བ་ནི་སྨོན་ལམ་ལ་སོགས་པའི་ཆོས་དེ་དག་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པའི་ཕྱིར་རོ། །ཆོས་མ་ལགས་པ་ཡང་མ་ལགས་སོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་སྨོན་ལམ་ལ་སོགས་པའི་ཆོས་དེ་དག་མྱ་ངན་ལས་འདའ་བར་རྒྱུ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་

ཅད་ཡོངས་སུ་མ་བཟུང་བའི་སླད་དུ་གཟུགས་ཡོངས་སུ་མི་འཛིན་པ་དང་། ཚོར་བ་ཡོངས་སུ་མི་འཛིན་པ་དང་ཞེས་བྱ་བ་ནས། ཡང་དག་པའི་མཐའ་ཡོངས་སུ་མི་འཛིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་ཡོངས་སུ་

འཛིན་པ་མེད་པར་སྒྲུབ་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པའི་ཕྱིར་གང་ཡང་དངོས་པོར་ཡོངས་སུ་མི་འཛིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་

དོན་ཏོ། །དེ་ལྟར་ཡོངས་སུ་འཛིན་པ་མེད་པར་སྒྲུབ་པ་བསྟན་ནས། དེའི་འོག་ཏུ་ཡོངས་སུ་བརྟག་པའི་སྒྲུབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་འདི་ལྟར་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡོངས་སུ་བརྟག་པའི་སྒྲུབ་པ་འདི་ཡང་རྣམ་པ་བཞིར་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་གི་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

འདི་ཅི་ཞིག་ཅེས་བྱ་བ་དང་། ཅིའི་ཕྱིར་ན་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་ཡོངས་སུ་བརྟག་པར་བྱའོ། །དེ་ལ་གང་ཞེས་ཡོངས་སུ་བརྟག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཇི་ལྟ་བུ་ཞིག་ཡིན་ཞེས་བརྟག་པའོ། །གང་གི་ཞེས་བྱ་བ་ནི་གང་དང་འབྲེལ་

པ་ཞེས་བརྟག་པའོ། །ཅི་ཞིག་ཅེས་བྱ་བ་ནི་རྒྱུ་ཅི་ཞིག་གིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་བརྟག་པའོ། །ཅིའི་ཕྱིར་ན་ཞེས་བྱ་བ་ནི་ཅི་ཞིག་བྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཞེས་བརྟག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་

เล่ม ๙๑ · หน้า 116a

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་འདི་ལྟར་ཆོས་གང་ཡོད་པ་མ་ཡིན་ཞིང་མི་དམིགས་པ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནས། ཚེ་དང་ལྡན་

པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་དེ་ལྟར་རྟོག་ཅིང་སེམས་པ་དང་། དེ་ལྟར་རྟོག་ཅིང་སེམས་པའི་ཚེ་སེམས་ཞུམ་པ་མེད་ཅིང་ཡོངས་སུ་ཞུམ་པ་མེད་ལ། མི་འཇིགས་མི་དངང་སྐྲག་པར་མི་

འགྱུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི་གང་ཞེས་ཡོངས་སུ་བརྟག་པའི་དོན་བསྟན་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་རང་བཞིན་མེད་ཅིང་མི་དམིགས་པར་

རྟོག་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ་ཞེས་བསྟན་པའོ། །ཆོས་གང་ཡོད་པ་མ་ཡིན་ཞིང་མི་དམིགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་

ཅད་དངོས་པོ་མེད་ཅིང་མི་དམིགས་པར་རྟོག་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་སྙམ་དུ་སེམས་ན་ཡང་དེ་ཉིད་མཚན་མར་འཛིན་ཅིང་དངོས་པོར་ལྟ་བ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་ཆུད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས།

ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཆོས་གང་རྣམས་མེད་ཅིང་མི་དམིགས་པ་ཡིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་མེད་ཅིང་མི་དམིགས་པའི་དོན་འཁོར་རྣམས་ཀྱིས་རྒྱ་ཆེར་རྟོགས་པར་བྱ་བའི་ཕྱིར་རབ་འབྱོར་ལ་གླེང་བསླང་ཞིང་དྲིས་པའོ། །

རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནང་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ནི། ཆོས་ཐམས་ཅད་མེད་ཅིང་མི་དམིགས་པའི་དོན་རབ་འབྱོར་གྱིས་རྒྱ་ཆེར་བསྟན་པ་སྟེ། སྟོང་པ་ཉིད་བཅོ་བརྒྱད་གཏན་ཚིགས་སུ་སྨོས་ནས་འདི་ལྟར་སྟོང་པའི་ཕྱིར་

เล่ม ๙๑ · หน้า 116b

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་མིང་གིས་སྨོས་པའི་ཆོས་རྣམས་མེད་ཅིང་མི་དམིགས་སོ་ཞེས་བསྟན་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་པོར་སྨོས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་

བཞིན་གང་ཡིན་པ་ཡོངས་སུ་བརྟག་པའི་སྐབས་ཡིན་པའི་ཕྱིར་དང་པོར་སྨོས་སོ། །སེམས་ཞུམ་པ་མེད་པ་དང་། ཡོངས་སུ་ཞུམ་པ་མེད་པ་དང་། མི་འཇིགས་པ་དང་མི་དངང་བ་དང་སྐྲག་པར་མི་འགྱུར་བ་ནི་ཆོས་ཐམས་ཅད་མེད་ཅིང་མི་དམིགས་པར་རྟོག་ཅིང་སེམས་པའི་ཚེ། སྟོང་པས་སྐྲག་པར་མི་འགྱུར་

བའི་རྣམ་གྲངས་ཙམ་དུ་ཟད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱའོ་ཞེས་བྱ་བ་ནི། དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་ཅིང་མི་དམིགས་པར་རྟོག་པ་ན་མེད་པས་སྐྲག་པར་མ་གྱུར་ཅིང་། སྟོང་པའི་དོན་རྟོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་

བཞིན་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཞེས་བྱའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱ་ཞེས་བྱ་བ་ནས། ཡང་དག་པའི་མཐའ་ལ་ཡང་དག་

པའི་མཐའི་རང་བཞིན་མེད་པར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་གི་ཞེས་ཡོངས་སུ་བརྟག་པར་བཤད་པ་སྟེ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བ་སྟེ་ཞེས་བྱ་བ་ལ་

སོགས་པ་ནི། ཤཱ་རིའི་བུས་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱ་ཞེས་དྲིས་པའི་ལན་བཏབ་པ་སྟེ། གཟུགས་ལ་སོགས་པ་ཡང་དག་པའི་མཐའ་ལ་ཐུག་པའི་བར་གྱི་ཆོས་མིང་གིས་སྨོས་པ་རྣམས། དོན་དམ་པར་དེ་དག་གི་རང་བཞིན་དུ་ཡོད་པ་མ་

ཡིན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་ཕྱིན་ཅི་མ་ལོག་པར་ཤེས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་པས་དེ་དང་མ་བྲལ་བ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གཟུགས་ཀྱི་རང་བཞིན་ནི་ཇི་ལྟ་བུ།

เล่ม ๙๑ · หน้า 117a

ཚོར་བའི་རང་བཞིན་ནི་ཇི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་གཟུགས་ལ་སོགས་པ་དེ་དག་གི་རང་བཞིན་དང་བྲལ་བའོ་ཞེས་རབ་འབྱོར་གྱིས་སྨྲས་པའི་ཚིག་ཤཱ་རིའི་བུས་སྨོས་ནས་འཁོར་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་གཟུགས་ལ་སོགས་པ་དང་། དེ་དག་

གི་རང་བཞིན་ཞེས་བྱ་བའི་ཆོས་ཤིག་ཡོད་ན་ནི་བྲལ་བ་དང་མ་བྲལ་བ་ཞེས་བྱར་ཡང་རུང་ན། དེ་དག་གི་རང་བཞིན་ཇི་ལྟ་བུ་ཞིག་ཡོད་ཅེས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ་ཞེས་བྱ་བ་ལ་

སོགས་པས་ནི་གཟུགས་ལ་སོགས་པ་ཡང་དག་པའི་མཐའི་བར་གྱི་ཆོས་རྣམས་ཀྱི་རང་བཞིན་དོན་དམ་པར་ཡོད་པར་མ་གྲུབ་སྟེ། དངོས་པོ་མེད་པ་ཉིད་ལ་དེ་དག་གི་རང་བཞིན་དང་བྲལ་བ་ཞེས་བྱའི། རང་བཞིན་ཡོད་པ་དང་བྲལ་བ་ལ་ནི་མི་བྱའོ་ཞེས་བསྟན་པའོ། །ཚེ་དང་ལྡན་

པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་འདི་ལྟར་གཟུགས་ལ་གཟུགས་ཀྱི་རང་བཞིན་མེད་པ་དང་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་ལ་སོགས་པ་གོང་དུ་སྨོས་པའི་ཆོས་རྣམས་ཀྱི་རང་བཞིན་མེད་པ་ཉིད་ཀྱི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། རྣམ་གྲངས་དེས་ན་ཞེས་བྱ་བ་ནི་གོང་དུ་སྨོས་པའི་གཞུང་

དེས་ན། གཟུགས་ལ་སོགས་པ་ཡང་དག་པའི་མཐའི་བར་གྱི་ཆོས་རྣམས་རང་བཞིན་མེད་པར་ཤེས་པར་བྱ་སྟེ། དེ་ལྟར་ཆོས་དེ་དག་ཐམས་ཅད་དོན་དམ་པར་གང་ཡང་རང་བཞིན་མེད་པའི་ཕྱིར་ཆོས་འདི་དང་འདི་ཤེས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་གང་དང་

ཡང་འབྲེལ་པ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་གི་ཡིན་ཞེས་བརྟག་པ་དེ་གང་གི་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་གཟུགས་ལ་གཟུགས་ཀྱི་མཚན་ཉིད་མེད་དོ། །ཚོར་བ་ལ་ཚོར་བའི་མཚན་ཉིད་མེད་དོ་ཞེས་བྱ་བ་ནས། བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅི་ཞིག་ཅེས་བརྟག་པ་བཤད་པ་སྟེ། གཟུགས་ལ་སོགས་པ་ནས་ཡང་དག་པའི་མཐའི་བར་

เล่ม ๙๑ · หน้า 117b

དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྟོགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ན། དེ་ལྟར་ཆོས་ཐམས་ཅད་མཚན་ཉིད་མེད་ན་ཆོས་གང་གི་མཚན་ཉིད་རྟོགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྙམ་དུ་ཡོངས་སུ་རྟོག་པ་ལ།

དེ་ལྟར་ཆོས་ཐམས་ཅད་མཚན་ཉིད་མེད་པས་ཤེས་རབ་ཀྱིས་རྟོགས་པར་བྱ་བའི་ཆོས་གང་ཡང་མེད་པས་ཆོས་གང་གི་མཚན་ཉིད་རྟོགས་པའི་ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་མི་བྱའོ་ཞེས་བསྟན་པའོ། །མཚན་ཉིད་ལ་ཡང་མཚན་ཉིད་ཀྱི་རང་བཞིན་མེད་དོ་ཞེས་བྱ་བ་ནི།

གོང་དུ་ཆོས་རྣམས་ལ་མཚན་ཉིད་མེད་དོ་ཞེས་སྨོས་ལ། མཚན་ཉིད་དེ་ཆོས་རྣམས་ལ་མེད་པས་ལོགས་ཤིག་ན་མཚན་ཉིད་ཀྱི་རང་བཞིན་དུ་ཡོད་སྙམ་དུ་སེམས་པ་ལས་བཟློག་པའི་ཕྱིར་མཚན་ཉིད་ཅེས་བརྗོད་པ་ཡང་ཀུན་རྫོབ་ཏུ་བརྗོད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་མཚན་

ཉིད་ལ་ཡང་རང་བཞིན་མེད་དོ་ཞེས་བསྟན་པའོ། །མཚན་ཉིད་ཀྱི་རང་བཞིན་ལ་ཡང་མཚན་ཉིད་ཀྱི་རང་བཞིན་མེད་དོ་ཞེས་བྱ་བ་ནི་མཚན་ཉིད་ལ་རང་བཞིན་མེད་དོ་ཞེས་གོང་དུ་སྨོས་པའི་མཚན་ཉིད་ལ་རང་བཞིན་མེད་དུ་ཟིན་ཀྱང་། མཚན་ཉིད་ཀྱི་རང་བཞིན་ཞེས་བྱ་བ་ཞིག་ལོགས་

ཤིག་ན་ཡོད་དོ་སྙམ་དུ་སེམས་པ་ལས་བཟློག་པའི་ཕྱིར་གསུངས་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ་ཞེས་བྱ་བ་ནས། རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། ཆོས་ཐམས་ཅད་མཚན་ཉིད་མེད་པར་རྟོགས་པའི་ཕན་ཡོན་བསྟན་པ་སྟེ། དེ་ལྟར་ཡོངས་སུ་རྟོག་ཅིང་ཆོས་ཐམས་ཅད་མཚན་ཉིད་མེད་པར་རྟོགས་པར་བྱ་བར་བསླབ་པ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་དེ་རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བསྟན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་ཆོས་ཐམས་ཅད་མ་སྐྱེས་མ་བྱུང་བའི་ཕྱིར་རོ་ཞེས་བྱ་བ་

เล่ม ๙๑ · หน้า 118a

ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི། ཅིའི་ཕྱིར་ན་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཞེས་བྱ་ཞེས་ཡོངས་སུ་བརྟག་པར་བྱ་བ་བསྟན་པ་སྟེ། ཆོས་ཐམས་ཅད་མ་སྐྱེས་མ་བྱུང་བའི་ཕྱིར་རོ་ཞེས་བྱ་བ་དོན་གོང་མ་དང་མཚམས་སྦྱར་བའི་ཕྱིར་གོང་དུ་གང་བསླབ་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་བཤད་པ་དེ། ཀུན་རྫོབ་ཏུ་བསྟན་པ་ཙམ་དུ་

ཟད་ཀྱི་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་མེད་པའི་ཕྱིར་ནི་འབྱུང་བའི་ཚུལ་གྱིས་འབྱུང་བར་འགྱུར་རོ་ཞེས་བསྟན་པའོ། །སྨས་པ། ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་ཆོས་ཐམས་ཅད་མ་སྐྱེས་མ་བྱུང་བ་ཡིན་ཞེས་བྱ་བ་ནི། གཟུགས་ལ་

སོགས་པའི་ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པའི་ཚེ་ཇི་ལྟར་མ་སྐྱེས་པ་དང་། རྣམ་པར་བྱང་བའི་ཚེ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་མ་བྱུང་བ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་གཟུགས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་

འབྱུང་བ་ཡང་མི་དམིགས་སོ་ཞེས་བྱ་བ་ནི་དོན་དམ་པར་གཟུགས་གཟུགས་ཀྱི་རང་བཞིན་གྱིས་སྟོང་སྟེ། རང་བཞིན་གྱིས་སྟོང་པ་དེ་ལ་ཀུན་ནས་ཉོན་མོངས་པའི་ཚེ་ཡང་སྐྱེ་བ་མེད་ལ་རྣམ་པར་བྱང་བའི་ཚེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་མེད་དོ་ཞེས་བསྟན་པ་སྟེ། ཆོས་

ཐམས་ཅད་དངོས་པོ་ཡོད་ན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བ་ཡང་ཡོད་པས། ཅིའི་ཕྱིར་ན་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་ཡོངས་སུ་བརྟགས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་བྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱར་ཡང་

རུང་ན་དེ་ལྟར་སྐྱེ་བ་ཡང་མེད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་ཡང་མེད་པའི་ཕྱིར་འདི་ལ་ཅིའི་ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་མི་བྱའོ་ཞེས་བསྟན་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ནས་ཡང་དག་པའི་མཐའི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་

เล่ม ๙๑ · หน้า 118b

ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བ་ཡིན་ཏེ་ཞེས་བྱ་བ་ནི། ཅིའི་ཕྱིར་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་

ཞེས་ཡོངས་སུ་བརྟག་པའི་མཇུག་བསྡུས་ནས་བསྟན་པ་སྟེ། དོན་དམ་པར་ཅིའི་ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་མི་བྱ་མོད་ཀྱི། འོན་ཀྱང་དོན་དེ་ལྟར་རྟོགས་ན་ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཇི་ལྟ་ཇི་ལྟར་རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར། ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ཆོས་ཐམས་ཅད་སྟོང་པར་རྟོགས་ཤིང་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པའི་ཕན་ཡོན་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་ལྔ་པའོ།། །།དེ་ལྟར་ཡོངས་སུ་བརྟག་པའི་སྒྲུབ་པ་བསྟན་ནས། དེའི་འོག་ཏུ་ཐབས་ཀྱི་སྒྲུབ་པ་བསྟན་པར་བྱ་སྟེ། དེ་ཡང་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་

ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ་ཞེས་བྱ་བ་ནས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་སྤྱོད་པའི་ཚེ། སེམས་ཞུམ་པ་མེད་ཅིང་ཡོངས་སུ་ཞུམ་པ་མེད་དེ། མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པར་ཤེས་པར་བྱའོ་ཞེས་བྱ་བའི་

བར་གྱིས་བསྟན་ཏེ། ཐབས་ཀྱི་སྒྲུབ་པ་འདི་ཡང་ཐབས་མི་མཁས་པས་དངང་བར་བྱ་བ་དང་། ཐབས་མཁས་པ་ལ་བརྟེན་པར་བྱ་བ་དང་རྣམ་པ་གཉིས་སུ་བསྟན་ཏོ། །ཐབས་མི་མཁས་པ་ཡང་རྣམ་པ་གཉིས་ཏེ། མཚན་མ་ལ་སྤྱོད་པ་དང་། མངོན་པར་འདུ་བྱེད་པ་ལ་སྤྱོད་

เล่ม ๙๑ · หน้า 119a

པའོ། །དེ་ལ་ཐབས་མི་མཁས་པས་མཚན་མ་ལ་སྤྱོད་པ་ནི། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ་ཞེས་བྱ་བ་ནས།

བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་གང་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་མོ་ཞེས་བགྱི་བར་སྤྱོད་ན་ཡང་མཚན་མ་ཉིད་ལ་སྤྱོད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཐབས་མི་མཁས་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། དེ་ལ་ཐབས་མི་མཁས་པས་གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལྔ་ལ་གཟུགས་ལ་སོགས་པའི་སོ་སོའི་མཚན་ཉིད་གང་ཡིན་པའི་མཚན་མར་རྟོག་ན་དེ་མཚན་མ་ལ་སྤྱོད་

པ་ཡིན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་གཟུགས་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ་

ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་དང་ཁམས་ལ་སོགས་པ་འཇིག་རྟེན་གྱི་ཆོས་རྣམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་

བ་དང་། བདག་ཡོད་པ་དང་། བདག་མེད་པ་དང་། ཞི་བ་དང་། མ་ཞི་བ་དང་། དབེན་པ་དང་། མི་དབེན་པ་ཞེས་བྱ་བར་མཚན་མར་འཛིན་ཅིང་སྤྱོད་ན། དེ་མཚན་མ་ལ་སྤྱོད་པ་ཡིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ཏེ། དེ་ལྟར་སྤྱོད་ན་བྱང་ཆུབ་སེམས་དཔའ་དེ་

ཐབས་མི་མཁས་པ་ཡིན་པས་ཐབས་མི་མཁས་པ་དེ་སྤང་བར་བྱའོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མི་མཁས་པ་ཇི་ལྟར་

เล่ม ๙๑ · หน้า 119b

རིག་པར་བྱ་བ་ཡིན་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཉིད་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ཡང་མངོན་དུ་བྱ་བའི་སྐལ་བ་མེད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་ལྟ་ཅི་སྨོས་

ཏེ་དེ་ནི་གནས་མེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན་ཐབས་མི་མཁས་པར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི། ཐབས་མི་མཁས་པས་མངོན་པར་འདུ་བྱེད་པ་ལ་སྤྱོད་པ་བསྟན་པ་སྟེ།

གཟུགས་ལ་མོས་ཤིང་ཞེས་བྱ་བ་ནི་ལྟ་བ་ཕྱིན་ཅི་ལོག་གིས་གཟུགས་དངོས་པོ་ཡོད་པར་ལྟ་ཞིང་མོས་པའོ། །འདུ་ཤེས་དེ་ཞེས་བྱ་བ་ནི་འདུ་ཤེས་ཕྱིན་ཅི་ལོག་གིས་བཟང་བ་དང་ངན་པ་ལ་སོགས་པའི་མཚན་མར་འཛིན་པའོ། །བྱིན་གྱིས་རློབ་ཅེས་བྱ་བ་ནི་སེམས་ཕྱིན་ཅི་ལོག་གིས་

གཟུགས་ཀྱི་དངོས་པོ་ལ་ཆགས་ཤིང་གནས་པའོ། །གཟུགས་མངོན་པར་འདུ་བྱེད་པ་ལ་སྤྱོད་དེ་ཞེས་བྱ་བ་ནི་དེ་ལྟར་ལྟ་བ་ཕྱིན་ཅི་ལོག་པ་དང་། འདུ་ཤེས་ཕྱིན་ཅི་ལོག་པ་དང་། སེམས་ཕྱིན་ཅི་ལོག་གིས་གཟུགས་ལ་དངོས་པོ་ཡོད་པར་མཐོང་ཞིང་། དེ་ལྟར་སྤྱོད་ན་གཟུགས་སྐྱེ་བ་

དང་འགག་པར་བྱ་བ་ལ་སོགས་པར་མངོན་པར་འདུ་བྱེད་པ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། ཚེ་འཕོ་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་

དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ་ཞེས་བྱ་བ་ནི། གཟུགས་ལ་མངོན་པར་འདུ་བྱེད་པའི་ཉེས་པའི་དམིགས་བསྟན་པ་སྟེ། འཁོར་བ་ལས་གྲོལ་ཞིང་ཐར་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་

ཚོར་བ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཡང་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ཡང་མངོན་དུ་བྱ་བའི་སྐལ་བ་མེད་ན། བླ་ན་མེད་པ་ཡང་དག་

เล่ม ๙๑ · หน้า 120a

པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་ལྟ་ཅི་སྨོས་ཞེས་བྱ་བ་ནི། དེ་ལྟར་ཆོས་རྣམས་ལ་མངོན་པར་འདུ་བྱ་བར་སྤྱོད་ན་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པར་མི་འགྱུར་བའི་ཉེས་པའི་དམིགས་བསྟན་པའོ། །དེ་ནི་གནས་མེད་དོ་ཞེས་བྱ་བ་ནི་དེ་ལྟར་

ཆོས་རྣམས་ལ་དངོས་པོར་འཛིན་ཅིང་མངོན་པར་འདུ་བྱེད་པ་ལ་སྤྱོད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་བ་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱོད་ན་ཐབས་མཁས་པར་ཤེས་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི་ཐབས་མཁས་པས་སྤྱོད་པའི་སྒྲུབ་པ་བསྟན་པའོ། །དེ་ལ་ཐབས་མཁས་པས་སྤྱོད་པ་ལ་ཡང་རྣམ་པ་གཉིས་ཏེ། ཆོས་རྣམས་ལ་མི་དམིགས་པར་སྤྱོད་པ་དང་ཆོས་རྣམས་ཀྱི་མཚན་མ་ལ་མི་

དམིགས་པར་སྤྱོད་པའོ། །དེ་ལ་རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་མི་སྤྱོད་དོ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཡོད་དོ་ཞེས་བྱ་བའི་བར་དུ་ནི། ཐབས་མཁས་པས་ཆོས་རྣམས་ལ་མི་དམིགས་པར་སྤྱོད་པའི་སྒྲུབ་པ་བསྟན་པ་སྟེ། གཟུགས་

ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདག་ཡོད་པ་དང་། བདག་མེད་པ་དང་། ཞི་བ་དང་། མ་ཞི་བ་དང་། སྟོང་པ་

དང་། མི་སྟོང་བ་དང་། མཚན་མ་ཡོད་པ་དང་། མཚན་མ་མེད་པ་དང་། སྨོན་པ་ཡོད་པ་དང་། སྨོན་པ་མེད་པ་དང་། དབེན་པ་དང་། མི་དབེན་པའི་དངོས་པོར་འཛིན་ཅིང་མི་སྤྱོད་པ་ཉིད་ཐབས་མཁས་པས་སྤྱོད་ཅིང་སྒྲུབ་པ་ཡིན་པར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་

เล่ม ๙๑ · หน้า 120b

ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མེད། གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་གཟུགས། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ནི། གཟུགས་ལ་

སོགས་པའི་ཆོས་རྣམས་ལ་མི་དམིགས་པར་སྤྱོད་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་རྣམས་རང་བཞིན་གྱིས་སྟོང་པའི་ཕྱིར་དེ་ལྟར་མི་སྤྱོད་དོ་ཞེས་བསྟན་པའོ། །གཟུགས་དང་སྟོང་པ་ཉིད་ཐ་མི་དད་པའི་དོན་ནི་སྔར་བཤད་པ་བཞིན་ནོ། །བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་སྤྱོད་དོ་ཞེས་བྱ་བར་མི་དམིགས་སོ། །མི་སྤྱོད་དོ་ཞེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་

བར་གྱུར་པར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི། ཐབས་མཁས་པས་སྒྲུབ་པ་ལ་ཆོས་ཀྱི་མཚན་མ་ལ་མི་དམིགས་པར་སྤྱོད་པ་བསྟན་པ་སྟེ། དོན་དམ་པར་བྱང་ཆུབ་སེམས་དཔའ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་ཡོད་པར་མ་གྲུབ་པས་སྤྱོད་པའི་བྱང་ཆུབ་

སེམས་དཔའ་དང་། སྤྱད་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀའི་རང་བཞིན་སྟོང་པའི་ཕྱིར་སྤྱོད་དོ་ཞེས་བྱ་བར་མི་དམིགས་སོ། །མི་སྤྱོད་དོ་ཞེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི་སྤྱོད་པ་དོན་དམ་པར་ཡོད་པ་མ་ཡིན་པས་སྤྱོད་པའི་ཟླས་གྲུབ་པ་མི་སྤྱོད་པ་ཡང་མི་འགྲུབ་

པའི་ཕྱིར་རོ། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི་སྤྱོད་པ་དང་མི་སྤྱོད་པ་གཉིས་དངོས་པོ་མེད་པའི་ཕྱིར་རོ། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བ་ནི། སྤྱོད་པ་དང་མི་སྤྱོད་པ་གཉིས་ཀ་ལ་མ་གཏོགས་པའི་དངོས་པོ་གཞན་དུ་ཡང་མི་

དམིགས་སོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མི་དམིགས་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་མི་དམིགས་པའི་གཏན་ཚིགས་བསྟན་པ་སྟེ། སྤྱོད་པར་བྱ་བའི་ཤེས་རབ་ཀྱི་

เล่ม ๙๑ · หน้า 121a

ཕ་རོལ་ཏུ་ཕྱིན་པ་ཉིད་རང་བཞིན་ཡོད་པར་མ་གྲུབ་པས་དམིགས་སུ་མེད་པའི་ཕྱིར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡང་མི་དམིགས་པས་སྤྱོད་པ་དང་མི་སྤྱོད་པ་ལ་སོགས་པའི་རྣམ་པར་རྟོག་པ་བཞི་མི་དམིགས་སོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་

དེས་ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་ཁོང་དུ་ཆུད་དེ་མ་བླངས་པའི་ཕྱིར་རོ་ཞེས་བྱ་བ་ནི། སྤྱོད་པ་དང་སྤྱད་པར་བྱ་བ་གཉིས་རང་བཞིན་མེད་པར་རྟོགས་པར་མ་ཟད་ཀྱི་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་ཁོང་དུ་ཆུད་པའི་ཕྱིར་ཡང་

སྤྱོད་པ་དང་མི་སྤྱོད་པ་ལ་སོགས་པའི་མཚན་མར་རྣམ་པར་རྟོག་པ་བཞི་མི་འབྱུང་ངོ་ཞེས་བསྟན་པ་སྟེ། མ་བླངས་སོ་ཞེས་བྱ་བ་ནི་མཚན་མར་མ་བཟུང་ངོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པའི་ཚེ། སེམས་ཞུམ་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་དུ་རྟོགས་ཤིང་དངོས་པོ་མེད་པས་འཇིགས་ཤིང་སྐྲག་པར་མ་གྱུར་པ། དེའི་ཕན་ཡོན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པའི་རྒྱུར་འགྱུར་བ་

བསྟན་པའོ། །དེ་ལྟར་ཐབས་ཀྱི་སྒྲུབ་པ་བསྟན་ནས། དེའི་འོག་ཏུ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྒྲུབ་པ་བསྟན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་སྟེ་ཞེས་

བྱ་བ་ལ་སོགས་པ་གསུངས་སོ། །སྒྲུབ་པ་འདི་ཡང་རྣམ་པ་བཞིར་བསྟན་ཏེ། ཏིང་ངེ་འཛིན་རྣམས་ལ་བསླབ་པ་དང་། ཆོས་ཐམས་ཅད་མི་དམིགས་པར་བསླབ་པ་དང་། སྒྱུ་མ་ལྟ་བུ་ལ་སོགས་པར་བསླབ་པ་དང་། ཐབས་ལ་མཁས་པར་བསླབ་པའོ། །དེ་ལ་རྣམ་པ་ཐམས་ཅད་

མཁྱེན་པ་དེ་ཡང་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་སྟེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི། ཏིང་ངེ་འཛིན་རྣམས་ལ་བསླབ་པ་བསྟན་ཏོ། །དེ་ལ་ཏིང་ངེ་འཛིན་ལ་

เล่ม ๙๑ · หน้า 121b

བསླབ་པ་ལ་ཡང་རྣམ་པ་གཉིས་ཏེ། ཏིང་ངེ་འཛིན་གྱི་མིང་བསྟན་པ་དང་། རྣམ་པར་མི་རྟོག་པ་བསྟན་པའོ། །དེ་ལ་ཏིང་ངེ་འཛིན་གྱི་མིང་བསྟན་པ་ནི། །དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་སྟེ་ཞེས་བྱ་བ་ལ་སོགས་

པའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་གཉིས་སུ་མེད་པར་རྟོགས་པ་ལ་བྱ་སྟེ། ཀུན་བརྟགས་པའི་ཆོས་ཐམས་ཅད་ལ་གཟུང་བ་དང་། འཛིན་པ་དང་། ཡོད་པ་དང་། མེད་པ་དང་། རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་

བསྔལ་བ་དང་། བདག་དང་། བདག་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་པ་དང་། ཞི་བ་དང་། མ་ཞི་བ་དང་། སྟོང་པ་དང་། མི་སྟོང་པ་དང་། མཚན་མ་ཡོད་པ་དང་། མཚན་མ་མེད་པ་དང་། སྨོན་པ་ཡོད་པ་དང་། སྨོན་པ་མེད་པ་ལ་སོགས་པ་གཉིས་

སུ་འཛིན་པ་དེ་དག་ཐམས་ཅད་ནི་ཀུན་བརྟགས་པ་ཡིན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་གཉིས་སུ་མེད་པ་ཞེས་བྱའོ། །གཉིས་སུ་བྱར་མེད་ཅེས་བྱ་བ་ནི་གཟུང་བ་དང་འཛིན་པ་ལ་སོགས་པར་རྟོག་པའི་རྣམ་པར་རྟོག་པས་གཉིས་སུ་

བྱེ་བྲག་ཏུ་དབྱེར་མེད་པའི་ཕྱིར་རོ། །དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་སྟེ་ཞེས་བྱ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་དེ་

ཉིད་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །རྒྱ་ཆེ་བ་ཞེས་བྱ་བ་ལ་སོགས་པ་ནི། ཏིང་ངེ་འཛིན་དེའི་ཡོན་ཏན་བསྔགས་པ་སྟེ་རྒྱ་ཆེ་བ་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་རྒྱ་ཆེན་པོའི་རྒྱུ་ཡིན་པའི་ཕྱིར་རོ། །མཆོག་ཏུ་བྱ་

བ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕུལ་དུ་གྱུར་པའི་ཕྱིར་རོ། །ཚད་མེད་པར་ངེས་པར་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེའི་ཡོན་ཏན་ཚད་གཟུང་དུ་མེད་པར་ངེས་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་ཞེས་བྱ་བ་

เล่ม ๙๑ · หน้า 122a

ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་སུན་མི་ཕྱིན་པའི་ཕྱིར་རོ། །ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་

དངོས་པོ་མེད་ཅིང་གཉིས་སུ་མེད་པར་རྟོགས་པའི་ཏིང་ངེ་འཛིན་དེ་ལ་གནས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་མྱུར་དུ་མངོན་པར་འཚང་རྒྱ་བའི་ཡོན་ཏན་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཏིང་ངེ་འཛིན་འདི་འབའ་ཞིག་གིས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའམ། འོན་ཏམ་དེ་ལྟ་བུའི་ཏིང་ངེ་འཛིན་གཞན་དག་ཀྱང་ཡོད་ཅེས་བྱ་བ་ལ་སོགས་པ་ནི་དེ་ལས་གཞན་པའི་ཏིང་ངེ་འཛིན་མང་པོ་རྣམས་ཀྱི་མིང་འཁོར་རྣམས་ལ་བསྟན་པའི་ཕྱིར་ཤཱ་རིའི་བུས། རབ་འབྱོར་

ལ་དྲིས་ནས། རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ཏིང་ངེ་འཛིན་མང་པོའི་མིང་རྣམས་བསྟན་པ་སྟེ། ཏིང་ངེ་འཛིན་དེ་དག་གི་མིང་དོན་དང་རྗེས་སུ་མཐུན་པ་ནི་འོག་ནས་ཏིང་ངེ་འཛིན་གྱི་ཐེག་པ་ཆེན་པོའི་ལེའུ་ལས་གཞུང་ཉིད་ལས་

འཆད་དོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཡང་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ལ་སོགས་པ་ནི། ཏིང་ངེ་འཛིན་དེ་དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་དུས་གསུམ་གྱི་སངས་

རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་བཞུགས་པ་རྣམས་ཀྱིས་ལུང་བསྟན་པའི་ཡོན་ཏན་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་ཏིང་ངེ་འཛིན་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་མི་རྟོག་པ་བསྟན་པ་སྟེ། དོན་དམ་པར་ཏིང་ངེ་འཛིན་དང་།

ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་གཉི་ག་དམིགས་སུ་མེད་པའི་ཕྱིར་ཏིང་ངེ་འཛིན་དུ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། བདག་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ་སྙམ་དུ་སེམས་པ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཏིང་ངེ་འཛིན་འདི་ལ་

เล่ม ๙๑ · หน้า 122b

གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ལུང་བསྟན་པ་ཡོད་དམ་ཞེས་བྱ་བ་ནི། གོང་དུ་ཏིང་ངེ་འཛིན་ལ་གནས་པ་རྣམས་དུས་གསུམ་གྱི་སངས་རྒྱས་ཀྱིས་ལུང་བསྟན་པ་བཤད་པ་

དང་། འཁོར་གྱི་ནང་ན་ཁ་ཅིག་ལུང་སྟོན་པའི་སངས་རྒྱས་དང་། ལུང་བསྟན་པར་བྱ་བའི་བྱང་ཆུབ་སེམས་དཔའ་དང་། ཏིང་ངེ་འཛིན་རྣམས་དོན་དམ་པར་དངོས་པོ་ཡོད་སྙམ་དུ་རྣམ་པར་རྟོག་པ་བསལ་བའི་ཕྱིར། ཤཱ་རིའི་བུས་ལུང་བསྟན་པ་ཡོད་དམ་ཞེས་དྲིས་པའོ། །རབ་འབྱོར་

གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ནི་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པར་ལུང་སྟོན་པ་དང་། ལུང་བསྟན་པར་བྱ་བ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རོ་གཅིག་སྟེ། ཐ་དད་པ་མེད་པའི་ཕྱིར་ལུང་

བསྟན་པ་ཡང་མེད་དོ་ཞེས་བཤད་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་དེ་ལྟར་ཏིང་ངེ་འཛིན་ཀྱང་གཞན་ལ་བྱང་ཆུབ་སེམས་དཔའ་ཡང་གཞན་ཞེས་བྱ་བ་མེད། བྱང་ཆུབ་སེམས་དཔའ་ཡང་གཞན་ལ་ཏིང་ངེ་འཛིན་ཀྱང་གཞན་ཞེས་བྱ་བ་མེད་དེ། ཆོས་ཐམས་ཅད་

མཉམ་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན་ཡིན་ན། དེ་ལ་ཏིང་ངེ་འཛིན་བསྟན་པར་ནུས་སམ་ཞེས་བྱ་བ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་དང་། ཏིང་ངེ་འཛིན་གཉི་ག་ཡང་དོན་དམ་པར་དབྱེར་མེད་དེ་ཐ་མི་དད་ན། ཅི་

ཞིག་གང་ལ་བསྟན་པར་བྱ་སྙམ་ནས་དྲིས་པ་སྟེ་བསྟན་པར་ནུས་སམ་ཞེས་བྱ་བ་ནི་དེ་ལྟར་དམིགས་སུ་མེད་དེ་དབྱེར་མེད་ན། ཏིང་ངེ་འཛིན་དེ་བྱང་ཆུབ་སེམས་དཔའ་ལ་བསྟན་དུ་རུང་ངམ་ཞེས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་

དོན་དམ་པར་ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་དཔའ་གཉིས་དབྱེར་མེད་པས་ཏིང་ངེ་འཛིན་དེ་བྱང་ཆུབ་སེམས་དཔའ་ལ་བསྟན་དུ་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་རིགས་ཀྱི་བུ་དེ་ཏིང་ངེ་འཛིན་དེ་ལ་འདུ་ཤེས་སུ་བྱེད་དམ་ཞེས་བྱ་བ་ལ་སོགས་པ་ནི་

เล่ม ๙๑ · หน้า 123a

ཏིང་ངེ་འཛིན་དུ་རྣམ་པར་མི་རྟོག་པའི་གཏན་ཚིགས་ཤཱ་རིའི་བུས་དྲིས་པ་དང་། རབ་འབྱོར་གྱིས་རྣམ་པར་མི་རྟོག་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་ཕྱིར་ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་དཔའ་གཉིས་ཀ་དངོས་པོ་མེད་

པར་རོ་གཅིག་པས་འདི་ནི་ཏིང་ངེ་འཛིན་ཏོ། །བདག་ནི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའོ་སྙམ་དུ་སེམས་པའི་འདུ་ཤེས་དང་། རྣམ་པར་རྟོག་པ་མི་འབྱུང་ངོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ་ཞེས་བྱ་བ་ནས།

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་ཏིང་ངེ་འཛིན་ལ་རྣམ་པར་མི་རྟོག་པའི་དོན། རབ་འབྱོར་གྱིས་ཤཱ་རིའི་བུ་ལ་བཤད་པ་ལེགས་སོ་ཞེས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བསྟོད་ནས་རྣམ་པར་བྱང་བའི་ཆོས་

གཞན་རྣམས་ལ་ཡང་དེ་ལྟར་དོན་དམ་པར་མི་རྟོག་པ་དང་། མི་དམིགས་པའི་ཚུལ་གྱིས་ཀུན་རྫོབ་ཏུ་བསླབ་པར་བྱའོ་ཞེས་བསྟན་པ་སྟེ། ཉོན་མོངས་པ་མེད་པ་ལ་རྣམ་པར་རྟོག་པའི་ཉན་ཐོས་ཀྱི་ནང་ན་མཆོག་ཏུ་བཤད་པ་འདི་ཡིན་ནོ་ཞེས་བྱ་བ་ནི། ཉན་ཐོས་དགྲ་བཅོམ་པའི་ནང་ན་རབ་

འབྱོར་ཉོན་མོངས་པ་མེད་པའི་མཆོག་ཏུ་བཤད་པ་གླེངས་ནས་བསྟོད་པ་སྟེ། སྐབས་འདིར་ནི་ཉོན་མོངས་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པ་ལ་བྱ་སྟེ། རབ་འབྱོར་གྱིས་རྣམ་པར་མི་རྟོག་པའི་དོན་རྟོགས་ཤིང་བཤད་པ་དེ་ཉོན་མོངས་པ་མེད་པར་བཤད་པ་དང་

མཐུན་པས་རབ་འབྱོར་ཁྱོད་ཀྱིས་རྣམ་པར་མི་རྟོག་པའི་དོན་དེ་བཤད་པ་ལེགས་སོ་ཞེས་བྱ་བ་དང་སྦྱར་རོ། །དེ་ལྟར་ཏིང་ངེ་འཛིན་རྣམས་ལ་བསླབ་པ་བསྟན་ནས། དེའི་འོག་ཏུ་ཆོས་ཐམས་ཅད་མི་དམིགས་པར་བསླབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ཞེས་བྱ་བ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་

เล่ม ๙๑ · หน้า 123b

ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི། ཆོས་ཐམས་ཅད་མི་དམིགས་པར་བསླབ་པ་བསྟན་པའོ། །དེ་ལྟར་སློབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་མི་དམིགས་པར་བསླབ་པ་བསྟན་པ་སྟེ། ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་

ལྡན་འདས་ཅིའི་སླད་དུ་མི་དམིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་བདག་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ནི་མི་དམིགས་པའི་གཏན་ཚིགས་བསྟན་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་ནི་དོན་དམ་པར་

ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡོངས་སུ་དག་པ་ཡིན་པའི་ཕྱིར་དམིགས་སུ་མེད་དོ་ཞེས་བྱ་བའི་དོན་ཏེ། དམིགས་སུ་མེད་པ་དེ་དག་ཀྱང་གང་ཞེ་ན། བདག་དང་སེམས་ཅན་ལ་སོགས་པ་མུ་སྟེགས་ཅན་གྱིས་བདག་ཏུ་བརྟགས་པ་རྣམས་དང་། ཕུང་པོ་དང་། སྐྱེ་མཆེད་

དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཁམས་གསུམ་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང་། འཕགས་པའི་བདེན་པ་བཞི་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་སོ་སོའི་སྐྱེ་བོས་དངོས་པོ་ཡོད་པར་བརྟགས་པ་ལྟ་བུར་དམིགས་སུ་

མེད་དོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་གང་ལགས་ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་རྣམ་པར་དག་པའི་དོན་གསལ་བར་བསྟན་པའི་ཕྱིར་ཤཱ་རིའི་བུས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཤད་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་

ཡོད་པར་མ་གྲུབ་པས་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པ་ཉིད་རྣམ་པར་དག་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་དང་གང་ལ་སློབ་པ་ལགས་ཞེས་བྱ་བ་ནི། གོང་དུ་མི་དམིགས་པའི་

ཚུལ་གྱིས་སློབ་པ་ཡིན་ནོ་ཞེས་བཤད་པས་འཁོར་གྱི་ནང་ན་ཁ་ཅིག་བསླབ་པར་བྱ་བའི་ཆོས་འགའ་ཞིག་ཡོད་དམ་སྙམ་དུ་སེམས་པའི་ཐེ་ཚོམ་བསལ་བའི་ཕྱིར་ཞུས་པའོ། །ཆོས་གང་ལ་ཡང་སློབ་པ་མེད་དོ་ཞེས་བྱ་བ་ནི། དོན་དམ་པར་ཆོས་གང་ཡང་དངོས་པོ་ཡོད་པར་མ་གྲུབ་པས་

เล่ม ๙๑ · หน้า 124a

ཆོས་གང་ལ་ཡང་སློབ་པ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་ཆོས་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོས་ཇི་ལྟར་མངོན་པར་ཆགས་པར་བྱ་བ་དེ་ལྟ་བུའི་རྣམ་པར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་གང་ཡང་སློབ་པ་མེད་པའི་གཏན་ཚིགས་བསྟན་

པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་འདི་དག་སོ་སོའི་སྐྱེ་བོས་དངོས་པོ་ཡོད་པར་མཐོང་ཞིང་ཆགས་པ་དེ་ལྟ་བུའི་དངོས་པོར་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ཆོས་འདི་དག་རྣམ་པ་གང་གིས་མཆིས་པ་ལགས་ཞེས་

བྱ་བ་ནི་དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་མེད་པ་དེ་ལྟར་ཡོད་ཅེས་བྱ་བ་ནི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་དངོས་པོ་ཡོད་པར་ཕྱིན་ཅི་ལོག་ཏུ་མཐོང་ཞིང་ཆགས་པ་དེ་ལྟ་བུའི་དངོས་པོར་ཡོད་པ་མ་ཡིན་པ་དེ་ལྟ་བུར་ཡོད་དོ་

ཞེས་བསྟན་པ་སྟེ། ཡོད་དོ་ཞེས་བྱ་བ་ཡང་དངོས་པོར་ཡོད་པ་ལ་ནི་མི་བྱའི། ཇི་ལྟར་མེད་པ་དེ་ལྟར་བདེན་ནོ་ཞེའམ། དེ་ལྟར་ཡང་དག་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར། དེ་ལྟར་ཡོད་པ་མ་ཡིན་པས་དེའི་ཕྱིར་མེད་ཅེས་བྱའོ་ཞེས་བྱ་

བ་གསུངས་སོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་མཆིས་པ་མ་ལགས་པ་ལ་མ་མཆིས་ཞེས་བགྱི་ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་ཆོས་རྣམས་ཡོད་པ་མ་ཡིན་པའི་གཏན་ཚིགས་རྒྱ་ཆེར་བསྟན་པའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། ཤ་ར་དྭ་ཏིའི་བུ་གཟུགས་ནང་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ཡོད་པ་མ་ཡིན་པའི་གཏན་ཚིགས་སུ་སྟོང་པ་བཅོ་བརྒྱད་སྨོས་ནས། འདི་ལྟར་སྟོང་པའི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་སྟེ། གཟུགས་ལ་ཇི་ལྟ་བ་དེ་བཞིན་དུ་ཚོར་

བ་ལ་སོགས་པ་ནས་རྒ་ཤིའི་བར་དུ་འཇིག་རྟེན་པའི་ཆོས་རྣམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཡོད་པ་མ་ཡིན་པ་བསྟན་ཏོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མེད་པ་ལ་མངོན་པར་ཞེན་པས། སྲེད་པ་ལ་མངོན་པར་ཞེན་ཏེ་

เล่ม ๙๑ · หน้า 124b

ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མངོན་པར་ཞེན་ཏོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་ཆོས་རྣམས་དོན་དམ་པར་ཡོད་པ་མ་ཡིན་པ་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མ་རིག་པའི་དབང་གིས་ཕྱིན་ཅི་ལོག་ཏུ་མཐོང་ནས་རྟག་པ་དང་ཆད་པའི་མཐའ་ལ་ཆགས་

པས་ཆོས་རྣམས་ལ་མངོན་པར་ཞེན་པར་གྱུར་པ་བསྟན་པ་སྟེ། མེད་པ་ལ་མངོན་པར་ཞེན་པས་སྲེད་པ་ལ་མངོན་པར་ཞེན་ཏེ་ཞེས་བྱ་བ་ནི། ཕྱིན་ཅི་ལོག་གི་དབང་གིས་མེད་པ་ལ་ཡོད་པར་མཐོང་ནས་དེ་ལ་སྲེད་པ་སྐྱེས་ཤིང་མངོན་པར་ཆགས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་དག་

གིས་མེད་པ་ཡོངས་སུ་བརྟགས་པས་ཞེས་བྱ་བ་ནི། བྱིས་པ་སོ་སོའི་སྐྱེ་བོ་དེ་དག་གིས་མེད་པ་ལ་ཡོད་པར་ཕྱིན་ཅི་ལོག་ཏུ་མཐོང་ནས་དངོས་པོ་དང་མཚན་མ་རྣམ་པ་སྣ་ཚོགས་སུ་ཡོངས་སུ་བརྟག་ཅིང་མངོན་པར་ཞེན་ཏོ་ཞེས་བསྟན་པའོ། །ཆད་པ་དང་རྟག་པའི་མཐའ་ལ་ཆགས་པས་དེ་

དག་མི་ཤེས་མི་མཐོང་སྟེ་ཞེས་བྱ་བ་ནི། ཕྱིན་ཅི་ལོག་ཏུ་མཐོང་བའི་དབང་གིས་རྟག་པ་དང་ཆད་པ་ལ་སོགས་པའི་མཐའ་གཉིས་ལ་ཆགས་པས་ལོག་པར་ལྟ་བའི་སྐྱོན་དུ་གྱུར་པ་བསྟན་ཏོ། །གང་མེད་པའི་ཆོས་དེ་དག་ཡོངས་སུ་བརྟགས་ནས་མིང་དང་གཟུགས་ལ་མངོན་པར་ཞེན་ཞེས་

བྱ་བ་ནི། མེད་པ་ལས་ཕྱིན་ཅི་ལོག་ཏུ་ཡོད་པར་མཐོང་ནས་ཕུང་པོ་ལྔ་ལ་སོགས་པ་འཁོར་བའི་ཆོས་རྣམས་ལ་མངོན་པར་ཞེན་པ་བསྟན་པའོ། །མིང་དང་གཟུགས་ཞེས་བྱ་བ་ནི་ཕུང་པོ་ལྔ་ལ་བྱ་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་བཞི་ནི་

གཟུགས་མེད་དེ་མིང་ཙམ་དུ་ཟད་པས་མིང་ཞེས་བྱའོ། །གཟུགས་ཀྱི་ཕུང་པོ་ནི་གཟུགས་སུ་ཡོད་པས་ན་གཟུགས་ཞེས་བྱ་སྟེ། དེ་བས་ན་མིང་དང་གཟུགས་ཞེས་བྱ་བ་ནི་ཕུང་པོ་ལྔ་ལ་བྱའོ། །དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན་ཏོ་ཞེས་བྱ་བ་ལ་སོགས་པ་ནི་བྱིས་པ་སོ་སོའི་

སྐྱེ་བོ་དེ་དག་མེད་པ་ལ་ཡོད་པར་ཕྱིན་ཅི་ལོག་ཏུ་མཐོང་བའི་དབང་གིས་རྣམ་པར་བྱང་བའི་ཆོས་རྣམས་ལ་དངོས་པོ་ཡོད་པར་མཐོང་ཞིང་མངོན་པར་ཞེན་པ་བསྟན་ཏོ། །དེ་དག་དེ་ལྟར་མངོན་པར་ཞེན་པས་ཡོད་པ་མ་ཡིན་པའི་ཆོས་རྣམས་ལ་ཡོངས་སུ་རྟོག་སྟེ། དེ་དག་མི་ཤེས་མི་མཐོང་ངོ་ཞེས་

เล่ม ๙๑ · หน้า 125a

བྱ་བ་ནས། ཉན་ཐོས་ཀྱི་ས་ནས་འབྱུང་བ་མ་ཡིན་ནོ། །རང་སངས་རྒྱས་ཀྱི་ས་ནས་འབྱུང་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི། ཡོད་པ་མ་ཡིན་པའི་ཆོས་རྣམས་ལ་མངོན་པར་ཞེན་པའི་དབང་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཡང་དག་པ་ཇི་

ལྟ་བ་ཉིད་དུ་མ་རྟོགས་ཤིང་ཁམས་གསུམ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ནས་མི་འབྱུང་བ་དང་། བྱིས་པ་སོ་སོའི་སྐྱེ་བོའི་གྲངས་སུ་ཡང་འགྲོ་བ་བསྟན་ཏོ། །དེ་དག་ནི་ཡིད་མི་ཆེས་པས་ཇི་ལྟར་ཡིད་མི་ཆེས་ཤེ་ན། གཟུགས་གཟུགས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ་

ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་ཡང་དག་པའི་དོན་མ་རྟོགས་པའི་དབང་གིས་དོན་དམ་པའི་དབྱིངས་ལ་མ་དད་པས་གཟུགས་ལ་སོགས་པ་འཇིག་རྟེན་པའི་ཆོས་

རྣམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་རང་བཞིན་གྱིས་སྟོང་པར་ཡིད་མི་ཆེས་པ་བསྟན་ཏོ། །དེ་དག་ནི་གནས་པ་ཡང་མ་ཡིན་པ་སྟེ། ཇི་ལྟར་གནས་པ་མ་ཡིན་ནོ་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན་ཞེས་བྱ་བ་ནས།

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་པ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཡིད་མི་ཆེས་པས་ཐབས་དང་། ཤེས་རབ་ཏུ་མི་ལྡན་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ལ་མི་གནས་པ་

བསྟན་ཏོ། །དེ་དག་ནི་མངོན་པར་ཞེན་པ་ཡིན་ཏེ། ཇི་ལྟར་མངོན་པར་ཞེན་པ་ཡིན་ཞེ་ན། གཟུགས་ལ་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར་ཞེན་པ་ཡིན་ཏེ། དེའི་ཕྱིར་བྱིས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་རྣམ་པར་བྱང་བའི་

ཆོས་རྣམས་ལ་མི་གནས་པའི་སྐྱོན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་དངོས་པོར་ལྟ་ཞིང་མངོན་པར་ཆགས་པར་འགྱུར་བ་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

เล่ม ๙๑ · หน้า 125b

ལ་མི་སློབ་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ལགས་སམ་ཞེས་བྱ་བ་ནས། ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སློབ་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ཡིན་

ནོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་རྣམ་པར་བྱང་བའི་ཆོས་རྣམས་ལ་མི་གནས་ཤིང་དངོས་པོ་ལ་མངོན་པར་ཞེན་པ་དེ་དག་ཐབས་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ལ་དངོས་པོ་ཡོད་པར་བརྟགས་ཤིང་། མངོན་པར་ཆགས་པའི་ཕྱིར་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་ཡང་མི་ཆུད་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་ཡང་མི་འགྱུར་བ་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ལགས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པ་

གང་གིས་སློབ་པར་འགྱུར་བ་ལགས་ཞེས་བྱ་བ་ནས། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི་མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་

ངོ་ཞེས་བྱ་བའི་བར་དུ་ནི། ཐབས་ཇི་ལྟར་བསླབས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་ཆུད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བའི་ཐབས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བསླབ་པར་བྱ་བའི་ཆོས་མིང་གིས་སྨོས་པ་

རྣམས་དོན་དམ་པར་དངོས་པོར་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་བར་བྱས་ལ། ཀུན་རྫོབ་ཏུ་བསླབས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་ཆུད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བ་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་གང་

མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་ལགས་ཞེས་བྱ་བ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི། བསླབ་པར་བྱ་བའི་ཆོས་དེ་མི་

เล่ม ๙๑ · หน้า 126a

དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་བའི་གཏན་ཚིགས་བསྟན་པའི་སྟེ། སྟོང་པ་ཉིད་བཅོ་བརྒྱད་ཀྱི་ཚུལ་གྱིས་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་

དྲུག་པའོ།། །།དེ་ལྟར་ཆོས་ཐམས་ཅད་མི་དམིགས་པར་བསླབ་པ་བསྟན་ནས། དེའི་འོག་ཏུ་སྒྱུ་མ་ལྟ་བུ་ལ་སོགས་པར་སློབ་པ་བསྟན་པའི་ཕྱིར། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་ལ་ཞིག་འདི་

སྐད་དུ་འདྲི་ཞིང་། ཅི་སྒྱུ་མའི་སྐྱེས་བུ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བཅོམ་ལྡན་འདས་ལ་ལ་ཞིག་འདི་སྐད་དུ་འདྲི་ཞིང་། ཅི་སྒྱུ་མའི་སྐྱེས་བུ་འདི་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཐོབ་པར་འགྱུར་རམ་ཞེས་མཆི་ན། བཅོམ་ལྡན་འདས་དེ་སྐད་དུ་འདྲི་བ་དེ་ལ་ཇི་སྐད་དུ་བསྟན་པར་བགྱི་ཞེས་བྱ་བ་ནས། བཅོམ་ལྡན་

འདས་ལ་ལ་ཞིག་འདི་སྐད་དུ་འདྲི་ཞིང་། ཅི་སྒྱུ་མའི་སྐྱེས་བུ་འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཞེས་མཆི་ན། བཅོམ་ལྡན་འདས་དེ་སྐད་དུ་འདྲི་བ་

དེ་ལ་ཇི་སྐད་དུ་བསྟན་པར་བགྱི་ཞེས་བྱ་བའི་བར་དུ་ནི། གོང་དུ་ཆོས་ཐམས་ཅད་མི་དམིགས་ཤིང་དངོས་པོ་མེད་པར་བསྟན་ནས། དངོས་པོ་མེད་པའི་ཆོས་རྣམས་ལ་བསླབས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས་བསྟན་པ་རབ་འབྱོར་གྱིས་ཐོས་ནས། དེ་ལྟར་ཆོས་ཐམས་

ཅད་མི་དམིགས་ཤིང་དངོས་པོ་མེད་པ་ལ་བསླབས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་ན་ནི་ཤིན་ཏུ་དངོས་པོ་མེད་པར་འདྲ་བས་སྒྱུ་མའི་སྐྱེས་བུས་ཀྱང་སྒྱུ་མར་བྱས་པའི་དངོས་པོ་རྣམས་ལ་བསླབས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་ཞིང་། རྣམ་

เล่ม ๙๑ · หน้า 126b

པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་རིགས་ན། དེ་ལྟར་འགྱུར་བ་ཡང་མི་སྲིད་དོ་སྙམ་ནས། དེའི་དོན་ཇི་ལྟ་བུ་ཡིན་པ་འཁོར་རྣམས་ལ་ཞིབ་ཏུ་བསྟན་ཅིང་འཁོར་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་

བར་ལ་སྒྱུ་མའི་སྐྱེས་བུས་བསླབས་ན། སྒྱུ་མའི་སྐྱེས་བུ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། སྒྱུ་མའི་སྐྱེས་བུ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་འགའ་ཞིག་གིས་དྲིས་ན་དེ་ལ་ལན་ཇི་སྐད་གདབ་པར་བགྱི་ཞེས་ཞུས་པའོ། །དེ་སྐད་

ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་ལྟ་བས་ན་དེ་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལུང་སྟོན་ཅིག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་

ཇི་སྙམ་དུ་སེམས། བྱང་ཆུབ་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་བྱ་བའི་བར་དུ་ནི། ཆོས་ཐམས་ཅད་མི་དམིགས་པར་བསླབས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས་སྔར་བསྟན་པ་ནི་

ཀུན་རྫོབ་ཏུ་བསྟན་གྱི། དོན་དམ་པར་བསླབ་པར་བྱ་བའི་ཆོས་རྣམས་དང་། སློབ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་ཡོད་པར་མ་གྲུབ་པས་སྟོང་པ་ཉིད་དུ་རོ་གཅིག་སྟེ། སྒྱུ་མའི་རང་བཞིན་དུ་འདྲ་བར་དགོངས་ནས་གཟུགས་ལ་སོགས་པ་ནས་སངས་རྒྱས་ཀྱི་

ཆོས་མ་འདྲེས་པ་རྣམས་དང་བྱང་ཆུབ་ཀྱི་བར་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱང་གཞན་ལ། སྒྱུ་མ་ཡང་གཞན་ཡིན་སྙམ་མམ་ཞེས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་དྲིས་པའོ། །བཅོམ་ལྡན་འདས་གཟུགས་ཀྱང་གཞན་མ་ལགས་སྒྱུ་མ་ཡང་

གཞན་མ་ལགས་ཏེ། གཟུགས་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་རྣམ་པ་

เล่ม ๙๑ · หน้า 127a

ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བའི་བར་དུ་ནི། བཅོམ་ལྡན་འདས་ཀྱིས་དྲིས་པའི་ལན་རབ་འབྱོར་གྱིས་བཏབ་པ་སྟེ། ཆོས་དེ་དག་ཐམས་ཅད་སྒྱུ་མ་དང་འདྲའོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་

སེམས། སྒྱུ་མ་ལ་སྐྱེ་བའམ་འགག་པ་ཡོད་དམ་ཞེས་བྱ་བ་ནས། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཕུང་པོ་ལྔ་པོ་རྣམས་ནི་དངོས་པོ་མ་མཆིས་པའི་རང་བཞིན་ཏེ། དངོས་པོ་མ་མཆིས་པའི་རང་བཞིན་དེ་ནི་དམིགས་སུ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། ཆོས་རྣམས་

དོན་དམ་པར་དངོས་པོ་མེད་དེ། སྒྱུ་མ་དང་འདྲ་བ་ལ་སྐྱེ་བ་དང་། འགག་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། དེ་ལྟར་དངོས་པོ་མེད་པས་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་དུ་འབྱུང་བར་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་ཡང་མེད་པ་དང་། དོན་དམ་པར་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་བརྡ་དང་ཐ་སྙད་ལ་སོགས་པར་གདགས་སུ་ཡང་མེད་པ་དང་། དེ་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་

བར་བརྡ་དང་ཐ་སྙད་ལ་སོགས་པར་གདགས་པ་མེད་པ་དེ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡང་མེད་པས་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

ཐོབ་པར་འགྱུར་བ་ཡང་མེད་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་། །

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་དུ་ཟིན་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་བསླབས་ན་ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བའམ། རྣམ་པ་ཐམས་ཅད་

เล่ม ๙๑ · หน้า 127b

མཁྱེན་པ་ཉིད་ཐོབ་པར་མི་འགྱུར་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པའི་དོན་བདག་གིས་འཚལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བཤད་པའི་དོན་རབ་འབྱོར་གྱིས་ལེགས་པར་རྟགས་པའི་དོན་

མཇུག་བསྡུས་ནས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པའི་བྱང་ཆུབ་སེམས་དཔའ་དང་། བསླབ་པར་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་སྒྱུ་མ་ལྟ་བུར་བདག་གིས་རྟོགས་ཏེ་གཞན་གྱིས་ཀྱང་དེ་ལྟ་བུར་བསླབ་པར་བྱའོ་ཞེས་བསྟན་པའོ། །

དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟ་སྟེ། ཕུང་པོ་ལྔ་པོ་དེ་ཉིད་སྒྱུ་མའི་སྐྱེས་བུར་རིག་པར་བགྱི་བ་ཤ་སྟག་གོ་ཞེས་བྱ་བ་ལ་སོགས་པ་ནི་སྒྱུ་མ་ལྟ་བུ་ཡིན་པའི་གཏན་ཚིགས་བསྟན་པ་དེ་ཞིབ་ཏུ་བརྟགས་ཤིང་གཏན་ལ་ཕབ་ན། དོན་དམ་པར་དངོས་པོ་མེད་པ་ལས་ཕུང་པོ་ལ་

སོགས་པ་ཡོད་པ་ལྟ་བུར་སྣང་བ་ནི་སྒྱུ་མ་ལྟ་བུ་ཡིན་པར་ངེས་སོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྨི་ལམ་ལྟ་བུའི་ཕུང་པོ་ལྔ་པོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

དུ་འབྱུང་བར་འགྱུར་རམ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་ནི་སྨིག་རྒྱུ་ལྟ་བུ་སྟེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་གོ། །དེ་ནི་ཕུང་པོ་ལྔའོ། །དེ་དག་ནི་ནང་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ་ཞེས་བྱ་བ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ་ཞེས་བྱ་

བའི་བར་དུ་ནི། ཕུང་པོ་ལྔ་པོ་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་དཔེས་དོན་དམ་པར་དངོས་པོ་མེད་པར་བསྟན་པ་དང་། དངོས་པོ་མེད་པའི་གཏན་ཚིགས་སུ་སྟོང་པ་བཅོ་

བརྒྱད་སྨོས་ཏེ། དེ་ལྟར་ཕུང་པོ་དེ་དག་རང་བཞིན་གྱིས་སྟོང་པའི་ཕྱིར་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བ་མེད་པ་བསྟན་པ་སྟེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་གོ། །དེ་ནི་ཕུང་པོ་ལྔའོ་

เล่ม ๙๑ · หน้า 128a

ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་ཤེས་པ་སྒྱུ་མ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པ་དེ་བཞིན་དུ་དབང་པོ་དྲུག་དང་། ཕུང་པོ་ལྔ་ཡང་སྒྱུ་མ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རང་བཞིན་གཅིག་སྟེ་ཐ་མི་དད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྒྱུ་མ་ལྟ་

བུ་ལ་སོགས་པར་བསླབ་པ་བསྟན་ནས། དེའི་འོག་ཏུ་ཐབས་མཁས་པར་བསླབ་པ་བསྟན་པའི་ཕྱིར། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས་བསྟན་པ་འདི་ཐོས་ནས་འཇིགས་ཤིང་དངང་

བ་དང་། སྐྲག་པར་མི་འགྱུར་བ་ལགས་གྲང་ཞེས་བྱ་བ་སོགས་པ་གསུངས་ཏེ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པ་ཡང་ཡིན་ལ་ཞེས་བྱ་བ་ནས། བསྟན་པ་འདི་ཐོས་ན་མི་འཇིགས་མི་དངང་མི་སྐྲག་པའི་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་ཐབས་མཁས་པ་དེ་གང་ལགས་ཞེས་བྱ་བའི་བར་དུ་ཐབས་མཁས་པར་བསླབ་པ་ཞིབ་ཏུ་བསྟན་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ་སྟེ། བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་ཞུགས་ལ། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་ཐབས་ཀྱང་མི་མཁས་ཤིང་དགེ་བའི་བཤེས་གཉེན་དང་ཡང་མི་ལྡན་ན་ཆོས་ཟབ་མོ་འདི་བསྟན་པ་ཐོས་ནས་འཇིགས་ཤིང་དངང་བ་དང་སྐྲག་པར་འགྱུར་གྱི། ཐེག་པ་ཆེན་པོ་ལ་ཞུགས་ནས་ཡུན་རིང་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐབས་མཁས་ཤིང་དགེ་བའི་བཤེས་

གཉེན་དང་ཡང་ལྡན་ན་འཇིགས་ཤིང་དངང་བ་དང་སྐྲག་པར་མི་འགྱུར་རོ་ཞེས་བསྟན་པ་སྟེ། འཇིགས་པ་དང་། དངང་བ་དང་། སྐྲག་པ་གསུམ་སྨོས་པ་འཇིགས་པའི་ཤེས་རབ་རབ་འབྲིང་གསུམ་དུ་བཤད་པ་སྟེ། དང་པོ་ཉན་པའི་ཚེ་ནི་ཅུང་ཟད་འཇིགས་པ་ནི་འཇིགས་པའོ། །དེའི་འོག་

ཏུ་སེམས་པའི་ཚེ་འབྲིང་དུ་འཇིགས་པ་ནི་དངང་བའོ། །ཐ་མར་བསྒོམ་པའི་ཚེ་རབ་ཏུ་འཇིགས་པ་ནི་སྐྲག་པ་ཞེས་བྱའོ། །ཐབས་མཁས་པར་བསླབ་པ་འདི་ཡང་རྣམ་པ་བཞིར་བསྟན་ཏེ། ཆོས་ཐམས་ཅད་ལ་སོ་སོར་རྟོག་པའི་ཐབས་ལ་མཁས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་

เล่ม ๙๑ · หน้า 128b

རྫོགས་པར་བྱ་བའི་ཐབས་ལ་མཁས་པ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཐབས་ལ་མཁས་པ་དང་། སྡིག་པའི་གྲོགས་པོ་སྤང་བའི་ཐབས་ལ་མཁས་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གཟུགས་མི་རྟག་ཅེས་བྱ་བར་རྟོག་སྟེ་དེ་མི་དམིགས་སོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་རྣམ་པར་ཤེས་པ་དབེན་པའི་རྣམ་པར་རྟོག་པར་བྱེད་

དེ་དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ་ཞེས་བྱ་བའི་བར་དུ་ནི། ཆོས་ཐམས་ཅད་ལ་སོ་སོར་རྟོག་པའི་ཐབས་ལ་མཁས་པ་བསྟན་ཏེ། ཆོས་རྣམས་ལ་སོ་སོར་རྟོག་པའི་ཐབས་

ལ་མཁས་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་

བྱ་བ་མེད་པ་དང་། དབེན་པར་ཀུན་རྫོབ་ཏུ་རྣམ་པར་རྟོག་སྟེ། དེ་ཡང་དོན་དམ་པར་ནི་མི་དམིགས་པར་སློབ་པའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཞེས་བྱ་བ་ནི། ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་བསམ་པ་དང་ལྡན་པས།

ཕུང་པོ་ལྔ་ལ་མི་རྟག་པ་ལ་སོགས་པར་རྟོག་ཅིང་དེ་ཡང་དོན་དམ་པར་མི་དམིགས་པར་སློབ་པའོ། །འདི་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གཟུགས་མི་རྟག་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པའི་འགྲེས་དང་། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་གཟུགས་མི་རྟག་པའི་རྣམ་པར་རྟོག་པར་བྱེད་དེ། དེ་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པའི་འགྲེས་གཉིས་ལན་གཉིས་སུ་ཟློས་པ་འདྲ་བ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱི་གཟུགས་མི་རྟག་ཅེས་བྱ་བར་རྟོག་སྟེ་

เล่ม ๙๑ · หน้า 129a

ཞེས་བྱ་བ་ལ་སོགས་པའི་འགྲེས་སྔ་མ་ནི་འཇིག་རྟེན་པའི་སེམས་རྩིང་གེ་མ་མཉམ་པར་མ་བཞག་པས་གཟུགས་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པ་སོ་སོར་རྟོག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་གཟུགས་མི་རྟག་པའི་རྣམ་པར་

རྟོག་པར་བྱེད་དེ་ཞེས་བྱ་བའི་འགྲེས་ཕྱི་མ་ནི་འཇིག་རྟེན་ལས་འདས་པའི་སེམས་ཞིབ་མོ་བསམ་གཏན་དང་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་གཟུགས་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པར་བྱེད་པ་ཡིན་པས་ལན་གཉིས་སུ་མི་ཟློས་ཏེ་ཁྱད་པར་དེ་ཡོད་དོ། །རབ་

འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་རྟོག་པ་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་ཐམས་ཅད་ལ་གཟུགས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ་ཞེས་བྱ་བ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་

མཁས་པ་བསྟན་པ་སྟེ། དེ་ལ་སེམས་ཅན་ཐམས་ཅད་ལ་གཟུགས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཏེ་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡོད་པས་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་བསྟན་པ་སྟེ། སྦྱིན་པའི་ནང་ན་ཆོས་ཀྱི་སྦྱིན་པ་མཆོག་ཡིན་ལ། དེ་ཡང་སེམས་ཅན་ཐམས་ཅད་ལ་མི་དམིགས་པའི་

ཚུལ་གྱིས་ཆོས་སྟོན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་ཡིན་ནོ། །དེ་ཡོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་

ཐབས་ལ་མཁས་པ་དེ་དང་ལྡན་ན་ཆོས་ཟབ་མོ་བསྟན་པ་ཐོས་ཀྱང་འཇིགས་ཤིང་དངང་བ་དང་སྐྲག་པར་མི་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་

เล่ม ๙๑ · หน้า 129b

ཡིད་ལ་བྱ་བ་དང་མི་ལྡན་པས་གཟུགས་གང་མི་རྟག་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་མེད་པ་སྟེ། དེ་ཡོད་པས་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་བསྟན་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས་ཞེས་བྱ་བ་ནི་ཆོས་ལ་བདག་

མེད་པ་མ་རྟོགས་པས་དམིགས་པ་ཅན་གྱི་བསམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཙམ་གྱིས་ཆོག་པར་འཛིན་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་ཐོབ་པར་བྱ་བ་ལ་མི་བརྩོན་པའི་བསམ་པ་རྒྱ་ཆུང་ངུ་དེ་ལྟ་བུ་དང་མི་ལྡན་པ་ལ་བྱ་སྟེ།

ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་རྒྱ་ཆུང་ཞིང་དམིགས་པ་ཅན་དེ་ལྟ་བུ་སྤོང་བ་དང་། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་དང་མི་འགལ་བར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

རྫོགས་པར་བྱ་བའི་ཐབས་ལ་མཁས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་དེ་དག་ལ་མི་རྟག་པའི་རྣམ་པ་དང་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་བསྟན་ཏེ། ཆོས་དེ་དག་ལ་ཞེས་བྱ་

བ་ནི་གོང་དུ་སྨོས་པའི་ཆོས་ཕུང་པོ་ལྔ་པོ་དེ་དག་ལ་བྱ་སྟེ། ཆོས་དེ་དག་ལ་མི་རྟག་པའི་རྣམ་པར་རྟོག་པ་ནས་དབེན་པའི་རྣམ་པར་རྟོག་པའི་བར་དུ་ཆོས་ཟབ་མོ་ལ་རྟོག་པའི་ཚེ་སྟོང་པས་མི་སྐྲག་ཅིང་ཆོས་ཟབ་མོ་ལ་བཟོད་པ་དང་། ཆོས་ཟབ་མོ་ལ་མོས་ཤིང་དད་པ་ཉིད་བཟོད་པའི་ཕ་རོལ་ཏུ་

เล่ม ๙๑ · หน้า 130a

ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པའོ། །དབེན་པ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་དང་། གཟུང་བ་དང་འཛིན་པ་ལ་སོགས་པའི་མཐའ་དང་བྲལ་བ་ལ་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་གཟུགས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ་ཞེས་བྱ་བ་ནས། དེ་ལྟར་དེ་དག་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་མི་གཏོང་ཞིང་

བརྩོན་འགྲུས་མི་འདོར་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་བསྟན་ཏེ། ཕུང་པོ་ལྔ་ལ་སོགས་པའི་ཆོས་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སོ་སོར་རྟོག་པ་མི་གཏོང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མི་འདོར་བ་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་

བའི་ཐབས་ལ་མཁས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་གཟུགས་མི་རྟག་ཅེས་བྱ་བ་དེ་མི་དམིགས་པའི་ཚུལ་གྱིས་

རྟོག་ཅིང་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བའི་ཆོས་དེ་མ་ཡིན་པ། བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱི་སྐབས་མི་འབྱེད་པ་དང་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་

ཕྱིན་པ་སྟེ། དེ་ཡོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་བསྟན་ཏེ། བསམ་གཏན་ཞེས་བྱ་བ་ནི་དམིགས་པ་

เล่ม ๙๑ · หน้า 130b

གཞན་ལ་སེམས་མི་གཡེང་བར་བསྒོམ་པའི་དམིགས་པ་གང་ཡིན་པ་ལ་སེམས་རྩེ་གཅིག་ཏུ་འཇོག་པ་ལ་བྱ་སྟེ། འདི་ཡང་ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་ལས། ཡིད་ལ་བྱེད་པ་གཞན་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་དམིགས་

པ་དང་བཅས་ཤིང་རྒྱ་ཆུང་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་སྒྲིབ་ཅིང་བར་དུ་གཅོད་པའི་ཆོས་མི་དགེ་བ་གཞན་དག་ལ་མི་གཡེང་ཞིང་དེ་དག་གི་གོ་སྐབས་འབྱེད་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་

པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་རྣམ་པ་འདི་ལྟར་རབ་ཏུ་རྟོག་སྟེ། གཟུགས་ཀྱི་སྟོང་པ་ཉིད་ཀྱིས་

གཟུགས་སྟོང་པ་མ་ཡིན་གྱི། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །ཐབས་མཁས་པ་དེ་དང་ལྡན་

པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསྟན་པ་འདི་ཐོས་ནས་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་བསྟན་པ་སྟེ། གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་

སྟོང་པ་མ་ཡིན་གྱི་ཞེས་བྱ་བ་ནི། གཟུགས་ཀྱི་ཆོས་ཉིད་སྟོང་པ་ཉིད་ཡོངས་སུ་གྲུབ་པའི་རང་བཞིན་གྱིས་རྒྱུ་བྱས་ཏེ། ཀུན་བརྟགས་པའི་གཟུགས་ཀྱི་རང་བཞིན་སྟོང་པར་འགྱུར་བ་མ་ཡིན་གྱི། གཟུགས་ཉིད་རང་བཞིན་གྱིས་སྟོང་ངོ་ཞེས་བསྟན་པ་སྟེ། དེ་བས་ན་གཟུགས་ཉིད་ཀྱང་

སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བར་གསུངས་ཏེ། གཟུགས་ཉིད་རང་བཞིན་གྱིས་སྟོང་པས་གཟུགས་དང་སྟོང་པ་ཐ་མི་དད་དོ་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་ཇི་ལྟ་བ་བཞིན་དུ་ཚོར་བ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་འཇིག་རྟེན་དང་

เล่ม ๙๑ · หน้า 131a

འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་ཤིང་ཀུན་རྫོབ་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་ཡིད་ལ་བྱ་བ་དང་ལྡན་པ་དེ་ནི་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་

ཐོས་ན་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་བའི་དགེ་བའི་བཤེས་གཉེན་དེ་གང་ལགས་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་ཤེས་པར་བྱ་སྟེ། དགེ་བའི་བཤེས་གཉེན་དེས་ཡོངས་སུ་ཟིན་པའི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ན་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཐབས་ལ་མཁས་པ་བསྟན་ཏེ། དགེ་བའི་བཤེས་གཉེན་དེ་ཡང་ཕུང་པོ་དང་། སྐྱེ་མཆེད་དང་།

ཁམས་དང་། རེག་པ་དྲུག་དང་། རེག་པ་ལས་བྱུང་བའི་ཚོར་བ་དྲུག་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་རྣམས་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་

དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་།

རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པའི་སྒོ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་

เล่ม ๙๑ · หน้า 131b

པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་མི་རྟག་པ་དང་། སྡུག་

བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། དབེན་པའི་རང་བཞིན་ཡིན་ནོ་ཞེས་ཀུན་རྫོབ་ཏུ་ཆོས་སྟོན་ཅིང་དོན་དམ་པར་དེ་དག་ཐམས་ཅད་ཀྱང་མི་དམིགས་པའི་ཚུལ་དུ་ཆོས་

བསྟན་ནས། དེ་ལྟར་ཆོས་བསྟན་ཅིང་མཉན་པའི་དགེ་བའི་རྩ་བ་དེ་ཡང་ཀུན་རྫོབ་ཏུ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོར་མི་འཇུག་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོར་འཇུག་པ་སྟེ། དེ་ལྟ་བུའི་དགེ་བའི་

བཤེས་གཉེན་ལ་བསྙེན་བཀུར་བྱས་ནས་ཆོས་མཉན་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ཐོས་ནས་འཇིགས་ཤིང་དངང་བ་དང་སྐྲག་པར་མི་འགྱུར་རོ་ཞེས་བསྟན་པའོ། །ཕུང་པོ་དང་ཁམས་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་།

སྟོང་པ་བཅོ་བརྒྱད་རྣམས་བཤད་པའི་སྐབས་སུ་བསྒོམ་པའི་ཕྱིར་ཆོས་སྟོན་ཞེས་མི་འབྱུང་ལ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡན་ཆད་བསྒོམ་པའི་ཕྱིར་ཆོས་སྟོན་ཞེས་འབྱུང་བ་ཕུང་པོ་དང་། ཁམས་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་ནི་མི་རྟག་པ་ལ་སོགས་པའི་རྣམ་

པར་ཤེས་པར་བྱས་ནས་སྤང་བར་བྱ་བ་ཡིན་པའི་ཕྱིར་བསྒོམ་པའི་ཕྱིར་ཆོས་སྟོན་ཞེས་བྱ་བ་མ་སྨོས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྟོང་པ་བཅོ་བརྒྱད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོག་མ་ནས་རང་བཞིན་གྱིས་གོམས་པར་འགྱུར་བའི་ཕྱིར་ཆོས་སྟོན་ཞེས་མ་སྨོས་སོ། །དྲན་

པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་

เล่ม ๙๑ · หน้า 132a

པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་དྲུག་རྣམས་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུན་མོང་གི་ཆོས་ཡིན་ལ། བསྒོམ་པར་བྱ་བའི་ཆོས་ཀྱང་ཡིན་པའི་ཕྱིར་བསྒོམ་པའི་

ཕྱིར་ཆོས་སྟོན་ཞེས་སྨོས་སོ། །ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་དུ་ཟིན་ཀྱང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུན་མོང་གི་ཆོས་ཡིན་ལ། བྱང་ཆུབ་སེམས་

དཔས་བསྒོམས་ནས་ཐོབ་པར་བྱ་བ་ཡང་ཡིན་པའི་ཕྱིར་བསྒོམ་པའི་ཕྱིར་ཆོས་སྟོན་པ་ཞེས་བྱ་བ་སྨོས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་

བཅོ་བརྒྱད་རྣམས་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡིན་ལ། འབྲས་བུའི་ཆོས་ཡིན་ཏེ། བྱང་ཆུབ་སེམས་དཔས་ཐོབ་པར་བྱ་བ་ཡིན་པས་བསྒོམ་པའི་ཕྱིར་ཆོས་སྟོན་ཞེས་སྨོས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་བྱང་ཆུབ་ལ་མི་རྟག་པ་ལ་སོགས་པ་མ་སྨོས་ལ། བསྒོམ་

པ་འབའ་ཞིག་སྨོས་པ་ནི་དེ་གཉིས་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པས་མི་རྟག་པ་ལ་སོགས་པ་མི་སྲིད་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ན་འཇིགས་ཤིང་དངང་ལ་སྐྲག་པར་འགྱུར་ཞིང་ཐབས་མི་མཁས་ཏེ། སྡིག་པའི་གྲོགས་པོའི་ལག་ཏུ་ལྟུང་ཞིང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་སྤངས་པ་ལགས་ཞེས་བྱ་བ་ནས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་

སྡིག་པའི་གྲོགས་པོ་རྣམས་རིག་པར་བྱ་སྟེ། དེ་ལྟར་ཤེས་ནས་ཀྱང་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི། སྡིག་པའི་གྲོགས་པོ་ཡོངས་སུ་སྤང་བའི་ཐབས་ལ་མཁས་པ་བསྟན་པ་སྟེ། དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་

เล่ม ๙๑ · หน้า 132b

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ཞིང་དམིགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་རློམ་སེམས་སུ་བྱེད་པ་དང་ཞེས་བྱ་བ་ནས། སྦྱིན་པའི་ཕ་རོལ་

ཏུ་ཕྱིན་པ་བསྒོམ་ཞིང་དམིགས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེས་རློམ་སེམས་སུ་བྱེད་པ་དེ་ལྟ་བུ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་ལ་མི་མཁས་པར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་

བསྒོམ་པའི་ཐབས་མི་མཁས་པ་བསྟན་པ་སྟེ། དེ་ལྟར་ཐབས་མི་མཁས་པར་གྱུར་པ་ཡང་དགེ་བའི་བཤེས་གཉེན་དང་མི་ལྡན་ཞིང་སྡིག་པའི་གྲོགས་པོ་ལ་བརྟེན་པ་ལས་གྱུར་པས་དེ་ལྟར་འགྱུར་བའི་སྡིག་པའི་གྲོགས་པོ་སྤང་བའི་ཐབས་ལ་མཁས་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་

གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར་གཟུགས་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་ཀྱང་དམིགས་ལ།

སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དེ་ཞེས་བྱ་བ་ནས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར་རྒ་ཤི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་དངོས་པོ་

མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ་ཞེས་བྱ་བའི་བར་དུ་ནི། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། རེག་པ་དྲུག་དང་། རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང་། སའི་ཁམས་ལ་སོགས་པ་ཁམས་

དྲུག་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་རྣམས་རེ་རེ་ལ་ཡང་སྟོང་པ་ཉིད་བཅོ་བརྒྱད་དང་སྦྱར་ཏེ། སྟོང་པ་ཉིད་རྣམས་ལ་དམིགས་པའི་ཚུལ་གྱིས་དངོས་པོར་ལྟ་བ་དང་། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་ཅིང་ཐབས་མི་མཁས་པས་དགེ་བའི་རྩ་བ་ཡང་རྣམ་པ་ཐམས་ཅད་མཁྱེན་

เล่ม ๙๑ · หน้า 133a

པ་ཉིད་ཐོབ་པར་བྱ་བའི་ཕྱིར་སྔོ་བར་མི་བྱེད་པ་བསྟན་ཏེ། དེ་ལྟར་གྱུར་པ་ཡང་དགེ་བའི་བཤེས་གཉེན་དང་མི་ལྡན་ཞིང་སྡིག་པའི་གྲོགས་པོ་ལ་བརྟེན་པ་ལས་གྱུར་པས་དེ་ལྟར་འགྱུར་བའི་སྡིག་པའི་གྲོགས་པོ་སྤང་བའི་ཐབས་ལ་མཁས་པར་བྱའོ་ཞེས་བསྟན་པའོ། །རབ་

འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་སྟེ། དམིགས་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་དེ་དག་

ཀྱང་དམིགས་ལ། དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ་ཞེས་བྱ་བ་ནས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་སྟེ། དམིགས་པའི་ཚུལ་གྱིས་སངས་

རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ཀྱང་དམིགས་ལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ་ཞེས་བྱ་བའི་བར་དུ་ནི། རྣམ་པར་བྱང་བའི་ཆོས་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་

དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་

བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་

སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་བསྒོམ་པའི་ཚེ། དགེ་བའི་བཤེས་གཉེན་དང་མི་ལྡན་ཞིང་སྡིག་པའི་གྲོགས་པོ་ལ་བརྟེན་པས་ཆོས་དེ་དག་ལ་དངོས་པོ་དམིགས་པ་དང་། ཆོས་དེ་དག་གིས་ཀྱང་རློམ་སེམས་

เล่ม ๙๑ · หน้า 133b

སུ་བྱེད་ཅིང་ཐབས་མི་མཁས་པས་དགེ་བའི་རྩ་བ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྔོ་བར་མི་བྱེད་པ་བསྟན་ཏེ། དེ་ལྟར་འགྱུར་བའི་སྡིག་པའི་གྲོགས་པོ་སྤང་བར་བྱ་བའི་ཐབས་ལ་མཁས་པར་བྱའོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་འཇིགས་ཤིང་དངང་ལ་སྐྲག་པར་འགྱུར་ཏེ། སྡིག་པའི་གྲོགས་པོའི་སུག་པར་ལྷུང་བ་ལགས་ཞེས་བྱ་བ་ནས། འདི་དག་ནི་གཞན་ལ་བསྟན་པར་མི་བྱའོ་ཞེས་

ཟེར་བ་འདི་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི། ཐེག་པ་ཆུང་ངུ་བདག་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ལས་ཟློག་པར་བྱེད་པའི་སྡིག་པའི་གྲོགས་པོ་བསྟན་པའོ། །རབ་འབྱོར་

གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོ་ནི་འདི་ལྟར་བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་པ་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བཟློག་ཅིང་མོས་པ་མེད་པར་བྱེད་དེ་ཞེས་བྱ་བ་

ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བ་འོང་ངོ་ཞེས་བདུད་ཀྱི་ལས་མི་སྟོན། བདུད་ཀྱི་ཉེས་པ་མི་སྟོན་པ་འདི་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི། བདུད་སྡིག་ཏོ་ཅན་

དག་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ནས་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ལས་བཟློག་པ་དག་འོང་ངོ་ཞེས་བདུད་ཀྱི་ལས་དེ་ལྟ་བུ་དག །བྱང་ཆུབ་སེམས་དཔའ་ལ་སྔ་ནས་མི་སྟོན་ཅིང་མི་འཆད་པ་ཉིད་དགེ་བའི་བཤེས་གཉེན་མ་ཡིན་པས་སྡིག་པའི་གྲོགས་པོ་ཡིན་ནོ་ཞེས་

བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། ཉན་ཐོས་དང་ལྡན་པའི་མདོ་དང་། དབྱངས་ཀྱིས་བསྙད་པ་དང་ཞེས་བྱ་བ་ནས། བདུད་ཀྱི་ལས་རྣམ་པ་འདི་ལྟ་བུ་དག་མི་

เล่ม ๙๑ · หน้า 134a

སྨྲ་མི་སྟོན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི། བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཅིང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཐེག་པར་གཏོགས་པའི་གསུང་རབ་ཡན་ལག་བཅུ་གཉིས་

ཞིབ་ཏུ་སྟོན་ཅིང་། ཐེག་པ་ཆེན་པོའི་ལས་ཟློག་པར་བྱེད་པ་དེ་ལྟ་བུའི་བདུད་ཀྱི་ལས་དག་འབྱུང་ངོ་ཞེས་མི་སྟོན་པ་ཡང་དགེ་བའི་བཤེས་གཉེན་མ་ཡིན་པས་དེ་ཉིད་སྡིག་པའི་གྲོགས་པོ་ཡིན་པར་བསྟན་པ་སྟེ། དེ་ལ་མདོ་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་བཤད་པ་ཡང་རུང་། སངས་རྒྱས་ཀྱིས་

གནང་སྟེ་ཉན་ཐོས་ཀྱིས་བཤད་པ་ཡང་རུང་། དོན་མདོ་ཙམ་དུ་སྟོན་པའོ། །དབྱངས་ཀྱིས་བསྙད་པ་ཞེས་བྱ་བ་ནི་མདོ་སྡེ་བཤད་པའི་དོན་དབྱངས་ཀྱིས་བརྗོད་པ་ལ་ཡང་བྱ། ཡང་རྣམ་པ་གཅིག་ཏུ་ན་མདོ་སྡེ་ལས་འབྱུང་བའི་ཚིག་གཟུ་བོར་མ་གསུངས་ཏེ། དྲང་བའི་དོན་དུ་གསུངས་པ་དག་

ད་དུང་བཤད་ཅིང་དགྲོལ་དགོས་པ་གཞན་ཡང་ཡོད་པས། དེའི་དོན་བསྙད་ཅིང་བཤད་དགོས་པའི་ཕྱིར་དབྱངས་ཀྱིས་བསྙད་པ་ཞེས་བྱའོ། །ལུང་བསྟན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ལ་སོགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་ཅིར་གྱུར་པ་

དང་། ཅིར་འགྱུར་བ་ལ་སོགས་པ་བྱེ་བྲག་ཏུ་ལུང་སྟོན་པས་ན་ལུང་སྟོན་པ་ཞེས་བྱའོ། །ཚིགས་སུ་བཅད་པ་ཞེས་བྱ་བ་ནི་མདོ་སྡེའི་དོན་དེ་ཉིད་ཚིགས་བཅད་རྩ་བ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པར་སྦྱར་ཏེ་བཤད་པས་ན་ཚིགས་སུ་བཅད་པ་ཞེས་

བྱའོ། །ཆེད་དུ་བརྗོད་པ་ཞེས་བྱ་བ་ནི་གང་ཟག་འགའི་ཕྱིར་བཤད་པ་མ་ཡིན་གྱི། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་གཞན་གྱིས་མ་བསྐུལ་མ་གསོལ་བར་ཆེད་དུ་བརྗོད་ཅིང་གསུངས་པ་ལ་བྱ་སྟེ། དཔེར་ན་ཕྱི་དྲོའི་དུས་ཀྱི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་

འཇོག་ལས་བཞེངས་ཏེ། གདན་ལ་བཞུགས་ནས་དགེ་སློང་གི་དགེ་འདུན་རྣམས་ལ་ཆེད་དུ་བརྗོད་དོ་ཞེས་མདོ་ལས་གསུངས་པ་ལྟ་བུའོ། །གླེང་གཞི་ཞེས་བྱ་བ་ནི་མདོ་སྡེ་དང་འདུལ་བ་ལ་སོགས་པ་ཐོག་མ་ཅི་ལས་གླེངས་ཏེ་བཤད་པ་དང་། གཞི་འདི་དང་སྐབས་འདི་དང་། བྱུང་བ་

เล่ม ๙๑ · หน้า 134b

འདིའི་ཚེ་བསླབ་པ་བཅས་སོ་ཞེས་བྱ་བ་ལྟ་བུའོ། །འདི་ལྟར་འདས་པ་དང་ཞེས་བྱ་བ་ནི་སྔོན་བྱུང་བའི་གཏམ་བཟླས་ཤིང་བཤད་པ་ལ་བྱའོ། །སྐྱེས་པའི་རབས་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་གང་དང་གང་དུ་སྐྱེས་པ་དང་། དཀའ་བ་ཅི་དང་

ཅི་མཛད་པ་བསྟན་པའོ། །ཤིན་ཏུ་རྒྱས་པ་ཞེས་བྱ་བ་ནི་མདོ་སྡེའི་དོན་སྤྲོས་ཤིང་ཤིན་ཏུ་རྒྱས་པར་བཤད་པའོ། །ཆོས་རྨད་དུ་བྱུང་བ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རྣམས་ཀྱི་མཁྱེན་པ་དང་། རྫུ་འཕྲུལ་དང་བྱིན་གྱི་རླབས་ངོ་མཚར་རྨད་དུ་བྱུང་བ་རྣམས་

སྟོན་པའོ། །རྟོགས་པ་བརྗོད་པ་ཞེས་བྱ་བ་ནི་ཆོས་ཉན་པ་རྣམས་ཀྱིས་གོ་ཞིང་རྟོགས་པར་བྱ་བའི་ཕྱིར་སྔོན་བརྟགས་པར་བྱུང་བ་གཞན་ཡང་སྨོས་ཏེ་དཔེས་བརྗོད་ཅིང་རྟོགས་པར་བྱེད་པའོ། །གཏན་ལ་དབབ་པ་བསྟན་པ་ཞེས་བྱ་བ་ནི་མདོ་སྡེའི་དོན་བཤད་པའི་རྒྱུས་ཞིབ་མོར་གཏན་ལ་ཕབ་སྟེ།

རྗེས་སུ་མཐུན་པར་འཆད་པ་སྟེ། ཆོས་མངོན་པ་ལྟ་བུ་ལ་བྱའོ། །སྟོན་ཏོ་འགྲེལ་ཏོ་རྣམ་པར་འབྱེད་དོ། །གསལ་བར་བྱེད་དོ་ཡོངས་སུ་སྟོན་ཏོ་ཞེས་བྱ་བ་ནི་དེ་ལྟ་བུའི་མདོ་སྡེ་ཉན་ཐོས་ཀྱི་ཐེག་པར་གཏོགས་པ་རྣམས་འཆད་པའི་རྣམ་གྲངས་ལ་བྱའོ། །དེ་ལྟར་རྣམ་གྲངས་སུ་སྨོས་པ་ཡང་

འཁོར་རྣམས་ལས་ལ་ལ་ཅིས་གོ །ལ་ལ་ཅིས་གོ་བར་འགྱུར་བའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ལ་ནི་བྱང་ཆུབ་ཀྱི་སེམས་ཀྱང་ཅུང་

ཟད་ཀྱང་མེད་ཅེས་བྱ་བ་ལ་སོགས་པ་ནི་བདུད་སྡིག་ཏོ་ཅན་ཁ་ཅིག་ནི་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཞིང་། བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་ཀྱི་སེམས་ཀྱང་མེད་ཅིང་ཕྱིར་མི་ལྡོག་པ་ཡང་མ་ཡིན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་མི་ནུས་ཀྱིས་

ཐོང་ཤིག་ཅེས་ཟེར་བའི་བདུད་ཀྱི་ལས་དེ་ལྟ་བུ་དག་མི་སྟོན་པ་ཡང་སྡིག་པའི་གྲོགས་པོ་ཡིན་པར་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་

เล่ม ๙๑ · หน้า 135a

བུ་མིག་ནི་བདག་གམ་བདག་གིས་སྟོང་ངོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །དེ་ལྟར་བདག་གམ་བདག་གིས་སྟོང་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ་ཡང་ཅི་ཞིག་

བྱ་ཞེས་ཟེར་བ་དེ་ལྟ་བུའི་བར་དུ་བདུད་ཀྱི་ལས་དག་མི་སྨྲ། མི་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་བདུད་སྡིག་ཏོ་ཅན་ལ་ལ་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཞིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ།

དགེ་བའི་བར་ཆད་བྱ་བའི་ཕྱིར་མིག་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་བདག་དང་བདག་གི་བ་མེད་དེ། སྟོང་ན་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་ཡང་ཅི་ཞིག་ཡོད་ཅེས་ཟེར་ཞིང་སླུ་

བར་བྱེད་པ་དེ་ལྟ་བུའི་བདུད་ཀྱི་ལས་དག་ནི་སྟོན་པ་ཡང་སྡིག་པའི་གྲོགས་པོ་ཡིན་པར་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ་ཤར་ཕྱོགས་ནི་སངས་

རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རྣམས་ཀྱིས་སྟོང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བདུད་སྡིག་ཏོ་ཅན་ལ་ལ་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཞིང་བྱང་ཆུབ་སེམས་དཔའ་ལ་དགེ་བའི་བར་ཆད་བྱ་བའི་ཕྱིར་ཕྱོགས་བཅུ་ཀུན་ན་ཡང་སངས་རྒྱས་དང་།

བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རྣམས་མེད་དེ་ཁྱོད་ཀྱིས་དགེ་བ་སྤྱད་ཀྱང་སངས་རྒྱས་ལ་སོགས་པར་གྱུར་པའི་གནས་གང་མེད་དོ་ཞེས་ཟེར་བའི་བདུད་ཀྱི་ལས་དེ་ལྟ་བུ་དག་མི་སྟོན་པ་ཡང་སྡིག་པའི་གྲོགས་པོ་ཡིན་པར་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་

ཉན་ཐོས་ཀྱི་ཆ་བྱད་དུ་བྱས་ཤིང་ཞེས་བྱ་བ་ལ་སོགས་པ་ནི་བདུད་སྡིག་ཏོ་ཅན་ལ་ལ་ཉན་ཐོས་ཀྱི་ཆ་བྱད་དུ་བསྒྱུར་ཞིང་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ལས་བཟློག་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐོབ་པར་བྱ་བ་ལ་འདོམས་ཤིང་རྗེས་སུ་

เล่ม ๙๑ · หน้า 135b

སྟོན་པ་དག་ཀྱང་འབྱུང་སྟེ། དེ་ལྟ་བུའི་བདུད་ཀྱི་ལས་དག་ཀྱང་སྡིག་པའི་གྲོགས་པོ་ཡིན་པར་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་མཁན་པོ་དང་སློབ་དཔོན་གྱི་ཆ་བྱད་དུ་བྱས་ཤིང་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཁྱོད་ལ་

ཅི་ཞིག་བྱ་ཞེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྨྲ་མི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི། བདུད་སྡིག་ཏོ་ཅན་ཁ་ཅིག་མཁན་པོ་དང་སློབ་དཔོན་གྱི་ཆ་བྱད་དུ་བསྒྱུར་ཞིང་། བྱང་ཆུབ་

སེམས་དཔའི་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་ལས་བཟློག་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བས་ཐེག་པ་ཆུང་ངུའི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ལ་སྤྱོད་དུ་འཇུག་ཅིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐོབ་པར་གྱིས་ཤིག །

ཐེག་པ་ཆེན་པོས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྟོན་པ་ཡང་སྡིག་པའི་གྲོགས་པོ་ཡིན་པར་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་ཕ་དང་མའི་ཆ་བྱད་དུ་བྱས་ཤིང་ཞེས་བྱ་བ་ནས། དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱར་

ཡོད་པ་དེ་ལ་བརྩོན་པར་གྱིས་ཤིག་ཅེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྨྲ་མི་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི། བདུད་སྡིག་ཏོ་ཅན་ལ་ལ་བྱང་ཆུབ་སེམས་དཔའ་ལ་དགེ་བའི་བར་ཆད་བྱ་བའི་

ཕྱིར་བྱང་ཆུབ་སེམས་དཔའི་སྤྱད་པ་བྱ་དཀའ་བ་སྤྱོད་པ་འཁོར་བ་ན་ཡུན་རིང་དུ་གནས་པ་དང་། ལུས་དང་སྲོག་མི་ཕངས་པར་བྱ་དགོས་པ་ལ་སོགས་པས་བསྡིགས་ནས། དེ་ལྟ་བུའི་དཀའ་བ་སྤྱད་པས་ཀྱང་ཡུན་རིང་པོས་ཐོབ་པར་འགྱུར་བའི་བླ་ན་མེད་པའི་བྱང་ཆུབ་དེས་ཁྱོད་ལ་ཅི་ཞིག་

བྱ། དེ་བས་སླ་བ་ཉན་ཐོས་ཀྱི་ལམ་གྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་མྱུར་དུ་ཐོབ་པར་འགྱུར་བ་དེ་ལྟ་བུ་ལ་བརྩོན་པར་གྱིས་ཤིག་ཅེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྟོན་པ་དེ་ཡང་སྡིག་པའི་གྲོགས་པོ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་

เล่ม ๙๑ · หน้า 136a

ཏོ་ཅན་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དབེན་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དེ་ལྟ་བུའི་བདུད་ཀྱི་ལས་ཀྱི་རྣམ་པ་དག་མི་སྨྲ་མི་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་

པའི་གྲོགས་པོར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི། བདུད་སྡིག་ཏོ་ཅན་ཁ་ཅིག་དགེ་སློང་གི་ཚུལ་དུ་བསྒྱུར་ཞིང་། བྱང་ཆུབ་སེམས་དཔའ་ལ་དགེ་བའི་བར་ཆད་བྱ་བའི་ཕྱིར་ཕུང་པོ་ལྔ་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་འཇིག་རྟེན་ལས་

འདས་པའི་ཆོས་རྣམས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། དབེན་པ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་ལས་བཟློག་པ་སྟེ། ཐེག་པ་ཆུང་ངུའི་ལྟ་བ་ལ་འཇུག་པར་བྱེད་པ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྟོན་པ་དེ་ཡང་སྡིག་པའི་གྲོགས་པོ་ཡིན་ནོ་ཞེས་བསྟན་པ་སྟེ། འདི་ཡན་ཆད་དུ་བརྩོན་པའི་རབ་ཏུ་དབྱེ་བ་བཤད་ཟིན་ཏོ། །ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་བདུན་པའོ།། །།དེའི་འོག་ཏུ་བཤད་པ་འདི་གཏན་ལ་དབབ་པ་དེ་བསྟན་པར་བྱ་སྟེ། བཤད་པ་འདི་ཞེས་བྱ་བ་ཡང་དང་པོར། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་

ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཚིག་དང་དོན་ཞིབ་ཏུ་གཏན་ལ་ཕབ་སྟེ་བསྟན་པའོ། །གཏན་ལ་དབབ་པ་དེ་ཡང་རྣམ་པ་གཉིས་ཏེ། ཚིག་གི་དོན་གཏན་ལ་དབབ་པ་དང་།

མཚན་ཉིད་གཏན་ལ་དབབ་པའོ། །དེ་ལ་ཚིག་གི་དོན་གཏན་ལ་དབབ་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཚིག་འདིའི་དོན་གང་ལགས་ཞེས་བྱ་བ་

เล่ม ๙๑ · หน้า 136b

ལ་སོགས་པ་གསུངས་པ་སྟེ། དེ་ལ་རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཚིག་གི་དོན་འདི་གང་ལགས་ཞེས་རབ་འབྱོར་གྱིས་ཞུས་པའི་ལན་དུ། བྱང་ཆུབ་སེམས་དཔའ་ཉིད་དོན་དམ་པར་དངོས་པོ་

ཡོད་པར་མ་གྲུབ་པས། དེའི་ཚིག་གི་དོན་ཀྱང་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་མདོར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱང་མ་སྐྱེས་ལ། སེམས་ཅན་ཀྱང་མ་སྐྱེས་པའི་ཕྱིར་ཏེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པའི་གཏན་ཚིགས་བསྟན་

པ་སྟེ། དོན་དམ་པར་ཆུད་པར་བྱ་བའི་བྱང་ཆུབ་ཀྱང་མ་སྐྱེས་ལ། ཆུད་པར་བྱེད་པའི་སེམས་ཅན་ཀྱང་མ་སྐྱེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ལ་ཡང་ཚིག་མེད། སེམས་ཅན་ལ་ཡང་ཚིག་མེད་པས་

དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པའོ་ཞེས་བྱ་བ་ནི། ཚིག་གི་དོན་མེད་པའི་གཏན་ཚིགས་བསྟན་པ་སྟེ། རྒྱ་གར་གྱི་སྐད་དུ། བ་ད་ཞེས་བྱ་བ་ཚིག་ལ་ཡང་བྱ། གཞི་ལ་ཡང་བྱ། གནས་ལ་ཡང་བྱ་སྟེ། བྱང་ཆུབ་དང་སེམས་དཔའ་གཉི་ག་དོན་དམ་

པར་དངོས་པོ་ཡོད་པར་མ་གྲུབ་པས་དེ་སྟོན་པའི་ཚིག་གམ། དེའི་གནས་སམ་གཞི་ཡང་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་བྱའི་རྗེས་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་

བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པའི་དཔེ་རྣམ་པ་བཅུ་གཅིག་བསྟན་པ་སྟེ། ནམ་མཁའ་ལ་བྱའི་རྗེས་མེད་པ་ནི་དཔེ་དང་པོ་སྟེ། ཇི་ལྟར་ནམ་མཁའ་ལ་བྱའི་རྗེས་སྣང་བའི་གཞི་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡང་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པས་

ཚིག་གིས་བརྗོད་པར་བྱ་བའི་དོན་གྱི་གཞི་འམ་གནས་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྨི་ལམ་ལ་གནས་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་རྨི་ལམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་།

เล่ม ๙๑ · หน้า 137a

སྤྲུལ་པ་དང་བརྒྱད་ཀྱིས་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པའི་དཔེ་གཉིས་པ་བསྟན་ཏེ། ཇི་ལྟར་རྨི་ལམ་ལ་སོགས་པ་དེ་དག་ཡང་དག་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །

རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཡང་དག་པའི་མཐའ་ལ་གནས་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་དང་། ཆོས་ཀྱི་གནས་

ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་བརྒྱད་ཀྱིས་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པའི་དཔེ་གསུམ་པ་བསྟན་ཏེ། ཇི་ལྟར་ཡང་དག་པའི་མཐའ་ལ་སོགས་པ་འདུས་མ་བྱས་པའི་དངོས་པོ་འདི་དག་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་

ཀྱང་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་གཟུགས་ལ་གནས་མེད་དོ་ཞེས་བྱ་བ་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པའི་ཚིག་གི་དོན་མེད་དོ། །

རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ་ཞེས་བྱ་བའི་བར་དུ་ནི། སྒྱུ་མའི་སྐྱེས་བུའི་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དང་། རེག་པ་དྲུག་དང་། རེག་པའི་རྐྱེན་

གྱིས་ཚོར་བ་དྲུག་དང་། མ་རིག་པ་ལ་སོགས་པ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ལ་གནས་མེད་པ་དང་། སྒྱུ་མའི་སྐྱེས་བུ་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། སྟོང་པ་ཉིད་བཅོ་བརྒྱད་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་

དང་། འཕགས་པའི་བདེན་པ་བཞི་ལ་སྤྱོད་པ་དང་། བསམ་གཏན་བཞི་ལ་སྤྱོད་པ་དང་། ཚད་མེད་པ་བཞི་ལ་སྤྱོད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་

เล่ม ๙๑ · หน้า 137b

ལ་སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱོད་པ་དང་། མངོན་པར་ཤེས་པ་དྲུག་ལ་སྤྱོད་པ་དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་པ་དང་། མི་འཇིགས་པ་བཞི་ལ་སྤྱོད་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད་

པ་དང་། བྱམས་པ་ཆེན་པོ་ལ་སྤྱོད་པ་དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པ་ལ་ཚིག་གི་དོན་མེད་པའི་དཔེས་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་བསྟན་པ་སྟེ། དེ་ནི་སྒྱུ་མའི་སྐྱེས་བུའི་དཔེ་སྟེ་བཞི་པའོ། །རབ་འབྱོར་འདི་ལྟ་

སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ལ་གནས་མེད་དོ་ཞེས་བྱ་བ་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་

བཅོ་བརྒྱད་ལ་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་མེད་པའི་ཕྱིར་ཏེ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ་ཞེས་བྱ་བའི་བར་དུ་ནི།

དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་གཟུགས་ལ་སོགས་པ་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། རེག་པ་དྲུག་དང་། རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང་། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་

དང་། སྟོང་པ་བཅོ་བརྒྱད་དང་། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་

སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་

เล่ม ๙๑ · หน้า 138a

ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ལ་གནས་མེད་པའི་དཔེས། བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་བསྟན་པ་སྟེ། ཇི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཕུང་པོ་ལ་སོགས་པའི་ཆོས་མིང་གིས་སྨོས་པ་རྣམས་ལ་ཡོད་པ་མ་

ཡིན་ཏེ། དེ་དག་གི་གནས་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཀྱང་མེད་དོ་ཞེས་བསྟན་པ་སྟེ། དེ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་དཔེ་སྟེ་ལྔ་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདུས་མ་བྱས་ཀྱི་དབྱིངས་ལ་འདུས་བྱས་ཀྱི་ཁམས་ཀྱི་གནས་མེད་དོ་ཞེས་

བྱ་བ་ནི། ཇི་ལྟར་མྱ་ངན་ལས་འདས་པ་ལ་འཁོར་བའི་གནས་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གནས་མེད་དོ་ཞེས་བསྟན་པ་སྟེ། དེ་ནི་འདུས་མ་བྱས་ལ་འདུས་བྱས་མེད་པའི་དཔེ་སྟེ་དྲུག་པའོ། །འདུས་བྱས་ཀྱི་ཁམས་ལ་འདུས་མ་བྱས་ཀྱི་དབྱིངས་ཀྱི་གནས་མེད་དོ་ཞེས་བྱ་བ་ནི་

ཇི་ལྟར་འཁོར་བ་ལ་མྱ་ངན་ལས་འདས་པའི་གནས་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཡང་བྱང་ཆུབ་ཀྱི་གནས་མེད་དོ་ཞེས་བསྟན་པ་སྟེ། དེ་ནི་འདུས་བྱས་ལ་འདུས་མ་བྱས་མེད་པའི་དཔེ་སྟེ་བདུན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེ་བ་མེད་པ་ལ་གནས་མེད་དོ་ཞེས་བྱ་

བ་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ་ཞེས་བྱ་བའི་བར་དུ་ནི། ཇི་ལྟར་སྐྱེ་བ་མེད་པ་དང་།

འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། འབྱུང་བ་མེད་པ་དང་། མི་དམིགས་པ་རྣམས་ལ་གནས་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཡང་ཚིག་གི་དོན་མེད་དོ་ཞེས་བསྟན་པ་སྟེ། དེ་ནི་སྐྱེ་བ་

མེད་པ་ལ་སོགས་པའི་དཔེ་སྟེ་བརྒྱད་པའོ། །གསོལ་པ། བཅོམ་ལྡན་འདས་གང་གི་སྐྱེ་བ་མ་མཆིས་པ་ལ་གནས་མ་མཆིས་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་དམིགས་པ་ལ་གནས་མེད་དོ་ཞེས་བྱ་བའི་བར་དུ་ནི། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་།

เล่ม ๙๑ · หน้า 138b

ཁམས་བཅོ་བརྒྱད་དང་། རེག་པ་དྲུག་དང་། རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང་། སའི་ཁམས་ལ་སོགས་པ་ཁམས་དྲུག་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྟོང་པ་ཉིད་བཅོ་བརྒྱད་དང་། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་

བདུན་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་།

མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་

པ་བཅོ་བརྒྱད་རྣམས་སོ་སོར་ཕྱེ་སྟེ་སྨོས་ནས། དེ་རྣམས་རེ་རེ་ལ་ཡང་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། མི་དམིགས་པ་རྣམས་ལ་གནས་མེད་པའི་དཔེས། བྱང་ཆུབ་སེམས་

དཔའི་ཚིག་གི་དོན་མེད་པ་བསྟན་པ་སྟེ། དེ་ནི་ཆོས་རྣམས་སོ་སོར་ཕྱེ་སྟེ་བསྟན་པའི་སྐྱེ་བ་མེད་པ་ལ་སོགས་པ་ལ་གནས་མེད་པའི་དཔེ་སྟེ་དགུ་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟུགས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ་ཞེས་བྱ་བ་ནས། རབ་འབྱོར་འདི་

ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ལ་རྣམ་པར་གྲོལ་བའི་ཡེ་ཤེས་མ་གཟིགས་པའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ་ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པ་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། རེག་པ་དྲུག་དང་། རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང་། སའི་ཁམས་ལ་སོགས་པ་

เล่ม ๙๑ · หน้า 139a

ཁམས་དྲུག་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྟོང་པ་ཉིད་བཅོ་བརྒྱད་དང་། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་

པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་

དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། མུ་སྟེགས་ཅན་གྱིས་བརྟགས་པའི་བདག་མིང་གིས་སྨོས་པ་རྣམས་དོན་དམ་པར་དངོས་པོ་མེད་ཅིང་ཤིན་

ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་པའི་དཔེ་དང་། ཉི་མ་འཆར་བའི་ཚེ་མུན་པའི་གནས་མེད་པ་དང་། བསྐལ་པའི་མེ་འབར་བའི་ཚེ་རྩི་ཤིང་ལ་སོགས་པ་སྐྱེ་བའི་གནས་མེད་པ་དང་། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་།

རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་རྣམས་ལ་མི་མཐུན་པའི་ཕྱོགས་རྣམས་མེད་པའི་དཔེས་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་བསྟན་པ་སྟེ། དེ་ནི་རྣམ་པར་དག་པའི་དཔེ་སྟེ་བཅུ་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མ་དང་ཟླ་བའི་འོད་ལ་

གནས་མེད་དོ་ཞེས་བྱ་བ་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འོད་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ་ཞེས་བྱ་བའི་བར་དུ་ནི་ཉི་མ་དང་། ཟླ་བ་དང་། གཟའ་དང་། སྐར་མ་དང་། ནོར་བུ་རིན་པོ་ཆེ་དང་། གློག་རྣམས་ཀྱི་འོད་ལ་གནས་མེད་པ་དང་། འདོད་པའི་ཁམས་ཀྱི་ལྷའི་རིས་རྣམས་དང་། གཟུགས་ཀྱི་ཁམས་ཀྱི་ལྷའི་རིས་རྣམས་ཀྱི་འོད་ལ་

เล่ม ๙๑ · หน้า 139b

གནས་མེད་པའི་དཔེ་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པའི་འོད་ལ་གནས་མེད་པའི་དཔེས་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་བསྟན་པ་སྟེ། དེ་ནི་འོད་ལ་གནས་པའི་དཔེ་སྟེ་བཅུ་གཅིག་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་

བྱང་ཆུབ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་ཚིག་གི་དོན་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནས། ཆོས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་

བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང་། ཚིག་གི་དོན་ཞེས་བྱ་བའི་ཆོས་དེ་དག་དོན་དམ་པར་རང་བཞིན་གྱིས་སྟོང་པས་ཀུན་ནས་

ཉོན་མོངས་པའི་མཚན་ཉིད་མ་ཡིན་པའི་ཕྱིར་ལྡན་པ་ཡང་མ་ཡིན་ནོ། །རྣམ་པར་བྱང་བའི་མཚན་ཉིད་མ་ཡིན་པའི་ཕྱིར་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་མེད་པ་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པས་གཟུང་བའི་ཡུལ་མ་ཡིན་ནོ་ཞེས་བསྟན་པའོ། །

བསྟན་དུ་མེད་པ་ཞེས་བྱ་བ་ནི་ཚིག་གིས་བསྟན་ཅིང་བརྗོད་པའི་ཡུལ་མ་ཡིན་པས་འཛིན་པའི་རང་བཞིན་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་ཡུལ་དང་དབང་པོ་ལྟར་ཐོགས་པ་དང་བཅས་པའི་རང་བཞིན་མ་ཡིན་ནོ་ཞེས་བསྟན་པའོ། །འདི་ལྟར་མཚན་ཉིད་

མེད་པར་མཚན་ཉིད་གཅིག་པ་ཤ་སྟག་སྟེ་ཞེས་བྱ་བ་ནི་མཚན་ཉིད་ཐམས་ཅད་དང་བྲལ་བའི་རང་བཞིན་སྟོང་པ་ཉིད་དུ་རོ་གཅིག་པའོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་མེད་པ་ཡང་དག་པ་ཉིད་ལ་བསླབ་པར་བྱའོ་ཞེས་

བྱ་བ་ནི་གོང་དུ་བཤད་པ་ལྟ་བུའི་ཚུལ་གྱིས་དོན་དམ་པར་ཆོས་ཐམས་ཅད་ཡོད་པ་མ་ཡིན་པར་མཉན་པ་དང་། བསམ་པའི་ཤེས་རབ་ཀྱིས་བསླབ་པར་བྱའོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བྱའོ་ཞེས་བྱ་བ་ནི། དེ་ལྟར་

เล่ม ๙๑ · หน้า 140a

ཆོས་ཐམས་ཅད་དོན་དམ་པར་ཡོད་པ་མ་ཡིན་པར་བསྒོམ་པའི་ཤེས་རབ་ཀྱིས་ཁོང་དུ་ཆུད་པར་བྱའོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གང་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་

མ་མཆིས་པ་ཡང་དག་པ་ཉིད་ལ་ཇི་ལྟར་བསླབ་པར་བགྱི་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཆོས་ཐམས་ཅད་ཀྱི་མེད་པ་ཡང་དག་པ་ཉིད་ལ་བསླབ་པར་བྱའོ། །ཆོས་ཐམས་ཅད་རིག་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ། འཁོར་གྱི་ནང་ན་ཁ་ཅིག་ཆོས་ཐམས་ཅད་

ཅེས་བྱ་བ་གང་དང་གང་ལ་བྱ་སྙམ་ཐེ་ཚོམ་ཟ་བ་དང་། ཆོས་དེ་དག་མེད་པར་ཇི་ལྟར་བསླབ་པར་བྱ་སྙམ་ཐེ་ཚོམ་ཟ་བ་དང་། ཆོས་དེ་དག་ཇི་ལྟར་རིག་པར་བྱ་སྙམ་དུ་ཐེ་ཚོམ་ཟ་བའི་ཐེ་ཚོམ་དེ་བསལ་བའི་ཕྱིར་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཆོས་ཐམས་ཅད་ནི་གང་ལགས། ཆོས་

ཐམས་ཅད་མ་མཆིས་པ་ལ་ནི་ཇི་ལྟར་བསླབ་པར་བགྱི། ཆོས་ཐམས་ཅད་ནི་ཇི་ལྟར་རིག་པར་བགྱི་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་སོགས་པ་སོ་སོར་ཕྱེ་སྟེ་འདི་དག་ཡིན་ནོ་ཞེས་བསྟན་

པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱ་བ་སྟེ་ཞེས་བྱ་བའི་བར་དུ་ནི། ཆོས་ཐམས་ཅད་ཅེས་བྱ་བའི་མིང་མདོར་བསྡུས་ཏེ་བསྟན་པའོ། །བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་པའི་ཆོས་དགེ་བ་ཞེས་བྱ་བ་ནི་ཞེས་བྱ་བ་ནས། དེ་དག་ནི་འཇིག་རྟེན་པའི་ཆོས་དགེ་བའོ་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་པའི་དགེ་བ་དང་། འཇིག་རྟེན་ལས་འདས་པའི་དགེ་བ་རྣམ་པ་གཉིས་ཡོད་པ་ལས། འཇིག་རྟེན་པའི་དགེ་

བའི་ཆོས་རྣམས་ལོགས་ཤིག་ཏུ་ཕྱེ་སྟེ་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་མི་དགེ་བ་གང་ལགས་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་འཇིག་རྟེན་པའི་ཆོས་མི་དགེ་བའོ་ཞེས་བྱ་བའི་བར་དུ་ནི་མི་དགེ་བའི་ཆོས་རྣམས་ལོགས་ཤིག་ཏུ་ཕྱེ་སྟེ་བསྟན་

เล่ม ๙๑ · หน้า 140b

པའོ། །གསོལ་པ། བཅོམ་ལྡན་འདས་ལུང་དུ་མ་བསྟན་པའི་ཆོས་གང་ལགས་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་ལུང་དུ་མ་བསྟན་པའི་ཆོས་སོ་ཞེས་བྱ་བའི་བར་དུ་ནི་ལུང་དུ་མ་བསྟན་པའི་ཆོས་རྣམས་ལོགས་ཤིག་ཏུ་ཕྱེ་སྟེ་བསྟན་པ་སྟེ། དེ་ལ་ལུས་ཀྱི་ལས་ནི་ལུང་དུ་མ་བསྟན་པའོ། །

ངག་གི་ལས་ནི་ལུང་དུ་མ་བསྟན་པའོ། །ཡིད་ཀྱི་ལས་ནི་ལུང་དུ་མ་བསྟན་པའོ། །ལུས་དང་ངག་དང་ཡིད་ཀྱི་ལས་ལ་དགེ་བ་དང་མི་དགེ་བ་ཡང་ཡོད་པས་ཐམས་ཅད་ལ་ལུང་དུ་མ་བསྟན་པ་ཞེས་མི་བྱའི། ལུས་དང་ངག་དང་ཡིད་ཀྱིས་བྱས་པའི་ལས་དགེ་བ་ཉིད་དང་། མི་དགེ་བ་ཉིད་དུ་

ལུང་བསྟན་དུ་མི་མངོན་པ་རྣམས་ལ་ལུང་དུ་མ་བསྟན་པ་ཞེས་བྱའོ། །འབྱུང་བ་ཆེན་པོ་བཞི་ལ་སོགས་པ་གཞན་རྣམས་ནི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་ལུང་དུ་མ་བསྟན་པ་ཞེས་བྱ་སྟེ། དེ་བས་ན་རྣམ་པར་སྨིན་པ་ཐམས་ཅད་ནི་ལུང་དུ་མ་བསྟན་པའོ་ཞེས་གསུངས་སོ། །གསོལ་པ།

བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་གང་ལགས་ཞེས་བྱ་བ་ནས། འཇིག་རྟེན་ལས་འདས་པའི་ཆོས་མ་གཏོགས་པར་དེ་མ་ཡིན་པའི་འཇིག་རྟེན་པའི་ཆོས་གང་ཇི་སྙེད་ཡོད་པ་དེ་དག་ནི་འཇིག་རྟེན་པའི་ཆོས་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་པའི་ཆོས་རྣམས་བསྟན་པ་སྟེ། བསམ་

གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། འཇིག་རྟེན་ལས་འདས་པ་ཡང་ཡོད་མོད་ཀྱི། སྐབས་འདིར་འཇིག་རྟེན་པའི་གང་ཟག་འཕགས་པ་མ་ཡིན་པ་རྣམས་ཀྱི་རྒྱུད་དུ་གཏོགས་པ་ལ་བྱའོ། །

དེ་བས་ན་འཇིག་རྟེན་ལས་འདས་པའི་ཆོས་མ་གཏོགས་པ་ཞེས་བྱ་བ་གསུངས་སོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ལས་འདས་པའི་ཆོས་གང་ལགས་ཞེས་བྱ་བ་ནས། དེ་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་ལས་འདས་པའི་ཆོས་

རྣམས་ཕྱེ་སྟེ་བསྟན་པ་སྟེ། ཆོས་དེ་དག་ནམ་འཕགས་པ་རྣམས་ཀྱིས་བསྒོམ་པའི་ཚེ། འཁོར་བའི་རྒྱུར་མི་འགྱུར་བའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཟག་པ་དང་བཅས་པའི་ཆོས་གང་ལགས་ཞེས་བྱ་བ་ནས། དེ་དག་ནི་ཟག་པ་དང་

เล่ม ๙๑ · หน้า 141a

བཅས་པའི་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་རྣམས་ནམ་འཇིག་རྟེན་པའི་གང་ཟག་

རྣམས་བསྒོམ་པའི་ཚེ་འཁོར་བ་མ་སྤངས་པས་སྲིད་པ་གཅིག་ནས་གཅིག་ཏུ་རྒྱུ་ཞིང་ཟག་པར་འགྱུར་བའི་ཕྱིར་ཟག་པ་དང་། བཅས་པའི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཟག་པ་མ་མཆིས་པའི་ཆོས་གང་ལགས་ཞེས་བྱ་བ་ནས། དེ་དག་ནི་ཟག་པ་མེད་པའི་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་

དུ་ནི་ཟག་པ་མེད་པའི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་མིང་གིས་སྨོས་པའི་ཆོས་དེ་རྣམས་མོས་པས་སྤྱོད་པའི་ས་ལ་གནས་པས་བསྒོམས་ན་ཡང་འཁོར་བ་སྤོང་ཞིང་མྱ་ངན་ལས་འདའ་བའི་རྒྱུར་འགྱུར་བ་དང་། འཕགས་པས་བསྒོམས་ན་ཡང་མྱ་ངན་ལས་འདའ་བ་འཐོབ་

སྟེ། འཁོར་བར་རྒྱུ་ཞིང་ཟག་པར་མི་འགྱུར་བའི་ཕྱིར་ཟག་པ་མེད་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་འདུས་བྱས་ཀྱི་ཆོས་གང་ལགས་ཞེས་བྱ་བ་ནས། དེ་དག་ནི་འདུས་བྱས་ཀྱི་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་འདུས་བྱས་ཀྱི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། དྲན་པ་ཉེ་བར་གཞག་

པ་ལ་སོགས་པ་འཕགས་པའི་ཆོས་མིང་གིས་སྨོས་པ་འདི་རྣམས་ལམ་བསྒོམ་པའི་ཚེ་བསྒོམ་པའི་ཤེས་རབ་ཀྱིས་གོམས་པར་བྱེད་པ་ན་སེམས་དང་སེམས་ལས་བྱུང་བ་རྣམས་འདུས་ཤིང་ཚོགས་པས་མངོན་སུམ་དུ་བྱས་ཤིང་ཐོབ་པར་བྱ་བའི་ཕྱིར་འདུས་བྱས་ཀྱི་ཆོས་ཞེས་བྱའོ། །གསོལ་པ།

བཅོམ་ལྡན་འདས་འདུས་མ་བྱས་ཀྱི་ཆོས་གང་ལགས་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་འདུས་མ་བྱས་ཀྱི་ཆོས་ཞེས་བྱ་བའི་བར་དུ་ནི་འདུས་མ་བྱས་ཀྱི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། སྐྱེ་བ་མེད་པ་དང་། འཇིག་པ་མེད་པ་ལ་སོགས་པའི་ཆོས་འདི་རྣམས་ཡེ་ནས་དེ་བཞིན་ཏེ། དེ་ལྟར་

སུས་ཀྱང་མ་བྱས་པའི་ཕྱིར་འདུས་མ་བྱས་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཐུན་མོང་གི་ཆོས་གང་ལགས་ཞེས་བྱ་བ་ནས། དེ་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་ཐུན་མོང་གི་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཐུན་མོང་གི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། བསམ་གཏན་དང་། ཚད་

เล่ม ๙๑ · หน้า 141b

མེད་པ་ལ་སོགས་པའི་ཆོས་འདི་རྣམས་འཇིག་རྟེན་པ་བྱིས་པ་སོ་སོའི་སྐྱེ་བོས་ཀྱང་བསྒོམ་དུ་རུང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བསྒོམ་པའི་ཕྱིར་ཐུན་མོང་གི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཐུན་མོང་མ་ལགས་པའི་ཆོས་

གང་ལགས་ཞེས་བྱ་བ་ནས་དེ་དག་ནི་ཐུན་མོང་མ་ཡིན་པའི་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི། ཐུན་མོང་མ་ཡིན་པའི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་མིང་གིས་སྨོས་པའི་ཆོས་འདི་རྣམས་འཇིག་རྟེན་པ་རྣམས་མི་སྒོམ་གྱི་མོས་པས་སྤྱོད་པའི་ས་ལ་གནས་པ་དང་།

འཕགས་པ་རྣམས་བསྒོམ་པའི་ཕྱིར་ཐུན་མོང་མ་ཡིན་པའོ་ཞེས་བསྟན་པ་སྟེ། དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་མིང་གིས་སྨོས་པ་འདི་རྣམས་ཀྱི་སོ་སོའི་མཚན་ཉིད་ནི་འོག་ནས་ཐེག་པ་ཆེན་པོ་བསྟན་པའི་ལེའུ་ལས་གཞུང་ཉིད་ལས་ཞིབ་ཏུ་འཆད་པས་འདིར་མ་བཤད་དོ། །དེ་ལ་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་རྟོག་པ་མེད་པས་ཆགས་པར་མི་བྱའོ་ཞེས་བྱ་བ་ནི། དེ་ལྟར་ཆོས་རྣམས་རིས་རིས་སུ་ཕྱེ་སྟེ་བསྟན་པ་དེ་དག་ཐམས་ཅད་ཀྱང་རང་གི་མཚན་ཉིད་ཀྱིས་སྟོང་པས་

དངོས་པོ་ཡོད་པར་རྟོག་ཅིང་ཆགས་པར་མི་བྱའོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་གཉིས་སུ་མེད་པའི་ཚུལ་གྱིས་རྟོག་པ་མེད་ཅིང་། རྣམ་པར་རྟོག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས་སྟོང་པ་ཉིད་དུ་རོ་གཅིག་

སྟེ། རྟོག་པ་དང་རྣམ་པར་རྟོག་པའི་ཡུལ་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་མེད་པ་མཇུག་བསྡུས་ཏེ་བསྟན་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་བསྟན་ནས། ད་ནི་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་

བསྟན་པའི་ཕྱིར། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་ཞེས་བྱ་བ་ལ་སོགས་པ་

เล่ม ๙๑ · หน้า 142a

གསུངས་ཏེ། སེམས་དཔའ་ཆེན་པོའི་ཚིག་གི་དོན་བཤད་པ་འདི་ཡང་རྣམ་པ་བཞི་སྟེ། བཅོམ་ལྡན་འདས་ཀྱིས་བཤད་པ་དང་། འཕགས་པ་ཤཱ་རིའི་བུས་བཤད་པ་དང་། རབ་འབྱོར་གྱིས་བཤད་པ་དང་། གང་པོས་བཤད་པ་དང་བཞི་སྟེ། དེ་ལ་བཅོམ་ལྡན་འདས་ཀྱིས་

སེམས་དཔའ་ཆེན་པོའི་ཚིག་གི་དོན་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱེད་པར་འགྱུར་བས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་ནས། རབ་འབྱོར་ཆོས་དེ་དག་ལ་གནས་ཤིང་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱེད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་སྟེ། དེ་ལ་རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པར་

ཕུལ་བྱེད་པར་འགྱུར་བས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་ནི་སེམས་ཅན་ཉན་ཐོས་ཀྱི་རིས་སུ་ངེས་པ་དང་། རང་སངས་རྒྱས་ཀྱི་རིས་སུ་ངེས་པ་དང་། བྱང་ཆུབ་སེམས་དཔའི་རིས་སུ་ངེས་པ་མང་པོ་རྣམས་ཀྱི་ཕུལ་བྱེད་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་

བྱའོ་ཞེས་བསྟན་པའོ། །རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་ཞེས་བྱ་བ་ནི་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུའི་ཕུལ་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། སེམས་ཅན་གྱི་ཕུང་པོ་ཆེན་པོ་གང་དང་གང་ཡིན་པ་བསྟན་པ་སྟེ། དེ་ལ་རིགས་ཀྱིས་

ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་ལ་གང་ཟག་དང་ཆོས་ལ་བདག་མེད་པའི་བཟོད་པ་ཐོབ་པས་བྱང་ཆུབ་གསུམ་འཐོབ་པའི་རིགས་དང་ལྡན་པས་ན་རིགས་ཀྱི་ས་ཞེས་བྱའོ། །བརྒྱད་པ་ཞེས་བྱ་བ་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་གྲལ་དང་པོ་ནས་ཡས་བགྲངས་ན་

རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་འཇུག་པ་གྲངས་བརྒྱད་པ་འབབ་པས་ན་བརྒྱད་པ་ཞེས་བྱ་སྟེ། དེ་ལྟར་བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་རྣམས་ནི་ཉན་ཐོས་ཀྱི་རིགས་སུ་ངེས་པའི་སེམས་ཅན་

เล่ม ๙๑ · หน้า 142b

གྱི་ཚོགས་སོ། །རང་སངས་རྒྱས་ཀྱི་ས་དང་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་རིགས་སུ་ངེས་པའི་སེམས་ཅན་གྱི་ཚོགས་སོ། །སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནས་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བར་དག་སྟེ་ཞེས་བྱ་བ་ནི་བྱང་

ཆུབ་སེམས་དཔའི་རིགས་སུ་ངེས་པའི་སེམས་ཅན་གྱི་ཚོགས་ཆེན་པོ་ཡིན་ནོ་ཞེས་བསྟན་པའོ། །དེ་བས་ན་རབ་འབྱོར་དེ་ནི་སེམས་ཅན་གྱི་ཕུང་པོ་ངེས་པ་ཞེས་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། དེ་ལྟར་རིགས་སོ་སོར་ངེས་པའི་སེམས་ཅན་གྱི་ཚོགས་ཆེན་པོ་རྣམས་ལ་སེམས་ཅན་གྱི་ཕུང་པོ་ངེས་པ་ཞེས་

བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུའི་ཕུལ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི། སེམས་ཅན་གྱི་ཚོགས་ཆེན་པོ་གོང་དུ་སྨོས་པ་དེ་ལྟ་བུ་དག་གི་ཕུལ་བྱེད་པར་འགྱུར་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པ་སྟེ། བྱང་ཆུབ་

སེམས་དཔའ་ས་དགུ་པ་དང་། ས་བཅུ་པ་ལ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་མིང་དུ་ཆུད་པར་རིག་པར་བྱའོ། །སེམས་ཅན་གྱི་ཚོགས་ཆེན་པོ་དེ་དག་གི་ཕུལ་དུ་གྱུར་པ་དེ་ཡང་བསམ་པ་རྒྱ་ཆེ་བ་དང་། སྒྲུབ་པ་རྒྱ་ཆེ་བ་གཉིས་ཀྱིས་འགྱུར་ཏེ། དེ་ལ་བསམ་པ་རྒྱ་ཆེ་བ་ནི། དེ་ལ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་དེ་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱའོ་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་པ་དང་བདེ་བའི་སེམས་ཏེ། དེ་ལ་གནས་ཤིང་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་

པའི་ཕུལ་མི་དམིགས་པའི་ཚུལ་གྱིས་བྱེད་དོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། བསམ་པ་རྒྱ་ཆེ་བ་དེ་ཡང་། རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་ཡོན་ཏན་ལྔ་དང་ལྡན་པ་སྟེ་ལྔ་གང་ཞེ་ན། ངེས་པར་འཇོམས་པའི་ཡོན་ཏན་དང་། རིན་ཆེ་བའི་ཡོན་ཏན་དང་། སྐྱོན་མེད་པའི་ཡོན་ཏན་དང་།

མི་ཕྱེད་པའི་ཡོན་ཏན་དང་། དོན་སྒྲུབ་ནུས་པའི་ཡོན་ཏན་དང་ལྔའོ། །དེ་ལ་ངེས་པར་འཇོམས་པའི་ཡོན་ཏན་ནི་ཤེས་རབ་ཀྱི་དབང་གིས་ཡོན་ཏན་བརྒྱད་དང་ལྡན་པའི་ཕྱིར་ངེས་པར་འཇོམས་པ་ཞེས་བྱ་སྟེ། དེ་ལ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་

เล่ม ๙๑ · หน้า 143a

སེམས་བསྐྱེད་དེ། འཁོར་བ་དཔག་ཏུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་གོ་ཆ་བགོ་བར་བྱའོ། །བདག་གིས་བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་བྱའོ་ཞེས་བྱ་བ་ནི་སེར་སྣ་ངེས་པར་གཞོམ་པའི་ཕྱིར། འཁོར་བ་མཐའ་ཡས་པ་ཐམས་ཅད་

དུ་སེམས་ཅན་གྱི་དོན་དུ་བརྩོན་འགྲུས་ཀྱི་གོ་ཆ་བགོས་ཏེ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ནི་སེར་སྣ་ངེས་པར་འཇོམས་པའི་ཡོན་ཏན་ཏེ་དང་པོའོ། །བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་།

ཁྲོ་བ་ངེས་པར་འཇོམས་པའི་ཡོན་ཏན་བསྟན་པ་སྟེ་གཉིས་པའོ། །བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །དེ་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་བཟླས་པ་

མེད་དོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱི་སྒོ་ནས་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་སེམས་ཅན་དུ་འདུ་ཤེས་སྐྱེ་བ་མེད་པས་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་བཟླས་སོ་སྙམ་དུ་མི་སེམས་པའི་ཕྱིར་སེམས་ཅན་དུ་ལྟ་བ་ལ་སོགས་པ་ལྟ་བའི་ཉེས་པ་ཐམས་ཅད་ངེས་པར་

འཇོམས་པའི་ཡོན་ཏན་བསྟན་པ་སྟེ། ངེས་པར་འཇོམས་པའི་ཡོན་ཏན་གསུམ་པའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་བདག་གིས་ཤེས་པར་བྱའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་དངོས་པོར་རྟོག་པ་ངེས་པར་འཇོམས་པའི་ཡོན་ཏན་བསྟན་པ་སྟེ་བཞི་པའོ། །

བདག་གིས་མ་འདྲེས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དང་མ་འདྲེས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པས་ཐེག་པ་དམན་པའི་

སེམས་ངེས་པར་འཇོམས་པའི་ཡོན་ཏན་བསྟན་པ་སྟེ་ལྔ་པའོ། །བདག་གིས་ཆོས་རྟོགས་པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཕུན་སུམ་ཚོགས་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྟོགས་པ་ནི་སྟོང་པ་ཉིད་ཀྱིས་ཐམས་ཅད་དུ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด