ตัวบทไม่มีชื่อ — ประโยคแรก: འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๙๓ · หน้า 1b
༄༅༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་
གྱུར་པ་ལ་ཕྱག་འཚལ་ལོ། །ཤེས་རབ་བདག་ཉིད་ཕ་རོལ་ཕྱིན་པའི་གཙོ། །རྒྱལ་བའི་ཡུམ་ལ་གུས་པར་ཕྱག་འཚལ་ཏེ། །བླ་མའི་ལུང་གིས་བདག་ལ་ཕན་པའི་ཕྱིར། །འདི་ཡི་གཞུང་འགྲེལ་
གནོད་འཇོམས་བྱ་བར་འདོད། །དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་དང་། དམ་པའི་ཆོས་ཀྱི་ཚོགས་སྲུང་བར་གཏོགས་པའི་ཕྱིར་འཕགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་
རྡོ་རྗེ་ལ་འཁོར་གྱི་ནང་དུ་དྲིས་པ་དང་། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་འདི་སྐད་བདག་གིས་ཐོས་པ་ཡིན་པར་འཕགས་པ་བྱམས་པ་ལ་ཁས་འཆེས་སོ། །
བཅོམ་ལྡན་འདས་ཀྱིས་འདི་སྐད་བཤད་དོ་ཞེས་ཅིའི་ཕྱིར་མ་བརྗོད་ཅེ་ན། བཅོམ་ལྡན་འདས་ཀྱིས་བསྟན་པ་རྔོམ་བརྗིད་འདི་རང་གི་ཡུལ་མ་ཡིན་པའི་ཕྱིར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་
เล่ม ๙๓ · หน้า 2a
ཁམས་སྣ་ཚོགས་ནས་འདུས་པའི་འདུལ་བའི་རིགས་དང་། བསམ་པ་དང་། སྤྱོད་པ་དང་། མོས་པ་དང་། དབང་པོ་ཐ་དད་པ་རྣམས་ལ་སྐད་ཅིག་གཅིག་ལ་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་
པ་དང་། ཞི་བ་དང་། མི་སྐྱེ་བ་དང་། མི་འགག་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་ལ་སོགས་པའི་བྱེ་བྲག་དང་། ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་
བ་དང་། འཕགས་པའི་བདེན་པ་ལ་སོགས་པའི་བྱེ་བྲག་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་ལ་སོགས་པའི་བྱེ་བྲག་དང་། སྟོབས་བཅུ་དང་། མི་
འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པའི་བྱེ་བྲག་གིས་སྐད་སྣ་ཚོགས་དང་། སྒོ་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། ཆོ་འཕྲུལ་སྣ་ཚོགས་དང་། འཇུག་པ་སྣ་ཚོགས་དང་། འབྲས་བུ་ཐོབ་པ་སྣ་
ཚོགས་ཀྱིས་སྐད་ཅིག་དེ་ཉིད་ལ་བཤད་པ་མཁྱེན་པ་གཅིག་གིས་སྟོན་པ་སྟེ། ཇི་སྐད་དུ་ཞི་བའི་བློ་གྲོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན། སེམས་ཅན་དུ་བསྡུ་བར་བསྡུས་པའི་སེམས་ཅན་ཇི་སྙེད་
เล่ม ๙๓ · หน้า 2b
ཡོད་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་པའི་སེམས་ཅན་གྱི་ཁམས་ནི་ཆེས་མང་གི། སའི་ཁམས་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་སྟེ། ཞི་བའི་བློ་གྲོས་ཡོངས་སུ་བརྟགས་པ་ཉེ་བར་བཟུང་ན་སེམས་ཅན་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། ཞི་བའི་བློ་གྲོས་སེམས་ཅན་
དེ་དག་ཐམས་ཅད་འདི་ལྟ་སྟེ། གནས་བརྟན་ཤ་ར་དྭ་ཏིའི་བུའི་ཤེས་རབ་དང་། ཡེ་ཤེས་དེ་ལྟ་བུ་དང་ལྡན་པར་གྱུར་ལ། ཤ་ར་དྭ་ཏིའི་བུའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་གང་ཡིན་པའི་ཤེས་རབ་དང་། ཡེ་ཤེས་དེ་སེམས་ཅན་གཅིག་དང་ལྡན་པར་གྱུར་ཅིང་རྣམ་གྲངས་འདིས་
སེམས་ཅན་ཐམས་ཅད། ཤེས་རབ་དང་ཡེ་ཤེས་དེ་ལྟ་བུ་དང་ལྡན་པར་གྱུར་ལ། ཞི་བའི་བློ་གྲོས་སེམས་ཅན་དེ་དག་ཐམས་ཅད་ཀྱིས་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཐེ་ཚོམ་གྱི་དྲི་བ་བསམས་ཤིང་གཞལ་ཏེ་ཡོངས་སུ་བཙལ་ལ་སེམས་ཅན་གཅིག་གི་ཐེ་ཚོམ་གྱི་དྲི་བ་གང་ཡིན་པ་དེ་ནི་གཉིས་
པའི་མ་ཡིན་ཞིང་། ཞི་བའི་བློ་གྲོས་རྣམ་གྲངས་འདིས་སེམས་ཅན་ཐམས་ཅད་ཀྱིས་ཐེ་ཚོམ་གྱི་དྲི་བ་ཐ་དད་པ་བསམས་ཏེ། བཅོམ་ལྡན་འདས་ཀྱི་གན་དུ་དོང་ནས་སེ་གོལ་གཏོགས་པ་སྲིད་ལ། ཐེ་ཚོམ་གྱི་དྲི་བ་དེ་དག་གསོལ་ཀྱང་། དེས་སེམས་གཅིག་གི་རྗེས་སུ་ཞུགས་པའི་དྲན་པས་ཐམས་
ཅད་བཟུང་ནས་གསུང་རྣམ་པ་གཅིག་གིས་དེ་དག་གི་ཐེ་ཚོམ་གྱི་དྲི་བ་ཐམས་ཅད་གཅོད་དོ། །དེ་དག་ཐམས་ཅད་ཀྱང་རང་རང་གི་ཐེ་ཚོམ་གྱི་དྲི་བ་ཆད་པར་ཤེས་ཤིང་། བཅོམ་ལྡན་འདས་ཀྱིས་ཞུས་པ་ལུང་བསྟན་པས་ཐམས་ཅད་ཀྱང་སེམས་རངས་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་
ལྟ་བུའོ། །དེ་བཞིན་གཤེགས་པས་གདུལ་བྱ་རྣམས་ལ་བསྟན་པའི་རིམ་པ་དེ་ནི་རྣམ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །སྤྱོད་ཡུལ་དུ་གང་གྱུར་པ་དེ་ཡང་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱི་ཡན་ལག་གི་རིམ་པས་སྟོན་མི་ནུས་སོ། །དེ་བས་ན་ཆོས་ཡང་
དག་པར་སྡུད་པར་བྱེད་པ་རྣམས་ཀྱི་བདག་གི་སྤྱོད་ཡུལ་དུ་གྱུར་པ་གང་ཡང་རུང་བའི་ཆོས་བཤད་པའི་སྒོ་བཟུང་ནས། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་བདག་གི་རྣ་བས་ཐོས་པའི་ལམ་ནས་འོངས་པའི་རིམ་པ་བསྟན་ཏེ། བཤད་པའི་ཐ་མར་ཡང་འདི་བཀའ་སྩལ་ཏོ་ཞེས་མཇུག་བརྟུལ་གྱི་དེ་
เล่ม ๙๓ · หน้า 3a
སྐད་བཀའ་སྩལ་ཏོ་ཞེས་ནི་མ་བརྗོད་དོ། །དོན་དམ་པ་ནི་བརྗོད་དུ་མེད་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་ཀྱིས་གཞན་དག་ལ་ཆོས་མི་སྟོན་ཏོ། །དེ་བཞིན་གཤེགས་པ་ནི་རྣམ་པར་མི་རྟོག་པ་ལྷུན་
གྱིས་གྲུབ་པ་དང་རྟག་ཏུ་མཉམ་པར་གཞག་པ་ཡིན་ཡང་འོན་ཀྱང་སྔོན་གྱི་སྨོན་ལམ་གྱི་མཐུ་དང་། སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་གདུལ་བྱ་རྣམས་བདག་བདག་གི་སྐད་རྣམས་ཀྱིས་ཆོས་བསྟན་པ་འབྱུང་སྙམ་དུ་དེ་ལྟ་དེ་ལྟར་ཤེས་སོ། །ཇི་སྐད་དུ་ཞི་བའི་བློ་གྲོས་གང་གི་ནུབ་མོ་དེ་བཞིན་
གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་ལེན་པ་མི་མངའ་བར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པས་ཐ་ན་ཡི་གེའི་འབྲུ་གཅིག་ཀྱང་མ་གསུངས་སོ། །གསུང་བར་
མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་གཞག་པ་སྟེ། དེ་བཞིན་གཤེགས་པ་ལ་དབུགས་དབྱུང་བའམ་རྔུབ་པ་མི་མངའོ། །རྣམ་པར་མི་རྟོག་གོ། །རྣམ་པར་མི་དཔྱོད་དོ། །རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་མེད་
ན་ངག་མི་འབྱུང་སྟེ། དེ་བཞིན་གཤེགས་པ་དེ་ཡང་རྣམ་པར་མི་རྟོག །རྣམ་པར་མི་དཔྱོད། རྣམ་པར་རིག་པར་མི་མཛད། རྣམ་པར་རྟོག་པར་མི་མཛད། མི་གསུང་། མི་བརྗོད། གསུང་བར་མི་མཛད་ཀྱང་སེམས་ཅན་རྣམས་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་
འདི་གསུང་ངོ་སྙམ་མོ། །དེ་བཞིན་གཤེགས་པ་ནི་ཤིན་ཏུ་མཉམ་པར་གཞག་པ་སྟེ། ཡི་གེ་རྣམ་པར་རིག་པ་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་རིག་པར་མི་མཛད་ཀྱང་། སེམས་ཅན་ཡི་གེ་ལྷུར་ལེན་པ་རྣམས་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ནི་བདག་ཅག་ལ་ཆོས་
སྟོན་ནོ་སྙམ་མོ། །དེ་བཞིན་གཤེགས་པའི་གསུང་གི་སྒྲ་འབྱུང་བ་དེ་ནི་ནམ་མཁའ་ལས་འབྱུང་ན་སེམས་ཅན་རྣམས་འདི་སྙམ་དུ་སེམས་ཏེ། སྒྲ་འདི་ནི་དེ་བཞིན་གཤེགས་པའི་ཞལ་གྱི་སྒོ་ནས་འབྱུང་ངོ་སྙམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཆོས་ཀྱི་སྐུའི་དབང་གིས་འབྱུང་བས་ན་
เล่ม ๙๓ · หน้า 3b
དམ་པའི་ཆོས་ལ་རིམ་གྲོ་བསྐྱེད་པའི་ཕྱིར་དེ་ལྟར་འབྱུང་བའི་བརྟན་པ་ཐ་མར་མཇུག་བསྡུ་བར། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཞེས་བསྟན་ཏོ། །དུས་གཅིག་ན་ཞེས་བྱ་བ་ནི་གང་ཡང་རུང་བའི་དུས་ན་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་དུས་ངེས་པ་མ་མཛད་ཅེ་ན། དགོས་
པ་མེད་པའི་ཕྱིར་ཏེ། དེ་ལ་ཉི་མ་འདི་ལ། ཚེས་གྲངས་འདི་ལ། ཟླ་བ་འདི་ལ། དུས་འདི་ལ་ཞེས་བྱ་བའི་ཚིག་ནི་གང་དུ་ཡང་དགོས་པ་མེད་དེ། མི་དགོས་པ་ནི་བཤད་པར་མི་རིགས་སོ། །མཆོད་རྟེན་གྱི་གནས་བསྟན་པ་ནི། སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་སྤེལ་བར་བྱ་
བ་དང་། རྩོད་པ་མེད་པའི་ཕྱིར་གནས་བསྟན་པ་ནི་རིགས་སོ། །ཡང་ན་རྩོད་པ་མེད་པར་བྱ་བའི་ཕྱིར་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ནི་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ཀྱི་ཚེ་འཇིག་རྟེན་གྱི་ཁམས་སྣ་ཚོགས་དང་། གནས་སྣ་ཚོགས་སུ་གདུལ་བྱ་ཐ་དད་པའི་བྱང་ཆུབ་སེམས་དཔའ་རྣམས་
སམ། གཞན་དག་ལ་ཡང་བཤད་པ་སྣ་ཚོགས་ཀྱིས་བསྟན་པར་སྣང་བའི་ཕྱིར་ཏེ། གལ་ཏེ་དེ་དག་ཐམས་ཅད་གཅིག་ཏུ་འདུས་པར་གྱུར་ན་བྱང་ཆུབ་སེམས་དཔའ་འམ་གཞན་དག་ཀྱང་རུང་སྟེ། འདི་སྐད་དུ་དེའི་ཚེ་ན་དེ་བཞིན་གཤེགས་པ་ནི་འཇིག་རྟེན་གྱི་ཁམས་འདིར་ཡུལ་འདི་ཞེས་
བྱ་བ་ན་བདག་ཅག་གི་དེ་ན་བཞུགས་སོ། །བདག་ཅག་གི་དེ་ན་བཞུགས་སོ། །ཞེས་བ་རྩོད་པ་འམ་ཡིད་གཉིས་སུ་འགྱུར་ཏེ། དེ་ལྟ་བུར་འགྱུར་གྱིས་དོགས་པའི་ཕྱིར་ཐམས་ཅད་དུ་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་དུས་ངེས་པ་མ་མཛད་དོ། །ཡང་ན་རྒྱལ་པོའི་ཁབ་ཏུ་ལན་
མང་དུ་བཞུགས་པའི་ཕྱིར་རྒྱལ་པོའི་ཁབ་ན་བཞུགས་པའི་དུས་གཅིག་ཅིག་ན་ཞེས་བཤད་པར་བཞེད་ནས། གཅིག་ན་ཞེས་བྱ་བའི་ཚིག་སྨོས་པར་སྦྱར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་དང་ལྡན་པའམ། ཡང་ན་འདི་ལ་ལེགས་པ་མངའ་བས་ན་བཅོམ་ལྡན་འདས་
ཞེས་བྱ་སྟེ། ལེགས་པ་ཞེས་བྱ་བ་ནི་དབང་ཕྱུག་དང་། ཡེ་ཤེས་དང་། གྲགས་པ་དང་། དཔལ་དང་། བསོད་ནམས་དང་། བརྩོན་འགྲུས་རྣམས་ལ་བྱའོ། །དེ་དག་ཐམས་ཅད་ཀྱང་དོན་དམ་པར་ན་དེ་བཞིན་གཤེགས་པ་ཉིད་ལ་མངའ་བས་ན། བཅོམ་ལྡན་འདས་ཞེས་བྱའོ། །
เล่ม ๙๓ · หน้า 4a
རྒྱལ་པོའི་ཁབ་ན་བཞུགས་ཞེས་བྱ་བ་ནི་བཞུགས་པ་རྣམ་པ་བཞི་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང་། འཆད་པས་བཞུགས་པ་དང་། སྙོམས་པར་འཇུག་པས་བཞུགས་པ་དང་། ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །སྐུའི་ཕྲིན་ལས་སུ་བགྲང་བ་
གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་སྤྱོད་ལམ་གྱིས་བཞུགས་པའོ། །གསུང་གི་ཕྲིན་ལས་གང་ཡིན་པ་དེ་དག་ནི་འཆད་པས་བཞུགས་པའོ། །ཐུགས་ཀྱི་ཕྲིན་ལས་གང་ཡིན་པ་དེ་ནི་དེ་དག་ལས་གཞན་པའི་བཞུགས་པ་གཉིས་ཏེ། རྟག་ཏུ་མཉམ་པར་གཞག་པའི་ཕྱིར་ཏེ་ཏིང་ངེ་འཛིན་
དང་སྙོམས་པར་འཇུག་པ་བཞི་སྙོམས་པར་འཇུག་པས་བཞུགས་པའོ། །ཐུགས་རྗེ་ཆེན་པོས་འཇིག་རྟེན་ལ་གཟིགས་པ་དང་། ལྷ་ལ་སོགས་པ་འོང་བ་ནི་ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཞེས་བྱ་བ་ནི། ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་གཉིས་
བསྡུ་བའི་ཕྱིར་དང་། གཟུགས་ཀྱི་སྐུ་དང་། ཆོས་ཀྱི་ཚོགས་ཀྱིས་ཕན་འདོགས་པར་བསྟན་པའི་ཕྱིར་གནས་གཉིས་སྨོས་སོ། །ཞམ་འབྲིང་བ་ཕུན་སུམ་ཚོགས་པར་བསྟན་པའི་ཕྱིར། །དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞམ་འབྲིང་བ་
དགེ་སློང་དང་། ཞམ་འབྲིང་བ་བྱང་ཆུབ་སེམས་དཔའ་ལ་སོགས་པའོ། །གཉི་ག་ཡང་ཤིན་ཏུ་སྦྱིན་གནས་སུ་གྱུར་པ་ཡིན་མོད་ཀྱི་འཇིག་རྟེན་ན་ཀུན་གྱིས་བཀུར་བའི་ཕྱིར་དང་། མི་འབྲལ་བའི་ཕྱིར་དང་། འཇིག་རྟེན་ཐམས་ཅད་ཀྱི་ཐུན་མོང་ཡིན་པའི་ཕྱིར་དང་པོར་ཞམ་འབྲིང་བ་དགེ་སློང་སྨོས་
སོ། །དེ་ལ་དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་ནི་སྔར་ནི་སྤྱིར་སྨོས་ལ། ཕྱིས་དགེ་སློང་ལྔ་སྟོང་ཙམ་དང་ཞེས་བྱ་བ་བྱེ་བྲག་སྨོས་ཏེ། སྤྱི་དང་བྱེ་བྲག་གིས་བསྟན་པ་བྱས་ན་ཤིན་ཏུ་འབྲེལ་བར་འགྱུར་རོ། །ཞམ་འབྲིང་བའི་མང་བ་ཉིད་བསྟན་ནས། ཆེ་བ་ཉིད་བསྟན་པར་བྱ་བའི་ཕྱིར། ཐམས་
ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ་ཞེས་བྱ་བ་ལ་སོགས་པ་ཡོན་ཏན་ཕུན་སུམ་ཚོགས་པ་འོག་མ་རྣམས་སྨོས་སོ། །ཐམས་ཅད་ཀྱང་དགྲ་བཅོམ་པ་ཞེས་བྱ་བས་ནི་ཐམས་ཅད་ཀྱང་དགྲ་བཅོམ་པ་ཁོ་ན་ཤ་སྟག་སྟེ། དེ་ན་སློབ་པ་དང་། སོ་སོའི་སྐྱེ་བོ་དག་མེད་པར་བསྟན་པ་ཡིན་ནོ། །
เล่ม ๙๓ · หน้า 4b
དགྲ་བཅོམ་པ་ཞེས་བྱ་བ་ནི་དགྲ་རྣམས་བཅོམ་པ་འམ། འཁོར་བར་ཕྱིར་མི་སྐྱེ་བའི་ཆོས་ཉིད་དམ། རང་གི་དོན་མཐའ་དག་ཡོངས་སུ་རྫོགས་པའམ་གཞན་དག་ལ་རྗེས་སུ་སྟོན་པར་བྱེད་པར་འོས་ཏེ་ནུས་པའམ། དགེ་འདུན་དཀོན་མཆོག་ཅེས་བྱ་བར་འོས་པའམ། ཁམས་གསུམ་གྱི་གཙོ་
བོ་རྣམས་ཀྱིས་རྣམ་པ་དུ་མས་མཆོད་པར་འོས་པའམ། རྒྱུན་མི་ཆད་པར་དེ་བཞིན་གཤེགས་པ་ལ་སྒྲུབ་པའི་མཆོད་པས་མཆོད་ཅིང་རྗེད་པས་ན་དགྲ་བཅོམ་པ་ཤ་སྟག་གོ། །ཟག་པ་ཟད་པ་ཞེས་བྱ་བ་ནི་ཆོས་བཞིས་མི་དགེ་བའི་རྩ་བ་རྣམས་ཟག་པར་བྱེད་པའམ། ཉོན་མོངས་པ་མི་གཙང་བ་
ཟག་པར་བྱེད་པས་ན་ཟག་པ་ཞེས་བྱ་སྟེ། གཟུགས་ལ་སོགས་པ་ཡུལ་ལྔ་དང་། སྲིད་པ་གསུམ་དང་། ལྷན་ཅིག་སྐྱེས་པ་དང་ཀུན་བརྟགས་པའི་མ་རིག་པ་དང་། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་དེ་དག་ནི་འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་
དང་། ལྟ་བའི་ཟག་པ་ཞེས་བྱའོ། །མི་སློབ་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་ཕུང་པོས་ནི་འདོད་པའི་ཟག་པ་ཟད་དོ། །མི་སློབ་པའི་ཤེས་རབ་ཀྱི་ཕུང་པོས་ནི་ལྟ་བའི་ཟག་པ་ཟད་དོ། །མི་སློབ་པའི་རྣམ་པར་གྲོལ་བའི་ཕུང་པོས་ནི་སྲིད་པའི་ཟག་པ་ཟད་དོ། །མི་སློབ་པའི་རྣམ་
པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོས་ནི་མ་རིག་པའི་ཟག་པ་ཟད་དོ། །ཡང་ན་ཚུལ་ཁྲིམས་ཡོངས་སུ་རྫོགས་པའི་ས་མཐོང་བའི་ལམ་ན་ཡང་དག་པའི་ལྟ་བས་ནི་ལྟ་བའི་ཟག་པ་ཟད་དོ། །ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་ས་ཕྱིར་མི་འོང་བའི་ལམ་ན་ཡང་དག་པའི་ཏིང་ངེ་འཛིན་
གྱིས་ནི་འདོད་པའི་ཟག་པ་ཟད་དོ། །ཤེས་རབ་ཡོངས་སུ་རྫོགས་པའི་ས་དགྲ་བཅོམ་པའི་ལམ་ན་ཡང་དག་པའི་ཤེས་པ་རྣམ་པར་གྲོལ་བས་ནི་མ་རིག་པའི་ཟག་པ་ཟད་དོ། །རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པའི་སར་ཟད་པ་དང་མི་སྐྱེ་བ་ཤེས་པ་གཉིས་ཀྱིས་ནི་སྲིད་པའི་ཟག་པ་ཟད་
དོ། །ཡང་ན་དགྲ་བཅོམ་པའི་ལམ་ན་འདོད་པའི་རྒྱུ་ཡོངས་སུ་ཤེས་པས་འདོད་པའི་ཟག་པ་ཟད་དོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་འབྱུང་བས་ན་འདུ་བྱེད་ཀྱི་རྒྱུ་ཡོངས་སུ་ཤེས་པས་མ་རིག་པའི་ཟག་པ་ཟད་དོ། །ཉོན་མོངས་པའི་རྒྱུ་ཡོངས་སུ་ཤེས་པས་ལྟ་བའི་ཟག་པ་
เล่ม ๙๓ · หน้า 5a
ཟད་དོ། །ཕུང་པོའི་རྒྱུ་ཡོངས་སུ་ཤེས་པས་སྲིད་པའི་ཟག་པ་ཟད་དོ། །ཡང་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དམིགས་པ་ལས་ལྟ་བ་ཐམས་ཅད་འབྱུང་བས་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པས་ལྟ་བའི་ཟག་པ་ཟད་དོ། །ཀུན་འབྱུང་བའི་བདེན་པ་སྤངས་
པས་འདོད་པའི་ཟག་པ་ཟད་དོ། །འགོག་པ་མངོན་སུམ་དུ་བྱས་པས་སྲིད་པའི་ཟག་པ་ཟད་དོ། །ལམ་གྱི་བདེན་པ་བསྒོམས་པས་མ་རིག་པའི་ཟག་པ་ཟད་དོ། །འདོད་པའི་ཟག་པ་སྤངས་པས་ལྷའི་བུའི་བདུད་ཆོམས་སོ། །སྲིད་པའི་ཟག་པ་སྤངས་པས་འཆི་བའི་བདུད་ཆོམས་སོ། །མ་
རིག་པའི་ཟག་པ་སྤངས་པས་ཉོན་མོངས་པའི་བདུད་ཆོམས་སོ། །ལྟ་བའི་ཟག་པ་སྤངས་པས་ཕུང་པོའི་བདུད་ཆོམས་སོ། །བདུད་བཞི་ལས་རྒྱལ་བ་ལས་ཟག་པ་ཟད་པ་ཞེས་བྱའོ། །ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་
པར་བྱེད་པས་ཉོན་མོངས་པ་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པའོ། །འདིས་ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའོ། །ཉོན་མོངས་པར་འགྱུར་བས་ཉོན་མོངས་པ་སྟེ་རྣམ་པར་སྨིན་པའི་ཕུང་པོའི་ཀུན་ནས་ཉོན་མོངས་པའོ། །རྒྱུ་འདི་ལས་ཉོན་མོངས་པར་འགྱུར་
བས་སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །དེ་ལ་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་གོ་ཞེས་བྱ་བས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་མེད་དོ། །འདུ་བྱེད་རྣམས་འགགས་པས་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་འགག་
གོ་ཞེས་བྱ་བས་ནི། རྣམ་པར་སྨིན་པའི་ཀུན་ནས་ཉོན་མོངས་པ་མེད་དོ། །སྲིད་པ་འགགས་པས་སྐྱེ་བ་དང་རྒ་ཤི་འགག་གོ་ཞེས་བྱ་བས་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མེད་དོ། །དེ་ལྟ་བས་ན་སྡུག་བསྔལ་བར་བྱེད་པ་གང་ཡིན་པ་དང་། གང་གིས་སྡུག་བསྔལ་བར་བྱེད་པ་དང་། སྡུག་
བསྔལ་བ་གང་ཡིན་པ་དང་། སྡུག་བསྔལ་གྱི་རྒྱུ་གང་ཡིན་པ་དེ་དག་སྤངས་པ་བསྟན་ཏོ། །གཞན་ཡང་ལས་ཀྱི་ཀུན་ནས་ཉོན་མོངས་པ་སྤངས་པས་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་འཐོབ་བོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྤངས་པས་ཁ་ན་མ་ཐོ་བ་མེད་པའི་བདེ་བ་འཐོབ་བོ། །
เล่ม ๙๓ · หน้า 5b
རྣམ་པར་སྨིན་པའི་ཀུན་ནས་ཉོན་མོངས་པ་སྤངས་པས་ཉེ་བར་ཞི་བའི་བདེ་བ་འཐོབ་བོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྤངས་པས་ཕུང་པོ་མེད་པའི་བདེ་བ་འཐོབ་སྟེ། བདེ་བར་བྱེད་པ་གང་ཡིན་པ་དང་། གང་གིས་བདེ་བར་བྱེད་པ་དང་། བདེ་བ་གང་ཡིན་པ་དང་། བདེ་བའི་རྒྱུ་གང་ཡིན་པ་དེ་དག་
ཐོབ་པ་ནི་ཉོན་མོངས་པ་མེད་པ་ཞེས་བཤད་དོ། །དགྲ་བཅོམ་པ་ཞེས་བྱ་བས་ནི་སྦྱིན་གནས་ཀྱི་ཡོན་ཏན་བསྟན་ཏོ། །ཟག་པ་ཟད་ཅེས་བྱ་བས་ནི་དག་པའི་ཡོན་ཏན་བསྟན་ཏོ། །ཉོན་མོངས་པ་མེད་ཅེས་བྱ་བས་ནི་སྡུག་བསྔལ་མེད་པར་བསྟན་ཏེ། འདི་ནི་དེ་གསུམ་གྱི་བྱེ་བྲག་གོ། །དབང་
དང་ལྡན་པར་གྱུར་པ་ཞེས་བྱ་བས་ནི་དེ་དག་གི་དབང་དུ་འཇིག་རྟེན་རྣམས་གྱུར་པའམ། འཇིག་རྟེན་རྣམས་ཀྱི་དབང་དུ་བདག་གྱུར་ཏེ་སྡུག་པར་གྱུར་པའམ། དེ་དག་གི་སེམས་དབང་དུ་བྱས་པའམ། དབང་རྣམས་ཐོབ་པའི་ཕྱིར་དབང་དང་ལྡན་པར་གྱུར་པ་ཞེས་བྱའོ། །དབང་ནི་བཞི་སྟེ། རྫུ་འཕྲུལ་
ལ་དབང་བ་དང་། དབང་པོ་ལ་དབང་བ་དང་། ཏིང་ངེ་འཛིན་ལ་དབང་བ་དང་། ཤེས་རབ་ལ་དབང་བའོ། །དེ་ལ་རྫུ་འཕྲུལ་ལ་དབང་བས་ནི་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་དེ་དག་གི་དབང་དུ་འགྱུར་རོ། །དབང་པོ་ལ་དབང་བས་ནི་སྤྱོད་ལམ་ཉེ་བར་ཞི་བས་དེ་དག་ལ་འཇིག་རྟེན་
དགའ་བ་སྐྱེས་སོ། །ཏིང་ངེ་འཛིན་ལ་དབང་བས་ནི་དེ་དག་གི་སེམས་དབང་དུ་བྱས་སོ། །ཤེས་རབ་ལ་དབང་བས་ནི་ཉོན་མོངས་པ་དང་། ལས་དང་། རྣམ་པར་སྨིན་པ་ཐམས་ཅད་བཅད་དེ། འཆིང་བ་ལས་གྲོལ་བ་བཞིན་དུ་རང་དབང་དུ་གྱུར་པའི་ཕྱིར་དབང་ཐོབ་པའོ། །དེ་ལ་དབང་པོ་
ལ་དབང་བས་ནི་སྤྱོད་ལམ་གྱིས་བཞུགས་པ་ཐོབ་པའོ། །ཏིང་ངེ་འཛིན་ལ་དབང་བས་ནི་ལྷའི་བཞུགས་པ་དང་། ཚངས་པའི་བཞུགས་པ་ཐོབ་པོ། །རྫུ་འཕྲུལ་ལ་དབང་བས་ནི་མངོན་པར་ཤེས་པས་རྣམ་པར་རོལ་པའི་བཞུགས་པ་ཐོབ་པོ། །ཤེས་རབ་ལ་དབང་བས་ནི་འཕགས་པའི་
བཞུགས་པ་ཐོབ་པོ། །དེ་ལ་དབང་པོ་ལ་དབང་བས་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་སོ། །རྫུ་འཕྲུལ་ལ་དབང་བས་ནི་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་སོ། །ཏིང་ངེ་འཛིན་ལ་དབང་བས་ནི་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་སོ། །ཤེས་རབ་ལ་དབང་བས་ནི་རྣམ་
เล่ม ๙๓ · หน้า 6a
པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་སོ། །ཚུལ་ཁྲིམས་ཀྱིས་ནི་ཉེས་པར་སྤྱོད་པའི་འཆིང་བ་ལས་རྣམ་པར་གྲོལ་ལོ། །ཏིང་ངེ་འཛིན་གྱིས་ནི་སྲིད་པའི་འཆིང་བ་ལས་རྣམ་པར་གྲོལ་ལོ། །ཤེས་རབ་ཀྱིས་ནི་ལྟ་བ་ངན་པའི་འཆིང་བ་ལས་རྣམ་པར་གྲོལ་ལོ། །
རྣམ་པར་གྲོལ་བས་ནི་སྲིད་པའི་འཆིང་བ་ལས་རྣམ་པར་གྲོལ་ལོ། །དེ་བས་ན་འཆིང་བ་ལས་རྣམ་པར་གྲོལ་བའི་ཕྱིར་རང་དབང་གྲུབ་པོ། །རང་དབང་ཡོད་པས་ན་རང་ཉམས་ཐོབ་པའི་ཕྱིར་དབང་དང་ལྡན་པར་གྱུར་པ་ཞེས་བྱའོ། །སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བས་ནི་
སྲིད་པའི་ཕྱོགས་ཀྱི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་མེད་པར་བསྟན་ཏོ། །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བས་ནི་མ་རིག་པའི་ཕྱོགས་རྣམས་མེད་པར་བསྟན་ཏོ། །འདི་ལྟར་འདོད་ཆགས་དང་རྣམ་པར་བྲལ་བའི་ཕྱིར་སེམས་ཤིན་ཏུ་རྣམ་པར་གྲོལ་བས་སེམས་ཤིན་
ཏུ་རྣམ་པར་གྲོལ་བ་ཞེས་བྱའོ། །མ་རིག་པ་དང་རྣམ་པར་བྲལ་བའི་ཕྱིར་ཤེས་རབ་རྣམ་པར་གྲོལ་བས་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་ལ་སྲེད་པའི་ཕྱོགས་ཀྱི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་སྤངས་པས་འཐོབ་པར་བྱ་བའི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་
པ་ཐོབ་པ་ནི་སེམས་རྣམ་པར་གྲོལ་བ་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་སྤངས་པས་འཐོབ་པར་བྱ་བ་དགྲ་བཅོམ་པའི་ལམ་གྱི་ཤེས་པ་ནི་ཤེས་རབ་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་ལ་སེམས་རྣམ་པར་གྲོལ་བ་ཐོབ་པས་ནི་སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ལོ། །
ཤེས་རབ་རྣམ་པར་གྲོལ་བ་ཐོབ་པས་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ལོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དག་ནི་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང་། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱའོ། །ཅང་ཤེས་པ་ཞེས་བྱ་བ་ནི་མི་འཇིགས་པ་སྟེ། འཇིགས་པ་མེད་
པའི་ཕྱིར་མདོ་ལས་ཅང་ཤེས་ལྔ་གསུངས་པ་སྟེ། ལྕེ་འབབ་པ་ལ་སོགས་པའི་བག་ཚ་བ་འབྱུང་བར་དོགས་པ་མེད་པས་ཁྱུ་མཆོག་ཅང་ཤེས་དང་། འཐབ་མོའི་འཇིགས་པ་མེད་པས་གླང་པོ་ཆེ་དང་། རྟ་ཅང་ཤེས་དང་། གཞན་གྱི་གནོད་པ་བྱེད་པའི་འཇིགས་པ་མེད་པས་སེང་གེ་
เล่ม ๙๓ · หน้า 6b
ཅང་ཤེས་དང་། འཆི་བའི་འཇིགས་པ་མེད་པས་དགྲ་བཅོམ་པ་ཅང་ཤེས་སོ། །མདོར་ན་བག་ཚ་བ་རྣམ་པ་བཞི་སྟེ། སྡུག་བསྔལ་གྱིས་བག་ཚ་བ་དང་། འཇིགས་པས་བག་ཚ་བ་དང་། འཇིག་རྟེན་གྱི་ཆོས་ཀྱིས་བག་ཚ་བ་དང་། མི་ཤེས་པས་བག་ཚ་བའོ། །བག་ཚ་བ་དེ་རྣམས་
མེད་པས་བདེ་བ་ཐོབ་པ་དང་། མི་སྐྲག་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པ་དང་། དབུགས་དབྱུང་བ་ཐོབ་པ་ཞེས་བྱ་སྟེ། གོ་རིམས་བཞིན་ནོ། །དེ་ལ་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་རྣམས་མེད་པས་མྱ་ངན་མེད་པའི་ཕྱིར་སྡུག་
བསྔལ་གྱི་བག་ཚ་བ་མེད་དོ། །བདག་གིས་སྨད་པ་དང་། གཞན་གྱིས་སྨད་པ་དང་། ངན་འགྲོ་དང་འཚེ་བ་མེད་པ་དང་། ཆད་པས་གཅོད་པ་དང་། ཚིགས་སུ་བཅད་པ་མེད་པ་དང་། འཆི་བས་འཇིགས་པ་རྣམས་མེད་པས་འཇིགས་པའི་བག་ཚ་བ་མེད་དོ། །རྙེད་པ་དང་། མ་རྙེད་
པ་དང་། གྲགས་པ་དང་། མ་གྲགས་པ་དང་། བསྟོད་པ་དང་། སྨད་པ་དང་། བདེ་བ་དང་། སྡུག་བསྔལ་གྱི་གོས་པ་མེད་པས་འཇིག་རྟེན་གྱི་ཆོས་ཀྱིས་བག་ཚ་བ་མེད་དོ། །མི་ཤེས་པས་དང་། ཐེ་ཚོམ་གྱི་ཤེས་པ་དང་། ལོག་པར་ཤེས་པ་བར་དུ་གཅོད་པ་རྣམས་མེད་པས་མི་
ཤེས་པའི་བག་ཚ་བ་མེད་དོ། །དེ་ལྟ་བས་ན་བག་ཚ་བ་མེད་པའི་ཕྱིར་ཅང་ཤེས་པ་ཞེས་བྱའོ། །གླང་པོ་ཆེན་པོ་ཞེས་བྱ་བ་ནི་གཙོ་བོ་ཆེན་པོ་ཞེས་བྱ་བའི་ཐ་ཚིག་སྟེ་ཁ་ཅིག་ནི་རིགས་པ་གསུམ་དང་ལྡན་པ། ཁ་ཅིག་ནི་སོ་སོ་ཡང་དག་པར་རིག་པ་ཐོབ་པ། ཁ་ཅིག་ནི་མངོན་པར་ཤེས་པ་དྲུག་
ཐོབ་པོ། །ཁ་ཅིག་ནི་ཤེས་པ་བརྡ་སྤྲོད་པ་དང་ལྡན་པ། ཁ་ཅིག་ནི་གནས་གཅིག་ཐོབ་པ་དག་སྟེ། ཁྱད་པར་དུ་འཕགས་པ་ཐོབ་པའི་ཆོས་རྙེད་པའི་ཕྱིར་གླང་པོ་ཆེན་པོ་ཞེས་བྱའོ། །བྱ་བ་བྱས་པ་བྱེད་པ་བྱས་པ་ཞེས་བྱ་བ་ནི་ཀུན་ཏུ་རྫོགས་པ་ཉིད་དུ་བསྟན་པ་སྟེ། བྱ་བར་ངེས་པ་
ལ་ནི་བྱ་བ་ཞེས་བྱའོ། །ཤར་ལ་བྱ་བ་ལ་ནི་བྱེད་པ་ཞེས་བྱའོ། །དེ་ལ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཡོངས་སུ་རྫོགས་པས་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་ཐར་པ་ནི་ལས་ཀྱི་གཙོ་བོ་སྟེ། དེ་དག་ཡོངས་སུ་རྫོགས་པས་བྱ་བ་བྱས་པ་ཞེས་བྱའོ། །
เล่ม ๙๓ · หน้า 7a
འདོད་པ་ཆུང་བས་འཚོ་བ་དང་། ཆོག་ཤེས་པས་འཚོ་བ་དང་། སྦྱངས་པའི་ཡན་ལག་གིས་འཚོ་བ་དང་། ཡང་དག་པར་མགུ་བར་བྱེད་པས་འཚོ་བ་ལ་སོགས་པས་འཚོ་བའི་བྱེ་བྲག་རྣམས་ཡོངས་སུ་རྫོགས་པར་བྱ་བ་ནི་རང་དགའ་དང་འབྲེལ་པའི་ཕྱིར་བྱེད་པ་ཞེས་བྱ་སྟེ།
དེ་ཡོངས་སུ་རྫོགས་པས་བྱེད་པ་བྱས་པ་ཞེས་བྱའོ། །དེ་བས་ན་བྱ་བ་བྱས་པ། བྱེད་པ་བྱས་པ་ཞེས་བྱ་བས་ནི་བསྒྲུབ་པའི་རྣམ་པ་ཐམས་ཅད་ཀུན་ཏུ་རྫོགས་པ་ཉིད་དུ་བསྟན་ཏོ། །ཁུར་བོར་བ་ཞེས་བྱ་བ་ལ། ཁུར་ནི་རྣམ་པ་བཞི་སྟེ། ཕུང་པོའི་ཁུར་དང་། ཉོན་མོངས་པའི་ཁུར་
དང་། དམ་བཅས་པའི་ཁུར་དང་། བརྩོན་པའི་ཁུར་རྣམས་ཏེ། ཁུར་བོར་བར་བྱ་བ་དང་། སྤང་བར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཁུར་ཏེ། གོ་རིམས་བཞིན་ནོ། །དེ་ལ་སྡུག་བསྔལ་ཡོངས་སུ་ཤེས་པས་ནི་ཕུང་པོའི་ཁུར་བོར་རོ། །
ཀུན་འབྱུང་བ་སྤངས་པས་ནི་ཉོན་མོངས་པའི་ཁུར་བོར་རོ། །ལམ་བསྒོམས་པས་ནི་དམ་བཅས་པའི་ཁུར་བོར་རོ། །འགོག་པ་མངོན་སུམ་དུ་བྱས་པས་ནི་བརྩོན་འགྲུས་ཀྱི་ཁུར་བོར་རོ། །དེ་ལ་ཕུང་པོའི་ཁུར་སྤངས་པས་ཕུང་པོ་མེད་པའི་བདེ་བ་ཐོབ་པོ། །ཉོན་མོངས་པའི་ཁུར་
སྤངས་པས་རྣམ་པར་གྲོལ་བའི་བདེ་བ་ཐོབ་པོ། །དམ་བཅས་པའི་ཁུར་མཐར་ཕྱིན་པར་བྱས་པས་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་འཐོབ་པོ། །བརྩོན་པའི་ཁུར་ཡོངས་སུ་རྫོགས་པར་བྱས་པས་ཉེ་བར་ཞི་བའི་བདེ་བ་ཐོབ་སྟེ། ཁུར་བོར་བ་ཞེས་བྱ་བས་ནི་ཁུར་བོར་བའི་བདེ་བ་ཐོབ་པར་
བསྟན་པ་ཡིན་ནོ། །བདག་གི་དོན་རྗེས་སུ་ཐོབ་པ་ཞེས་བྱ་བ་ལ། བདག་གི་དོན་རྗེས་སུ་ཐོབ་པ་ནི་རྣམ་པ་གཉིས་ཏེ། གནོད་པ་སྤངས་པ་དང་། དོན་ཐོབ་པའོ། །མ་རིག་པ་སྤངས་པས་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པར་གྱུར་པ་གང་ཡིན་པ་དེ་ནི་གནོད་པ་སྤངས་པ་ཞེས་
བྱའོ། །རིགས་པ་བསྐྱེད་ནས་མྱ་ངན་ལས་འདས་པ་ཐོབ་པ་གང་ཡིན་པ་དེ་ནི་དོན་ཐོབ་པ་ཞེས་བྱའོ། །སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ་ཞེས་བྱ་བ་ལ། སྲིད་པར་སྐྱེ་བར་བྱེད་པའི་ཀུན་ཏུ་སྦྱོར་བ་རྣམས་ནི་སྲིད་པར་ཀུན་དུ་སྦྱོར་བ་སྟེ། སྲིད་པ་དང་། མིར་ཀུན་ཏུ་སྦྱོར་བར་བྱེད་
เล่ม ๙๓ · หน้า 7b
པའམ། འཆིང་བར་བྱེད་པས་སྲིད་པར་ཀུན་ཏུ་སྦྱོར་བའོ། །དགུ་པོ་འདི་དག་ལས་ལྟ་བའི་ཀུན་ཏུ་སྦྱོར་བ་དང་། མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་དང་། ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་དང་གསུམ་ནི་ཟག་པ་མེད་པའི་ཡང་དག་པར་ལྟ་བས་སྤོང་ངོ་། །ཕྲག་དོག་གི་ཀུན་ཏུ་སྦྱོར་བ་དང་། སེར་
སྣའི་ཀུན་དུ་སྦྱོར་བ་དང་། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་གསུམ་དང་། སྲིད་པའི་འདོད་ཆགས་ཀྱི་ཀུན་ཏུ་སྦྱོར་བའི་ཕྱོགས་གཅིག་འདོད་པའི་ཁམས་ཀྱི་ཕྱོགས་སུ་གཏོགས་པ་དང་། འདི་རྣམས་ནི་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཐོབ་པས་སྤོང་ངོ་། །ང་རྒྱལ་གྱི་ཀུན་
དུ་སྦྱོར་བ་དང་། མ་རིག་པའི་ཀུན་དུ་སྦྱོར་བ་དང་། སྲིད་པའི་འདོད་ཆགས་ཀྱི་ཀུན་ཏུ་སྦྱོར་བ་དང་། འདི་རྣམས་ནི་དགྲ་བཅོམ་པའི་ལམ་གྱི་ཤེས་པས་སྤང་སྟེ། དེའི་ཕྱིར་སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ་ཞེས་བྱ་བ་གསུངས་སོ། །ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་
གྲོལ་བ་ཞེས་བྱ་བ་ལ་ཤེས་པ་ཞེས་བྱ་བ་ནི་ཀུན་ཏུ་ཤེས་པ་དང་། རྟོགས་པ་སྟེ་ཡང་དག་པར་རྟོགས་པས་སེམས་ཤིན་དུ་རྣམ་པར་གྲོལ་བ་ཞེས་བྱའོ། །ཡང་ན་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་འདིར་མོས་པ་ལ་བྱ་སྟེ། ཡང་དག་པར་རྟོགས་པས་འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་ཡོན་
ཏན་དང་ཐེག་པ་གསུམ་དང་ལྡན་པའི་ཆོས་བསྟན་པ་རྣམས་དང་། འཕགས་པའི་བདེན་པ་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ལ་མོས་པ་ནི་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བའམ། ཡང་ན་རྣམ་པར་ཐར་པ་བརྒྱད་ཀྱིས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བའི་
ཐ་ཚིག་གོ། །སེམས་ཐམས་ཅད་ཀྱི་དབང་གིས་དམ་པའི་ཕ་རོལ་ཏུ་སོན་པ་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་དམ་པ་མཐར་ཕྱིན་པར་གྱུར་པའོ། །ཡང་ན་འགོག་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་། གནས་པ་དང་། ལྡང་བ་དང་། བཏང་སྙོམས་
སུ་བཞག་པ་རྣམས་ལ་དབང་ཐོབ་པ་སྟེ། གང་དུ་འདོད་པ་དང་། གང་འདོད་པ་དང་། ཇི་སྲིད་དུ་འདོད་པ་དང་། ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པ་དང་། ལུགས་དང་ལུགས་མ་ཡིན་པ་དང་། འགྲོ་བ་དང་། སླར་ལྡོག་པ་དང་། ཡན་ལག་སྡུད་པ་དང་། དམིགས་པ་
เล่ม ๙๓ · หน้า 8a
སྡུད་པ་དང་། ཡན་ལག་དང་དམིགས་པ་སྡུད་པ་དང་། ཡན་ལག་ཟུང་དུ་བྱེད་པ་དང་། དམིགས་པ་ཟུང་དུ་བྱེད་པ་དང་། ཡན་ལག་དང་དམིགས་པ་ཟུང་དུ་བྱེད་པ་དང་། གཅིག་སྤེལ་བ་དང་། གཉིས་ཀ་སྤེལ་བ་དང་། གཉིས་ཀ་མི་སྤེལ་བ་ལ་སོགས་པའི་རིམ་གྱིས་
མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དག་ལ་དབང་བའི་ཕ་རོལ་ཏུ་སོན་པ་ལ་སེམས་ཅན་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་ཞེས་བྱ་བའོ། །ཐམས་ཅད་ཀྱང་དགྲ་བཅོམ་པ་ཤ་སྟག་གོ། །ཅིའི་ཕྱིར་ཞེ་ན། ཟག་པ་ཟད་པའི་ཕྱིར་རོ། །ཟག་པ་ཟད་པ་ནི་ཉོན་
མོངས་པ་མེད་པའི་ཕྱིར་རོ། །ཉོན་མོངས་པ་མེད་པ་ནི་དབང་དང་ལྡན་པར་གྱུར་བའི་ཕྱིར་རོ། །དབང་དང་ལྡན་པར་གྱུར་པ་ནི་སེམས་ཤིན་ཏུ་རྣམ་པར་གྲོལ་བའི་ཕྱིར་རོ། །སེམས་ཤིན་ཏུ་རྣམ་པར་གྲོལ་བ་ནི། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བའི་ཕྱིར་རོ། །ཤེས་རབ་ཤིན་ཏུ་རྣམ་
པར་གྲོལ་བ་ནི་ཅང་ཤེས་ཀྱི་ཕྱིར་རོ། །ཅང་ཤེས་པ་ནི་གླང་པོ་ཆེན་པོའི་ཕྱིར་རོ། །གླང་པོ་ཆེན་པོ་ནི་བྱ་བ་བྱས་པའི་ཕྱིར་རོ། །བྱ་བ་བྱས་པ་ནི་བྱེད་པ་བྱས་པའི་ཕྱིར་རོ། །བྱེད་པ་བྱས་པ་ནི་ཁུར་བོར་བའི་ཕྱིར་རོ། །ཁུར་བོར་བ་ནི་བདག་གི་དོན་རྗེས་སུ་ཐོབ་པའི་ཕྱིར་རོ། །བདག་གི་དོན་
རྗེས་སུ་ཐོབ་པ་ནི་སྲིད་པ་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པའི་ཕྱིར་རོ། །སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ་ནི་ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བའི་ཕྱིར་རོ། །ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དབང་དམ་པའི་ཕ་
རོལ་དུ་སོན་པའི་ཕྱིར་རོ་ཞེས་ཡོན་ཏན་རྣམས་ཀྱི་འགྲེལ་པ་སྦྱར་བར་བྱའོ། །དེ་ལྟར་ཞབ་འབྲིང་བ་དགེ་སློང་རྣམས་བསྟན་ནས། དགེ་སློང་མ་ལྔ་བརྒྱ་ཙམ་ཞེས་བྱ་བ་ལ་སོགས་པས་ནི་འཁོར་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་སྟོན་ཏོ། །ཆོས་མཐོང་བ་
ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱས་པ་སྟེ། དེས་ནི་དགེ་བསྙེན་དང་། དགེ་བསྙེན་མ་རྣམས་སློབ་པ་ཡིན་པར་བསྟན་ནོ། །ད་ནི་ཞབ་འབྲིང་བ་བྱང་ཆུབ་སེམས་དཔའ་རྣམས་སྟོན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་ཞེས་བྱ་བ་ནི་
เล่ม ๙๓ · หน้า 8b
འཇིག་རྟེན་གྱི་ཁམས་གཞན་ཐམས་ཅད་ནས་འདུས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་འདི་སྙེད་དོ་ཞེས་གྲངས་ཆད་པར་མ་སྨོས་སོ། །གཟུངས་ཐོབ་པ་ཞེས་བྱ་བ་ལ་སོགས་པས་ནི་དེ་དག་གི་ཡོན་ཏན་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ནི་རྣམ་པ་ལྔ་སྟེ། ལྷག་པའི་བསམ་པ་དག་པ་
དང་། རྩོལ་བ་དང་བཅས་པར་མཚན་མ་མེད་པ་ལ་གནས་པ་དང་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པར་གནས་པ་དང་། སྤྱོད་པ་ངེས་པ་ལ་ཞུགས་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཏེ། དེ་དག་ནི་འདིར་གཏོགས་སོ། །ས་དང་པོ་ལ་གནས་པ་རྣམས་ནི་ལྷག་པའི་
བསམ་པ་དག་པའོ། །ས་བདུན་པའི་བར་དུ་ནི་རྩོལ་བ་དང་བཅས་པར་མཚན་མ་མེད་པ་ལ་གནས་པ་དག་གོ། །ས་བརྒྱད་པ་ནི་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པར་གནས་པ་དག་གོ། །དེ་ནས་ས་བཅུ་པའི་བར་དུ་ནི་སྤྱོད་པ་ངེས་པ་ལ་ཞུགས་པ་དག་གོ། །དེ་ཡན་ཆད་ནི་སྐྱེ་བ་
གཅིག་གིས་ཐོགས་པ་དག་གོ། །དེ་ལ་གཟུངས་ཐོབ་པ་ཞེས་བྱ་བ་ནི་འཛིན་པར་བྱེད་པས་ན་གཟུངས་ཞེས་བྱའོ། །གཟུངས་དེ་ཡང་རྣམ་པ་བཞི་སྟེ། བྱང་ཆུབ་སེམས་དཔའ་བཟོད་པ་འཐོབ་པའི་རྒྱུར་གྱུར་པའི་གཟུངས་དང་། གསང་སྔགས་ཀྱི་གཟུངས་དང་། ཆོས་ཀྱི་གཟུངས་
དང་། དོན་གྱི་གཟུངས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་གང་ཞེ་ན། འདི་ལ་སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་རབ་ཏུ་དབེན་པར་སྤྱོད་པ། ཟས་ཀྱི་ཚོད་ཤེས་པ། དབང་པོ་བསྡམས་པ་སུ་དང་
ཡང་ལྷན་ཅིག་གཏམ་མི་ཟེར་བ། མི་ཉལ་བར་བརྩོན་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་བསྐྱེད་པར་བྱ་བའི་ཕྱིར་གསང་སྔགས་ཀྱི་གཞི། ཏདྱ་ཐཱ། ཨི་ཊི་མི་ཊི། ཀི་ཊི་བི་ཀྵཱནྟི། པཱ་ད་ནི་སྭཱཧཱ། ཞེས་བྱ་བ་གང་དག་གསུངས་པ་དེ་དག་ལས་ཡི་གེ་རྣམས་བཟུང་སྟེ།
གསང་སྔགས་ཀྱི་གཞི་འདི་དག་གི་དོན་གང་ཡིན་ཞེས་བརྗོད་པ་དང་བརྗོད་པར་བྱ་བའི་དངོས་པོར་དོན་སེམས་པར་བྱེད་དོ། །དེ་ལྟར་ཡུན་རིང་དུ་བསམས་ཀྱང་བརྗོད་པར་བྱ་བ་དེའི་དོན་མི་མཐོང་ངོ་། །དོན་མ་མཐོང་བ་དང་འདི་སྙམ་དུ་སེམས་ཏེ་གསང་སྔགས་ཀྱི་གཞི་འདི་དག་གི་བརྗོད་པར་
เล่ม ๙๓ · หน้า 9a
བྱ་བའི་དོན་ནི་གང་ཡང་མེད་ཀྱི། བརྗོད་པར་བྱ་བའི་དོན་མེད་པ་ཉིད་གསང་སྔགས་ཀྱི་གཞི་དག་གི་དོན་ཡིན་དུ་ངེས་ཏེ། བརྗོད་པར་བྱ་བའི་དོན་མེད་པའི་རང་བཞིན་ནི་འདི་དག་གི་དོན་ཡིན་ནོ་སྙམ་དུ་ཡང་དག་པར་གཏན་ལ་འབེབས་ཤིང་། གསང་སྔགས་ཀྱི་གཞི་འདི་
དག་ནི་བརྗོད་པ་དང་བརྗོད་པར་བྱ་བའི་རང་བཞིན་དང་བྲལ་བ་ཡིན་པར་སྒོམ་པར་བྱེད་དོ། །དེ་ལྟར་བརྗོད་པ་དང་བརྗོད་པར་བྱ་བའི་རང་བཞིན་དང་བྲལ་བའི་གསང་སྔགས་ཀྱི་གཞི་ལེགས་པར་བསྒོམས་ནས་ཡང་དེའི་ཚུལ་གྱིས་ཆོས་ཐམས་ཅད་ཀྱང་བརྗོད་པ་དང་བརྗོད་པར་བྱ་བའི་རང་
བཞིན་དང་བྲལ་བ་ཡིན་པར་ཡང་དག་པར་གཏན་ལ་འབེབས་པར་བྱེད་དེ། །ཇི་ལྟར་གསང་སྔགས་ཀྱི་གཞི་འདི་རྣམས་བརྗོད་དུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་བརྗོད་པར་བྱ་བའི་དོན་གང་ཡང་མེད་པར་དེ་བཞིན་དུ་ཆོས་འདི་དག་ཐམས་ཅད་ཀྱང་བརྗོད་དུ་མེད་པས་དེ་དག་གི་རང་བཞིན་ནི་
བརྗོད་དུ་མེད་པ་ཉིད་དོ་སྙམ་ནས་ཆོས་ཐམས་ཅད་ནི་བརྗོད་པ་དང་བརྗོད་པར་བྱ་བའི་རང་བཞིན་དང་བྲལ་བ་ཉིད་དེ་བརྗོད་དུ་མེད་པའི་བདག་ཉིད་དུ་ངེས་པར་བྱེད་དེ། །དེ་ལྟར་ངེས་པར་བྱས་པ་དང་། ཆོས་ཐམས་ཅད་ནི་ཀུན་བརྟགས་པའི་བདག་ཉིད་ཀྱིས་སྟོང་པ་ཉིད་དུ་མཐོང་ངོ་། །དེས་ད་
ལྟར་མཐོང་བ་ན་ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་དུ་རབ་ཏུ་རྟོགས་པས་དགའ་བ་དང་། མཆོག་ཏུ་དགའ་བ་ཆེན་པོ་སྐྱེས་ཏེ། དེའི་ཚེ་ན་དེས་གཟུངས་ཐོབ་པ་ཞེས་བྱ་བར་འགྱུར་རོ། །དེ་ནས་གཟུངས་ཐོབ་པའི་རྒྱུ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ལ་དེ་མ་ཐག་ཏུ་ས་རབ་
ཏུ་དགའ་བའི་ཡེ་ཤེས་སྐྱེ་བ་དང་མཐུན་པའི་བཟོད་པ་ཆེན་པོ་སྐྱེས་ཏེ། དོན་དམ་པའི་ཆོས་རྣམས་ལ་བཟོད་པས་ན་བཟོད་པ་ཞེས་བྱའོ། །དེ་ལྟར་བཟོད་པ་སྐྱེས་པ་ལ་གཟུངས་ཀྱི་ཡེ་ཤེས་ཞེས་བྱའོ། །གཟུངས་ཀྱི་བཟོད་པ་དེ་སྐྱེས་ནས་རིང་པོ་མི་ཐོགས་པར་ལྷག་པའི་བསམ་པ་དག་
པའི་ས་རབ་ཏུ་དགའ་བ་ཞེས་བྱ་བ་ཐོབ་པར་འགྱུར་རོ། །དེ་ལྟ་བས་ན་གཟུངས་ཀྱི་བཟོད་པ་འདི་ནི་མོས་པས་སྤྱོད་པའི་སར་གཏོགས་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང་སྔགས་ཀྱི་གཟུངས་གང་ཞེ་ན། བྱིན་གྱིས་རློབ་པར་ནུས་པའི་ཏིང་ངེ་འཛིན་གྱི་དབང་
เล่ม ๙๓ · หน้า 9b
གང་ཡིན་པ་དེ་ནི་གསང་སྔགས་ཀྱི་གཟུངས་ཞེས་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པ་དང་པོ་ལ་ཡེ་ཤེས་ཀྱི་ཚོགས་ཤིན་ཏུ་ཡོངས་སུ་རྫོགས་པར་བྱ་སྟེ། བསྐལ་པ་གྲངས་མེད་པ་དེ་འདས་ནས་ས་དང་པོ་ཐོབ་སྟེ། ས་དེ་ལ་ཡེ་ཤེས་ཤིན་ཏུ་རྣམ་པར་
སྦྱངས་པས་ཤིན་ཏུ་ཡོངས་སུ་སྦྱངས་པའི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ནས་དེ་ལ་དབང་ཐོབ་སྟེ། ཏིང་ངེ་འཛིན་གྱི་དབང་གི་སྟོབས་བསྐྱེད་པ་དང་། སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པས་གསང་སྔགས་ཀྱི་གཞི་འདི་དག་སེམས་ཅན་རྣམས་
ཀྱི་ཡམས་ཀྱི་ནད་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཐམས་ཅད་ཞི་བར་གྱུར་ཅིག་ཅེས་ཏིང་ངེ་འཛིན་གྱི་དབང་གི་སྟོབས་ཀྱིས་སེམས་ཅན་རྣམས་ཀྱི་ཡམས་ཀྱི་ནད་དང་། གནོད་པ་ཞི་བར་བྱེད་པའི་གསང་སྔགས་ཀྱི་གཞི་རྣམས་བྱིན་གྱིས་རློབ་སྟེ། དེས་དེ་ལྟར་བྱིན་
གྱིས་བརླབས་པའི་གསང་སྔགས་ཀྱི་གཞི་དེ་དག་གྲུབ་པར་འགྱུར་མཆོག་ཏུ་གྲུབ་པར་འགྱུར་ཞིང་གཏན་དུ་གྲུབ་པར་འགྱུར་རོ། །དེ་བཞིན་དུ་ས་གོང་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡང་སེམས་ཅན་གྱི་དོན་དེ་དང་། དེ་དག་གི་ཕྱེད་དུ་གསང་
སྔགས་ཀྱི་ཚིག་དེ་དག་ཇི་ལྟ་ཇི་ལྟར་བྱིན་གྱིས་བརླབས་པ་དེ་ལྟ་དེ་ལྟར་རྣམ་པ་ཐམས་ཅད་དུ་འགྲུབ་པར་འགྱུར་རོ། །དེ་ལྟ་བས་ན་ཏིང་ངེ་འཛིན་གྱི་དབང་དེ་ལྟ་བུར་གྱུར་པས་གསང་སྔགས་རྣམས་འཛིན་པར་བྱེད་པས་ན་གསང་སྔགས་ཀྱི་གཟུངས་ཞེས་བྱའོ། །གཟུངས་ཀྱི་དབང་དེའི་
ཡུལ་དུ་གྱུར་པའི་གསང་སྔགས་ཀྱི་གཞི། དེ་དག་ཀྱང་གཟུངས་ཀྱི་ཡུལ་དུ་གྱུར་པའི་ཕྱིར་གཟུངས་ཞེས་བྱའོ། །དེ་ལ་ཆོས་ཀྱི་གཟུངས་གང་ཞེ་ན། འདི་ལ་སར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལས་ཆོས་ཉན་པ་ན་སྔོན་
མི་ཤེས་ཤིང་སྔོན་མ་ཐོབ་པའི་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་ཡི་གེའི་ཚོགས་སུ་གཏོགས་པའི་ཆོས་ཚད་མེད་གྲངས་མེད། དཔག་ཏུ་མེད་པ་རྣམས་རིམ་པ་དེ་ཉིད་ཀྱིས་ཡུན་རིང་པོར་ཡང་མི་བརྗེད་པར་འཛིན་པར་དྲན་པ་དང་། ཤེས་རབ་ལ་ཆོས་ཀྱི་གཟུངས་ཞས་བྱའོ། །
เล่ม ๙๓ · หน้า 10a
དེ་ལ་དོན་གྱི་གཟུངས་གང་ཞེ་ན། བྱང་ཆུབ་སེམས་དཔའི་དེ་དག་ཉིད་ཀྱིས་དེ་ལྟར་བཟུང་བའི་ཆོས་རྣམས་ཀྱི་དོན་ཚད་མེད། གྲངས་མེད། དཔག་ཏུ་མེད་པ་གང་ཡིན་པ་དེ་དག་དུས་དཔག་ཏུ་མེད་པའི་བར་རབ་ཏུ་ཡང་མི་བརྗེད་པར་འཛིན་པའི་དྲན་པ་དང་། ཤེས་རབ་
གཅིག་ཏུ་བྱས་པ་ལ་དོན་གྱི་གཟུངས་ཞེས་བྱའོ། །དེ་དག་ལས་བཟོད་པའི་རང་བཞིན་དུ་གྱུར་པའི་གཟུངས་སྔར་བཤད་པ་དེ་ནི་སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པ་རྣམས་ཀྱི་སྟེ། མོས་པས་སྤྱོད་པའི་ས་ཉིད་ལ་འཐོབ་པོ། །གཞན་གཟུངས་གསུམ་པོ་ནི་བསྐལ་པ་གྲངས་མེད་པ་དང་པོ་
འདས་ནས་ས་དང་པོ་ལ་སོགས་པ་ལ་འཐོབ་པོ། །དེ་ལ་མདོ་ལས་ཀྱང་། ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུངས་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཏེ། ཆོས་བཞི་ནི་གཟུངས་འཐོབ་པར་འགྱུར་བའོ། །ཆོས་བཞི་ནི་
བདག་དང་གཞན་མཉམ་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་སྟེ། འདི་ལྟར་འདོད་པ་རྣམས་ལ་ལྷག་པར་ཞེན་པ་དང་། ཕྲག་དོག་དང་སེར་སྣ་དང་ཆོས་ཀྱི་ཀུན་དགའ་ལ་མི་དགའ་བའོ། །དེ་ལས་བཟློག་པ་ནི་འདོད་པ་རྣམས་ལ་སྨོད་པ་དང་། ཕྲག་དོག་མེད་པ་དང་། ཐམས་
ཅད་གཏོང་བ་དང་། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་བརྩམས་ནས་ཆོས་ལ་དགའ་བའོ་ཞེས་བྱའོ། །དེ་ལ་མདོ་གཞན་ལས་གསུངས་པའི་རིམ་གྱིས་ས་དང་པོ་ལ་ནི་གནས་ཁྱད་པར་དུ་འཕགས་པ་ཞེས་བྱ་བའི་གཟུངས་ཐོབ་པར་འགྱུར་ཏེ། དེའི་དབང་གིས་དམ་པ་ཁྱད་པར་
ཅན་གྱི་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཡིན་ནོ། །གཉིས་པ་ལ་ནི་དྲི་མ་མེད་པ་ཞེས་བྱ་བ་སྟེ། དེའི་དབང་གིས་དེར་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་རོ། །གསུམ་པ་ལ་ནི་ཤིན་ཏུ་བརྟན་པ་ཞེས་བྱ་སྟེ། དེའི་དབང་གིས་སེམས་འཁྲུག་པ་ཐམས་ཅད་དང་བྲལ་བ་
བཟོད་པའི་སྟོབས་ཕུན་སུམ་ཚོགས་པས་ཤིན་ཏུ་བསྟན་པར་འགྱུར་རོ། །བཞི་པ་ལ་ནི་ཐུབ་པར་དཀའ་བ་ཞེས་བྱ་བ་སྟེ། དེའི་དབང་གིས་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ཀྱིས་མི་ཐུབ་པར་འགྱུར་རོ། །ལྔ་པ་ལ་ནི་ཡོན་ཏན་གྱིས་སེམས་བརྒྱན་པ་ཞེས་བྱ་བའོ། །དྲུག་པ་ལ་ནི་ཡེ་
เล่ม ๙๓ · หน้า 10b
ཤེས་ཀྱི་དཀྱིལ་འཁོར་གྱི་སྒྲོན་མ་ཞེས་བྱ་བའོ། །བདུན་པ་ལ་ནི་ཁྱད་པར་དུ་འགྲོ་བ་ཞེས་བྱ་བའོ། །བརྒྱད་པ་ལ་ནི་མི་རྟོག་པ་ཞེས་བྱ་བའོ། །དགུ་པ་ལ་ནི་སྒོ་མཐའ་ཡས་པ་ཞེས་བྱ་བའོ། །བཅུ་པ་ལ་ནི་མི་ཟད་པའི་ཟ་མ་ཏོག་ཅེས་བྱ་སྟེ། དེ་ལྟར་ས་དང་སར་སོ་སོའི་གཟུངས་ལ་སོགས་པ་
གཟུངས་ཚད་མེད་གྲངས་མེད་པ་སྟོང་ཕྲག་དུ་མ་ཐོབ་པས་ན་གཟུངས་ཐོབ་པ་ཞེས་བྱ་བ་སྟེ། དེའི་ཕྱིར་འདི་ལྟར་མོས་པས་སྤྱོད་པའི་ས་དང་ཡང་ཐུན་མོང་དུ་གྱུར་པས་ཡོན་ཏན་འདི་ལྟར་སྨོས་སོ། །རྣམ་པ་གཞན་དུ་ཡང་འདི་ལ་ཡི་གེ་ཐམས་ཅད་གོམས་པར་བྱས་ན་ཆོས་ཐམས་ཅད་རྟོགས་
པའི་རྒྱུར་འགྱུར་ཏེ། འདི་ལྟ་སྟེ་ཆོས་ཐམས་ཅད་ནི་མ་སྐྱེས་པའོ་ཞེས་བྱ་བ་ལ་ཡི་གེའི་དང་པོ་ཨ་ཞེས་བྱ་བ་ལ་སྐྱེ་བ་མེད་པའི་དོན་སྒྲོ་བཏགས་ནས་ཨ་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་དོན་ཡིན་པར་ཡོངས་སུ་བཏགས་ཏེ། གང་གི་ཚེ་ཞི་གནས་དང་ལྷག་མཐོང་གི་སྦྱོར་བས་ཡང་དག་པར་
བསྒོམས་པར་གྱུར་པ་དེའི་ཚེ། གོམས་པའི་སྟོབས་ཀྱིས་ཨ་ཞེས་བྱ་བ་གཅིག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྣམ་པར་སྣང་སྟེ། དེ་ལྟར་ན་ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྟོགས་པར་བྱ་བའི་རྒྱུ་ཡིན་ནོ། །དེ་ལྟར་ཨ་ཞེས་བྱ་བ་དེ་ཉིད་མ་སྐྱེས་པ་དང་། མ་བྱུང་བ་དང་།
དངོས་པོ་མེད་པའི་ངོ་བོ་ཉིད་དང་། འགག་པ་མེད་པ་ལ་སོགས་པའི་དོན་ལ་བརྟེན་ཏེ་བསྒོམས་ན་ཆོས་ཐམས་ཅད་སོ་སོར་རྟོགས་པའི་རྒྱུར་འགྱུར་རོ། །དེའི་ཕྱིར་འདི་སྐད་དུ་གཟུངས་ཀྱི་སྒོ་གང་ཞེ་ན། འདི་ལྟ་སྟེ། ཡི་གེ་མཉམ་པ་ཉིད་དང་། སྐད་མཉམ་པ་ཉིད་དང་། ཡི་གེ་སྒོ་
ཡིན་པ་དང་། ཡི་གེ་འཇུག་པའོ། །ཡི་གེ་སྒོ་དང་། ཡི་གེ་འཇུག་པ་གང་ཞེ་ན། ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། གཟོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །ར་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། རྡུལ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་འོག་ནས་གསུངས་
སོ། །དེ་ལྟར་ཡི་གེ་དེ་དག་ལ་བརྟེན་ནས་ཆོས་ཐམས་ཅད་རྟོགས་པར་བྱེད་པ་ན་དྲན་པ་དང་། ཤེས་རབ་སྐྱེ་སྟེ། དེ་དག་གི་དོན་འཛིན་པས་ན་གཟུངས་ཞེས་བྱའོ། །གཟུངས་དེའི་རྒྱུ་དེ་ལས་སྐྱེས་པ་དེ་ནི་ཆོས་ཐམས་ཅད་ཀྱི་དོན་དམ་པ་ལ་དམིགས་པར་བཟོད་པ་སྟེ། དྲན་པ་
เล่ม ๙๓ · หน้า 11a
དང་ཤེས་རབ་དེ་གཉིས་ལ་བཟོད་པའི་གཟུངས་ཞེས་བྱའོ། །ཡང་ཡི་གེ་དེ་དག་ཉིད་སྒྲིམ་པ་ཐམས་ཅད་ཀྱིས་ལེགས་པར་གོམས་པར་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱུན་ཆགས་པར་ཤིན་ཏུ་མྱུར་བར་བཤད་པའི་ཆོས་ཀྱི་རྒྱུན་དང་།
དེའི་དོན་རྣམས་ཀྱང་ཡང་དག་པར་འཛིན་པའི་རྒྱུར་འགྱུར་ཏེ། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམས་ལ་ཤིན་ཏུ་གོམས་པར་འགྱུར་བས་ན་དྲན་པ་དང་ཤེས་རབ་དེ་ཉིད་ལ་ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་ཞེས་བྱའོ། །ཡང་ཡི་གེ་དེ་དག་ཉིད་
བྱང་ཆུབ་སེམས་དཔས་ཡང་དག་པར་བསྒོམས་ནས་ཡིད་བཞིན་གྱི་ནོར་བུ་ལྟ་བུར་དངོས་པོ་ཐམས་ཅད་རབ་ཏུ་སྦྱིན་པར་འགྱུར་ཏེ། འདི་ལྟར་དེ་དག་ནི་སྔོན་གྱི་སྨོན་ལམ་གྱི་མཐུ་དང་། ཏིང་ངེ་འཛིན་གྱི་མཐུས་གནོད་པ་ཐམས་ཅད་ཞི་བར་བྱ་བ་དང་། སྡིག་པ་ཐམས་ཅད་བྱང་བར་བྱ་བའི་
ཕྱིར་ཞེས་བྱ་བ་ལ་སོགས་པའི་དགོས་པར་བྱིན་གྱིས་བརླབས་ན་དོན་ཐམས་ཅད་སྒྲུབ་པར་བྱེད་པ་གྲུབ་པར་འགྱུར་ཏེ། དེའི་ཚེ་བྱིན་གྱིས་རློབ་པའི་ཤེས་པ་དེ་ཉིད་ལ་གསང་སྔགས་ཀྱི་གཟུངས་ཞེས་བྱའོ། །གཟུངས་དེའི་དམིགས་པར་བྱ་བ་ཡིན་པས་ན་ཡི་གེ་དེ་དག་ལ་ཡང་གཟུངས་
ཞེས་བྱ་བར་བརྗོད་དོ། །མན་ནི་ཤེས་པ་ཡིན་ལ། ཏྲ་ཞེས་བྱ་བ་ནི་སྐྱོང་བ་ཡིན་པར་བཤད་པས་ཤེས་པ་དང་། སྙིང་རྗེ་ལ་སྔགས་ཞེས་བྱ་བར་བརྗོད་དོ། །དེ་ཉིད་ཀྱི་རྒྱུ་མཐུན་པ་ཡིན་པའི་ཕྱིར་ཡི་གེ་དེ་དག་ལ་ཡང་སྔགས་ཞེས་བྱའོ། །ཡང་མ་རིག་པ་སྤོང་བར་བྱེད་པ་དང་།
རིག་པ་སྐྱེད་པར་བྱེད་པའི་ཕྱིར་དེ་ཉིད་ལ་རིག་པ་ཞེས་ཀྱང་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་གི་གཞི་ཡིན་པའི་ཕྱིར། གཞི་རྣམས་ཞེས་བྱ་སྟེ། དེ་ལྟ་བས་ན་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་རིག་པའི་གསང་སྔགས་གཞ་རྣམས་ཞེས་བྱ་བའི་མིང་འཐོབ་པོ། །
དེ་ལ་སྔར་བཤད་པའི་བཟོད་པའི་གཟུངས་གང་ཡིན་པ་དེ་ནི་མོས་པས་སྤྱོད་པའི་ས་ཡོངས་སུ་རྫོགས་པ་ན་མངོན་པར་བརྩོན་པའི་སྟོབས་ཀྱིས་འབྱུང་ངོ་། །གཟུངས་ལྷག་མ་གསུམ་ནི་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བར་འགྱུར་ཏེ། ས་དང་པོ་ལ་དེ་དག་ཆུང་ཡང་བརྟེན་པར་འགྱུར་རོ། །
เล่ม ๙๓ · หน้า 11b
དེ་ཡན་ཆད་ནི་གཟུངས་དེ་དག་ཐམས་ཅད་ཀྱང་གོང་ནས་གོང་དུ་མཆོག་ཏུ་ཆེར་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་གཟུངས་ཐོབ་པ་ཞེས་གསུངས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པ་དེ་ནི་འཕགས་པ་ས་བཅུ་པ་ལས་བཤད་པའི་རིམ་པས་བྱང་ཆུབ་སེམས་དཔའི་ས་དང་
པོ་དང་གཉིས་པ་ལ་སོགས་པ་ལ་འཕགས་པའི་བདེན་པ་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལེགས་པར་བསྒོམས་པའི་རྒྱུས་གང་ཟག་སྟོང་པ་ཉིད་དང་། ཆོས་སྟོང་པ་ཉིད་ལ་ཡང་དག་པར་གནས་པར་འགྱུར་ཏེ། དེ་འདི་ལྟར་སྟོང་པ་ཉིད་དེ་ཡང་ཀུན་ཏུ་འགྲོ་བ་ལ་
སོགས་པའི་མཚན་ཉིད་དུ་བཟུང་ནས་བསྒོམས་ན་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྐྱེ་བར་འགྱུར་རོ། །དེ་སྟོང་པ་ཉིད་ཡོངས་སུ་འདྲིས་ན་ས་དང་ཆུ་དང་། རླུང་དང་། མེ་དང་། ཟླ་བ་དང་། ཉི་མ་དང་། རི་དང་། རྒྱ་མཚོ་དང་། མཚེའུ་དང་། དགོན་པ་དང་། ཕྱོགས་
དང་ཡུལ་ལ་སོགས་པའི་དངོས་པོ་སྔོན་ཆོས་ཀྱི་མཚན་མར་སོ་སོར་སྣང་བར་གྱུར་པ་གང་དག་ཡིན་པ་དེ་དག་ཐམས་ཅད་སོ་སོར་སྣང་བར་མི་འགྱུར་གྱི། མཚན་མ་མེད་པའི་རྣམ་པར་སྣང་སྟེ་དེའི་ཚེ་ན་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་སྐྱེ་བར་འགྱུར་རོ། །དེ་ལྟར་མཚན་མ་
ཐམས་ཅད་དང་བྲལ་ནས་མཚན་མ་མེད་པའི་སྒོར་གནས་པ་དེ་ལ་ཁམས་གསུམ་པ་ཐམས་ཅད་ཁམས་གསུམ་གྱི་རྣམ་པར་མི་སྣང་སྟེ། དེ་ནི་དེ་ལ་འདོད་པ་ཅི་ཡང་མི་སྐྱེའོ། །འདོད་པ་མེད་པའི་ཕྱིར་དེ་ནི་དེ་ལ་ཡིད་ཀྱིས་གང་དུ་ཡང་སྨོན་པ་མེད་དོ། །དེའི་ཚེ་དེ་ལ་སྨོན་པ་མེད་པ་ཞེས་བྱ་
བའི་རྣམ་པར་ཐར་པའི་སྒོ་སྐྱེ་བར་འགྱུར་རོ། །དེས་དེ་ལྟར་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་བཟུང་སྟེ་བསྒོམས་ན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། །མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་བཟུང་སྟེ་བསྒོམས་ན་དེ་ལས་གཞན་པའི་སྤྱོད་ཡུལ་དང་བྲལ་བས་མཚན་
མ་མེད་པའི་སྤྱོད་ཡུལ་དུ་འགྱུར་རོ། །དེས་སྨོན་པ་མེད་པའི་བདག་ཉིད་དུ་མཐོང་ན་ཁམས་གསུམ་ལ་སྨོན་དུ་རུང་བར་རྟོག་པར་མི་བྱེད་དོ། །དེ་བས་ན་སྟོང་པ་ཉིད་ལ་གནས་པ། མཚན་མ་མེད་པ་སྤྱོད་ཡུལ་པ། མ་བརྟགས་པའི་སྨོན་ལམ་དང་ལྡན་པ་ཞེས་བྱ་བའོ། །དེ་ལྟར་རྣམ་
เล่ม ๙๓ · หน้า 12a
པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་དག་ལ་ལེགས་པར་གནས་པ་དེ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་མཉམ་པ་ཉིད་ཀྱི་བཟོད་པ་བཞི་འབྱུང་བར་འགྱུར་ཏེ། བདག་དང་གཞན་དུ་རྣམ་པར་རྟོག་པ་མེད་པའི་ཕྱིར་སེམས་ཅན་ལ་མཉམ་པ་ཉིད་ཀྱི་བཟོད་
པ་དང་། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པའི་ཕྱིར་འདུ་བྱེད་ལ་མཉམ་པ་ཉིད་ཀྱི་བཟོད་པ་དང་། དེ་བཞིན་ཉིད་ཙམ་དུ་ཟད་པའི་ཕྱིར་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བཟོད་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ལ་སེམས་མཉམ་པའི་ཕྱིར་མི་གནས་པ་མཉམ་པ་ཉིད་
ཀྱི་བཟོད་པའོ། །དེ་ལྟར་དེས་མཉམ་པ་ཉིད་ཀྱི་བཟོད་པ་བཞི་བསྐྱེད་ནས་ཡོངས་སུ་འདྲིས་པར་བྱས་པའི་ཕྱིར་ས་བཅུ་པ་ལས་བཤད་པའི་རིམ་པ་བཞིན་དུ་གཞན་ཡང་མཉམ་པ་ཉིད་བཅུ་འབྱུང་སྟེ། འདི་ལྟ་སྟེ། མཚན་མ་མེད་པར་མཉམ་པ་ཉིད་དང་། མཚན་ཉིད་མེད་པར་མཉམ་པ་ཉིད་
དང་། མ་སྐྱེས་པར་མཉམ་པ་ཉིད་དང་། འབྱུང་བ་མེད་པར་མཉམ་པ་ཉིད་དང་། དབེན་པར་མཉམ་པ་ཉིད་དང་། གཟོད་མ་ནས་ཞི་བར་མཉམ་པ་ཉིད་དང་། སྤྲོས་པ་མེད་པར་མཉམ་པ་ཉིད་དང་། བླང་བ་མེད་པ་དང་དོར་བ་མེད་པར་མཉམ་པ་ཉིད་དང་། སྒྱུ་མ་དང་། རྨི་ལམ་དང་།
མིག་ཡོར་དང་། བྲག་ཅ་དང་། ཆུ་ཟླ་དང་། གཟུགས་བརྙན་དང་། སྤྲུལ་པར་མཉམ་པ་ཉིད་དང་། དངོས་པོ་དང་དངོས་པོ་མེད་པ་ཉིད་མཉམ་པ་ཉིད་དོ། །ཀུན་བརྟགས་པའི་རྣམ་པ་དང་བྲལ་བ་སྤྲོས་པ་མེད་པའི་ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ནི་མཚན་མ་དང་བཅས་པ་ཐམས་ཅད་དང་།
རྣམ་པར་རྟོག་པ་དང་བཅས་པའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ཀྱི་སྤྱོད་ཡུལ་ཡིན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་མཚན་མ་མེད་པ་ཞེས་བྱའོ། །དེ་ལྟ་བས་ན་ཡོངས་སུ་གྲུབ་པའི་བདག་ཉིད་ཀྱིས་ཆོས་ཐམས་ཅད་མཚན་མ་
མེད་པར་མཉམ་པ་ཉིད་དོ། །ཀུན་བརྟགས་པའི་ཆོས་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་། གཟུང་བ་དང་འཛིན་པའི་རྣམ་པའི་ཆོས་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་ཤིན་ཏུ་མེད་པའི་ཕྱིར་ཀུན་བརྟགས་པའི་མཚན་ཉིད་དེས་མཚན་ཉིད་མེད་དེ་དེ་བས་ན་མཚན་ཉིད་
เล่ม ๙๓ · หน้า 12b
མེད་པར་མཉམ་པ་ཉིད་ཅེས་བྱའོ། །དོན་དམ་པར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི། བདག་ཉིད་ཀྱིས་སྐྱེ་བ་ཡང་མེད་ལ་རྒྱུ་དང་རྐྱེན་རྣམས་ཀྱིས་བསྐྱེད་པ་ཡང་མེད་དེ། དེ་བས་ན་མ་སྐྱེས་པར་མཉམ་པ་ཉིད་དང་། འབྱུང་བ་མེད་པར་མཉམ་པ་ཉིད་དོ། །དེ་བཞིན་ཉིད་ཀྱི་ངོ་བོ་
ཉིད་དེ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བའི་ཕྱིར་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ། །ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དབེན་པ་སྟེ། དེ་བས་ན་དབེན་པར་མཉམ་པ་ཉིད་དོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ་ནི་སྔོན་ནས་སྐྱེ་བ་མེད་པའི་ཕྱིར་དང་།
ཐ་མར་འགག་པ་མེད་པའི་ཕྱིར། ཆོས་ཐམས་ཅད་སྐྱེས་པ་མེད་པ་དང་། འགགས་པ་མེད་པ་སྟེ། དེ་བས་གཟོད་མ་ནས་ཞི་བར་མཉམ་པ་ཉིད་དོ། །དོན་དམ་པའི་ངོ་བོ་ཉིད་དེ་ལ་འཛིན་པ་ནི་ཡང་དག་པའི་ཡེ་ཤེས་སྤྲོས་པ་མེད་པ་ཡིན་ཏེ། དེའི་གཟུང་བ་ཡིན་པའི་ཕྱིར། ཆོས་ཐམས་
ཅད་ཀྱང་སྤྲོས་པ་མེད་པ་ཞེས་བྱ་སྟེ། དེ་ལྟ་བས་ན་སྤྲོས་པ་མེད་པར་མཉམ་པ་ཉིད་དོ། །དོན་དམ་པའི་ངོ་བོ་ཉིད་དེ་ནི་བྱེད་པ་མེད་པའི་ཕྱིར་དོན་དམ་པར་ན་འགྲོ་བ་གཞན་དང་ཕུང་པོ་གཞན་པ་གཏོང་བ་དང་། ཕུང་པོ་གཞན་ལེན་པ་མེད་དེ། དོན་དམ་པར་དེ་ལྟར་ལེན་པ་དང་། ཡོངས་
སུ་འདོར་བ་མེད་པའི་ཕྱིར་བླང་བ་མེད་པ་དང་། དོར་བ་མེད་པར་མཉམ་པ་ཉིད་དོ། །ཀུན་བརྟགས་པ་དེ་དག་ནི་གཉིས་ཀྱི་བདག་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་ཕྱིར་སྒྱུ་མ་ལ་སོགས་པ་དང་མཚུངས་པས་སྒྱུ་མ་ལ་སོགས་པར་མཉམ་པ་ཉིད་དོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ཀུན་བརྟགས་
པའི་དངོས་པོའི་ངོ་བོ་ཉིད་དུ་ཡང་མེད་ལ། རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡང་མེད་དེ། དེ་བས་ན་གཉིས་སུ་མེད་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་མཉམ་པ་ཉིད་ཡིན་པར་ཤེས་པར་བྱ་སྟེ། དེ་ལྟར་མཉམ་པ་ཉིད་ཀྱི་མཚན་ཉིད་རྣམ་པ་བཅུ་
རྟོགས་པས་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བཟོད་པ་ཐོབ་པ་ཞེས་བྱའོ། །དེ་ལྟར་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་དག་ལ་ལེགས་པར་གནས་ཤིང་མཉམ་པ་ཉིད་ཀྱི་ཆོས་བཅུ་རྟོགས་པ་དང་ལྡན་པ་དེ་སེམས་ཅན་རྣམས་མགོན་མེད་པར་མཐོང་ནས་སེམས་ཅན་རྣམས་
เล่ม ๙๓ · หน้า 13a
ལ་སྙིང་རྗེ་ཆེན་པོ་མངོན་པར་སྐྱེས་ཏེ། དེ་ལྟར་དོན་དམ་པ་ལ་མཁས་པ་དེ་གང་གི་ཚེ་མྱ་ངན་ལས་འདས་པ་ལ་གཞོལ་བར་གྱུར་པ་དེའི་ཚེ། སྙིང་རྗེས་ཟིན་པས་འཁོར་བ་ལ་མངོན་དུ་ཕྱོགས་པར་མཛད་དོ། །འདི་ལྟར་ཤེས་རབ་ཀྱིས་འཁོར་བ་མི་ལེན་ཅིང་། མྱ་ངན་
ལས་འདས་པ་ལ་མངོན་དུ་ཕྱོགས་པའི་སེམས་སུ་གྱུར་ལ། སྙིང་རྗེས་མྱ་ངན་ལས་འདས་པ་མི་ལེན་ཅིང་འཁོར་བ་ལ་མངོན་དུ་ཕྱོགས་པར་སྦྱོར་བ་དེ་ལ། ས་བཅུ་པ་ལས་བཤད་པའི་རིམ་པ་བཞིན་དུ་ཚུལ་བཞིན་ཡིད་ལ་བྱེད་པ་འདི་འབྱུང་བར་འགྱུར་ཏེ། རང་བཞིན་གྱིས་ཉམ་ཆུང་བ་
བདག་གི་དང་བྲལ་བའི་འདུས་བྱས་འདི་ནི་ཉོན་མོངས་པ་དང་ལྡན་པའི་ཕྱིར་དང་། རྐྱེན་ཚོགས་པ་ལས་འབྱུང་གི་ཉོན་མོངས་པ་དང་མི་ལྡན་ཞིང་རྐྱེན་ཚོགས་པ་མེད་པར་ནི་འབྱུང་བར་མི་ནུས་སོ། །དེ་ལྟ་བས་ན་བདག་གིས་ཉོན་མོངས་པ་དང་ལྡན་པ་དང་། རྐྱེན་ཚོགས་པ་མེད་པར་ནི་བྱའི།
མགོན་མེད་པའི་སེམས་ཅན་རྣམས་ཆུད་ཟོས་སུ་འོང་བས་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་འདུས་བྱས་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་ཞི་བར་ནི་མི་བྱའོ་སྙམ་མོ། །དེ་ལྟར་ཤེས་རབ་དང་། སྙིང་རྗེ་དང་ལྡན་ཞིང་ཡིད་ལ་བྱེད་པ་འདི་ལ་གནས་པ་དེ་ལ། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཆགས་པ་མེད་པ་ཞེས་བྱ་བ་སྣང་བའི་ཚུལ་དུ་མངོན་དུ་འགྱུར་ཏེ། ཤེས་པ་འདི་ནི་སྤྱོད་པ་དང་རྗེས་སུ་མཐུན་པའི་བཟོད་པ་ཞེས་བྱའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས་སྣང་བར་བྱ་བ་ཆགས་པ་མེད་པར་གནས་པའི་མཚན་ཉིད་གཟུངས་
ཤེས་པ་འདི་ལ་ཤིན་ཏུ་གནས་པ་དེ་སེམས་ཅན་རྣམས་ཀྱི་དོན་དུ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་བྱེད་ལ། དེ་ལ་ཡང་ཆགས་པ་མེད་པར་སྤྱོད་དོ། །འདོད་པ་ལ་ཀུན་ཏུ་སྤྱོད་པ་མང་པོ་ཡང་སྟོན་ལ། དེ་ལ་ཡང་ཆགས་པ་མེད་པར་སྤྱོད་དོ། །འཇིག་རྟེན་པའི་ཡོ་བྱད་ཕུན་སུམ་ཚོགས་
པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་དུ་སྩོགས་ལ་དེ་ལ་ཡང་ཆགས་པ་མེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་བསྒོམས་ལ་མྱ་ངན་ལས་འདས་པ་ལ་ཡང་ཆགས་པ་མེད་པར་བསྒོམ་མོ། །དེ་བཞིན་ཉིད་འདུས་མ་བྱས་ཀྱང་བསྒོམས་ལ། དེ་ལ་ཡང་ཆགས་པ་མེད་པར་
เล่ม ๙๓ · หน้า 13b
བསྒམ་མོ། །དེ་ལྟར་ཐབས་མཁས་པ་གཙོ་བོར་བྱེད་པ་དེ་གཟུངས་ཤེས་པའི་ཁྱད་པར་ཐོབ་པས། ཆགས་པ་མེད་པའི་གཟུངས་ཐོབ་པ་ཞེས་བྱའོ། །དེ་ལྟར་ཆགས་པ་མེད་པར་གནས་པ་ལ་གནས་ནས་འཁོར་བ་དང་། མྱ་ངན་ལས་འདས་པ་གཉིས་མཉམ་པར་སེམས་པ་དེ་སེམས་
ཅན་གྱི་དོན་འབའ་ཞིག་ལ་རྣམ་པ་ཐམས་ཅད་དུ་རྩོལ་བ་ན་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམས་ལ་མཉམ་པར་འཇོག་ཀྱང་དེའི་དབང་གིས་སྐྱེ་བ་མི་ལེན་གྱི། བསམ་གཏན་དང་། རྣམ་
པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དེ་དག་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་དོན་ཉིད་དུ་ཡོངས་སུ་བསྔོ་བར་མཛད་དོ། །དེ་ལྟར་སེམས་ཅན་རྣམས་ཀྱི་དོན་དུ་དེ་དག་ཡོངས་སུ་བསྔོས་ནས་སེམས་ཅན་རྣམས་ཀྱི་དོན་ཉིད་དུ་འདི་ལྟ་སྟེ། རྫུ་འཕྲུལ་བྱ་བ་
ཤེས་པ་དང་། ལྷའི་མིག་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་དང་། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱེད་པའི་ཤེས་པ་དང་། མངོན་པར་ཤེས་པ་དྲུག་བསྐྱེད་དོ། །དེ་ལ་རྫུ་འཕྲུལ་བྱ་བ་ཤེས་པ་ནི་རྣམ་པ་
གཉིས་ཏེ་ཡོངས་སུ་བསྒྱུར་བ་དང་། སྤྲུལ་པའོ། །དེ་ལ་ཡོངས་སུ་བསྒྱུར་བ་ཞེས་བྱ་བ་ནི། གཡོ་བར་བྱ་བ་དང་། འབར་བར་བྱ་བ་དང་། ཆར་འབབ་པར་བྱ་བ་དང་། ཁྱབ་པར་བྱ་བ་དང་། དངོས་པོ་གཞན་དུ་བསྒྱུར་བར་བྱ་བ་དང་། འགྲོ་བ་དང་། འོང་བ་དང་། བསྡུ་བ་དང་། རྒྱས་
པར་བྱ་བ་དང་། གཟུགས་ཐམས་ཅད་ལུས་ཀྱི་ནང་དུ་ཞུགས་པ་དང་། བསྐལ་པ་མཐུན་པའི་དྲུང་དུ་འགྲོ་བ་དང་། སྣང་བར་བྱ་བ་དང་། མི་སྣང་བར་བྱ་བ་དང་། དབང་དུ་བྱ་བ་དང་། ཕ་རོལ་པོའི་རྫུ་འཕྲུལ་ཟིལ་གྱིས་མནན་པ་དང་། སྤོབས་པ་སྦྱིན་པ་དང་། དྲན་པ་སྦྱིན་པ་དང་།
བདེ་བ་སྦྱིན་པ་དང་། འོད་གཏོང་བ་ལ་སོགས་པ་གཞན་ཡང་དེ་དང་འདྲ་བ་དག་སྟེ། སེམས་ཅན་རྣམས་ལ་གང་དང་གང་དགོས་པ་དེ་དང་དེ་བྱང་ཆུབ་སེམས་དཔའ་དེས་སྒྲུབ་པོ། །སྤྲུལ་པ་ཞེས་བྱ་བ་ནི། སྤྲུལ་པ་རྣམ་པ་གསུམ་སྟེ། ལུས་སྤྲུལ་པ་དང་། ངག་སྤྲུལ་པ་དང་། ཡུལ་
เล่ม ๙๓ · หน้า 14a
སྤྲུལ་པའོ། །དེ་ལ་ལུས་སྤྲུལ་པ་ནི་གང་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་དོན་གྱི་ཆེད་དུ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་ཁ་དོག་དང་། མིའི་ཁ་
དོག་དང་། དུད་འགྲོ་དང་། ཡི་དགས་དང་། སེམས་ཅན་དམྱལ་བའི་ཁ་དོག་དང་། ཉན་ཐོས་ཀྱི་ཁ་དོག་དང་། རང་སངས་རྒྱས་ཀྱི་ཁ་དོག་དང་། བྱང་ཆུབ་སེམས་དཔའི་ཁ་དོག་དང་། སངས་རྒྱས་ཀྱི་ཁ་དོག་ཏུ་སྤྲུལ་པ་རྣམ་པ་དུ་མ་སྟོན་ཅིང་། ཕྱོགས་བཅུའི་འཇིག་རྟེན་གྱི་
ཁམས་དཔག་ཏུ་མེད་གྲངས་མེད་པ་རྣམས་སུ་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་རྣམས་ཀྱི་དོན་དུ་སྐད་ཅིག་གཅིག་ལ་ཅིག་ཅར་དུ་ཁ་དོག་སྣ་ཚོགས་པའི་སྤྲུལ་པ་དེ་དག་གིས་བསྒྲུབས་པའོ། །ངག་སྤྲུལ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ལྷ་དང་། ཀླུ་དང་། གནོད་
སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་འཁོར་འདུས་ཤིང་འཁོད་པ་དཔག་ཚད་ཁོ་ར་ཁོར་ཡུག་གི་དཀྱིལ་འཁོར་ནས། སྟོང་སྤྱི་ཕུད་དང་། སྟོང་གཉིས་དང་། སྟོང་
གསུམ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གྲངས་མེད་པ་རྣམས་ཀྱི་བར་དུ་སྤྲུལ་པའི་སྒྲས་གོ་བར་མཛད་པ་དང་། སྒྲ་དེ་དག་ལས་ཀྱང་སེམས་ཅན་རྣམས་ལ་ཆོས་བསྟན་པ་རྣམ་པ་དུ་མ་མཛད་པའམ། སྤྲུལ་པ་གཞན་དག་གིས་བྱེད་དུ་འཇུག་པར་མཛད་པ་དང་། ནམ་མཁའ་
ལས་ཀྱང་ཆོས་སྟོན་པའི་སྒྲ་འབྱིན་ཅིང་ཡུལ་སྣ་ཚོགས་ན་མོས་པ་རྣམས་ལ་བསྐུལ་བར་མཛད་པའོ། །ཡུལ་སྤྲུལ་པ་གང་ཞེ་ན། ཡོ་བྱད་ཀྱིས་ཕོངས་པའི་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་སེམས་དཔའ་བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། ནོར་
བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་ལ་སོགས་པའི་སྤྲུལ་པ་སྤྲུལ་པར་མཛད་དེ། ཇི་སྟེ་དེའི་ཚེ་ཙམ་ཞིག་ཏུ་དགོས་པར་གྱུར་ན་ཡང་དེའི་ཚེ་ཙམ་ཉིད་དུ་འགྱུར་རོ། །ཅི་སྟེ་གང་གི་ཚེ་དེ་བདེན་པ་ཉིད་དུ་བྱིན་གྱིས་རློབ་ན་ཡང་དུས་ཇི་སྲིད་པ་ཉིད་དུ་འགྱུར་རོ། །དེ་ལྟར་རྫུ་འཕྲུལ་བྱ་བ་
เล่ม ๙๓ · หน้า 14b
ཤེས་པས་ཕན་འདོགས་སོ། །རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་རྣམས་འདུན་པར་མཛད་ནས། སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་མཛད་དོ། །ཡང་ན་སེམས་ཅན་སྡུག་བསྔལ་བ་རྣམ་པ་སྣ་ཚོགས་ཀྱིས་ཕན་འདོགས་པར་མཛད་པའོ།། །།བམ་པོ་གཉིས་
པ། །སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་བཞེས་པས་ནི་སེམས་ཅན་རྣམས་ཀྱི་སྔོན་གྱི་སྤྱོད་པ་རྣམས་རྗེས་སུ་དྲན་ནས་དེ་དང་མཐུན་པ་མཁྱེན་ཏེ། ཆོས་བསྟན་པ་ལ་སོགས་པ་མཛད་དོ། །ཡང་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག་ཏུ་རྨད་དུ་བྱུང་བའི་སྤྱོད་པ་དྲན་ནས། སེམས་
ཅན་རྣམས་དད་པ་ཡང་དག་པར་བསྐྱེད་པའི་ཕྱིར་ཡང་དག་པར་རབ་ཏུ་སྟོན་ཏོ། །རྟག་པར་སྨྲ་བ་དང་། ཆད་པར་སྨྲ་བ་རྣམས་ལ་སྔོན་གྱི་ཚུལ་ཉེ་བར་བསྟན་ནས། ལྟ་བ་རྣམ་པར་འཇིག་པར་བྱེད་དོ། །དེ་ཤེས་པ་དེས་བདག་ཉིད་ཀྱི་སྔོན་གྱི་གནས་ཀྱང་དྲན་ནོ། །གཞན་དག་གི་
སྔོན་གྱི་སྲིད་པ་ཡང་དྲན་ནོ། །ཡང་གཞན་དག་གི་སྔོན་གྱི་སྲིད་པ་དེ་དག་ཉིད་ཀྱི་རྗེས་སུ་དྲན་པར་མཛད་པའོ། །ལྷའི་རྣ་བས་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་དང་། མི་རྣམས་ཀྱི་ནང་དུ་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་ཉམ་ཐག་པའི་སྒྲ་གསན་
ནས། དེ་དག་གི་སྡུག་བསྔལ་བསལ་བའི་ཕྱིར་འབད་པར་མཛད་དོ། །ཡང་ན་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སམ། འདི་ཉིད་ན་ཆོས་བསྟན་པ་ཐ་དད་པ་གང་ཡིན་པ་དེ་དག་གསན་ཏོ། །ཡང་ན་ཡང་དག་པར་བསྐུལ་བའི་སྒྲ་རྣམ་པ་དུ་མ་གསན་ཏོ། །ལྷའི་མིག་གིས་ནི་
བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བའི་སྤྱོད་པ་རྣམས་སྣ་ཚོགས་པ་གཟིགས་ནས་ཅི་རིགས་པར་སྒྲུབ་པར་མཛད་དོ། །སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ན་དེ་བཞིན་གཤེགས་པ་འཁོར་མང་པོའི་ནང་ན་ཆོས་སྟོན་པ་ཡང་གཟིགས་སོ། །ཕ་རོལ་
གྱི་སེམས་ཤེས་པས་ནི་གཞན་དག་གི་འདོད་ཆགས་དང་། ཞེ་སྡང་ལ་སོགས་པ་དང་མཚུངས་པར་ལྡན་པའི་སེམས་རྣམས་མཁྱེན་ནས། དེ་དག་ལ་ཅི་རིགས་པར་སྒྲུབ་པར་མཛད་དོ། །སེམས་ཅན་རྣམས་ཀྱི་དབང་པོ་དང་། སྤྱོད་པ་དང་། ཁམས་དང་། བག་ལ་ཉལ་བ་ལ་
เล่ม ๙๓ · หน้า 15a
སོགས་པ་ཐ་དད་པ་རྣམས་མཁྱེན་ནས་ཅི་རིགས་པར་ཆོས་སྟོན་ཏོ། །ཟག་པ་ཟད་པ་ཤེས་པས་ནི་བྱང་ཆུབ་སེམས་དཔའ་བདག་གམ་གཞན་དག་གི་ཉོན་མོངས་པ་ཟད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། བདག་གི་ཉོན་མོངས་པ་ཟད་པ་ཐོབ་པ་འམ།
མ་ཐོབ་པའམ། གཞན་དག་གི་ཉོན་མོངས་པ་ཟད་པ་ཐོབ་པའམ། མ་ཐོབ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །བདག་དང་གཞན་དག་གི་ཉོན་མོངས་པ་ཟག་པ་ཟད་པར་བྱ་བའི་ཐབས་དང་། ཐབས་མ་ཡིན་པ་ཡང་རབ་ཏུ་མཁྱེན་ཏོ། །གཞན་དག་གི་ཉོན་མོངས་པ་
ཟད་པ་ཐོབ་པའི་མངོན་པའི་ང་རྒྱལ་དང་། བདེན་པ་ཡང་རབ་ཏུ་མཁྱེན་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་རབ་ཏུ་མཁྱེན་ནས། དེ་ལ་བདག་ཉིད་ཀྱིས་ཟག་པ་ཟད་པ་མངོན་སུམ་དུ་མཛད་དོ། །ཟག་པ་དང་བཅས་པའི་དངོས་པོ་དང་། ཟག་པ་མེད་པ་ཡང་རབ་ཏུ་མཁྱེན་
ཏེ། བྱང་ཆུབ་སེམས་དཔའ་ཟག་པ་ཟད་པའི་ཤེས་པ་དེ་ཉིད་ཀྱིས་ཟག་པ་དང་བཅས་པའི་ཉོན་མོངས་པའི་ཆོས་ཐམས་ཅད་དང་ལྷན་ཅིག་གནས་ཀྱང་བདག་ཉིད་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །མངོན་པར་ཤེས་པ་དྲུག་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་ལ་ཚེ་རབས་ཚེ་
རབས་སུ་ཡོད་པར་གྱུར་ཏོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ན་ཡང་ཉམས་པར་མི་འགྱུར་བས་ན་མངོན་པར་ཤེས་པ་མ་ཉམས་པ་ཞེས་བྱའོ། །དེ་ལྟར་མངོན་པར་ཤེས་པ་དྲུག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་ཕན་གདགས་པ་ཉིད་ཀྱི་ཕྱིར་འབད་དོ། །
ཕན་གདགས་པའི་སེམས་ཅན་དེ་དག་ཀྱང་ལྷན་ཅིག་སྐྱེས་པའི་དགའ་བས་བྱང་ཆུབ་སེམས་དཔའི་ངག་ཉན་པར་འགྱུར་ཏེ། དེས་གདམས་པ་དང་། རྗེས་སུ་བསྟན་པ་ལས་སྲོག་གི་ཕྱིར་ཡང་འགལ་བར་མི་བྱེད་དོ། །གང་གཞན་ཡང་དེ་ལ་གནོད་པར་སེམས་པ་དང་ལྡན་པ་བདུད་
ཀྱི་ཕྱོགས་སམ། མུ་སྟེགས་ཅན་ལ་སོགས་པ་དེ་དག་ཀྱང་། ཐབས་ཀྱིས་བདག་གི་གདམས་པ་དང་། རྗེས་སུ་བསྟན་པ་འཛིན་དུ་འཛུག་གོ། །གང་དག་དེའི་ངག་ཉན་དུ་མི་བཏུབ་པ་དེ་དག་ཀྱང་ཀླད་པ་འགས་པ་ལ་སོགས་པའི་ཚོར་བས་བསྙད་དེ་བསྡིགས་ནས་བདག་
เล่ม ๙๓ · หน้า 15b
གི་ཚིག་ཉན་དུ་འཇུག་གོ། །བྱང་ཆུབ་སེམས་དཔའ་དུས་དང་དུས་མ་ཡིན་པ་ལ་སོགས་པ་ལ་གཟིགས་པ་མ་གཏོགས་པར་བྱང་ཆུབ་སེམས་དཔའི་ངག་ལས་འགལ་བར་བྱེད་པའི་སེམས་ཅན་ནི་སེམས་ཅན་གྱི་རིས་ན་གང་ཡང་མེད་དེ། འདི་ནི་བསྡུ་བའི་དངོས་པོའི་བསོད་ནམས་
ཡོངས་སུ་བསྔོ་བ་དང་། ཕ་རོལ་ཏུ་ཕྱིན་པའི་བསོད་ནམས་ཀྱི་སྟོབས་ཀྱི་ཆོས་ཉིད་ཅེས་བྱའོ། །དེ་བས་ན་གཟུང་བའི་ཚིག་དང་ལྡན་པ་ཞེས་བྱའོ། །ཡོན་ཏན་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྦྱོར་བ་རྣམ་པར་དག་པ་ཡིན་པར་བསྟན་པའི་ཕྱིར། ཚུལ་འཆོས་པ་
མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔར་སར་ཆུད་པ་རྣམས་ལ་ཡང་ལོག་པར་འཚོ་བའི་ལས་རྣམས་མི་སྲིད་ན་ཁྱད་པར་དུ་དྲི་མ་མེད་པའི་ས་ལ་སོགས་པ་ལ་ལྟ་ག་ལ་ཞིག་ཡོད། འདིར་ས་བདུན་པ་ལ་ལོག་པར་འཚོ་བའི་ལས་རྣམས་མེད་བཞིན་དུ་ཅིའི་ཕྱིར་བསྟན་ཞེ་ན། འདི་
ལ་ཉེས་པ་མེད་དེ། འོག་མ་རྣམས་སུ་སྤངས་སུ་ཟིན་ཀྱང་རྩོལ་བ་དང་བཅས་པའི་སྤྱོད་པ་འདིར་ཡོངས་སུ་རྫོགས་པས་ཐ་མར་བསྟན་པར་བྱ་བ་ཡིན་ནོ། །ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་ཉོན་མོངས་པ་ཞེས་ཀྱང་མི་བྱ། ཉོན་མོངས་པ་མེད་པ་ཞེས་ཀྱང་མི་བྱ་སྟེ།
ཉོན་མོངས་པ་ཅན་གྱི་སྤྱོད་པ་རྣམས་འདི་ཉིད་དུ་ཤིན་ཏུ་སྤང་བའི་ཕྱིར་ཏེ། འདི་ལྟར་ལྷག་པའི་བསམ་པ་ཡོངས་སུ་དག་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན། ལྷག་པའི་བསམ་པ་ཡོངས་སུ་དག་པའི་ངག་དང་། ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ། གང་དག་དེ་བཞིན་གཤེགས་པས་
སྨད་པའི་ལུས་དང་། ངག་དང་ཡིད་ཀྱི་ལས་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་ཀུན་ཏུ་མི་འབྱུང་བ་འདི་ནི་ས་བདུན་པ་ཉིད་ཀྱི་ཡོན་ཏན་ཏེ། དེ་བས་ན་དེ་ལ་ལོག་པར་འཚོ་བའི་ལུས་ཀྱི་ལས་མེད་པར་བསྟན་པའི་ཕྱིར་ཚུལ་འཆོས་པ་མེད་པ་ཞེས་བྱ་བ་གསུངས་སོ། །རྙེད་པ་འདོད་པས་
ཡ་མཚན་དུ་འཛིན་དུ་གཞུག་པའི་ཕྱིར་གཞན་དག་ལ་སྤྱོད་ལམ་དུ་གཏོགས་པའི་ལུས་ཀྱི་སྦྱོར་བ་བསྟན་པ་ནི་ཚུལ་འཆོས་པ་ཞེས་བྱའོ། །ངག་གི་ལས་ཡོངས་སུ་མ་དག་པ་མེད་པར་བསྟན་པའི་ཕྱིར། ཁ་གསག་མེད་པ་ཞེས་བྱ་བ་གསུངས་ཏེ། རྙེད་པ་དང་འབྲེལ་པའི་ཚིག་གི་སྦྱོར་
เล่ม ๙๓ · หน้า 16a
བ་རྙེད་པ་འདོད་པ་ཉིད་ཀྱི་ཕྱིར་སྨྲ་བ་ནི་ཁ་གསག་ཅེས་བྱའོ། །ཡིད་ཀྱི་ལས་ཡོངས་སུ་མ་དག་པ་མེད་པར་བསྟན་པའི་ཕྱིར་ཤེས་ཀྱི་ཁེ་དང་རྙེད་པའི་སེམས་མེད་པ་ཞེས་བྱ་བ་གསུངས་ཏེ། སྙན་པ་དང་བརྗོད་པ་དང་གྲགས་པ་དང་། ཤེས་ཀྱི་ཁེ་ཞེས་བྱ་བ་ནི་རྣམ་
གྲངས་སུ་གཏོགས་པའོ། །རྙེད་པ་དང་། བཀུར་སྟིའི་སེམས་དང་བྲལ་བས་དེ་སྐད་ཅེས་བྱའོ། །དེ་ལྟར་ཡོངས་སུ་མ་དག་པའི་སྦྱོར་བ་མེད་པར་བསྟན་ནས། ཡོངས་སུ་དག་པའི་སྦྱོར་བ་ཡོད་པར་བསྟན་པའི་ཕྱིར་ཟང་ཟིང་མེད་པའི་ཕྱིར། སེམས་ཀྱིས་ཆོས་སྟོན་པ་ཞེས་བྱ་བ་
གསུངས་ཏེ། སྙིང་རྗེས་ཡང་དག་པར་བསྐུལ་ཅིང་། ཤེས་རབ་ཀྱིས་སྦྱངས་པའི་ཡིད་དང་ལྡན་པ་ནི། སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་ཆོས་སྟོན་པས་ན་དེ་སྐད་ཅེས་བྱའོ། །དེ་ལྟར་རྣམ་པ་དེ་དག་གིས་ས་བདུན་པ་མན་ཆད་རྩོལ་བ་དང་བཅས་པར་མཚན་མ་མེད་པ་ལ་སྤྱོད་
པའི་ཡོན་ཏན་བསྟན་ནས། ད་ནི་ཆོས་ཟབ་མོ་ལ་བཟོད་པའི་ཕ་རོལ་དུ་སོན་པ་ཞེས་བྱ་བ་ལ་སོགས་པས་ལྷུན་གྱིས་གྲུབ་པར་མཚན་མ་མེད་པ་ལ་གནས་པའི་ཡོན་ཏན་སྟོན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས། ས་བརྒྱད་པ་ཡན་ཆད་རྩོལ་བ་ཐམས་ཅད་རྒྱུན་ཆད་ནས། མཚན་
མ་དང་རྣམ་པར་རྟོག་པ་ཐམས་ཅད་ལས་ཡང་དག་པར་འདས་ཏེ། རང་དགར་བྱེད་པས་རྩོལ་བ་ཅི་ཡང་མེད་དོ། །དེ་དག་ནི་ཤིན་ཏུ་ཞི་ཞིང་རྩོལ་བ་མེད་མོད་ཀྱི་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་གྱི་དོན་སྤྱད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་མངོན་དུ་འགྱུར་རོ། །ས་
བརྒྱད་པ་དེ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་བསྟན་པའི་ཕྱིར། ཆོས་ཟབ་མོ་ལ་བཟོད་པའི་ཕ་རོལ་དུ་སོན་པ་ཞེས་བྱ་བ་གསུངས་ཏེ། འདི་ལྟར་དེ་རྣམ་པ་ཐམས་ཅད་དུ་སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་རྣམ་པར་རྟོག་པའི་འདུ་ཤེས་དང་བྲལ་ཞིང་ཐོགས་པ་
མེད་ལ། ནམ་མཁའ་དང་འདྲ་ཞིང་བླ་གབ་མེད་པའི་རང་བཞིན་དུ་ཁོང་དུ་ཆུད་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱའོ། །རྒྱལ་བའི་སྲས་དག་དེ་ལ་བཟོད་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ས་མི་གཡོ་བ་ཐོབ་མ་ཐག་ཏུ། བྱང་ཆུབ་སེམས་དཔའི་གནས་ཟབ་
เล่ม ๙๓ · หน้า 16b
མོ་ཤེས་པར་དགའ་བ་ཐ་མི་དད་པ། མཚན་མ་ཐམས་ཅད་དང་བྲལ་བ་ཐོབ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་སེམས་དཔའི་གནས་པ་ཟབ་མོ་དེ་ལྟ་བུ་དེ་དག་ལས་ལྷག་པར་ཟབ་པ་གཞན་མེད་པའི་ཕྱིར་ཆོས་ཟབ་མོ་ལ་བཟོད་པའི་ཕ་རོལ་དུ་སོན་པ་ཞེས་
བྱའོ། །དེ་ལྟར་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ནི་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དང་། ལྷ་དང་ཚངས་པའི་འཁོར་དང་། དགེ་སློང་དང་། དགེ་སློང་མ་དང་། མུ་སྟེགས་ཅན་དང་བདུད་ཀྱི་འཁོར་གང་དང་། གང་དུ་
འགྲོ་བ་དེ་དག་ཐམས་ཅད་དུ་འཇིགས་པ་མེད་ཅིང་བག་ཚ་བ་མེད་པར་འགྲོ་ལ་འཛེམ་པ་མེད་པར་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། དེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྣམ་པར་རྣམ་པ་ཐམས་ཅད་དུ་རྟོགས་པའི་ཕྱིར་རོ། །དེ་བས་ན་འདི་ལ་འཁོར་གྱི་ནང་
དུ་མི་ཤེས་པ་ལས་བྱུང་བའི་འཇིགས་པ་མེད་དོ། །བག་ཆགས་མ་གཏོགས་པར་ཉོན་མོངས་པ་ཐམས་ཅད་སྤངས་ཤིང་སྐྱེ་བ་མེད་པ་ཉིད་དུ་མཐོང་ངོ་། །དེ་ལྟ་བས་ན་འདི་ལ་འཁོར་གྱི་ནང་དུ་ཉོན་མོངས་པ་ལས་བྱུང་བའི་འཇིགས་པ་མེད་དེ་དེའི་ཕྱིར་མི་འཇིགས་པ་འཐོབ་པ་ཞེས་བྱ་བ་
གསུངས་སོ། །མི་རྫི་བ་ཡིན་པར་བསྟན་པའི་ཕྱིར་བདུད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདས་པ་ཞེས་བྱ་བ་གསུངས་ཏེ། བདུད་ཀྱི་ལས་གང་འོག་ནས་འཆད་པ་རྣམས་དང་། མདོ་གཞན་དག་ལས་བདུད་ཀྱི་ལས་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་ལས་རིང་བ་
བས་ཀྱང་ཆེས་རིང་བར་ཡང་དག་པར་འདས་པ་ཡིན་ནོ། །ལས་ཀྱི་སྒྲིབ་པ་རྒྱུན་བཅད་པ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས། མ་འོངས་པའི་སྐྱེ་བོ་རྣམས་ལ་ཐུགས་བརྩེ་བའི་ཕྱིར། དེ་ལྟ་དེ་ལྟར་སྐྱེ་བ་བསྟན་པ་མ་གཏོགས་པར་བཟོད་པ་དེ་ཐོབ་མ་ཐག་ཏུ་དེའི་བདེ་
འགྲོ་དང་། ངན་འགྲོར་རྣམ་པར་སྨིན་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ཡིན་པ་དེ་དག་འདི་ལ་རྒྱུན་ཆད་པ་ཡིན་ནོ། །ཆོས་རབ་ཏུ་རྣམ་པར་འབྱེད་ཅིང་རྣམ་པར་དབྱེ་བ་སྟོན་པ་ལ་མཁས་པ་ཞེས་བྱ་བ་ལ་ཆོས་ནི་ཕུང་པོ་དང་ཁམས་ལ་སོགས་པ་ལྷག་མཐོང་གི་ཆོས་རྣམས་དང་།
เล่ม ๙๓ · หน้า 17a
དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་དང་སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་དང་། རྒྱུན་དུ་ཞུགས་པའི་ལམ་གྱི་འབྲས་བུ་ལ་སོགས་
པ་ཐོབ་པའི་ཆོས་རྣམས་སོ། །དེ་དག་རབ་ཏུ་རྣམ་པར་འབྱེད་པ་ནི། མཚན་ཉིད་དང་། བྱེད་པ་དང་། རྒྱུ་དང་། འབྲས་བུ་དང་། གྲངས་དང་། རོ་མྱང་བ་དང་། ཉེས་དམིགས་དང་། འབྱུང་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ཡོངས་སུ་
ཤེས་པ་དང་། སྤང་བ་དང་། མངོན་སུམ་དུ་བྱ་བ་དང་། བསྒོམ་པ་དང་། གང་དག་ཡང་ཕྱི་རོལ་གྱི་ཆོས་འཇིག་རྟེན་གྱི་ཁམས་འདི་ལྟར་འབྱུང་ངོ་། །འདི་ལྟར་འཇིག་པར་འགྱུར་རོ། །འདི་ལྟར་འཇིག་གོ། །འདི་ལྟར་ཆགས་སོ། །དུས་འདི་སྲིད་ཅིག་ཏུ་འཇིག་གོ། །
འཆགས་སོ། །དུས་འདི་སྲིད་ཅིག་ཏུ་གནས་སོ། །འདི་དག་ནི་སེམས་ཅན་དམྱལ་བའོ། །འདི་དག་ནི་དུད་འགྲོའི་སྐྱེ་གནས་སོ། །འདི་དག་ནི་ཡི་དགས་སོ། །འདི་དག་ནི་མིའོ། །འདི་དག་ནི་འདོད་པའི་ཁམས་སོ། །འདི་དག་ནི་གཟུགས་ཀྱི་ཁམས་སོ། །འདི་དག་ནི་གཟུགས་
མེད་པའི་ཁམས་སོ། །སའི་རྡུལ་ཕྲ་རབ་ཀྱི་རྡུལ་ནི་འདི་སྙེད་ཅིག་གོ། །ཆུའི་ནི་འདི་སྙེད་ཅིག་གོ། །མེའི་ནི་འདི་སྙེད་ཅིག་གོ། །རླུང་གི་ནི་འདི་སྙེད་ཅིག་གོ། །ཁོར་ཡུག་ལ་སོགས་པའི་རྔམས་དང་། རྒྱ་དང་། འཕང་དང་། ཟབས་ཀྱི་ཚད་ནི་འདི་ཙམ་མོ། །གླིང་བཞི་པ་
ནི་འདི་ཙམ་མོ། །སྟོང་གཅིག་ནི་འདི་ཙམ་མོ། །སྟོང་གཉིས་ནི་འདི་ཙམ་མོ། །སྟོང་གསུམ་གྱི་སྟོང་ཆེན་པོ་ནི་འདི་ཙམ་མོ་ཞེས་བྱ་བ་དང་། དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱི་བསམ་པ་དང་། བག་ལ་ཉལ་བ་དང་། སྤྱོད་པ་དང་། མོས་པ་དང་། དབང་པོ་དང་། སྐྱོན་
ཆུང་བ་དང་། སྐྱོན་མང་བ་དང་། རིགས་ཡོད་པ་དང་། རིགས་མེད་པ་དང་། ངེས་པ་དང་། མ་ངེས་པ་དང་། ཞུགས་པ་དང་། མ་ཞུགས་པ་དང་། ཡོངས་སུ་སྨིན་པ་དང་། ཡོངས་སུ་མ་སྨིན་པ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་མ་གྲོལ་བ་དང་། འདི་ལྟ་བུའི་ཚུལ་
เล่ม ๙๓ · หน้า 17b
ཅན་དག་རབ་ཏུ་རྣམ་པར་འབྱེད་པ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱའོ། །རྣམ་པར་འབྱེད་པ་ནི་ཆོས་རྣམས་བྱེ་བྲག་ཏུ་དབྱེ་བ་སྟེ། འདི་དག་ནི་ཕུང་པོ་རྣམས་སོ། །འདི་དག་ནི་ཁམས་རྣམས་སོ། །འདི་དག་ནི་སྐྱེ་མཆེད་རྣམས་སོ་ཞེས་བྱ་བ་ལ་སོགས་པ་སྔར་སྨོས་པའི་ཆོས་དེ་
དག་ཐམས་ཅད་སོ་སོར་ཡོངས་སུ་དབྱེ་བ་དང་། མང་པོ་བྱེ་བྲག་ཏུ་དབྱེ་བ་ལ་རྣམ་པར་དབྱེ་བ་ཞེས་བྱའོ། །སྟོན་པ་ནི་དེ་རྣམས་གཞན་དག་ལ་ཡང་དག་པར་སྟོན་ཅིང་ཤེས་པར་བྱེད་དོ། །མཁས་པ་ནི་དེ་ལ་རབ་ཏུ་ཤེས་པའོ། །དེ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་ཆོས་སོ་སོར་ཡང་
དག་པར་རིག་པའོ། །རྣམ་པར་དབྱེ་བ་ནི་དོན་སོ་སོར་ཡང་དག་པར་རིག་པའོ། །སྟོན་པ་ནི་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པའོ། །སྟོན་པ་ལ་མཁས་པ་ནི་སྤོབས་པ་སོ་སོར་ཡང་དག་པར་རིག་པའོ། །དེའི་ཕྱིར་ཆོས་རབ་ཏུ་རྣམ་པར་འབྱེད་ཅིང་རྣམ་པར་དབྱེ་བ་སྟོན་པ་
ལ་མཁས་པ་ཞེས་བྱ་བ་གསུངས་སོ། །དེ་ལྟར་ས་བརྒྱད་པའི་ཡོན་ཏན་བསྟན་ནས། །ས་གོང་མ་དག་ལ་སྤྱོད་པ་ངེས་པའི་སའི་ཡོན་ཏན་བསྟན་པའི་ཕྱིར་བསྐལ་པ་གྲངས་མེད་པ་ནས་སྨོན་ལམ་ཤིན་ཏུ་བརྩམས་པ་ཞེས་བྱ་བ་གསུངས་སོ། །བསྐལ་པ་གྲངས་མེད་པ་རྣམས་སུ་
སྨོན་ལམ་བཏབ་པའི་སྨོན་ལམ་གང་ཡིན་པ་དེ་དག་གིས་ཤིན་ཏུ་བརྩམས་པའི་བྱང་ཆུབ་སེམས་དཔའ་དག་གོ། །འདིས་ཅི་ཞིག་བསྟན་ཅེ་ན། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཕན་ཅད་གང་ནང་གི་གཟུགས་ཀྱི་ལུས་དེ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྣང་བར་མི་འགྱུར་རོ། །མིང་གི་ཚོགས་
ཀྱང་སེམས་པ་དང་། ཡིད་དང་རྣམ་པར་ཤེས་པའི་རྣམ་པར་མི་འཇུག་སྟེ། སྟོང་པའི་རྣམ་པ་ཉིད་དུ་ཡང་དག་པར་གནས་སོ། །ཕྱིའི་ཆོས་ཁམས་གསུམ་པ་གང་དག་ཡིན་པ་དེ་དག་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་སྣང་བར་མི་འགྱུར་ཏོ། །མཚན་མ་མེད་པའི་དབྱིངས་རྣམ་
པར་ཐར་པ་ཉིད་དུའོ། །དེ་ལྟར་དེ་བཞིན་ཉིད་ཙམ་དུ་ཟད་པར་གནས་པ་དེ་ལ། རྩོལ་བ་ཐམས་ཅད་དང་། གཡོ་བ་དང་། རློམ་སེམས་དང་། སྤོས་པ་ཐམས་ཅད་འབྱུང་བར་མི་འགྱུར་རོ། །སེམས་དཔའ་ཆེན་པོ་དེ་དེ་ལྟར་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་དང་དངོས་
เล่ม ๙๓ · หน้า 18a
པོ་མེད་པའི་ངོ་བོ་ཉིད་དང་། གཟོད་མ་ནས་ཞི་བ་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་གནས་ན་ཕྱིས་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་དང་། སེམས་ཅན་གྱི་དོན་གང་ཡིན་པ་དེ་དག་ཡོངས་སུ་ཉམས་པར་འགྱུར་རོ་ཞེ་ན། དེ་ཡོངས་སུ་མི་ཉམས་པར་བྱ་བའི་
ཕྱིར། བསྐལ་པ་གྲངས་མེད་པ་གཉིས་སུ་ཡོངས་སུ་རྫོགས་པར་བྱས་པའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཐབས་མཁས་པ་དང་བཅས་པ་སྙིང་རྗེའི་རྒྱུ་མཐུན་པར་འགྱུར་བས། དེའི་ཚེ་རྣམ་པར་སྨིན་པར་ཡོངས་སུ་བསྒྱུར་ན། བྱང་ཆུབ་སེམས་དཔའ་དེ་ཡང་ཀུན་རྫོབ་ལ་འཇུག་སྟེ། ཀུན་
རྫོབ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་ནང་དང་ཕྱིའི་འཇིག་རྟེན་ཐམས་ཅད་སྔོན་གྱི་དུས་བཞིན་དུ་ཡང་དམིགས་པར་འགྱུར་ལ། དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་སྤྱོད་པ་ལ་སྦྱོར་རོ། །དེ་ལྟ་ན་ས་འདི་ལ་ཉོན་མོངས་པ་ཀུན་ཏུ་འབྱུང་བ་ཐམས་ཅད་མེད་པས་ཕྱི་མ་ལ་སྐྱེ་བ་གཞན་
འབྱུང་བར་འགྱུར་བའི་ལས་བསགས་པ་མེད་ལ། སྔོན་གྱི་དུས་ན་བསགས་པའི་ལས་རྣམས་ནི། དགྲ་བཅོམ་པ་རྣམས་ཀྱི་བཞིན་དུ་མཐུ་ཟད་པར་གྱུར་ན། དེ་ལ་ལས་མེད་པས་རྣམ་པར་སྨིན་པ་ཡང་མི་དམིགས་ན། ཡང་སྐྱེ་བ་གཞན་ལེན་པ་ལྟ་ཇི་ལྟར་འགྱུར། གོང་དུ་ཤིན་ཏུ་
མྱུར་བར་མ་བརྩལ་དུ་ཟིན་ཀྱང་གདོན་མི་ཟ་བར་བསྐལ་པ་གྲངས་མེད་པ་གཅིག་གིས་དེ་བཞིན་གཤེགས་པའི་ས་ཐོབ་པར་འགྱུར་ན། དུས་དེ་སྲིད་ཀྱི་བར་དུ་དེ་ཇི་ལྟར་གང་གི་བདག་ཉིད་དུ་གནས་པར་འགྱུར་ཞེ་ན། འདི་ལ་ཉེས་པ་མེད་དེ། འདིར་བསྟན་བཅོས་མཛད་པ་དག་གིས་བཤད་པ། སྔོན་
བསྐལ་པ་གྲངས་མེད་པ་གཉིས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་གང་དག་ཡོངས་སུ་རྫོགས་པར་མཛད་དེ། སྔོན་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པས་མི་ཟད་པའི་རྣམ་པར་ཡང་དག་པར་བསྒྲུབས་ཤིང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་ལ་ཕན་གདགས་པའི་དོན་དང་། ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔས་བཟོད་པ་ཐོབ་པ་ཕན་ཅད་རྣམ་པར་སྨིན་པའི་བདག་ཉིད་དུ་ཡོངས་སུ་བསྒྱུར་ཏེ། དེ་ལྟར་རྣམ་པར་སྨིན་པར་གྱུར་པ་དེ་དག་གིས་འཁོར་བ་ཇི་སྲིད་པར། བྱང་ཆུབ་སེམས་དཔའ་ལྷུན་གྱིས་གྲུབ་
เล่ม ๙๓ · หน้า 18b
པར་སེམས་ཅན་གྱི་དོན་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་བོ། །དགེ་བའི་རྩ་བ་རྣམ་པར་སྨིན་པའི་བདག་ཉིད་དུ་ཡོངས་སུ་གྱུར་པ་དེ་དག་ཉིད་ཀྱིས་སྐྱེ་བ་གཞན་ལེན་པར་བྱེད་དོ། །དེ་ཡང་དགེ་བའི་རྩ་བ་རྣམ་པར་སྨིན་པ་དེ་དག་ཉིད་ཀྱིས་སྐྱེས་པའི་རབས་རྣམ་པ་དུ་མ་ཉེ་བར་
བསྟན་ཏེ། སྤྲུལ་པ་ཤིན་ཏུ་མང་པོ་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་ནས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་མཛད་དེ། དེ་བཞིན་གཤེགས་པའི་ས་འཐོབ་པོ་ཞེས་བཤད་དོ། །དེ་བས་ན་སྤྱོད་པ་འདི་ནི་ངེས་པས་སྤྱོད་པ་ཞེས་བྱ་སྟེ། སྨོན་ལམ་གྱི་མཐུས་
མངོན་པར་གྲུབ་པའི་ཕྱིར་རོ། །སྤྱོད་པ་གཉིས་པ་ནི་སེམས་ཅན་གྱི་དོན་དུ་ངེས་པ་ཡིན་ཏེ། རྣམ་པར་སྨིན་པའི་བདག་ཉིད་ཡིན་པས་དེའི་འཇུག་པ་དོན་མེད་པ་མ་ཡིན་པའི་ཕྱིར་རོ། །སྤྱོད་པ་འདིས་སེམས་ཅན་ཡོངས་སུ་སྨིན་པར་བྱས་པའི་སེམས་ཅན་རྣམས་ནི། ཐེག་པ་གསུམ་
ལ་ངེས་པར་འགྱུར་ཏེ། དེ་བས་ན་ངེས་པར་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཉི་མ་གཅིག་རངས་པར། སེམས་ཅན་གྱི་དོན་བྱས་པ་ལ་སྔོན་གྱི་སྤྱོད་པ་ཐམས་ཅད་ཀྱིས་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆར་ཡང་མི་ཕོད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་སྨོན་
ལམ་གྱི་མཐུས་ཡང་དག་པར་གྲུབ་པའི་ཕྱིར་བསྐལ་པ་གྲངས་མེད་པ་ནས་སྨོན་ལམ་གྱིས་ཤིན་ཏུ་བརྩམས་པ་ཞེས་བྱ་བ་གསུངས་སོ། །དེ་ལྟར་ཤིན་ཏུ་བརྩམས་པ་ནི་སེམས་ཅན་རྣམས་ལ་ཚད་མེད་པས་གནས་པའི་རྒྱུ་མཐུན་པ་དང་། སངས་རྒྱས་ཀྱི་ཞིང་དུ་གཤེགས་པ་དག་གིས་མངོན་
པར་ཤེས་པ་ལ་གནས་པའི་རྒྱུ་མཐུན་པ་ཞེས་བྱ་བ་ལ་སོགས་པ་མདོ་གཞན་དག་ལས་རྒྱུ་མཐུན་པའི་ཡོན་ཏན་བསྟན་པ་རྣམས་སྟོན་ཏེ། དེ་ལ་བྱམས་པའི་རྒྱུ་མཐུན་པ་ནི། བཞིན་འཛུམ་པ་དང་ལྡན་པ་ཞེས་བྱ་བ་སྟེ། འདི་ནི་ངེས་པར་སྤྱོད་པ་ལ་ཞུགས་པ་རྣམས་ཀྱི་ཆོས་ཉིད་དེ་ཚེ་རབས་ཚེ་
རབས་སུ་བཞིན་འཛུམ་པ་དང་ལྡན་པ་ཉིད་དུ་འགྱུར་རོ། །འདི་ལྟ་སྟེ་སེམས་ཅན་མི་བསྲུན་པ་རྣམས་དགའ་ཞིང་ཡིད་རྟོན་པར་བྱ་བའི་ཕྱིར། གནས་སྐབས་ཐམས་ཅད་དུ་ནམ་ཡང་བཞིན་འགྱུར་བ་མི་འབྱུང་ངོ་། །སྙིང་རྗེའི་རྒྱུ་མཐུན་པ་བསྟན་པའི་ཕྱིར། གསོང་པོར་སྨྲ་བ་ཞེས་བྱ་བ་གསུངས་
เล่ม ๙๓ · หน้า 19a
སོ། །བྱང་ཆུབ་སེམས་དཔའ་ནི་གློ་བུར་དུ་འོངས་པ་མ་འདྲིས་པ་ལ་ཡང་བདག་ཉིད་ཀྱིས་ཀུན་དགའ་བའི་གཏམ་གྱིས་བསྡུ་བ་སྔར་སྟོན་གྱི་ཕྱིས་ནི་མ་ཡིན་ནོ། །རབ་ཏུ་དགའ་བའི་རྒྱུ་མཐུན་པ་བསྟན་པའི་ཕྱིར་བཞིན་ཁྲོ་གཉེར་མེད་པ་ཞེས་བྱ་བ་གསུངས་སོ། །འདི་ནི་
ཆོས་ཉིད་དེ་གང་གི་བཞིན་ཁྲོ་གཉེར་ཅན་དུ་འགྱུར་བ་དེ་ལྟ་བུའི་ཡིད་མི་བདེ་བ་མེད་དོ། །བརྩོན་འགྲུས་བརྩམས་པ་ལ་སྐྱོ་བར་འགྱུར་བ་དེ་ལྟ་བུ་མེད་དོ། །གཞན་དག་ལ་མི་བཟོད་པར་འགྱུར་བ་དེ་ལྟ་བུ་མེད་དོ། །དེ་ལྟ་བུའི་ཡིད་འཁྲུག་པ་མི་སྐྱེད་དོ། །ད་ནི་ཕ་རོལ་ལ་ཚིགས་སུ་བཅད་
པའི་དབྱངས་ཀྱིས་བརྗོད་པ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཀྱི་ཞིང་དུ་གཤེགས་པ་དག་གིས་མངོན་པར་ཤེས་པའི་རྒྱུ་མཐུན་པའི་ཡོན་ཏན་རྣམས་སྟོན་ཏེ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་དུ་གཤེགས་པ་ན་ལམ་གྱི་བར་དུ་བདག་ཉིད་དམ། སྤྲུལ་པས་
ཚིགས་སུ་བཅད་པའི་དབྱངས་ཀྱིས་གཞན་དག་ལ་ཆོས་སྟོན་ཅིང་ཡང་དག་པར་བསྐུལ་ལོ། །དེ་བཞིན་གཤེགས་པའི་དྲུང་དུ་བྱོན་ནས་ཀྱང་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་པ་དང་། དྲིས་པའི་ལན་ལྡོན་ཏེ། འདིས་ནི་ངག་རྣམ་པར་དག་པ་ཐོབ་པར་སྟོན་ཏོ། །སེམས་
རྣམ་པར་དག་པ་ཐོབ་པར་བསྟན་པའི་ཕྱིར་སེམས་ཞུམ་པ་མེད་པ་ཞེས་བྱ་བ་གསུངས་ཏེ། ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཁ་ཅིག་ནི་ཚོགས་ཡོངས་སུ་མ་རྫོགས་པ་དང་། ཡིད་ལ་བྱེད་པ་རྟོག་པ་དང་བཅས་པའི་ཕྱིར་ཡོན་ཏན་གྱི་ལག་པས་གོང་མ་ལ་གནས་པའི་བྱང་
ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་སྔར་ཞུམ་པའི་སེམས་སྐྱེའི་འདི་དག་ནི་ཚེ་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། ལས་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། མོས་པ་
ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ཆོས་ལ་དབང་བ་དང་། ཤིན་ཏུ་ཡོངས་སུ་དག་པའི་དབང་བཅུ་པོ་དེ་རྣམས་ཐོབ་པས་དུས་ཐམས་ཅད་དུ་སེམས་ལ་ཞུམ་པའི་སེམས་མེད་པར་བསྟན་པའི་ཕྱིར། སེམས་ཞུམ་པ་མེད་པ་ཞེས་བྱ་བ་
เล่ม ๙๓ · หน้า 19b
གསུངས་སོ། །ཡང་དག་པར་རིག་པ་རྣམས་ཀྱི་རྣམ་པར་སྨིན་པའི་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པར་བསྟན་པའི་ཕྱིར། སྤོབས་པ་མི་ཆོད་པ་ཞེས་བྱ་བ་གསུངས་ཏེ། དེ་བས་ན་འདི་ནི་ཆོས་སྨྲ་བ་ཆེན་པོ་ཡིན་པར་བརྗོད་དེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ས་བློ་གྲོས་ལེགས་
པ་ཞེས་བྱ་བ་འདི་ལ་གནས་པ་དེ་ནི་ཆོས་སྨྲ་བ་ཆེན་པོ་བྱེད་དོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་ཀྱང་སྲུང་ངོ་། །ཆོས་སྨྲ་བའི་གོ་འཕང་ཐོབ་པ་དེ་ཡེ་ཤེས་ལ་མཁས་པ་ཚད་མེད་པ་དང་ལྡན་པས་སོ་སོ་ཡང་དག་པར་རིག་པ་བཞི་པོ་དག་གིས་མངོན་པར་བསྒྲུབས་པའི་ཚིག་གིས་ཆོས་སྟོན་
ཏེ། དེ་ལ་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་མ་འདྲེས་པ་བཞི་རྟག་ཏུ་རྒྱུན་མི་འཆད་པར་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དབྱངས་ཀྱི་ཡན་ལག་གྲངས་མེད་པ་འབུམ་ཕྲག་བཅུ་དང་ལྡན་པ་ལ་མཁས་པ་དང་། སྤོབས་པའི་རྣམ་པར་དབྱེ་
བའི་སྒོ་ཚད་མེད་པ་དང་ལྡན་པའི་བར་གྱིས་ཆོས་སྟོན་ཏོ་ཞེས་ཀྱང་གསུངས་ཏེ། དེའི་ཕྱིར་སྤོབས་པ་མི་ཆོད་པ་ཞེས་བྱ་བ་གསུངས་སོ། །འཁོར་གྱི་ནང་དུ་འགྲོ་བ་ལ་མཁས་པ་ཐོབ་པར་བསྟན་པའི་ཕྱིར། འཁོར་མཐའ་ཡས་པ་ཟིལ་གྱིས་གནོན་པའི་མི་འཇིགས་པ་དང་ལྡན་
པ་ཞེས་བྱ་བ་གསུངས་སོ། །འདི་ལྟར་ས་བཅུ་པའི་མདོ་ལས་གསུངས་པའི་རིམ་པས་རྫུ་འཕྲུལ་བྱ་བ་ལ་མཁས་པ་ཚད་མེད་པ་དང་། ཡེ་ཤེས་ལ་མཁས་པ་ཚད་མེད་པ་དང་། སྤོབས་པ་ལ་མཁས་པ་ཚད་མེད་པ་དང་། འོད་ཟེར་བཀོད་པ་ལ་མཁས་པ་ཚད་མེད་པ་དང་། དྲིས་
པའི་ལན་ལྡོན་པ་ལ་མཁས་པ་ཚད་མེད་པ་དང་། དབྱངས་ཀྱི་ཡན་ལག་བརྗོད་པ་ལ་མཁས་པ་ཚད་མེད་པ་དང་། ཆོས་བསྟན་པ་ལ་མཁས་པ་ཚད་མེད་པ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ལ་མཁས་པ་ཚད་མེད་པ་དང་། གསང་བ་སྤྱོད་པ་ལ་མཁས་པ་ཚད་མེད་པ་དང་།
ཆོས་ཀྱི་སྒོ་རྣམ་པར་དབྱེ་བ་ལ་མཁས་པ་ཚད་མེད་པ་དང་། ཆོ་འཕྲུལ་ལ་མཁས་པ་ཚད་མེད་པ་དང་། དབང་ལ་མཁས་པ་ཚད་མེད་པ་དང་། སངས་རྒྱས་ཀྱི་ཡུལ་བྱིན་གྱིས་བརླབས་པ་ལ་མཁས་པ་ཚད་མེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་བརྗོད་པ་ལ་མཁས་པ་ཚད་མེད་
เล่ม ๙๓ · หน้า 20a
པ་དང་། འཇིག་རྟེན་གྱི་ཁམས་བརྗོད་པ་ལ་མཁས་པ་ཚད་མེད་པ་དང་། སེམས་ཅན་གྱི་ཁམས་བརྗོད་པ་ལ་མཁས་པ་ཚད་མེད་པ་དང་། གདུལ་བའི་ཁམས་བརྗོད་པ་ལ་མཁས་པ་ཚད་མེད་པ་དང་། ཆོས་ཀྱི་དབྱིངས་བརྗོད་པ་ལ་མཁས་པ་ཚད་མེད་པ་དང་།
སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ལ་མཁས་པ་ཚད་མེད་པ་དང་། སངས་རྒྱས་ཀྱི་སྤྱོད་ཡུལ་ཐམས་ཅད་དུ་འཇུག་པར་བྱ་བ་ལ་མཁས་པ་ཚད་མེད་པ་དང་། མཁས་པ་རྣམ་པ་ཉི་ཤུ་པོ་འདི་དག་ལ་ཤིན་ཏུ་མཁས་པའི་བྱང་ཆུབ་སེམས་དཔའ་ནི་འཁོར་གང་དང་གང་དུ་འགྲོ་བ་དེ་ཐམས་ཅད་
དུ་བག་ཚ་བ་ཐམས་ཅད་མེད་དེ། སེང་གེ་དང་། ཚངས་པ་དང་། དེ་བཞིན་གཤེགས་པ་དང་། ནམ་མཁའ་བཞིན་དུ་འཇིགས་པ་མེད་པ་དང་། བསྙེམས་པ་དང་བཅས་པ་དང་། ཁྱུ་མཆོག་ཏུ་གྱུར་པ་དང་། གང་དུ་ཡང་ཆགས་པ་མེད་པ་དང་བདུན་དུ་བྱས་ཏེ་འགྲོ་བར་འགྱུར་
རོ། །དེ་ལ་སུས་ཀྱང་ཟིལ་གྱིས་མི་ནོན་ལ། བདག་གིས་ནི་གང་ཡང་ཟིལ་གྱིས་མི་ནོན་པ་མེད་དེ། དེའི་ཕྱིར་འཁོར་མཐའ་ཡས་པ་ཟིལ་གྱིས་ནོན་པའི་མི་འཇིགས་པ་དང་ལྡན་པ་ཞེས་གསུངས་སོ། །བསྐལ་པ་བྱེ་བ་མཐའ་ཡས་པས་ངེས་པར་འབྱུང་བ་ལ་མཁས་པ་ཞེས་བྱ་བ་
འདིས་ནི་རྣམ་པར་སྨིན་པའི་བདག་ཉིད་དུ་གྱུར་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པ་བསྟན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་རྣམ་པར་སྨིན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་བྱ་དཀའ་བ་ཐམས་ཅད་ལ་བྱ་དཀའ་བའི་འདུ་ཤེས་མི་བསྐྱེད་དོ། །སེམས་
ཅན་ལ་ཕན་པ་བྱ་བ་དག་ལ་ཡོངས་སུ་གདུང་བ་མི་འབྱུང་ངོ་། །དེ་བརྩོན་འགྲུས་ཤིན་ཏུ་ཆེར་བརྩམས་པས་འབད་པ་ན། བསྐལ་པ་མང་པོ་ཡང་འདའ་བར་འགྱུར་བ་ནས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དག་ཀྱང་འདའ་བར་འགྱུར་ཏེ། ཇི་སྐད་དུ་བདག་ཅག་གི་བཅོམ་
ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔར་གྱུར་པ་ན། སངས་རྒྱས་སྐར་རྒྱལ་ཞེས་བྱ་བ་མཉེས་པར་བྱེད་པ་ན་བསྐལ་པ་དགུ་འདས་པར་གྱུར་ཏོ་ཞེས་འབྱུང་བ་ལྟ་བུ་སྟེ། དེ་ལྟར་ཤིན་ཏུ་བརྩོན་པ་ཆེན་པོས་འདའ་བར་བྱས་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་
เล่ม ๙๓ · หน้า 20b
རྣམས་ནི་འདའ་བར་འགྱུར་གྱི། བསྐལ་པ་གྲངས་མེད་པ་ལས་ནི་སུས་ཀྱང་འདའ་བར་མི་འགྱུར་རོ། །དེ་བས་ན་བསྐལ་པ་བྱེ་བ་མཐའ་ཡས་པས་ངེས་པར་འབྱུང་བ་ལ་མཁས་པ་ཞེས་བྱ་བ་གསུངས་སོ། །དེ་ལྟར་འདི་དག་གིས་སྤྱོད་པ་ངེས་པ་ལ་སྦྱོར་བའི་ཡོན་ཏན་བསྟན་ནས།
གོང་དུ་མཐར་ཐུག་པར་འགྲོ་བའི་སའི་ཡོན་ཏན་བསྟན་པའི་ཕྱིར། ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། རྨི་ལམ་དང་། བྲག་ཅ་དང་། མིག་ཡོར་དང་། གཟུགས་བརྙན་དང་། སྤྲུལ་པ་ལྟ་བུར་ཁོང་དུ་ཆུད་པ་ཞེས་བྱ་བ་གསུངས་ཏེ། འདིས་ནི་རྣམ་
པར་སྨིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པར་གྱུར་པ། ཆོས་ཐམས་ཅད་རྣམ་པར་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་བསྟན་ཏོ། །འདི་ལྟར་སྒྱུ་མ་ལ་སོགས་པ་ནི་ཤིན་ཏུ་མེད་ཀྱང་དམིགས་པར་འགྱུར་བ་ལྟར་ཆོས་རྣམས་ཐམས་ཅད་ཀྱང་དེ་དང་འདྲ་བར་རྟོགས་
པའི་ཕྱིར་རོ། །གདུལ་བ་རྣམས་ཀྱི་མོས་པ་དང་། བསམ་པ་རྣམ་པ་སྣ་ཚོགས་ཀྱི་ཕྱིར་ལ་ལ་ལ་གང་གྲགས་པའམ། དོགས་པ་རྣམ་པ་བརྒྱད་བརྩལ་བའི་ཕྱིར། དཔེ་རྣམ་པ་བརྒྱད་བསྟན་ཏེ། འདི་ལྟར་ཆོས་རྣམས་མེད་པ་ཡིན་དུ་ཟིན་ན། དབྱིབས་ལ་སོགས་པའི་
དབང་གིས་ཇི་ལྟར་དམིགས་པར་འགྱུར། དམིགས་སུ་མེད་པར་ཆོས་རྣམས་ལ་དམིགས་ནས་སེམས་དང་སེམས་ལས་བྱུང་བ་རྣམས་ཇི་ལྟར་འབྱུང་། ཆོས་རྣམས་ཡོད་པ་མ་ཡིན་ན། ཇི་ལྟར་སྐྱེ་བ་དང་འཇིག་པར་སྣང་། ཆོས་རྣམས་མེད་ན་ཇི་ལྟར་བཟའ་བ་དང་། བཏུང་བ་དང་། སྦྱིན་
པ་དང་། ལེན་པ་དང་། བདེ་བ་དང་། སྡུག་བསྔལ་ལ་སོགས་པའི་ཐ་སྙད་འདོགས་པར་འགྱུར། ཇི་ལྟར་ན་མིང་གི་ཚོགས་དང་། ཚིག་གི་ཚོགས་ལ་སོགས་པར་འགྱུར། ཇི་ལྟར་ན་རྒྱུ་དང་རྐྱེན་ལས་འབྱུང་བར་འགྱུར། ཇི་ལྟར་ན་འབྲས་བུའི་ཆོས་རྣམས་རྒྱུ་དང་འདྲ་བར་
འགྱུར། ཇི་ལྟར་ན་འགྲོ་བ་དང་འོང་བ་ལ་སོགས་པའི་བྱེད་པ་འབྱུང་སྙམ་དུ་དོགས་པ་ལ། ཆོས་རྣམས་མེད་ན་ཇི་ལྟར་དབྱིབས་ལ་སོགས་པ་ཞེས་བྱ་བ་འདི་ལ། སྒྱུ་མའི་དཔེ་སྟེ། དཔེར་ན་སྒྱུ་མ་མཁན་གྱི་མིས་སྒྱུ་མའི་གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟ་དང་།
เล่ม ๙๓ · หน้า 21a
དཔུང་བུ་ཆུང་དང་། རི་དང་། བཟའ་བ་དང་། བཏུང་བ་ལ་སོགས་པ་དབྱིབས་ཀྱི་དབང་གིས་སྟོན་ཀྱང་། དེ་དག་དངོས་སུ་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །ཇི་ལྟར་ན་སེམས་དང་སེམས་ལས་བྱུང་བ་རྣམས་དེ་དག་ལ་དམིགས་ནས་
འབྱུང་བར་འགྱུར་ཞེ་ན། དཔེར་ན་སྨིག་རྒྱུ་ལ་དམིགས་ནས། སེམས་ཅན་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་ཕྱིན་ཅི་ལོག་ཏུ་འཇུག་པ་ལྟར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །ཇི་ལྟར་ན་སྐྱེ་བ་དང་། འཇིག་པར་འགྱུར་ཞེ་ན། འདི་ལ་ཉེས་པ་མེད་དེ། ཆོས་ཐམས་ཅད་ལ་
སྐྱེ་བ་དང་། འགག་པ་མེད་པ་ཉིད་ཀྱི་ཕྱིར་ཏེ། དཔེར་ན་ནམ་མཁའ་ལ་ཟླ་བ་སྣང་བ་ན། ཆུ་ཟླ་ཡང་སྣང་བར་འགྱུར་ལ། མི་སྣང་ན་མི་སྣང་བར་འགྱུར་ཡང་། དངོས་པོའི་བདག་ཉིད་དུ་དེ་གང་ཡང་མེད་པ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པའི་བག་
ཆགས་འབྱུང་ན་ནི་སྣང་ལ། མ་བྱུང་ན་མི་སྣང་བ་དེའི་ཕྱིར། ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་འགག་པ་མེད་དོ། །ཇི་ལྟར་འཇིག་རྟེན་གྱི་ཐ་སྙད་འབྱུང་བར་འགྱུར་ཞེ་ན། དཔེར་ན་རྨི་ལམ་ན་བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། སྦྱིན་པ་དང་། ལེན་པ་དང་། བདེ་བ་དང་།
སྡུག་བསྔལ་བ་ལ་སོགས་པ་སྣང་ཡང་དོན་དམ་པར་མི་དམིགས་པ་ལྟར་ཐ་སྙད་ཐམས་ཅད་ཀྱང་དེ་བཞིན་ནོ། །ཇི་ལྟར་ན་མིང་གི་ཚོགས་རྣམས་དང་། ཚིག་གི་ཚོགས་རྣམས་སུ་འགྱུར་ཞེ་ན། དཔེར་ན་བྲག་ཅ་ལ་སྒྲའི་དངོས་པོ་མེད་ཀྱང་། རི་དང་གཅོང་རོང་སྨྲ་བ་མེད་པ་ལས་སྒྲར་དམིགས་པ་
ལྟར་ཚིག་རྣམས་འཇུག་པ་ཡང་དེ་བཞིན་ནོ། །ཇི་ལྟར་ན་རྒྱུ་དང་རྐྱེན་རྣམས་ལས་འབྱུང་བར་འགྱུར་ཞེ་ན། དཔེར་ན་དབང་པོ་ཉམས་པས་སྐྲ་ཤད་འཛིངས་པ་མེད་པ་ལས་སྣང་བ་དང་། ཡུལ་གྱི་ཁྱད་པར་ལས་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་དང་། བསྒོམས་པའི་ཁྱད་པར་གྱིས་ཟད་
པར་ལ་སོགས་པའི་མཚན་མར་སྣང་བ་དང་། འདོད་ཆགས་དང་། མྱ་ངན་དང་། འཇིགས་པ་ལ་སོགས་པས་ནོན་པའི་སེམས་ཀྱི་རྟོག་པའི་ཁྱད་པར་གྱིས་རྣམ་པར་བརྟགས་པའི་གཟུགས་ལ་སོགས་པ་སོ་སོར་སྣང་བའི་རྒྱུ་ལས་འབྱུང་ཡང་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་
เล่ม ๙๓ · หน้า 21b
ཅད་རྒྱུ་ལས་འབྱུང་ཡང་ཡོད་པ་མ་ཡིན་ནོ། །མེད་དུ་ཟིན་ན་ཇི་ལྟར་ཕ་ལས་བུ་འབྱུང་བ་དང་། ཤིང་ཨ་མྲ་ལ་སོགས་པའི་ས་བོན་ལས་འབྲས་བུ་འབྱུང་བ་བཞིན་དུ་ཇི་ལྟར་རྒྱུ་དང་འདྲ་བར་འགྱུར་ཞེ་ན། དཔེར་ན་བཞིན་ལ་སོགས་པའི་རྒྱུ་སྣང་བར་འགྱུར་བ་ལས། མེ་ལོང་ལ་སོགས་པ་ལ་
གཟུགས་བརྙན་དག་འདྲ་བར་དམིགས་ཀྱང་ཡོད་པ་མ་ཡིན་པ་ལྟར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །ཇི་ལྟར་ན་བྱེད་པ་འབྱུང་བར་འགྱུར་ཞེ་ན། དཔེར་ན་སྤྲུལ་པ་རྣམས་ལ་འགྲོ་བ་དང་འོང་བ་ལ་སོགས་པ་ལུས་ཀྱི་ལས་རྣམས་དང་། ངག་གི་ལས་རྣམས་རྣམ་པར་སྣང་ཡང་དེ་ལྟར་ཡོད་པ་
མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཡང་ན་མཚན་ཉིད་རྣམ་པ་བརྒྱད་དེ། སྟོང་པ་ཉིད་ཀྱི་མཚན་ཉིད་དང་། མཚན་མ་མེད་པའི་མཚན་ཉིད་དང་། སྨོན་པ་མེད་པའི་མཚན་ཉིད་དང་། ངོ་བོ་ཉིད་མེད་པའི་མཚན་ཉིད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་
མཚན་ཉིད་དང་། མིག་ཡོར་གྱི་མཚན་ཉིད་དང་། ཀུན་བརྟགས་པའི་མཚན་ཉིད་དང་། གཞན་གྱི་དབང་གི་མཚན་ཉིད་དེ། དེ་ལ་སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་མེད་པ་ནི་སྟོང་པ་ཉིད་དོ། །སྨིག་རྒྱུ་ལ་སོགས་པ་ལ་ཆུ་ལ་སོགས་པར་ནོར་བ་ནི་མཚན་མ་མེད་པའོ། །ཆུ་ཟླ་ནི་གང་
དུ་ཡང་གནས་པ་མེད་པ་སྟེ་སྨོན་པ་མེད་པའོ། །རྨི་ལམ་ནི་ངོ་བོ་ཉིད་མེད་པའོ། །བྲག་ཅ་ནི་ནམ་མཁའ་དང་། རི་དང་། ཕུག་ལ་སོགས་པའི་རྐྱེན་ལས་འབྱུང་བ་ཉིད་དོ། །མིག་ཡོར་ནི་མེད་པ་ཉིད་ལས་སྣང་བ་དག་གོ། །གཟུགས་བརྙན་དག་ནི་བཞིན་ལ་གནས་པ་ཁོ་ན་དག་
ཡིན་ནོ། །ཕྱི་རོལ་གྱི་མེ་ལོང་ལ་གནས་པ་ལྟར་སྣང་བ་དེ་བཞིན་དུ་ཀུན་བརྟགས་པ་ལ་ཡང་རྣམ་པར་ཤེས་པ་ལས་ཕྱི་རོལ་ན་གནས་པ་བཞིན་དུ་སྣང་ངོ་། །གཞན་གྱི་དབང་ནི་རྐྱེན་གཞན་གྱི་དབང་ལས་འབྱུང་བ་སྟེ། དཔེར་ན་སྤྲུལ་པ་དག་ནི་འཕྲུལ་བྱེད་པའི་དབང་གིས་བྱུང་བ་བཞིན་དུ་
སྦྱར་བར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་མོས་པ་དང་། ཕྲ་བ་མཁྱེན་པ་ཁོང་དུ་ཆུད་པར་བྱ་བ་ལ་མཁས་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པ་རྗེས་སུ་རྟོགས་པ་ཞེས་བྱ་བ་དང་།
เล่ม ๙๓ · หน้า 22a
ཆོས་ཀྱི་དབྱིངས་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་སྐྱེ་སྟེ། དེ་ལ་ཏིང་ངེ་འཛིན་སྔ་མས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སེམས་ཅན་དུ་བསྡུ་བར་བསྡུས་པའི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པར་གྱུར་ལ། དེ་དག་གི་སེམས་
དང་སྤྱོད་པ་དང་མོས་པ་ཐ་དད་པ་རྣམ་པ་སྣ་ཚོགས་པ་རྣམས་སྐད་ཅིག་གཅིག་ལ་ཡེ་ཤེས་གཅིག་གིས་ཁོང་དུ་ཆུད་དེ། ཁོང་དུ་ཆུད་ནས་ཀྱང་དེ་དག་གདུལ་བའི་ཐབས་སྐད་ཅིག་གཅིག་གིས་ཁོང་དུ་ཆུད་དེ། དེ་དག་ལ་དེ་བཞིན་དུ་སྒྲུབ་པ་ཡང་བྱེད་དོ་། །གཉིས་པ་ཆོས་ཀྱི་དབྱིངས་
ལ་འཇུག་པའི་ཏིང་ངེ་འཛིན་ཐོབ་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཕྲ་བ་རྣམ་པ་དུ་མ་ལ་འཇུག་པ་ནི་འདི་ལྟ་སྟེ། སྤྱོད་པ་ཕྲ་བ་ལ་འཇུག་པའི་མཁྱེན་པ་དང་། འཆི་འཕོ་དང་སྐྱེ་བ་ཕྲ་བ་ལ་འཇུག་པའི་མཁྱེན་པ་དང་།
སྐྱེ་བ་ཕྲ་བ་ལ་འཇུག་པའི་མཁྱེན་པ་དང་། རྣམ་པར་འཕྲུལ་པ་ཕྲ་བ་ལ་འཇུག་པའི་མཁྱེན་པ་དང་། མངོན་པར་འབྱུང་བ་ཕྲ་བ་ལ་འཇུག་པའི་མཁྱེན་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་ཕྲ་བ་ལ་འཇུག་པའི་མཁྱེན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ཕྲ་བ་ལ་
འཇུག་པའི་མཁྱེན་པ་དང་། ཚེའི་ཚད་བྱིན་གྱིས་རློབ་པ་ཕྲ་བ་ལ་འཇུག་པའི་མཁྱེན་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཕྲ་བ་ལ་འཇུག་པའི་མཁྱེན་པ་དང་། བསྟན་པ་གནས་པ་ཕྲ་བ་ལ་འཇུག་པའི་མཁྱེན་པ་དང་། དེ་བཞིན་གཤེགས་པའི་གསང་བ་ཕྲ་བ་ལ་འཇུག་
པའི་མཁྱེན་པའོ། །དེ་བཞིན་གཤེགས་པའི་གསང་བ་ནི་འདི་ཡིན་ཏེ། སྐུའི་གསང་བ་དང་། གསུང་གི་གསང་བ་དང་། ཐུགས་ཀྱི་གསང་བ་དང་། དུས་དང་དུས་མ་ཡིན་པ་རྣམ་པར་དཔྱད་པ་གསང་བ་དང་། བྱང་ཆུབ་སེམས་དཔའ་ལུང་བསྟན་པ་གསང་བ་དང་།
སེམས་ཅན་བསྡུ་བ་དང་ཚར་བཅད་པ་གསང་བ་དང་། ཐེག་པ་ཐ་དད་པ་གསང་བ་དང་། སེམས་ཅན་གྱི་སྤྱོད་པ་དང་དབང་པོ་རྣམ་པར་དབྱེ་བ་གསང་བ་དང་། ལས་སུ་བྱ་བ་ལ་འཇུག་པ་གསང་བ་དང་། སྤྱོད་པ་དང་མངོན་པར་རྫོགས་པར་བྱང་ཆུབ་པ་གསང་བ་དང་། རང་བཞིན་
เล่ม ๙๓ · หน้า 22b
ཐུགས་སུ་ཆུད་པ་གསང་བ་དང་། ཡེ་ཤེས་དེ་གཉིས་ཀ་གཅིག་ཏུ་བསྡུས་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་། མོས་པ་དང་ཕྲ་བ་མཁྱེན་པ་ཁོང་དུ་ཆུད་པར་བྱ་བ་ལ་མཁས་པ་ཞེས་བྱ་བ་གསུངས་སོ། །སེམས་ཐོགས་པ་མེད་པ་ཞེས་བྱ་བ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་
པའི་རྒྱུ་མཐུན་པ་ཐོབ་པར་བསྟན་པ་སྟེ། འདི་ལྟར་རྣམ་པར་སྨིན་པའི་བདག་ཉིད་ཀྱི་སྟོབས་ཐོབ་པས་ཐམས་ཅད་ལ་སེམས་ཐོགས་པ་མེད་པར་འགྱུར་ཏེ། སྟོབས་དེ་དག་ཀྱང་གང་ཞེ་ན། ཉོན་མོངས་པ་ཀུན་དུ་འབྱུང་བ་མེད་པའི་ཕྱིར་བསམ་པའི་སྟོབས་དང་། སའི་ཡེ་ཤེས་ཡོངས་
སུ་སྤྱད་པའི་ཕྱིར། ལྷག་པའི་བསམ་པའི་སྟོབས་དང་། བརྗེད་ངས་པ་མེད་པའི་ཆོས་ཅན་གྱི་ཕྱིར་གཟུངས་ཀྱི་སྟོབས་དང་། རྟག་ཏུ་རྣམ་པར་གཡེང་བ་མེད་པའི་ཕྱིར་ཏིང་ངེ་འཛིན་གྱི་སྟོབས་དང་། མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སྤྱོད་པ་རྣམ་པར་དབྱེ་བ་ལ་
མཁས་པའི་ཕྱིར་མངོན་པར་ཤེས་པའི་སྟོབས་དང་། འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་ཐོབ་པའི་ཕྱིར་དབང་གི་སྟོབས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པ་དང་རྣམ་པར་དབྱེ་བ་ལ་མཁས་པའི་ཕྱིར་སྤོབས་པའི་སྟོབས་དང་། སངས་རྒྱས་ཀྱི་ཆོས་
ཐམས་ཅད་ཀྱི་སྤྱོད་པ་ལ་སྦྱོར་བ་མ་བཏང་བའི་ཕྱིར་སྨོན་ལམ་གྱི་སྟོབས་དང་། བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་སྤྱོད་པ་མ་བཏང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་སྟོབས་
དང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་ལ་བརྩོན་པ་མ་བཏང་བའི་ཕྱིར་བྱམས་པ་ཆེན་པོའི་སྟོབས་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་བའི་ཕྱིར་སྙིང་རྗེ་ཆེན་པོའི་སྟོབས་དང་། སྒྱུ་མ་ལྟ་བུ་ལ་སོགས་པའི་ཆོས་ཉིད་མངོན་སུམ་དུ་བྱེད་པའི་ཕྱིར་ཆོས་ཉིད་
ཀྱི་སྟོབས་དང་། རྣམ་པ་ཐམས་ཅད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་བརླབས་ཀྱི་སྟོབས་ཏེ། མདོ་ལས་བཤད་པའི་སྟོབས་དེ་དག་ཉིད་དང་ལྡན་པའི་ཕྱིར། ཐམས་ཅད་དུ་ཐོགས་པ་མེད་པའི་ཆོས་ཉིད་ཐོབ་པས་
เล่ม ๙๓ · หน้า 23a
ན། སེམས་ཐོགས་པ་མེད་པ་ཞེས་བྱ་བ་གསུངས་སོ། །བཟོད་པ་རླབས་པོ་ཆེ་དང་ལྡན་པ་ཞེས་བྱ་བ་ནི་ཆོས་ཀྱི་སྤྲིན་ཞེས་བྱ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁྱད་པར་ཅན་དུ་དབང་བསྐུར་བ་དང་ལྡན་པའི་ཏིང་ངེ་འཛིན་
ཐོབ་མ་ཐག་ཏུ་རིན་པོ་ཆེའི་རྒྱལ་པོའི་པདྨ་ཆེན་པོའི་སྟེང་དུ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འོད་ཟེར་གྱི་དབང་བསྐུར་བ་ཐོབ་མ་ཐག་ཏུ་སྔར་ཐོབ་པའི་བཟོད་པ་དེ་དག་ཤིན་ཏུ་སྦྱངས་པར་གྱུར་ཏེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་བརྒྱ་ཕྲག་སྟོང་དང་།
མི་ཟད་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཀྱི་སྒོ་ལ་སོགས་པ་གཟུང་བརྒྱ་ཕྲག་སྟོང་དང་། སངས་རྒྱས་ཀྱི་ཡུལ་ཚད་མེད་པ་རྣམས་ལ་བཟོད་པ་རྣམས་ཤིན་ཏུ་སྐྱེ་བར་འགྱུར་རོ། །དེ་དག་སྐྱེས་པའི་ཕྱིར་ཐམས་ཅད་མཁྱེན་པ་ལ་དར་ལས་ཆོད་པ་ཙམ་ཞེས་བྱའོ། །བདག་ཉིད་ཇི་ལྟ་
བ་བཞིན་དུ་འཇུག་པ་ལ་མཁས་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པ་ཉིད་ཀྱིས་གཟུད་པ་མཁྱེན་པ་བཅུ་ཐོབ་པར་བསྟན་པ་སྟེ། ཇི་སྐད་དུ། དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གཟུད་པ་མཁྱེན་པ་གང་
དག་འདི་ལྟ་སྟེ། བྱིས་པའི་ལམ་གཟུད་པ་མཁྱེན་པ་དང་། རྡུལ་ཕྲ་རབ་ཀྱི་རྡུལ་གྱི་གཟུད་པ་མཁྱེན་པ་དང་། ཞིང་གི་ཚོགས་མངོན་པར་རྫོགས་པར་ཐུགས་སུ་ཆུད་པས་གཟུད་པ་མཁྱེན་པ་དང་། སེམས་ཅན་གྱི་ཚོགས་ཀྱི་སེམས་མངོན་པར་རྫོགས་པར་ཐུགས་སུ་ཆུད་པས་གཟུད་
པ་མཁྱེན་པ་དང་། ཐམས་ཅད་ཀྱི་རྗེས་སུ་སོང་བ་མངོན་པར་རྫོགས་པར་ཐུགས་སུ་ཆུད་པས་གཟུད་པ་མཁྱེན་པ་དང་། སྣྲེལ་ཞིར་སྤྱོད་པ་ཀུན་ཏུ་བསྟན་པས་གཟུད་པ་མཁྱེན་པ་དང་། མཐུན་པའི་སྤྱོད་པ་ཀུན་ཏུ་བསྟན་པས་གཟུད་པ་མཁྱེན་པ་དང་། མི་མཐུན་པའི་སྤྱོད་པ་
ཀུན་ཏུ་བསྟན་པས་གཟུད་པ་མཁྱེན་པ་དང་། འཇིག་རྟེན་རྣམས་ཀྱིས་རྣམ་པར་ཤེས་པར་བྱ་བའི་སྤྱོད་པ་བསམ་གྱིས་མི་ཁྱབ་པ་དང་བསམ་གྱིས་མི་ཁྱབ་པའི་སྤྱོད་པ་ཀུན་ཏུ་བསྟན་པས་གཟུད་པ་མཁྱེན་པ་དང་། ཉན་ཐོས་ཀྱིས་རྣམ་པར་ཤེས་པར་བྱ་བ་དང་། རང་སངས་རྒྱས་
เล่ม ๙๓ · หน้า 23b
ཀྱིས་རྣམ་པར་ཤེས་པར་བྱ་བ་དང་། བྱང་ཆུབ་སེམས་དཔས་རྣམ་པར་ཤེས་པར་བྱ་བ་དང་། དེ་བཞིན་གཤེགས་པས་རྣམ་པར་མཁྱེན་པར་བྱ་བའི་སྤྱོད་པ་ཀུན་ཏུ་བསྟན་ནས་གཟུད་པ་མཁྱེན་པ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་ན་སངས་
རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཡངས་ཤིང་ཚད་མེད་པས་འདི་ལ་གནས་པའི་གཟུད་པ་ཤེས་པ་ཡང་ཚད་མེད་དོ་ཞེས་གསུངས་ཏེ། བླ་ན་མེད་པ་ཐམས་ཅད་ཀྱི་བདག་ཉིད་ཇི་ལྟ་བ་བཞིན་དུ་མཁས་ཞེས་བྱ་བའི་ཐ་ཚིག་གོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པར་
བསྟན་པའི་ཕྱིར། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ཐམས་ཅད་རྣམ་པར་བཀོད་པའི་སྨོན་ལམ་དང་འཇུག་པས་ཡོངས་སུ་ཟིན་པ་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་ཞིང་བདེ་བ་ཅན་དང་། པདྨ་ཅན་དང་འདོ་ཅན་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་རྣམས་ན་བཀོད་པ་མཐའ་
ཡས་པ་གང་དག་ཡོད་པ་དེ་ལྟ་བུ་འམ། དེ་ལས་ལྷག་པར་བདག་གི་ཡང་གྱུར་ཅིག་ཅེས་སྔོན་སྨོན་ལམ་བཏབ་པ་གང་ཡིན་པ་དང་། དེའི་ཕྱིར་བརྩོན་འགྲུས་ཆེན་པོས་འཇུག་པར་བྱས་པ་གང་དག་ཡིན་པའི་སྨོན་ལམ་གྱི་འཇུག་པ་དེ་དག་གིས་ད་ལྟར་རྣམ་པར་སྨིན་པའི་བདག་ཉིད་དུ་ཡོངས་སུ་
ཟིན་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པ་ན་བཞུགས་པའི་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྟག་ཏུ་རྒྱུན་མི་ཆད་པས་མངོན་དུ་གྱུར་པ་ཞེས་བྱ་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པ་བསྟན་པ་སྟེ། སྔོན་སངས་རྒྱས་
རྗེས་སུ་དྲན་པའི་ཏིང་ངེ་འཛིན་བསྒོམས་པའི་དབང་གིས། ད་ལྟར་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱི་སྤྱན་སྔ་ན་ཐམས་ཅད་དུ་ཐམས་ཅད་ན་སྐད་ཅིག་ཙམ་ཡང་མི་འབྲལ་བར་ལྷུན་གྱིས་གྲུབ་པ་ཉིད་དུ་མངོན་དུ་གྱུར་ཞེས་བྱ་བའི་ཐ་ཚིག་གོ། །
སངས་རྒྱས་དཔག་ཏུ་མེད་པ་ལ་གསོལ་བ་འདེབས་པ་ལ་མཁས་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་ཐམས་ཅད་ཀྱི་དྲུང་དུ་བཞུད་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་
เล่ม ๙๓ · หน้า 24a
རྣམས་ཡུན་རིང་དུ་བཞུགས་པར་བྱ་བའི་ཕྱིར་གསོལ་བ་འདེབས་པ་ལ་མཁས་པ་ཞེས་བྱ་བའི་ཐ་ཚིག་གོ། །ལྟ་བ་དང་བག་ལ་ཉལ་དང་ཀུན་ནས་དཀྲིས་པ་དང་ཉོན་མོངས་པ་སྣ་ཚོགས་རབ་ཏུ་ཞི་བར་བྱ་བ་ལ་མཁས་པ་ཞེས་བྱ་བ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་
རྒྱུ་མཐུན་པ་བསྟན་པ་སྟེ། སེམས་ཅན་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་དང་། སྤྱོད་པ་དང་མོས་པ་དང་དབང་པོ་ཐ་དད་པ་རྣམས་ལ་གཟིགས་ནས་དེ་དག་གི་ལྟ་བ་ལ་སོགས་པ་ཅི་རིགས་པར་ནན་ཏན་གྱིས་ཞི་བར་བྱ་བ་ལ་མཁས་པ་སྟེ་དེ་བཞིན་གཤེགས་པའི་སྟོབས་
ཀྱི་ཡུལ་ཡང་མཁྱེན་ནོ་ཞེས་སྟོན་ཏོ། །ཏིང་ངེ་འཛིན་གྱིས་རྣམ་པར་རྩེ་བ་བརྒྱ་ཕྲག་སྟོང་མངོན་པར་སྒྲུབ་པ་ལ་མཁས་པ་ཞེས་བྱ་བ་ནི་མངོན་པར་ཤེས་པའི་རྣམ་པར་སྨིན་པ་ལ་དབང་ཐོབ་པར་བསྟན་པ་སྟེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མངོན་པར་ཤེས་པས་རྣམ་པར་རྩེ་བ་
བརྒྱ་ཕྲག་སྟོང་གང་ཡིན་པ་དེ་དག་ལ་མཁས་པ་སྟེ། ཇི་སྐད་དུ་ཡེ་ཤེས་ཀྱི་དབང་དེ་ལྟ་བུ་ཐོབ་ཅིང་ཤིན་ཏུ་རྣམ་པར་བརྟགས་པའི་ཡེ་ཤེས་དང་། མངོན་པར་ཤེས་པ་དང་ལྡན་པ་དེ་འདོད་ན་འཇིག་རྟེན་གྱི་ཁམས་དོག་པ་ནི་ཡངས་པར་བྱིན་གྱིས་རློབ་པོ། །འཇིག་རྟེན་གྱི་ཁམས་
ཡངས་པ་ནི་དོག་པར་བྱིན་གྱིས་རློབ་པོ། །འདོད་ན་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་ནི་ཡོངས་སུ་དག་པར་བྱིན་གྱིས་རློབ་པོ། །ཡོངས་སུ་དག་པ་ནི་ཀུན་ནས་ཉོན་མོངས་པ་ཅན་དུ་བྱིན་གྱིས་རློབ་པོ། །དེ་བཞིན་དུ་ཐ་གྲུ་ཆེ་བ་དང་ཆེར་གྱུར་པ་དང་། ཚད་མེད་པ་དང་། ཕྲ་བ་
དང་། རགས་མ་དང་། སྣྲེལ་ཞི་དང་། སྤྱིའུ་ཚུགས་དང་ངོས་ཕྱལ་བ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་ཁྱུ་མཆོག་ཏུ་གྱུར་པས་མངོན་པར་བསྒྲུབ་པ་དེ་དང་དེར་བྱིན་གྱིས་རློབ་པོ། །དེ་འདོད་ན་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ལ་འཇིག་རྟེན་གྱི་ཁམས་ཁོར་ཡུག་གི་
མཐའ་སྐོར་དང་བཅས་པ་ཐམས་ཅད་དང་ལྡན་པ་ཅིག་བྱིན་གྱིས་རློབ་སྟེ། རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཡང་མི་འཕེལ་ལ། བྱ་བ་དེ་དག་ཀྱང་ཀུན་ཏུ་སྟོན་ཏོ། །རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ལ་འཇིག་རྟེན་གྱི་ཁམས་གཉིས་དང་། གསུམ་དང་། བཞི་དང་། ལྔ་ནས་བརྗོད་དུ་མེད་པའི་
เล่ม ๙๓ · หน้า 24b
བར་ཐམས་ཅད་དང་ལྡན་པའི་ཁོར་ཡུག་གི་འོབས་དང་བཅས་པར་བྱིན་གྱིས་རློབ་སྟེ། རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཡང་མི་འཕེལ་ལ། བྱ་བ་དེ་དག་ཀྱང་ཀུན་ཏུ་སྟོན་ཏོ། །རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ལ་འཇིག་རྟེན་གྱི་ཁམས་གཉིས་དང་གསུམ་དང་བཞི་དང་ལྔ་ནས་བརྗོད་དུ་མེད་པའི་བར་དུ་
ཐམས་ཅད་དང་ལྡན་པ་ཁོར་ཡུག་གི་འོབས་དང་བཅས་པར་བྱིན་གྱིས་རློབ་སྟེ། རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཡང་མི་འཕེལ་ལ་བྱ་བ་དེ་དག་ཀྱང་ཀུན་ཏུ་སྟོན་ཏོ། །འདོད་ན་འཇིག་རྟེན་གྱི་ཁམས་གཅིག་ཏུ་འཇིག་རྟེན་གྱི་ཁམས་གཉིས་ཀྱི་བཀོད་པ་ཀུན་ཏུ་སྟོན་པ་ནས། འཇིག་རྟེན་གྱི་
ཁམས་བརྗོད་དུ་མེད་པའི་བར་གྱི་བཀོད་པ་ཀུན་ཏུ་སྟོན་ཏོ། །འདོད་ན་འཇིག་རྟེན་གྱི་ཁམས་གཅིག་གི་བཀོད་པ་འཇིག་རྟེན་གྱི་ཁམས་གཉིས་སུ་ཀུན་ཏུ་སྟོན་པ་ནས། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་བར་དག་ཏུ་ཀུན་ཏུ་སྟོན་ཏོ། །འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་ཇི་སྙེད་
ཡོད་པ་དེ་དག །འཇིག་རྟེན་གྱི་ཁམས་གཅིག་ཏུ་ཀུན་ཏུ་སྟོན་ཏེ། སེམས་ཅན་དེ་དག་ལ་གནོད་པ་ཡང་མེད་དོ། །འཇིག་རྟེན་གྱི་ཁམས་གཅིག་ན། སེམས་ཅན་གྱི་ཁམས་ཇི་སྙེད་ཡོད་པ་དེ་དག་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དག་ཏུ་འགོད་དེ། སེམས་ཅན་རྣམས་ལ་
གནོད་པ་ཡང་མི་བྱེད་དོ། །འདོད་ན་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དག་ན་འཁོད་པའི་སེམས་ཅན་རྣམས་སྐྲ་ཙམ་ཁྱོན་གཅིག་ལ་འགོད་དེ། སེམས་ཅན་རྣམས་ལ་གནོད་པར་ཡང་མི་བྱེད་དོ། །འདོད་ན་སྐྲ་ཙམ་གྱི་ཁྱོན་གཅིག་ལ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་བཀོད་པ་གཅིག་
ཀུན་ཏུ་སྟོན་ཏོ། །འདོད་ན་སངས་རྒྱས་ཐམས་ཅད་ཀྱི་ཡུལ་བཀོད་པ་བརྗོད་དུ་མེད་པའི་བར་དག་ཀུན་ཏུ་སྟོན་ཏོ། །འདོད་ན་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དག་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ལུས་དང་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་སྤྲུལ་པ་བྱེད་དོ། །ལུས་
རེ་རེ་ལ་ཡང་དེ་སྙེད་ཀྱི་ལག་པ་ཀུན་ཏུ་སྟོན་ཏོ། །ལག་པ་དེ་དག་གིས་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་མཆོད་པ་བྱེད་དེ། ལག་པ་རེ་རེས་ཀྱང་མེ་ཏོག་གི་སྐོན་བུ་གང་གཱའི་ཀླུང་གི་བྱེ་མ་སྙེད་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་འཐོར་རོ། །མེ་ཏོག་ལ་ཇི་ལྟ་བར་སྤོས་དང་།
เล่ม ๙๓ · หน้า 25a
མེ་ཏོག་ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་རྒྱལ་མཚན་དང་། བ་དན་རྣམས་ཀྱང་དེ་བཞིན་ནོ། །བཀོད་པ་ཐམས་ཅད་ཀྱང་དེ་བཞིན་ནོ། །ལུས་རེ་རེ་ལ་ཡང་དེ་སྙེད་ཀྱི་མགོ་བྱིན་གྱིས་རློབ་ཀྱི། མགོ་རེ་རེ་ལ་ཡང་དེ་
སྙེད་ཀྱི་ལྕེ་བྱིན་གྱིས་བརླབས་ཏེ། ལྕེ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སྔགས་པ་བརྗོད་དེ། སེམས་བསྐྱེད་པ་རེ་རེ་ལ་ཡང་ཕྱོགས་བཅུ་ཁྱབ་པར་འགྲོ་སྟེ། དེས་སེམས་བསྐྱེད་པ་ཙམ་གྱིས་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པ་ཚད་མེད་པ་ནས།
ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བཀོད་པའི་བར་དུ་བྱིན་གྱིས་རློབ་པོ། །དུས་གསུམ་གྱི་ལུས་ཚད་མེད་པ་ཡང་བྱིན་གྱིས་རློབ་པོ། །རང་གི་ལུས་ལ་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་རྣམས་ཀྱི། སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཚད་མེད་པ་བྱིན་གྱིས་རློབ་པོ། །འཇིག་
རྟེན་གྱི་ཁམས་འཇིག་པ་དང་། འཆགས་པ་ཐམས་ཅད་ཀྱང་རང་གི་ལུས་ལ་བྱིན་གྱིས་རློབ་པོ། །རླུང་གི་དཀྱིལ་འཁོར་ཐམས་ཅད་ཀྱང་སྤུའི་ཁུང་བུ་གཅིག་ནས་འབྱིན་ཏེ། སེམས་ཅན་རྣམས་ལ་གནོད་པར་ཡང་མི་བྱེད་དོ། །འདོད་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་མཐར་ཐུག་པ་
ཆུའི་ཕུང་པོ་གཅིག་ཏུ་བྱིན་གྱིས་རློབ་པོ། །དེར་ཡང་པདྨ་ཆེན་པོ་བྱིན་གྱིས་རློབ་པོ། །པདྨ་ཆེན་པོ་དེའི་འོད་ཀྱི་བཀོད་པས་ཀྱང་འཇིག་རྟེན་གྱི་ཁམས་མུ་མེད་པ་རྒྱས་པར་གང་བར་བྱེད་དེ། དེ་ལ་ཡང་བྱང་ཆུབ་ཀྱི་ཤིང་ཆེན་པོ་ཡལ་ག་འགེལ་བ་ཀུན་ཏུ་སྟོན་པ་ནས་རྣམ་པའི་མཆོག་
ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་བར་དུ་ཡང་ཀུན་ཏུ་སྟོན་ཏོ། །རང་གི་ལུས་ལ་ཕྱོགས་བཅུའི་ནོར་བུ་དང་། གློག་དང་། ཟླ་བ་དང་ཉི་མའི་འོད་བྱིན་གྱིས་རློབ་པ་ནས། འོད་དང་སྣང་བ་ཐམས་ཅད་ཀྱི་བར་དུ་བྱིན་གྱིས་རློབ་པོ། །ཁའི་དབུགས་ཀྱིས་ཀྱང་ཕྱོགས་རེ་རེའི་འཇིག་
རྟེན་གྱི་ཁམས་མཐའ་ཡས་པ་གཡོ་བར་བྱེད་དེ། སེམས་ཅན་རྣམས་འཇིག་པར་ཡང་མི་བྱེད་དོ། །ཕྱོགས་བཅུ་རླུང་གིས་འཇིག་པ་དང་། མེས་འཇིག་པ་དང་། ཆུས་འཇིག་པར་ཡང་བྱིན་གྱིས་རློབ་པོ། །འདོད་ན་སེམས་ཅན་ཐམས་ཅད་བསམས་པ་བཞིན་དུ་གཟུགས་ཀྱི་ལུས་ཀྱི་
เล่ม ๙๓ · หน้า 25b
གནས་རྒྱན་གྱིས་བརྒྱན་པར་བྱིན་གྱིས་རློབ་པོ། །རང་གི་ལུས་དེ་བཞིན་གཤེགས་པའི་སྐུར་བྱིན་གྱིས་རློབ་པོ། །དེ་བཞིན་གཤེགས་པའི་སྐུ་རང་གི་ལུས་སུ་བྱིན་གྱིས་རློབ་པོ། །དེ་བཞིན་གཤེགས་པའི་སྐུ་ལ་རང་གི་སངས་རྒྱས་ཀྱི་ཞིང་བྱིན་གྱིས་རློབ་པོ། །རང་གི་སངས་རྒྱས་ཀྱི་ཞིང་
དུ་དེ་བཞིན་གཤེགས་པའི་སྐུ་བྱིན་གྱིས་རློབ་པོ་ཞེས་བྱ་བ་ལ་སོགས་པ་རྣམ་པར་རོལ་པ་མཐའ་ཡས་པ། ཚད་མེད་པ་གྲངས་མེད་པ་བརྒྱ་སྟོང་རྣམས་སྟོན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་བས་ན་ཏིང་ངེ་འཛིན་གྱིས་རྣམ་པར་རྩེ་བ་བརྒྱ་སྟོང་མངོན་པར་བསྒྲུབ་པ་ལ་མཁས་
པ་ཞེས་བྱའོ། །དེ་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ནི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་དང་རྒྱལ་པོའི་ཁབ་ན་བཞུགས་སོ། །དེ་བཞིན་གཤེགས་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཞབས་རིང་བ་བྱང་ཆུབ་སེམས་དཔའ་དང་
བཞུགས་པར་བསྟན་པའི་ཕྱིར། དེ་བཞིན་གཤེགས་པའི་སྐུ་གཉིས་ཀྱི་འཁོར་ཉེ་བར་བསྟན་ཏེ། མདོ་སྡེ་ཐམས་ཅད་ཀྱི་སྤྱིའི་གླེང་གཞི་རྫོགས་པར་བསྟན་ནས། ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བཤད་པ་ལ། གླེང་གཞིའི་ཁྱད་པར་བསྟན་པའི་ཕྱིར། དེ་ནས་དེའི་
ཚེ་བཅོམ་ལྡན་འདས་ཉིད་ཀྱིས་གདན་སེང་གེའི་ཁྲི་བཤམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གདན་བཤམས་པ་འདི་ཡང་རྣམ་པ་གཉིས་ཏེ། སེང་གེའི་ཁྲི་བཤམས་པ་དང་། སྐྱིལ་མོ་ཀྲུང་དུ་བཞུགས་པ་བཤམས་པའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱིས་གདན་སེང་
གེའི་ཁྲི་བཤམས་ནས་ཞེས་བྱ་བ་ནི་སེང་གེའི་ཁྲི་བསྟན་ཏོ། །སྐུ་དྲང་པོར་བསྲང་སྟེ་ཞེས་བྱ་བ་ལ་སོགས་པས་ནི་སྐྱིལ་མོ་ཀྲུང་དུ་བཞུགས་པ་བསྟན་ཏོ། །ཅིའི་ཕྱིར་ན་ཉིད་ཀྱིས་སེང་གེའི་ཁྲི་བཤམས་ཤེ་ན། རྣམ་པ་གཉིས་ཀྱི་ཕྱིར་ཏེ། བཤད་པ་ཐུན་མོང་མ་ཡིན་པའི་མཆོད་འོས་ཆེན་པོར་
བསྟན་པ་དང་། འཁོར་རྣམས་འདུལ་བའི་ཕྱིར་ཏེ། དེ་ནི་འདི་ལྟར་ཇི་སྐད་དུ། མདོ་སྡེ་མང་པོ་གཞན་དག་ལས། བཅོམ་ལྡན་འདས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་སྟོན་ན་ནི་ཉན་ཐོས་ཀྱིས་གདན་བཤམས་པ་ལ་བཞུགས། ཐེག་པ་ཆེན་པོ་དང་ལྡན་པ་སྟོན་ན་ནི། བྱང་ཆུབ་
เล่ม ๙๓ · หน้า 26a
སེམས་དཔས་གདན་བཤམས་པ་ལ་བཞུགས་སོ་ཞེས་གསུངས་པ་ལྟ་བུའོ། །ཆོས་འདི་བཤད་པ་ནི་ཉིད་ཀྱིས་གདན་བཤམས་པ་ནི་བཤད་པ་འདི་ཐུན་མོང་མ་ཡིན་པས། འདིའི་སྟན་ཡང་ང་ཉིད་ཀྱིས་གདིང་བར་ནུས་སུ་ཟད་ན། བཤད་པ་ལྟ་ཅི་སྨོས་ཞེས་བསྟན་
པའི་ཕྱིར་རོ། །གཞན་ཡང་འདིར་འདུལ་བ་མང་དུ་འདུལ། དེ་དག་གི་མོས་པ་དང་། བསམ་པ་ཡང་ཐ་དད་དེ། དེ་བས་ན་དེ་དག་ཐམས་ཅད་དང་མཐུན་པར་གདན་བཤམ་པར་བྱ་བའི་ཕྱིར་ཡང་ཉིད་ཀྱིས་གདན་བཤམས་སོ། །ཆོས་ཀྱི་གདན་ལ་ཡང་རྣམ་པ་གསུམ་དུ་
བཤད་དེ། ལུས་ཤིན་ཏུ་སྦྱངས་པ་བསྐྱེད་པར་བྱ་བའི་ཕྱིར་ལུས་བསྒོམ་པ་དང་མཐུན་པར་སྐྱིལ་མོ་ཀྲུང་བཅས་པ་དང་། སེམས་ཤིན་ཏུ་སྦྱངས་པ་བསྐྱད་པའི་ཕྱིར། སེམས་བསྒོམ་པ་དང་མཐུན་པར་སྐུ་དྲང་པོར་བསྲང་བ་དང་། རྩེ་གཅིག་ཏུ་བྱ་བའི་ཕྱིར་ཏིང་ངེ་འཛིན་བསྒོམ་པ་དང་
མཐུན་པར་དྲན་པ་མངོན་དུ་གཞག་པ་རྣམས་སོ། །ཅིའི་ཕྱིར་གུས་པ་མཛད་པ་བསྟན་ཞེ་ན། འདི་གུས་པ་བསྟན་པ་ནི་མ་ཡིན་གྱི་གང་འདི་ལྟ་བུ་ཉིད་དུ་བཞུགས་པ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རང་བཞིན་ཏེ། གཞན་དུ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ནི་
རྟག་ཏུ་མཉམ་པར་གཞག་པ་ཡིན་མོད་ཀྱི་སྤྱོད་ལམ་གྱིས་འདུལ་བ་རྣམས་ལ་འདི་བསྟན་པས་དོན་དུ་འགྱུར་ཏེ། བཅོམ་ལྡན་འདས་ཀྱང་དེ་ལྟ་བུའི་སྤྱོད་ལམ་གྱིས་བཞུགས་ན། བདག་ཅག་གིས་དེ་ལྟར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གཞན་དག་ཀྱང་དེ་བཞིན་
དུ་བྱེད་པར་འགྱུར་རོ།། །།བམ་པོ་གསུམ་པ། གླེང་གཞི་འདི་ཡང་རྣམ་པ་གསུམ་གྱིས་སྟོན་ཏེ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཆོས་སྣང་བའི་ཆོ་འཕྲུལ་གྱིས་སོ། །དེ་ལ་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ནི་ཏིང་ངེ་འཛིན་གཉིས་ཀྱི་དབང་གིས་
རྣམ་པ་གཉིས་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་པ་ཞེས་བྱ་བའི་ཆོ་འཕྲུལ་ལོ། །རྫུ་འཕྲུལ་གྱི་ཆོ་འཕྲུལ་ཡང་རྣམ་པ་གཉིས་ཏེ། སྤྲུལ་པའི་ཆོ་འཕྲུལ་དང་། བྱིན་གྱི་རླབས་ཀྱི་ཆོ་འཕྲུལ་ལོ། །ཆོས་
เล่ม ๙๓ · หน้า 26b
སྣང་བའི་ཆོ་འཕྲུལ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་ཁམས་རྣམ་པར་བསྟན་པའི་ཆོ་འཕྲུལ་དང་། འཁོར་སྡུད་པའི་ཆོ་འཕྲུལ་ལོ། །དེ་ལ་ཏིང་ངེ་འཛིན་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ལ་སྙོམས་པར་ཞུགས་པའི་ཞེས་བྱ་བ་ནས་བཟུང་སྟེ། དེའི་ཚེ་བཅོམ་ལྡན་
འདས་གདན་སེང་གེའི་ཁྲི་དེ་ཉིད་ལ་བཞུགས་ཞེས་བྱ་བའི་བར་གྱིས་ནི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་བསྟན་ཏོ། །སེང་གེ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ནས་བཟུང་སྟེ། དེ་ནས་ཡང་བཅོམ་
ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་ལུས་འདི་ཅི་འདྲ་བ་དེ་དང་མཐུན་པར་སྐུ་ཐ་མལ་པ་བསྟན་ཏོ་ཞེས་བྱ་བའི་བར་གྱིས་ནི་སེང་གེ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་བསྟན་ཏོ། །སྐུ་ཅི་འདྲ་བ་དེ་བཞིན་དུ་
བསྟན་ཏོ་ཞེས་བྱ་བ་ནས་བཟུང་སྟེ་གཏོར་རོ། །མངོན་པར་གཏོར་རོ། །རབ་ཏུ་གཏོར་རོ་ཞེས་བྱ་བའི་བར་གྱིས་ནི་སྤྲུལ་པའི་ཆོ་འཕྲུལ་བསྟན་ཏོ། །ཁང་པ་བརྩེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་དེར་དེ་གནས་པར་གྱུར་ཏོ་ཞེས་བྱ་བ་ནས་བཟུང་
སྟེ་དེ་ནས་ཡང་བཅོམ་ལྡན་འདས་གདན་སེང་གེའི་ཁྲི་དེ་ཉིད་ལ་བཞུགས་བཞིན་དུ་ཞེས་བྱ་བའི་བར་གྱིས་ནི་བྱིན་གྱི་རླབས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཏོ། །དེ་ནས་ཡང་ཞལ་འཛུམ་པ་མཛད་དོ། །ཞེས་བྱ་བ་ནས་བཟུང་སྟེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དགེ་སློང་
གི་དགེ་བདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་ཐབས་ཅིག་ཏུ་བཞུགས་པ་མཐོང་བར་གྱུར་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་གྱི་ཁམས་རྣམ་པར་བསྟན་པའི་ཆོ་འཕྲུལ་བསྟན་ཏོ། །དེ་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་
སྙེད་འདས་པ་ཞེས་བྱ་བ་ནས་བཟུང་སྟེ། །དེའི་ཚེ་དེ་ལྟར་བཅོམ་ལྡན་འདས་ཀྱིས་ལྷ་དང་བཅས་པ། བདུད་དང་བཅས་པ་རྣམས་ཐུགས་སུ་ཆུད་ནས་ཞེས་བྱ་བའི་བར་གྱིས་ནི་འཁོར་སྡུད་པའི་ཆོ་འཕྲུལ་བསྟན་ཏོ། །དེ་ལ་ད་ནི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་
เล่ม ๙๓ · หน้า 27a
བསྟན་ཏེ། དེ་ཡང་རྣམ་པ་བཞིས་བསྟན་ཏེ། ཡན་ལག་དང་ཉིང་ལག་ནས་འོད་ཟེར་རྣམ་པར་བཀྱེ་བ་དང་། སྤུའི་ཁུང་བུ་ནས་འོད་ཟེར་རྣམ་པར་བཀྱེ་བ་དང་། རང་བཞིན་གྱི་འོད་ཟེར་རྣམ་པར་བཀྱེ་བ་དང་། ལྗགས་ཀྱི་དབང་པོ་ལས་འོད་ཟེར་རྣམ་པར་
བཀྱེ་བས་སོ། །ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཅིའི་ཕྱིར་མཉམ་པར་འཇོག །ཅི་མཉམ་པར་མ་བཞག་པར་སྒྲུབ། མི་སྤྱོད་དམ་ཞེ་ན་མི་སྤྱོད་པ་ནི་མ་ཡིན་གྱི། འདི་ལྟར་དེ་བཞིན་གཤེགས་པ་རྣམས་ནི་
གཡེང་བར་སྤྱོད་པ་ལ་དགྱེས་པ་མ་ཡིན་ལ་མཛེས་པ་ཡང་མ་ཡིན་པས། རྟག་ཏུ་མཉམ་པར་བཞག་པའི་ཕྱིར། འདི་ལྟར་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་འདི་ནི་དེ་བཞིན་གཤེགས་པའི་རང་བཞིན་ཉིད་དོ། །ཅིའི་ཕྱིར་ཏིང་ངེ་འཛིན་དེ་ཉིད་ལ་མཉམ་པར་གཞག་ལ། གཞན་
མ་ཡིན་ཞེ་ན། ཏིང་ངེ་འཛིན་འདི་ནི་དོན་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་འདི་སྐད་དུ་ཏིང་ངེ་འཛིན་གང་དུ་ཏིང་ངེ་འཛིན་ཐམས་ཅད་ཆུད་པ་དང་ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་ཐམས་ཅད་ཀྱི་སོ་སོའི་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ཏིང་ངེ་འཛིན་འདི་གཅིག་
པུ་ཁོ་ནས་སྒྲུབ་པར་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདུས་པ་དང་། འུབ་ཀྱིས་ཡང་དག་པར་གཞོལ་བ་ཞེས་བྱ་བ་ལ་ངོ་བོ་ཉིད་ཀྱིས་ནི་འདུས་པར་འགྱུར་རོ། །བྱ་བས་ནི་ཡང་དག་པར་གཞོལ་བར་འགྱུར་རོ། །ཏིང་ངེ་འཛིན་དེའི་ཡོན་ཏན་རྒྱས་པར་ནི་ཏིང་ངེ་འཛིན་གྱི་རྒྱལ་པོ་
ཞེས་བྱ་བའི་མདོ་ལས་རིག་པར་བྱའོ། །དེ་བས་ན་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བར་ངེས་པའི་ཚིག་གིས་ཀྱང་བསྟན་པ་ཡིན་ནོ། །ཏིང་ངེ་འཛིན་འདི་ལྟ་བུ་ཞིག །གང་དང་མཚུངས་པར་ལྡན། མཚན་ཉིད་ཇི་ལྟ་བུ་ཞེ་ན། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དང་། དགའ་
བ་དང་བདེ་བ་རྣམས་དང་བྲལ་བའོ། །བཏང་སྙོམས་དང་མཚུངས་པར་ལྡན་པའོ། །གཡོ་བ་མེད་པའི་མཚན་ཉིད་དོ། །དེ་ལྟ་ན་གོ་བསམ་གཏན་བཞི་པའོ་ཞེས་ཅིའི་ཕྱིར་མ་བརྗོད་ཅེ་ན། དང་པོ་དང་། གཉིས་པ་དང་། གསུམ་པ་རྣམས་ལས་ལྟོས་ནས། བཞི་པ་ཞེས་བརྗོད་
เล่ม ๙๓ · หน้า 27b
པར་ཟད་ཀྱི། དེ་བཞིན་གཤེགས་པ་ནི་དགོས་པ་བླ་སྐྱེས་མེད་པར་རིམ་གྱིས་མཉམ་པར་གཞག་པ་ལ་སྙོམས་པར་མི་འཇུག་སྟེ། དེ་ནས་དང་པོ་ལ་སོགས་པ་མེད་པས་བསམ་གཏན་བཞི་པ་ཞེས་བྱ་བའི་མིང་ཐོབ་པར་མི་འགྱུར་རོ། །ཏིང་ངེ་འཛིན་གྱི་རྒྱལ་པོ་ནི་གཡོ་བ་མེད་པའི་
ཉི་ཚེ་ཙམ་གྱི་མཚན་ཉིད་ཡིན་པས་གཡོ་བ་མེད་པ་ཞེས་བྱ་བར་བརྗོད་དོ། །ཏིང་ངེ་འཛིན་དེ་ནི་གཟུགས་ན་སྤྱོད་པ་མ་ཡིན། འདོད་པ་ན་སྤྱོད་པ་ཡང་མ་ཡིན། གཟུགས་མེད་པ་ན་སྤྱོད་པ་ཡང་མ་ཡིན་གྱི། དེ་ནི་ཟག་པ་མེད་པ་བཏང་སྙོམས་དང་ལྡན་པ། སེམས་རྩེ་གཅིག་ཏུ་གྱུར་
པ་ལ་ཏིང་ངེ་འཛིན་ཅེས་བྱའོ། །དེ་ཡང་བྱ་བའི་བྱེ་བྲག་ཉིད་ཀྱིས་དཔའ་བར་འགྲོ་བ་དང་། སེང་གེ་རྣམ་པར་རོལ་པ་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་དང་། ཆོས་ཐམས་ཅད་ལས་འཕགས་པ་དང་། སྤྱི་གཙུག་བལྟར་མི་སྣང་བ་ཞེས་བྱ་བ་ལ་སོགས་པའི་མིང་དུ་བརྗོད་དུ་ཟད་
ཀྱི། རང་བཞིན་ཐ་དད་པར་དབྱེ་བ་ནི་མེད་དོ། །དེ་ལྟར་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་བསྟན་ནས་ད་ནི་ཡན་ལག་དང་ཉིང་ལག་ནས་འོད་ཟེར་རྣམ་པར་འཕྲོ་བ་བསྟན་པའི་ཕྱིར། སྐུ་ཐམས་ཅད་ཀྱིས་འཛུམ་པ་མཛད་དོ་ཞེས་བྱ་བ་གསུངས་སོ། །འཛུམ་པ་ཞེས་བྱ་བ་ནི་
འདིར་ཁ་འབྱེ་བ་ལ་བྱ་སྟེ། ཡན་ལག་དང་ཉིང་ལག་ཐམས་ཅད་ནས་འོད་ཟེར་འབྱུང་དུ་རུང་བར་མཛད་ནས་རྒྱས་པར་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ལ་ནི་ངས་འདི་ལྟར་བྱའོ་སྙམ་དུ་རྩོལ་བ་དེ་ལྟ་བུ་དེ་མི་མངའ་མོད་ཀྱི། དགོས་པ་ཞིག་ཡོད་ན་ཏིང་ངེ་འཛིན་གྱི་
མཐུ་ལས་དེ་ལྟ་དེ་ལྟ་བུ་མངོན་པར་འགྲུབ་སྟེ། ཏིང་ངེ་འཛིན་རྣམས་ནི་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་དེ་ལྟར་ཤེས་ནས་ཐ་སྙད་དུ་རུང་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་དེ་ལྟར་མཛད་དོ།
འདི་སྐད་བཀའ་སྩལ་ཏོ་ཞེས་ཐ་སྙད་དུ་བཏགས་པར་རིག་པར་བྱའོ། །འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་དྲུག་ཅུ་འབྱུང་ངོ་ཞེས་བྱ་བ་ལ་ཞབས་ཀྱི་མཐིལ་གཉིས་ཡོད་པའི་ཕྱིར་དྲུག་ཅུ་དྲུག་ཅུ་ཞེས་ལན་གཉིས་སུ་བརྗོད་དོ། །འོ་ན་དྲུག་ཅུ་ཞེས་བྱ་བའི་ངེས་པ་ནི་ཅི་
เล่ม ๙๓ · หน้า 28a
དགོས། འོད་ཟེར་མང་བ་དང་། གདུལ་བ་མང་བ་དང་། དགོས་པ་མང་བའི་ཕྱིར་གྲངས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཞེས་བྱ་བ་ནི་འོས་ན། ཅིའི་ཕྱིར་གྲངས་དྲུག་ཅུ་ཞེས་བྱ་བར་ངེས་པར་བྱས་ཤེ་ན་དེ་ནི་འདི་ལྟར་ཤེས་པར་བྱ་སྟེ། དེ་བཞིན་གཤེགས་པའི་འོད་
ཟེར་གྱི་རང་བཞིན་ནི། ཁ་དོག་རྣམ་པ་དྲུག་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། འོད་གསལ་བའོ། །འོད་ཟེར་ཁ་དོག་དྲུག་པོ་དེ་དག་ཕྱོགས་བཅུར་རྣམ་པར་འཕྲོས་པས་ན། ཕྱོགས་བཅུ་ཐ་དད་པས་དྲུག་ཅུར་གྱུར་པའི་ཕྱིར་དེ་
སྐད་ཅེས་བྱའོ། །འོ་ན་འོད་ཟེར་གཅིག་བྱུང་བས་དོན་ཐམས་ཅད་སྒྲུབ་མི་ནུས་སམ་ཅིའི་ཕྱིར་ཡན་ལག་དང་ཉིང་ལག་ཐམས་ཅད་ནས་འོད་ཟེར་འབྱུང་ཞེ་ན། དེ་ཡང་བདེན་མོད་ཀྱི་འོན་ཀྱང་བཤད་པ་ལ་བསྟི་སྟང་ཆེར་མཛད་པར་བསྟན་པའི་ཕྱིར་རྩོལ་བ་ཆེན་པོ་མཛད་པ་བསྟན་ཏོ། །དཔལ་
བེའུ་ལས་ཞེས་བྱ་བ་ནི་ཐུགས་ཀའི་ཕྱོགས་ནས་དཔལ་བེའུ་དང་། བཀྲ་ཤིས་ལ་སོགས་པའི་མཚན་རྣམས་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་དག་པ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ལ་མངའོ། །འོད་ཟེར་དེ་དག་གི་ལས་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་ཁམས་
ཀུན་ཏུ་སྣང་བར་བྱེད་པའི་ལས་ཅན་དང་། སེམས་ཅན་རྣམས་ལ་ཕན་འདོགས་པའི་ལས་ཅན་ཏེ། དེ་ཡང་རིམ་བཞིན་དུ་མདོ་ཉིད་ལས་བསྟན་ཏོ། །འདི་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ་ཞེས་བྱ་བ་ལ་ཕྱིར་མི་ལྡོག་
པར་འགྱུར་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྔོན་གྱི་སྨོན་ལམ་གྱི་དབང་གིས་གྱུར་པར་ཤེས་པར་བྱའོ། །སྤུའི་ཁུང་བུ་ཐམས་ཅད་ནས་ཞེས་བྱ་བ་འདི་ཡང་གུས་པ་བསྟན་པ་ཉིད་ཀྱི་ཕྱིར་ཏེ། དད་པས་རྗེས་སུ་འབྲང་བ་ཕྱིས་འབྱུང་བ་རྣམས་འདི་སྙམ་དུ་དེ་བཞིན་གཤེགས་པས་
སྤུའི་ཁུང་བུ་རེ་རེ་ནས་འོད་ཟེར་འདི་ལྟ་བུ་དག་ཕྱུང་སྟེ། གུས་པ་ཆེར་མཛད་ནས་འདི་བཤད་དོ་སྙམ་ནས་དེས་ཀྱང་དུས་ཕྱི་མ་པ་རྣམས་དད་པ་སྐྱེས་པའི་ཕྱིར་ཕན་བཏགས་པར་འགྱུར་རོ། །འོད་ཟེར་དེ་དག་གི་ལས་ཀྱང་རྣམ་པ་གཉིས་སུ་རིག་པར་བྱའོ། །དེ་བཞིན་གཤེགས་པའི་རང་
เล่ม ๙๓ · หน้า 28b
བཞིན་གྱི་འོད་ཀྱིས་ཞེས་བྱ་བ་ལ་འོད་དང་། འོད་ཟེར་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ནང་ནས་བྱུང་བ་ལ་ནི་འོད་ཟེར་ཅེས་བྱའོ། །ཕྱིའི་པགས་པ་ལས་བྱུང་བ་ལ་ནི་འོད་ཅེས་བྱའོ། །ཡང་ན་ཡེ་ཤེས་རྣམ་པར་འཕྲོ་བ་ལས་བྱུང་བ་ལ་ནི་འོད་ཟེར་ཅེས་བྱའོ། །ཁ་དོག་རྣམ་པར་
འཕྲོ་བ་ལས་བྱུང་བ་ནི་འོད་ཅེས་བྱ་སྟེ། གཙུག་ལག་ལས་ཀྱང་སངས་རྒྱས་ཀྱི་འོད་ཟེར་དག་ནི་བྱང་ཆུབ་ཀྱི་སྙིང་པོར་ཆོས་ལ་ཡང་དག་པར་རིག་པའི་ཚེ་བྱུང་ངོ་ཞེས་གསུངས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་སྟོན་པ་ན། ཕལ་ཆེར་སྔ་ནས་འདི་ལྟ་བུའི་ཆོས་ཤིག་
བཤད་དོ་སྙམ་དུ་བརྩལ་མ་ཐག་ཏུ་འོད་ཟེར་རྣམས་འབྱུང་བར་འགྱུར་རོ་ཞེས་མདོ་ལས་བཤད་དོ། །དེ་ལྟ་བས་ན་ནང་ནས་ཡེ་ཤེས་ཀྱི་སྣང་བ་འབྱུང་བས་ན་འོད་ཟེར་ཡང་འབྱུང་བར་རིག་པར་བྱའོ། །རང་བཞིན་གྱི་འོད་ཀྱི་ལས་ཀྱང་རྣམ་པ་གཉིས་ཡོད་པར་ཤེས་པར་བྱའོ། །ལྗགས་ཀྱིས་སྣང་
བར་མཛད་པའི་ཆོ་འཕྲུལ་ནི་ཆོས་བསྟན་པའི་ཕྱིར་སྔ་ལྟས་ཉིད་དུ་བསྟན་པ་སྟེ། ལྗགས་ཀྱི་དབང་པོ་ལས་འོད་ཟེར་བྱུང་བ་ཡང་ཆོས་བསྟན་པའི་ལྟས་ཡིན་ནོ། །འོད་ཟེར་དེ་དག་ལས་པདྨ་བྱུང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སྐྱོན་མེད་པ་ལ་འཇུག་པར་ངེས་པའི་རྟགས་ཡིན་ནོ། །པདྨ་
དེ་དག་ལས་སངས་རྒྱས་རྣམས་བྱུང་བ་དང་། དེ་དག་ཆོས་སྟོན་པ་ཡང་བྱང་ཆུབ་སེམས་དཔའ་པདྨ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཁ་བྱེ་བས་རྒྱས་ནས་ཕྱོགས་ཕྱོགས་སུ་འདི་ལྟ་བུའི་ཆོས་སྟོན་པར་འགྱུར་བའི་ལྟས་ཡིན་ནོ། །ཏིང་ངེ་འཛིན་
སེང་གེ་རྣམ་པར་རོལ་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་གཉིས་བསྟན་ཏོ། །ཆོ་འཕྲུལ་འདི་ཡང་སྣོད་ཀྱི་འཇིག་རྟེན་བྱི་དོར་བྱ་བ་དང་། སེམས་ཅན་གྱི་འཇིག་རྟེན་ལ་ཕན་གདགས་པ་དང་རྣམ་པ་གཉིས་སུ་བསྟན་ཏོ། །
སྣོད་ཀྱི་འཇིག་རྟེན་བྱི་དོར་བྱ་བ་ནི་བཤད་པ་ལ་མཆོད་པའི་ཕྱིར་རོ། །བྱི་དོར་བྱ་བ་དེ་ལ་ཡང་རྣམ་པ་ལྔས་བསྟན་ཏེ། གཡོ་བ་དང་། འགུལ་བ་དང་། ལྡེག་པ་དང་། མཐོ་བ་དང་། དམའ་བའོ། །དེ་ལ་གཡོ་བ་ནི་མི་རྣམས་ཀྱི་ལུས་མི་གཡོ་བ་ཡང་རྐང་པ་དང་། ལག་
เล่ม ๙๓ · หน้า 29a
པ་ལ་སོགས་པ་འགུལ་བ་བཞིན་དུ་ཕྱོགས་གཅིག་གཡོ་བས་ན་གཡོ་བ་ཞེས་བྱའོ། །མི་དེ་ཉིད་འཁོར་ལོ་འཁོར་བ་བཞིན་དུ་དཀྱིལ་འཁོར་ཡོངས་སུ་འཁོར་བ་ལ་འགུལ་གཡོ་བ་ཞེས་བྱའོ། །རླུང་གི་ཤུགས་ཀྱིས་ཤིང་ལྡེག་པ་བཞིན་དུ་ཐམས་ཅད་ཀྱི་
བདག་ཉིད་ཀྱིས་ལྡེག་པ་ལ་ལྡེག་པ་ཞེས་བྱའོ། །དེ་དག་རེ་རེ་ལ་ཡང་རྣམ་པ་གསུམ་སྟེ། ཆུང་ངུ་དང་། འབྲིང་དང་། ཆེན་པོའོ། །དེ་ལ་དང་པོ་ནི་དལ་བུས་གཡོས་སོ། །དེ་ནས་དེ་བས་དྲག་ཏུ་རབ་ཏུ་གཡོས་སོ། །དེ་ནས་དེ་བས་ཀྱང་ལྷག་པར་ཀུན་ཏུ་རབ་ཏུ་གཡོས་
སོ། །དེ་ནས་དེའི་འོག་ཏུ་ཧ་ཅང་མི་མྱུར་བར་འགུལ་ཏོ། །དེའི་འོག་ཏུ་མྱུར་བར་མྱུར་དུ་རབ་ཏུ་འགུལ་ལོ། །དེའི་འོག་ཏུ་ཤིན་ཏུ་མྱུར་བར་རྒྱུན་རིང་བར་ཀུན་ཏུ་རབ་ཏུ་འགུལ་ལོ། །དེ་ལྟར་སྦྱར་ཞིང་བཤད་པར་བྱའོ། །དེ་ནས་གང་གི་ཚེ་ཁོར་ཡུག་དང་། ཁོར་ཡུག་ཆེན་
པོ་ལ་སོགས་པ་མཐའི་རི་རྣམས་གྱེན་དུ་འཕགས་ཏེ། མཐོན་པོར་གྱུར་ཅིང་དབུས་ཀྱི་སོ་ན་གནས་པ་དེའི་ཚེ་ནི་མཐའ་མཐོ་ན་ནི་དབུས་དམའ་བར་གྱུར་ཏོ། །གང་གི་ཚེ་དབུས་གྱེན་དུ་མཐོན་པོར་གྱུར་ཅིང་། རི་རྣམས་སོ་ན་གནས་པར་གྱུར་པ་དེའི་ཚེ་ནི། དབུས་མཐོ་ན་ནི་མཐའ་
དམའ་བར་གྱུར་ཏོ། །འཇམ་པ་དང་། སྣུམ་པ་དང་སེམས་ཅན་ཐམས་ཅད་ལ་བདེ་བ་བསྐྱེད་པར་གྱུར་ཏོ་ཞེས་བྱ་བ་ནི་ངོ་མཚར་སྐྱེད་པའི་ཕྱིར་ཏེ། རི་ཆེན་པོ་ལ་སོགས་པ་ནི་འཇམ་པར་གྱུར་ཏོ། །ཤིང་གི་ཡན་ལག་ལ་སོགས་པ་ཐམས་ཅད་ནི་སྣུམ་པར་གྱུར་ཏོ། །རླུང་ནི་
སེམས་ཅན་ཐམས་ཅད་ལ་བདེ་བ་བསྐྱེད་པར་གྱུར་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ནས་འཇིག་རྟེན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར། སེམས་ཅན་དམྱལ་བ་ལ་སོགས་པ་རྒྱུན་ཆད་པར་གྱུར་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །མི་ཁོམ་པ་ཐམས་ཅད་ཀྱང་མེད་པར་གྱུར་
ཏོ་ཞེས་བྱ་བ་ལ་སོགས་པ་དང་། སྐབས་ཡོད་པ་དང་དལ་བ་རྣམས་ནི་དོན་ཐ་དད་པ་མ་ཡིན་ཏེ། མངོན་པར་རྟོགས་པའི་སྐབས་མེད་པས་ན་མི་ཁོམ་པ་ཞེས་བྱའོ། །དེ་དག་ཀྱང་རྣམ་པ་བརྒྱད་དེ། སེམས་ཅན་དམྱལ་བར་སྐྱེས་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་
เล่ม ๙๓ · หน้า 29b
ཡི་དགས་སུ་སྐྱེས་པ་དང་། མཐའ་འཁོབ་ཀྱི་ཀླ་ཀློར་སྐྱེས་པ་དང་། གཟུགས་མེད་པ་དང་། འདུ་ཤེས་མེད་པའི་སྲིད་པར་སྐྱེས་པ་དང་། དམུས་ལོང་དང་། འོན་པ་དང་། ལྐུགས་པ་ལ་སོགས་པར་གྱུར་པ་དང་། ལོག་པར་ལྟ་བར་གྱུར་པ་དང་། སངས་རྒྱས་མེད་པའི་བསྐལ་
པ་ལ་སྐྱེས་པ་རྣམས་སོ། །དེ་ལ་གཟུགས་མེད་པ་དང་། འདུ་ཤེས་མེད་པའི་སྲིད་པ་ཇི་ལྟར་མེད་པར་གྱུར་ཅེ་ན། དེར་སྐྱེ་བར་འགྱུར་བ་རྣམས་སྐད་ཅིག་དེ་ཉིད་ལ་སྐྱེ་བ་མི་ལེན་པའི་ཕྱིར་དེ་ཡང་མི་ཁོམ་པ་མེད་པ་ཞེས་བྱའི། རྒྱུན་ཆད་པར་གྱུར་པ་ཉིད་ནི་མ་ཡིན་ནོ། །འདི་
ལྟར་སེམས་ཅན་ཐམས་ཅད་ཀྱིས་མིག་ལ་སོགས་པ་ཐོབ་པ་འདི་ནི་སངས་རྒྱས་རྣམས་ཀྱི་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་གྱུར་པའོ། །སངས་རྒྱས་ཀྱི་ཞིང་གཞན་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ་ཞེས་བྱ་བ་ལ་དགྱེས་
པས་བསྐྱོད་པའི་ཚིག་ནི་ཆེད་དུ་བརྗོད་པ་ཞེས་བྱ་སྟེ། དཔེར་ན་ཆེད་དུ་འབྱུང་བའི་རླུང་དབང་མེད་པར་འབྱུང་བ་དེ་བཞིན་དུ་ཆོས་མངོན་པར་འཕེལ་བའི་ཤུགས་ཀྱིས་དགྱེས་པས་བསྐྱོད་པའི་ཚིག་ནི་ཆེད་དུ་འབྱུང་བ་དང་འདྲ་བས་ཆེད་དུ་བརྗོད་པ་ཞེས་བྱའོ། །སངས་རྒྱས་ཀྱི་ཞིང་
འདི་ནི་ཤིན་ཏུ་མི་བརྩོན་པ་དང་། དམན་པ་དང་། ངན་འགྲོར་སྐྱེས་པ་རྣམས་ལ་ཡང་དེ་ལྟ་བུའི་ཤེས་རབ་མཆོག་ཏུ་གྱུར་པ་ཡང་དག་པར་འབྱུང་བར་གཟིགས་ནས། ཨེ་མའོ། །སངས་རྒྱས་རྣམས་བྱང་ཆུབ་སེམས་དཔའ་མཛད་པའི་ཚེ་ན་དུལ་བ་དང་། ཞི་བ་དང་། ཡང་
དག་པར་སྡོམ་པ་དང་། ཚངས་པར་སྤྱོད་པ་ལ་གནས་པ་ལ་སོགས་པ་ནི་རྨད་དུ་བྱུང་བ་སྟེ། དེ་དག་ཡོངས་སུ་བསྔོས་པའི་སྟོབས་ཀྱིས་འདི་ལྟ་བུར་དམན་པ་འདི་དག་ཀྱང་ཤེས་རབ་འདི་ལྟ་བུ་དང་ལྡན་པར་གྱུར་ཏོ་ཞེས་ཆེད་དུ་བརྗོད་པར་གྱུར་ཏོ། །དུལ་བ་ཞེས་བྱ་བ་ནི་དབང་པོ་
བསྡམས་པའོ། ཞི་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་སོགས་པས་ཉོན་མོངས་རྣམས་ཞི་བར་བྱའོ། །ཡང་དག་པར་སྡོམ་པ་ཞེས་བྱ་བ་ནི་གསོ་སྦྱོང་ལ་སོགས་པའི་སྡོམ་པའོ། །ཚངས་པར་སྤྱོད་པ་ལ་གནས་པ་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་ལ་སོགས་པའི་སྡོམ་པའོ། །
เล่ม ๙๓ · หน้า 30a
སྲོག་ཆགས་འབྱུང་པོ་རྣམས་ལ་རྣམ་པར་མི་འཚེ་བ་ནི་ལེགས་པའོ་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་སྒོམ་པའོ། །དབང་པོ་བསྡམས་པའི་འབྲས་བུ་ནི། དམུས་ལོང་དང་། འོན་པ་དང་། ལྐུགས་པ་ལ་སོགས་པ་མེད་པར་གྱུར་པའོ། །ཏིང་ངེ་
འཛིན་ལ་སོགས་པའི་འབྲས་བུ་ནི་སྨྱོན་པ་རྣམས་ཀྱང་དྲན་པ་ཐོབ་པར་གྱུར་ཏོ། །སེམས་འཁྲུགས་པ་རྣམས་ཀྱང་འཁྲུག་པ་མེད་པའི་སེམས་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པའོ། །གསོ་སྦྱོང་ལ་སོགས་པའི་སྡོམ་པའི་འབྲས་བུ་ནི་གོས་མེད་པ་རྣམས་ཀྱང་གོས་ཐོབ་
པར་གྱུར་ཏོ། །དབུལ་པོ་རྣམས་ཀྱང་ནོར་ཐོབ་པར་གྱུར་ཏོ། །བཀྲེས་པ་རྣམས་ཀྱང་ཟས་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པའོ། །ཚངས་པར་སྤྱོད་པ་ལ་གནས་པའི་འབྲས་བུ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་སྤངས་ནས་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་
ཏེ། དྲི་ང་བ་མེད་པ་ལ་སོགས་པའོ། །བྱམས་པ་ལ་སོགས་པ་བསྒོམས་པའི་འབྲས་བུ་ནི་ཕ་མ་དང་མཚུངས་པའི་སེམས་ལ་སོགས་པ་དང་། ཚོགས་པའི་བདེ་བ་ཐོབ་པ་དང་། ཤེས་རབ་ཐོབ་པའོ། །འོད་དང་། སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་ཞེས་བྱ་བ་ལ།
འོད་ནི་སྣང་བ་དང་། འབར་བའོ། །སྐུ་མདོག་ནི་པགས་པ་མཛེས་པའོ། །གཟི་བརྗིད་ནི་མཐུའོ། །དཔལ་ནི་དབྱིབས་ལ་སོགས་པ་སྡུག་པའོ། །ཟིལ་གྱིས་མནན་ཏེ་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེའོ་ཞེས་བྱ་བ་ཅིའི་ཕྱིར་བརྗོད་ཅེ་ན། དེ་བཞིན་གཤེགས་པས་དེའི་ཚེ་
ཆོས་བཤད་པ་ལ་གུས་པ་བསྐྱེད་པའི་ཕྱིར་དེ་ལྟ་བུའི་རྒྱ་ཆེན་པོ་བསྟན་དུ་སྙམ་དུ། དེའི་ཚེ་སེམས་ཅན་ཐམས་ཅད་ཀྱི་བློ་དེ་ལྟ་བུ་བསྐྱེད་པའི་ཕྱིར་དེ་སྐད་བརྗོད་དོ་ཞེས་དགོངས་པའོ། །འོད་ཀྱིས་ཟིལ་གྱིས་མནན་པས་མཛེས་སོ། །སྐུ་མདོག་གིས་ཟིལ་གྱིས་མནན་པས་ལྷམ་
མེའོ། །གཟི་བརྗིད་ཀྱིས་ཟིལ་གྱིས་མནན་པས་ལྷན་ནེའོ། །དཔལ་གྱིས་ཟིལ་གྱིས་མནན་པས་ལྷང་ངེའོ། །འོད་ཀྱིས་ནི་ཚངས་པ་ཟིལ་གྱིས་མནན་ཏེ། དེ་དག་འོད་སྙེམས་པའི་ཕྱིར་རོ། །སྐུ་མདོག་གིས་ནི་ལྷ་རྣམས་ཟིལ་གྱིས་མནན་ཏོ། །གཟི་བརྗིད་ཀྱིས་ནི་བདུད་ཀྱི་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด