ตัวบทไม่มีชื่อ — ประโยคแรก: ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๙๑ · หน้า 172b
གཏི་མུག་དང་མ་བྲལ་བས་གཅིག་ཁོ་ནར་མི་དགེ་བར་འགྱུར་བར་ལུང་བསྟན་དུ་ཡང་མི་མངོན་ཏེ། བཟོ་བྱེད་པ་དང་། སྤྱོད་ལམ་བཞི་ལ་གནས་པའི་ཕུང་པོ་ལྔ་ལྟ་བུའོ། །ཚེ་དང་ལྡན་པ་གང་པོ་འཇིག་རྟེན་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་ནི་འཇིག་
རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཁོངས་སུ་གཏོགས་པའི་ཕུང་པོ་ལྔ་ཡང་མ་བཅིངས་མ་གྲོལ་བའི་ཞེས་བསྟན་པ་སྟེ། དེ་ལ་འཇིག་རྟེན་པ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པ་གོམས་པར་བྱེད་པ་
ལ་མ་གཏོགས་པ་ཁམས་གསུམ་དུ་སྐྱེ་ཞིང་འབོར་བའི་ཁོངས་སུ་གཏོགས་པ་རྣམས་སོ། །འཇིག་རྟེན་ལས་འདས་པ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པ་གོམས་པར་བྱེད་པ་ཁམས་གསུམ་དུ་སྐྱེ་ཞིང་འཁོར་བར་མི་འགྱུར་བ་རྣམས་སོ། །ཟག་པ་དང་
བཅས་པ་ནི་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་དང་བཅས་པའོ། །ཟག་པ་མེད་པ་ནི་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་དང་མི་ལྡན་པའོ། །ཚེ་དང་ལྡན་པ་གང་པོ་དེ་ཅིའི་ཕྱིར་ཞེ་ན། གཟུགས་མེད་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་
སོགས་པ་ནི་དགེ་བ་དང་མི་དགེ་བ་དང་། ལུང་དུ་བསྟན་པ་དང་། ལུང་དུ་མ་བསྟན་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཕུང་པོ་ལྔ་རྣམས་མ་བཅིངས་མ་གྲོལ་བའི་གཏན་ཚིགས་
བསྟན་པ་སྟེ། མེད་པ་དང་། དབེན་པ་དང་། མ་སྐྱེས་པའི་དོན་ནི་སྔ་མ་བཞིན་ནོ། །ཚེ་དང་ལྡན་པ་གང་པོ་ཆོས་ཐམས་ཅད་ཀྱང་མ་བཅིངས་མ་གྲོལ་བ་སྟེ། མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་
མ་བཅིངས་མ་གྲོལ་བ་སྟེ་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་མདོར་བསྡུས་ཏེ། མ་བཅིངས་མ་གྲོལ་བ་གཏན་ཚིགས་དང་བཅས་ཏེ་བསྟན་པའོ། །ཚེ་དང་ལྡན་པ་གང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་
เล่ม ๙๑ · หน้า 173a
ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཡང་དག་པའི་མཐའ་དང་། འདུས་མ་བྱས་པ་ལ་ཐུག་གི་བར་དུ་དཀར་པོའི་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བ་གཏན་ཚིགས་རྣམ་པ་གསུམ་དང་བཅས་ཏེ་བསྟན་པ་སྟེ། དཀར་པོའི་ཆོས་ཐམས་ཅད་ཚར་
གཅིག་ཏུ་མི་སྨོས་པར་རིས་རིས་སུ་བཅད་ཅིང་མེད་པ་དང་། དབེན་པ་དང་། མ་སྐྱེས་པའི་གཏན་ཚིགས་རྣམ་པ་གསུམ་བསྟན་པ་ནི་འདུལ་བའི་སྐྱེ་བོ་ཁ་ཅིག་ལ་དེ་ལྟར་རིས་རིས་སུ་བཅད་དེ་བསྟན་ན་གོ་སླ་ཞིང་དད་པ་སྐྱེ་བར་འགྱུར་བ་ཡང་སྲིད་པའི་ཕྱིར་རོ། །ཚེ་དང་ལྡན་པ་གང་
པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མ་བཅིངས་མ་གྲོལ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བར་རྟོགས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པའི་སྒོའམ་རྒྱུར་གྱུར་པའི་ཕྱིར་ཆོས་ཀྱི་སྒོ་ཞེས་བྱའོ། དེ་ནི་སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ནས། ཡང་དག་པའི་མཐའ་མ་བཅིངས་མ་གྲོལ་བའོ། །འདུས་མ་བྱས་མ་བཅིངས་མ་གྲོལ་བ་སྟེ་ཞེས་བྱ་བའི་བར་དུ་ནི་དཀར་པོའི་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བའི་ཆོས་ཀྱི་སྒོ་ཡིན་པར་ངེས་པར་གཏན་ལ་ཕབ་སྟེ་
བསྟན་པའོ། །དེ་མ་བཅིངས་མ་གྲོལ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཞེས་བྱ་བ་ནས། ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བའི་ཐེག་པ་ཆེན་པོའི་གོ་ཆ་བགོས་པར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་མ་
བཅིངས་མ་གྲོལ་བའི་གོ་ཆ་ཆེན་པོ་བགོས་པའི་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་པོ་སྤྱོད་ནུས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་བ་ལ་
སོགས་པའི་ཕན་ཡོན་བསྟན་པའོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མ་བཅིངས་མ་གྲོལ་བས་མེད་པ་དང་། དབེན་པ་དང་། སྐྱེ་བ་མེད་པ་ཉེ་བར་བཟུང་ཞིང་། ཆོས་
เล่ม ๙๑ · หน้า 173b
ཐམས་ཅད་ཁོང་དུ་ཆུད་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ནི་མ་བཅིངས་མ་གྲོལ་བའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། མདོར་ན་དོན་དམ་པར་བྱང་ཆུབ་སེམས་དཔའ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཆོས་ཐམས་ཅད་ཀྱང་མེད་པ་དང་། དབེན་པ་དང་། མ་སྐྱེས་
པའི་ཕྱིར་མ་བཅིངས་མ་གྲོལ་བར་ཁོང་དུ་ཆུད་ཅིང་ཀུན་རྫོབ་ཏུ་ཡང་དེ་ལ་མ་ཆགས་མ་ཞེན་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སོགས་པའི་ལས་རྣམས་མི་བྱེད་པ་ཡང་མ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་བ་ལ་
སོགས་པའི་ཕན་ཡོན་རྣམས་ཐོབ་པར་མི་འགྱུར་བ་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་གོ་ཆ་ཆེན་པོ་བགོས་པའི་དོན་བསྟན་ཟིན་པ་དང་། དེའི་འོག་ཏུ་ཡང་འཕགས་པ་རབ་འབྱོར་གྱིས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་
བའི་ཚིག་སྔར་སྨོས་པ་ལས་གླེང་བསླངས་ནས། ཐེག་པ་ཆེན་པོའི་དོན་རྣམ་པ་ལྔ་ཞུ་བའི་ཕྱིར། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཞུ་བ་རྣམ་པ་ལྔ་ནི་ཐེག་པ་ཆེན་པོ་གང་ཡིན་པ་དང་།
ཇི་ཙམ་གྱིས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་ཆུད་པ་དང་། ཐེག་པ་དེ་གང་ནས་འབྱུང་བ་དང་། ཐེག་པ་དེ་གང་དུ་གནས་པར་འགྱུར་བ་དང་། ཐེག་པ་དེས་སུ་ཞིག་འབྱུང་བར་འགྱུར་ཞེས་ཞུ་བ་དང་ལྔའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་
དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱིས་ཞུ་བ་རྣམ་པ་ལྔ་ཞུས་པ་ལས། ཐེག་པ་ཆེན་པོ་གང་ལགས་ཞེས་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་ཞེས་བྱ་བ་རྣམ་པ་ཉི་ཤུ་རྩ་གཅིག་ཏུ་ཕྱེ་སྟེ་བཤད་པའོ། །དེ་ལ་
ཐེག་པ་ཆེན་པོ་རྣམ་པ་ཉི་ཤུ་རྩ་གཅིག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཐེག་པ་ཆེན་པོ་ཡིན་པ་དང་། སྟོང་པ་བཅོ་བརྒྱད་ཐེག་པ་ཆེན་པོ་ཡིན་པ་དང་། ཏིང་ངེ་འཛིན་རྣམས་ཐེག་པ་ཆེན་པོ་ཡིན་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཐེག་པ་ཆེན་པོ་ཡིན་པ་དང་། ཡང་དག་པར་སྤོང་བ་
เล่ม ๙๑ · หน้า 174a
རྣམས་ཐེག་པ་ཆེན་པོ་ཡིན་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཐེག་པ་ཆེན་པོ་ཡིན་པ་དང་། དབང་པོ་ལྔ་ཐེག་པ་ཆེན་པོ་ཡིན་པ་དང་། སྟོབས་ལྔ་ཐེག་པ་ཆེན་པོ་ཡིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ཐེག་པ་ཆེན་པོ་ཡིན་པ་དང་། འཕགས་པའི་
ལམ་ཡན་ལག་བརྒྱད་པ་ཐེག་པ་ཆེན་པོ་ཡིན་པ་དང་། རྣམ་པར་ཐར་པ་བརྒྱད་ཐེག་པ་ཆེན་པོ་ཡིན་པ་དང་། ཤེས་པ་བཅུ་ཐེག་པ་ཆེན་པོ་ཡིན་པ་དང་། དབང་པོ་གསུམ་ཐེག་པ་ཆེན་པོ་ཡིན་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ཐེག་པ་ཆེན་པོ་ཡིན་པ་དང་། རྗེས་སུ་དྲན་པ་དྲུག་ཐེག་པ་ཆེན་པོ་ཡིན་པ་དང་། སྙོམས་
པར་འཇུག་པ་རྣམས་ཐེག་པ་ཆེན་པོ་ཡིན་པ་དང་། སྟོབས་བཅུ་ཐེག་པ་ཆེན་པོ་ཡིན་པ་དང་། མི་འཇིགས་པ་བཞི་ཐེག་པ་ཆེན་པོ་ཡིན་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ཐེག་པ་ཆེན་པོ་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐེག་པ་ཆེན་པོ་ཡིན་པ་
དང་། གཟུངས་ཀྱི་སྒོ་རྣམས་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་དང་ཉི་ཤུ་རྩ་གཅིག་གོ། །དེ་ལ་རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་སྟེ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་སྟེ། དེ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཐེག་པ་ཆེན་པོ་ཡིན་པར་བསྟན་པའོ། །དེ་ལ་དོན་དུ་གཉེར་བ་ཞེས་བྱ་བ་ནི་ཕོངས་ཤིང་འདོད་པ་ལ་བྱའོ། །ཕྱི་ནང་གི་དངོས་པོ་ཞེས་བྱ་བ་ལ།
ཕྱིའི་དངོས་པོ་ནི་གསེར་དངུལ་དང་། དར་ཟབ་ལ་སོགས་པ་བདག་གི་ལུས་ལ་མ་གཏོགས་པའི་ནོར་རྫས་རྣམས་སོ། །ནང་གི་དངོས་པོ་ནི་ལུས་དང་མགོ་ལ་སོགས་པ་ཡན་ལག་དང་ཉིང་ལག་རྣམས་ཡོངས་སུ་གཏོང་བའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཡོངས་སུ་རྫོགས་པར་བྱེད་ཅིང་དེའི་བསོད་ནམས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དེ་མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཉིད་གང་ཟག་དང་ཆོས་ལ་བདག་མེད་
เล่ม ๙๑ · หน้า 174b
པར་རྟོགས་ཤིང་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིན་པས་ཐེག་པ་ཆེན་པོ་ཞེས་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་
བསྟན། སེམས་ཅན་ཕ་རོལ་པོ་སྦྱིན་པ་ལ་ཡང་དག་པར་བསྐུལ་བ་དང་། གཞོག་པ་དང་། རབ་ཏུ་དགོད་པ་ལ་བསྟན་ལ། ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ལ་སེམས་ཅན་ཕ་རོལ་པོ་རྣམས་ཀྱང་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་དག་པར་བསྐུལ་བ་དང་། གཞོག་པ་
དང་། རབ་ཏུ་དགོད་པ་བསྟན་ལ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་མ་བསྟན་དུ་ཟིན་ཡང་། སེམས་ཅན་ཕ་རོལ་པོ་རྣམས་ཡང་དག་པར་བསྐུལ་བ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་
པའི་སྐབས་སུ་སྦྱར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་སྦྱར་བ་དོན་གྱིས་རིག་པར་བྱའོ། །ཡང་དག་པར་བསྐུལ་བ་ནི་དང་པོ་སྤྱོད་དུ་འཇུག་པའོ། །གཞོག་པ་ནི་ཕ་རོལ་
ཏུ་ཕྱིན་པ་རྣམས་ལ་གནས་ཤིང་ཉམས་སུ་ལེན་དུ་འཇུག་པའོ། །ཕ་རོལ་ཏུ་དགོད་པ་ནི་དེ་བས་ཀྱང་བསྟན་པར་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལས་མི་ཉམས་ཤིང་འབྲས་བུ་ཐོབ་པར་བྱེད་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་སྟོང་པ་ཉིད་བཅོ་བརྒྱད་ཐེག་པ་ཆེན་པོ་ཡིན་པ་བསྟན་པ་སྟེ། དེ་ལ་ནང་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་
བ་ལ་སོགས་པ་ནི་ནང་སྟོང་པ་ཉིད་བསྟན་པ་སྟེ། མིག་དང་ཡིད་ཀྱི་བར་དུ་ནང་གི་དབང་པོ་དྲུག་རྣམས་བདག་གི་ལུས་དང་སེམས་ཀྱིས་ཟིན་པའི་ཕྱིར་ནང་གི་ཆོས་ཞེས་བྱའོ། །མི་རྟག་མི་འཇིགས་པའི་ཕྱིར་མིག་མིག་གིས་སྟོང་ཞེས་བྱ་བ་ནི་མིག་དངོས་པོ་ཞིག་ཡོད་ན་རྟག་པའི་
เล่ม ๙๑ · หน้า 175a
རང་བཞིན་རྣམས་མི་རྟག་པའི་རང་བཞིན་ཞིག་ཡིན་གྲང་ན། དོན་དམ་པར་མིག་དངོས་པོ་མེད་པས་རྟག་པའི་རང་བཞིན་མ་ཡིན་པའི་ཕྱིར་མི་རྟག་པའོ། །མི་རྟག་པའི་རང་བཞིན་མ་ཡིན་པའི་ཕྱིར་མི་འཇིག་པའོ། །དེ་ལྟར་དངོས་པོ་མེད་ཅིང་མི་རྟག་མི་
འཇིག་པའི་ཕྱིར་མིག་དེ་མིག་གི་དངོས་པོས་སྟོང་པས་ན། མིག་མིག་གིས་སྟོང་ངོ་ཞེས་བྱ་བ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མིག་ལ་མིག་གི་དངོས་པོ་མེད་པ་ཉིད་དེའི་རང་བཞིན་ཡིན་གྱི། རྒྱུ་གཞན་གྱིས་བཤིག་སྟེ་སྟོང་
པར་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་འོག་མ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ལ་ཕྱི་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་སྟོང་པ་ཉིད་བསྟན་པ་སྟེ། གཟུགས་ལ་སོགས་པ་ཆོས་ཀྱི་བར་དུ་ཡུལ་དྲུག་པོ་དེ་རྣམས་ཕྱི་རོལ་
དུ་དམིགས་པའི་ཡུལ་ཡིན་ལ། བདག་གི་ལུས་དང་སེམས་ཀྱིས་ཡོངས་སུ་མ་ཟིན་པའི་ཕྱིར་ཕྱི་རོལ་གྱི་ཆོས་རྣམས་ཞེས་བྱ་སྟེ། དེ་དག་སྟོང་པ་ཉིད་ཀྱི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་ཕྱི་ནང་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་ནང་སྟོང་པ་ཉིད་བསྟན་པ་སྟེ།
ནང་གི་ཆོས་རྣམས་ཕྱིའི་ཆོས་ཀྱིས་སྟོང་། ཕྱིའི་ཆོས་རྣམས་ནང་གི་ཆོས་ཀྱིས་སྟོང་སྟེ་ཞེས་བྱ་བ་ནི་ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་རྣམས་ཀྱི་སོ་སོའི་རང་བཞིན་གྱིས་སྟོང་པ་སྔར་བཤད་ཟིན་པས་སྐབས་འདིར་ནང་གི་སྐྱེ་མཆེད་རྣམས་ལ་ཡང་ཕྱིའི་སྐྱེ་མཆེད་ཀྱི་རང་བཞིན་མེད་
པ་དང་། ཕྱིའི་སྐྱེ་མཆེད་རྣམས་ལ་ཡང་ནང་གི་སྐྱེ་མཆེད་རྣམས་ཀྱི་རང་བཞིན་མེད་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་དོ་ཞེས་བསྟན་ཏོ། །དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་བསྟན་པ་སྟེ། ཆོས་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པའི་
སྟོང་པ་ཉིད་དེས་སྟོང་པ་ཉིད་དོ་ཞེས་བྱ་བ་ནི་ཆོས་རྣམས་སྟོང་ངོ་ཞེས་བྱ་བའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་། སྟོང་པ་ཉིད་ཀྱི་རང་བཞིན་དུ་ཡོད་པ་མ་ཡིན་ཏེ། དེ་རང་བཞིན་གྱིས་སྟོང་པ་ལ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆེན་པོ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་
เล่ม ๙๑ · หน้า 175b
ཆེན་པོ་སྟོང་པ་ཉིད་བསྟན་པ་སྟེ། སྣོད་ཀྱི་འཇིག་རྟེན་ཕྱོགས་བཅུ་ལ་སོགས་པ་ཐ་གྲུ་ཡངས་ཤིང་གཞི་ཆེ་བ་རྣམས་རང་བཞིན་མེད་པ་ལ་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོན་དམ་པ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པ་སྟོང་པ་ཉིད་བསྟན་པ་སྟེ།
མྱ་ངན་ལས་འདས་པ་དེ་དོན་དུ་སྒྲུབ་པའི་ནང་ན་མཆོག་དམ་པ་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱའོ། །རྣམ་པ་གཉིས་སུ་ན་ཡེ་ཤེས་དམ་པའི་དམིགས་པའི་ཡུལ་ལམ་དོན་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་དེའི་རང་བཞིན་མེད་པ་ལ་དོན་དམ་པ་
སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་བྱས་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་འདུས་བྱས་སྟོང་པ་ཉིད་བསྟན་པ་སྟེ། ཁམས་གསུམ་དུ་སྐྱེ་ཞིང་གནས་པའི་ཆོས་རྣམས་ནི་ལས་དང་ཉོན་མོངས་པ་ལ་སོགས་པ་རྒྱུ་དང་རྐྱེན་རྣམས་འདུས་ཤིང་ཚོགས་པས་བྱས་ཤིང་
བསྐྱེད་པ་ཡིན་པའི་ཕྱིར་འདུས་བྱས་ཞེས་བྱ་སྟེ། དེ་དག་གི་རང་བཞིན་མེད་པ་ནི་འདུས་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་མ་བྱས་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་འདུས་མ་བྱས་སྟོང་པ་ཉིད་བསྟན་པའོ། །གང་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་།
གནས་པ་ལས་གཞན་དུ་འགྱུར་བ་མེད་པ་འདི་ནི་འདུས་མ་བྱས་ཞེས་བྱ་སྟེ་ཞེས་བྱ་བ་ནི་འདུས་མ་བྱས་པའི་རང་བཞིན་བསྟན་པ་སྟེ། ལས་དང་ཉོན་མོངས་པ་ལ་སོགས་པ་རྒྱུ་དང་རྐྱེན་རྣམས་ཚོགས་ཤིང་འདུས་པས་མ་བྱས་མ་བསྐྱེད་པའི་ཕྱིར། སྐྱེ་བ་དང་འགག་པ་
དང་གནས་པ་ལས་གཞན་དུ་འགྱུར་བ་མེད་པའི་ཆོས་དེ་རྣམས་ནི་འདུས་མ་བྱས་པ་ཞེས་བྱ་སྟེ། དེ་དག་ཀྱང་ནམ་མཁའ་དང་། དེ་བཞིན་ཉིད་དང་། སོ་སོར་བརྟགས་པས་འགོག་པ་དང་། སོ་སོར་བརྟག་པ་མ་ཡིན་པས་འགོག་པ་སྟེ། ཆོས་དེ་དག་རང་བཞིན་
མེད་པ་ནི་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་བསྟན་པ་སྟེ། རྟག་པའི་མཐའ་དང་། ཆད་པའི་མཐའ་ལ་སོགས་པའི་མཐའ་གཉིས་མི་དམིགས་པ་ཉིད་
เล่ม ๙๑ · หน้า 176a
མཐའ་ལས་འདས་པ་ཞེས་བྱ་སྟེ། དེའི་རང་བཞིན་མེད་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་བསྟན་པ་སྟེ།
གང་ལ་ཐོག་མ་མི་དམིགས་ཤིང་། ཐ་མ་མི་དམིགས་པ་དེ་ལ་འགྲོ་བ་མི་དམིགས་འོང་བ་མི་དམིགས་ཏེ་ཞེས་བྱ་བ་ནི། འཁོར་བ་ལ་ཐོག་མ་ཡང་མི་དམིགས་ཐ་མ་ཡང་མི་དམིགས་ཏེ། ཐོག་མ་དང་ཐ་མ་གཉིས་མེད་པས་དབུས་ཀྱང་མི་དམིགས་
སོ། །དེ་ལྟར་མཐའ་གཉིས་དང་དབུས་ཀྱང་མེད་པའི་ཕྱིར་འགྲོ་བ་དང་འོང་བ་མི་དམིགས་ཏེ། དེ་ལྟར་འཁོར་བའི་རང་བཞིན་མེད་པ་ཉིད་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོར་བ་མེད་པ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི།
དོར་བ་མེད་པ་སྟོང་པ་ཉིད་བསྟན་པའོ། །གང་ལ་གང་ཡང་དོར་བ་མེད་པ་སྟེ་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ལ་བྱ་སྟེ། དོར་བ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་ལྔ་ལ་བྱའོ། །ཕུང་པོ་ལྔ་པོ་དེ་དག་ཕུང་པོའི་ལྷག་མ་མ་ལུས་
པའི་མྱ་ངན་ལ་འདས་པའི་ཚེ་མེད་པར་གྱུར་པའི་ཕྱིར་དོར་བ་མེད་པ་ཞེས་བྱ་སྟེ། དོར་བ་མེད་པའི་རང་བཞིན་མྱ་ངན་ལས་འདས་པ་དེ་དེའི་རང་བཞིན་གྱིས་སྟོང་པ་ལ་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དོན་དམ་པ་སྟོང་པ་ཉིད་ཀྱི་སྐབས་སུ་མྱ་ངན་ལས་འདས་པ་ཡིན་
པར་བཤད་པ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཉོན་མོངས་པ་དང་བྲལ་བའི་མཚན་ཉིད་ལས་དགོངས་ཏེ་གསུངས་སོ། །འདིར་ནི་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ལ་དགོངས་ཏེ་གསུངས་པས་ཟློས་པར་མི་འགྱུར་རོ། །
དེ་ལ་རང་བཞིན་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་སྟོང་པ་ཉིད་བསྟན་པ་སྟེ། འདུས་བྱས་སམ་འདུས་མ་བྱས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་སྟོང་པ་ཉིད་ཡིན་པས་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་
เล่ม ๙๑ · หน้า 176b
དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཡོད་པའམ་མེད་པར་མ་བྱས་པས་རང་བཞིན་གྱིས་སྟོང་པའི་ཕྱིར་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་བསྟན་
པ་སྟེ། དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། འདུས་ཏེ་རེག་པ་དྲུག་དང་། འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང་། གཟུགས་ཡོད་པ་དང་། གཟུགས་མེད་པ་དང་། འདུས་
བྱས་དང་། འདུས་མ་བྱས་པའི་ཆོས་རྣམས་ཏེ། ཆོས་དེ་དག་གི་རང་བཞིན་ཡོད་པ་མ་ཡིན་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་བསྟན་པ་སྟེ། འདུས་བྱས་དང་འདུས་
མ་བྱས་པའི་ཆོས་རྣམས་དོན་དམ་པར་ཡོད་པ་མ་ཡིན་པས་དེ་དག་གི་རང་གི་མཚན་ཉིད་ཀྱང་མེད་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །མཚན་ཉིད་གཞན་ནི་རང་ལོག་ཏུ་ཟད་པས་བཤད་མི་དགོས་སོ། །བཤད་དགོས་པ་ཉི་ཚེ་ཞིག་བཤད་པར་བྱ་སྟེ། ཁམས་ནི་
གདུག་པའི་མཚན་ཉིད་ཅེས་བྱ་བ་ནི་ཁམས་བཅོ་བརྒྱད་འཁོར་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གདུང་བ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པ་ལ་ཉེས་པ་མི་འབྱུང་བས་ཕྱིས་མི་འགྱོད་ཅིང་སེམས་ལ་གདུང་བ་མེད་པའི་ཕྱིར་རོ། །
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐུབ་པ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་བརྩོན་འགྲུས་དང་ལྡན་པ་ལ་བདུད་ལ་སོགས་པ་བར་དུ་གཅོད་པ་རྣམས་ཀྱིས་མི་བརྫི་ཞིང་མི་ཐུབ་པའི་ཕྱིར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡང་དག་པར་འདུས་པའི་མཚན་ཉིད་ཅེས་བྱ་བ་ནི་བསམ་
གཏན་དང་ལྡན་པ་སེམས་རྩེ་གཅིག་ཏུ་འདུས་ཤིང་བསམ་གཏན་གྱི་འབྲས་བུ་རྫུ་འཕྲུལ་ལ་སོགས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་དགེ་བའི་རྩ་བ་འདུས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆགས་པ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་ཤེས་རབ་ཀྱིས་ཆོས་
เล่ม ๙๑ · หน้า 177a
ཐམས་ཅད་རང་བཞིན་མེད་པར་རྟོགས་ནས། ཅི་ལ་ཡང་མ་ཆགས་པར་འགྱུར་བའི་ཕྱིར་རོ། །བསམ་གཏན་དང་། ཚད་མེད་པ་བཞི་དང་། གཟུགས་པའི་སྙོམས་པར་འཇུག་པ་རྣམས་ནི། འཁྲུག་པ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི། བསམ་
གཏན་ལ་སོགས་པ་འདི་རྣམས་སེམས་གཡེང་ཞིང་འཁྲུག་པ་མེད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་འབྱུང་བའི་མཚན་ཉིད་ཅེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་འཁོར་བ་ནས་
འབྱུང་ཞིང་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་དབེན་པའི་མཚན་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པར་རྟོགས་ཤིང་དངོས་པོ་གང་དང་ཡང་མ་འདྲེས་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་ཞི་བའི་
མཚན་ཉིད་ཅེས་བྱ་བ་ནི་མཚན་མ་སྣ་ཚོགས་སུ་མི་འཛིན་པ་ཉིད་ཞི་བ་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ནི་སྡུག་བསྔལ་སེལ་བའི་མཚན་ཉིད་ཅེས་བྱ་བ་ནི་ཁམས་གསུམ་གྱི་བདེ་བ་ལ་མ་ཆགས་ཤིང་མི་སྨོན་པས། དེ་ཐོབ་པར་བྱ་བའི་སྡུག་བསྔལ་
མེད་པའི་ཕྱིར་རོ། །རྣམ་པར་གྲོལ་བ་རྣམ་པར་འགྲེལ་བའི་མཚན་ཉིད་ཅེས་བྱ་བ་ནི་རྣམ་པར་ཐར་པ་བརྒྱད་ལ་རྣམ་པར་གྲོལ་བ་ཞེས་བྱ་སྟེ། དེ་དག་ཁམས་གསུམ་གྱི་ལུས་ལ་སོགས་པ་ལ་མ་ཆགས་པ་ལས་གྲོལ་ཞིང་ཐར་བར་བྱེད་པའི་ཕྱིར་རོ། །སྟོབས་རྣམས་ནི་ཤིན་
ཏུ་རྟོགས་པའི་མཚན་ཉིད་ཅེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་ཤེས་པ་ལ་སོགས་པ་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་ནི་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་ཤིན་ཏུ་རྟོགས་པའི་མཚན་ཉིད་ཅེས་བྱའོ། །མི་འཇིགས་པ་རྣམས་ནི་ཤིན་ཏུ་བསྟན་པའི་མཚན་ཉིད་ཅེས་བྱ་བ་ནི་
མི་འཇིགས་པ་བཞི་དང་ལྡན་ན་བདུད་ལ་སོགས་པ་ཕས་ཀྱི་རྒོལ་བ་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཅིང་བསྒྱུར་དུ་མི་ཚུགས་པའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་མི་ཆོད་པའི་མཚན་ཉིད་ཅེས་བྱ་བ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་བཞི་དང་ལྡན་ན་
เล่ม ๙๑ · หน้า 177b
བདུད་ལ་སོགས་པས་བར་ཆད་བྱ་མི་ནུས་པའི་ཕྱིར་རོ། །དགའ་བ་ཆེན་པོ་ནི་རབ་ཏུ་དགའ་བའི་མཚན་ཉིད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱིས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐོབ་ན་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་ས་ཐོབ་པ་
དང་འདྲ་བར་རབ་ཏུ་དགའ་བར་འགྱུར་བའམ། བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་པའི་ཚེ་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རབ་ཏུ་རྟོགས་པའི་ཚེ་དགའ་བའི་ཤུགས་ཆེན་པོ་འབྱུང་བ་ལ་བྱའོ། །བཏང་སྙོམས་ཆེན་པོ་ནི་འདྲེ་བ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་དགྲ་དང་ཟིན་
གཉིས་ལ་བྱམས་སྡང་མེད་པར་སེམས་སྙོམས་པས་བྱམས་པ་དང་སྡང་བའི་སེམས་ལ་སྙོམས་པ་དང་མ་འདྲེས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་མི་འཕྲོགས་པའི་མཚན་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་ལ་སོགས་
པ་བདུད་དང་མུ་སྟེགས་ཅན་ལ་སོགས་པས་འགྲིབ་པའམ་ཉམས་པར་བྱ་མི་ནུས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་མངོན་སུམ་གྱི་མཚན་ཉིད་དེ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དེ་ཤེས་པར་བྱ་བའི་ཡུལ་ཐམས་
ཅད་ལ་སྐྱུ་རུ་རའི་འབྲས་བུ་ལག་མཐིལ་དུ་བཞག་པ་བཞིན་དུ་སྒྲིབ་པ་དང་ཐོགས་པ་མེད་པར་མངོན་སུམ་དུ་གསལ་བར་ཐུགས་སུ་ཆུད་པའི་ཕྱིར་རོ། །མི་རྟག་མི་འཇིག་པའི་ཕྱིར། འདུས་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དང་། འདུས་མ་བྱས་ཀྱི་ཆོས་
རྣམས་ཀྱི་མཚན་ཉིད་གང་ཡིན་པའི་རང་རང་གི་མཚན་ཉིད་དེ་དག་གི་ཆོས་དེ་དག་ཐམས་ཅད་ཀྱིས་སྟོང་སྟེ་ཞེས་བྱ་བ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དོན་མདོར་བསྡུས་ནས་བསྟན་པ་སྟེ། མདོར་ན་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་
དེ་དག་གི་མཚན་ཉིད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་སྟོང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མི་དམིགས་པ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་མི་དམིགས་པ་སྟོང་པ་ཉིད་བསྟན་པ་སྟེ། འདས་པ་ནི་དངོས་པོ་མེད་པར་གྱུར་ཟིན་པ་དང་། མ་འོངས་པ་ནི་ད་དུང་དངོས་པོར་མ་རེད་
เล่ม ๙๑ · หน้า 178a
པ་དང་། ད་ལྟར་བྱུང་བ་ནི་སྐད་ཅིག་གི་ཚུལ་གྱིས་གནས་པ་མ་གྲུབ་པའི་ཕྱིར་མི་དམིགས་པ་ཞེས་བྱ་སྟེ། མི་དམིགས་པ་ཞེས་བྱ་བ་དེ་ཉིད་ཀྱང་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར། མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དངོས་པོ་མེད་
པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྟན་པ་སྟེ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་འདུས་པའི་ངོ་བོ་ཉིད་མེད་དེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་ན་རྒྱུ་དང་རྐྱེན་རྣམས་འདུས་ཤིང་
ཚོགས་པའི་མཐུ་ལས་སྐྱེའི་གཞན་ལ་མི་ལྟོས་པའི་རང་སྐྱེ་བ་ནི་མེད་དེ། གང་རྒྱུ་དང་རྐྱེན་གཞན་གྱི་དབང་གིས་སྐྱེས་པ་དེ་ནི་ཡང་དག་པར་སྐྱེས་པ་མ་ཡིན་ཏེ། འདུས་པ་ལས་སྐྱེས་པ་ནི་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདུས་པ་འདུས་པས་སྟོང་ངོ་ཞེས་བྱ་བ་
གསུངས་ཏེ། རྒྱུ་རྐྱེན་འདུས་པ་ལས་བྱུང་བ་རྣམས་ནི་ཡང་དག་པར་སྐྱེས་པ་མ་ཡིན་པས་འདུས་པའི་རང་བཞིན་གྱིས་སྟོང་ངོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པ་
གཞན་དུ་བཤད་པ་སྟེ། དངོས་པོ་མེད་པ་ཞེས་སྨོས་པ་དང་། དངོས་པོ་ཡོད་པ་ཡང་ཟླས་འགྲུབ། དངོས་པོ་ཡོད་མེད་གཉིས་སྨོས་པ་དང་། བདག་གི་དངོས་པོ་དང་གཞན་གྱི་དངོས་པོ་གཉིས་ཀྱང་ཞར་ལ་བརྟག་དགོས་ཏེ། དེ་བས་ན་དངོས་པོ་ནི་དངོས་པོས་སྟོང་ངོ་། །
དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། །གཞན་གྱིས་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་ཞེས་བྱ་བ་རྣམ་པ་བཞིར་ཕྱེ་སྟེ་གསུངས་སོ། །དེ་ལ་དངོས་པོ་དངོས་པོ་ཞེས་བྱ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་དང་དངོས་པོ་མེད་པ་
ལ་སོགས་པ་རྣམ་པ་བཞིར་ཕྱེ་སྟེ། བསྟན་པ་སྟོང་པ་ཉིད་ཡིན་པར་བཤད་པ་སྟེ། དངོས་པོ་དང་དངོས་པོ་མེད་པ་གཉིས་སྟོང་པར་བཤད་པ་ནི་རང་ལོག་ཏུ་ཟད་དོ། །ཇི་ལྟར་ན་རང་བཞིན་རང་བཞིན་གྱིས་སྟོང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་རང་གི་དངོས་པོ་སྟོང་པ་ཉིད་ཡིན་པར་བསྟན་པ་སྟེ།
เล่ม ๙๑ · หน้า 178b
རང་གི་དངོས་པོ་དེ་ཡང་རང་བཞིན་མེད་པའི་ཕྱིར་བྱར་རུང་བ་མ་ཡིན་པས། ཤེས་པས་མ་བྱས་མཐོང་བས་མ་བྱས་ཞེས་གསུངས་ཏེ། ཤེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱའོ། །མཐོང་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་བྱུང་བ་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་
བྱ་སྟེ། ཤེས་པ་དང་མཐོང་བ་དེས་ཀྱང་མ་བྱས་པའི་ཕྱིར་སྟོང་ངོ་ཞེས་བྱ་བའི་ཕྱིར་རོ། །དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་བསྟན་པ་སྟེ། ཆོས་ཀྱི་གནས་ཉིད་དང་། ཆོས་ཉིད་ལ་སོགས་པ་དེ་བཞིན་ཉིད་
ཀྱི་རྣམ་གྲངས་སུ་གཏོགས་པ་འདི་རྣམས་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་ཡེ་ནས་དེ་བཞིན་དུ་གནས་པ་སྟེ། དེ་དག་ལ་ཕུང་པོ་ལ་སོགས་པ་ཆོས་གཞན་རྣམས་ཀྱི་དངོས་པོ་མེད་པ་དེ་ཉིད་གཞན་གྱི་དངོས་
པོ་སྟོང་པ་ཉིད་ཅེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཞེས་བྱ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་རྣམས་ཐེག་པ་ཆེན་པོ་ཡིན་པ་བསྟན་པ་སྟེ། དེ་ལ་
ཏིང་ངེ་འཛིན་རྣམས་ཀྱི་སྤྱིའི་དོན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་སེམས་རྩེ་གཅིག་པའི་མཚན་ཉིད་དུ་མཉམ་པར་གཞག་པ་ལས་སྔོན་གྱི་སྤྱོད་པ་དང་སྨོན་ལམ་གྱི་མཐུས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་
ཡོངས་སུ་དག་པར་བྱ་བ་ལ་སོགས་པ་མཐུ་རྣམ་པ་སྣ་ཚོགས་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་བ་ཐ་དད་པ་ལས་མིང་རྣམ་པ་སྣ་ཚོགས་སུ་བཏགས་ཏེ་བསྟན་ཏོ། །དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཞེས་བྱ་བ་ནས། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་
གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་བར་དུ་ནི་ཏིང་ངེ་འཛིན་རྣམས་ཀྱི་མིང་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་བརྒྱད་པའོ།། །།དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་
เล่ม ๙๑ · หน้า 179a
གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་རྣམས་ཀྱི་མིང་དོན་དང་རྗེས་སུ་མཐུན་པར་བཤད་པ་སྟེ། དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་སྤྱོད་པ་སྟེ་
ཞེས་བྱ་བ་ནི་ཇི་ལྟར་མི་དཔའ་བོ་དེ་བདག་གི་ཡུལ་ཡང་སྲུང་ནུས་ལ། གཞན་གྱི་ཡུལ་ཡང་སྲུང་ནུས་པ་བཞིན་དུ་ཏིང་ངེ་འཛིན་འདི་ལ་མཉམ་པར་གཞག་ན། བདག་གི་སྤྱོད་ཡུལ་དང་ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱི་སྤྱོད་ཡུལ་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་
པར་རྟོགས་པ་དང་། ཀུན་རྫོབ་ཏུ་ཏིང་ངེ་འཛིན་གྱི་འབྲས་བུ་སེམས་ཅན་གྱི་དོན་རྣམ་པ་སྣ་ཚོགས་སྤྱོད་ནུས་པའི་མཐུ་ཡོད་པའི་ཕྱིར་དཔའ་བར་འགྲོ་བ་དང་འདྲ་བས་དཔའ་བར་འགྲོ་ཞེས་བྱ་སྟེ། འགྲོ་བ་ཞེས་བྱ་བའི་ཚིག་ནི་སྐབས་འདིར་རྟོགས་པའམ་དཔྱོད་པ་ལ་བྱའོ། །
དེ་ལ་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེས་ཏིང་ངེ་འཛིན་ཐམས་ཅད་རྒྱས་བཏབ་པ་ལྟ་བུར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། བདག་དང་གཞན་གྱི་རྒྱུད་ལ་ཡོད་པའི་ཏིང་ངེ་འཛིན་ཐམས་ཅད་སོ་སོའི་སྤྱོད་ཡུལ་
ལས་མི་འགྱུར་ཞིང་རྒྱས་བཏབ་པ་བཞིན་དུ་གནས་པའི་མཐུ་དང་ལྡན་པ་ལ་རིན་ཆེན་ཕྱག་རྒྱ་ཞེས་བྱ་སྟེ། རིན་ཆེ་བ་དེ་ནི་ཏིང་ངེ་འཛིན་དེ་ལྟ་བུ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ཞིང་དཀོན་པའི་ཕྱིར་རོ། །དེ་ལ་སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་
འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱིས་རྣམ་པར་རྩེ་བ་སྟེ་ཞེས་བྱ་བ་ནི་ཇི་ལྟར་སེང་གེ་གཅན་གཟན་ཐམས་ཅད་ཀྱིས་འཇིགས་པ་མེད་ཅིང་། གཅན་གཟན་དང་རི་དགས་ཐམས་ཅད་ཟིལ་གྱིས་མནན་ཏེ་རྒྱུ་བ་དེ་བཞིན་དུ་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཉན་
ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་མནན་ནས་ཐམས་ཅད་ལ་སྤྱོད་པའི་མཐུ་དང་ལྡན་པ་ལ་སེང་གེ་རྣམ་པར་རྩེ་བ་ཞེས་བྱ་སྟེ། རྩེ་བ་ཞེས་བྱ་བ་ནི་སྐབས་འདིར་སྤྱོད་པ་ལ་བྱའོ། །དེ་ལ་ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་
เล่ม ๙๑ · หน้า 179b
གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་སྣང་བར་བྱེད་པ་སྟེ་ཞེས་བྱ་བ་ནི་ཇི་ལྟར་ཟླ་བའི་འོད་ཀྱིས་མུན་པ་ཐམས་ཅད་བསལ་ཏེ། གསལ་ཞིང་བཟང་བར་སྣང་བ་དེ་བཞིན་དུ་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་མ་རིག་པའི་མུན་པ་ཐམས་ཅད་བསལ་ནས་ཏིང་ངེ་འཛིན་
གཞན་ཐམས་ཅད་ཀྱི་དོན་དུ་བྱ་བ་རྣམས་ལ་ཐགས་ཐོགས་མེད་ཅིང་གསལ་བར་རྟོགས་ཏེ། ཟླ་བ་ལྟར་མཛེས་ཤིང་བཟང་བའི་ཕྱིར་ཟླ་བ་བཟང་པོ་ཞེས་བྱའོ། །དེ་ལ་ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་
མཚན་འཛིན་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲིབ་པ་དང་། བར་དུ་གཅོད་པ་བསལ་ཞིང་ཟླ་བ་ལྟར་འོད་གསལ་བ་ཉིད་རྟགས་སམ་མཚན་མ་ཡིན་པའི་ཕྱིར་ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་སྟེ། དཔལ་ནི་རྒྱལ་མཚན་གྱི་
ཏོག་ལ་བྱའོ། །དེ་ལ་ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱིས་མངོན་པར་འཕགས་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་གཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུས་
འཁོར་བའི་ཆོས་ཐམས་ཅད་ལས་མངོན་པར་འཕགས་པར་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱའོ། །དེ་ལ་སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱི་གཙུག་རྣམ་
པར་ལྟ་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་གྱི་མཐའ་ཁྱད་པར་དུ་རྟོགས་པ་ལ། སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་སྟེ། སྤྱི་གཙུག་ཅེས་བྱ་བ་ནི་སྐབས་འདིར་མཐའ་འམ་རྩེ་མོ་ལ་བྱའོ། །དེ་ལ་ཆོས་ཀྱི་དབྱིངས་སུ་ངེས་
པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཆོས་ཀྱི་དབྱིངས་སུ་རྟོགས་པར་འགྲོ་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆོས་ཀྱི་དབྱིངས་ངེས་པར་རྟོགས་པར་འགྱུར་བའི་ཕྱིར་ཆོས་ཀྱི་དབྱིངས་ངེས་པ་ཞེས་བྱ་སྟེ། རྟོགས་པར་འགྲོ་
เล่ม ๙๑ · หน้า 180a
བ་ཞེས་བྱ་བ་ནི་སྐབས་འདིར་རྟོགས་པར་ཁོང་དུ་ཆུད་པ་ལ་བྱའོ། །དེ་ལ་ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་མཚན་ངེས་པར་འཛིན་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་
འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱི་ཡོན་ཏན་གྱི་མཚན་མ་དང་། ངེས་པར་ལྡན་པར་འགྱུར་བ་ལ། ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་སྟེ། རྒྱལ་མཚན་དཔལ་ཞེས་བྱ་བ་སྐབས་འདིར་ནི་མཚན་མའམ་རྟགས་ལ་བྱའོ། །དེ་ལ་རྡོ་རྗེ་ཞེས་བྱ་
བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་འཇིག་པར་མི་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་གཞན་ཐམས་ཅད་སོ་སོའི་མི་མཐུན་པའི་ཕྱོགས་ཀྱིས་མི་ཤིགས་པར་འགྱུར་བའི་ཕྱིར་རྡོ་རྗེ་དང་འདྲ་
བས་རྡོ་རྗེ་ཞེས་བྱའོ། །དེ་ལ་ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ལ་འཇུག་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་།
འགག་པ་མེད་པར་རྟོགས་པར་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ཉིད་ཚད་མའི་རྟགས་སམ་མཚན་མ་ཡིན་པའི་ཕྱིར་ཕྱག་རྒྱ་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་
ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་སྟེ་ཞེས་བྱ་བ་ནི་དཔེར་ན་རྒྱལ་པོ་ཆེན་པོ་ཡུལ་ས་མ་ཐོབ་པ་རྣམས་ནི་ཐོབ་པར་བྱེད། ཐོབ་པ་རྣམས་ནི་མ་ཞིག་མ་ཉམས་པར་སྲུང་ཞིང་ཡོངས་སུ་སྐྱོང་
བར་བྱེད་པ་དེ་བཞིན་དུ་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་གཞན་མ་ཐོབ་པ་རྣམས་ནི་ཐོབ་པར་བྱེད་ཐོབ་པ་རྣམས་ནི་ཉམས་པར་མི་འགྱུར་བར་བྱེད་པའི་ཕྱིར་ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱའོ། །དེ་ལ་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་
เล่ม ๙๑ · หน้า 180b
ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་ཟེར་རབ་ཏུ་འགྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་དེའི་མཐུས་ཏིང་ངེ་འཛིན་གཞན་གྱི་རྫུ་འཕྲུལ་འོད་ཟེར་བཀྱེ་བ་ལས་སེམས་ཅན་གྱི་དོན་བྱེད་པ་ལ་
སོགས་པ་འབྱུང་བའི་མཐུ་ཡོད་པའི་ཕྱིར་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱའོ། །དེ་ལ་དཔུང་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྟོབས་རྣམ་པར་དགོད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་
འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱི་མཐུ་དང་རྫུ་འཕྲུལ་སེམས་ཅན་གྱི་དོན་བྱ་བ་ལ་སོགས་པ་འབྱུང་ཞིང་སྟོན་པར་ནུས་ལ། དེའི་མི་མཐུན་པའི་ཕྱོགས་བར་དུ་གཅོད་པ་རྣམས་ཀྱིས་མི་ཚུགས་པར་འགྱུར་བ་ལ་དཔུང་རྣམ་པར་བཀོད་པ་
ཞེས་བྱའོ། །དེ་ལ་ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཡང་དག་པར་འཕགས་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་གཞན་ཐམས་ཅད་
ཀྱང་ཡང་དག་པར་འགྲུབ་ཅིང་མངོན་སུམ་དུ་འགྱུར་བ་ལ་ཡང་དག་པར་འཕགས་པ་ཞེས་བྱ་སྟེ། ཡང་དག་པར་འཕགས་པ་ཞེས་བྱ་བ་ནི་སྐབས་འདིར་མངོན་པར་འབྱུང་བ་ཡང་གསལ་བར་འགྱུར་བའམ། མངོན་སུམ་དུ་འགྱུར་བ་ལྟ་བུ་ལ་བྱའོ། །དེ་ལ་ངེས་པའི་
ཚིག་ལ་གདོན་མི་ཟ་བར་འགྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན་ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ངེས་པའི་ཚིག་བསྟན་པ་ལ་འཇུག་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་གཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མིང་དང་དོན་རྗེས་སུ་མཐུན་
པར་འཆད་ཅིང་སྟོན་ནུས་པའི་མཐུ་དང་ལྡན་པར་འགྱུར་བ་ལ་ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ་ཞེས་བྱའོ། །དེ་ལ་ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་
เล่ม ๙๑ · หน้า 181a
ཚིག་བླ་དགས་ལ་འཇུག་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མིང་ཀུན་རྫོབ་ཏུ་བརྡ་དང་ཐ་སྙད་ཙམ་དུ་བླ་ཐབས་སུ་བཏགས་པ་འཆད་ཅིང་སྟོན་ནུས་པའི་མཐུ་ཡོད་པར་འགྱུར་བ་ལ་ཚིག་བླ་དགས་ལ་
ཡང་དག་པར་འཇུག་པ་ཞེས་བྱའོ། །དེ་ལ་ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱོགས་རྣམ་པར་ལྟ་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་
ཅད་ཀྱི་སྤྱོད་ཡུལ་དོན་དམ་པར་དེ་བཞིན་ཉིད་ལ་སེམས་རྩེ་གཅིག་ཏུ་དམིགས་པ་དང་། ཀུན་རྫོབ་ཏུ་ཏིང་ངེ་འཛིན་གྱི་མཐུས་ལྷུན་གྱིས་གྲུབ་པ་ཉིད་དུ་སེམས་ཅན་གྱི་དོན་བྱ་བ་ལ་སོགས་པ་ཤེས་ཤིང་བྱེད་ནུས་པར་འགྱུར་བ་ལ་ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་སྟེ། ཕྱོགས་རྣམ་པར་
ལྟ་བ་ཞེས་བྱ་བ་ནི་སྐབས་འདིར་ཏིང་ངེ་འཛིན་རྣམས་ཀྱི་སྤྱོད་ཡུལ་རྟོགས་ཤིང་དེའི་བྱ་བ་བྱེད་ནུས་པ་ལ་བྱའོ། །དེ་ལ་ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་པ་སྟེ་ཞེས་བྱ་བ་ནི་
ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པའོ་ཞེས་བྱ་བ་རྟོགས་པར་འགྱུར་བ་སྟེ། ཇི་ལྟར་རྟོགས་པའི་དོན་དེ་ལས་གཞན་དུ་མི་འགྱུར་ཏེ། རྒྱས་བཏབ་པ་དང་འདྲ་བའི་ཕྱིར་ཕྱག་རྒྱ་ཡོངས་སུ་འཛིན་པ་
ཞེས་བྱའོ། །དེ་ལ་ཉམས་པ་མེད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཉམས་པར་མི་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུ་ཉམས་པར་མི་འགྱུར་བའམ།
ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་རྟོགས་པ་ལས་དྲན་པ་ཉམས་པར་མི་འགྱུར་བ་ལ་ཉམས་པ་མེད་པ་ཞེས་བྱའོ། །དེ་ལ་ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་པས་ཏིང་ངེ་འཛིན་ཐམས་ཅད་འདུ་
เล่ม ๙๑ · หน้า 181b
ཞིང་ཁོང་དུ་ཆུད་པར་འདོད་པ་སྟེ་ཞེས་བྱ་བ་ནི་ཇི་ལྟར་རྒྱ་མཚོ་ཆེན་པོའི་ནང་དུ་ཆུ་བྲན་ཐམས་ཅད་འདུ་ཞིང་ལན་ཚྭ་བྲོ་བའི་རོ་གཅིག་ཏུ་འགྱུར་བ་དེ་བཞིན་དུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱིས་རྟོགས་པར་བྱ་བའི་དོན་ཆོས་ཐམས་ཅད་སྐྱེ་བ་
མེད་པར་རོ་གཅིག་ཏུ་རྒྱས་བཏབ་པ་བཞིན་དུ་དེ་ལས་གཞན་དུ་མི་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱའོ། །དེ་ལ་ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་
ཀྱིས་ནམ་མཁའ་རྒྱས་པར་འགེངས་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུ་དང་ཆོ་འཕྲུལ་རྣམ་པ་སྣ་ཚོགས་ཀྱིས་ནམ་མཁའ་རྒྱས་པར་འགེངས་པའམ། ཏིང་ངེ་འཛིན་དེའི་མཐུས་ཏིང་ངེ་འཛིན་ཐམས་ཅད་ལ་ནམ་མཁའ་བཞིན་དུ་
རྒྱས་ཤིང་ཁྱབ་པར་བྱེད་པའི་ཕྱིར་ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱའོ། །དེ་ལ་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དཀྱིལ་འཁོར་ཡོངས་སུ་འཛིན་པ་སྟེ་ཞེས་བྱ་བ་ནི་ཏིང་
ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཚོགས་རྡོ་རྗེ་དང་འདྲ་བ་བདུད་ལ་སོགས་པ་བར་དུ་གཅོད་པ་རྣམས་ཀྱིས་མི་ཚུགས་པ་ཐོབ་པར་འགྱུར་བའི་ཕྱིར་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་སྟེ། དཀྱིལ་འཁོར་ཞེས་བྱ་བ་ནི་སྐབས་འདིར་ཚོགས་སམ་མང་
པོ་འདུས་པ་ལ་བྱའོ། །དེ་ལ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཇི་ལྟར་རྒྱལ་མཚན་དམ་པ་བཞིན་དུ་ཏིང་ངེ་འཛིན་ཐམས་ཅད་ལས་འཕགས་ཏེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན།
རྒྱལ་མཚན་གྱི་རྩེ་མོ་ལ་རིན་པོ་ཆེའི་དཔུང་རྒྱན་བཏགས་པའི་རུ་མཚོན་དམག་གི་དཔུང་གི་ཚོགས་ཐམས་ཅད་ལས་འཕགས་ཏེ། གསལ་བར་སྣང་ཞིང་དགྲའི་དཔུང་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་དུ་ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་འཕགས་པར་གསལ་
เล่ม ๙๑ · หน้า 182a
བར་སྣང་ཞིང་། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་བ་ལ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་དབང་པོའི་དབལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་
ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དབང་དམ་པ་ཐོབ་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་རྒྱལ་མཚན་མཐོང་བ་ཙམ་གྱིས་ལྷ་མ་ཡིན་གྱི་དགྲ་ཐམས་ཅད་རིང་དུ་བྲོས་པས་ལྷའི་དབང་པོ་བརྒྱ་བྱིན་ལྷ་རྣམས་ལ་དབང་
བྱེད་པ་བཞིན་དུ་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་རིང་དུ་སྤངས་ནས་ཏིང་ངེ་འཛིན་ཐམས་ཅད་ལ་དབང་ཐོབ་པར་འགྱུར་བ་ལ་དབང་པོའི་དཔལ་གྱི་ཏིང་ངེ་འཛིན་ཞེས་བྱ་སྟེ། དཔལ་ཞེས་བྱ་བ་ནི་རྒྱལ་མཚན་ནམ་རུ་མཚོན་ལ་བྱའོ། །དེ་ལ་རྒྱུན་གྱི་རྗེས་སུ་སོང་
བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། རྒྱུན་གྱི་རྗེས་སུ་མ་ལོག་པར་ཡང་དག་པར་ཞུགས་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་རྒྱུན་ཆགས་པར་དྲན་ཞིང་། ཏིང་ངེ་འཛིན་ཐམས་ཅད་
ལས་མཐར་གྱིས་རྒྱུན་མི་ཆད་པར་ལུགས་དང་མཐུན་པར་སྙོམས་པར་འཇུག་ནུས་པར་འགྱུར་བ་ལ་རྒྱུན་གྱི་རྗེས་སུ་སོང་བའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་རྡུལ་དང་དྲི་མ་
ཐམས་ཅད་རབ་ཏུ་སྤང་བའི་དབང་དུ་གྱུར་ཅིང་ཇི་ལྟར་སེང་གེའི་རྒྱལ་པོ་བཞིན་དབང་ཐོབ་པས་བསྒྱིངས་པ་ལྟ་བུ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཉོན་མོངས་པའི་རྡུལ་དང་དྲི་མ་ཐམས་ཅད་སྤང་བར་བྱ་བ་ལ་དབང་དུ་གྱུར་ཅིང་། ཏིང་ངེ་འཛིན་ཐམས་
ཅད་དང་། ཆོས་ཐམས་ཅད་ལ་སྤོབས་པ་ཕུན་སུམ་ཚོགས་པས་སེང་གེའི་རྒྱལ་པོ་བཞིན་དུ་བག་ཚ་བ་མེད་པར་སེང་གེའི་སྒྲ་སྒྲོགས་པ་ལ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་སྣྲེལ་ཞི་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་
เล่ม ๙๑ · หน้า 182b
ཤིང་འཁོར་བའི་ཆོས་རྣམས་རྒྱུན་གཅོད་པར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ལ་དབང་དུ་གྱུར་པས་གོ་རིམས་མེད་པར་ཏིང་ངེ་འཛིན་ཐམས་ཅད་ལ་ཅི་དགའ་མགུར་སྙོམས་པར་འཇུག་ཅིང་འཁོར་བའི་ཆོས་ཐམས་ཅད་རྒྱུན་བཅད་དེ། མྱ་ངན་
ལས་འདས་པའི་ལམ་སྒོམ་པར་བྱེད་པ་ལ་སྣྲེལ་ཞིའི་ཏིང་ངེ་འཛིན་ཞེས་བྱ་སྟེ། སྣྲེལ་ཞི་ཞེས་བྱ་བ་ནི་གོ་རིམས་མེད་པར་ཐོད་རྒལ་དུ་འཇུག་པའམ། རྒྱུན་མི་མཐུན་པ་ཟློག་པ་ལྟ་བུ་ལ་བྱའོ། །དེ་ལ་ཉོན་མོངས་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་
འཛིན་དེ་ལ་གནས་ཤིང་། ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མ་རབ་ཏུ་སེལ་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མ་སྤངས་པར་འགྱུར་བའི་ཕྱིར་ཉོན་མོངས་པ་སྤོང་བ་ཞེས་བྱའོ། །དེ་ལ་རྣམ་པར་སྣང་
བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་ལྷམ་མེ་ལྷན་ནེ་ལྷང་ངེར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྟོགས་པར་བྱ་བའི་དོན་རྣམས་གསལ་བར་ཁོང་དུ་
ཆུད་པར་འགྱུར་བ་ལ་རྣམ་པར་སྣང་བ་ཞེས་བྱ་སྟེ། ལྷམ་མེ་ལྷན་ནེ་ལྷང་ངེ་ཞེས་བྱ་བ་ནི་གསལ་བར་སྣང་བའི་རྣམ་གྲངས་སོ། །དེ་ལ་ཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་གང་ཡང་ཚོལ་བ་མེད་པ་སྟེ་ཞེས་བྱ་བ་ནི་ཏིང་
ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཆོས་གང་ལ་ཡང་རྟོག་པ་དང་དཔྱོད་པ་མེད་པར་འགྱུར་བ་ལ་ཚོལ་བ་མེད་པ་ཞེས་བྱ་སྟེ། ཚོལ་བ་ཞེས་བྱ་བ་ནི་སྐབས་འདིར་རྟོག་པའམ་དཔྱོད་པ་ལ་བྱའོ། །དེ་ལ་གནས་ལ་བརྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་།
ཆོས་གང་ཡང་གནས་ལ་བརྟེན་པར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པས་ཆོས་གང་ཡང་གནས་ལ་བརྟེན་པ་མེད་པར་ཁོང་དུ་ཆུད་པར་འགྱུར་བ་ལ་གནས་ལ་བརྟེན་པ་མེད་པ་ཞེས་བྱའོ། །དེ་ལ་
เล่ม ๙๑ · หน้า 183a
སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་སེམས་ཀྱང་མི་འབྱུང་། སེམས་ལས་བྱུང་བ་རྣམས་ཀྱང་མི་རྒྱུ་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་རྣམ་པར་མི་རྟོག་པ་གྲུབ་ཅིང་། སེམས་དང་སེམས་
ལས་བྱུང་བ་རྣམས་རྒྱུ་བར་མི་འགྱུར་བ་ལ་སེམས་མེད་པ་ཞེས་བྱའོ། །དེ་ལ་དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲོན་མ་དྲི་མ་མེད་པར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་
འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡེ་ཤེས་གསལ་བར་འགྱུར་བ་ལ་དྲི་མ་མེད་པའི་སྒྲོན་མ་ཞེས་བྱའོ། །སྒྲོན་མ་ཞེས་བྱ་བ་སྐབས་འདིར་ཤེས་པ་ལ་བྱའོ། །ཇི་ལྟར་སྒྲོན་མ་ལ་གསལ་བར་སྣང་བས་མུན་པ་བསལ་ཞིང་བལྟ་བར་བྱ་བའི་དངོས་པོ་གསལ་བར་མཐོང་བ་དེ་བཞིན་དུ་
ཡེ་ཤེས་དྲི་མ་མེད་པ་དེས་ཀྱང་མི་ཤེས་པའི་མུན་པ་བསལ་ཞིང་། ཤེས་པར་བྱ་བའི་དོན་ཡང་དག་པ་ཉིད་གསལ་བར་མཐོང་བའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལ་འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་འོད་མཐའ་
ཡས་པར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པའི་མཐུས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་ཁྱབ་པའི་འོད་མཐའ་ཡས་པ་འབྱུང་བ་ལ་འོད་མཐའ་ཡས་པ་ཞེས་བྱའོ། །དེ་ལ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་འདི་
ཐོབ་མ་ཐག་ཏུ་ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ཐོབ་པའི་མཐུས་ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱི་ཆོ་འཕྲུལ་འོད་སྣང་བ་འབྱུང་བར་བྱེད་པའི་ཕྱིར་འོད་བྱེད་པ་ཞེས་བྱའོ། །དེ་ལ་ཀུན་དུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ཐོབ་
མ་ཐག་ཏུ་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ཐོབ་པའི་མཐུས་ཏིང་ངེ་འཛིན་ཐམས་ཅད་ལ་འཇུག་པའི་སྒོ་གཟོད་མ་ནས་མ་སྐྱེས་པའི་ཕྱིར་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པ་ཡི་གེའི་འབྲུ་རེ་རེའི་སྒོ་ནས་ཏིང་ངེ་འཛིན་རྣམས་
เล่ม ๙๑ · หน้า 183b
ལ་འཇུག་པར་འགྱུར་བའི་སྒོ་དེ་ལྟ་བུ་ཤེས་པས་གསལ་བར་བྱེད་པའི་ཕྱིར་ཀུན་དུ་སྣང་བ་ཞེས་བྱའོ། །དེ་ལ་དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དག་པ་མཉམ་པ་ཉིད་ཐོབ་པ་སྟེ་ཞེས་བྱ་བ་ནི་ཆོས་
ཀྱི་དབྱིངས་རྣམ་པར་དག་པ་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མཉམ་པ་ཉིད་དུ་གྱུར་པ་ཐོབ་པར་གྱུར་པ་ལ་དག་པ་དམ་པ་ཞེས་བྱའོ། །དེ་ལ་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དྲི་མ་སེལ་བ་སྟེ་
ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་རྟོགས་པ་དང་། ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་ཡེ་ཤེས་ཀྱི་འོད་གསལ་བས་སེལ་བར་བྱེད་པ་ལ་འོད་དྲི་མ་མེད་པ་ཞེས་བྱའོ། །དེ་ལ་དགའ་བ་བྱེད་པ་ཞེས་བྱ་བའི་
ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དགའ་བ་ཉམས་སུ་མྱོང་བར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་དམ་པའི་ཆོས་རྟོགས་པའི་དགའ་བ་ཉམས་སུ་མྱོང་བར་འགྱུར་བ་
ལ་དགའ་བ་བྱེད་པ་ཞེས་བྱའོ། །དེ་ལ་གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲོན་མ་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པའི་མཐུས་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཆོ་འཕྲུལ་འོད་ཟེར་གྱི་
སྒྲོན་མ་གློག་དང་འདྲ་བ་འབྱུང་བར་བྱེད་པ་ལ་གློག་གི་སྒྲོན་མ་ཞེས་བྱའོ། །དེ་ལ་ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཟད་ཤེས་པ་དང་། ཟད་མི་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་
འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུ་ཉམས་ཤིང་ཟད་པར་མི་འགྱུར་བ་དང་། ཟད་པ་དང་མི་ཟད་པར་རྟོགས་པ་ཡང་མི་འབྱུང་བ་ལ་ཟད་མི་ཤེས་པ་ཞེས་བྱའོ། །དེ་ལ་གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་
เล่ม ๙๑ · หน้า 184a
ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་གཟི་བརྗིད་དཔལ་གྱིས་འབར་བར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱི་མཐུ་བདུད་ལ་སོགས་པ་བར་དུ་གཅོད་པ་རྣམས་ཀྱིས་ཟིལ་གྱིས་མི་གནོན་པའི་གཟི་བྱིན་དང་།
འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་དཔལ་དང་ལྡན་པར་གྱུར་པ་ལ་གཟི་བརྗིད་ཡོད་པ་ཞེས་བྱའོ། །དེ་ལ་ཟད་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཟད་མི་ཤེས་པར་རྗེས་སུ་
མཐོང་ནས། རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དེ་ལྟར་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་དོན་དམ་པར་དངོས་པོ་མེད་པར་རྟོགས་པས་དངོས་པོ་མེད་པ་ལ་ཟད་པ་ཞེས་བྱ་བ་ཡང་མི་སྲིད་པའི་ཕྱིར་ཟད་
མི་ཤེས་པར་རྗེས་སུ་མཐོང་ངོ་། །དེ་བས་ན་དངོས་པོ་མེད་པར་རྟོགས་པ་ཉིད་གསལ་བར་བསྟན་པའི་ཕྱིར་རྡུལ་ཙམ་ཡང་། ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་མཐོང་བ་སྟེ་ཞེས་བྱ་བ་གསུངས་ཏེ། དངོས་པོ་ཅུང་ཟད་ཀྱང་མེད་པར་རྟོགས་པ་ཉིད་ཟད་མི་ཤེས་པར་རྗེས་སུ་
མཐོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་མི་གཡོ་མི་འགུལ་རབ་ཏུ་མི་འབྱེད་རློམ་སེམས་སུ་མི་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་
ཏིང་ངེ་འཛིན་ཐམས་ཅད་ལ་ཡང་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པར་འགྱུར་བ་ལ་མི་གཡོ་བ་ཞེས་བྱ་སྟེ། མི་གཡོ་མི་འགུལ་རབ་ཏུ་མི་འབྱེད་རློམ་སེམས་སུ་མི་བྱེད་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་རྣམ་གྲངས་སོ། །དེ་ལ་འཇིག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་
གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་འཇིག་པར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ལས་ཉམས་པར་མི་འགྱུར་བ་ལ་འཇིག་པ་མེད་པ་ཞེས་བྱའོ། །དེ་ལ་ཉི་
เล่ม ๙๑ · หน้า 184b
མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་རྟོགས་པར་བྱེད་པའི་སྒོ་མཉན་པ་དང་བསམ་
པའི་ཤེས་རབ་ཉི་མ་དང་འདྲ་བའི་སྒྲོན་མ་གསལ་བར་འགྱུར་བ་ལ་ཉི་མའི་སྒྲོན་མ་ཞེས་བྱའོ། །དེ་ལ་ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་ཐམས་ཅད་མུན་པ་མེད་པར་བྱེད་པ་སྟེ་ཞེས་བྱ་བ་ནི་ཇི་ལྟར་ཟླ་བ་སྤྲིན་གྱིས་མ་བསྒྲིབས་པའི་འོད་ཀྱིས་མུན་
པ་བསལ་ཏེ་སྣང་བ་གསལ་བར་བྱེད་པ་དེ་བཞིན་དུ་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲིབ་པ་བསལ་ཞིང་སོ་སོའི་དམིགས་པའི་ཡུལ་གསལ་བར་བྱེད་པ་ལ་ཟླ་བ་དྲི་མ་མེད་པ་ཞེས་བྱའོ། །དེ་ལ་སྣང་བ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་
གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སོ་སོ་ཡང་དག་པར་རིག་པ་བཞི་རབ་ཏུ་འཐོབ་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་སོ་སོ་ཡང་དག་པར་རིག་པ་བཞི་ཡེ་ཤེས་ཀྱི་སྣང་བས་ཆོས་དང་། དོན་དང་། ངེས་པའི་ཚིག་དང་།
སྤོབས་པ་རྣམས་གསལ་བར་བྱེད་ནུས་པར་འགྱུར་བ་ལ་སྣང་བ་གསལ་བ་ཞེས་བྱའོ། །དེ་ལ་སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་དེ་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་
ལ་འཇུག་པའི་སྒོ་ཆོས་བདག་མེད་པར་རྟོགས་པ་གོམས་པར་བྱེད་པའི་ཤེས་རབ་གསལ་བར་བྱེད་པ་ལ་སྣང་བར་བྱེད་པ་ཞེས་བྱའོ། །དེ་ལ་བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་བྱ་བ་རྣམས་བྱེད་པ་སྟེ་ཞེས་
བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། རྣམ་པར་གྲོལ་བར་བྱེད་པའི་ཐབས་སྣ་ཚོགས་བྱེད་ནུས་པར་འགྱུར་བ་ལ་བྱ་བ་བྱེད་པ་ཞེས་བྱའོ། །དེ་ལ་ཡེ་ཤེས་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་
เล่ม ๙๑ · หน้า 185a
ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡེ་ཤེས་དཔལ་ཡང་དག་པར་རྗེས་སུ་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་རྟོགས་པར་བྱེད་པར་ནུས་པའི་ཡེ་ཤེས་འབྱུང་བར་
འགྱུར་བ་ལ་ཡེ་ཤེས་དཔལ་ཞེས་བྱའོ། །དཔལ་ཞེས་བྱ་བ་སྐབས་འདིར་རྒྱལ་མཚན་གྱི་ཏོག་ལ་བྱའོ། །ཡེ་ཤེས་དེ་རྒྱལ་མཚན་གྱི་ཏོག་དང་འདྲ་བར་མཐོ་ཞིང་བཙན་པའམ། དོན་རྟོགས་པའི་མཚན་མ་འམ། རྟགས་སུ་འགྱུར་བའི་ཕྱིར་རྒྱལ་མཚན་གྱི་ཏོག་དང་འདྲ་བས་
དཔལ་ཞེས་བྱའོ། །དེ་ལ་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བར་ཁོང་དུ་ཆུད་པར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆོས་ཐམས་
ཅད་སྟོང་པ་ཉིད་དུ་རྟོགས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་འབྱུང་སྟེ། ཡེ་ཤེས་དེས་ཏིང་ངེ་འཛིན་ཐམས་ཅད་ཀྱི་རང་བཞིན་སེམས་རྩེ་གཅིག་པའི་མཚན་ཉིད་སོ་སོ་རང་གིས་རིག་པ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བར་ནུས་པ་ལ་རྡོ་རྗེ་ལྟ་བུ་ཞེས་བྱའོ། །དེ་ལ་སེམས་གནས་པ་ཞེས་བྱ་བའི་
ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ན་སེམས་མི་གཡོ་རྣམ་པར་མི་གཡོ། །རྣམ་པར་མི་ལྡོག །ཡོངས་སུ་ཡི་ཆད་པར་མི་འགྱུར། ཉམས་སུ་མི་བདེ་བ་མེད་ལ། དེ་ལ་སེམས་ཞེས་བྱ་བ་འདི་ཡིན་ཞེས་བྱ་བར་སེམས་མི་འབྱུང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་
བཞག་ན་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་ཅིང་སེམས་མི་གཡོ་བར་གནས་པར་འགྱུར་བ་ལ་སེམས་གནས་པ་ཞེས་བྱ་སྟེ། སེམས་མི་གཡོ་བ་དང་། རྣམ་པར་མི་གཡོ་བ་དང་། སེམས་ཞེས་བྱ་བ་འདི་ཡིན་ཞེས་བྱ་བར་སེམས་མི་འབྱུང་བ་ཞེས་བྱ་བ་ནི་རྣམ་པར་མི་ལྡོག་པའི་རྣམ་གྲངས་སོ། །
རྣམ་པར་མི་ལྡོག་པ་དང་། ཡོངས་སུ་ཡི་ཆད་པར་མི་འགྱུར་བ་དང་། ཉམས་སུ་མི་བདེ་བ་མེད་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལྷུན་གྱིས་གྲུབ་པས་སྐྱོ་ཞིང་གཏོང་འདོད་པར་མི་འགྱུར་བའི་རྣམ་གྲངས་སོ། །དེ་ལ་ཀུན་དུ་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་
เล่ม ๙๑ · หน้า 185b
ཤིང་། ཐམས་ཅད་དུ་ལྟ་བར་ཡང་དག་པར་རྗེས་སུ་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་གཞག་པའི་མཐུས་ཕྱོགས་བཅུ་ཐམས་ཅད་དུ་སྣང་བ་གསལ་བར་འབྱུང་བ་མཐོང་བར་འགྱུར་བ་ལ་ཀུན་དུ་ལྟ་བ་ཞེས་བྱའོ། །དེ་ལ་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།
ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་རབ་ཏུ་གནས་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་ཐམས་ཅད་ལ་མཉམ་པར་བཞག་ཅིང་གནས་པར་འགྱུར་བ་ལ་རབ་ཏུ་གནས་པ་ཞེས་བྱའོ། །དེ་ལ་རིན་ཆེན་མཐའ་
ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་རིན་ཆེན་མཐའ་ལྟར་ཀུན་ནས་སྣང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པའི་མཐུས་ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱི་ཆོ་འཕྲུལ་འོད་ཟེར་རིན་པོ་ཆེའི་རྩེ་
མོ་ལྟར་སྣང་བར་འགྱུར་བ་ལ་རིན་ཆེན་མཐའ་ཞེས་བྱའོ། །རིན་ཆེན་མཐའ་ཞེས་བྱ་བ་སྐབས་འདིར་རིན་པོ་ཆེའི་རྩེ་མོ་འབར་བ་ལ་བྱ་སྟེ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་འོད་ཟེར་འབར་བ་འབྱུང་བ་རིན་པོ་ཆེའི་རྩེ་མོ་འབར་བ་འདྲ་བའི་ཕྱིར་རིན་ཆེན་མཐའ་ཞེས་བྱའོ། །དེ་ལ་ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་
ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཕྱག་རྒྱ་མེད་པའི་མཐའ་ཕྱག་རྒྱས་བཏབ་པ་ཉེ་བར་བཟུང་བས་ཕྱག་རྒྱས་བཏབ་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཆོས་ཀྱི་
དབྱིངས་རྣམ་པར་དག་པའི་རང་བཞིན་ལས་མི་འགྱུར་བར་བྱེད་ནུས་པ་སྟེ། ཆོས་དམ་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལ་བྱའོ། །ཕྱག་རྒྱ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལས་མི་འགྱུར་ཞིང་མ་ཉམས་པ་ལ་བྱའོ། །ཕྱག་རྒྱ་མེད་པའི་མཐའ་ཕྱག་རྒྱས་བཏབ་པ་ཉེ་
བར་བཟུང་བས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དེ་ཡང་དོན་དམ་པར་ཕྱག་རྒྱ་མེད་པའི་ཕྱིར་ཕྱག་རྒྱས་བཏབ་པ་ཞེས་བྱ་སྟེ། མཐའ་ཞེས་བྱ་བ་ནི་མེད་པའི་མཐས་གཏུགས་པའམ་ཕུལ་དུ་གྱུར་པ་ལ་བྱའོ། །ཉེ་བར་བཟུང་བས་ཞེས་བྱ་བ་ནི་ཕྱག་རྒྱ་མེད་པའི་
เล่ม ๙๑ · หน้า 186a
མཐའ་ཕྱག་རྒྱས་བཏབ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དངོས་པོ་མེད་པར་རྟོགས་པ་ཉིད་ཆོས་དམ་པ་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་བཏབ་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།
ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་གང་ཡང་མཉམ་པ་ཉིད་དུ་མ་ཆུད་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་ཁོང་དུ་མ་ཆུད་པ་
མེད་པར་རྟོགས་པ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་དང་ཆོས་ཐམས་ཅད་ཀྱི་དགའ་བ་སྤོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་
དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་རོ་ལ་ཆགས་པའི་དགའ་བ་དང་། ཆགས་པར་འགྱུར་བའི་ཆོས་ཐམས་ཅད་ལ་ཆགས་ཤིང་དགའ་བ་མེད་པར་འགྱུར་བ་ལ་དགའ་བ་སྤོང་བ་ཞེས་བྱའོ། །དེ་ལ་ཆོས་ཀྱིས་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་
ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ཀྱི་མུན་པ་སེལ་བ་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་མངོན་པར་འཕགས་པར་གྱུར་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཤེས་པར་བྱ་བའི་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་ཅིང་ཏིང་ངེ་འཛིན་
ཐམས་ཅད་ཀྱིས་ཤེས་པར་བྱ་བའི་ཡུལ་རྣམས་གསལ་བར་ཁོང་དུ་ཆུད་པ་ལ་ཆོས་ཀྱིས་འཕགས་པ་ཞེས་བྱའོ། །དེ་ལ་རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་རྣམ་པར་འཐོར་བ་སྟེ་ཞེས་བྱ་བ་ནི་
ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་སྤོང་བར་བྱ་བ་རྣམས་གཏོར་བ་བཞིན་དུ་སྤང་བར་འགྱུར་བ་ལ་རྣམ་པར་འཐོར་བ་ཞེས་བྱའོ། །དེ་ལ་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།
เล่ม ๙๑ · หน้า 186b
ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་དང་། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པའི་མཐུས་ཏིང་ངེ་འཛིན་ཐམས་ཅད་བཤད་པའི་ཚིག་དང་། ཆོས་ཐམས་ཅད་བཤད་པའི་ཚིག་རྣམས་བྱེ་
བྲག་ཏུ་འབྱེད་ཅིང་འཆད་ནུས་པ་ལ་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱའོ། །དེ་ལ་ཡི་གེ་མཉམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡི་གེ་མཉམ་པ་ཉིད་རབ་ཏུ་ཐོབ་པ་སྟེ་ཞེས་
བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་སྟོན་པའི་ཡི་གེ་རྣམས་ཏིང་ངེ་འཛིན་སོ་སོའི་དོན་དང་རྗེས་སུ་མཐུན་པར་སྤྱོད་ཅིང་སྟོན་ནུས་པ་ལ། ཡི་གེ་མཉམ་པར་འགོད་པ་ཞེས་བྱའོ། །དེ་ལ་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།
ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡི་གེ་གཅིག་ཀྱང་དམིགས་པ་མེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་སྟོན་པའི་ཡི་གེ་རྣམས་མཚན་མར་མི་འཛིན་ཅིང་། དངོས་པོར་མི་དམིགས་པའི་ཤེས་རབ་
འཐོབ་པར་འགྱུར་བ་ལ་ཡི་གེ་དང་བྲལ་བ་ཞེས་བྱའོ། །དེ་ཡང་དམིགས་པ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དམིགས་པ་འཆད་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་
ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སོ་སོའི་དམིགས་པའི་ཡུལ་རྣམས་ལ་མཚན་མར་མི་འཛིན་པའི་དམིགས་པ་མི་འབྱུང་བ་ལ་དམིགས་པ་གཅོད་པ་ཞེས་བྱའོ། །དེ་ལ་འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་
འགྱུར་བ་མི་དམིགས་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་དུ་རྟོགས་ཏེ། སྐྱེ་བ་དང་འཇིག་པ་ལ་སོགས་པ་འགྱུར་བ་མེད་པར་ཁོང་དུ་ཆུད་པ་ལ་འགྱུར་བ་མེད་པ་ཞེས་བྱའོ། །དེ་ལ་རྣམ་པ་མེད་པ་ཞེས་བྱ་
เล่ม ๙๑ · หน้า 187a
བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ཀྱི་རྣམ་པ་ཙམ་ཡང་དམིགས་སུ་མེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་གཞག་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་རྣམ་པ་
སྣ་ཚོགས་སུ་བྱེ་བྲག་ཏུ་འབྱེད་པའི་མཚན་མར་དམིགས་པ་མེད་པར་འགྱུར་བ་ལ་རྣམ་པ་མེད་པ་ཞེས་བྱའོ། །དེ་ལ་མིང་ངེས་པར་འཇུག་པའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ངེས་པའི་ཚིག་ཐམས་ཅད་ནི་ཡང་དག་པར་དམིགས་སུ་མེད་ཅིང་
ཐ་སྙད་ལ་ལྟོས་པ་ཙམ་མོ་ཞེས་རྟོགས་པར་འཇུག་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་དང་། ཆོས་ཐམས་ཅད་ཀྱི་མིང་ངེས་པ་རྣམས་དོན་དམ་པར་དངོས་པོ་མེད་པར་རྟོགས་ལ། ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་ངེས་པའི་ཚིག་
རྣམ་པར་དབྱེ་བས་ངེས་པར་རྟོགས་པར་བྱེད་པ་ལ་མིང་ངེས་པར་འཇུག་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་གནས་མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་གནས་དམིགས་པ་མེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་
དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དམིགས་པའི་ཡུལ་རྣམས་མེད་པར་རྟོགས་པ་སྟེ། གནས་ཞེས་བྱ་བ་ནི་སྐབས་འདིར་ཏིང་ངེ་འཛིན་རྣམས་ཀྱི་དམིགས་པའི་ཡུལ་ལམ་རྟེན་ལ་བྱའོ། །དེ་ལ་རབ་རིབ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་
དེ་ལ་གནས་ཤིང་། ཆོས་ཐམས་ཅད་ཀྱི་རབ་རིབ་རྣམ་པར་སེལ་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཤེས་པར་བྱ་བ་བསྒྲིབ་པ་འམ། ཐགས་ཐོགས་མེད་པར་ཤེས་པར་འགྱུར་བ་ལ་རབ་རིབ་མེད་
པ་ཞེས་བྱའོ། །དེ་ལ་སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་པ་ཆོ་འཕྲུལ་
เล่ม ๙๑ · หน้า 187b
སྣ་ཚོགས་བསྟན་པས་སེམས་ཅན་ཡོངས་སུ་སྨིན་པ་དང་། རྣམ་པར་གྲོལ་བ་ཞེས་བྱ་བ་ལ་སོགས་པ་དོན་དམ་པར་དངོས་པོ་མེད་པར་རྟོགས་པ་སྟེ། དེ་ལྟར་སྤྱོད་པ་དངོས་པོ་མེད་པར་རྟོགས་པ་ཉིད་དོན་དམ་པའི་སྤྱོད་པ་ཡིན་པས་སྤྱོད་པ་དང་ལྡན་པ་ཞེས་བྱའོ། །དེ་
ལ་གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་གཡོ་བ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱང་སོ་སོའི་དམིགས་
པ་ལ་སེམས་རྩེ་གཅིག་ཏུ་བཞག་པ་ལས་མི་འགྱུར་ཞིང་མི་གཡོ་བར་འགྱུར་བ་ལ་གཡོ་བ་མེད་པ་ཞེས་བྱའོ། །དེ་ལ་ཡུལ་ལས་བརྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡུལ་ལས་ཡང་དག་
པར་འདའ་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་གཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དམིགས་པའི་ཡུལ་དང་། སྒྲུབ་པའི་དོན་རྣམས་དངོས་པོ་མེད་པར་རྟོགས་ཤིང་དེ་དག་ལ་མཚན་མར་འཛིན་པ་ལས་འདས་པ་ལ་ཡུལ་ལས་བརྒལ་བ་ཞེས་བྱའོ། །
དེ་ལ་ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་ཏན་གྱི་ཚོགས་རྗེས་སུ་འཐོབ་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་བྱང་
ཆུབ་ཀྱི་ཕྱོགས་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་ཡོན་ཏན་མང་པོ་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་ཏན་ཆོས་བདག་མེད་པར་རྟོགས་པ་དང་། སེམས་ཅན་གྱི་དོན་སྣ་ཚོགས་བྱེད་ནུས་པ་རྣམས་ཐོབ་པར་འགྱུར་
བ་ལ། ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱའོ། །དེ་ལ་སེམས་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་སེམས་མི་འཇུག་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་
เล่ม ๙๑ · หน้า 188a
པར་བཞག་ན་དམིགས་པ་གང་ལ་སེམས་རྩེ་གཅིག་ཏུ་བཞག་པ་ལས་ཏིང་ངེ་འཛིན་གཞན་ལ་སོགས་པའི་དམིགས་པ་གཞན་ལ་སེམས་མི་གཡེང་ཞིང་རྟོག་པ་མེད་པར་འགྱུར་བ་ལ་སེམས་མེད་པར་གནས་པ་ཞེས་བྱའོ། །དེ་ལ་དགེ་བའི་མེ་ཏོག་
རྒྱས་ཤིང་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་རབ་ཏུ་ཐོབ་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུ་
བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མེ་ཏོག་ཁ་བྱེ་བ་བཞིན་དུ་རྒྱས་ཤིང་གསལ་བར་འགྱུར་བ་ལ་དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་
ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཡན་ལག་བདུན་རབ་ཏུ་འཐོབ་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་གཞན་གང་ལ་མཉམ་པར་གཞག་ཀྱང་རུང་སྟེ་མཉམ་པར་བཞག་མ་ཐག་ཏུ་དྲན་པ་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་བྱང་ཆུབ་ཀྱི་ཡན་ལག་བདུན་
ཐོབ་པར་འགྱུར་བ་ལ་བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱའོ། །དེ་ལ་སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་སྤོབས་པ་མཐའ་ཡས་པ་རབ་ཏུ་འཐོབ་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་
པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཚིག་དང་དོན་རྣམས་སོ་སོར་ཕྱེ་སྟེ་གཞན་ལ་བསྟན་པ་ལ་སྤོབས་པ་མཐའ་ཡས་པ་ཐོབ་པར་འགྱུར་བ་ལ་སྤོབས་པ་མཐའ་ཡས་པ་ཞེས་བྱའོ། །དེ་ལ་མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་
དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་མི་མཉམ་པ་དང་མཉམ་པ་རབ་ཏུ་འཐོབ་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཏིང་ངེ་འཛིན་ཐམས་ཅད་ལ་དབང་དུ་གྱུར་པ་དེ་བཞིན་དུ་ཏིང་ངེ་འཛིན་ཐམས་ཅད་ལ་དབང་དུ་
เล่ม ๙๑ · หน้า 188b
འགྱུར་བ་ཐོབ་པ་ལ་མི་མཉམ་པ་དང་མཉམ་པ་ཞེས་བྱ་སྟེ། མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་བྱའོ། །དེ་དང་མཉམ་པར་གྱུར་པ་ལ་མི་མཉམ་པ་དང་མཉམ་པ་འཐོབ་པ་ཞེས་བྱའོ། །དེ་ལ་ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་
གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཁམས་གསུམ་པ་ཐམས་ཅད་ལས་ཡང་དག་པར་འདའ་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཁམས་གསུམ་དུ་སྐྱེ་ཞིང་འཁོར་བར་མི་འགྱུར་ཞིང་འདུས་མ་བྱས་པའི་དབྱིངས་ལ་རབ་ཏུ་གནས་པར་འགྱུར་བ་ལ་
ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱའོ། །དེ་ལ་ཡོངས་སུ་གཅོད་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱུ་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་འཇིག་
རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སོ་སོའི་རང་བཞིན་དང་སྤྱིའི་མཚན་ཉིད་ཤེས་རབ་ཀྱིས་རྟོགས་ཤིང་ཡོངས་སུ་གཅོད་ནུས་པ་ལ་ཡོངས་སུ་གཅོད་པར་བྱེད་པ་ཞེས་བྱའོ། །དེ་ལ་ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་
ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་དང་ཆོས་ཐམས་ཅད་ལ་ནེམ་ནུར་རྣམ་པར་སེལ་བ་རབ་ཏུ་འཐོབ་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་དང་ཚིག་ལ་ཐེ་ཚོམ་མེད་པར་འགྱུར་བ་དང་། འཇིག་རྟེན་དང་
འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་དོན་དམ་པ་དང་ཀུན་རྫོབ་ཀྱི་མཚན་ཉིད་ལ་ཐེ་ཚོམ་མེད་པར་འགྱུར་བ་ལ་ནེམ་ནུར་རྣམ་པར་སེལ་བ་ཞེས་བྱའོ། །དེ་ལ་གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་
ཀྱི་གནས་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པས་དེ་དག་གི་གནས་ཀྱང་མེད་པར་རྟོགས་པར་འགྱུར་བ་ལ་གནས་སུ་བྱ་བ་མེད་པ་ཞེས་བྱའོ། །དེ་ལ་གཅིག་ཏུ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་
เล่ม ๙๑ · หน้า 189a
ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་གང་ཡང་གཉིས་སུ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་དུ་གཅིག་པར་རྟོགས་ཤིང་རྟག་
པ་དང་ཆད་པ་དང་། ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་གཉིས་སུ་ལྟ་བར་མི་འགྱུར་བ་ལ། གཅིག་ཏུ་རྣམ་པར་བཀོད་པ་ཞེས་བྱའོ། །དེ་ལ་རྣམ་པ་མངོན་པར་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་
ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པ་མངོན་པར་སྒྲུབ་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆོས་ཐམས་ཅད་ཀྱི་ཁ་དོག་དང་དབྱིབས་ལ་སོགས་པའི་རྣམ་པ་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་རང་བཞིན་སེམས་རྩེ་གཅིག་ཏུ་
གྱུར་པའི་རྣམ་པ་ལ་ཡང་རྣམ་པར་མི་རྟོག་སྟེ། དེ་ལྟར་མི་རྟོག་པའི་རྣམ་པར་གྱུར་པ་ཉིད་ལ་རྣམ་པ་མངོན་པར་སྒྲུབ་པ་ཞེས་བྱའོ། །དེ་ལ་རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པ་
ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པ་སོ་སོའི་དམིགས་པ་ལ་སེམས་རྩེ་གཅིག་པར་གྱུར་པའི་མཚན་ཉིད་རྣམས་དོན་དམ་པར་སྟོང་པའི་རྣམ་པ་གཅིག་པུར་གྱུར་པར་རྟོགས་པ་ལ། རྣམ་པ་གཅིག་
ཏུ་གྱུར་པ་ཞེས་བྱའོ། །དེ་ལ་རྣམ་པ་འདོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་གཉིས་སུ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་
འཛིན་ཐམས་ཅད་རྣམ་པར་མི་རྟོག་པའི་རང་བཞིན་དུ་གཅིག་ཅིང་གཉིས་སུ་མེད་པར་རྟོགས་པ་ལ་རྣམ་པར་འདོར་བ་མེད་པ་ཞེས་བྱ་སྟེ། རྣམ་པར་མི་རྟོག་པའི་རྣམ་པ་དེ་མི་འདོར་ཞིང་དེ་དང་མ་བྲལ་བ་ལ་རྣམ་པར་འདོར་བ་མེད་པ་ཞེས་བྱའོ། །དེ་ལ་རྟོགས་པས་སྲིད་པའི་
เล่ม ๙๑ · หน้า 189b
གཞི་ཐམས་ཅད་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་རྟོགས་པར་བྱེད་པའི་ཡེ་ཤེས་ལ་ཞུགས་ནས་དེ་ལ་ཞུགས་པའི་ཕྱིར་ཁོང་དུ་མི་ཆུད་པ་གང་ཡང་མེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་
བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དམིགས་པའི་ཡུལ་དོན་དམ་པར་ཆོས་ཐམས་ཅད་སྟོང་པར་རྟོགས་པར་བྱ་བ་དང་། ཀུན་རྫོབ་ཏུ་ཁམས་གསུམ་གྱི་དངོས་པོ་ཐམས་ཅད་ཀྱི་མཚན་ཉིད་ཤེས་པར་བྱེད་པའི་ཡེ་ཤེས་ཐོབ་པར་འགྱུར་བ་ལ་རྟོགས་པས་སྲིད་པའི་གཞི་ཐམས་
ཅད་ཁོང་དུ་ཆུད་པ་ཞེས་བྱ་སྟེ། སྲིད་པའི་གཞི་ཞེས་བྱ་བ་ནི་ཁམས་གསུམ་གྱི་དངོས་པོ་ལ་བྱའོ། །དེ་ལ་བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་བརྡ་དང་སྒྲ་ལ་འཇུག་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་
འཛིན་དེ་ལ་མཉམ་པར་བཞག་པས་ཏིང་ངེ་འཛིན་ཐམས་ཅད་ཀྱི་མིང་དང་བརྡ་དང་སྒྲར་བཏགས་པ་རྣམས་དོན་དང་རྗེས་སུ་མཐུན་པར་ཤེས་པར་འགྱུར་བ་ལ་བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱའོ། །དེ་ལ་སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་
འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཡི་གེ་དང་བྲལ་བ་རྗེས་སུ་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་དོན་དམ་པར་ཡི་གེ་དང་སྒྲས་བརྗོད་དུ་མེད་པར་རྟོགས་པར་འགྱུར་བ་ལ་སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱའོ། །དེ་ལ་
སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་གཟི་བརྗིད་ཀྱིས་ལྷམ་མེ་ལྷན་ནེ་ལྷང་ངེར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཡེ་ཤེས་ཀྱི་སྒྲོན་མ་སྣང་བས་ཏིང་ངེ་འཛིན་ཐམས་ཅད་ཀྱིས་ཤེས་
པར་བྱ་བའི་དོན་གསལ་བར་ཤེས་ཤིང་སྣང་བར་འགྱུར་བ་ལ། སྒྲོན་མ་འབར་བ་ཞེས་བྱ་སྟེ། ལྷམ་མེ་ལྷན་ནེ་ལྷང་ངེ་ཞེས་བྱ་བ་ནི་གསལ་བར་སྣང་བའི་རྣམ་གྲངས་སོ། །དེ་ལ་མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་།
เล่ม ๙๑ · หน้า 190a
ཏིང་ངེ་འཛིན་ཐམས་ཅད་ཀྱི་མཚན་ཉིད་ཡོངས་སུ་དག་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དང་། སོ་སོའི་མཚན་ཉིད་ཡོངས་སུ་དག་པར་བྱེད་པ་སྟེ། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱིའི་
མཚན་ཉིད་ནི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པའོ། །སོ་སོའི་མཚན་ཉིད་ནི་སེམས་ཅན་གྱི་དོན་དུ་ཆོ་འཕྲུལ་རྣམ་པ་སྣ་ཚོགས་འབྱུང་བ་ལ་སོགས་པ་སྟེ། དེ་དག་ཡོངས་སུ་དག་པར་བྱེད་པ་ནི་དེ་དག་གི་མི་མཐུན་པའི་ཕྱོགས་སྒྲིབ་པ་མེད་པར་བྱེད་པའོ། །དེ་ལ་མངོན་པར་དམིགས་པ་
མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་མངོན་པར་དམིགས་པ་མེད་པར་རྗེས་སུ་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་དོན་དམ་པར་ཏིང་ངེ་འཛིན་ཐམས་ཅད་མཚན་མར་བཟུང་ཞིང་། དམིགས་པ་མེད་པར་
རྟོགས་པར་འགྱུར་བ་མངོན་པར་དམིགས་པ་མེད་པ་ཞེས་བྱའོ། །དེ་ལ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་
ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུ་དང་། ཡོན་ཏན་གྱི་རྣམ་པ་མཆོག་ཐམས་ཅད་དང་ལྡན་པར་འགྱུར་བ་ལ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཞེས་བྱའོ། །དེ་ལ་བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་
ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་བདེ་བ་དང་སྡུག་བསྔལ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་ཐམས་ཅད་ལ་བདེ་བ་དང་སྡུག་བསྔལ་དུ་མི་རྟོག་
ཅིང་མཚན་མར་མི་འཛིན་པ་ལ། བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱའོ། །དེ་ལ་ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཟད་པར་རུང་བར་ཡང་
เล่ม ๙๑ · หน้า 190b
དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་ཏན་ཟད་མི་ཤེས་པའི་སྣོད་དུ་གྱུར་པ་ལ། ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱའོ། །དེ་ལ་གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་
དེ་ལ་གནས་ཤིང་། གཟུངས་ཐམས་ཅད་ཡོངས་སུ་འཛིན་པ་སྟེ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་དོན་དང་ཚིག་འཛིན་ནུས་པའི་གཟུངས་ཐམས་ཅད་ཀྱི་ཤེས་རབ་དང་ལྡན་པར་འགྱུར་བ་ལ་གཟུངས་ཀྱི་བློ་གྲོས་ཞེས་བྱའོ། །དེ་ལ་ཡང་དག་པ་དང་ལོག་པ་
ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཡང་དག་པ་དང་། ལོག་པ་དང་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་
ཐམས་ཅད་ལ་ཡང་དག་པ་དང་། ལོག་པར་རྣམ་པར་རྟོག་པ་མི་འབྱུང་བ་ལ་ཡང་དག་པ་དང་། ལོག་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱའོ། །དེ་ལ་འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་
དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་འགལ་བ་དང་། འགོག་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲིབ་པ་དང་བགེགས་རྣམས་མེད་པར་འགྱུར་བ་ལ། འགལ་བ་དང་འགོག་པ་
ཡང་དག་པར་ཞི་བར་བྱེད་པ་ཞེས་བྱ་སྟེ། འགལ་བ་ནི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སྒྲིབ་པ་ལ་བྱའོ། །འགོག་པ་ནི་ཏིང་ངེ་འཛིན་གྱི་བར་དུ་གཅོད་པའི་བགེགས་ལ་བྱའོ། །དེ་ལ་མཐུན་པ་དང་འགལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་
དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་མཐུན་པ་དང་འགལ་བ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་གཉེན་པོ་དང་མི་མཐུན་པའི་ཕྱོགས་གཉི་ག་ལ་མི་དམིགས་ཤིང་མཚན་མར་མི་
เล่ม ๙๑ · หน้า 191a
འཛིན་པར་འགྱུར་བ་ལ་མཐུན་པ་དང་འགལ་བ་མེད་པ་ཞེས་བྱའོ། །དེ་ལ་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་མི་དམིགས་པ་སྟེ་ཞེས་བྱ་བ་
ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་རྣམ་པར་མི་རྟོག་པའི་ལྷུན་གྱིས་གྲུབ་པར་འགྱུར་བས་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འོད་ཀྱི་དཀྱིལ་འཁོར་སྣང་བ་དང་། ཏིང་ངེ་འཛིན་གྱི་མཐུས་ལུས་ལས་འོད་ཀྱི་དཀྱིལ་འཁོར་འབྱུང་བ་ཡང་མི་དམིགས་པར་འགྱུར་བ་སྟེ།
དེ་ལྟར་མི་དམིགས་པ་ཉིད། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་འོད་སྐྱོན་མེད་པ་ཡིན་པའི་ཕྱིར་འོད་དྲི་མ་མེད་པ་ཞེས་བྱའོ། །དེ་ལ་སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྙིང་པོ་ཡང་དག་
པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ལ་དོན་དམ་པར་སྙིང་པོ་མེད་པར་མཐོང་བ་སྟེ། དེ་ལྟར་སྙིང་པོ་མེད་པར་རྟོགས་པ་ཉིད་མཆོག་དམ་པ་ཡིན་པའི་ཕྱིར་སྙིང་པོ་དང་ལྡན་པ་ཞེས་བྱའོ། །དེ་ལ་ཟླ་བ་དྲི་མ་མེད་པར་
རྒྱས་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་འདི་ལྟ་སྟེ་དཔེར་ན་ཟླ་བ་ཉ་བའི་དཀྱིལ་འཁོར་ལྟར་ཡོངས་སུ་རྒྱས་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་
ཏན་དང་། ཡེ་ཤེས་ཀྱི་འོད་གསལ་བ་ཡོངས་སུ་རྫོགས་པར་འགྱུར་བ་ལ། ཟླ་བ་དྲི་མ་མེད་པར་རྒྱས་པའི་འོད་ཅེས་བྱ་སྟེ། ཟླ་བ་ཉ་བ་འདྲ་བའི་དཔེ་ནི་ཡོངས་སུ་རྫོགས་པའི་དཔེའོ། །དེ་ལ་གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་
ཤིང་། དག་ཅིང་བསིལ་བའི་འོད་ཀྱིས་སེམས་ཅན་གྱི་རིས་སྣང་བར་བྱས་ཤིང་མུན་པ་མུན་ནག་གི་ཚ་བས་གདུང་བ་སེལ་བར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་འོད་གློག་བཞིན་དུ་འབྱུང་བ་དག་ཅིང་བསིལ་བར་སེམས་ཅན་གྱི་རིས་ཚིམ་ཞིང་སྣང་བར་
เล่ม ๙๑ · หน้า 191b
བྱ་སྟེ། མུན་པ་མུན་ནག་དང་། ཉོན་མོངས་པའི་གདུང་བ་བསལ་ནས་རྣམ་པར་རིག་པར་བྱེད་པ་ལ་གློག་གི་འོད་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་རྒྱན་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་རྒྱན་ཆེན་པོ་དང་
ལྡན་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་ཏན་རྣམ་པ་སྣ་ཚོགས་དང་ཡང་ལྡན་པར་འགྱུར་བ་ལ་རྒྱན་ཆེན་པོ་ཞེས་བྱ་སྟེ། ཏིང་ངེ་འཛིན་རྣམས་ཀྱི་ཡོན་ཏན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། རྣམ་པར་གྲོལ་བར་
བྱ་བའི་ཕྱིར་རྫུ་འཕྲུལ་དང་མཐུ་རྣམ་པ་སྣ་ཚོགས་གཞན་གྱིས་ཟིལ་གྱིས་མི་ནོན་པར་སྟོན་པ་ཉིད་རྒྱན་ཆེན་པོ་ཞེས་བྱའོ། །དེ་ལ་རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་སྣང་བར་བྱེད་པ་སྟེ་
ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱི་དམིགས་པའི་ཡུལ་གསལ་བར་རྟོགས་པར་འགྱུར་བ་ལ། རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་
འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་འཁྲུག་པ་ཡང་མི་དམིགས། རྩེ་གཅིག་ཀྱང་མི་དམིགས་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་དབང་གིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་
སེམས་གཡེང་བ་དང་། དེའི་གཉེན་པོ་སེམས་རྩེ་གཅིག་ཏུ་གྱུར་པ་གཉི་ག་ཡང་མཉམ་པ་ཉིད་དུ་རྟོགས་པས་གཡེང་བ་དང་། སེམས་རྩེ་གཅིག་པ་གཉི་གར་མི་དམིགས་ཤིང་སོ་སོའི་མཚན་མར་མི་འཛིན་པ་ལ། ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱའོ། །དེ་ལ་རྡུལ་མེད་པའི་
རྡུལ་དང་བྲལ་བའི་ཚུལ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་དང་ཆོས་ཐམས་ཅད་རྡུལ་ཅན་དང་རྡུལ་དང་བྲལ་བ་མཉམ་པ་ཉིད་དུ་རྟོགས་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་
เล่ม ๙๑ · หน้า 192a
པས་ཏིང་ངེ་འཛིན་ལ་ཡང་དངོས་པོར་མི་ལྟ། ཆོས་ཐམས་ཅད་ལ་ཡང་མཚན་མར་མི་འཛིན་ཏེ། སྐྱོན་དང་སྐྱོན་མེད་པ་གཉི་ག་མཉམ་པ་ཉིད་དུ་ལྟ་བ་ལ། རྡུལ་མེད་ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་པ་ཞེས་བྱའོ། །དེ་ལ་ཉོན་མོངས་པ་མེད་པར་
ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཉོན་མོངས་པ་མེད་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་སེམས་གཡེང་
ཞིང་རྣམ་པར་རྟོག་པ་ཐམས་ཅད་མེད་པར་འགྱུར་བ་ལ་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་སྟེ། ཉོན་མོངས་པ་ཞེས་བྱ་བ་ནི་སྐབས་འདིར་ཏིང་ངེ་འཛིན་རྣམས་ཀྱི་མི་མཐུན་པའི་ཕྱོགས་སེམས་གཡེང་བ་དང་། རྣམ་པར་རྟོག་པ་ལ་བྱའོ། །དེ་ལ་ཉོན་མོངས་པ་དང་བཅས་པ་
ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་འཐོབ་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་
པར་བཞག་ན་ཉོན་མོངས་པ་དང་བཅས་པའི་ཆོས་ཐམས་ཅད་ཡོངས་སུ་དག་ཅིང་ཉོན་མོངས་པ་མེད་པར་འགྱུར་བར་ནུས་པ་ལ། ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱའོ། །དེ་ལ་གནས་དམིགས་སུ་མེད་པ་ལ་
བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཀུན་གཞི་ཉེ་བར་མི་དམིགས་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་གཞི་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པའི་ཡེ་
ཤེས་གཟུང་བ་དང་འཛིན་པ་སྤངས་ཤིང་ཡོངས་སུ་དག་པ་ལ་ཡང་མི་དམིགས་པར་འགྱུར་བ་ལ། གནས་དམིགས་སུ་མེད་པ་ལ་བརྩོན་པ་ཞེས་བྱའོ། །དེ་ལ་དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་།
เล่ม ๙๑ · หน้า 192b
ཏིང་ངེ་འཛིན་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་ཕྱིར་མི་ལྡོག་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་བཞིན་ཉིད་ཀྱི་རང་བཞིན་ལ་རྣམ་པར་མི་རྟོག་པའི་རང་བཞིན་དུ་སེམས་རྩེ་
གཅིག་ཏུ་གྱུར་པ་ལས་ཉམས་པར་མི་འགྱུར་བ་ལ། དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པ་ཞེས་བྱའོ། །དེ་ལ་ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ལུས་མི་
དམིགས་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པའི་མཐུས་སེམས་ཅན་གྱི་དོན་དུ་ལུས་རྣམ་པ་སྣ་ཚོགས་སུ་སྤྲུལ་པ་འབྱུང་བ་རྣམས་ལ་མཚན་མར་མི་འཛིན་ཅིང་། རྣམ་པར་མི་རྟོག་པ་ལ་ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་སྟེ། ལུས་ཀྱི་སྐྱོན་
ཞེས་བྱ་བ་ནི་སྐབས་འདིར་ལུས་སྣ་ཚོགས་སུ་སྤྲུལ་པ་ལ། མཚན་མར་འཛིན་ཅིང་དངོས་པོར་རྟོག་པ་ལ་བྱའོ། །དེ་ལ་ངག་གི་སྐྱོན་རྣམས་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་
ཀྱི་ངག་གི་ལས་མི་དམིགས་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པའི་མཐུས་སེམས་ཅན་གྱི་དོན་དུ་སྒྲ་སྐད་རྣམ་པ་སྣ་ཚོགས་ཀྱིས་ཆོས་སྟོན་པ་རྣམས་ལ་མཚན་མར་མི་འཛིན་ཅིང་། དངོས་པོར་མི་རྟོག་པ་ལ་ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་
ལྟར་གྱུར་པ་ཞེས་བྱའོ། །དེ་ལ་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་འཐོབ་པ་སྟེ་
ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ཏེ། དེ་ལ་མ་ཆགས་པས་ཉོན་མོངས་པ་དང་ཤེས་བྱ་བའི་སྒྲིབ་པ་ལས་གྲོལ་ཞིང་ནམ་མཁའ་ལྟར་ཅིས་ཀྱང་གོས་པ་མེད་པར་འགྱུར་བ་ལ། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་
เล่ม ๙๑ · หน้า 193a
གྲོལ་ཞིང་གོས་པ་མེད་པ་ཞེས་བྱའོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཐེག་པ་ཆེན་པོ་མཇུག་བསྡུས་ནས་བསྟན་པ་སྟེ། གོང་དུ་སྨོས་
པའི་ཏིང་ངེ་འཛིན་དེ་རྣམས་ལ་མཉམ་པར་བཞག་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་འཐོབ་པའི་ལམ་མམ། རྒྱུར་འགྱུར་བའི་ཕྱིར་ཏིང་ངེ་འཛིན་དེ་རྣམས་ལ་ཐེག་པ་ཆེན་པོ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་
དགུ་པའོ།། །།དེ་ལྟར་ཏིང་ངེ་འཛིན་གྱི་ཐེག་པ་ཆེན་པོ་བསྟན་ནས། དེའི་འོག་ཏུ་དྲན་ཉེ་བར་གཞག་པ་བཞི་ཐེག་པ་ཆེན་པོ་ཡིན་པར་བསྟན་པའི་ཕྱིར། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དྲན་པ་ཉེ་
བར་གཞག་པ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན་ཞེས་བྱ་བ་ནས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཞིང་། རྣམ་པར་སྤྱོད་ཀྱང་ལུས་དང་ལྡན་པའི་རྣམ་པར་རྟོག་པ་རྣམ་པར་མི་རྟོག་གོ་
ཞེས་བྱ་བའི་བར་དུ་ནི་ལུས་དྲན་པ་ཉེ་བར་གཞག་པ་བསྟན་པ་སྟེ། དེ་ལ་ནང་གི་ལུས་ཞེས་བྱ་བ་ནི་བདག་གི་ལུས་སེམས་དང་སེམས་ལས་བྱུང་བ་རྣམས་དང་ལྡན་པ་ལ་བྱའོ། །ཕྱིའི་ལུས་ཞེས་བྱ་བ་ནི་མི་ཚེ་འཕོས་པའི་ལུས་ལ་སོགས་པ་སེམས་དང་སེམས་ལས་བྱུང་བ་རྣམས་དང་མི་
ལྡན་པ་ལ་བྱའོ། །ཕྱི་ནང་གི་ལུས་ཞེས་བྱ་བ་ནི་སེམས་ཅན་གཞན་གྱི་ལུས་ལ་བྱ་སྟེ། བདག་གི་ལུས་ལ་མ་གཏོགས་པས་ཕྱིའི་ལུས་ཞེས་བྱའོ། །སེམས་དང་སེམས་ལས་བྱུང་བ་རྣམས་དང་ལྡན་པའི་ཕྱིར་ནང་གི་ལུས་ཞེས་བྱ་སྟེ། དེ་ལྟར་ཕྱི་དང་ནང་གཉི་ག་དང་ལྡན་པའི་ཕྱིར་ཕྱི་ནང་
གི་ལུས་ཞེས་བྱའོ། །དེ་མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་ནང་དང་ཕྱི་དང་ཕྱི་ནང་གི་ལུས་གསུམ་ཆར་ཡང་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་དེ་ལ་དངོས་པོར་མི་ལྟ་བ་ལ་བྱའོ། །ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཇི་ལྟར་སྣང་བའི་ལུས་ལ་བརྟེན་ནས། བདག་
เล่ม ๙๑ · หน้า 193b
དང་བདག་གི་མེད་པར་རྟོགས་པ་ལ་བྱའོ། །བརྩོན་འགྲུས་ཅན་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་མི་དམིགས་པ་དང་། ཀུན་རྫོབ་ཏུ་ལུས་ཀྱི་རྗེས་སུ་ལྟ་བ་ལ་རྟག་ཏུ་རྒྱུན་མི་འཆད་པ་དང་། ནན་ཏན་ཆེར་བྱ་སྟེ་བརྩོན་པ་ལ་བྱའོ། །ཤེས་བཞིན་དང་ལྡན་པ་ཞེས་བྱ་བ་ནི་ཤེས་རབ་དང་བག་
བྱེད་པ་དང་ལྡན་པར་ཡིད་ལ་བྱེད་པའོ། །དྲན་པ་དང་ལྡན་པ་ཞེས་བྱ་བ་མི་དམིགས་པའི་ཡུལ་ལ་དྲན་པ་མི་རྨོངས་པ་དང་། མི་མཐུན་པའི་ཕྱོགས་ཀྱིས་མི་ཚུགས་པར་སྲུང་བར་དྲན་པ་དང་མི་ཡེངས་པར་བྱེད་པའི་དྲན་པ་དང་ལྡན་པ་ལ་བྱའོ། །འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་
བདེ་བ་རྣམ་པར་བསལ་ཞིང་ཞེས་བྱ་བ་ནི་བརྩོན་འགྲུས་དང་། ཤེས་བཞིན་དང་དྲན་པ་དང་ལྡན་པའི་ཡོན་ཏན་བསྟན་པ་སྟེ། འཇིག་རྟེན་གྱི་ཆོས་བརྒྱད་སྤངས་པ་ལ་ཆགས་སེམས་དང་། ཡིད་མི་བདེ་བ་བསལ་བ་ཞེས་བྱའོ། །དེ་ལ་རྙེད་པ་དང་གྲགས་པ་དང་། བདེ་བ་དང་།
བསྟོད་པ་རྣམས་ལ་མི་ཆགས་པ་འབྱུང་ངོ་། །མ་རྙེད་པ་དང་། མ་གྲགས་པ་དང་། སྡུག་བསྔལ་བ་དང་། སྨད་པ་རྣམས་ལ་ནི་ཡིད་མི་བདེ་བ་འབྱུང་སྟེ། འཇིག་རྟེན་གྱི་ཆོས་དེ་རྣམས་སྤངས་པ་ལ་འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམས་པར་བསལ་ཞེས་
བྱའོ། །ལུས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མི་རྟོག་གོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་དེ་ལྟར་ལུས་ཀྱི་རྗེས་སུ་ལྟ་ཡང་དོན་དམ་པར་དེ་ལྟར་མི་དམིགས་སོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་ལྟ་བ་དང་། བརྩོན་འགྲུས་དང་། ཤེས་བཞིན་དང་ལྡན་པ་དང་། འཇིག་
རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་བ་ལ་སོགས་པ་བཤད་པའི་དོན་ནི་འོག་མ་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ནང་གི་ཚོར་བ་ལ་དེ་མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བ་ནས། ཚོར་བ་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་
རྣམ་པར་མི་རྟོག་གོ་ཞེས་བྱ་བའི་བར་དུ་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་བསྟན་པ་སྟེ། དེ་ལ་ནང་གི་ཚོར་བ་ཞེས་བྱ་བ་ནི་བདག་གི་ལུས་ལ་དམིགས་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་པའོ། །ཕྱིའི་ཚོར་བ་ནི་ཕྱི་རོལ་གྱི་དངོས་པོ་སེམས་དང་
เล่ม ๙๑ · หน้า 194a
སེམས་ལས་བྱུང་བ་དང་མི་ལྡན་པ་རྣམས་ལ་དམིགས་པ་ལས་བྱུང་བའི་ཚོར་བ་རྣམ་པ་གསུམ་མོ། །ཕྱི་ནང་གི་ཚོར་བ་ནི་སེམས་ཅན་གཞན་གྱི་ལུས་ལ་དམིགས་པ་ལས་བྱུང་བའི་ཚོར་བ་རྣམ་པ་གསུམ་མོ། །ནང་གི་སེམས་ལ་དེ་མི་དམིགས་པའི་
ཚུལ་གྱིས་སེམས་ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ནས། སེམས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མི་རྟོག་གོ་ཞེས་བྱ་བའི་བར་དུ་སེམས་དྲན་པ་ཉེ་བར་གཞག་པ་བསྟན་པ་སྟེ། ཕྱི་དང་ནང་དང་། ཕྱི་ནང་གི་ཚོར་བའི་སྐབས་སུ་བཤད་པ་བཞིན་ནོ། །སེམས་
ཞེས་བྱ་བ་ནི་འདོད་ཆགས་དང་བཅས་པའི་སེམས་དང་། འདོད་ཆགས་མེད་པ་དང་། ཞེ་སྡང་དང་བཅས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་མེད་པ་ལ་སོགས་པ་ལ་རྗེས་སུ་ལྟ་བའོ། །ནང་གི་ཆོས་ལ་མི་དམིགས་པའི་ཚུལ་གྱིས་ཆོས་
ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ནས། ཆོས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མི་རྟོག་གོ་ཞེས་བྱ་བའི་བར་དུ་ནི་ཆོས་དྲན་པ་ཉེ་བར་གཞག་པ་བསྟན་པ་སྟེ། ནང་དང་ཕྱི་དང་ཕྱི་ནང་དང་ནི་གོང་དུ་བཤད་པ་བཞིན་ནོ། །ཆོས་ཞེས་བྱ་བ་ནི་ཕུང་པོ་དང་། ཁམས་
དང་། སྐྱེ་མཆེད་ལ་སོགས་པ་འཇིག་རྟེན་པའི་ཆོས་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་བསྟན་ནས། དེའི་འོག་ཏུ་ཉན་ཐོས་ཀྱི་ཐེག་
པ་ལས་བྱུང་བའི་ཚུལ་གྱིས་ལུས་དྲན་པ་ཉེ་བར་གཞག་པ་བསྟན་པའི་ཕྱིར། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རབ་འབྱོར་
འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འགྲོ་ན་འགྲོ་ཞེས་བྱ་བ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་
เล่ม ๙๑ · หน้า 194b
ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་བསལ་ཞིང་རྣམ་པར་སྤྱོད་དོ་ཞེས་བྱ་བའི་བར་དུ་ནི་སྤྱོད་ལམ་བཞིའི་སྒོ་ནས་ལུས་དྲན་པ་ཉེ་བར་གཞག་པ་བསྟན་པའོ། །དེ་ལ་སྤྱོད་ལམ་ལ་
ཡང་རྣམ་པ་གཉིས་ཏེ། སྤྱོད་ལམ་ཆེན་པོ་དང་། སྤྱོད་ལམ་ཕྲ་མོའོ། །དེ་ལ་སྤྱོད་ལམ་ཆེན་པོ་ནི་ལམ་རིང་པོར་འགྲོ་བ་ན། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བའི་ཚེ་ལུས་ཀྱི་སྤྱོད་ལམ་གང་ལ་སྤྱོད་པ་དེ་ལམ་ཡེངས་པར་དྲན་པ་ཉེ་བར་འཇོག་པ་སྟེ། དེ་ཡང་རབ་
འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འགྲོ་ན་འགྲོ་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཞིང་རྣམ་པར་སྤྱོད་དོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །རབ་འབྱོར་གཞན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དེ། འགྲོའམ་འོང་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ཞེས་བྱ་བ་ནས། ནང་དུ་ཡང་དག་པར་འཇོག་པ་ལ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ཏེ་ཞེས་བྱ་བའི་བར་དུ་ནི་སྤྱོད་
ལམ་ཕྲ་མོ་བསྟན་པ་སྟེ། གྲོང་ནས་གྲོང་དུ་འགྲོ་བ་དང་། གནས་གཅིག་ན་འདུག་པའི་ཚེ་ཉེ་འཁོར་དུ་འགྲོ་ཞིང་འདུག་པ་ལ་སོགས་པའི་སྤྱོད་ལམ་ལ་བག་ཡོད་ཅིང་དྲན་པ་ཉེ་བར་འཇོག་པ་ལ་སྤྱོད་ལམ་ཕྲ་མོ་ཞེས་བྱ་བ་སྟེ། འགྲོའམ་འོང་ངམ་ཞེས་བྱ་བ་གོང་མ་ནི་གྲོང་ནས་
གྲོང་དུ་འགྲོ་བ་དང་འོང་བ་ལ་བྱའོ། །འགྲོ་བ་དང་འོང་བ་དང་ཞེས་བྱ་བ་འོག་མ་ནི་ཉེ་འཁོར་ན་སྤྱོད་པའི་ཚེ་འགྲོ་བ་དང་འོང་བ་ལ་བྱའོ། །ནང་དུ་ཡང་དག་པར་འཇོག་པ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་བསམ་གཏན་ལ་མཉམ་པར་འཇོག་ཅིང་དབེན་པ་ན་གནས་པ་
ལ་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་ཞིང་དབུགས་ནང་དུ་རྒྱུ་ན་ཡང་དྲན་ཞིང་དབུགས་ནང་དུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་
เล่ม ๙๑ · หน้า 195a
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་
དང་། ཡིད་མི་བདེ་བ་རྣམ་པར་བསལ་ཞིང་རྣམ་པར་སྤྱོད་དོ་ཞེས་བྱ་བའི་བར་དུ་ནི་ནང་གི་ལུས་ལ་དབུགས་ཕྱི་ནང་དུ་རྒྱུ་བའི་ཚེ་དྲན་པ་ཉེ་བར་གཞག་པ་བསྟན་པ་སྟེ། བསམ་གཏན་པ་སེམས་མི་ཡེངས་ཤིང་བསམ་གཏན་ལ་སེམས་ལས་སུ་རུང་བར་སྦྱང་བའི་ཕྱིར་དབུགས་ཕྱི་ནང་དུ་རིང་
ཐུང་དུ་རྒྱུ་བའི་ཚེ། དྲན་པ་དང་ཤེས་བཞིན་གཉིས་ཀྱིས་དྲན་ཞིང་ཚོར་བར་བྱ་སྟེ། གཟུགས་ལ་སོགས་པ་ཕྱི་ནང་གི་དངོས་པོ་གཞན་ལ་སེམས་མ་ཡེངས་ཤིང་མི་རྟོག་པར་དབུགས་ཕྱི་ནང་དུ་རྒྱུ་བ་ལ་བརྟག་ཅིང་སེམས་སྦྱངས་ནས། དེ་ལྟར་སྦྱངས་ཏེ་སེམས་ལས་སུ་རུང་ན་ལུས་
ཀྱང་ལས་སུ་རུང་སྟེ། དབུགས་ཕྱི་ནང་དུ་རྒྱུ་བ་ཡང་ཇེ་བདེ་ཇེ་ཆུང་ཇེ་ཕྲར་འགྱུར་རོ། །དེ་ལྟར་དབུགས་ཇེ་བདེ་ཇེ་ཆུང་ཇེ་ཕྲར་གྱུར་ན་སེམས་ཀྱི་གཡེང་བ་དང་། རྟོག་པ་ཡང་ཇེ་བདེ་ཇེ་ཉུང་ཇེ་ཕྲར་འགྱུར་ཏེ། གང་ལ་དམིགས་པ་དེ་ལ་སེམས་རྩེ་གཅིག་ཏུ་འདུ་བར་འགྱུར་རོ། །
དེའི་ཕྱིར་དབུགས་ཕྱི་ནང་དུ་རྒྱུ་བ་ལ་དྲན་པ་ཉེ་བར་གཞག་པ་བསྟན་ཏོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཁོར་བའི་འཁོར་ལོ་བསྐོར་བའམ། འཁོར་བའི་འཁོར་ལོ་བསྐོར་བའི་མཆན་བུ་མཁས་པ་ཞེས་བྱ་བའི་རྫ་མཁན་རྫ་བྱེད་པའི་འཁོར་ལོ་བསྐོར་བ་ན། རྫ་ཆེ་ཆུང་གི་བྱེ་བྲག་ལས་
འཁོར་ལོ་ཡུན་རིང་ཐུང་དུ་བསྐོར་བའི་ཉམས་དྲོད་རྫ་མཁན་ལ་ཡོད་པའི་དཔེས་བསམ་གཏན་པ་སེམས་སྦྱོང་བའི་ཚེ། དབུགས་ཕྱི་ནང་དུ་རྒྱུ་བ་ཡུན་རིང་ཐུང་ཇི་སྲིད་དུ་རྒྱུ་བའི་ཉམས་དྲོད་ཡོད་པར་བྱ་བ་བསྟན་པའོ། །རྫ་མཁན་གྱི་མཁན་པོ་དང་། མཆན་བུའི་དཔེས་སྨོས་པ་ནི་
བསམ་གཏན་པའི་མཁན་པོ་དང་། སློབ་མ་བསམ་གཏན་གོམས་པ་དང་མ་གོམས་པའི་ཁྱད་པར་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་འདི་ལ་སའི་ཁམས་ཀྱང་ཡོད་དོ་
เล่ม ๙๑ · หน้า 195b
ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འགྲེང་ངམ་འདུག་སྟེ། དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་
འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཞིང་རྣམ་པར་སྤྱོད་དོ་ཞེས་བྱ་བའི་བར་དུ་ནི་སའི་ཁམས་ལ་སོགས་པ་ཁམས་བཞི་ལ་བརྟག་པའི་སྒོ་ནས་ནང་གི་ལུས་དྲན་པ་ཉེ་བར་གཞག་པ་བསྟན་པ་སྟེ། ལུས་འདི་འབྱུང་བ་ཆེན་པོ་བཞིའི་རང་བཞིན་
ཡིན་ལ། འབྱུང་བ་ཆེན་པོ་བཞི་ཡང་མི་རྟག་པའི་རང་བཞིན་ཡིན་པས་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པར་རྟོགས་ན་དེ་ལ་ཆགས་པར་མི་འགྱུར་བར་བྱ་བའི་ཕྱིར་ཁམས་ཀྱི་སྒོ་ནས་བརྟག་པ་བསྟན་ཏོ། །བ་ལང་གི་ཤན་པའི་དཔེ་བསྟན་པ་ནི་ཤན་པས་ཕྱུགས་བཤས་པའི་
ཤ་རྣམས་མངོན་སུམ་དུ་མཐོང་ཞིང་བྱེ་བྲག་ཕྱེད་པ་བཞིན་དུ་བསམ་གཏན་པས་ཀྱང་བདག་གི་ལུས་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཡིན་པར་མངོན་སུམ་དུ་རྟོགས་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་འདི་ལ་རྐང་པའི་མཐིལ་ཡན་ཆད་ཅེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་
ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་བསལ་ཞིང་རྣམ་པར་སྤྱོད་དོ་ཞེས་བྱ་བའི་བར་དུ་ནི་ནང་གི་ལུས་ལ་མི་གཙང་བ་སྣ་ཚོགས་ཡོད་པར་བརྟག་པའི་སྒོ་ནས་
ལུས་དྲན་པ་ཉེ་བར་གཞག་པ་བསྟན་པ་སྟེ། དེ་ལྟར་ལུས་ལ་མི་གཙང་བ་སྣ་ཚོགས་ཀྱིས་གང་བར་བརྟགས་ན་ལུས་ལ་མ་ཆགས་པར་འགྱུར་བ་བསྟན་པའོ། །ཆུན་པའི་སྣོད་འབྲུ་སྣ་ཚོགས་ཀྱིས་གང་བའི་དཔེ་བསྟན་པ་ནི་ཞིང་པ་འབྲུའི་རྒྱུས་ལ་མཁས་པ། འབྲུ་སྣ་
เล่ม ๙๑ · หน้า 196a
ཚོགས་ལ་མངོན་དུ་ལྟ་ཞིང་། འབྲུའི་བྱེ་བྲག་ཕྱེད་པ་དེ་བཞིན་དུ། བསམ་གཏན་པ་ལུས་མི་གཙང་བར་བསྒོམ་པ་ཡང་ལུས་མི་གཙང་བ་སྣ་ཚོགས་ཀྱིས་གང་བ་མངོན་སུམ་དུ་གྱུར་པར་བྱེད་པ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ན་ཡོད་པའི་གཟུགས་སྣ་ཚོགས་དུར་ཁྲོད་དུ་བོར་བ་རོའི་མལ་དུ་བསྙལ་བ་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་ལུས་ལ་དམིགས་པའི་སྒོ་ནས་ལུས་དྲན་པ་ཉེ་བར་གཞག་པ་བསྒོམ་
པ་བསྟན་པ་སྟེ། ཕྱིའི་ལུས་དུར་ཁྲོད་ན་འདུག་པ་གསར་རྙིང་མི་སྡུག་པ་གསར་རྙིང་སྣ་ཚོགས་དང་ལྡན་པ་མཐོང་ནས་བདག་གི་ལུས་ཀྱང་དེ་ལྟ་བུའི་རང་བཞིན་ཅན་ཡིན་པར་བརྟགས་ནས་ལུས་ལ་མ་ཆགས་པར་བྱ་བ་ལ་བསྟན་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་ཆུང་ངུའི་གཞུང་ལས་འབྱུང་བའི་ཚུལ་གྱིས་ལུས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་མཇུག་བསྡུས་ནས་བསྟན་
པ་སྟེ། ནང་དང་ཕྱི་དང་ཕྱི་ནང་གི་ལུས་ནི་སྔར་བཤད་པ་བཞིན་ནོ། །ནང་གི་ཚོར་བ་ལ་དེ་མི་དམིགས་པའི་ཚུལ་གྱིས་ཚོར་བའི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་ཆུང་ངུའི་གཞུང་ལས་འབྱུང་བའི་ཚུལ་གྱིས་ཚོར་བ་དང་སེམས་དང་ཆོས་རྣམས་ལ་དྲན་པ་ཉེ་བར་གཞག་པ་
བསྒོམས་པ་བསྟན་པ་སྟེ། དེ་དག་གི་དོན་ཀྱང་སྔ་མ་བཞིན་ནོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་ཐེག་པ་ཆུང་ངུའི་གཞུང་ལས་འབྱུང་བའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་འདི་ཡང་བྱང་ཆུབ་
སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གང་ཟག་དང་ཆོས་གཉི་ག་ལ་བདག་མེད་པར་རྟོགས་པར་བྱས་ནས་དེ་མི་དམིགས་པའི་ཚུལ་གྱིས་བསྒོམས་ན་བླ་ན་མེད་པའི་བྱང་ཆུབ་ཐེག་པ་ཆེན་པོ་འཐོབ་པའི་རྒྱུར་འགྱུར་བའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་བསྟན་
เล่ม ๙๑ · หน้า 196b
པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་ཡང་དག་པར་སྤོང་བ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་སྤོང་བ་བཞི་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། བརྩོན་འགྲུས་ཀྱིས་སྡིག་པ་མི་
དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང་། སྐྱེས་པ་རྣམས་སྤངས་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང་། སྐྱེས་པ་རྣམས་གནས་པ་དང་། ཕྱིར་ཞིང་འཕེལ་བ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པ་ལ་ཡང་དག་པར་སྤོང་བ་ཞེས་
བྱའོ། །དེ་ལ་བརྩོན་འགྲུས་ལ་ཡང་རྣམ་པ་བཞི་སྟེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་མི་སྐྱོ་བའི་བརྩོན་འགྲུས་དང་། ཐབས་ཀྱི་བརྩོན་འགྲུས་སོ། །དེ་ལ་མོས་པ་བསྐྱེད་ཅིང་ཞེས་བྱ་བ་ནི་དང་པོ་འདི་ལྟར་བྱའོ་ཞེས་སེམས་མོས་ཤིང་འདུན་པ་བསྐྱེད་པ་
སྟེ། གོ་ཆའི་བརྩོན་འགྲུས་སོ། །རྩོལ་ལོ་ཞེས་བྱ་བ་ནི་དེ་ལྟར་གོ་ཆ་བགོས་པའི་བརྩོན་འགྲུས་དང་མཐུན་པར་སྡིག་པའི་ཆོས་སྤང་བ་དང་། དགེ་བའི་ཆོས་སྐྱེད་པ་ལ་སྦྱོར་བས་སྦྱོར་བའི་བརྩོན་འགྲུས་ཞེས་བྱའོ། །བརྩོན་འགྲུས་རྩོམ་མོ་ཞེས་བྱ་བ་ནི་མི་སྐྱོ་བའི་བརྩོན་འགྲུས་ཏེ།
བྱ་དཀའ་ཞིང་ཚེགས་ཆེ་བ་བྱུང་དུ་ཟིན་ཀྱང་སེམས་མི་སྐྱོ་བའི་བརྩོན་འགྲུས་རྩོམ་པས་ན་མི་སྐྱོ་བའི་བརྩོན་འགྲུས་ཞེས་བྱའོ། །སེམས་ཀྱི་མཐུ་སྐྱེད་དོ། །ཡང་དག་པར་སྨོན་ལམ་འདེབས་ཏེ་ཞེས་བྱ་བ་ནི་ཐབས་ཀྱི་བརྩོན་འགྲུས་ཏེ། བསམ་གཏན་དང་ཏིང་ངེ་འཛིན་སྒོམ་
པའི་ཚེ་སེམས་བྱིང་བར་གྱུར་ན་ཐབས་ཀྱིས་སེམས་ཀྱི་མཐུ་སྐྱེད་ཅིང་གསལ་བར་བྱེད་པ་དང་། སེམས་རྒོད་པར་གྱུར་ན་ཐབས་ཀྱིས་སེམས་རྩེ་གཅིག་ཏུ་འཇོག་པ་ལ་ཐབས་ཀྱི་བརྩོན་འགྲུས་ཞེས་བྱའོ། །ཡང་དག་པར་སྨོན་ལམ་འདེབས་ཞེས་བྱ་བ་ནི་སྐབས་འདིར་སེམས་
ལེགས་པར་འཇོག་ཅིང་མི་གཡེངས་པར་འཛིན་པ་ལ་བྱའོ། །ཐེག་པ་ཆེན་པོའི་དོན་ནི་སྔར་བཤད་པ་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ་ཞེས་བྱ་བ་ལ་སོགས་
เล่ม ๙๑ · หน้า 197a
པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་རྫུ་འཕྲུལ་རྣམས་ཐོབ་པར་བྱེད་པའི་རྒྱུའམ། གཞིའམ་རྟེན་ཡིན་པའི་ཕྱིར་ཏིང་ངེ་འཛིན་རྣམ་པ་བཞི་
ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་སྟེ། ཏིང་ངེ་འཛིན་རྣམ་པ་བཞི་ནི་མོས་པ་དང་སེམས་དང་། བརྩོན་འགྲུས་དང་། དཔྱོད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་མོས་པའི་ཏིང་ངེ་འཛིན་ནི་དགེ་བའི་ཆོས་སྒོམ་པ་ལ་མོས་པ་ཆེར་སྐྱེས་ནས་མོས་པའི་དབང་གིས་སེམས་
མཉམ་པར་གཞག་ཅིང་རྩེ་གཅིག་ཏུ་གྱུར་པ་ལ་མོས་པའི་ཏིང་ངེ་འཛིན་ཞེས་བྱའོ། །སྤོང་བའི་འདུ་ཤེས་དང་ལྡན་པ་ཞེས་བྱ་བ་ནི་དེ་ལྟར་ཏིང་ངེ་འཛིན་བསྒོམས་པའི་མཐུས་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདུན་པ་དང་། བརྩོན་
འགྲུས་དང་། དད་པ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་དང་བརྒྱད་དེ། ཆོས་འདི་བརྒྱད་ཀྱིས་ཉོན་མོངས་པ་སྤོང་བར་བྱེད་པའི་ཕྱིར་སྤོང་བའི་འདུ་བྱེད་ཅེས་བྱའོ། །དེ་ལ་འདུན་པ་ནི་འཇིག་རྟེན་དང་
འཇིག་རྟེན་ལས་འདས་པའི་བསམ་གཏན་དང་། ཏིང་ངེ་འཛིན་རྣམས་ལ་སྙོམས་པར་འཇུག་འདོད་པའོ། །བརྩོན་འགྲུས་ནི་མི་དགེ་བའི་ཆོས་ཐམས་ཅད་ངེས་པར་སེལ་བར་རྩོལ་ཞིང་འབད་པའོ། །དད་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་འབྲས་བུ་བཞི་
དང་། ས་བཅུ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་ཐོབ་པར་འདོད་པའོ། །ཤིན་ཏུ་སྦྱངས་པའི་བསམ་གཏན་དང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ། ལུས་དང་སེམས་ལས་སུ་རུང་བའོ། །དྲན་པ་ནི་བསམ་གཏན་དང་
ཏིང་ངེ་འཛིན་ལ་སེམས་མ་རྨོངས་པའོ། །ཤེས་བཞིན་ནི་ཤེས་རབ་ཀྱི་དབང་གིས་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་མི་འབྱུང་བར་བག་བྱེད་པའོ། །སེམས་པ་ནི་སེམས་ཡོངས་སུ་སྦྱོང་བའི་མཚན་ཉིད་སེམས་མངོན་པར་འདུ་བྱེད་པའོ། །བཏང་སྙོམས་ནི་སེམས་བྱིང་བ་
เล่ม ๙๑ · หน้า 197b
དང་། རྒོད་པ་མེད་ཅིང་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པ་སྟེ། ཆོས་དེ་བརྒྱད་དང་ལྡན་ན་ཉོན་མོངས་པ་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་སྤོང་བར་བྱེད་པའི་ཕྱིར་སྤོང་བའི་འདུ་བྱེད་དང་ལྡན་པ་ཞེས་བྱའོ། །དབེན་པ་ལ་གནས་པ་ཞེས་བྱ་བ་ནི་མོས་པའི་
ཏིང་ངེ་འཛིན་དེ་ཕྱི་དང་ནང་གི་འདུ་འཛི་དང་བྲལ་བར་གནས་པ་ལ་བྱའོ། །འདོད་ཆགས་དང་བྲལ་བ་ལ་གནས་པ་ཞེས་བྱ་བ་ནི་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་དང་བྲལ་བ་ལ་གནས་པའོ། །འགོག་པ་ལ་གནས་པ་ཞེས་བྱ་བ་ནི་སྡུག་བསྔལ་རྣམས་འགོག་པར་གྱུར་
པའོ། །རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཡོངས་སུ་སྤངས་པར་གྱུར་པའོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ནི་མི་དགེ་བའི་ཆོས་སྤོང་བ་ལ་བརྩོན་པ་དང་། དགེ་བའི་ཆོས་སྤེལ་བ་ལ་བརྩོན་པའི་བརྩོན་འགྲུས་ལྷུར་
བླངས་པའི་དབང་གིས་སེམས་མཉམ་པར་གཞག་ཅིང་རྩེ་གཅིག་ཏུ་གྱུར་པའོ། །སེམས་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་སེམས་སྦྱོང་བ་ལྷུར་བླངས་ནས་མཉམ་པར་འཇོག་ཅིང་སེམས་རྩེ་གཅིག་ཏུ་གྱུར་ཏོ། །དཔྱོད་པའི་ཏིང་
ངེ་འཛིན་ཞེས་བྱ་བ་ནི་ཤེས་རབ་ཀྱི་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་རྣམ་པར་དཔྱད་པ་ལྷུར་བླངས་ནས་མཉམ་པར་གཞག་ཅིང་སེམས་རྩེ་གཅིག་ཏུ་གྱུར་པ་ལ་བྱ་སྟེ། སྤོང་བའི་འདུ་བྱེད་དང་ལྡན་པ་དང་། དབེན་པ་ལ་གནས་པ་ལ་སོགས་པ་ནི་གོང་དུ་བཤད་
པ་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་དབང་པོ་ལྔ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། དབང་པོ་ལྔ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་
འཛིན་དང་། ཤེས་རབ་དང་ཆོས་འདི་ལྔ་དང་ལྡན་པའི་དབང་གིས་འཇིག་རྟེན་ལས་འདས་པའི་ཆོས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་དང་། ས་དང་པོ་ལ་སོགས་པ་འཐོབ་པའི་རྒྱུར་འགྱུར་བའི་ཕྱིར་དབང་པོ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་
เล่ม ๙๑ · หน้า 198a
སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་སྟོབས་ལྔ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་སྟོབས་ལྔ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དད་པ་ལ་སོགས་པའི་དབང་པོ་ལྔ་པོ་དེ་དག་ཉིད་ཡང་དང་ཡང་དུ་བསྒོམས་པའི་མཐུས་བརྟན་ཞིང་མཐུ་དང་
ལྡན་པར་གྱུར་པ་ན་ཉོན་མོངས་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་མི་ཚུགས་ཤིང་ཟིལ་གྱིས་མི་ནོན་པའི་ཕྱིར་སྟོབས་རྣམས་ཞེས་བྱའོ། །དབང་པོ་ལྔ་དང་སྟོབས་ལྔ་པོ་དེ་དག་བསྒོམས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བཞི་དང་ལྡན་པར་
འགྱུར་ཏེ། བཞི་གང་ཞེ་ན་དྲོ་བར་གྱུར་པ་དང་། རྩེ་མོ་དང་། བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་གོ། །དེ་ལ་དྲོ་བར་གྱུར་པ་དང་། རྩེ་མོར་གྱུར་པའི་ཚེ་ན་དད་པ་ལ་སོགས་པ་ལ་དབང་པོ་ལྔ་ཞེས་བྱའོ། །བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་དང་ལྡན་པའི་ཚེ་
ནི་སྟོབས་ལྔ་ཞེས་བྱའོ། །དེ་ལ་ངེས་པར་འབྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་ངེས་པར་རྟོགས་ཤིང་བྱེ་བྲག་ཕྱེད་པས་ན་ངེས་པར་འབྱེད་པ་ཞེས་བྱའོ། །དབང་པོ་ལྔ་དང་སྟོབས་ལྔ་བསྒོམས་ཏེ། དྲོ་བར་གྱུར་པ་དང་། རྩེ་མོ་དང་།
བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་དང་ལྡན་པར་གྱུར་ན་ངེས་པར་འབྱེད་པ་ཞེས་བྱ་བ་ས་དང་པོའི་ཆ་དང་མཐུན་ཞིང་། ས་དང་པོ་འཐོབ་པའི་རྒྱུར་འགྱུར་བའི་ཕྱིར། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཞེས་བྱའོ། །རབ་འབྱོར་གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དེ་ལ་བྱང་ཆུབ་ཅེས་བྱ་བ་ནི་ས་དང་པོ་ལ་བྱང་ཆུབ་ཀྱི་རང་བཞིན་ཆོས་
ཀྱི་དབྱིངས་དེ་བཞིན་ཉིད་རྟོགས་པ་ལ་བྱའོ། །དྲན་པ་ལ་སོགས་པ་ཆོས་བདུན་པོ་འདི་དག་བྱང་ཆུབ་ཀྱི་རང་བཞིན་དེ་རྟོགས་པར་བྱ་བའི་གྲོགས་སུ་གྱུར་པའམ། རྒྱུའམ་ཡན་ལག་ཏུ་གྱུར་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་སྟེ། དེ་ཡང་དྲན་པ་དང་། ཆོས་རྣམ་
เล่ม ๙๑ · หน้า 198b
པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །དེ་ལ་དྲན་པ་ནི་དམིགས་པའི་དངོས་པོ་མ་བརྗེད་ཅིང་སེམས་གསལ་བའོ། །བརྩོན་འགྲུས་ནི་ཆོས་
ཀྱི་དབྱིངས་ཉིད་རྟོགས་པར་བྱ་བ་ལ་སེམས་སྤྲོ་ཞིང་སྒྲིམ་པ་དང་། ལྷོད་པར་མ་གྱུར་པའོ། །དགའ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྔོན་མ་མཐོང་ཞིང་ཉམས་སུ་མ་མྱོང་བ། ས་དང་པོ་ཐོབ་པའི་ཚེ་མཐོང་ཞིང་ཆོས་ཀྱི་དགའ་བ་ཉམས་སུ་མྱོང་བ་ལ་བྱའོ། །ཤིན་ཏུ་
སྦྱངས་པ་ནི་དེ་ལྟར་ཆོས་ཀྱི་དབྱིངས་རྟོགས་ཤིང་། ཆོས་ཀྱི་དགའ་བའི་ཉམས་སུ་མྱོང་བའི་ཚེ་ལུས་དང་སེམས་ཤིན་ཏུ་སྦྱངས་ཤིང་བསམ་གཏན་ལ་ལས་སུ་རུང་བའོ། །ཏིང་ངེ་འཛིན་ནི་ཆོས་ཀྱི་དབྱིངས་སུ་སེམས་རྩེ་གཅིག་ཏུ་གནས་པའོ། །བཏང་སྙོམས་ནི་མི་མཐུན་པའི་ཕྱོགས་
ཀྱིས་ཟིལ་གྱིས་མི་ནོན་པར་ཆོས་ཀྱི་དབྱིངས་རྟོགས་པ་ལ་སེམས་ལྷུན་གྱིས་གྲུབ་པ་སྟེ། ཆོས་བདུན་པོ་དེ་དག་ཆོས་ཀྱི་དབྱིངས་བྱང་ཆུབ་ཀྱི་རང་བཞིན་དེ་རྟོགས་པར་བྱ་བའི་ཡན་ལག་ཡང་དག་པ་ཡིན་པའི་ཕྱིར་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དབེན་པ་ལ་གནས་པ་
དང་། འདོད་ཆགས་དང་བྲལ་བ་ལ་གནས་པ་དང་། འགོག་པ་ལ་གནས་པ་དང་། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ་ནི། རྫུ་འཕྲུལ་གྱི་རྐང་པའི་སྐབས་སུ་བཤད་པ་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་
ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། འཕགས་པ་ཉན་ཐོས་རྒྱུན་དུ་ཞུགས་པ་ཡན་ཆད་དང་། བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་པ་ཡན་ཆད་འཕགས་པ་
རྣམས་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་ཕྲ་མོ་རྣམས་སྤང་བར་བྱ་བ་དང་། རྣམ་པར་གྲོལ་བའི་ས་ཐོབ་པར་བྱ་བའི་ཕྱིར་ཡང་དག་པའི་ལྟ་བ་ལ་སོགས་པ་འདི་བརྒྱད་བསྒོམ་སྟེ། འདི་རྣམས་བསྒོམས་པས་ཉོན་མོངས་པ་ཕྲ་མོ་རྣམས་སྤངས་ཤིང་
เล่ม ๙๑ · หน้า 199a
རྣམ་པར་གྲོལ་བའི་འབྲས་བུ་འཐོབ་པའི་རྒྱུའམ། ལམ་ཡིན་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ། །དེ་ལ་ཡང་དག་པའི་ལྟ་བ་ནི་འཇིག་རྟེན་པའི་ལོག་པར་ལྟ་བ་སྤངས་ནས། ཤེས་རབ་ཀྱི་མིག་གིས་ཆོས་ཀྱི་དབྱིངས་
ཕྱིན་ཅི་མ་ལོག་པར་མཐོང་བའོ། །ཡང་དག་པའི་རྟོག་པ་ནི་ཆོས་ཀྱི་དབྱིངས་ཉིད་ལ་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་གཏན་ལ་འབེབས་པའོ། །ཡང་དག་པའི་ངག་ནི་ཆོས་ཀྱི་དབྱིངས་རྟོགས་པའི་རྒྱུས་བརྫུན་དུ་སྨྲ་བ་ལ་སོགས་པ་ལོག་པའི་ཚིག་རྣམས་མི་འབྱུང་ཞིང་ཆོས་ཉིད་
དང་མི་འགལ་བའི་ཚིག་གིས་གཞན་ལ་ཆོས་སྟོན་པའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཚུལ་ཁྲིམས་ལ་སྐྱོན་མེད་པས་མི་བྱ་བའི་ལས་རྣམས་མི་བྱེད་པའོ། །ཡང་དག་པའི་འཚོ་བ་ནི་འདོད་པ་ཆུང་ཞིང་ཆོག་ཤེས་པ་ཙམ་སྒྱུ་ལ་སོགས་པ་ལོག་པས་འཚོ་བ་མེད་པའོ། །ཡང་
དག་པའི་རྩོལ་བའི་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བར་བྱ་བ་དང་དེའི་གཉེན་པོ་སྒོམ་པ་ལ་བརྩོན་པའོ། །ཡང་དག་པའི་དྲན་པ་ནི་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་ཉེ་བའི་ཉོན་མོངས་པ་བྱིང་བ་དང་། རྒོད་པ་གཉིས་ཀྱི་དབང་དུ་མི་འགྱུར་བར་
དྲན་པ་ཉེ་བར་འཇོག་པའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཆོས་ཀྱི་དབྱིངས་ཉིད་ལ་རྣམ་པར་མི་རྟོག་པའི་སེམས་རྩེ་གཅིག་ཏུ་འཇོག་པ་དེའི་དབང་གིས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རྣམས་འཐོབ་པར་བྱེད་པའོ། །དབེན་པ་ལ་གནས་པ་དང་། འདོད་ཆགས་
དང་བྲལ་བ་ལ་གནས་པ་དང་། འགོག་པ་ལ་གནས་པ་དང་། རྣམ་པར་སྤང་བས་ཡོངས་སུ་གྲུབ་པ་རྣམས་ནི་སྔ་མ་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་ཏིང་ངེ་འཛིན་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་
ཐར་པའི་སྒོ་གསུམ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ལ་ཏིང་ངེ་འཛིན་གསུམ་ཞེས་ཀྱང་བྱ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་བསྒོམས་ན་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་
เล่ม ๙๑ · หน้า 199b
ལས་གྲོལ་ཞིང་ཐར་པའི་མཚན་ཉིད་མྱ་ངན་ལས་འདས་པར་འཇུག་པའི་སྒོར་འགྱུར་བའི་ཕྱིར་རྣམ་པར་ཐར་པའི་སྒོ་ཞེས་བྱའོ། །དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པ་ཉིད་དུ་རྟོགས་པའི་ཚེ་སེམས་གནས་པ་དེ་ནི་སྟོང་པ་ཉིད་རྣམ་པར་ཐར་པའི་
སྒོ་སྟེ་ཞེས་བྱ་བ་ནི་བྱིས་པ་སོ་སོ་སྐྱེ་བོའི་སྤྱོད་ཡུལ་དུ་གྱུར་པ་ཀུན་བརྟགས་པའི་མཚན་ཉིད་དང་བྲལ་བ། ཡོངས་སུ་གྲུབ་པའི་མཚན་ཉིད་བརྗོད་དུ་མེད་ཅིང་སྟོང་པའི་རང་བཞིན་དུ་རྟོགས་ཤིང་སྒོམ་པའི་ཚེ། སེམས་རྩེ་གཅིག་ཏུ་གྱུར་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་
ཞེས་བྱའོ། །དེ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་མཚན་མ་མེད་པར་རྟོགས་པའི་ཚེ་སེམས་གནས་པ་དེ་ནི་མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་སྟེ་ཞེས་བྱ་བ་ནི་དེ་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པས་ཀུན་བརྟགས་པའི་
ཆོས་རྣམས་ལ་མཚན་མར་མི་འཛིན་ཅིང་། རྣམ་པར་མི་རྟོག་པར་གྱུར་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མེད་དོ་ཞེས་མངོན་པར་འདུ་མི་བྱེད་པའི་ཚེ།
སེམས་གནས་པ་དེ་ནི་སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་སྟེ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པ་དང་། མཚན་མ་མེད་པར་རྟོགས་པས་ཅི་ལ་ཡང་མ་ཆགས་ཤིང་མི་སྨོན་ཏེ། ཚེ་ཕྱི་མ་ལ་ཁམས་གསུམ་དུ་སྐྱེ་ཞིང་ཁམས་གསུམ་
གྱི་བདེ་བ་ཐོབ་པར་བྱ་བའི་ཕྱིར་ཁམས་གསུམ་དུ་སྐྱེ་བའི་རྒྱུར་འགྱུར་བའི་ལས་ཉོན་མོངས་པ་དང་བཅས་པ་རྣམས་མངོན་པར་འདུ་མི་བྱེད་ཅིང་སེམས་རྩེ་གཅིག་ཏུ་གནས་པར་སྒོམ་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་ཡེ་ཤེས་བཅུ་གཅིག་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཡེ་ཤེས་བཅུ་གཅིག་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དེ་ལ་སྡུག་བསྔལ་ཤེས་པ་གང་ཞེ་ན། སྡུག་བསྔལ་མི་སྐྱེ་བར་ཤེས་པའོ་ཞེས་བྱ་བ་
เล่ม ๙๑ · หน้า 200a
ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བའི་རང་བཞིན་ཅན་དོན་དམ་པར་སྐྱེ་བ་མེད་པར་ཤེས་པའོ། །དེ་ལ་ཀུན་འབྱུང་བ་ཤེས་པ་གང་ཞེ་ན་ཀུན་འབྱུང་བ་སྤང་བར་ཤེས་པའོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཕུང་པོ་ཀུན་འབྱུང་བའི་རྒྱུ་
ལས་དང་ཉོན་མོངས་པ་རྣམས་རང་བཞིན་མེད་པར་རྟོགས་པས་ཕྱིས་མི་འབྱུང་བར་ཤེས་པ་ཉིད་ལ་ཀུན་འབྱུང་བ་སྤང་བར་ཤེས་པ་ཞེས་བྱའོ། །དེ་ལ་འགོག་པ་ཤེས་པ་གང་ཞེ་ན། སྡུག་བསྔལ་འགོག་པར་ཤེས་པའོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཐོབ་
པར་འགྱུར་བའི་ཚེ་འཁོར་བའི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་གྱུར་པ་ཤེས་པའོ། །དེ་ལ་ལམ་ཤེས་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པའོ་ཞེས་བྱ་བ་ནི་འགོག་པ་མཐོང་བའི་རྒྱུར་གྱུར་པ་འཕགས་པའི་ལམ་ཡན་ལག་བརྒྱད་
པ་དོན་དམ་པར་དངོས་པོ་མེད་པར་ཤེས་པའོ། །ཀུན་རྫོབ་ཏུ་མྱ་ངན་ལས་འདས་པ་འཐོབ་པའི་རྒྱུ་དང་ལམ་ཡིན་པར་ཤེས་པའོ། །དེ་ལ་ཟད་པ་ཤེས་པ་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཟད་པར་ཤེས་པའོ་ཞེས་བྱ་བ་ནི་ཉན་ཐོས་དགྲ་
བཅོམ་པའི་ས་དང་བྱང་ཆུབ་སེམས་དཔའ་ས་བརྒྱད་འཐོབ་པ་ཡན་ཆད་ཀྱིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཟད་པར་ཤེས་པའོ། །དེ་ལ་མི་སྐྱེ་བ་ཤེས་པ་གང་ཞེ་ན། སྲིད་པའི་རྒྱུད་སྐྱེ་བ་མེད་པར་ཤེས་པའོ་ཞེས་བྱ་བ་ནི་འཕགས་པ་དགྲ་བཅོམ་
པ་དང་། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆད་ལ་གནས་པ་དེ་དག་ཉིད་དེ་ལྟར་ཉོན་མོངས་པ་ཟད་པར་གྱུར་པས་ཕྱིས་ཉོན་མོངས་པའི་དབང་གིས་སྲིད་པ་ཕྱི་མ་མི་ལེན་པར་ཤེས་པའོ། །དེ་ལ་ཆོས་ཤེས་པ་གང་ཞེ་ན། ཕུང་པོ་ལྔ་སྒྱུ་མར་ཡོངས་སུ་རྟོགས་ཤིང་ཤེས་
པའོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པའི་ཚེ་ཕུང་པོ་ལྔ་ལ་སོགས་པའི་ཆོས་རྣམས་ཡང་དག་པར་ཡོད་པ་མ་ཡིན་པ་ལས་སྣང་བ་ནི་སྒྱུ་མ་ལ་སོགས་པ་བཞིན་ནོ་ཞེས་མངོན་སུམ་དུ་རྟོགས་ཤིང་ཤེས་པའོ། །དེ་ལ་རྗེས་སུ་རྟོགས་པའི་ཤེས་པ་གང་ཞེ་ན་ཞེས་བྱ་བ་
เล่ม ๙๑ · หน้า 200b
ནས་རྒ་ཤི་མི་རྟག་ཅེས་བྱ་བར་ཤེས་པའོ་ཞེས་བྱ་བའི་བར་དུ་ནི་རྗེས་སུ་རྟོགས་པ་ཤེས་པ་བསྟན་པ་སྟེ། རྗེས་སུ་དཔག་པའི་ཤེས་པས་མིག་ལ་སོགས་པའི་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་དང་། སའི་ཁམས་ལ་སོགས་པ་ཁམས་དྲུག་དང་། མ་རིག་
པ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་རྣམས་མི་རྟོག་པར་ཤེས་པ་ལ་རྗེས་སུ་རྟོགས་པ་ཤེས་པ་ཞེས་བྱའོ། །དེ་ལ་ཀུན་རྫོབ་ཏུ་ཤེས་པ་གང་ཞེ་ན། སེམས་ཅན་གཞན་དང་གང་ཟག་གཞན་གྱི་སེམས་སེམས་ཀྱིས་ཤེས་པའོ་ཞེས་བྱ་བ་ནི་ཤེས་པ་
གཞན་ཡང་ཀུན་རྫོབ་ཏུ་ཤེས་པ་ཡིན་མོད་ཀྱི། དོན་དམ་པར་དམིགས་སུ་མེད་པར་ཡང་ཤེས་པར་འགྱུར་བས། སོ་སོའི་དམིགས་པའི་ཡུལ་གང་ཡིན་པ་ལས་སྡུག་བསྔལ་ཤེས་པ་ཞེས་བྱ་བ་ལ་སོགས་པ་མིང་གཞན་དུ་བཏགས་སོ། །གཞན་གྱི་སེམས་ཤེས་པ་
ནི་སེམས་ཅན་ཕ་རོལ་པོ་ཅི་སེམས་པ་ལ་དམིགས་ནས་འདོད་ཆགས་དང་ལྡན་པའམ། མི་ལྡན་པ་ལ་སོགས་པ་ཤེས་པ་སྟེ། གཅིག་ཁོ་ནར་ཀུན་བརྟགས་པའི་རང་བཞིན་ལ་དམིགས་པའི་ཕྱིར་ཀུན་རྫོབ་ཤེས་པ་ཞེས་བྱའོ། །དེ་ལ་འདྲིས་པ་ཤེས་པ་གང་
ཞེ་ན། གང་གིས་ལམ་ཤེས་པ་དང་། ཡོངས་སུ་བྱང་བ་ཤེས་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་འཕགས་པའི་ལམ་སྒོམ་པ་དང་། བསམ་གཏན་དང་ཏིང་ངེ་འཛིན་ལ་སོགས་པ་སྒོམ་པའི་ཚེ། ཉན་ཐོས་ལྟར་མྱ་ངན་ལས་འདའ་བ་མངོན་སུམ་དུ་བྱ་བའི་
ཕྱིར་ནི་མི་སྒོམ་གྱི་སེམས་ཅན་གྱི་དོན་དུ་ཆོས་རྣམས་ལ་འདྲིས་ཤིང་ཡོངས་སུ་བྱང་བར་བྱ་བའི་ཕྱིར་སྒོམ་ཞིང་སྦྱོར་བ་ལ་འདྲིས་པ་ཤེས་པ་ཞེས་བྱའོ། །སྒྲ་ཇི་བཞིན་ཤེས་པ་གང་ཞེ་ན། དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཏེ་ཞེས་
བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྐད་རྣམ་པ་སྣ་ཚོགས་ཇི་ལྟ་བ་བཞིན་དུ་མཁྱེན་པ་ལ་སྒྲ་ཇི་བཞིན་ཤེས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་དབང་པོ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด