ตัวบทไม่มีชื่อ — ประโยคแรก: འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๙๓ · หน้า 115a
རྟོག་པ་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར། བདག་གི་ཕུང་པོ་ནས་བཟུང་སྟེ་ཕ་རོལ་ཏུ་ཕྱིན་པའི་བར་གྱི་ཆོས་རྣམས་ལ་ཚུལ་གཅིག་ཏུ་བསྒྲུབ་པ་རྟོགས་པར་བྱའོ་སྙམ་པ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་
འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་སྟོང་པ་ཉིད་ཀྱི་ཚུལ་དུ་རྟོགས་པ་དང་། རྣམ་པར་བྱང་བ་པའི་རྣམ་པར་རྟོག་པ་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། ཚད་མེད་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཀྱི་མཐའ་ལ་ཐུག་པའི་
བར་དུ་སྒྲུབ་པ་རྟོགས་པ་ནི་དེ་དག་བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བ་རྟོགས་པ་སྟེ། དེ་ལྟར་ཤེས་རབ་ཀྱི་ཡོན་ཏན་རྣམ་པ་བརྒྱད་བསྟན་ནས། སེམས་དེའི་སྙིང་རྗེའི་སྟོབས་རིན་ཆེ་བ་བསྟན་པའི་ཕྱིར། བདག་གིས་སེམས་ཅན་གཅིག་གི་དོན་དུ་ཡང་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །སེམས་རིན་པོ་ཆེ་སྐྱོན་མེད་པ་བསྟན་པའི་ཕྱིར། རླབས་པོ་ཆེའི་སེམས་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། རྣམ་པར་འཚེ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་སྐྱོན་མེད་པ་ཞེས་གསུངས་སོ། །སེམས་རྡོ་རྗེ་ལྟ་བུ་དེ་
མི་ཕྱེད་པ་ཉིད་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་ཀྱང་རློམ་སེམས་སུ་མི་བྱེད་ཅེས་གསུངས་པ་སྟེ། བདུད་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རོ། །དོན་སྒྲུབ་པར་བྱེད་པས་རིན་པོ་ཆེ་དང་འདྲ་བ་ནི་ཕན་པ་དང་། བདེ་
བའི་སེམས་སུ་བྱའོ་ཞེས་གསུངས་པའོ། །དེ་ལྟར་བསམ་པ་ཆེ་བ་བསྟན་ནས་སྒྲུབ་པ་ཆེ་བ་བསྟན་པའི་ཕྱིར། ཆོས་ལ་ཀུན་ཏུ་དགའ་བ་གནས་པ་དང་། སྟོང་པ་ཉིད་ལ་གནས་པ་དང་། ཏིང་ངེ་འཛིན་ལ་གནས་པ་ཞེས་གསུངས་ཏེ། རྣམ་པ་གསུམ་གྱིས་བསྟན་ཏོ། །ཆོས་
ཐམས་ཅད་དབྱེར་མེད་པ་སྟེ་ཞེས་བྱ་བ་ནི་དཀར་པོའི་ཆོས་ཐམས་ཅད་དེ་ན་ཐ་དད་པ་མེད་པའི་ཕྱིར་ཆོས་ཀྱི་སྐུ་ལ་བྱའོ། །ད་ནི་གནས་བརྟན་ཤཱ་རིའི་བུའི་དགོངས་པ་སྟོན་ཏེ། སེམས་ཅན་དུ་ལྟ་བ་ལ་སོགས་པ་སྤངས་པས་གང་ཟག་ལ་བདག་མེད་པ་བསྟན་ཏོ། །ཕུང་པོར་ལྟ་བ་ལ་
เล่ม ๙๓ · หน้า 115b
སོགས་པ་སྤངས་པས་ཆོས་ལ་བདག་མེད་པ་བསྟན་ཏོ། །གཟུགས་ལ་མི་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལ་དམིགས་པའི་རྒྱུས་རྣམ་པར་རྟོག་པ་སྐྱེད་པའོ། །གནས་བརྟན་རབ་འབྱོར་གྱི་སྤོབས་པ་སྟོན་ཏེ།
འདི་ལྟར་སེམས་དེ་ནི་སེམས་མེད་པ་སྟེ། སེམས་མེད་པའི་ཕྱིར་དེ་ལ་ཆགས་པ་མེད་དོ་ཞེས་བྱ་སྟེ། དོན་དམ་པའི་ཆོས་ཉིད་ཀྱི་སེམས་ནི་ཀུན་བརྟགས་པའི་སེམས་ཀྱི་མཚན་ཉིད་ཐམས་ཅད་དང་བྲལ་བའི་ཕྱིར་སེམས་མེད་པ་ཞེས་བྱའོ། །དེ་བས་ན་སེམས་མེད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་
ཞེས་བྱ་བ་ནི་སེམས་ཀུན་བརྟགས་པའི་སེམས་དེ་ལ་ཆགས་པ་མེད་དོ། །ཚེ་དང་ལྡན་པ་རབ་འབྱོར་སེམས་མི་མཉམ་པ་དང་། མཉམ་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་དེ་གང་ཡིན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་འདྲི་བའོ། །
ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་ཕྱིན་ཆད་ཅེས་བྱ་བ་ལ་སོགས་པས་དོན་དམ་པའི་སེམས་ཀྱི་མཚན་ཉིད་སྟོན་ཏོ། །ས་རབ་ཏུ་དགའ་བ་ཡན་ཆད་ཀྱི་རྣམ་པར་མི་རྟོག་པའི་སེམས་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །ཆོས་གང་ལ་
ཡང་སྐྱེ་བ་འམ། འགག་པར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་ཀུན་ཏུ་འགྲོ་བ་ལ་སོགས་པའི་དོན་དུ་རྟོགས་པའི་ཕྱིར་སེམས་གནས་གྱུར་པ། ནམ་མཁའ་དང་མཚུངས་པས་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པར་མཐོང་ངོ་། །དཔེར་ན་ནམ་མཁའ་
དེ་བདག་དང་ལྷན་ཅིག་ཏུ་གནས་པ་རྩིག་པ་ལ་སོགས་པ་འདུས་བྱས་ཀྱི་ཆོས་རྣམས་ལ་སྐྱེ་བ་དང་འགག་པ་དག་སྣང་ཡང་། ནམ་མཁའ་ལ་ནི་སྐྱེ་བ་དང་། འགག་པ་མེད་ལ། སྤྲིན་ལ་སོགས་པས་ཁེབས་སམ་མ་བྲལ་བའི་དུས་ན་ཡང་འཕེལ་བ་དང་། འགྲབ་པར་མི་འགྱུར་རོ། །
བདག་དང་ལྷན་ཅིག་ཏུ་གནས་པ་རྡོ་དང་ཤིང་ལ་སོགས་པ་ལ་འགྲོ་བ་དང་། འོང་བ་ཡོད་ཀྱང་ནམ་མཁའ་ལ་ནི་འགྲོ་བ་དང་འོང་བ་མེད་དོ། །ན་བུན་དང་། ཁུག་རྣ་དང་། དུ་བ་ལ་སོགས་པ་ཡོད་པ་དང་། མེད་པར་གྱུར་ན་ཡང་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་
เล่ม ๙๓ · หน้า 116a
པར་བྱང་བར་ཡང་མི་འགྱུར་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དོན་དམ་པར་ཡོངས་སུ་གྲུབ་པ་སྟེ། སྐྱེ་བ་མེད། འགག་པ་མེད། འཕེལ་བ་མེད། འགྲིབ་པ་མེད། འོང་བ་མེད། འགྲོ་བ་མེད། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་
མེད་ལ། ཀུན་བརྟགས་པའི་གནས་སྐབས་ན་སྒྱུ་མ་ལྟ་བུའི་ཆོས་དེ་དག་སྐྱེ་བ་ལ་སོགས་པ་དང་ལྡན་པ་འདྲ་བར་སྣང་ངོ་ཞེས་སེམས་གང་གིས་རྟོགས་པ་དེ་མི་མཉམ་པ་དང་མཉམ་པའི་སེམས་དང་ཐུན་མོང་མ་ཡིན་པའི་སེམས་ཞེས་བྱའོ། །ཚེ་དང་ལྡན་པ་རབ་འབྱོར་གང་ཁྱོད་ཀྱིས་འདི་
སྐད་དུ་ཞེས་བྱ་བ་ལ་སོགས་པས་གནས་བརྟན་ཤཱ་རིའི་བུ་དེ་ཉིད་ལ་ཆགས་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཆོས་ཐམས་ཅད་ལ་ཡང་ཆགས་པ་མེད་པའི་མཚན་ཉིད་ཁྱབ་པར་སྟོན་ཏེ། ཚེ་དང་ལྡན་པ་རབ་འབྱོར་གཟུགས་ཀྱང་ཆགས་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །
སེམས་ནི་ཟག་པ་མེད་པ། ཁོང་དུ་ཆུད་པ་མེད་པ་ཞེས་བྱ་བ་འདིས་ཀྱང་ཆོས་ཐམས་ཅད་ལ་ཁྱབ་པའི་མཚན་ཉིད་དུ་བསྟན་ཏོ། །གཟུགས་མེད་པ་ཡང་། གཟུགས་ལ་ཆགས་པ་མེད་དོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་སེམས་ཀྱི་མཚན་ཉིད་དང་བྲལ་བའི་ཕྱིར་ཏེ། འདི་ལྟར་ཡོངས་སུ་
གྲུབ་པའི་སེམས་ལ། སེམས་མ་ཡིན་ཞེས་བྱ་བ་དེ་བཞིན་དུ། ཀུན་བརྟགས་པའི་གཟུགས་ཀྱི་མཚན་ཉིད་དང་བྲལ་བའི་ཕྱིར། ཆོས་ཉིད་ཀྱི་གཟུགས་ལ་གཟུགས་མེད་པ་ཞེས་བྱའོ། །གཟུགས་མེད་པར་གྱུར་པ་ཆོས་ཉིད་ཀྱི་ངོ་བོ་ཉིད་དེ། ཀུན་བརྟགས་པའི་
གཟུགས་ལ་ཆགས་པ་མེད་དོ་ཞེས་བྱ་བ་དང་། ཚོར་བའི་བདག་ཉིད་མ་ཡིན་པའི་ཆོས་ཉིད་དེ་ཡང་ཀུན་བརྟགས་པའི་ཚོར་བ་ལ་ཆགས་པ་མེད་དོ་ཞེས་བྱ་བར་སྦྱར་བར་བྱའོ། །གནས་བརྟན་གང་པོའི་བཤད་པ་ནི། གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོའི་
སེམས་ནས་བཟུང་ནས། བསམ་པ་རྒྱ་ཆེ་བ་བསྟན་ཏོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ནས་བཟུང་སྟེ་ས་བདུན་པའི་བར་དུ་རྩོལ་བ་དང་བཅས། རྣམ་པར་རྟོག་པ་དང་བཅས་པའི་སྤྱོད་པའི་གནས་སྐབས་ཡིན་པར་བསྟན་ཏོ། །ཐེག་
เล่ม ๙๓ · หน้า 116b
པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱ་བ་ནི་ས་བརྒྱད་པ་ཡན་ཆད་དོན་དམ་པའི་སྤྱོད་པ་ཡིན་པར་བསྟན་ཏོ། །དེ་ལ་གོ་ཆ་བགོས་པ་ཡང་རྣམ་པ་གཉིས་སུ་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་ཕྱིར་བསམ་པ་རྒྱ་ཆེ་བ་དང་། སྒྲུབ་པ་གཅིག་གིས་སྒྲུབ་པ་ཐམས་
ཅད་ཡོངས་སུ་རྫོགས་པར་བྱེད་པས་སྒྲུབ་པ་རྒྱ་ཆེ་བའོ། །དེ་ལ་བསམ་པ་རྒྱ་ཆེ་བ་ནི། སེམས་ཅན་ཉུང་ཟད་ཉི་ཚེ་ཞིག་གི་ཆེད་དུ་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ནི་མ་ཡིན་ཞེས་བྱ་བ་ནས་བཟུང་སྟེ། སེམས་ཅན་ཐམས་ཅད་ཀྱང་དེ་དག་ལ་འགོད་པར་བྱའོ་ཞེས་བྱ་བ་དང་། ཚེ་དང་
ལྡན་པ་ཤཱ་རིའི་བུ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །སྒྲུབ་པ་རྒྱ་ཆེ་བ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པའི་ཚེ་སྦྱིན་པ་ཡོངས་སུ་གཏོང་བ་ན་ཞེས་བྱ་བ་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་གཅིག་ལ་གཅིག་སྦྱོར་བས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱང་ཆེད་དུ་གླེང་ཞིང་མིང་ཡོངས་སུ་བསྒྲགས་པ་མཛད་པའི་བར་གྱིས་བཤད་དོ། །ཉུང་ཟད་ཉི་ཚེ་ཞིག་གི་ཕྱིར་མ་ཡིན་ཞེས་བྱ་བ་ནི་ཡུལ་
ཡོངས་སུ་ཆད་པ་མེད་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཡུལ་ཡོངས་སུ་ཆད་པ་མེད་པ་དང་། སེམས་ཅན་ཡོངས་སུ་ཆད་པ་མེད་པ་དང་། སྦྱོར་བ་ཡོངས་སུ་ཆད་པ་མེད་པ་གསུམ་གྱིས་བསམ་པ་རྒྱ་ཆེ་བ་བསྟན་ཏོ། །སྒྲུབ་པ་རྒྱ་ཆེ་བ་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ་ཞེས་བྱ་བ་ནི་རང་བཞིན་གྱིས་ཟང་ཟིང་གི་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་པའི་ཕྱིར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་
ཡོངས་སུ་བསྔོས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ཞེས་བྱའོ། །དེ་བཞིན་དུ་ཟང་ཟིང་གི་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེ་ལ་སྤྱོད་པ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་དང་མི་ལྡན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ཞེས་བྱ་སྟེ།
เล่ม ๙๓ · หน้า 117a
འདི་ལྟར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། དེ་ནས་ཡི་དམ་བླངས་པ་སྟེ། ཡོངས་སུ་གཏོང་བ་ནི་ཚུལ་ཁྲིམས་དང་འགལ་བའི་ཕྱིར་རོ། །དེ་བཞིན་དུ་ཟང་ཟིང་གི་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེ་ལ་བརྩོན་པ་ནི་སྦྱིན་
པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་མི་དམིགས་པའི་ཡིད་ལ་བྱེད་པ་རྣམས་ལ་བཟོད་པའི་དོན་ནི་ཆོས་ལ་ངེས་པར་སེམས་པའི་བཟོད་པ་སྟེ། བཟོད་པའི་གོ་ཆ་ཞེས་བྱའོ། །དེ་བཞིན་དུ་སྦྱིན་པ་གཏོང་བ་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡོངས་སུ་བསྔོས་པའི་
སྦྱིན་པ་ལ་བརྩོན་འགྲུས་མངོན་པར་འཕེལ་བ་ནི་བརྩོན་འགྲུས་ཀྱི་གོ་ཆའོ། །དེ་བཞིན་དུ་སྦྱིན་པ་གཏོང་བ་ན་སྦྱིན་པའི་གནས་སྐབས་དང་། ཡོངས་སུ་བསྔོ་བའི་གནས་སྐབས་ན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ། སེམས་རྩེ་གཅིག་ཏུ་གྱུར་པ་ནི་བསམ་
གཏན་གྱི་གོ་ཆའོ། །དེ་གཅིག་པུ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་གཅིག་པུ་ཁོ་ན་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་སྦྱིན་པ་གཏོང་བ་ན་སྒྱུ་མ་ལྟ་བུ་ལ་སོགས་པར་ཡིད་ལ་བྱེད་པ་རྣམས་དང་། རྣམ་པར་མི་རྟོག་པའི་
ཡིད་ལ་བྱེད་པ་རྣམས་མི་སྤོང་བ་དང་། ཀུན་རྫོབ་ཡོངས་སུ་མ་བཏང་བས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། དོན་དམ་པ་ཡོངས་སུ་མ་བཏང་བས་དམིགས་སུ་མེད་པའི་སྦྱོར་བའི་ཡིད་ལ་བྱེད་པ་ནི་ཤེས་རབ་ཀྱི་གོ་ཆའོ། །དེ་བཞིན་དུ་སྦྱིན་པ་ཡོངས་སུ་གཏོང་བ་ན་མི་དམིགས་
པར་སྦྱོར་བའི་ཡིད་ལ་བྱེད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འདོད་ཀྱང་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་མཚན་མ་རྣམས་མི་དམིགས་པ་དང་། སེམས་ཅན་ཐམས་ཅད་དང་
ཐུན་མོང་དུ་བྱེད་པ་ལ་ཞུགས་ཀྱང་མཚན་མ་དེ་མི་དམིགས་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཡང་བྱང་ཆུབ་ཀྱི་མཚན་མ་མི་དམིགས་པ་སྟེ། དེ་ལྟར་ཆོས་ཐམས་ཅད་མི་དམིགས་པའི་ཡིད་ལ་བྱེད་པ་འདི་ནི་དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་
เล่ม ๙๓ · หน้า 117b
ཡོངས་སུ་ཟིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆ་ཞེས་བྱའོ། །དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྟན་པ་ཉིད་ཀྱི་ཕྱིར་དེ་དག་སོ་སོར་བསྟན་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་བསྲུང་བ་ན་ཚུལ་ཁྲིམས་དང་རྗེས་སུ་མཐུན་པར་བྱ་བ་ཉིད་ཀྱི་ཕྱིར། སྦྱིན་
པ་གཏོང་བ་དང་། ཚུལ་ཁྲིམས་དང་རྗེས་སུ་མཐུན་པའི་བསམ་པས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྦྱིན་པའི་གོ་ཆ་ཞེས་བྱའོ་ཞེས་བྱ་བ་དང་། དེ་བཞིན་དུ་བཟོད་པ་དང་རྗེས་སུ་
མཐུན་པའི་བསམ་པས་སྦྱིན་པ་ལ་སོགས་པ་བྱེད་པ་དང་། བརྩོན་འགྲུས་དང་རྗེས་སུ་མཐུན་པར་བྱ་བ་ཉིད་དང་། བསམ་གཏན་གྱི་རྗེས་སུ་མཐུན་པར་བྱ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བར་ཐམས་ཅད་ལ་སྦྱར་བར་བྱའོ། །སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་དང་། གནོད་སེམས་ལ་
སོགས་པ་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཉོན་མོངས་པ་རྣམས་ཚར་བཅད་པ་དང་། རྗེས་སུ་མཐུན་པ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དྲི་བ་གཉིས་པ་བརྩམ་པའི་ཕྱིར། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་
ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ཡིན་ཞེས་བྱ་བ་གསུངས་སོ། །དེ་སྐད་གསུངས་པ་དང་། གནས་བརྟན་གང་པོས་ཐེག་པ་ཆེན་པོ་རྣམ་པ་བཅུ་
དང་། དེ་ལ་ཡང་དག་པར་ཞུགས་པ་རྣམ་པ་བཅུ་བསྟན་ནས། དེ་བས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་བསྟན་ཏོ། །དེ་ལ་སྔར་གཟུགས་ཀྱི་བསམ་གཏན་བཞི་དང་ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་།
ཆོས་བཅུ་གཉིས་པོ་དེ་དག་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསྒོམས་ན་ཐེག་པ་ཆེན་པོ་ཡིན་པ་དང་། དེ་དག་གི་རྣམ་པ་དང་། རྟགས་དང་མཚན་མ་ཡིད་ལ་བྱེད་པ་དང་། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་ཐེག་པ་ཆེན་པོ་དེ་ལ་ཡང་
เล่ม ๙๓ · หน้า 118a
དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱའོ་
ཞེས་བྱ་བས་མཇུག་བསྡུས་སོ། །དེ་ནས་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཆོས་བཅུ་གཉིས་པོ་དེ་དག་ཉིད་ཡོངས་སུ་རྫོགས་པར་བྱས་ན་ཐེག་པ་ཆེན་པོ་ཡིན་པ་དང་། མདོ་ལས་འབྱུང་བ་བཞིན་དུ་དེ་ལ་བརྩོན་པ་ཡང་དག་པར་ཞུགས་པ་ཡིན་པར་བསྟན་པའི་ཕྱིར། ཚེ་དང་ལྡན་
པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཐེག་པ་ཆེན་པོ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་དེ་དག་བསྟན་པའོ། །སྦྱིན་པ་
ཞེས་བྱ་བ་ནི། འདིར་ཆོས་ཀྱི་སྦྱིན་པ་ལ་བྱ་སྟེ། དེ་ཡང་རྣམ་པ་ཐམས་ཅད་དུ་བསྒོམས་ན། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཐར་ཐུག་པའི་བར་གྱི་ཆོས་རྣམས་ཐེག་པ་ཆེན་པོ་ཡིན་པ་དང་། དེ་དག་ལ་ཡང་རྣམ་པ་ཐམས་ཅད་དུ་བསྒོམ་
པར་བརྩོན་པ་དག་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་གསུམ་པ་སྟེ། དེ་ཡང་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་
པ་ཡིན་ནོ་ཞེས་བྱ་བ་གསུངས་པའོ། །དེ་ནས་ཡང་ཚད་མེད་པ་བཞི་ལ་བསྒོམས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཐེག་པ་ཆེན་པོ་ཡིན་པ་དང་། མདོ་ལས་འབྱུང་བ་བཞིན་དུ་དེ་ལ་བརྩོན་པ་དག་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་བཞི་པའོ། །དེ་ནས་ཡང་སྟོང་པ་ཉིད་
བཅུ་དྲུག་ནི་ཐེག་པ་ཆེན་པོ་ཡིན་པ་དང་། དེ་ཡང་མི་དམིགས་པར་ཡིད་ལ་བྱེད་པ་དག་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་ལྔ་པའོ། །དེ་ནས་མི་གཡེང་ཞིང་མཉམ་པར་གཞག་པ་དག་ཐེག་པ་ཆེན་པོའི་ཡིན་པ་དང་། དེ་ཤེས་པ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་
เล่ม ๙๓ · หน้า 118b
ནི་དྲུག་པའོ། །གཡེང་བ་དང་ཏིང་ངེ་འཛིན་དང་མཚན་མ་དང་བཅས་པར་དམིགས་པར་གནས་པ་ལ་ཡོད་ཀྱི་མཚན་མ་མེད་པ་ལ་ནི་མ་ཡིན་ཏེ། རྣམ་པར་མི་རྟོག་པ་ལ་གནས་པ་ནི་རྟག་ཏུ་མཉམ་པར་གཞག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཡང་གཉིས་སུ་མེད་པའི་
ཆོས་ཉིད་ཐེག་པ་ཆེན་པོ་ཡིན་པ་དང་། དེ་ལ་ཤེས་པ་དང་མི་ཤེས་པ་མེད་པར་གྱུར་པ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་བདུན་པའོ། །དེ་ནས་ཡང་དུས་གསུམ་མཉམ་པ་ཉིད་ཐེག་པ་ཆེན་པོ་ཡིན་པ་དང་། དེ་ལ་མི་ཤེས་པ་མེད་པ་དང་། མི་དམིགས་པའི་ཤེས་པ་
ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་བརྒྱད་པའོ། །དེ་ནས་ཡང་ཁམས་གསུམ་མཉམ་པ་ཉིད་ཐེག་པ་ཆེན་པོ་ཡིན་པ་དང་། དེ་ལ་མི་ཤེས་པ་མེད་པ་དང་། ཤེས་པ་མི་དམིགས་པ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་དགུ་པའོ། །དེ་ནས་ཡང་ཆོས་
ཐམས་ཅད་ཐེག་པ་ཆེན་པོ་ཡིན་པ་དང་། དེ་ལ་ཤེས་པ་མི་དམིགས་པ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་བཅུ་པའོ། །དེ་དག་ཡོངས་སུ་རྫོགས་པར་བྱས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །དེ་ལྟར་
ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བས་མཇུག་བསྡུས་སོ།། །།བམ་པོ་བཅུ་གཅིག་པ། ད་ནི་དྲི་བ་གསུམ་པ་བརྩམ་པར་བྱ་བའི་ཕྱིར། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་གནས་ཞེས་བྱ་ཞེས་བྱ་བ་བཤད་དོ། །དེ་ནས་གནས་བརྟན་གང་པོས་ས་བརྒྱད་པ་ཡན་ཆད་རྣམ་པར་མི་རྟོག་པ་ལ་སྤྱོད་པ་དྲུག་བསྟན་ལ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཞེས་བྱ་བ་ལ་སོགས་པས་རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པའི་གནས་སྐབས་དང་པོ་བསྟན་ཏོ། །རྣམ་པར་མི་རྟོག་པའི་སྟོང་པ་ཉིད་བསྒོམ་པ་ནི་གཉིས་པའོ། །རྣམ་པར་མི་རྟོག་པར་དཀར་པོའི་
เล่ม ๙๓ · หน้า 119a
ཆོས་ཐམས་ཅད་བསྒོམས་པ་ནི་གསུམ་པའོ། །ཆོས་ཐམས་ཅད་མི་དམིགས་པ་ནི་བཞི་པའོ། །དབང་གི་གནས་སྐབས་ནི་ལྔ་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དྲུག་པའོ། །དེ་ལ་དང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཞེས་བྱ་
བ་ནི་རྣམ་པར་རྟོག་པ་དང་བཅས་པར་སྤྱོད་པའི་ས་ནས་རྣམ་པར་མི་རྟོག་པ་རྣམ་པར་སྨིན་པའི་ཕ་རོལ་ཏུ་ཕྱིན་པའི་གནས་ལ་གནས་ཞེས་བྱ་བའི་ཐ་ཚིག་གོ། །ས་བརྒྱད་པ་ལ་ནི་རྣམ་པར་རྟོག་པ་དང་བཅས་པ་དང་། རྩོལ་བ་དང་བཅས་པའི་བསོད་ནམས་ཀྱི་ཚོགས་སྔོན་དུ་ཡོངས་སུ་
རྫོགས་པར་བྱས་པའི་འབྲས་བུར་གྱུར་པ་རྣམ་པར་སྨིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་རྩོལ་བ་མེད་པར་ཡང་ཉེ་བར་གནས་ཏེ། འབྲས་བུའི་བདག་ཉིད་དུ་གྱུར་པའི་ཕྱིར་རྣམ་པར་མི་རྟོག་པ་ཡིན་ནོ། །དེ་དག་དང་ཐབས་མཁས་པའི་མཐུ་དང་། སྨོན་ལམ་གྱི་མཐུས་བྱང་ཆུབ་སེམས་
དཔའ་རྣམས་སེམས་ཅན་གྱི་དོན་སྒྲུབ་པོ། །གཉིས་པ་ལ་ནི། བསྒོམ་པ་རྣམ་པར་གཞིག་པའི་ཕྱིར་ན་སྟོང་པ་ཉིད་བསྒོམ་མོ་ཞེས་བྱ་བ་ལ། རྣམ་པར་འཇིག་པ་ཞེས་བྱ་བ་ནི་འདིར་སྟོང་པར་བྱེད་པ་ལ་བྱ་སྟེ། རྣམ་པར་འཇིག་པ་བསྒོམས་པས་མི་དམིགས་པར་བསྒོམ་ཞེས་བྱ་
བའི་ཐ་ཚིག་གོ། །དངོས་པོ་མེད་པར་བྱེད་པ་ཉིད་ལ་འདིར་བསྒོམ་པ་ཞེས་བྱའོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་གནས་བརྟན་གང་པོས་རང་གི་སྤོབས་པ་བསྟན་པ་དང་། གནས་བརྟན་རབ་འབྱོར་གྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་ཤེས་པར་འདོད་ནས། བཅོམ་ལྡན་འདས་ཇི་
ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཞེས་བགྱི་བ་ལགས་ཞེས་བཅོམ་ལྡན་འདས་ལ་ཞུས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གོ་ཆ་ཆེན་པོ་རྣམ་པ་དགུ་བསྟན་ཏོ། །དེའི་འོག་ཏུ་དེ་ནས་གནས་བརྟན་རབ་འབྱོར་གྱིས་
བདག་གི་སྤོབས་པ་གཉིས་པ་བསྟན་པ་དང་འགྲེས་བཅུ་གཅིག་གིས་བསྟན་ཏེ། གོ་ཆ་ཐམས་ཅད་བགོས་པ་རྣམས་ཀྱི་ནང་ནས་རྣམ་པར་སྨིན་པ་ལས་བྱུང་བའི་རྫུ་འཕྲུལ་གྱི་ངན་འགྲོ་རབ་ཏུ་ཞི་བར་བྱེད་པའི་འགྲེས་སྒྱུ་མ་ལྟ་བུ་དང་བཅས་པའི་འགྲེས་ནི་དང་པོའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་
เล่ม ๙๓ · หน้า 119b
གི་འགྲེས་སྒྱུ་མ་ལྟ་བུ་དྲུག་གོ། །ཕྱོགས་བཅུའི་སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་པ་སྒྱུ་མ་ལྟ་བུ་ནི་བརྒྱད་པའོ། །བསམ་པ་རྒྱ་ཆེན་པོ་ནི་དགུ་པའོ། །དེ་ལ་གནས་བརྟན་གྱིས་སྒྱུ་མ་ལྟ་བུའི་རྒྱུས་བདག་གི་སྤོབས་པ་བསྐྱེད་པར་བསྟན་པའི་ཕྱིར། བཅོམ་ལྡན་འདས་
བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན་ཞེས་བྱ་བ་གསུངས་སོ། །ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བགྱིའོ་ཞེས་བྱ་བ་ནི་སྔར་བཤད་པའི་གོ་ཆ་ཐམས་ཅད་ཀུན་བརྟགས་པ་ཡིན་པའི་
ཕྱིར་གོ་ཆ་དེ་དག་ཀྱང་མེད་པའི་རང་བཞིན་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་གོ་ཆ་བགོས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ནས་ཞེས་བྱ་བ་གསོལ་ཏོ། །སྒྱུ་མའི་ཆོས་དེ་
དག་བསྒྲུབ་པའི་ཕྱིར། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་བཤད་དེ། འདི་ལྟར་ཡོངས་སུ་གྲུབ་པའི་གཟུགས་ཀུན་བརྟགས་པའི་གཟུགས་ཀྱིས་སྟོང་ཞིང་། ཡོངས་སུ་གྲུབ་པའི་ཚོར་བ་ཀུན་བརྟགས་པའི་ཚོར་བས་སྟོང་སྟེ། དེའི་ཕྱིར་དོན་དམ་པའི་
གོ་ཆ་ཡང་ཀུན་བརྟགས་པའི་གོ་ཆས་སྟོང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བས་ན་ཐ་མར། གོ་ཆ་ཆེན་པོ་ཡང་གོ་ཆ་ཆེན་པོས་སྟོང་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བགྱིའོ་ཞེས་བྱ་བ་
གསུངས་སོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་བྱས་མ་བཤིག་མངོན་པར་འདུས་མ་བྱས་ཞེས་བྱ་བ་ཅི་ལས་དགོངས་ཤེ་ན། འཇིག་རྟེན་འདི་ན་གོ་ཆ་ནི་རྣམ་པ་གསུམ་དུ་འཇུག་སྟེ། ཅི་ཞིག་བྱའོ་སྙམ་ནས་གོ་ཆ་གྱོན་པར་བྱེད་དེ། དཔེར་ན་བདག་གི་གྲོང་ཁྱེར་
བརྩིག་གོ་སྙམ་མམ། གཙུག་ལག་ཁང་བརྩིག་གོ་ཞེས་བྱ་བ་ལྟ་བུ་དང་། ཅི་ཞིག་མེད་པར་བྱའོ་སྙམ་ནས། གོ་ཆ་གྱོན་པར་བྱེད་དེ། དཔེར་ན་བདག་གིས་གྲོང་ཁྱེར་གཞིག་པར་བྱའོ་ཞེས་བྱ་བ་འམ། གྲོང་ཁྱེར་གཞིག་པར་བྱའོ་ཞེས་བྱ་བ་ལྟ་བུ་དང་། ཅི་ཞིག་མངོན་པར་
เล่ม ๙๓ · หน้า 120a
འདུ་བྱའོ་སྙམ་ནས་གོ་ཆ་གྱོན་པར་བྱེད་དེ། དཔེར་ན་བདག་གིས་གྲོང་ཉམས་དགའ་བར་བྱའོ་སྙམ་མམ། གྲོང་ཁྱེར་ལེགས་པར་བྱའོ་སྙམ་དུ་སེམས་པ་ལྟ་བུའོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གལ་ཏེ་འགའ་ཞིག་གིས་བྱས་པ་འམ།
གཞིག་པའམ། མངོན་པར་འདུ་བྱ་བ་ཞིག་ཡིན་ན་ནི་དེ་ལྟ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་གོ་ཆ་ཆེན་པོ་བགོས་པར་འགྱུར་བ་ཞིག་ན། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བྱས། མ་བཤིག་མངོན་པར་འདུས་མ་བྱས་པ་ཡིན་ཏེ། དེ་བས་ན་དེའི་དོན་དུ་གོ་ཆ་
ཆེན་པོ་བགོས་པར་མི་རིགས་སོ། །དེ་བས་ན་གོ་ཆ་མེད་པའི་གོ་ཆ་བགོས་སོ་ཞེས་བྱ་བར་རིགས་སོ་སྙམ་དུ་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་བྱེད་པ་པོ་མི་དམིགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བྱས། མ་བཤིག་མངོན་པར་འདུས་མ་བྱས་པ་སྟེ། འདི་ལྟར་དེ་དག་ཤིན་ཏུ་
མེད་ཅིང་། མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་གསུངས་སོ། །དེ་བཞིན་ཉིད་ཀྱང་གང་གི་ཚེ་གཟུགས་ཀྱི་དེ་བཞིན་ཉིད་དང་སྒྲའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་ཀུན་བརྟགས་པའི་རྣམ་པར་མི་འཛིན་པ་དེའི་ཚེ་ཡང་དེའི་རྣམ་པར་ཡོད་པ་མ་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ནས་
ཡང་གནས་བརྟན་གྱིས་བདག་གི་བསམ་པ་བརྟན་པའི་ཕྱིར། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན་ཞེས་བྱ་བ་གསོལ་ཏོ། །གཟུགས་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ཅི་ལས་དགོངས་ཤེ་ན་འགའ་ཞིག་འདི་སྙམ་དུ་འདི་ལྟར་
ཟག་པ་དང་བཅས་པའི་ཕུང་པོ་ལྔ་པོ་དག་ནི་ཀུན་ཏུ་སྦྱོར་བ་ལ་སོགས་པས་བཅིངས་ཏེ། དེ་དག་ཀྱང་བཅིངས་པར་གྱུར་ནས། ལས་དང་ཉོན་མོངས་པ་དག་གིས་ཡང་དང་ཡང་འཁོར་བར་བྱེད་ལ། ཟག་པ་མེད་པ་དག་ནི་ཕྱིས་གྲོལ་བར་འགྱུར་ཏེ། དེའི་ཚེ་བཤིག་པར་གྱུར་ན་མ་
བྱས་མ་བཤིག་ཅེས་བྱ་བ་སྙམ་དུ་སེམས་པ་དེའི་ཕྱིར་གཟུགས་ནི་མ་བཅིངས་མ་གྲོལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅིངས་པ་དང་གྲོལ་བ་གཉིས་ནི་ཡོད་པ་ལས་འགྱུར་ན། འདི་ལྟར་གཟུགས་ལ་སོགས་པ་ནི་ཤིན་ཏུ་མེད་པ་ཡིན་པས་ཡོད་པ་མ་ཡིན་པ་དེ་དག་ལ་བཅིངས་པ་
เล่ม ๙๓ · หน้า 120b
དང་གྲོལ་བ་ག་ལ་ཡོད་དེ་མི་འགྲུབ་བོ། །ཀུན་བརྟགས་པའི་དབང་གིས་ནི་བཅིངས་པ་དང་གྲོལ་བ་གཉིས་བསྟན་གྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་ཚེ་དང་ལྡན་པ་གང་པོ་གཟུགས་ཉིད་མེད་པའི་ཕྱིར། གཟུགས་དེ་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་
ལ་སོགས་པ་བཤད་དོ། །རྨི་ལམ་ལྟ་བུ་ཞེས་བྱ་བ་ལ་སོགས་པས་ནི་ཡོངས་སུ་གྲུབ་པའི་གཟུགས་ཀྱང་མ་བཅིངས་མ་གྲོལ་བ་ཉིད་དུ་བསྟན་ཏོ། །དབེན་པ་དང་། ཞི་བ་དང་། སྟོང་པའི་ཕྱིར་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་གནས་པ་ལ་བཅིངས་པ་དང་། གྲོལ་བ་ཉིད་མི་རིགས་
སོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་ལྟར་གོ་ཆ་ཆེན་པོ་བརྟན་པ་ཡོངས་སུ་རྫོགས་པར་བྱས་ནས། གནས་བརྟན་རབ་འབྱོར་གྱིས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བའི་ཚིག་བཟུང་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་ཐེག་པ་ཆེན་པོ་གང་ལགས་ཞེས་བྱ་བ་ལ་སོགས་པ་ཞུ་བ་རྣམ་པ་ལྔ་བརྩམས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་ཞེས་བྱ་བ་རྣམ་པ་ཉི་ཤུ་རྩ་གཅིག་ཏུ་ཕྱེ་སྟེ། བཤད་པ་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང་། སྟོང་པ་ཉིད་ཐམས་ཅད་ཀྱི་
ཐེག་པ་ཆེན་པོ་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་དང་། དྲན་པ་ཉེ་བར་གཞག་པའི་ཐེག་པ་ཆེན་པོ་དང་། ཡང་དག་པར་སྤོང་བའི་ཐེག་པ་ཆེན་པོ་དང་། རྫུ་འཕྲུལ་གྱི་རྐང་པའི་ཐེག་པ་ཆེན་པོ་དང་། དབང་པོའི་ཐེག་པ་ཆེན་པོ་དང་། སྟོབས་ཀྱི་ཐེག་པ་ཆེན་པོ་དང་།
བྱང་ཆུབ་ཀྱི་ཡན་ལག་གི་ཐེག་པ་ཆེན་པོ་དང་། ལམ་གྱི་ཐེག་པ་ཆེན་པོ་དང་། རྣམ་པར་ཐར་པའི་ཐེག་པ་ཆེན་པོ་དང་། ཤེས་པའི་ཐེག་པ་ཆེན་པོ་དང་། དབང་པོའི་ཐེག་པ་ཆེན་པོ་དང་། ཏིང་ངེ་འཛིན་གསུམ་གྱི་ཐེག་པ་ཆེན་པོ་དང་། རྗེས་སུ་དྲན་པའི་ཐེག་པ་ཆེན་པོ་དང་།
སྙོམས་པར་འཇུག་པ་ལྔའི་ཐེག་པ་ཆེན་པོ་དང་། སྟོབས་བཅུའི་ཐེག་པ་ཆེན་པོ་དང་། མི་འཇིགས་པའི་ཐེག་པ་ཆེན་པོ་དང་། སོ་སོ་ཡང་དག་པར་རིག་པའི་ཐེག་པ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ཐེག་པ་ཆེན་པོ་དང་། གཟུངས་ཀྱི་སྒོའི་ཐེག་པ་ཆེན་པོའོ། །
เล่ม ๙๓ · หน้า 121a
དེ་ལ་གཉིས་པ་སྟོང་པ་ཉིད་ཀྱི་ཐེག་པ་ཆེན་པོའི་འགྲེས་ལ་མིག་ནི་མིག་གིས་སྟོང་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཀུན་བརྟགས་པའི་མིག་ནི་ཀུན་བརྟགས་པའི་མིག་གིས་སྟོང་སྟེ། སྟོང་པ་ནི་མེད་
པའི་དོན་ཡིན་པས་མིག་ལ་མིག་གི་དངོས་པོ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཡོད་པ་ཞིག་ཡིན་ན་རྟག་པ་ཐེར་ཟུག་ཏུ་གནས་པ་ཞིག་གམ། མི་རྟག་པ་འཇིག་པ་ཞིག་ཡིན་གྲང་ན། འདི་ལྟར་ཐེར་ཟུག་ཏུ་གནས་པ་མ་ཡིན་ཞིང་འཇིག་པ་མེད་དེ། དེའི་ཕྱིར་ཐེར་ཟུག་ཏུ་
གནས་པ་མ་ཡིན་ལ་འཇིག་པ་མེད་པས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མིག་ལ་མིག་གི་དངོས་པོ་མེད་པ་ཉིད་དེའི་རང་བཞིན་ཏེ། ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ནང་དང་ཕྱིའི་ཆོས་རྣམས་སོ་སོར་མེད་པ་ཉིད་དེ་སྟོང་པ་ཉིད་གཉིས་སོ། །
ནང་གི་ཆོས་རྣམས་ཕྱིའི་ཆོས་རྣམས་ལ་འཛིན་པ་དང་། ཕྱིའི་ཆོས་རྣམས་ནང་གི་ཆོས་རྣམས་ཀྱི་ཡུལ་དུ་གྱུར་པ་སྟེ། ཡུལ་ཅན་དང་ཡུལ་གྱི་དངོས་པོ་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཕྱི་ནང་སྟོང་པ་ཉིད་དེ་གསུམ་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དེས་སྟོང་
པ་ཉིད་དུ་གྱུར་པ་འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་སྟེ། སྟོང་པ་ཡང་དེ་ཡིན་ལ་སྟོང་པ་ཉིད་ཀྱང་དེ་ཡིན་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །གང་གིས་སྟོང་ཞེ་ན། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་གང་ཡིན་པ་སྟེ། སྟོང་པ་ཉིད་དེས་སྟོང་ངོ་ཞེས་བཤད་དོ། །ཇི་སྐད་བསྟན་པར་འགྱུར་
ཞེ་ན། སྟོང་པ་ཉིད་ལ་སྟོང་པ་ཉིད་གཉིས་པ་གཞན་ནི་ཡོད་པ་མ་ཡིན་གྱི་ངོ་བོ་ཉིད་ཁོ་ནས་སྟོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཤར་ཕྱོགས་ནི་ཤར་ཕྱོགས་ཀྱིས་སྟོང་ཞེས་བྱ་བའི་ཆོས་ཆེན་པོ་རྣམས་ཀྱི་སྟོང་པ་ཉིད་ནི་ཆེ་བ་ཉིད་ཡིན་པས་ཆེན་པོ་སྟོང་པ་ཉིད་ཅེས་བྱ་སྟེ། ཕྱོགས་ཐམས་ཅད་དུ་ཁྱབ་
པ་ཞེས་བྱ་བའི་ཐ་ཚིག་གོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་དེ་འང་མྱ་ངན་ལས་འདས་པས་སྟོང་ངོ་ཞེས་བྱ་བ་ནི་དོན་དམ་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱིས་སྟོང་ངོ་། །མྱ་ངན་ལས་འདས་པ་ཐེར་ཟུག་ཏུ་གནས་པ་ཞེས་མི་
เล่ม ๙๓ · หน้า 121b
བྱའམ་ཞེ་ན། ཉན་ཐོས་ཀྱི་ཐེག་པ་པ་རྟོགས་པ་དང་བཅས་པ་ཁ་ཅིག་གི་ཚུལ་ནི་དེ་ལྟ་མ་ཡིན་གྱི། དོན་དམ་པར་ནི་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཆོས་གང་ཡང་མེད་དོ། །འདུས་བྱས་ཞེས་བྱ་བ་ནི་ཁམས་གསུམ་པའོ་ཞེས་བྱ་བ་ལ་འདུས་བྱས་ཐམས་ཅད་ཁམས་གསུམ་
དུ་གཏོགས་པའི་ཕྱིར་དེ་སྐད་ཅེས་བྱའོ། །གང་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འཇིག་པ་མེད་པ་དང་། གནས་པ་མེད་པ་དང་། གཞན་དུ་འགྱུར་བ་མེད་པ་ཞེས་བྱ་བ་ལ་ཆོས་རྣམས་འབྱུང་བ་ནི་སྐྱེ་བའོ། །རྒྱུན་ཆད་པ་ནི་འགག་པའོ། །སྐད་ཅིག་
གཅིག་ལ་འཇིག་པ་ནི་ཞིག་པའོ། །རྒྱུན་གྱི་རྒྱུད་མ་ཆད་པ་ནི་གནས་པའོ། །རྒྱུན་རྣམས་ཀྱི་སྔ་ཕྱིའི་བྱེ་བྲག་ནི་གཞན་དུ་གྱུར་པ་ཞེས་བྱའོ། །གང་ལ་ཆོས་དེ་དག་མེད་པའི་ཆོས་དེ་དག་ལ་འདུས་མ་བྱས་པ་ཞེས་བྱའོ། །ནམ་མཁའ་དང་། དེ་བཞིན་ཉིད་དང་། འགོག་པ་
གཉིས་དང་། ཆོས་དེ་དག་འདུས་མ་བྱས་པའི་དངོས་པོར་ཡོད་པ་མ་ཡིན་པའི་ཕྱིར། འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །ཆད་པའི་མཐའ་དང་། རྟག་པའི་མཐའོ་ཞེས་བསྟན་པ་ཙམ་དུ་ཟད་པས་དངོས་པོ་དང་། དངོས་པོ་མེད་པ་དང་། ཆོས་དང་ཆོས་མ་ཡིན་པ་དང་།
ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་རྣམས་ཀྱང་འདི་ཉིད་དུ་འདུས་སོ། །གང་ལ་ཐོག་མ་དང་ཐ་མ་མི་དམིགས་པ་དེ་ལ་དབུས་མེད་ཅེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པ་ཞེས་བྱ་བ་ལ་སོགས་པ་ཐོག་མ་ཞེས་བྱ་བ་ནི་སྔོན་གྱི་མཐའ་ལ་བྱའོ། །ཐ་མ་ཞེས་བྱ་བ་ནི་ཕྱི་མའི་མཐའ་ལ་བྱའོ། །
ཡང་ན་ཐ་མ་ཞེས་བྱ་བ་ནི་དང་པོའི་མཐའ་ལ་བྱའོ། །ཐོག་མ་ཞེས་བྱ་བ་ནི་ཕྱི་མའི་མཐའ་ལ་བྱ་སྟེ། མཐའ་དེ་གཉིས་མེད་པའི་ཕྱིར་དབུས་ཀྱང་མེད་པར་འགྱུར་ཏེ། དེ་བས་ན་ཐོག་མ་མེད་པ་དང་། ཐ་མ་མེད་པ་དང་། དབུས་མེད་པའི་སྟོང་པ་ཉིད་ལ། ཐོག་མ་དང་ཐ་མ་མེད་པ་
སྟོང་པ་ཉིད་ཅེས་བྱའོ། །ཡང་ན་ཐོག་མ་དང་ཐ་མ་དང་། དབུས་མེད་པ་དེ་དག་ཉིད་ཐོག་མ་དང་ཐ་མ་དང་དབུས་མེད་པས་སྟོང་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་པའོ། །དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་ནི་ཇི་ལྟར་སྔར་བླངས་པའི་ཆུ་བོ་ཞིང་མེད་པར་བྱས་ན་བུམ་
เล่ม ๙๓ · หน้า 122a
པ་སྟོང་པར་འགྱུར་བ་དེ་བཞིན་དུ། དོན་དམ་པའི་རྫས་སྔོན་བྱུང་བ་རྣམས་ཕྱིས་བོར་ཞིང་བཏང་བ་འདི་ལ་སྟོང་པ་ཉིད་རྣམ་པར་གཞག་པ་ནི་ཡིན་གྱི། ཆོས་རྣམས་ངོ་བོ་ཉིད་ཀྱིས་མེད་པ་དེ་སྟོང་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་དོར་བ་མེད་པ་ནི་དོར་བ་མེད་པས་སྟོང་
ངོ་ཞེས་བྱ་བ་ནི་དོར་བ་མེད་པའི་ཆོས་ནི་གང་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་ནི་འདུས་བྱས་དང་། འདུས་མ་བྱས་རྣམས་ཀྱི་རང་བཞིན་ཆོས་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཉན་ཐོས་སམ། རང་སངས་རྒྱས་སམ། དེ་བཞིན་གཤེགས་པའམ།
གང་གིས་ཀྱང་མ་བྱས་མ་མཛད་དེ། དེ་བས་ན་རང་བཞིན་ཞེས་བྱ་བའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ཡང་རང་བཞིན་གྱིས་སྟོང་སྟེ། ཆོས་ཅན་ཡོད་ན་ནི་དེའི་རང་བཞིན་ཡང་འགྲུབ་པར་འགྱུར་བ་ཞིག་ན། འདི་ལྟར་ཆོས་ཅན་ཉིད་མེད་ན་དེ་གང་གི་རང་བཞིན་དུ་བརྗོད་པར་འོས་
ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་གསུངས་སོ། །ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་ངོ་ཞེས་བྱ་བ་ནི་དོན་དམ་པར་ན་ཆོས་ཐམས་ཅད་ལ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་མཚན་ཉིད་
སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་རྣམས་མེད་ན་འདི་དག་གང་གིས་རང་གི་མཚན་ཉིད་དུ་འགྱུར། དེ་བས་ན་ཆོས་རྣམས་ཀུན་བརྟགས་པ་ཙམ་དུ་ཟད་པའི་ཕྱིར་མཚན་ཉིད་འདི་དག་ཀྱང་ཀུན་བརྟགས་པ་ཡིན་པས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །མི་དམིགས་པ་སྟོང་པ་ཉིད་ཅེས་བྱ་བ་ནི་དུས་
གསུམ་དུ་རྟོགས་པའི་ཆོས་རྣམས་དུས་གསུམ་གྱི་བདག་ཉིད་དུ་མེད་པ་གང་ཡིན་པ་དེ་མི་དམིགས་པ་སྟེ། མི་དམིགས་པ་དེ་ཡང་མི་དམིགས་པའི་བདག་ཉིད་ཀྱིས་སྟོང་གི། མི་དམིགས་པ་ཞེས་བྱ་བའི་ཆོས་གཞན་དུ་གྱུར་པ་ནི་གང་ལ་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དངོས་
པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་རྣམ་པ་གཉིས་སུ་བཤད་དེ། དེ་ལ་བཤད་པ་སྔ་མ་ནི། རབ་འབྱོར་འདུས་པ་ལས་བྱུང་བའི་ཆོས་ཀྱི་ངོ་བོ་ཉིད་མེད་ཅེས་བྱ་བ་སྟེ། ཇི་སྐད་བསྟན་པར་འགྱུར་ཞེ་ན། འདི་ལ་ཆོས་ཐམས་ཅད་སྐྱེ་བ་ན། རང་གི་སྟོབས་འབའ་ཞིག་གིས་
เล่ม ๙๓ · หน้า 122b
སྐྱེ་བ་ནི་མ་ཡིན་གྱི། རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་སྐྱེ་སྟེ། དཔེར་ན་ས་བོན་གྱིས་མྱུ་གུ་སྐྱེད་པ་ན་རང་གི་མཐུ་འབའ་ཞིག་གིས་སྐྱེད་པ་ནི་མ་ཡིན་གྱི། ས་དང་ཆུ་ལ་སོགས་པ་འདུས་པའི་མཐུས་བསྐྱེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རྒྱུ་དང་། རྐྱེན་ཚོགས་པའི་མཐུས་སྐྱེའོ། །
རང་གི་མཐུ་འབའ་ཞིག་གིས་སྐྱེ་བ་མ་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཁོ་ནའོ། །ཆོས་གཞན་ལ་བརྟེན་ཏེ་སྐྱེ་བའི་ཆོས་གང་ཡིན་པ་དེ་དག་ནི་གཟུགས་སུ་རུང་བ་དང་། མྱོང་བ་ལ་སོགས་པའི་རང་བཞིན་ཡིན་དུ་ཟིན་ཀྱང་། རྒྱུ་དང་རྐྱེན་ཚོགས་པ་ཉིད་ལས་སྐྱེ་བར་འགྱུར་
བས་ན་འདུས་པ་ལས་བྱུང་བ་ཞེས་བྱའོ། །འདུས་པ་ལས་བྱུང་བ་གང་ཡིན་པ་དེ་རང་གི་ངོ་བོ་ཉིད་ཅེས་བརྗོད་པར་ཇི་ལྟར་ནུས། དེ་བས་ན་ཆོས་ཐམས་ཅད་གཞན་གྱི་དངོས་པོས་སྐྱེ་བའི་ཕྱིར་རང་གི་དངོས་པོ་མེད་པས་ངོ་བོ་ཉིད་མེད་པ་ཉིད་དོ། །རང་གི་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་དངོས་པོ་
མེད་པའི་ངོ་བོ་ཉིད་ཅེས་བྱའོ། །དེ་བས་ན་རབ་འབྱོར་འདུས་པ་ལས་བྱུང་བའི་ཆོས་ཀྱི་ངོ་བོ་ཉིད་མེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ཞེས་བྱ་བ་གསུངས་སོ། །འདི་ཉིད་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །
བཤད་པ་ཅིག་ཤོས་ནི། དངོས་པོ་ནི་དངོས་པོས་སྟོང་ངོ་། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་ཞེས་བྱ་བ་སྟེ། དངོས་པོ་དང་ངོ་བོ་ཉིད་ནི་དངོས་པོ་དང་ངོ་བོ་ཉིད་དོ། །དངོས་པོ་དང་། ངོ་བོ་ཉིད་མེད་པ་ནི་དངོས་པོ་དང་། ངོ་བོ་ཉིད་མེད་པ་སྟེ། རྣམ་པར་རྟོག་པ་འདི་ལ་
དངོས་པོ་མེད་པ་ཞེས་བྱ་བའི་སྒྲས་ནི་དངོས་པོ་ཡོད་པ་མ་ཡིན་པར་རྟོགས་པས་དངོས་པོ་དང་། དངོས་པོ་མེད་པ་ཡང་བཟུང་བ་ཡིན་ནོ། །ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་སྒྲས་ནི་རང་གི་དངོས་པོ་མ་ཡིན་པར་རྟོགས་པས་གཞན་གྱི་དངོས་པོ་དང་། རང་གི་དངོས་པོ་ཡང་བཟུང་བ་ཡིན་ཏེ།
སྟོང་པ་བཞི་པོ་དེ་དག་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལས་བྱུང་བས་ན། དངོས་པོ་ཞེས་བྱ་སྟེ། དངོས་པོ་ཞེས་བྱ་བའི་སྒྲ་ནི་འདུས་བྱས་ཀྱི་ཆོས་རྣམས་ལ་བྱའོ། །དེའི་ཕྱིར་དངོས་པོ་ནི་དངོས་པོས་སྟོང་ངོ་ཞེས་གསུངས་སོ། །དངོས་པོ་མེད་པའི་སྒྲས་ནི་
เล่ม ๙๓ · หน้า 123a
འདུས་མ་བྱས་ཀྱི་ཆོས་རྣམས་ལ་བྱ་སྟེ། དེའི་ཕྱིར་དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་ཞེས་གསུངས་སོ། །དེ་ལ་དངོས་པོའི་ཆོས་ནི་དངོས་པོའི་བདག་ཉིད་དང་བྲལ་བ་དང་། དངོས་པོ་མེད་པའི་ཆོས་ཀྱང་དངོས་པོ་མེད་པའི་བདག་ཉིད་དང་བྲལ་བ་ཞེས་
བྱ་བའི་ཐ་ཚིག་གོ། །ངོ་བོ་ཉིད་ཅེས་བྱ་བ་ནི་ཤེས་པ་དང་མཐོང་བ་སྟེ། ཆོས་རྣམས་ཀྱི་ཀུན་བརྟགས་པའི་གནས་སྐབས་ཡོངས་སུ་སྤངས་པའི་ལྷག་མ་ཡོངས་སུ་གྲུབ་པའི་གནས་སྐབས་ནི་ཤེས་པ་དང་མཐོང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལ་ཤེས་པའི་སྟོང་པ་
ཉིད་གང་ཡིན་པ་དེ་ནི་ཤེས་པས་མ་བྱས་ལ། མཐོང་བའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མཐོང་བས་མ་བྱས་ཏེ། དེ་ལྟ་བས་ན། ངོ་བོ་ཉིད་དེ་གཉིས་ཀྱི་སྟོང་པ་ཉིད་ནི་རང་བཞིན་ཡིན་པས་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་
བྱུང་རུང་སྟེ་ཞེས་བྱ་བ་ནི། གནས་པའི་མཚན་ཉིད་དེ་བཞིན་ཉིད་ཆོས་ཉིད་གང་ཡིན་པ་དེ། དེ་བཞིན་གཤེགས་པ་ལ་སོགས་པ་ཕ་རོལ་གཞན་གྱིས་བྱས་པ་མ་ཡིན་པའི་ཕྱིར། བྱེད་པ་པོ་གཞན་མེད་ལ། གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ། །དེ་ནས་
ཡང་ཏིང་ངེ་འཛིན་གྱི་ཐེག་པ་ཆེན་པོའི་གནས་སྐབས་དབྱེ་བའི་ཕྱིར། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔའ་བོ་བཞིན་དུ་ཏིང་ངེ་འཛིན་གྱི་བྱ་བ་བྱེད་པ་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བར་བྱེད་པ་དང་།
ཐམས་ཅད་དུ་ཁྱབ་པར་བྱེད་པ་གང་ཡིན་པ་དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་སྟེ། འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་མི་རྟོག་པ་ཟག་པ་མེད་པ་འཇིག་རྟེན་ལས་འདས་པའི་སེམས་ནི་རྟོག་པ་དང་བཅས་པའི་བྱ་བ་མི་བྱེད་པ་དང་། རྣམ་པར་གཡེང་བ་
མེད་པ་གཙོ་བོར་བྱེད་པའི་ཕྱིར་ཏིང་ངེ་འཛིན་ཞེས་བྱའོ། །ཏིང་ངེ་འཛིན་དེ་ཡང་བསམ་གཏན་གྱི་ངོ་བོ་ཉིད་མ་ཡིན་ཏེ། བསམ་གཏན་ནི་གཟུགས་ཡོད་པ་ན་སྤྱོད་པར་གཏོགས་པའི་ཕྱིར་རོ། །སེམས་ཀྱི་བདག་ཉིད་དུ་གཅིག་ཏུ་ཟིན་ཀྱང་སྔོན་གྱི་བརྩལ་བའི་མཐུས་སོ་སོར་བྱེད་པ་ཕན་
เล่ม ๙๓ · หน้า 123b
པས་ན། བྱ་བ་བྱེད་པའི་དབང་གིས་ཐ་དད་དུ་བརྗོད་དོ། །དེ་ཡང་གཞན་དག་གིས་རྟོག་པའི་སྤྱོད་ཡུལ་དུ་མི་འགྱུར་ཏེ། སོ་སོར་རང་གིས་རིག་པ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་གཟུང་བར་བྱ་སྟེ། དེ་ལ་རིགས་པས་དཔྱད་པར་བྱ་བ་ནི་མ་ཡིན་
ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་སྟེ་ཞེས་བྱ་བ་ནི་འདི་ལ་དྲན་པ་ཉེ་བར་གནས་པས་ན། དྲན་པ་ཉེ་བར་གཞག་པ་ཞེས་བཤད་པའི་ཕྱིར། དྲན་པ་ཉེ་བར་གཞག་པ་ནི་ལུས་དང་།
ཚོར་བ་དང་། སེམས་དང་ཆོས་ཞེས་བྱ་བ་དང་བཞི་ལ་དྲན་པ་ཉེ་བར་གཞག་པའི་སྒྲར་བརྗོད་དོ། །དེ་ནི་དྲན་པ་ཡང་ཡིན་ལ། དྲན་པ་ཉེ་བར་གཞག་པ་ཡིན་པས་དྲན་པ་ཉེ་བར་གཞག་པའོ་ཞེས་བཤད་པའི་ཕྱིར་ཆོས་བཞིའི་ཡུལ་མ་བརྗེད་པ་དང་། བསྲུང་བའི་དོན་དུ་དྲན་པའི་བཞི་སྟེ། དམིགས་པ་བཞིར་གྱུར་པའི་
ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱའོ། །འདི་ལ་དྲན་པ་ཉེ་བར་གཞག་པ་འདི་བཞི་ཆར་ཐེག་པ་ཆེན་པོའི་ཚུལ་དུ་ནི་སྔར་བསྟན་ཏོ། །ལུས་དྲན་པ་ཉེ་བར་གཞག་པ་གཅིག་པུ་ནི་ཕྱིས་ཉན་ཐོས་ཀྱི་ཚུལ་དང་མཐུན་པར་རྣམ་པ་དྲུག་ཏུ་བསྟན་ཏེ། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་
གནས་ཞེས་བྱ་བ་ནི་གང་གི་ཚེ་ནང་གི་སེམས་ཅན་དུ་བགྲངས་པའི་ལུས་ཀྱི་རྗེས་སུ་ལྟ་བ་དེའི་ཚེ་ན། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཞེས་བྱའོ། །གང་གི་ཚེ་ཕྱི་རོལ་སེམས་ཅན་དུ་མི་བགྲང་བ། གཟུགས་ཀྱི་ལུས་ཀྱི་རྗེས་སུ་ལྟ་བ་དེའི་ཚེ་ནི་ཕྱིའི་ལུས་ལ་ལུས་ཀྱི་རྗེས་
སུ་ལྟ་བ་ཞེས་བྱའོ། །གང་གི་ཚེ་ཕྱིའི་སེམས་ཅན་དུ་བགྲང་བ། གཞན་གྱི་ལུས་ཀྱི་རྗེས་སུ་ལྟ་བ་དེའི་ཚེ་ན་ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཞེས་བྱའོ། །གང་གི་ཚེ་ནང་གི་སེམས་ཅན་དུ་བགྲང་བའི་གཟུགས་ལ་དམིགས་ནས་ཚོར་བ་དང་སེམས་དང་། ཆོས་རྣམས་
འབྱུང་བ་དེའི་ཚེ། ནང་གི་ཚོར་བ་དང་། ནང་གི་སེམས་དང་། ནང་གི་ཆོས་རྣམས་ལ་བྱའོ། །གང་གི་ཚེ་ཕྱི་རོལ་སེམས་ཅན་དུ་མི་བགྲང་བའི་གཟུགས་ལ་དམིགས་པ་ལས་འབྱུང་བ་དེའི་ཚེ་ན་ཕྱིའི་ཚོར་བ་དང་། ཕྱིའི་སེམས་དང་། ཕྱིའི་ཆོས་རྣམས་ལ་ཞེས་བྱའོ། །གང་གི་ཚེ་
เล่ม ๙๓ · หน้า 124a
སེམས་ཅན་དུ་བགྲང་བ་གཞན་གྱི་གཟུགས་ལ་དམིགས་པ་ལས་བྱུང་བ་དེའི་ཚེ་ན་ཕྱི་ནང་གི་ཚོར་བ་དང་། ཕྱི་ནང་གི་སེམས་དང་། ཕྱི་ནང་གི་ཆོས་རྣམས་ལ་ཞེས་བྱའོ། །ཡང་ན་སྐྱེ་མཆེད་དྲུག་ལ་དམིགས་པར་བྱེད་པ་ལ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་
སུ་ལྟ་བ་ཞེས་བྱ་བའོ། །དབང་པོར་མ་གཏོགས་ཤིང་མ་ཟིན་པ་ཕྱིའི་གཟུགས་ལ་དམིགས་པར་བྱེད་པ་དེ་ལ་ནི་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཞེས་བྱའོ། །སྐྱེ་མཆེད་དྲུག་མ་གཏོགས་པར་ནང་གི་ཟིན་པའི་གཟུགས་ལ་དམིགས་པར་བྱེད་པ་ལ་ནི་ཕྱི་དང་ནང་གི་ལུས་ལ་ལུས་ཀྱི་
རྗེས་སུ་ལྟ་བ་ཞེས་བྱའོ། །གཟུགས་དེ་གསུམ་ལ་དམིགས་པ་ལས་བྱུང་བའི་ཚོར་བ་དང་། སེམས་དང་། ཆོས་རྣམས་ཀྱང་རྣམ་པ་གསུམ་དུ་སྦྱར་བར་བྱའོ། །ཡང་ན་ནང་གི་འབྱུང་བའི་གཟུགས་རང་གི་ལུས་སུ་གཏོགས་པ་ལ་དམིགས་པར་བྱེད་པ་ལ་ནི་ནང་ཞེས་བྱའོ། །
ཕྱིའི་གཞན་གྱི་འབྱུང་བ་ལ་དམིགས་པར་བྱེད་པ་ལ་ནི་ཕྱིའི་ཞེས་བྱའོ། །འབྱུང་བའི་གཟུགས་དེ་ཡང་རྒྱུར་བྱས་ནས་འབྱུང་བའི་དབང་པོ་དང་། ཡུལ་གྱི་གཟུགས་གང་ཡིན་པ་དེ་ལ་དམིགས་པར་བྱེད་པ་དེ་ལ་ནི་ཕྱི་ནང་གི་ཞེས་བྱའོ། །འདི་གསུམ་ལ་དམིགས་པ་ལས་བྱུང་བའི་ཚོར་བ་
དང་། སེམས་དང་། ཆོས་རྣམས་ལ་ཡང་རྣམ་པ་གསུམ་དུ་རིག་པར་བྱའོ། །ཡང་ན་གང་གི་ཚེ་རྣམ་པར་ཤེས་པ་དང་བཅས་པའི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དེའི་ཚེ་ན་ནང་གི་ལུས་དང་། ཚོར་བ་དང་སེམས་དང་ཆོས་ཀྱི་རྗེས་སུ་ལྟ་བ་ཞེས་བྱའོ། །གང་གི་ཚེ་རྣམ་
པར་ཤེས་པ་མེད་པ་རྣམ་པར་བསྔོས་པ་ལ་སོགས་པ་ལ་རྗེས་སུ་ལྟ་བ་དེའི་ཚེ་ན་ཕྱིའི་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ཀྱི་རྗེས་སུ་ལྟ་བ་ཞེས་བྱའོ། །གང་གི་ཚེ་རྣམ་པར་ཤེས་པ་མེད་པའི་རྣམ་པར་བསྔོས་པ་ལ་སོགས་པའི་གཟུགས་འདས་པའི་དུས་ན་རྣམ་པར་ཤེས་པ་དང་
བཅས་པ་སྟེ། རྣམ་པར་ཤེས་པ་དང་བཅས་པའི་ལུས་འདི་ཡང་མ་འོངས་པའི་དུས་ན་རྣམ་པར་ཤེས་པ་མེད་པར་མཚུངས་པའི་ཆོས་ཉིད་དང་མཐུན་པའི་ཆོས་ཉིད་དུ་རྗེས་སུ་ལྟ་བ་དེའི་ཚེ་ན་ཕྱི་ནང་གི་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ཀྱི་རྗེས་སུ་ལྟ་བ་ཞེས་བྱའོ། །ནང་
เล่ม ๙๓ · หน้า 124b
གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་བ་ནི་ནང་གི་ལུས་ལ་ལུས་ཞེས་བཏགས་པ་ཡིན་པར་རྗེས་སུ་བརྟགས་ནས་ལྟ་ཞིང་གནས་པ་སྟེ། གང་ཟག་ཡོད་པ་ཉིད་དམ། ཆོས་ཡོད་པ་ཉིད་དུ་ཡང་དག་པར་རྗེས་སུ་མ་མཐོང་བས་མི་དམིགས་པར་གནས་པས་གནས་སོ་ཞེས་བྱ་བའི་ཐ་ཚིག་
གོ། །མི་དམིགས་པར་གནས་པ་དེ་ཉིད་བསྟན་པའི་ཕྱིར། ལུས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མི་རྟོག་གོ་ཞེས་བྱ་བ་གསུངས་སོ། །ལུས་སུ་འདུ་ཤེས་པ་དང་ལྡན་པའི་རྣམ་པར་རྟོག་པ་གང་ཡིན་པ་འདི་ནི་ལུས་སོ་ཞེས་བྱ་བའམ། རྟག་པ་དང་། མི་རྟག་
པ་དང་། སྡུག་བསྔལ་བ་དང་། བདེ་བ་དང་། སྡུག་པ་དང་། མི་སྡུག་པ་དང་། བདག་དང་། བདག་མེད་པ་དང་། སྟོང་པ་དང་། མི་སྟོང་པ་དང་། མཚན་མ་དང་། མཚན་མ་མེད་པ་དང་། སྨོན་པ་དང་། སྨོན་པ་མེད་པ་ལ་སོགས་པ་དེ་དག་ཏུ་རྣམ་པར་མི་རྟོག་གོ་
ཞེས་བྱ་བའི་ཐ་ཚིག་གོ། །དེ་མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་དེ་ཡང་དེ་ལ་རྗེས་སུ་ལྟ་བ་དང་། རྣམ་པར་མི་རྟོག་པ་ནི་མི་དམིགས་པར་ཡིད་ལ་བྱེད་པའི་དབང་གིས་ཞེས་བྱ་བའི་ཐ་ཚིག་གོ། །བརྟུན་པ་ཅན་ཤེས་བཞིན་དང་། དྲན་པ་དང་ལྡན་ཞིང་འཇིག་རྟེན་གྱི་བརྣབ་སེམས་
དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས་ཞེས་བྱ་བ་ལ། རྒྱུན་དུ་སྦྱོར་བ་དང་། གུས་པར་སྦྱོར་བས་ཡང་དག་པར་མངོན་པར་བརྩོན་པའི་ཕྱིར་བརྟུན་པ་ཞེས་བྱའོ། །རྗེས་སུ་ལྟ་བའི་ཤེས་རབ་དང་། ཤེས་བཞིན་གྱིས་ཡང་དག་པར་ཡིད་ལ་བྱེད་པའི་ཕྱིར་ཤེས་བཞིན་ཞེས་བྱའོ། །
མི་བརྗེད་པའི་བདག་ཉིད་དང་། སྲུང་བར་བྱེད་པ་དང་། གཡེང་བ་མེད་པར་བྱེད་པའི་དྲན་པ་དང་བཅས་པ་ལ་དྲན་པ་དང་ལྡན་པ་ཞེས་བྱའོ། །དེའི་འོག་ཏུ་བརྩོན་འགྲུས་དང་། ཤེས་རབ་དང་། དྲན་པ་དེ་དག་གི་ཕན་ཡོན་བསྟན་པའི་ཕྱིར་འཇིག་རྟེན་གྱི་བརྣབ་སེམས་དང་། ཡིད་
མི་བདེ་བ་རྣམ་པར་བསལ་ནས་ཞེས་བྱ་བ་གསུངས་སོ། །འཇིག་རྟེན་གྱི་ཆོས་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཆོས་རྣམས་ལ་ཞེས་བྱ་བའི་ཐ་ཚིག་སྟེ། རྙེད་པ་དང་གྲགས་པ་དང་། བདེ་བ་དང་། བསྟོད་པ་ཞེས་བྱ་བ་འཇིག་རྟེན་གྱི་ཆོས་བཞི་ལ་ནི་ཆགས་སེམས་འབྱུང་ངོ་། །མ་རྙེད་པ་
เล่ม ๙๓ · หน้า 125a
དང་། མ་གྲགས་པ་དང་། སྡུག་བསྔལ་བ་དང་། སྨད་པ་རྣམས་ལ་ནི་ཡིད་མི་བདེ་བ་ཞེས་འབྱུང་སྟེ། དེ་ལྟར་མི་དམིགས་པར་བསྒོམ་པ་ལ་བརྩོན་པ་ནི་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མི་གོས་པར་བསྟན་པའི་ཕྱིར་འཇིག་རྟེན་གྱི་བརྣབ་སེམས་
དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས་ཞེས་བྱ་བ་གསུངས་སོ། །ཡང་ན་གང་ཟག་དང་། ཆོས་རྣམས་མི་དམིགས་པའི་ཕྱིར་སེམས་ཅན་རྣམས་དང་། འདུ་བྱེད་རྣམས་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པར་བསྟན་པའི་ཕྱིར་འཇིག་རྟེན་གྱི་བརྣབ་སེམས་
དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས་ཞེས་བྱ་བ་གསུངས་སོ། །ཡང་ན་སྒྲིབ་པ་ཐམས་ཅད་ཀྱི་ནང་ན་གཙོ་བོར་གྱུར་པ་འདོད་པ་ལ་འདུན་པ་དང་། གནོད་སེམས་གཉིས་སྤངས་པར་བསྟན་པའི་སྒྲིབ་པ་ཐམས་ཅད་ཀྱང་སྤངས་པར་བསྟན་པ་ཡིན་ནོ། །དེ་བཞིན་དུ་ནང་གི་
ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ནི་བདེ་བ་དང་། སྡུག་བསྔལ་བ་དང་། བཏང་སྙོམས་ཀྱི་དབང་གིས་ཚོར་བ་རྣམ་པ་གསུམ་དུ་གྱུར་པ་ལས་ལུས་ཀྱི་ཚོར་བ་དང་། སེམས་ཀྱི་ཚོར་བའི་དབང་གིས་དྲུག་ཏུ་གྱུར་པ་དང་། ཟང་ཟིང་དང་བཅས་པ་དང་།
ཟང་ཟིང་མེད་པ་དང་། ཞེན་པ་ལ་བརྟེན་པ་དང་། མངོན་པར་འབྱུང་བ་ལ་བརྟེན་པ་རྣམས་ཞེས་བྱ་བར་ཐ་དད་དུ་ཕྱེ་བའི་ཚོར་བ་རྣམས་ལ་ཚོར་བར་བརྟགས་པ་བཟུང་ནས། ཚོར་བ་པོ་བདག་གམ། ཆོས་ཡིན་པར་བརྟེན་པ་ལ་བལྟས་ནས་མི་དམིགས་པར་གནས་པས་གནས་སོ། །
དེ་བཞིན་དུ་སེམས་ལ་ཡང་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་མེད་པ་དང་། ཞེ་སྡང་དང་བཅས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་མེད་པ་དང་། བསྡུས་པ་དང་། རྣམ་པར་འཕྲོས་པ་ཞེས་བྱ་བ་ལ་སོགས་པར་དབྱེ་བས་
ཕྱེ་བའི་སེམས་ལ་བརྟེན་ནས་བདག་གམ་ཆོས་མི་དམིགས་པའི་ཚུལ་གྱིས་རྗེས་སུ་ལྟ་ཞིང་གནས་སོ། །ཆོས་རྣམས་ལ་ཡང་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དང་། སྒྲིབ་པ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་བདེན་པ་ལ་སོགས་པའི་ཆོས་རྣམས་ལ་
เล่ม ๙๓ · หน้า 125b
བརྟེན་ནས་ཀུན་བརྟགས་པའི་ཆོས་ཐམས་ཅད་མི་དམིགས་པར་སྙོམས་པར་འཇུག་པ་ལ་བསྒོམ་ཞིང་གནས་སོ་ཞེས་བྱ་བར་སྦྱར་བར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པའི་ཚུལ་དུ་དྲན་པ་ཉེ་བར་གཞག་པ་བཞི་བསྟན་ནས། ཉན་ཐོས་ཀྱི་ཚུལ་དུ་བསྟན་པའི་ཚུལ་གྱིས་
ལུས་དྲན་པ་ཉེ་བར་གཞག་པ་ཉིད་རྣམ་པ་དྲུག་ཏུ་བསྟན་པར་བཞེད་ནས། དེའི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། སྤྱོད་ན་སྤྱོད་དོ་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱོད་ལམ་གྱི་སྒོ་དང་། ཤེས་བཞིན་གྱི་སྒོ་དང་། དབུགས་རྔུབ་
པ་དང་འབྱུང་བའི་སྒོ་དང་། ཁམས་རྣམས་རྣམ་པར་གཞག་པའི་སྒོ་དང་། རྣམ་པ་སུམ་ཅུ་རྩ་གཉིས་ཀྱི་སྒོ་དང་། མི་སྡུག་པའི་སྒོ་དང་། སྒོ་དྲུག་པོ་དག་གིས་བསྟན་ཏོ། །དེ་ལ་དང་པོར་སྤྱོད་ལམ་གྱི་སྒོ་ནས་བསྟན་པ་ནི་སྤྱོད་པ་དང་། འགྲེང་བ་དང་འདུག་པ་དང་ཉལ་བ་ཞེས་
བྱའོ། །སྤྱོད་ལམ་འདི་དག་ལ་རྣམ་པ་གསུམ་བསྟན་ཏེ། ཆེན་པོ་དང་འབྲིང་དང་ཆུང་ངུའོ། །གང་གི་ཚེ་ལམ་རིང་པོར་འགྲོ་བ་དེའི་ཚེ་སྤྱོད་ལམ་བཞི་ནི་ཆེ་བ་ཞེས་བྱ་སྟེ། དེའི་དབང་གིས་འགྲེས་དང་པོ་བསྟན་ཏོ། །གང་གི་ཚེ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འཇུག་པའམ།
གཙུག་ལག་ཁང་ནས་གཙུག་ལག་ཁང་གཞན་དག་ཏུ་དོན་གཉེར་དུ་འགྲོ་བ་དེའི་ཚེ་སྤྱོད་པའི་སྤྱོད་ལམ་བཞི་ནི་འབྲིང་པོ་སྟེ། དེའི་དབང་གིས་དེའི་དབང་དུ་འགྲོ་འམ། འོང་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ཞེས་བྱ་བས་ནི་གཉིས་པ་བསྟན་ཏོ། །ལུས་ཀྱི་ཉམ་ང་བ་བསལ་བའི་
ཕྱིར་བཤང་གཅི་ལ་སོགས་པའི་གནས་སུ་འགྲོ་བ་ལ་སོགས་པར་སྤྱོད་པའི་སྤྱོད་ལམ་བཞི་ནི་ཆུང་ངུ་སྟེ། དེའི་དབང་གིས་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་ཞེས་བྱ་བས་བསྟན་ཏོ། །ལྷག་མ་ཀུན་ཏུ་ལྟ་འམ། རྣམ་པར་ལྟ་ཡང་ཤེས་བཞིན་དུ་སྤྱོད་
པ་ཡིན་ཞེས་བྱ་བ་ལ་སོགས་པས་ཆུང་ངུ་ཉིད་དོ། །དེ་ལ་བྱ་བ་བྱེད་པ་ཐམས་ཅད་ལ་ཡང་སོ་སོར་རྟོག་པ་རྣམ་པ་ལྔ་སྟེ། འདི་དང་འདི་བྱའོ་ཞེས་བྱ་བ་དང་། འདི་ནི་བྱའོ་འདི་ནི་མི་བྱའོ་ཞེས་བྱ་བ་དང་། འདི་ནི་དུས་ཡིན་ནོ་འདི་ནི་དུས་མ་ཡིན་ནོ་ཞེས་བྱ་བ་དང་། འདི་ལྟར་ནི་བྱའོ་
เล่ม ๙๓ · หน้า 126a
འདི་ལྟར་མི་བྱའོ་ཞེས་བྱ་བ་དེའི་དོན་དུ་བྱའོ་ཞེས་བྱ་བ་སྟེ། དེ་ཡང་སྤྱོད་ན་སྤྱོད་དོ་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པས་བཤད་དོ། །དེའི་འོག་ཏུ་སྤྱོད་ལམ་ཆུང་ངུའི་འགྲེས་ལ་འགྲོ་ཞེས་བྱ་བ་ནི་ཕར་ལ་འགྲོ་བའོ། །འོང་ཞེས་བྱ་བ་ནི་
སླར་ལོག་པའོ། །བློ་སྔོན་དུ་མ་བཏང་བས་མ་བརྟགས་པར་གཟུགས་ལ་ལྟ་བ་ནི་ཀུན་ཏུ་ལྟ་བའོ། །བློ་སྔོན་དུ་བཏང་བས་བསྒྲིམས་ཏེ་གཟུགས་ལ་ལྟ་བ་ནི་རྣམ་པར་ལྟ་བའོ། །ཡང་ན་མདུན་དུ་ལྟ་བ་ནི་ཀུན་ཏུ་ལྟ་བའོ། །ཕྱོགས་གཞན་དུ་ལྟ་བ་ནི་རྣམ་པར་ལྟ་བའོ། །དཔུང་
པ་དང་། ལག་པ་དང་། རྐང་པ་དང་། ཡན་ལག་དང་། ཉིང་ལག་རྣམས་བྱ་བ་དེ་དང་དེ་དག་ལ་བསྡུས་པ་ནི་བསྐུམ་པའོ། །བསྲང་བ་ནི་བརྐྱང་བའོ། །ཆོས་གོས་ཆེན་པོ་ནི་སྣམ་སྦྱར་རོ། །དེ་ལས་གཞན་པའི་གོས་ནི་ཆོས་གོས་སོ། །བསླང་བའི་སྣོད་ནི་
ལྷུང་བཟེད་དོ། །ཟོས་པ་ནི་འབྲས་ཆན་ལ་སོགས་པའོ། །འཐུངས་པ་ནི་བཏུང་བ་ལ་སོགས་པའོ། །འཆོས་པ་ནི་ཁུར་བ་ལ་སོགས་པའོ། །མྱངས་པ་ནི་འོ་མ་དང་། ཞོ་དང་བུ་རམ་ལ་སོགས་པའོ། །ལམ་དུ་འགྲོ་བ་ལ་སོགས་པའམ། ཚ་བས་གདུངས་པ་ལ་
སོགས་པས་དུས་མ་ཡིན་པའི་གཉིད་ཀྱིས་ནོན་པ་ལ་ཕྱོགས་སུ་ལྟ་བ་དང་ཆུས་གདབ་པ་དང་། གདོང་ཕྱི་བ་ལ་སོགས་པ་ནི་གཙང་བའོ། །བཅག་པ་ལ་སོགས་པ་ནི་འགྲོ་བའོ། །བླ་མ་ལ་བསྙེན་བཀུར་བྱ་བ་ལ་སོགས་པ་ནི་འགྲེང་བའོ། །སྐྱིལ་མོ་ཀྲུང་ལ་སོགས་པ་ནི་འདུག་
པའོ། །དུས་སུ་སེང་གེའི་ཉལ་ཐབས་སུ་ཉལ་བ་ནི་ཉལ་བའོ། །མེལ་ཙེ་ཐུན་ལྔ་ནི་གཉིད་ཀྱིས་མ་ལོག་པའོ། །ཆོས་འཆད་པའི་ཡང་དག་པའི་གཏམ་ལ་སོགས་པ་ནི་སྨྲ་བའོ། །ཇི་ལྟར་ཐོས་ཤིང་བཟུང་བའི་ཆོས་རྣམས་ཀྱི་དོན་སེམས་ཤིང་འཇལ་བ་ལ་སོགས་པ་ནི་མི་སྨྲ་
བའོ། །ལྷག་མཐོང་དང་ཞི་གནས་ལ་མངོན་པར་བརྩོན་པ་ནི་ནང་དུ་ཡང་དག་པར་འཇོག་ཅེས་བྱའོ། །དབུགས་རྔུབ་པ་དང་འབྱུང་བའི་སྒོ་གསུམ་ལ་དྲན་བཞིན་དུ་དབུགས་རྔུབས་ན་དྲན་བཞིན་དུ་དབུགས་རྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་དྲན་
เล่ม ๙๓ · หน้า 126b
པ་དང་། ཤེས་བཞིན་གཙོ་བོར་བྱས་ཏེ། ལེགས་པར་ནན་ཏན་དུ་དབུགས་རྔུབས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དབུགས་རིང་དུ་རྔུབས་ན་དབུགས་རིང་དུ་རྔུབས་སོ་སྙམ་དུ་ཞེས་བྱ་བ་ནི་གང་གི་ཚེ་ལས་དང་པོ་པ་འདི་དྲན་པ་དང་། ཤེས་བཞིན་དུ་དྲན་པ་ལ་བརྩོན་པར་བྱེད་པ་ན་དེའི་
ལུས་དང་། སེམས་ཤིན་ཏུ་སྦྱངས་པ་ན་དབུགས་རྔུབ་པ་དང་། འབྱུང་བ་དག་རིམ་གྱིས་ཕྲ་བར་གྱུར་ཅིང་རྟོགས་པར་དཀའ་བར་གྱུར་པ་དེའི་ཚེ། རྣལ་འབྱོར་པ་དག་གིས་དབུགས་རིང་དུ་བྱས་ནས་རྟོགས་པར་བྱེད་དོ། །ཁ་ཅིག་ན་རེ་ངལ་གསོ་བའི་ཕྱིར་བར་བར་ཐུང་ངུ་བྱས།
བར་བར་རིང་དུ་བྱས་ཏེ་བསྒོམ་པར་བྱའོ་ཞེས་ཟེར་རོ། །གཞན་དག་ན་རེ་དབུགས་མ་ཐལ་བར་རྔུབ་པ་དང་འབྱུང་བ་ལ་ནི་རིང་པོ་ཞེས་བྱ། སྐབས་སྐབས་སུ་དབུགས་རྔུབ་པ་དང་། འབྱུང་བ་ལ་ནི་ཐུང་ངུ་ཞེས་བྱའོ་ཞེས་ཟེར་རོ། །རྫ་མཁན་ནམ་རྫ་མཁན་གྱི་སློབ་མ་ཞེས་བྱ་བ་
ལ་རྫ་མཁན་ཞེས་བྱ་བ་ནི་ལེགས་པར་ལོབས་པའོ། །རྫ་མཁན་གྱི་སློབ་མ་ཞེས་བྱ་བ་ནི་སློབ་པ་སྟེ། གཉིས་ཀ་སྨོས་པ་ནི་རྣལ་འབྱོར་སྤྱོད་པ་ཡོངས་སུ་རྫོགས་པ་དང་། ལས་དང་པོ་པ་གཉིས་དང་མཐུན་པར་བསྟན་པའོ། །ཁམས་ཀྱི་སྒོ་དང་། ལུས་ཀྱི་རྗེས་སུ་ལྟ་བའི་
སྒོ་ནི་གོ་སླའོ། །མི་སྡུག་པའི་སྒོ་ལ་ནི་འགྲེས་དགུ་སྟེ། ཤི་ནས་ཞག་གཅིག་ལོན་པ་ནི་རྣམ་པར་བམ་པའོ། །ཤི་ནས་ཞག་གཉིས་ལོན་པ་ནི་རྣམ་པར་བསྔོས་པའོ། །ཤི་ནས་ཞག་གསུམ་ལོན་པའམ། ཤི་ནས་ཞག་བཞི་ལོན་པ་ནི་རྣམ་པར་རྣགས་པའོ། །ཤི་ནས་ཞག་ལྔ་
ལོན་པ་ནི་རྣམ་པར་འབུས་གཞིག་པ་སྟེ་འབུ་ཞུགས་ཞེས་བྱ་བའི་ཐ་ཚིག་གོ། །འདས་པའི་དུས་ཐམས་ཅད་ཀྱང་དེ་ལྟ་བུའི་ཆོས་ཅན་ནོ། །མ་འོངས་པ་ཡང་དེ་ལྟ་བུའི་རང་བཞིན་ཅན་ནོ། །ད་ལྟར་བྱུང་བ་ཡང་ཆོས་ཉིད་དེ་ལས་མ་འདས་པའོ། །ཟ་བ་ཞེས་བྱ་བའི་འགྲེས་དང་། རྣམ་
པར་ཟོས་པ་ཞེས་བྱ་བའི་འགྲེས་གཉིས་ནི་རྣམ་པར་ཟོས་པའི་མི་སྡུག་པ་སྟེ། ད་ལྟར་དང་འདས་པའི་བྱེ་བྲག་གིས་ཕྱེ་བའོ། །ཤ་དང་ཁྲག་ར་རི་ཆགས་པ་རྒྱུས་པས་བྲང་བྲེང་དུ་འབྲེལ་པ་ཞེས་བྱ་བའི་འགྲེས་དང་། གསུམ་ཆར་ཡང་མེད་པའི་འགྲེས་དང་། འགྲེས་དེ་
เล่ม ๙๓ · หน้า 127a
གཉིས་ནི་རྣམ་པར་དམར་བའི་མི་སྡུག་པའོ། །རུས་པ་ཀེང་རུས་ཟུངས་མེད་པ། གྱེས་པ་དུང་གི་མདོག་ལྟར་གྱུར་པ། ས་ལ་རྣམ་པར་འཐོར་བ་ཞེས་བྱ་བའི་འགྲེས་དང་། རྐང་པའི་རུས་པ་རྣམས་ཀྱང་གཞན་དུ་འཐོར། བྱིན་པའི་རུས་པ་རྣམས་ཀྱང་
གཞན་དུ་འཐོར་ཞེས་བྱ་བའི་འགྲེས་དང་། འགྲེས་དེ་གཉིས་ནི་རྣམ་པར་འཐོར་བའི་མི་སྡུག་པ་སྟེ། ཕྱོགས་གཅིག་ཏུ་འཐོར་བ་དང་། ཕྱོགས་ཐམས་ཅད་དུ་འཐོར་བ་ཞེས་བྱ་བ་དེ་ཙམ་གྱིས་དབྱེའོ། །འགྲེས་འོག་མ་གཉིས་ཀྱིས་རུས་གོང་གིས་མི་སྡུག་པ་སྟེ། ཁ་དོག་
མ་གྱུར་ཅིང་། རུས་པ་མ་གྲུགས་པ་དང་། ཁ་དོག་གྱུར་ལ་རུས་པ་གྲུགས་པ་ཞེས་བྱ་བ་དེ་ཙམ་གྱིས་དབྱེའོ། །དེ་ལྟར་རྣམ་པར་བམ་པ་དང་། རྣམ་པར་བསྔོས་པ་དང་། རྣམ་པར་རྣགས་པ་དང་། རྣམ་པར་འབུས་གཞིག་པ་དང་། རྣམ་པར་ཟོས་པ་དང་། རྣམ་པར་
དམར་བ་དང་། རྣམ་པར་འཐོར་བ་དང་། རུས་གོང་ཞེས་བྱ་བ་མི་སྡུག་པ་རྣམ་པ་བརྒྱད་ཡིན་ནོ། །རྣམ་པར་འབུས་གཞིག་པ་ཞེས་བྱ་བ་ནི་རྣམ་པར་འཚིག་པ་ཞེས་བྱ་བ་ཡང་དེ་ཉིད་དོ། །དེ་ལ་ཐམས་ཅད་ཀྱི་དང་པོ་ནི་མི་དམིགས་པར་ཡིད་ལ་བྱེད་པའོ། །རྣམ་པར་ཤེས་པ་
དང་བཅས་པའི་ལུས་ཀྱི་རྗེས་སུ་ལྟ་བ་ལྔ་དང་། རྣམ་པར་ཤེས་པ་མེད་པའི་མི་སྡུག་པ་བརྒྱད་དང་། རྣམ་པ་བཅུ་གསུམ་གྱིས་ལུས་དྲན་པ་ཉེ་བར་གཞག་པ་བཤད་དེ། འགྲེས་བཅོ་ལྔ་པའོ།། །།བམ་པོ་བཅུ་གཉིས་པ། གཉིས་པ་ལ་ཡང་དག་པར་སྤོང་བ་བཞི་
ཞེས་བྱ་བ་ནི་འདིས་སེམས་ཡང་དག་པར་འཇོག་པས་ན་ཡང་དག་པར་འཇོག་པ་ཞེས་བྱ་སྟེ་བརྩོན་འགྲུས་སོ། །བརྩོན་འགྲུས་དེ་ཡང་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཞིར་གྱུར་པས་ན་བཞི་ཞེས་བྱའོ། །འདུན་པ་བསྐྱེད་དོ་རྩོལ་ལོ་བརྩོན་འགྲུས་རྩོམ་མོ་སེམས་རབ་ཏུ་འཛིན་ཏོ་ཡང་དག་
པར་རབ་ཏུ་འཇོག་གོ་ཞེས་བྱ་བ་ནི། བརྩོན་འགྲུས་དེ་ཡང་རྣམ་པ་བཞིར་འགྱུར་ཏེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། མི་སྐྱེ་བའི་བརྩོན་འགྲུས་དང་། ཐབས་ཀྱི་བརྩོན་འགྲུས་སོ། །དང་པོར་འདི་ལྟར་བྱའོ་ཞེས་གོ་ཆ་བགོ་བར་བྱེད་དོ། །དེ་ནི་འདུན་
เล่ม ๙๓ · หน้า 127b
པ་བསྐྱེད་དོ་ཞེས་གསུངས་པའོ། །དེའི་འོག་ཏུ་གོ་ཆ་བགོས་པ་དང་རྗེས་སུ་མཐུན་པར་སྦྱོར་བ་རྩོམ་སྟེ། དེ་ནི་རྩོལ་ལོ་ཞེས་གསུངས་པའོ། །དེའི་འོག་ཏུ་ཚིགས་ཆེ་བར་གྱུར་ཀྱང་སྐྱོ་བ་མ་སྐྱེས་པར་བརྩོན་འགྲུས་ཉིད་འཕེལ་བར་བྱེད་དེ། དེ་ནི་བརྩོན་འགྲུས་རྩོམ་མོ་ཞེས་གསུངས་
པའོ། །དེའི་འོག་ཏུ་ཐབས་མ་ཡིན་པར་བསྒྲུབ་པ་ཡོངས་སུ་སྤངས་ནས་ཡང་དག་པའི་ཐབས་ལ་གནས་པར་བྱེད་དེ། དེ་ནི་སེམས་རབ་ཏུ་འཛིན་ནོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བ་འདི་གཉིས་ཀྱིས་བསྟན་ཏོ། །དེ་ལ་སེམས་བྱིང་བར་གྱུར་ན་རབ་ཏུ་འཛིན་པ་ཡིད་ལ་
བྱེད་པས་རབ་ཏུ་འཛིན་པས་ན་སེམས་རབ་ཏུ་འཛིན་པ་ཞེས་བྱའོ། །སེམས་རྒོད་པར་གྱུར་ན་མངོན་པར་སྡུད་པ་ཡིད་ལ་བྱེད་པས་ཡང་དག་པར་འཇོག་པ་ལ་ཡང་དག་པར་རབ་ཏུ་འཇོག་པ་ཞེས་བྱའོ། །གསུམ་པ་ལ། རྫུ་འཕྲུལ་གྱི་རྐང་པ་བཞི་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་
པའི་ཆོས་ཞེས་བྱ་བ་རྫུ་འཕྲུལ་གྱི་གཞི་དང་། གནས་སུ་གྱུར་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་སྟེ། དེ་དག་ཀྱང་འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པ་དང་བཞིའོ། །འདི་ལྟར་ལ་ལ་ནི་དགེ་བའི་ཆོས་སྒོམ་པ་ལ་འདོད་པ་ཆེར་སྐྱེད་པར་གྱུར་པ་ན་
དེ་འདུན་པའི་སྟོབས་འབའ་ཞིག་གིས་སྦྱོར་བར་གྱུར་པ། ལེགས་པར་ངེས་པར་སེམས་ཤིང་ཡིད་ལ་བྱེད་པ་གཞན་མེད་པས་སེམས་རྩེ་གཅིག་ཏུ་འགྱུར་ཏེ། དེའི་འདུན་པའི་དབང་གིས་བྱུང་བའི་ཏིང་ངེ་འཛིན་ལ་འདུན་པའི་ཏིང་འཛིན་ཞེས་བྱའོ། །ལ་ལ་ནི་ཡང་དག་པར་སྤོང་བ་
བཞིའི་བརྩོན་འགྲུས་ཀྱིས་རབ་ཏུ་སྦྱོར་བ་ན་དགེ་བ་ལ་འཇོག་པའི་བརྩོན་འགྲུས་ཀྱིས་རབ་ཏུ་སྦྱོར་ཞིང་། མི་དགེ་བ་སྤོང་བ་དང་། དགེ་བ་སྐྱེད་པ་ལ་རབ་ཏུ་ཞུགས་པ་ན་སེམས་རྩེ་གཅིག་ཏུ་གྱུར་ཏེ། དེའི་བརྩོན་འགྲུས་ཀྱི་དབང་གིས་བྱུང་བའི་ཏིང་ངེ་འཛིན་ལ་བརྩོན་འགྲུས་ཀྱི་ཏིང་ངེ་
འཛིན་ཞེས་བྱའོ། །ལ་ལ་ནི་སེམས་སྦྱོང་བ་ལ་ཞུགས་པ་ན་ཞི་གནས་དང་རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་རྒྱུ་མཚན་རྣམས་ཀྱིས་སེམས་ཡང་དག་པར་འཇོག་པ་ལ་སེམས་སྦྱོང་བའི་སྟོབས་ཀྱིས་སེམས་རྩེ་གཅིག་ཏུ་གནས་པར་གྱུར་ཏེ། དེའི་སེམས་ཀྱི་དབང་གིས་བྱུང་
เล่ม ๙๓ · หน้า 128a
བའི་ཏིང་ངེ་འཛིན་ལ་སེམས་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །ལ་ལ་ནི་གང་གི་ཚེ་ཡང་དག་པར་སྦྱོར་བ་ན་ཚུལ་བཞིན་མ་ཡིན་པ་སྤང་བ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཀུན་ནས་དཀྲིས་པ་རྣམས་མི་སྐྱེ་བ་དང་། ཀུན་ནས་དཀྲིས་པའི་གཉེན་
པོའི་ཆོས་རྣམས་གོམས་པར་བྱས་པས་སྡིག་པ་མི་དགེ་བའི་ཆོས་རྣམས་ཀུན་ཏུ་མི་སྤྱོད་པར་འགྱུར་ཏེ། དེའི་ཚེ་དེ་འདི་སྙམ་དུ་སེམས་སོ། །ཅི་བདག་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་ཀུན་ཏུ་མི་སྤྱོད་དམ་སྙམ་དུ་སེམས་པ་དེའི་ཚེ་ན་ཡང་དེ་འདི་སྙམ་དུ་སེམས་ཏེ། ཅི་སྡིག་པ་མི་དགེ་
བའི་ཆོས་རྣམས་ཡོད་པ་ལ། བདག་ཀུན་ཏུ་མི་སྤྱོད་པར་གྱུར་ཏམ། འོན་ཏེ་མེད་པ་ཉིད་ལ་ཀུན་ཏུ་མི་སྤྱོད་པར་གྱུར་སྙམ་པ་དེ་བདག་གིས་ཡོངས་སུ་དཔྱད་པར་བྱའོ་སྙམ་ནས་དཔྱོད་པ་ཡིད་ལ་བྱེད་པ་བསྐྱེད་དེ། ཡང་དག་པར་སེམས་པར་འགྱུར་ཏེ། དེ་དཔྱོད་པ་ཡིད་ལ་བྱེད་པ་དེའི་
དབང་དུ་བྱས་ནས་རྩོལ་བ་ན་ཏིང་ངེ་འཛིན་སྐྱེས་པ་དེ་དཔྱོད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལྟར་ཏིང་ངེ་འཛིན་རྣམ་པ་བཞི་བྱུང་ཞིང་ཀུན་ནས་དཀྲིས་པ་ཐག་རིང་དུ་གྱུར་ནས་བག་ལ་ཉལ་བ་རྣམས་སྤང་བའི་ཕྱིར་གོང་དུ་ཡང་དག་པའི་སྤོང་བ་བཞི་པོ་དག་གིས་བརྩོན་འགྲུས་རྩོམ་སྟེ། དེ་
བརྩོན་འགྲུས་རྩོམ་པ་ན་སྤོང་བའི་འདུ་བྱེད་ཀྱི་ཆོས་བརྒྱད་མངོན་དུ་འགྱུར་ཏེ། ནམ་ཞིག་ན་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པ་བསྐྱེད་པར་བྱ་སྙམ་དུ་སེམས་པའི་འདུན་པ་དང་། མི་དགེ་བའི་ཆོས་ཐམས་ཅད་ངེས་པར་འཇོམས་པའི་བརྩོན་འགྲུས་
དང་། གོང་དུ་ཐོབ་པའི་ཆོས་ལ་དད་པ་དང་། དེ་སྔོན་དུ་བཏང་བའི་ཤིན་ཏུ་སྦྱངས་པ་དང་། དེ་ལ་དྲན་པ་དང་ཤེས་བཞིན་གྱི་ཕྱོགས་དང་། ལྷག་མཐོང་གི་ཕྱོགས་ཀྱི་ཤེས་བཞིན་དང་། དེ་ལ་སེམས་མངོན་པར་འདུ་བྱེད་པའི་སེམས་དང་། སེམས་ཀུན་ནས་ཉམས་པ་
མེད་པའི་བདག་ཉིད་ཀྱི་བཏང་སྙོམས་རྣམས་ཏེ་སྔར་སྨོས་པའི་འདུན་པའི་ཏིང་ངེ་འཛིན་དང་། འདུན་པ་དང་། བརྩོན་འགྲུས་དང་། དད་པ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་ཞེས་བྱ་བ་སྤོང་བའི་འདུ་བྱེད་
เล่ม ๙๓ · หน้า 128b
བརྒྱད་པོ་འདི་དག་དང་ལྡན་པར་འཇིག་རྟེན་ལས་འདས་པའི་རྫུ་འཕྲུལ་གྱི་རྐང་པར་འགྱུར་བའི་ཏིང་ངེ་འཛིན་སྒོམ་མོ་ཞེས་བྱ་བའི་ཐ་ཚིག་གོ། །དབེན་པ་ལ་གནས་པ་ཞེས་བྱ་བ་ནི་ཉོན་མོངས་པ་དག་ལས་དབེན་པའོ། །སྲིད་པ་ལས་འདོད་ཆགས་དང་བྲལ་བའོ། །སྡུག་བསྔལ་འགོག་
པའོ། །ཕུང་པོ་ཐམས་ཅད་རྣམ་པར་སྤོང་བའོ། །ཡང་ན་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པའི་ཕྱིར་དབེན་པ་ལ་གནས་པའོ། །ཀུན་འབྱུང་བའི་བདེན་པ་སྤང་བའི་ཕྱིར། འདོད་ཆགས་དང་བྲལ་བ་ལ་གནས་པའོ། །འགོག་པའི་བདེན་པ་མངོན་སུམ་དུ་བྱས་པའི་ཕྱིར།
འགོག་པ་ལ་གནས་པའོ། །ལམ་གྱི་བདེན་པ་བསྒོམ་པའི་ཕྱིར། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་ཞེས་སྦྱར་བར་བྱའོ། །ཡང་ན་ཚུལ་ཁྲིམས་ཀྱི་ཕུང་པོས་ནི་དབེན་པ་ལ་གནས་པའོ། །ཏིང་ངེ་འཛིན་གྱི་ཕུང་པོས་ནི་འདོད་ཆགས་དང་བྲལ་བ་ལ་གནས་པའོ། །
ཤེས་རབ་ཀྱི་ཕུང་པོས་འགོག་པ་ལ་གནས་པའོ། །རྣམ་པར་གྲོལ་བའི་ཕུང་པོས་ནི་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བའོ། །བཞི་པ་ལ་ནི་དེ་ལྟར་བདག་པོ་བཞི་པོ་དག་གིས་ཡང་དག་པར་སྦྱོར་བ་ཁྱད་པར་གྱི་ཆོས་འབྱུང་བའི་རྟགས་མཐོང་བས་གོང་དུ་ཁྱད་པར་གྱི་ཆོས་
འབྱུང་བ་ལ་ངེས་པ་སྐྱེ་སྟེ། དེའི་ཚེ་རྣལ་འབྱོར་པ་དེ་སྟོན་པ་དང་། ཉན་ཐོས་རྣམས་ཀྱི་ཐོབ་པ་ལ་ཡིད་ཆེས་པ་སྐྱེའོ། །དེ་དེ་ལྟར་ཡིད་ཆེས་པ་ན་གོང་དུ་འཇིག་རྟེན་ལས་འདས་པའི་ཆོས་འབྱུང་བ་ལ་དབང་བྱེད་པས་དད་པའི་དབང་པོ་ཞེས་བྱའོ། །དད་པའི་སྟོབས་ཀྱིས་ཀྱང་བརྩོན་
འགྲུས་ཤིན་ཏུ་ལྷག་པར་སྐྱེ་སྟེ། དེ་ཡང་དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཆོས་འབྱུང་བ་ལ་དབང་བྱེད་པས་བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱའོ། །དྲན་པ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ལྔ་པ་ལ་ནི་དེ་ལྟར་དད་པ་དེ་ཉིད་མངོན་པར་འཕེལ་བས་ལྷའམ་བདུད་
དམ། ཚངས་པ་ཡང་རུང་། གང་གིས་ཀྱང་ཆོས་དང་མཐུན་པས་ཐུབ་པར་མ་ནུས་ཤིང་ཉོན་མོངས་པ་ཀུན་ནས་དཀྲིས་པས་ཀྱང་མི་ཚུགས་པར་གྱུར་པ་དེའི་ཚེ་དེ་ཉིད་ལ་དད་པའི་སྟོབས་ཞེས་བྱའོ། །གོང་དུ་སྨོས་པ་དེ་དག་ཉིད་ཀྱིས་མི་བརྫི་བའི་ཕྱིར་དེ་བཞིན་དུ་བརྩོན་འགྲུས་
เล่ม ๙๓ · หน้า 129a
ལ་སོགས་པ་ཡང་ཐུབ་དཀའ་བར་འགྱུར་རོ། །སྟོབས་དེ་དག་གིས་རྣལ་འབྱོར་པ་དེ་སྟོབས་དང་ལྡན་པས་བདུད་ཀྱི་སྟོབས་ཐམས་ཅད་ལས་རྒྱལ་ནས་རབ་ཏུ་སྦྱོར་ཏེ། དེ་བས་ན་སྟོབས་རྣམས་ཞེས་བྱའོ། །དད་པའི་དབང་པོ་ལ་སོགས་པ་ལྔ་པོ་དེ་
དག་ཉིད་བསྒོམས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བཞིར་འགྱུར་ཏེ། དྲོ་བར་གྱུར་པ་དང་། རྩེ་མོ་དང་། བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་གོ། །དེ་ལ་དྲོ་བར་གྱུར་པ་དང་། རྩེ་མོའི་གནས་སྐབས་ན་ནི་དབང་པོ་ཞེས་བྱའོ། །བཟོད་
པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས་ན་ནི་སྟོབས་རྣམས་ཞེས་བྱའོ། །དེ་ལ་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱ་བའི་ལྔ་པོ་རྣམས་ཤིན་ཏུ་ཡོངས་སུ་འཕེལ་ན་དེ་མ་ཐག་ཏུ་མཐོང་བའི་ལམ་ལ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་ཡན་ལག་ཏུ་འགྱུར་བས།
བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བའི་ཆོས་བདུན་འབྱུང་སྟེ། ཆོས་རྣམ་པར་འབྱེད་པ་དང་བརྩོན་འགྲུས་དང་། དགའ་བ་ཞེས་བྱ་བ་འདི་གསུམ་ནི་ལྷག་མཐོང་གི་ཕྱོགས་སོ། །ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ནི་ཞི་གནས་ཀྱི་ཕྱོགས་སོ། །དྲན་པ་ནི་
གཉི་གའི་ཕྱོགས་སོ། །དེས་ཀྱང་དེ་དག་ཐོབ་པས་བདག་གི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་རྣམས་ནི་སྤངས་པར་མཐོང་ཞིང་། བསྒོམས་པས་སྤང་བར་བྱ་བ་རྣམས་ནི་མ་སྤངས་པར་མཐོང་ནས་དེ་དག་སྤང་བའི་ཕྱིར། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཕུང་པོ་གསུམ་
བསྒོམ་མོ། །དེ་ལ་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་རྣམས་ནི་ཤེས་རབ་ཀྱི་ཕུང་པོའོ། །ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་པ་དང་། ཡང་
དག་པའི་ཏིང་ངེ་འཛིན་གཉིས་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །ཡན་ལག་བརྒྱད་ཀྱིས་བསྡུས་པའི་ལམ་དེ་ཡང་འཕགས་པ་སློབ་པ་རྣམས་ཀྱི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། རྣམ་པར་གྲོལ་བ་མངོན་སུམ་དུ་བྱ་བའི་ལམ་ཡིན་པའི་ཕྱིར། འཕགས་པའི་ལམ་ཡན་ལག་བརྒྱད་པ་
เล่ม ๙๓ · หน้า 129b
ཞེས་བྱ་སྟེ། དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ཐེག་པ་ཆེན་པོ་བསྟན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་གསུམ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་
འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ནི་དེ་ལ་བྱིས་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་གང་ཡིན་པའི་མཚན་ཉིད་དེ་དང་བྲལ་བ་ཡོངས་སུ་གྲུབ་པའི་མཚན་ཉིད་བརྗོད་དུ་མེད་ཅིང་། སྟོང་པའི་རྣམ་པར་ཡང་
དག་པར་རྗེས་སུ་མཐོང་བའི་སེམས་རྩེ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཡོངས་སུ་གྲུབ་པའི་དངོས་པོ་གང་ཡིན་པ་དེ་ཉིད་ཡོངས་སུ་རྟོག་པ་དང་། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཀྱི་མཚན་མའི་རྣམ་པ་དང་བྲལ་བ་ནམ་མཁའ་བཞིན་དུ་མཚན་
མ་མེད་པའི་རྣམ་པར་ཞི་བ་ཉིད་དུ་ཡིད་ལ་བྱེད་པའི་སེམས་རྩེ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །ཡང་གཞན་གྱི་དབང་གིས་ཡོངས་སུ་གྲུབ་པའི་དངོས་པོ་དེ་ཉིད་བཟུང་ནས། དེ་ལྟར་ཤིན་ཏུ་ཡོངས་སུ་དག་པའི་དངོས་པོ་ལ་གཞན་གྱི་དབང་གིས་
ཡོངས་སུ་རྟོག་པའི་སྤྲོས་པ་ལས་བྱུང་བའི་ཉོན་མོངས་པ་རྣམས་ཀྱིས་ཉེ་བར་ཉོན་མོངས་པ་ནི་སྨད་པ་ཡིན་ནོ་སྙམ་ནས་དེ་ལ་མི་མཐུན་པར་འདུ་ཤེས་ཏེ། ཕྱིན་ཆད་ཁམས་གསུམ་པ་དེ་ལ་མི་སྨོན་ཅིང་གནས་པར་མི་བྱའོ་སྙམ་དུ་བསམས་ནས། དེ་ལྟར་ཡིད་ལ་བྱེད་པའི་སེམས་རྩེ་གཅིག་
ཏུ་གྱུར་པ་གང་ཡིན་པ་དེ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ཀུན་བརྟགས་པ་རྣམས་མཚན་ཉིད་མེད་པར་མཐོང་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཡོངས་སུ་གྲུབ་པ་ལ་ཞི་བའི་མཚན་ཉིད་དུ་མཐོང་བ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །གཞན་གྱི་དབང་ལ་མི་
མཐུན་པར་མཐོང་བ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ཀུན་བརྟགས་པའི་མཚན་ཉིད་རྣམས་ཤིན་ཏུ་མེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་དུ་སོ་སོར་རྟོག་པའི་ཚེ། སེམས་གནས་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྟེ།
เล่ม ๙๓ · หน้า 130a
འདི་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱའོ་ཞེས་གསུངས་སོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་མཚན་མ་མེད་པའི་མཚན་ཉིད་ཡིན་པས། ཆོས་ཐམས་ཅད་མཚན་མ་མེད་པར་སོ་སོར་རྟོག་པའི་ཚེ། སེམས་གནས་པ་གང་ཡིན་པ་ནི་
མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་སྟེ། འདི་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ་ཞེས་གསུངས་སོ། །ཆོས་ཉིད་རང་བཞིན་གྱིས་ཡོངས་སུ་དག་པ་ལ་གློ་བུར་གྱི་ཉོན་མོངས་པ་ལ་སོགས་པའི་རྒྱུས་ཡོད་པ་མ་ཡིན་པ་ལ་མངོན་པར་འདུ་བྱེད་པ། བསོད་ནམས་དང་། བསོད་
ནམས་མ་ཡིན་པ་དང་། མི་གཡོ་བའི་མཚན་ཉིད་གང་ཡིན་པ་དེ་དོན་དམ་པར་མེད་པའི་ཕྱིར། ཆོས་ཐམས་ཅད་མངོན་པར་འདུ་བྱེད་པ་མེད་པས། ཆོས་ཐམས་ཅད་མངོན་པར་འདུ་བྱེད་པ་མེད་དོ་ཞེས་སོ་སོར་རྟོག་པའི་ཚེ། སེམས་གནས་པ་གང་ཡིན་པ་ནི་སྨོན་པ་མེད་པའི་རྣམ་པར་
ཐར་པའི་སྒོ་སྟེ་འདི་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ་ཞེས་གསུངས་སོ། །ཤེས་པའི་ཐེག་པ་ཆེན་པོ་ལ་ཤེས་པ་བཅུ་གཅིག་པོ་རྣམས་ནི་ཐེག་པ་ཆེན་པོ་སྟེ། དེ་ལ་འདི་ནི་སྡུག་བསྔལ་ལོ། །འདི་ལྟར་སྡུག་བསྔལ་ཀུན་འབྱུང་ངོ་། །འདི་ལྟར་སྡུག་བསྔལ་འགོག་
པའོ། །འདི་ལྟར་སྡུག་བསྔལ་ཕྱིས་མི་སྐྱེའོ་ཞེས་བྱ་བ་ནི་སྡུག་བསྔལ་ཤེས་པའོ། །རྣམ་པ་བཞིར་གྱུར་དུ་ཟིན་ཀྱང་ཐ་མ་བཟུང་ནས། ཕྱི་མ་ལ་སྡུག་བསྔལ་མི་སྐྱེ་ཞིང་རྒྱུན་ཆད་དོ་ཞེས་དེ་ལྟར་ཞུགས་པའི་ཤེས་པ་ལ། འདིར་སྡུག་བསྔལ་ཤེས་པ་ཞེས་བྱ་སྟེ། དེ་བས་ན་
གང་སྡུག་བསྔལ་མི་སྐྱེ་བར་ཤེས་པའོ་ཞེས་གསུངས་སོ། །ཀུན་འབྱུང་བ་སྤངས་པར་ཤེས་པའོ་ཞེས་བྱ་བ་ནི་ཀུན་འབྱུང་བའི་བདག་ཉིད་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་ལས་རྣམས་སྤངས་པར་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་སྡུག་བསྔལ་འགོག་པར་
ཤེས་པའོ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ཟད་པར་ཤེས་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པའོ་ཞེས་བྱ་བ་ནི་ལམ་འདི་དང་རྟོགས་པ་འདིས་སྡུག་བསྔལ་འགགས་པས་སྡུག་བསྔལ་འགོག་པའི་རྒྱུ་ཤེས་པའོ། །གང་འདོད་ཆགས་དང་། ཞེ་
เล่ม ๙๓ · หน้า 130b
སྡང་དང་གཏི་མུག་ཟད་པར་ཤེས་པ་ཞེས་བྱ་བ་ནི་བྱས་པ་སྲུང་བ་ཅན་གྱི་ས་ལ་སྟེ། དེ་ལ་ཤེས་པ་ནི་མངོན་སུམ་གྱི་ཤེས་པའོ། །སྲིད་པའི་འགྲོ་བ་མི་སྐྱེ་བར་ཤེས་པ་གང་ཡིན་པ་ཞེས་བྱ་བ་ནི་སྲིད་པའི་འགྲོ་བར་སྐྱེ་བ་མེད་པར་རྣམ་པར་ཤེས་པ་སྟེ། མི་སྐྱེ་བ་ཤེས་པ་ནི་རྗེས་སུ་དག་པའི་
ཤེས་པའོ། །རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པས། དེ་ལ་དམིགས་པ་ནི་ཆོས་ཤེས་པ་ཞེས་བྱའོ། །མི་རྟག་པ་ལ་སོགས་པ་ནི་རྗེས་སུ་དཔག་པ་ཡིན་པའི་ཕྱིར་དེ་ལ་དམིགས་པའི་ཤེས་པ་ནི་རྗེས་སུ་རྟོགས་པའི་ཤེས་པ་ཞེས་བྱའོ། །ཁ་ཅིག་ཁོ་ནར་ཀུན་བརྟགས་
པ་ལ་དམིགས་པའི་ཕྱིར་ཕ་རོལ་གྱི་སེམས་ཤེས་པ་ལ་ཀུན་རྫོབ་ཤེས་པ་ཞེས་བྱའོ། །ཡོངས་སུ་འདྲིས་པ་ཤེས་པ་ཞེས་བྱ་བ་ལ་ཡོངས་སུ་འདྲིས་པ་ནི་གོམས་པར་བྱེད་པ་སྟེ། སྒོམ་པ་ཞེས་བྱ་བ་དང་དོན་གཅིག་གོ། །ཡོངས་སུ་འདྲིས་པ་ཡང་སྡིག་པ་མི་དགེ་བའི་ཆོས་
རྣམས་ཐམས་ཅད་དུ་ཟིལ་གྱིས་གནོན་ཞེས་བྱ་བ་དང་དོན་གཅིག་གོ། །དེ་ལ་དོན་སྔ་མའི་རྣམ་པར་རྟོག་པ་ལ་ཡང་དག་པར་སྒྲུབ་པ་ཤེས་པ་ནི་ཡོངས་སུ་འདྲིས་པ་ཞེས་བྱའོ། །དོན་གཉིས་པའི་རྣམ་པར་རྟོག་པ་ལ་སྡིག་པ་ཐམས་ཅད་ཟིལ་གྱིས་མནན་ཅིང་ཟད་པར་བྱས་པར་ཤེས་
པ་ནི་ཡོངས་སུ་འདྲིས་པ་ཤེས་པ་སྟེ། དེའི་ཕྱིར་ལམ་ཤེས་པ་དང་། ཡོངས་སུ་ཟད་པ་ཤེས་པའོ་ཞེས་བྱ་བ་གསུངས་སོ། །དེ་ལ་རྣམ་པ་སྔ་མ་ཡོངས་སུ་འདྲིས་པ་ཤེས་པ་འོག་མའི་བཤད་པ་མདོར་བསྡུ་སྟེ་འདི་ཉིད་དུ་བསྟན་པས་ཡང་མ་བཤད་དོ། །སྒྲ་ཇི་བཞིན་ཤེས་པ་གང་
ཞེ་ན་དེ་བཞིན་གཤེགས་པས་སྒྲ་ཐམས་ཅད་མཁྱེན་པ་སྟེ་ཞེས་བྱ་བ་ལ། སྒྲ་ནི་བརྗོད་པ་སྟེ། འདུ་ཤེས་དང་བརྟགས་པ་ཞེས་བྱ་བ་ནི་རྣམ་གྲངས་ཏེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་མི་དང་ལྷ་ལ་སོགས་པའི་སྐད་གང་ཡིན་པ་དང་། བརྗོད་པ་གང་ཡིན་པ་དེ་དག་
ཐམས་ཅད་རྟོག་པ་ལ་སྒྲ་ཇི་བཞིན་ཤེས་པ་ཞེས་བྱའོ། །དབང་པོ་གསུམ་ཞེས་བྱ་བ་ནི་དབང་པོ་གསུམ་པོ་དག་ཐེག་པ་ཆེན་པོ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་རྣམ་པར་བྱང་བའི་ཆོས་རྣམས་ལ་དབང་བྱེད་པ་རྣམ་པར་གནས་པའི་ཕྱིར་རོ། །ཀུན་ཤེས་པར་
เล่ม ๙๓ · หน้า 131a
བྱེད་པའི་དབང་པོ་ནི་མཐོང་བའི་ལམ་ལའོ། །ཀུན་ཤེས་པའི་དབང་པོ་ནི་གཉིས་ཀ་ལའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་མི་སློབ་པའི་ལམ་ལའོ། །སྣང་བ་མེད་པ་དྲེགས་པ་འདུལ་བ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་དེ་བཞིན་ཉིད་མ་གཏོགས་པར་བྱང་
ཆུབ་སེམས་དཔའ་རྣམས་ལ་ཆོས་ཐམས་ཅད་སྣང་བར་མི་འགྱུར་བ་དེའི་ཕྱིར་སྣང་བ་མེད་པ་ཞེས་བྱའོ། །ཉོན་མོངས་པ་སྤང་བའི་ཕྱིར་དྲེགས་པ་འདུལ་བ་ཞེས་བྱའོ། །རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་ལ་སོགས་པ་ལ། ཏིང་ངེ་འཛིན་གསུམ་ནི་སེམས་ཀྱི་རྒྱུ་བ་རགས་པ་
ཉིད་དང་། འབྲིང་དང་། ཕྲ་མོ་རྣམས་རྟོགས་པར་བྱ་བའི་ཕྱིར་ཏེ། རྟོག་པ་དང་བཅས་ཤིང་། དཔྱོད་པ་དང་བཅས་པ་ནི་ཆེན་པོའོ། །རྟོག་པ་མེད་ལ་དཔྱོད་པ་དང་བཅས་པ་ནི་འབྲིང་ངོ་། །རྟོག་པ་མེད་ཅིང་དཔྱོད་པ་མེད་པ་ནི་ཕྲ་མོའོ། །རྗེས་སུ་དྲན་པ་དང་། བསམ་
གཏན་དང་། ཚད་མེད་པ་ལ་སོགས་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། བསྡུ་བ་དང་། དབང་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་ལ་སོགས་པའི་ཕྱིར་རོ། །དེ་ལ་ཚད་མེད་པ་བཞི་ཞེས་བྱ་བ་ནི། སེམས་ཅན་ཚད་མེད་པ་
ལ་དམིགས་པ་དང་། ཚོགས་ཚད་མེད་པའི་རྒྱུར་གྱུར་པ་དང་། ཆོས་ཚད་མེད་པ་ཐོབ་པའི་རྒྱུར་གྱུར་པ་དང་། ཡེ་ཤེས་ཚད་མེད་པའི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར་ཚད་མེད་པ་ཞེས་བྱའོ། །དེ་ལ་བྱམས་པ་ནི་རྣམ་པ་གསུམ་སྟེ། མོས་པས་སྤྱོད་པའི་ས་ལ་ནི་སེམས་ཅན་ལ་
དམིགས་པའོ། །ས་དང་པོ་ནས་ས་བདུན་པའི་བར་དུ་ནི་དེ་བཞིན་ཉིད་ལ་དམིགས་པའོ། །ས་བརྒྱད་པ་ཡན་ཆད་ནི་དམིགས་པ་མེད་པའོ། །སྙིང་རྗེ་ལ་ཡང་རྣམ་པ་གསུམ་སྟེ། སེམས་ཅན་སྡུག་བསྔལ་བ་ལ་དམིགས་པ་དང་། ཉེས་པར་སྤྱོད་པ་མང་བའི་སེམས་ཅན་ལ་
དམིགས་པ་དང་། རྐྱེན་དང་མི་ལྡན་པས་རྣམ་པར་མ་གྲོལ་བའི་སེམས་ཅན་ལ་དམིགས་པའོ། །དགའ་བ་ཡང་རྣམ་པ་གསུམ་སྟེ། བདེ་བའི་སེམས་ཅན་ལ་དམིགས་པ་དང་། བདག་གི་ཚོགས་ཡོངས་སུ་རྫོགས་པ་ལ་དམིགས་པ་དང་། དམ་པའི་ཆོས་ཀྱི་རོ་མྱང་བ་ལ་
เล่ม ๙๓ · หน้า 131b
དམིགས་པའོ། །བཏང་སྙོམས་ལ་ཡང་རྣམ་པ་གསུམ་སྟེ། སེམས་ཅན་གྱི་དོན་སྤྱད་པ་དག་ལ་སྐལ་བ་ཡོད་པ་དང་། སྐལ་བ་མེད་པ་ལ་དམིགས་པ་དང་། རྙེད་པ་དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་རྣམས་ལ་མཉམ་པ་ཉིད་དུ་དམིགས་པ་དང་། ཚོགས་ཡོངས་སུ་
རྫོགས་པར་བྱ་བ་ལ་དུས་དང་དུས་མ་ཡིན་པ་ལ་དམིགས་པའོ། །དེ་ལ་བྱམས་པ་དང་ལྡན་པའི་སེམས་ཞེས་བྱ་བས་ནི་ཡོན་ཏན་ཅན་བསྟན་ཏོ། །ཡངས་པ་ཞེས་བྱ་བ་ལ་སོགས་པས་ནི་ཡོན་ཏན་ཉིད་བསྟན་པའོ། །ཡོན་ཏན་ཅན་ཡང་རྣམ་པ་གསུམ་སྟེ། ཆེ་བ་ཉིད་དང་། གཅིག་
པའི་བདག་ཉིད་དང་། གནོད་པ་སྤོང་བའོ། །ཆེ་བ་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། བསམ་པ་དང་། འཕེལ་བ་དང་། དམིགས་པས་སོ། །དེ་ལ་བསམ་པས་ཆེ་བ་ནི་ཡངས་པ་ཞེས་གསུངས་པའོ། །འཕེལ་བས་ཆེ་བ་ནི་རྒྱ་ཆེན་པོར་གྱུར་པ་ཞེས་གསུངས་
པའོ། །དམིགས་པས་ཆེ་བ་ནི་སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་ཚད་མེད་པ་ཞེས་གསུངས་པའོ། །རྣམ་པར་མི་རྟོག་པ་དང་། བྱམས་པའི་རྣམ་པར་གཅིག་པའི་ཕྱིར་བདག་ཉིད་གཅིག་པ་ནི་མི་གཉིས་པ་ཞེས་གསུངས་པའོ། །རྣམ་པར་འཚེ་བའི་གཉེན་པོར་
གྱུར་པའི་ཕྱིར་ནང་གི་ཆོས་ལས་གྱུར་པའི་གནོད་པ་མེད་པ་ནི་ཁོན་མེད་པ་ཞེས་གསུངས་པའོ། །ཕྱི་རོལ་གྱི་སེམས་ཅན་གྱིས་བྱས་པའི་གནོད་པ་མེད་པ་ནི་འགྲན་ཟླ་མེད་པ་ཞེས་གསུངས་པའོ། །ཕྱི་རོལ་དང་འདུ་བྱེད་ལས་གྱུར་པའི་གནོད་པ་མེད་པ་ནི་གནོད་པ་མེད་པ་ཞེས་གསུངས་པ་
སྟེ། འདོད་ཆགས་དང་། དུག་དང་། མེ་ལ་སོགས་པའི་གནོད་པ་མེད་པའི་ཕྱིར་རོ། །བསམ་གཏན་བཞི་ཞེས་བྱ་བ་དེ་ལ། འདོད་པ་དག་ལས་དབེན་ཞེས་བྱ་བ་ནི་ཉོན་མོངས་པའི་འདོད་པ་དང་། དངོས་པོ་ལ་འདོད་པ་དག་ལས་དབེན་པ་སྟེ། མཚུངས་པར་ལྡན་པ་ལས་དབེན་
པ་དང་། དམིགས་པ་ལས་དབེན་པའི་ཕྱིར་རོ། །སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བ་ནི་གང་དག་ཉོན་མོངས་པའི་འདོད་པའི་རྒྱུ་ལས་བྱུང་བའི་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པར་གཏོགས་པ། ཆད་པས་གཅོད་པ་དང་། མཚོན་གྱིས་འདེབས་པ་
เล่ม ๙๓ · หน้า 132a
དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། གཡོའི་ཚིག་དང་། གནོད་པ་དང་། བརྫུན་དུ་སྨྲ་བ་ལ་སོགས་པ་དེ་དག་ལས་དབེན་པའོ། །རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དག་སྐྱོན་དུ་མ་མཐོང་བས། འདོད་པའི་གཉེན་པོ་དེ་
གཉིས་དང་མཚུངས་པར་ལྡན་པ་འདོད་པ་ལས་དབེན་པའམ། སྒྲིབ་པ་ལས་དབེན་པ་སྐྱེས་པའི་ཕྱིར་དབེན་པ་ལས་སྐྱེས་པའོ། །འདོད་པའི་དོན་རྙེད་ནས་གནས་ངན་ལེན་ཐམས་ཅད་དང་བྲལ་བས་ལུས་དང་སེམས་ཤིན་ཏུ་སྦྱངས་ཏེ། ལས་སུ་རུང་བའི་ཕྱིར་དགའ་བ་དང་བདེ་བ་
དང་ལྡན་པའོ། །བསམ་གཏན་གཉིས་པ་ལ་ནི་རྣམ་པར་རྟོག་པ་དང་བཅས་རྣམ་པར་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གྱི་མཚན་མ་དག་ལ་སྐྱོན་དུ་མཐོང་ནས་དེ་ལས་སེམས་བཟློག་ཏེ། རྣམ་པར་རྟོག་པ་མེད་པ་དང་རྣམ་པར་དཔྱོད་པ་མེད་པའི་ཏིང་ངེ་འཛིན་གྱི་མཚན་མ་ལ་
སེམས་ཉེ་བར་འདོགས་ཤིང་གཡེང་བར་སྤྱོད་པའི་དམིགས་པ་དང་བྲལ་བར་བྱས་ནས་སེམས་རྩེ་གཅིག་ཏུ་སྤྱོད་པའི་དམིགས་པ་ལ་ཚུལ་གཅིག་པས་ཞི་བ་དང་རབ་ཏུ་དང་བའི་སེམས་སུ་འཇོག་གོ། །དེ་བས་ན་དེ་རྟོག་པ་དང་། དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ་ཞེས་
བྱ་བ་གསུངས་སོ། །དེ་དེ་ལྟར་སེམས་ཉེ་བར་འཇོག་པས་རྣམ་པར་རྟོག་པ་དང་བཅས། རྣམ་པར་དཔྱོད་པ་དང་བཅས་པས་གླགས་དང་བཅས་ཤིང་། བར་ཆད་དང་བཅས་པའི་གནས་སྐབས་ལས་འདས་ནས་བསྒོམ་པ་གོམས་པས་གླགས་མེད་ཅིང་བར་ཆད་མེད་པའི་གནས་
སྐབས་ཐོབ་པར་འགྱུར་ཏེ། དེ་བས་ན་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་ས་ཞེས་བྱ་བ་གསུངས་སོ། །རྣམ་པར་རྟོག་པ་དང་བཅས་ཤིང་རྣམ་པར་དཔྱོད་པ་དང་བཅས་པ་ཐམས་ཅད་ཀྱིས་ཐམས་ཅད་དུ་སྤངས་པས་རྟོག་པ་མེད་པ་དཔྱོད་པ་མེད་པའོ། །བསམ་གཏན་གསུམ་པ་
ལ། དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་། ཤེས་བཞིན་ཅན་ཡིན་ཏེ་བདེ་བ་ལུས་ཀྱིས་མྱོང་ལ་ཞེས་བྱ་བ་ལ་བཏང་སྙོམས་སུ་གནས་པ་དང་། བདེ་བ་མྱོང་བ་དག་འགལ་ལོ་སྙམ་དུ་སེམས་པ་ལ། དེ་གཉིས་མི་འགལ་བར་སྒྲུབ་
เล่ม ๙๓ · หน้า 132b
པ་སྟོན་ཏེ། བསམ་གཏན་པ་དེ་རྣམ་པར་རྟོག་པ་དང་བཅས། རྣམ་པར་དཔྱོད་པ་དང་བཅས་པ་དེ་དག་དང་། དགའ་བ་ཡང་སྤངས་པས། བར་ཆད་མེད་པར་བཏང་སྙོམས་དང་ལྡན་པར་གནས་སོ། །དེ་ཡང་དགའ་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་རྣམས་ཀྱི་གོ་སྐབས་མི་
དབྱེ་བའི་ཕྱིར་དྲན་པ་ཉེ་བར་གནས་པ་ཡིན་ནོ། །སྐྱེས་པ་རྣམས་ཀྱང་ནམ་ཡང་ཇི་ལྟར་ཡང་དང་ཡང་དུ་མི་བླང་བའི་ཕྱིར་ཤེས་རབ་ཀྱིས་མང་དུ་གནས་སོ། །དེ་བས་ན་དྲན་པ་དང་ལྡན་ཞིང་ཤེས་བཞིན་ཅན་ཞེས་བྱའོ། །དེ་ལྟར་བཏང་སྙོམས་ལ་མང་དུ་གནས་པ་དེ་སེམས་གཡེང་བར་བྱེད་པའི་
དགའ་བ་དང་ལྡན་པའི་ཚོར་བ་སྤངས་ནས། དགའ་བ་མེད་པ་ཞི་བ་རབ་ཏུ་ཞི་བའི་ཚོར་བ་སྐྱེ་སྟེ། དེ་ཡང་དེའི་ཚེ་གཟུགས་ཀྱི་ལུས་དང་། ཡིད་ཀྱི་ལུས་ཀྱི་ཚོར་བའི་བདེ་བ་དང་། ཤིན་ཏུ་སྦྱངས་པའི་བདེ་བ་མྱོང་བར་བྱེད་དོ། །དེ་བས་ན་བདེ་བ་ལུས་ཀྱིས་མྱོང་བ་ཞེས་བྱའོ། །འཕགས་
པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ་ཞེས་བྱ་བ་ནི་བསམ་གཏན་འོག་མ་གཉིས་ལ་དེ་ལྟ་བུའི་བདེ་བ་དང་། བཏང་སྙོམས་མེད་དོ། །གོང་མ་ལ་ནི་བཏང་སྙོམས་ཡོད་ལ་བདེ་བ་མེད་དོ། །དེ་བས་ན་བསམ་གཏན་གསུམ་པ་
འདི་ཉིད་བདེ་བ་དང་བཏང་སྙོམས་ཀྱི་གནས་ཡིན་པས་འཕགས་པ་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་བསམ་གཏན་པ་འདི་ཉིད་ལ་བཏང་སྙོམས་པ། བདེ་བ་ལ་གནས་པ། དྲན་པ་དང་ལྡན་པའོ་ཞེས་གཙོ་བོར་གསུངས་སོ། །བསམ་གཏན་བཞི་པ་ལ་
བདེ་བ་ཡང་སྤངས་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་དང་ལྡན་པའི་བདེ་བ་བསམ་གཏན་བཞི་པ་འདིས་སྤངས་པར་བསྟན་པའོ། །སྔ་ནས་སྡུག་བསྔལ་ཡང་སྤངས་ཞེས་བྱ་བ་ནི་བསམ་གཏན་གཉིས་པས་སྤངས་པ་ཡང་བསྡུས་ཏེ་བསྟན་པའོ། །སྔ་ནས་ཞེས་བྱ་བ་དང་། ཡིད་བདེ་བ་
ནུབ་པས་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་ལ་དགའ་བ་སྤངས་པ་བསྟན་པའོ། །ཡིད་མི་བདེ་བ་ནུབ་པས་ཞེས་བྱ་བ་ནི་བསམ་གཏན་གཉིས་པས་སྤངས་པ་བསྟན་པའོ། །བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་རྣམས་འདིར་ཤིན་ཏུ་རྣམ་པར་དག་པ་ཐོབ་པའི་ཕྱིར་
เล่ม ๙๓ · หน้า 133a
སྔར་སྤངས་པ་རྣམས་ཀྱང་འདིར་བསྡུ་བར་བྱའོ། །ཚོར་བ་བཞི་པོ་འདི་དག་སྤངས་པས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཕྱི་ན་ཡོད་པའི་ཕྱིར། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་ཞེས་བྱ་བ་གསུངས་སོ། །བཏང་
སྙོམས་དང་དྲན་པ་ཡོངས་སུ་དག་ཅེས་བྱ་བ་ནི་བསམ་གཏན་བཞི་པ་མི་གཡོ་བ་ཉིད་ཡིན་པའི་རྒྱུ་བསྟན་ཏོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བསྟན་པ་ལ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཞེས་བྱ་བ་ནི་ནམ་མཁའ་ལྟ་བུར་མོས་པ་
སྤེལ་བས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ལ་སོགས་པ་དང་ལྡན་པའི་ཁ་དོག་གི་འདུ་ཤེས་ཀྱིས་སྐྱོ་ཞིང་འདོད་ཆགས་དང་བྲལ་བའི་དབང་གིས་མེད་པར་གྱུར་པ་བསྟན་ཏོ། །དེ་བས་ན་ནམ་མཁའ་ལྟ་བུར་མོས་པ་བསྒོམ་པ་གོམས་པས། གཟུགས་ཀྱི་འདུ་
ཤེས་དེ་དག་ལས་ཡང་དག་པར་འདས་པས་ཁ་དོག་རྣམ་པ་དུ་མ་བརྩེགས་པའི་རྒྱུ་ལས་བྱུང་བ། ཀ་བ་དང་། རྩིག་པ་དང་། ཤིང་ལེབ་ལ་སོགས་པ་སྒྲིབ་པའི་འདུ་ཤེས་གང་ཡིན་པ་དེ་དག་ཐམས་ཅད་སྣང་བར་མི་འགྱུར་ཏེ། དེ་བས་ན་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཞེས་བྱ་བ་
གསུངས་སོ། །དེ་དག་མེད་པར་གྱུར་པས་གཟུགས་རྣམ་པ་སྣ་ཚོགས་མང་པོ་ལ་ཞུགས་པ་བཟའ་བ་དང་བཏུང་བ་དང་། བཞོན་པ་དང་། གོས་དང་། རྒྱན་དང་། ཁྱིམ་དང་། སྐྱེད་མོས་ཚལ་དང་རི་ལ་སོགས་པའི་འདུ་ཤེས་སྣ་ཚོགས་གང་ཡིན་པ་དེ་དག་ལ་རྩོལ་བ་མི་འཇུག་པའི་ཕྱིར།
སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ཞེས་བྱ་བ་གསུངས་སོ། །གཟུགས་ལ་དམིགས་པའི་འདུ་ཤེས་དེ་དག་ཐམས་ཅད་རྣམ་པར་བཤིག་པས་ནམ་མཁའ་མཐའ་ཡས་པའི་རྣམ་པར་མོས་པར་འགྱུར་ཏེ། དེ་བས་ན། ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་
མཆེད་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བ་ནི་དེ་རྣམ་པར་ཤེས་པ་གང་གིས་ནམ་མཁའ་མཐའ་ཡས་པར་མོས་པའི་རྣམ་པར་ཤེས་པ་ནམ་མཁའ་
เล่ม ๙๓ · หน้า 133b
མཐའ་ཡས་པའི་རྣམ་པར་མོས་པ་དེ་ཉིད་མཐའ་ཡས་པ་ཉིད་དུ་བཟུང་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་འདོད་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་རྣམ་པར་བཟློག་སྟེ། རྣམ་པར་ཤེས་པ་ཉིད་མཐའ་ཡས་པའི་རྣམ་པར་མོས་པར་བྱེད་དོ། །
དེ་བས་ན་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བ་གསུངས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནི་དེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་བསྐྱོད་དེ་རྣམ་པར་ཤེས་པ་ལས་གུད་ན་དམིགས་པ་གཞན་
བཙལ་ན་གཟུགས་ཅན་ནམ། གཟུགས་མེད་པ་ཅི་ཡང་མ་རྙེད་དོ། །དེས་དམིགས་པ་དེ་མ་རྙེད་པས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་པའི་སྐྱེ་མཆེད་ཉིད་ལ་དམིགས་ནས་མོས་ཤིང་བསྒོམས་ཏེ་སྙོམས་པར་འཇུག་གོ། །དེ་བས་ན་
ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཞེས་བྱ་བ་ནི་དེས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་དེ་ལ་རགས་པའི་ཉེས་དམིགས་སུ་མཐོང་
ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལས་རྣམ་པར་བཟློག་གོ། །དེས་སྔར་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་དུས་ན་ཅི་ཞིག་ཡོད་པའི་འདུ་ཤེས་རྣམ་པར་བཟློག་གོ། །ད་ནི་ཅི་ཡང་མེད་པའི་འདུ་ཤེས་ལས་རྣམ་པར་བཟློག་པས་དེས་ན་འདུ་ཤེས་མེད་ཅེས་བྱ་སྟེ།
འདི་ལྟ་སྟེ། སེམས་མེད་པའི་སྙོམས་པར་འཇུག་པ་ལྟར་འདུ་ཤེས་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་པ་ནི་མ་ཡིན་གྱི། ཤིན་ཏུ་ཕྲ་བའི་ཕྱིར་མཚན་མ་མེད་པའི་འདུ་ཤེས་གང་ཡིན་པ་དེ་འབྱུང་སྟེ། དེ་བས་ན། འདུ་ཤེས་མེད་མིན་ཞེས་བྱ་བ་གསུངས་སོ། །རྣམ་
པར་ཐར་པ་བསྟན་པ་ལ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་ནང་གི་གཟུགས་ལ་དམིགས་པའི་སྙོམས་པར་འཇུག་པ་ཐོབ་པའི་ཕྱི་རོལ་གྱི་གཟུགས་རྣམས་ལ་དམིགས་ནས་སྙོམས་པར་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །འདི་ལ་ཡང་རྣམ་པར་ཐར་པ་སྔ་མ་གཉིས་
เล่ม ๙๓ · หน้า 134a
ནི་མི་སྡུག་པ་ཉིད་དེ། དེ་དག་ཀྱང་བསམ་གཏན་དང་པོ་དང་། གཉིས་པའི་རང་བཞིན་ནོ། །རྣམ་པར་ཐར་པ་གསུམ་པ་ནི་བསམ་གཏན་བཞི་པའི་རང་བཞིན་ཏེ། དེ་ཡང་ཆགས་པ་མེད་པའི་ངོ་བོ་ཉིད་དོ་ཞེས་འཆད་དོ། །འདི་ལ་ཡང་བསམ་གཏན་དང་པོ་འདོད་པ་ན་སྤྱོད་པའི་ཁ་དོག་ལ་འདོད་ཆགས་
པའི་གཉེན་པོར་ནང་གི་སྐྲ་ལ་སོགས་པ་ལ་དམིགས་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ནས་དེའི་འོག་ཏུ་ཕྱི་རོལ་གྱི་རྣམ་པར་བསྔོས་པ་ལ་སོགས་པ་ལ་དམིགས་ཏེ། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ན་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱའོ། །དེ་བཞིན་དུ་བསམ་གཏན་
དང་པོའི་ས་པའི་ཁ་དོག་ལ་འདོད་ཆགས་པའི་གཉེན་པོར་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་ན་ཡང་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་སྟེ། ནང་གི་གཟུགས་ལ་དམིགས་པའི་དབང་གིས་ནི་གཟུགས་ཅན་ཞེས་བྱའོ། །ཕྱི་རོལ་གྱི་གཟུགས་ལ་དམིགས་པའི་སྙོམས་པར་འཇུག་པའི་དབང་
གིས་ནི་གཟུགས་རྣམས་ལ་ལྟ་བ་ཞེས་བྱའོ། །འདིར་ཡང་སྙོམས་པར་འཇུག་པའི་དབང་གིས་གཟུགས་ལ་ལྟ་བ་ཞེས་བྱའོ། །གཉིས་པ་ལ་ནང་གཟུགས་མེད་པར་འདུ་ཤེས་པ་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་ལ་ལ་ནང་གི་སྐྲ་ལ་སོགས་པ་དམིགས་པའི་སྙོམས་པར་
འཇུག་པ་ལ་སྙོམས་པར་མི་འཇུག་སྟེ། ཕྱི་རོལ་གྱི་རྣམ་པར་བསྔོས་པ་ལ་སོགས་པ་དམིགས་པ་ན་འདོད་པ་ན་སྤྱོད་པའི་ཁ་དོག་ལ་འདོད་ཆགས་པ་ལ་སོགས་པའི་གཉེན་པོར་བསམ་གཏན་དང་པོ་འམ། བསམ་གཏན་དང་པོའི་ས་པའི་ཁ་དོག་ལ་འདོད་ཆགས་པ་ལ་སོགས་པའི་གཉེན་པོར་བསམ་གཏན་
གཉིས་པ་ལ་སྙོམས་པར་འཇུག་པ་ཞེས་བྱ་བའི་ཐ་ཚིག་གོ། །སྡུག་པར་མོས་པ་ཞེས་བྱ་བ་འདི་ནི་སྡུག་པའི་རྣམ་པར་ཐར་པའོ། །མི་སྡུག་པའི་རྣམ་པར་བསྒོམས་པས་སེམས་ཀྱི་རྒྱུད་ཞུམ་པ་དགའ་བར་བྱ་བ་འམ། ཅི་བདག་ཡིད་དུ་འོང་བའི་གཟུགས་རྣམས་སྡུག་པ་ཉིད་དུ་ཡིད་ལ་བྱེད་ན་ཁ་དོག་ལ་འདོད་
ཆགས་པ་ལ་སོགས་པའི་དབང་གིས་སེམས་ཀྱི་རྒྱུད་གཞན་དུ་འགྱུར་རམ། འོན་ཏེ་མི་འགྱུར་ཞེས་སད་པའི་ཕྱིར་དེ་བསྒོམ་སྟེ། ཡིད་དུ་འོང་བའི་གཟུགས་ལ་སོགས་པ་ལ་དམིགས་ནས། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་ན་སྡུག་པར་མོས་པ་ཞེས་བྱའོ། །སྙོམས་པར་འཇུག་པའི་སྐད་
เล่ม ๙๓ · หน้า 134b
ཅིག་ལ་སྡུག་པ་ལ་སོགས་པའི་རྣམ་པར་རྟོག་པ་མེད་དུ་ཟིན་ཀྱང་སྔོན་དུ་འཇུག་པའི་དབང་གིས་དེ་སྐད་བྱའོ་ཞེས་འཆད་དོ། །གཟུགས་མེད་པའི་རྣམ་པར་ཐར་པ་རྣམས་ནི་བཤད་ཟིན་ཏོ། །བསམ་གཏན་དང་། གཟུགས་མེད་པ་བརྒྱད་དང་། འདུ་ཤེས་དང་ཚོར་བ་འགོག་པ་ནི་མཐར་གྱིས་གནས་པའི་
སྙོམས་པར་འཇུག་པ་དགུའོ།། །།བམ་པོ་བཅུ་གསུམ་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེ་ཞེས་བྱ་བ་ལ་གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་
བ་དེ་ལ་གནས་ནི་གང་། གནས་མ་ཡིན་པ་ནི་གང་ཞེ་ན། ཉེས་པར་སྤྱོད་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་ནི་གནས་སོ། །རྣམ་པར་སྨིན་པ་ཡིད་དུ་འོང་བ་ནི་གནས་མ་ཡིན་པའོ། །ལེགས་པར་སྤྱོད་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡིད་དུ་འོང་བ་ནི་གནས་སོ། །རྣམ་པར་སྨིན་པ་ཡིད་དུ་མི་
འོང་བ་ནི་གནས་མ་ཡིན་པའོ། །སེར་སྣས་དབུལ་པོར་འགྱུར་བ་ནི་གནས་སོ། །ལོངས་སྤྱོད་ཆེན་པོར་འགྱུར་བ་ནི་གནས་མ་ཡིན་པའོ། །སྦྱིན་པས་ལོངས་སྤྱོད་ཆེན་པོར་འགྱུར་བ་ནི་གནས་སོ། །དབུལ་པོར་འགྱུར་བ་ནི་གནས་མ་ཡིན་པའོ། །འཆལ་བའི་ཚུལ་ཁྲིམས་ཀྱིས་ངན་འགྲོར་སྐྱེ་བ་ནི་
གནས་སོ། །བདེ་འགྲོར་སྐྱེ་བ་ནི་གནས་མ་ཡིན་པའོ། །ཚུལ་ཁྲིམས་ཀྱིས་བདེ་འགྲོར་སྐྱེ་བ་ནི་གནས་སོ། །ངན་འགྲོར་སྐྱེ་བ་ནི་གནས་མ་ཡིན་པའོ། །གནོད་སེམས་ཀྱིས་གཟུགས་མི་སྡུག་པར་འགྱུར་བ་ནི་གནས་སོ། །གཟུགས་བཟང་པོར་འགྱུར་བ་ནི་གནས་མ་ཡིན་པའོ། །བཟོད་པས་
གཟུགས་མཛེས་པར་འགྱུར་བ་ནི་གནས་སོ། །གཟུགས་མི་སྡུག་པར་འགྱུར་བ་ནི་གནས་མ་ཡིན་པའོ། །ལེ་ལོས་མངོན་པར་རྟོགས་པར་མི་འགྱུར་བ་ནི་གནས་སོ། །མངོན་པར་རྟོགས་པར་འགྱུར་བ་ནི་གནས་མ་ཡིན་པའོ། །བརྩོན་འགྲུས་ཀྱིས་བདེན་པ་མངོན་པར་རྟོགས་པ་ནི་གནས་སོ། །
མངོན་པར་རྟོགས་པར་མི་འགྱུར་བ་ནི་གནས་མ་ཡིན་པའོ། །རྣམ་པར་གཡེང་བས་སྐྱོན་མེད་པ་ལ་མི་འཇུག་པ་ནི་གནས་སོ། །སྐྱོན་མེད་པ་ལ་འཇུག་པ་ནི་གནས་མ་ཡིན་པའོ། །བསམ་གཏན་གྱིས་ཡང་དག་པ་ཉིད་ལ་འཇུག་པ་ནི་གནས་སོ། །མི་འཇུག་པ་ནི་གནས་མ་ཡིན་པའོ། །འཆལ་
เล่ม ๙๓ · หน้า 135a
བའི་ཤེས་རབ་ཀྱིས་བྱང་ཆུབ་འཐོབ་པ་མེད་པ་ནི་གནས་སོ། །བྱང་ཆུབ་འཐོབ་པ་ནི་གནས་མ་ཡིན་པའོ། །ཤེས་རབ་ཀྱིས་བྱང་ཆུབ་ཐོབ་པ་ནི་གནས་སོ། །མི་འཐོབ་པ་ནི་གནས་མ་ཡིན་པའོ། །སྲོག་གཅོད་པས་ཚེ་ཐུང་བར་འགྱུར་བ་ནི་གནས་སོ། །ཚེ་རིང་པོར་འགྱུར་བ་ནི་གནས་
མ་ཡིན་པའོ། །དེ་སྤངས་པས་ཚེ་རིང་པོར་འགྱུར་བ་ནི་གནས་སོ། །ཚེ་ཐུང་བར་འགྱུར་བ་ནི་གནས་མ་ཡིན་པའོ། །མ་བྱིན་པར་ལེན་པས་ལོངས་སྤྱོད་ཆེན་པོ་འཐོབ་པ་ནི་གནས་མ་ཡིན་པའོ། །དབུལ་པོར་འགྱུར་བ་ནི་གནས་སོ། །དེ་སྤངས་པས་ལོངས་སྤྱོད་འཐོབ་པ་ནི་གནས་སོ།།
དབུལ་པོར་འགྱུར་བ་ནི་གནས་མ་ཡིན་པའོ། །འདོད་པ་ལ་ལོག་པར་གཡེམ་པས་འགྲན་ཟླ་དང་བཅས་པའི་ཆུང་མ་རྙེད་པ་ནི་གནས་སོ། །འགྲན་ཟླ་མེད་པའི་ཆུང་མ་རྙེད་པ་ནི་གནས་མ་ཡིན་པའོ། །དེ་སྤངས་པས་འགྲན་ཟླ་མེད་པའི་ཆུང་མ་རྙེད་པ་ནི་གནས་སོ། །འགྲན་ཟླ་དང་བཅས་པའི་
ཆུང་མ་རྙེད་པ་ནི་གནས་མ་ཡིན་པའོ། །བརྫུན་དུ་སྨྲ་བས་སྐུར་པ་འདེབས་པ་ཐོབ་པ་ནི་གནས་སོ། །དེ་མི་འཐོབ་པ་ནི་གནས་མ་ཡིན་པའོ། །དེ་སྤངས་པས་དེ་མི་འཐོབ་པ་ནི་གནས་སོ། །དེ་འཐོབ་པ་ནི་གནས་མ་ཡིན་པའོ། །ཕྲ་མས་འཁོར་མི་ཕྱེད་པ་མི་རྙེད་པ་ནི་གནས་སོ། །རྙེད་པ་ནི་གནས་མ་
ཡིན་པའོ། །དེ་སྤངས་པས་འཁོར་མི་ཕྱེད་པ་རྙེད་པ་ནི་གནས་སོ། །མི་རྙེད་པ་ནི་གནས་མ་ཡིན་པའོ། །ཚིག་རྩུབ་པོས་རྟག་པར་མི་སྙན་པ་ཐོས་པ་ནི་གནས་སོ། །མི་ཐོས་པ་ནི་གནས་མ་ཡིན་པའོ། །དེ་སྤངས་པས་རྟག་ཏུ་སྙན་པ་ཐོས་པ་ནི་གནས་སོ། །མི་ཐོས་པ་ནི་གནས་མ་ཡིན་པའོ། །
ཚིག་འཁྱལ་པས་ཚིག་བཙུན་པར་མི་འགྱུར་བ་ནི་གནས་སོ། །ཚིག་བཙུན་པར་འགྱུར་བ་ནི་གནས་མ་ཡིན་པའོ། །དེ་སྤངས་པས་ཚིག་བཙུན་པར་འགྱུར་བ་ནི་གནས་སོ། །ཚིག་བཙུན་པར་མི་འགྱུར་བ་ནི་གནས་མ་ཡིན་པའོ། །བརྣབ་སེམས་ཀྱིས་ལོངས་སྤྱོད་རྣམ་པར་འཇིག་པ་ནི་གནས་
སོ། །རྣམ་པར་མི་འཇིག་པ་ནི་གནས་མ་ཡིན་པའོ། །གནོད་སེམས་ཀྱིས་སེམས་ཅན་དམྱལ་བར་འགྲོ་བ་ནི་གནས་སོ། །བདེ་འགྲོར་འགྲོ་བ་ནི་གནས་མ་ཡིན་པའོ། །དེ་སྤངས་པས་བདེ་འགྲོར་འགྲོ་བ་ནི་གནས་སོ། །ལོག་པར་ལྟ་བས་འཕགས་པའི་ལམ་ཐོབ་པར་མི་འགྱུར་བ་ནི་
เล่ม ๙๓ · หน้า 135b
གནས་སོ། །འཐོབ་པ་ནི་གནས་མ་ཡིན་པའོ། །ཡང་དག་པའི་ལྟ་བས་འཕགས་པའི་ལམ་འཐོབ་པ་ནི་གནས་སོ། །མི་འཐོབ་པ་ནི་གནས་མ་ཡིན་པའོ། །མཚམས་མེད་པ་བྱེད་པས་ཏིང་ངེ་འཛིན་རྣམས་མི་འཐོབ་པ་ནི་གནས་སོ། །འཐོབ་པ་ནི་གནས་མ་ཡིན་པའོ། །ཚུལ་ཁྲིམས་དང་
ལྡན་པས་འཐོབ་པ་ནི་གནས་སོ། །མི་འཐོབ་པ་ནི་གནས་མ་ཡིན་པའོ། །དམིགས་པའི་ལྟ་བས་རྗེས་སུ་མཐུན་པའི་བཟོད་པ་མི་འཐོབ་པ་ནི་གནས་སོ། །འཐོབ་པ་ནི་གནས་མ་ཡིན་པའོ། །སྟོང་པ་ཉིད་ལ་གནས་པས་རྗེས་སུ་མཐུན་པའི་བཟོད་པ་འཐོབ་པ་ནི་གནས་སོ། །
མི་འཐོབ་པ་ནི་གནས་མ་ཡིན་པའོ། །འགྱོད་པ་དང་ལྡན་པས་སེམས་གཡེང་བ་ནི་གནས་སོ། །སེམས་ཤིན་ཏུ་སྦྱངས་པར་འགྱུར་བ་ནི་གནས་མ་ཡིན་པའོ། །འགྱོད་པ་མེད་པས་སེམས་ཤིན་ཏུ་སྦྱངས་པར་འགྱུར་བ་ནི་གནས་སོ། །གཡེང་བར་འགྱུར་བ་ནི་གནས་མ་ཡིན་པའོ། །
གང་བུད་མེད་འཁོར་ལོས་སྒྱུར་བ་འམ། བརྒྱ་བྱིན་ནམ། ཚངས་པ་འམ། དབང་སྒྱུར་རམ། སངས་རྒྱས་སུ་འགྱུར་བ་ནི་གནས་མ་ཡིན་པའོ། །གང་སྐྱེས་པས་དེ་དག་ཏུ་འགྱུར་བ་ནི་གནས་སོ། །གང་བརྒྱད་པའི་གང་ཟག་རྒྱུན་ཏུ་ཞུགས་པའི་འབྲས་བུ་མ་ཐོབ་པར་སྟན་ལས་ལྡང་བ་ནི་
གནས་མ་ཡིན་པའོ། །གང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་ནས་ལྡང་བ་ནི་གནས་སོ། །གང་རྒྱུན་ཏུ་ཞུགས་པའི་སྲིད་པ་བརྒྱད་པ་ལེན་པ་ནི་གནས་མ་ཡིན་པའོ། །གང་མི་ལེན་པ་ནི་གནས་སོ། །གང་ལན་ཅིག་ཕྱིར་འོང་བ་སྲིད་པ་གསུམ་པ་ལེན་པ་ནི་གནས་མ་ཡིན་པའོ། །གང་མི་
ལེན་པ་ནི་གནས་སོ། །གང་ཕྱིར་མི་འོང་བ་འཇིག་རྟེན་འདིར་འོང་བ་ནི་གནས་མ་ཡིན་པའོ། །གང་ཕྱིར་མི་འོང་བ་ནི་གནས་སོ། །གང་དགྲ་བཅོམ་པ་ལས་དང་ཉོན་མོངས་པའི་དབང་གིས་ཉིང་མཚམས་སྦྱོར་བར་འགྱུར་བ་ནི་གནས་མ་ཡིན་པའོ། །གང་མི་འགྱུར་བ་ནི་གནས་སོ། །གང་
འཕགས་པའི་གང་ཟག་སྟོན་པ་གཞན་ཚོལ་བ་ནི་གནས་མ་ཡིན་པའོ། །གང་མི་ཚོལ་བ་ནི་གནས་སོ། །གང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ནི་གནས་སོ། །ཕྱིར་ལྡོག་པ་ནི་གནས་མ་ཡིན་པའོ། །གང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་
เล่ม ๙๓ · หน้า 136a
སྙིང་པོ་ལ་འདུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་པར་སྟན་ལས་ལྡང་བ་ནི་གནས་མ་ཡིན་པའོ། །གང་མངོན་པར་རྫོགས་པར་སངས་རྒྱས་ནས་ལྡང་བ་ནི་གནས་སོ། །གང་སངས་རྒྱས་རྣམས་ལ་བག་ཆགས་
ཀྱི་གནས་ཡོད་པ་ནི་གནས་མ་ཡིན་པའོ། །གང་མ་ལུས་པར་སྤངས་པ་ནི་གནས་སོ། །གང་དེ་བཞིན་གཤེགས་པའི་མཁྱེན་པ་གང་ལ་ཡང་ཐོགས་པར་འགྱུར་བ་ནི་གནས་མ་ཡིན་པའོ། །གང་ཐམས་ཅད་དུ་ཐོགས་པ་མེད་པ་ནི་གནས་སོ། །གང་དེ་བཞིན་གཤེགས་པའི་སྤྱི་གཙུག་སུས་
ཀྱང་མཐོང་བར་འགྱུར་བ་ནི་གནས་མ་ཡིན་པའོ། །གང་དེ་བཞིན་གཤེགས་པའི་སྤྱི་གཙུག་སུས་ཀྱང་མི་མཐོང་བ་ནི་གནས་སོ། །གང་དེ་བཞིན་གཤེགས་པའི་ཐུགས་འགྱུར་བར་སྣང་བ་ནི་གནས་མ་ཡིན་པའོ། །གང་མི་སྣང་བ་ནི་གནས་སོ། །གང་དེ་བཞིན་གཤེགས་པའི་ཐུགས་
རྣམ་པར་གཡེང་བ་ནི་གནས་མ་ཡིན་པའོ། །གང་རྟག་ཏུ་མཉམ་པར་གཞག་པ་ནི་གནས་སོ། །གང་དེ་བཞིན་གཤེགས་པ་ལོག་པར་གསུང་བ་ནི་གནས་མ་ཡིན་པའོ། །གང་ལོག་པར་མི་གསུང་བ་ནི་གནས་སོ། །གང་སངས་རྒྱས་རྣམས་ཀྱི་གསུང་ལ་འཁྲུལ་པ་ཡོད་པ་ནི་གནས་མ་
ཡིན་པའོ། །གང་མེད་པ་ནི་གནས་སོ། །གང་དེ་བཞིན་གཤེགས་པ་གང་དུ་ཡང་བག་ཚ་བ་དང་། བསྙེངས་པར་འགྱུར་བ་ནི་གནས་མ་ཡིན་པའོ། །གང་ཐམས་ཅད་དུ་བག་ཚ་བ་དང་། བསྙེངས་པ་མི་མངའ་བ་ནི་གནས་སོ། །དེ་དག་ལ་སོགས་པ་ནི་གནས་དང་གནས་མ་ཡིན་པ་ཞེས་བྱ་སྟེ།
དེ་ཤེས་པ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱའོ། །ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་མཁྱེན་པ་གང་གིས་ལས་རྣམས་དང་། ལས་ལེན་པ་རྣམས་ཀྱི་རྣམ་པར་སྨིན་པ་རྒྱུ་དང་གནས་ལས་མཁྱེན་པ་སྟེ། གང་འདས་པའི་ལས་
ལེན་པ། དགེ་བའི་རྒྱུ་ལས་བྱུང་བ། མི་དགེ་བ་དང་བྲལ་བ། མ་འོངས་པ་ན་དགེ་བའི་རྒྱུ་འབྱིན་པ་དེ་ལྟ་བུ་ཡང་ཡོད། ད་ལྟར་བྱུང་བ་ན་ཁྱད་པར་ལ་བརྟེན་ལ། ལས་ལེན་པ་གང་མི་དགེ་བའི་རྒྱུ་ལས་བྱུང་བ། དགེ་བ་དང་བྲལ་བ། མ་འོངས་པ་ན་མི་དགེ་བའི་རྒྱུ་འབྱིན་པ་ཡང་ཡོད། འདས་
เล่ม ๙๓ · หน้า 136b
པ་ན་དམན་པ་ལ་བརྟེན་ལ་མ་འོངས་པ་ནི་ཁྱད་པར་ལ་བརྟེན་པར་འགྱུར་བ་ཡང་ཡོད། ད་ལྟར་བྱུང་བ་ན་དམན་པ་ལ་བརྟེན་ལ། མ་འོངས་པ་ན་ཁྱད་པར་ལ་བརྟེན་པར་འགྱུར་བ་ཡང་ཡོད། ད་ལྟར་བྱུང་བ་ན་ཁྱད་པར་ལ་བརྟེན་ལ། མ་འོངས་པ་ན་དམན་པ་ལ་བརྟེན་པར་འགྱུར་བ་ཡང་ཡོད། ད་ལྟར་
བྱུང་བ་དང་། མ་འོངས་པ་ན་ཡང་དམན་པ་ལ་བརྟེན་པར་འགྱུར་བ་ཡང་ཡོད། ད་ལྟར་བྱུང་བ་དང་། མ་འོངས་པ་ན་ཡང་ཁྱད་པར་ལ་བརྟེན་པར་འགྱུར་བ་ཡོད། འདས་པ་ན་སྦྱོར་བ་ཆུང་ལ་མ་འོངས་པ་ན་སྦྱོར་བ་རྒྱ་ཆེན་པོར་འགྱུར་བ་དང་། འདས་པ་ན་སྦྱོར་བ་རྒྱ་ཆེ་ལ། མ་འོངས་པ་ན་སྦྱོར་བ་
ཆུང་བ་དང་། རྩོམ་པ་ཆུང་ལ་ཁྱད་པར་ཆེན་པོར་འགྱུར་བ་དང་། རྩོམ་པ་ཆེ་ལ་ཁྱད་པར་དུ་ཆུང་བ་དང་། ཉན་ཐོས་སུ་འགྱུར་བའི་རྒྱུ་དང་། རང་སངས་རྒྱས་སུ་འགྱུར་བའི་རྒྱུ་དང་། སངས་རྒྱས་སུ་འགྱུར་བའི་རྒྱུ་དང་། ད་ལྟར་བྱུང་བ་ན་སྡུག་བསྔལ་ལ། མ་འོངས་པ་ན་རྣམ་པར་སྨིན་པ་
བདེ་བ་དང་། ད་ལྟར་བྱུང་བ་ན་བདེ་ལ། མ་འོངས་པ་ན་རྣམ་པར་སྨིན་པ་སྡུག་བསྔལ་བ་དང་། ད་ལྟར་བྱུང་བ་ན་སྡུག་བསྔལ་ལ། མ་འོངས་པ་ན་ཡང་རྣམ་པར་སྨིན་པ་སྡུག་བསྔལ་བ་དང་། ད་ལྟར་བྱུང་བ་ན་ཡང་བདེ་ལ། མ་འོངས་པ་ན་ཡང་རྣམ་པར་སྨིན་པ་བདེ་བ་ཡང་ཡོད་དོ། །
ད་ལྟར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་རྣམས་ན་སེམས་ཅན་ཐམས་ཅད་ཀྱི་ལས་གང་ཡིན་པ་དང་། རྒྱུ་གང་ཡིན་པ་དང་། རྣམ་པར་སྨིན་པ་གང་ཡིན་པ་རྣམས་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །འཇིག་རྟེན་གྱི་ཁམས་སྣ་ཚོགས་དང་། འཇིག་རྟེན་གྱི་
ཁམས་དུ་མ་ཞེས་བྱ་བ་ནི་ལྷག་པའི་བསམ་པའི་ཁམས་གང་དང་གང་གིས་འཇིག་རྟེན་བསོད་ནམས་མངོན་པར་འདུ་བྱེད་པ་སོགས་པ་དང་། མི་གཡོ་བ་མངོན་པར་འདུ་བྱེད་པ་སྩོགས་པ་དང་། སྐྱེ་བ་སྩོགས་པ་དང་། འདོད་ཆགས་དང་བྲལ་བ་སྩོགས་པ་དང་། ཉོན་མོངས་པ་
རྣམས་སྩོགས་པ་དང་། ལྟ་བ་རྣམས་སྩོགས་པ་དང་། ངེས་པར་འབྱུང་བ་སྩོགས་པ་དང་། ཉན་ཐོས་སུ་འགྱུར་བའི་རྒྱུ་སྩོགས་པ་དང་། རང་སངས་རྒྱས་སུ་འགྱུར་བའི་རྒྱུ་སྩོགས་པ་དང་། སངས་རྒྱས་སུ་འགྱུར་བའི་རྒྱུ་སྩོགས་པ་དང་། འབྱུང་བའི་རྒྱུ་སྩོགས་པ་དང་།
เล่ม ๙๓ · หน้า 137a
འཇིག་པའི་རྒྱུ་སྩོགས་པའི་ལྷག་པའི་བསམ་པའི་ཁམས་དེ་ཡང་མཁྱེན་ཏོ། །མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ནས། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་
ཤེས་པའི་ཁམས་ཀྱི་བར་དག་ནི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དུ་རབ་ཏུ་མཁྱེན་ཏོ། །སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ནི་སྒྱུ་མ་དང་རྨི་
ལམ་ལྟ་བུར་རབ་ཏུ་མཁྱེན་ཏོ། །འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དག་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ལས་བྱུང་བར་རབ་ཏུ་མཁྱེན་ཏོ། །འདུས་བྱས་ཀྱི་ཁམས་ནི་ཀུན་བརྟགས་པས་མངོན་པར་འདུས་བྱས་པའི་མཚན་
ཉིད་དང་། འདུས་མ་བྱས་ཀྱི་ཁམས་ནི་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །ཉོན་མོངས་པའི་ཁམས་ནི་གློ་བུར་གྱི་མཚན་ཉིད་དང་། རྣམ་པར་བྱང་བའི་ཁམས་ནི་རང་བཞིན་འོད་གསལ་བའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །འདུ་བྱེད་ཀྱི་ཁམས་ནི་ཚུལ་བཞིན་
མ་ཡིན་པ་མ་རིག་པའི་མཚན་ཉིད་དང་། མྱ་ངན་ལས་འདས་པའི་ཁམས་ནི་ཚུལ་བཞིན་ཏེ། རིག་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །མཁྱེན་ནས་ཀྱང་དེ་ལྟ་དེ་ལྟ་བུར་ཆོས་སྟོན་ཏེ། འདི་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་སོ། །སེམས་ཅན་གཞན་དག་དང་གང་ཟག་
གཞན་རྣམས་ཀྱི་མོས་པ་སྣ་ཚོགས་དང་། མོས་པ་དུ་མ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་འདོད་ཆགས་ལ་གནས་ལ་ཞེ་སྡང་ལ་མོས་པ་དང་། ཞེ་སྡང་ལ་གནས་ལ་འདོད་ཆགས་ལ་མོས་པ་དང་། འདོད་ཆགས་ལ་གནས་ལ་གཏི་མུག་ལ་མོས་པ་དང་། གཏི་
མུག་ལ་གནས་ལ་འདོད་ཆགས་ལ་མོས་པ་དང་། ཞེ་སྡང་ལ་གནས་ལ་གཏི་མུག་ལ་མོས་པ་དང་། གཏི་མུག་ལ་གནས་ལ་ཞེ་སྡང་ལ་མོས་པ་དང་། འདོད་ཆགས་ལ་གནས་ལ་འདོད་ཆགས་ལ་མོས་པ་དང་། ཞེ་སྡང་ལ་གནས་ལ་ཞེ་སྡང་ལ་མོས་པ་དང་། གཏི་མུག་ལ་གནས་
เล่ม ๙๓ · หน้า 137b
ལ་གཏི་མུག་ལ་མོས་པ་དང་། འདོད་ཆགས་དང་ཞེ་སྡང་ལ་གནས་ལ། འདོད་ཆགས་དང་ཞེ་སྡང་ལ་མོས་པ་དང་། འདོད་ཆགས་ལ་གནས་ལ་འདོད་ཆགས་དང་གཏི་མུག་ལ་མོས་པ་དང་། འདོད་ཆགས་ལ་གནས་ལ་ཞེ་སྡང་དང་གཏི་མུག་ལ་མོས་པ་དང་། ཞེ་སྡང་ལ་གནས་ལ།
འདོད་ཆགས་དང་གཏི་མུག་ལ་མོས་པ་དང་། ཞེ་སྡང་ལ་གནས་ལ། འདོད་ཆགས་དང་། ཞེ་སྡང་ལ་མོས་པ་དང་། འདོད་ཆགས་དང་གཏི་མུག་ལ་གནས་ལ། འདོད་ཆགས་ལ་མོས་པ་དང་། འདོད་ཆགས་ལ་གནས་ལ། འདོད་ཆགས་དང་གཏི་མུག་ལ་མོས་པ་དང་།
ཞེ་སྡང་ལ་གནས་ལ། འདོད་ཆགས་དང་གཏི་མུག་ལ་མོས་པ་དང་། འདོད་ཆགས་དང་གཏི་མུག་ལ་གནས་ལ་ཞེ་སྡང་ལ་མོས་པ་དང་། འདོད་ཆགས་དང་ཞེ་སྡང་ལ་གནས་ལ། གཏི་མུག་ལ་མོས་པ་དང་། གཏི་མུག་ལ་གནས་ལ། འདོད་ཆགས་དང་ཞེ་སྡང་ལ་མོས་
པ་དང་། འདོད་ཆགས་དང་ཞེ་སྡང་ལ་གནས་ལ། འདོད་ཆགས་དང་ཞེ་སྡང་ལ་མོས་པ་དང་། འདོད་ཆགས་དང་གཏི་མུག་ལ་གནས་ལ། འདོད་ཆགས་དང་གཏི་མུག་ལ་མོས་པ་དང་། ཞེ་སྡང་དང་གཏི་མུག་ལ་གནས་ལ། ཞེ་སྡང་དང་གཏི་མུག་ལ་མོས་པ་དང་། འདོད་
ཆགས་དང་ཞེ་སྡང་དང་གཏི་མུག་ལ་གནས་ལ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་མོས་པ་དང་། འདོད་ཆགས་ལ་གནས་ལ་ང་རྒྱལ་ལ་མོས་པ་དང་། ཞེ་སྡང་ལ་གནས་ལ་ང་རྒྱལ་ལ་མོས་པ་དང་། གཏི་མུག་ལ་གནས་ལ་ང་རྒྱལ་ལ་མོས་པ་དང་། ང་རྒྱལ་
ལ་གནས་ལ་ང་རྒྱལ་ལ་མོས་པ་དང་། ང་རྒྱལ་ལ་གནས་ལ་འདོད་ཆགས་ལ་མོས་པ་དང་། ང་རྒྱལ་ལ་གནས་ལ་ཞེ་སྡང་ལ་མོས་པ་དང་། ང་རྒྱལ་ལ་གནས་ལ་གཏི་མུག་ལ་མོས་པ་དང་། ང་རྒྱལ་ལ་གནས་ལ་འདོད་ཆགས་དང་ཞེ་སྡང་ལ་མོས་པ་དང་། ང་རྒྱལ་
ལ་གནས་ལ་འདོད་ཆགས་དང་གཏི་མུག་ལ་མོས་པ་དང་། ང་རྒྱལ་ལ་གནས་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་མོས་པ་དང་། འདོད་ཆགས་དང་ཞེ་སྡང་ལ་གནས་ལ་ང་རྒྱལ་ལ་མོས་པ་དང་། འདོད་ཆགས་དང་གཏི་མུག་ལ་གནས་ལ་ང་རྒྱལ་ལ་མོས་པ་དང་།
เล่ม ๙๓ · หน้า 138a
ཞེ་སྡང་དང་གཏི་མུག་ལ་གནས་ལ་ང་རྒྱལ་ལ་མོས་པ་དང་། འདོད་ཆགས་ལ་གནས་ལ་ལྟ་བ་ལ་མོས་པ་དང་། ཞེ་སྡང་ལ་གནས་ལ་ལྟ་བ་ལ་མོས་པ་དང་། གཏི་མུག་ལ་གནས་ལ་ལྟ་བ་ལ་མོས་པ་དང་། ང་རྒྱལ་ལ་གནས་ལ་ལྟ་བ་ལ་མོས་པ་དང་།
ལྟ་བ་ལ་གནས་ལ་ལྟ་བ་ལ་མོས་པ་དང་། ལྟ་བ་ལ་གནས་ལ་འདོད་ཆགས་ལ་མོས་པ་དང་། ལྟ་བ་ལ་གནས་ལ་ཞེ་སྡང་ལ་མོས་པ་དང་། ལྟ་བ་ལ་གནས་ལ་གཏི་མུག་ལ་མོས་པ་དང་། ལྟ་བ་ལ་གནས་ལ་ང་རྒྱལ་ལ་མོས་པ་དང་། ལྟ་བ་ལ་གནས་ལ་འདོད་ཆགས་དང་
ཞེ་སྡང་ལ་མོས་པ་དང་། ལྟ་བ་ལ་གནས་ལ་འདོད་ཆགས་དང་གཏི་མུག་ལ་མོས་པ་དང་། ལྟ་བ་ལ་གནས་ལ་འདོད་ཆགས་དང་ང་རྒྱལ་ལ་མོས་པ་དང་། ལྟ་བ་ལ་གནས་ལ་འདོད་ཆགས་དང་ལྟ་བ་ལ་མོས་པ་དང་། ལྟ་བ་ལ་གནས་ལ་ཞེ་སྡང་དང་གཏི་མུག་ལ་མོས་
པ་དང་། ལྟ་བ་ལ་གནས་ལ་ཞེ་སྡང་དང་ང་རྒྱལ་ལ་མོས་པ་དང་། ཞེ་སྡང་ལ་གནས་ལ་ཞེ་སྡང་དང་ལྟ་བ་ལ་མོས་པ་དང་། ལྟ་བ་ལ་གནས་ལ་གཏི་མུག་དང་ལྟ་བ་ལ་མོས་པ་དང་། ལྟ་བ་ལ་གནས་ལ་གཏི་མུག་དང་ང་རྒྱལ་ལ་མོས་པ་དང་། ལྟ་བ་ལ་གནས་ལ་ང་རྒྱལ་
དང་ལྟ་བ་ལ་མོས་པ་དང་། དེ་ལྟ་བུའི་ཚུལ་ཅན་མཐུན་པ་དག་དང་། དེ་བཞིན་དུ་མི་དགེ་བ་ལ་གནས་ལ་དགེ་བ་ལ་མོས་པ་དང་། དགེ་བ་ལ་གནས་ལ་མི་དགེ་བ་ལ་མོས་པ་དང་། མི་དགེ་བ་ལ་གནས་ལ་མི་དགེ་བ་ལ་མོས་པ་དང་། དགེ་བ་ལ་གནས་ལ་དགེ་བ་ལ་མོས་
པ་དང་། སྦྱོར་བ་ཆུང་ལ་མོས་པ་རྒྱ་ཆེ་བ་དང་། སྦྱོར་བ་རྒྱ་ཆེ་ལ་མོས་པ་ཆུང་བ་དང་། སྦྱོར་བ་ཡང་རྒྱ་ཆེ་ལ་མོས་པ་ཡང་རྒྱ་ཆེ་བ་དང་། སྦྱོར་བ་ཡང་ཆུང་ལ་མོས་པ་ཡང་ཆུང་བ་དང་། ལོག་པ་ཉིད་དུ་ངེས་པ་ལ་མོས་པ་དང་། ཡང་དག་པ་ཉིད་དུ་ངེས་པ་ལ་མོས་པ་དང་། འདོད་
པའི་ཁམས་སུ་འཕོ་བར་མོས་པ་དང་། གཟུགས་ཀྱི་ཁམས་སུ་འཕོ་བར་མོས་པ་དང་། གཟུགས་མེད་པའི་ཁམས་སུ་འཕོ་བར་མོས་པ་དང་། འདོད་པའི་ཁམས་ལས་ཤིན་ཏུ་ཡང་དག་པར་འདའ་བར་མོས་པ་དང་། གཟུགས་ཀྱི་ཁམས་ལས་ཤིན་ཏུ་ཡང་དག་
เล่ม ๙๓ · หน้า 138b
པར་འདའ་བར་མོས་པ་དང་། གཟུགས་མེད་པའི་ཁམས་ལས་ཤིན་ཏུ་ཡང་དག་པར་འདའ་བར་མོས་པ་དང་། ཁམས་གསུམ་ཆར་ལས་ཤིན་ཏུ་ཡང་དག་པར་འདའ་བར་མོས་པ་དང་། དམན་པ་ལ་བརྟེན་པ་ལས་ཁྱད་པར་ལ་བརྟེན་པར་འཕོ་བར་མོས་པ་དང་། ཁྱད་པར་ལ་བརྟེན་
པ་ལས་དམན་པ་ལ་བརྟེན་པར་འཕོ་བར་མོས་པ་དང་། དམན་པ་ལ་བརྟེན་པ་ལས་དམན་པ་ལ་བརྟེན་པར་འཕོ་བར་མོས་པ་དང་། ཁྱད་པར་ལ་བརྟེན་པ་ལས་ཁྱད་པར་ལ་བརྟེན་པར་འཕོ་བར་མོས་པ་དང་། སྲིད་པར་མོས་པ་དང་། འབྱུང་བར་མོས་པ་དང་། ཉན་ཐོས་ཉིད་
དུ་མོས་པ་དང་། རང་སངས་རྒྱས་ཉིད་དུ་མོས་པ་དང་། དེ་ལྟ་བུ་ལ་སོགས་པའི་རྣམ་པར་མཁྱེན་ཏེ། འདི་ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་སོ། །སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོ་དང་བརྩོན་འགྲུས་ཀྱི་རིམ་པ་ཡང་དག་པ་ཇི་ལྟ་
བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་དབང་པོ་རྟུལ་པོའོ། །འདི་ནི་དབང་པོ་བར་མའོ། །འདི་ནི་དབང་པོ་རྣོན་པོའོ། །འདི་ནི་དབང་པོ་མེད་པའོ། །འདི་ནི་དབང་པོ་དམན་པའོ། །འདི་ནི་དབང་པོ་ཁྱད་པར་ཅན་ནོ། །ཀུན་བརྟགས་པའི་དབང་པོ་འདིས་འདོད་ཆགས་
འབྱུང་ངོ་། །འདིས་ཞེ་སྡང་ངོ་། །འདིས་གཏི་མུག་གོ། །འདིས་ང་རྒྱལ་ལོ། །འདིས་ལྟ་བའོ། །འདིས་ཉོན་མོངས་པ་ཆུང་ངུ་འབྱུང་ངོ་། །འདིས་ཉོན་མོངས་པ་འབྲིང་ངོ་། །འདིས་ཉོན་མོངས་པ་ཆེན་པོ་འབྱུང་ངོ་། །འདིས་སྐལ་བ་ཡོད་པར་འགྱུར་རོ། །འདིས་
སྐལ་བ་མེད་པར་འགྱུར་རོ། །འདིས་ཡོངས་སུ་སྨིན་པར་འགྱུར་རོ། །འདི་རེ་ཞིག་ཡོངས་སུ་སྨིན་པར་འགྱུར་རོ། །འདིས་སྐྱོན་ཆུང་ངུར་འགྱུར་རོ། །འདིས་རེ་ཞིག་སྐྱོན་ཆུང་ངུར་འགྱུར་རོ། །འདིས་དགེ་བ་རྣམས་ལ་སོགས་པར་འགྱུར་རོ། །འདིས་འདོད་པ་རྣམས་
སོ། །འདིས་གཟུགས་སུ་གཏོགས་པ་རྣམས་སོ། །འདིས་གཟུགས་མེད་པར་གཏོགས་པ་རྣམས་སོ། །འདིས་སྐྱོ་བའོ། །འདིས་འདོད་ཆགས་དང་བྲལ་བའོ། །འདིས་ཞི་གནས་སོ། །འདིས་ལྷག་མཐོང་ངོ་། །འདིས་རྒྱུན་དུ་ཞུགས་པའོ། །འདིས་རེ་ལྟར་ཐོགས་ན་
เล่ม ๙๓ · หน้า 139a
སྲིད་པ་བདུན་པའོ། །འདིས་བར་ཆད་གཅིག་པའོ། །འདིས་རིགས་ནས་རིགས་སུ་སྐྱེ་བའོ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་དང་། འདིས་མོས་པས་སྤྱོད་པའི་སའོ། །འདིས་རབ་ཏུ་དགའ་བའོ། །འདིས་དྲི་མ་མེད་པའོ་ཞེས་བྱ་བ་ལ་སོགས་
པ་དང་། འདིས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །འདིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྒོམ་མོ། །འདིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །འདིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །འདིས་མི་སྐྱེ་བའི་ཆོས་རྣམས་
ལ་བཟོད་དོ། །འདིས་ཏིང་ངེ་འཛིན་རྣམ་པ་མང་པོ་ཐོབ་པོ། །འདིས་གཟུངས་ཀྱི་སྒོ་རྣམས་སོ། །འདིས་མངོན་པར་ཤེས་པ་རྣམས་སོ། །འདིས་དབང་པོ་རྣམས་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་དང་། གང་སྦྱིན་པའི་དབང་པོ་ཅན་ལ་ཚུལ་ཁྲིམས་ལ་སྦྱོར་
བ་དང་། གང་ཚུལ་ཁྲིམས་ཀྱི་དབང་པོ་ཅན་ལ་སྦྱིན་པ་ལ་སྦྱོར་བ་དང་། གང་སྦྱིན་པའི་དབང་པོ་ཅན་ལ་བཟོད་པ་ལ་སྦྱོར་བ་དང་། གང་བཟོད་པའི་དབང་པོ་ཅན་ལ་སྦྱིན་པ་ལ་སྦྱོར་བ་དང་། གང་ཚུལ་ཁྲིམས་ཀྱི་དབང་པོ་ཅན་ལ་བཟོད་པ་ལ་སྦྱོར་བ་དང་། གང་བཟོད་པའི་
དབང་པོ་ཅན་ལ་ཚུལ་ཁྲིམས་ལ་སྦྱོར་བ་དང་། གང་སྦྱིན་པའི་དབང་པོ་ཅན་ལ་བརྩོན་འགྲུས་ལ་སྦྱོར་བ་དང་། གང་བརྩོན་འགྲུས་ཀྱི་དབང་པོ་ཅན་ལ་སྦྱིན་པ་ལ་སྦྱོར་བ་དང་། གང་ཚུལ་ཁྲིམས་ཀྱི་དབང་པོ་ཅན་ལ་བརྩོན་འགྲུས་ལ་སྦྱོར་བ་དང་། གང་བརྩོན་འགྲུས་ཀྱི་དབང་
པོ་ཅན་ལ་ཚུལ་ཁྲིམས་ལ་སྦྱོར་བ་དང་། གང་བཟོད་པའི་དབང་པོ་ཅན་ལ་བརྩོན་འགྲུས་ལ་སྦྱོར་བ་དང་། གང་བརྩོན་འགྲུས་ཀྱི་དབང་པོ་ཅན་ལ་བཟོད་པ་ལ་སྦྱོར་བ་དང་། གང་བརྩོན་འགྲུས་ཀྱི་དབང་པོ་ཅན་ལ་བསམ་གཏན་ལ་སྦྱོར་བ་དང་། གང་བསམ་གཏན་གྱི་དབང་པོ་
ཅན་ལ་བརྩོན་འགྲུས་ལ་སྦྱོར་བ་དང་། གང་བསམ་གཏན་གྱི་དབང་པོ་ཅན་ལ་སྦྱིན་པ་ལ་སྦྱོར་བ་དང་། གང་སྦྱིན་པའི་དབང་པོ་ཅན་ལ་བསམ་གཏན་ལ་སྦྱོར་བ་དང་། གང་བསམ་གཏན་གྱི་དབང་པོ་ཅན་ལ་ཚུལ་ཁྲིམས་ལ་སྦྱོར་བ་དང་། གང་ཚུལ་ཁྲིམས་ཀྱི་དབང་པོ་ཅན་ལ་
เล่ม ๙๓ · หน้า 139b
བསམ་གཏན་ལ་སྦྱོར་བ་དང་། གང་བསམ་གཏན་གྱི་དབང་པོ་ཅན་ལ་བཟོད་པ་ལ་སྦྱོར་བ་དང་། གང་བཟོད་པའི་དབང་པོ་ཅན་ལ་བསམ་གཏན་ལ་སྦྱོར་བ་དང་། གང་ཤེས་རབ་ཀྱི་དབང་པོ་ཅན་ལ་སྦྱིན་པ་ལ་སྦྱོར་བ་དང་། གང་སྦྱིན་པའི་དབང་པོ་ཅན་ལ་ཤེས་རབ་ལ་སྦྱོར་བ་དང་། གང་
ཤེས་རབ་ཀྱི་དབང་པོ་ཅན་ལ་ཚུལ་ཁྲིམས་ལ་སྦྱོར་བ་དང་། གང་ཚུལ་ཁྲིམས་ཀྱི་དབང་པོ་ཅན་ལ་ཤེས་རབ་ལ་སྦྱོར་བ་དང་། གང་ཤེས་རབ་ཀྱི་དབང་པོ་ཅན་ལ་བཟོད་པ་ལ་སྦྱོར་བ་དང་། གང་བཟོད་པའི་དབང་པོ་ཅན་ལ་ཤེས་རབ་ལ་སྦྱོར་བ་དང་། གང་ཤེས་རབ་ཀྱི་དབང་པོ་
ཅན་ལ་བརྩོན་འགྲུས་ལ་སྦྱོར་བ་དང་། གང་བརྩོན་འགྲུས་ཀྱི་དབང་པོ་ཅན་ལ་ཤེས་རབ་ལ་སྦྱོར་བ་དང་། གང་ཤེས་རབ་ཀྱི་དབང་པོ་ཅན་ལ་བསམ་གཏན་ལ་སྦྱོར་བ་དང་། གང་བསམ་གཏན་གྱི་དབང་པོ་ཅན་ལ་ཤེས་རབ་ལ་སྦྱོར་བ་དེ་དག་ཀྱང་མཁྱེན་ཏོ། །གང་ཡང་
དྲན་པ་ཉེ་བར་གཞག་པའི་དབང་པོ་ཅན་ལ་ཡང་དག་པའི་སྤོང་བ་ལ་སྦྱོར་བ་དང་། གང་ཡང་དག་པའི་སྤོང་བའི་དབང་པོ་ཅན་ལ་དྲན་པ་ཉེ་བར་གཞག་པ་ལ་སྦྱོར་བ་ཞེས་པ་ལ་སོགས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་སྦྱར་བར་བྱའོ། །གང་ཡང་
ནང་སྟོང་པ་ཉིད་ཀྱི་དབང་པོ་ཅན་ལ་ཕྱི་སྟོང་པ་ཉིད་ལ་གནས་ཞེས་བྱ་བ་ལ་སོགས་པས། སྟོང་པ་ཉིད་ཐམས་ཅད་ལ་སྦྱར་བར་བྱའོ། །གང་ཡང་ཉན་ཐོས་ཀྱི་དབང་པོ་ཅན་ལ་རང་བྱང་ཆུབ་ལ་སྦྱོར་བ་དང་། གང་རང་བྱང་ཆུབ་ཀྱི་དབང་པོ་ཅན་ལ་ཉན་ཐོས་སུ་སྦྱོར་བ་ཅན་དང་།
གང་ཉན་ཐོས་ཀྱི་དབང་པོ་ཅན་ལ་རང་སངས་རྒྱས་སུ་སྦྱོར་བ་ཅན་དང་། གང་རང་སངས་རྒྱས་ཀྱི་དབང་པོ་ཅན་ལ་ཉན་ཐོས་སུ་སྦྱོར་བ་ཅན་དང་། གང་རང་བྱང་ཆུབ་ཀྱི་དབང་པོ་ཅན་ལ་སངས་རྒྱས་སུ་སྦྱོར་བ་ཅན་དང་། གང་སངས་རྒྱས་ཀྱི་དབང་པོ་ཅན་ལ་རང་བྱང་ཆུབ་ལ་སྦྱོར་བ་ཅན་
དང་། གང་འཁོར་བའི་དབང་པོ་ཅན་ལ་འབྱུང་བ་ལ་སྦྱོར་བ་ཅན་དང་། གང་འབྱུང་བའི་དངོས་པོ་ཅན་ལ་འཁོར་བར་སྦྱོར་བ་ཅན་དེ་དག་ཐམས་ཅད་མཁྱེན་ནས་དེ་དག་དང་འཚམ་པར་ཆོས་སྟོན་ཏོ། །འདི་ནི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པའི་སྟོབས་སོ། །
เล่ม ๙๓ · หน้า 140a
ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་འདི་ལ་དེ་བཞིན་གཤེགས་པས་ཡང་དག་པ་ཉིད་དུ་ངེས་པར་ཤེས་པའི་སེམས་ཅན་གྱི་ཁམས་དང་། ལོག་པ་ཉིད་དུ་ངེས་པ་དང་། མ་ངེས་པའི་སེམས་ཅན་གྱི་ཁམས་རབ་ཏུ་
མཁྱེན་ཏོ། །དེ་ལ་ཡང་དག་པ་ཉིད་དུ་ངེས་པ་དང་མ་ངེས་པ་རྣམས་དང་མཐུན་པའི་ལམ་ཡང་མཁྱེན་ཏོ། །ལོག་པ་ཉིད་དུ་ངེས་པ་རྣམས་ནི་བཏང་སྙོམས་སུ་བྱ་བ་དང་མཐུན་པར་མཁྱེན་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་གི་དོན་དུ་གོ་ཆ་གྱོན་ཏོ། །འདོད་ཆགས་ཀྱི་ལམ་
རྣམ་པ་གསུམ་ཡང་མཁྱེན་ཏེ། །འདོད་ཆགས་ཀྱི་ལམ་སྡུག་པའི་རྣམ་པ་ལས་བྱུང་བ་ཡང་ཡོད། འདོད་ཆགས་ཀྱི་ལམ་རྗེས་སུ་ཆགས་པའི་རྣམ་པ་ལས་བྱུང་བ་ཡང་ཡོད། འདོད་ཆགས་ཀྱི་ལམ་སྔོན་གྱི་ཚེ་རབས་ལ་གོམས་པའི་སྟོབས་ལས་བྱུང་བ་ཡང་ཡོད། ཞེ་སྡང་
གི་ལམ་ཀུན་ནས་མནར་སེམས་ཀྱི་གཞི་ལས་བྱུང་བ་ཡང་ཡོད། མཚན་མ་ལས་བྱུང་བའི་ཁོང་ཁྲོ་བ་དེ་ལྟ་བུ་ཡང་ཡོད། སྔོན་གྱི་རྒྱུ་ལས་བྱུང་བ་ཡང་ཡོད། གཏི་མུག་གི་ལམ་ལ་རིག་པའི་རྒྱུ་ལས་བྱུང་བ་ཡང་ཡོད། འཇིག་ཚོགས་ལ་ལྟ་བའི་རྒྱུ་ལས་བྱུང་བ་ཡང་ཡོད།
ཐེ་ཚོམ་གྱི་རྒྱུ་ལས་བྱུང་བ་ཡང་ཡོད་པར་རབ་ཏུ་མཁྱེན་ཏོ། །དེ་ལ་མངོན་པར་ཤེས་པ་སླ་ལ་བུལ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་དཀའ་ལ་མྱུར་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་སླ་ལ་མྱུར་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་དཀའ་ལ་བུལ་བའི་
ལམ་ཡང་ཡོད། སོ་སོར་བརྟགས་པའི་སྟོབས་རྫོགས་པར་བྱེད་ལ། བསྒོམ་པའི་སྟོབས་མ་ཡིན་པའི་ལམ་ཡང་ཡོད། བསྒོམ་པའི་སྟོབས་རྫོགས་པར་བྱེད་ལ་སོ་སོར་བརྟགས་པའི་སྟོབས་མ་ཡིན་པའི་ལམ་ཡང་ཡོད། གཉི་ག་རྫོགས་པར་བྱེད་པའི་ལམ་ཡང་ཡོད། གཉི་ག་
རྫོགས་པར་མི་བྱེད་པ་ཡང་ཡོད། བསམ་པ་ཕུན་སུམ་ཚོགས་ལ་སྦྱོར་བ་ཕུན་སུམ་ཚོགས་པ་མ་ཡིན་པའི་ལམ་ཡང་ཡོད། སྦྱོར་བ་ཕུན་སུམ་ཚོགས་ལ་བསམ་པ་ཕུན་སུམ་ཚོགས་པ་མ་ཡིན་པའི་ལམ་ཡང་ཡོད། གཉི་ག་ཕུན་སུམ་ཚོགས་པ་ཡང་ཡོད། གཉི་ག་
เล่ม ๙๓ · หน้า 140b
ཕུན་སུམ་ཚོགས་པ་མ་ཡིན་པའི་ལམ་ཡང་ཡོད། ལུས་དག་པར་བྱེད་ལ་ངག་དང་སེམས་དག་པར་མི་བྱེད་པའི་ལམ་ཡང་ཡོད། ངག་དག་པར་བྱེད་ལ་ལུས་དང་སེམས་དག་པར་མི་བྱེད་པ་ཡང་ཡོད། ཡིད་དག་པར་བྱེད་ལ་ལུས་དང་ངག་དག་པར་མི་བྱེད་པ་ཡང་ཡོད། ལུས་དང་ངག་
དག་པར་བྱེད་ལ་སེམས་དག་པར་མི་བྱེད་པ་ཡང་ཡོད། གང་དག་སེམས་དག་པར་བྱེད་ལ་ལུས་དག་པར་མི་བྱེད་པ་ཡང་ཡོད། ལུས་དང་སེམས་དག་པར་བྱེད་ལ་ངག་དག་པར་མི་བྱེད་པ་ཡང་ཡོད། ལུས་དང་ངག་དག་པར་བྱེད་ལ་ཡིད་དག་པར་མི་བྱེད་པ་ཡང་ཡོད།
ཐམས་ཅད་དག་པར་མི་བྱེད་པ་ཡང་ཡོད། འདིར་སྡུག་བསྔལ་ལ་ཕ་རོལ་དུ་བདེ་བར་འགྱུར་བའི་ལམ་ཡང་ཡོད། འདིར་བདེ་བ་ལ་ཕ་རོལ་དུ་སྡུག་བསྔལ་བར་འགྱུར་བ་ཡང་ཡོད། གཉི་གར་སྡུག་བསྔལ་བར་འགྱུར་བ་ཡང་ཡོད། གཉི་གར་བདེ་བར་འགྱུར་བ་ཡང་ཡོད།
བདག་ལ་ཕན་ལ་གཞན་ལ་ཕན་པར་མི་འགྱུར་བའི་ལམ་ཡང་ཡོད། གཞན་ལ་ཕན་ལ་བདག་ལ་ཕན་པར་མི་འགྱུར་བ་ཡང་ཡོད། གཉི་ག་ལ་ཕན་པར་འགྱུར་བ་ཡང་ཡོད། གཉི་ག་ལ་ཕན་པར་མི་འགྱུར་བ་ཡང་ཡོད། འདོད་པའི་ཁམས་ཀྱི་འབྲས་བུའི་ལམ་ཡང་
ཡོད། འདོད་པ་ལ་འདོད་ཆགས་ཀྱི་གཉེན་པོ་ཡང་ཡོད། གཟུགས་ཀྱི་ཁམས་ཀྱི་འབྲས་བུའི་ལམ་ཡང་ཡོད། གཟུགས་ཀྱི་འདོད་ཆགས་ཀྱི་གཉེན་པོ་ཡང་ཡོད། གཟུགས་མེད་པའི་ཁམས་ཀྱི་འབྲས་བུའི་ལམ་ཡང་ཡོད། གཟུགས་མེད་པའི་འདོད་ཆགས་ཀྱི་གཉེན་པོ་
ཡང་ཡོད། སྲིད་པའི་འབྲས་བུ་ཡང་ཡོད། འབྱུང་བའི་འབྲས་བུ་ཡང་ཡོད། ཉན་ཐོས་ཀྱི་འབྲས་བུར་འགྱུར་བ་ཡང་ཡོད། རང་བྱང་ཆུབ་ཀྱི་འབྲས་བུར་འགྱུར་བ་ཡང་ཡོད། སངས་རྒྱས་ཀྱི་འབྲས་བུར་འགྱུར་བ་ཡང་ཡོད། ངེས་པ་ཡང་ཡོད། མ་ངེས་པ་ཡང་ཡོད།
ཉེས་པར་སྤྱོད་པའི་གཉེན་པོར་འགྱུར་བ་ཡང་ཡོད། ཀུན་ནས་ལྡང་བའི་གཉེན་པོར་གྱུར་པ་ཡང་ཡོད། བག་ལ་ཉལ་གྱི་གཉེན་པོར་གྱུར་པ་ཡང་ཡོད། འདོད་ཆགས་ཀྱི་གཉེན་པོར་གྱུར་པ་ཡང་ཡོད། ཞེ་སྡང་གི་གཉེན་པོར་གྱུར་པ་ཡང་ཡོད། གཏི་མུག་གི་གཉེན་
เล่ม ๙๓ · หน้า 141a
པོར་གྱུར་པ་ཡང་ཡོད། ང་རྒྱལ་གྱི་གཉེན་པོར་གྱུར་པ་ཡང་ཡོད། ལྟ་བའི་གཉེན་པོར་གྱུར་པ་ཡང་ཡོད། ཞི་གནས་སྒྲུབ་པ་ཡང་ཡོད། ལྷག་མཐོང་སྒྲུབ་པ་ཡང་ཡོད། ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་ཡང་ཡོད། བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་
སྒྲུབ་པ་ཡང་ཡོད། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྒྲུབ་པ་ཡང་ཡོད། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པ་སྒྲུབ་པ་ཡང་ཡོད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྒྲུབ་པར་བྱེད་པ་ཡང་ཡོད། ས་ཡོངས་སུ་སྦྱོང་བ་སྒྲུབ་པ་ཡང་ཡོད། མངོན་
པར་ཤེས་པ་སྒྲུབ་པ་ཡང་ཡོད། དབང་སྒྲུབ་པ་ཡང་ཡོད། བསོད་ནམས་ཀྱི་ཚོགས་ཡོངས་སུ་སྒྲུབ་པ་ཡང་ཡོད། ཡེ་ཤེས་ཀྱི་ཚོགས་སྒྲུབ་པ་ཡང་ཡོད་པར་རབ་ཏུ་མཁྱེན་ཏེ། འདི་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་སོ། །བསམ་གཏན་དང་། རྣམ་པར་
ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་ལྡན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་དེ་ལ་བསམ་གཏན་དང་པོ་ལ་སོགས་པ་བསམ་གཏན་བཞི་པོ་དག་དང་། རྣམ་པར་ཐར་པ་བརྒྱད་པོ་
དག་དང་། རྟོག་པ་དང་བཅས། དཔྱོད་པ་དང་བཅས་པ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་པོ་དག་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་དག་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དག་དང་། དེ་དག་གི་ཀུན་ནས་ཉོན་མོངས་པ་གང་
ཡིན་པ་དང་། ཀུན་ནས་ཉོན་མོངས་པའི་རྒྱུ་གང་ཡིན་པ་དང་། རྣམ་པར་བྱང་བ་གང་ཡིན་པ་དང་། རྣམ་པར་བྱང་བའི་རྒྱུ་གང་ཡིན་པ་དང་། དེ་དག་ལས་ལྡང་བའི་རྒྱུ་གང་ཡིན་པ་དེ་དག་ཐམས་ཅད་རབ་ཏུ་མཁྱེན་ཏོ། །དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། སྲིད་པའི་
དོན་དུ་ཡོངས་སུ་བསྔོ་བ་དང་། ལྟ་བ་སྣ་ཚོགས་དང་ལྡན་པ་དང་། རོ་མྱོང་བར་བྱེད་པ་དང་ལྡན་པ་དང་། དམིགས་པ་ཡིད་ལ་བྱེད་པའི་དབང་གིས་བསམ་གཏན་ལ་སོགས་པའི་ཀུན་ནས་ཉོན་མོངས་པར་འགྱུར་རོ། །བསམ་གཏན་གྱི་ཡན་ལག་ལ་སྙོམས་པར་ཞུགས་
เล่ม ๙๓ · หน้า 141b
ནས་མཐོང་ངམ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རམ། མངོན་པར་ཤེས་པ་སྒྲུབ་པའམ། མི་དམིགས་པ་ཡིད་ལ་བྱེད་པ་བསམ་གཏན་ལ་སོགས་པ་རྣམ་པར་བྱང་བར་འགྱུར་རོ། །ལྡང་བ་ནི་སེང་གེ་རྣམ་པར་བསྒྱིངས་པའམ། ཐོད་རྒལ་དུ་སྙོམས་པར་འཇུག་
པས་ལུགས་དང་མཐུན་པའམ། ལུགས་ལས་བཟློག་པ་ལ་སོགས་པའི་དབང་གིས་འགྱུར་ཏེ། འདི་ལ་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ལ་ཡང་སྙོམས་པར་འཇུག་པ་ལ་རྟག་ཏུ་མཉམ་པར་གཞག་པ་ཡང་ཡིན་ནོ། །ཏིང་ངེ་འཛིན་གཅིག་ཏུ་ཡང་ཏིང་ངེ་འཛིན་ཐམས་ཅད་ལ་
སྙོམས་པར་འཇུག་ཅིང་བཞེངས་སོ། །ཏིང་ངེ་འཛིན་ཐམས་ཅད་ཀྱི་ནང་དུ་ཏིང་ངེ་འཛིན་གཅིག་སྟོན་ཅིང་བཞེངས་ཏེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །ཏིང་ངེ་འཛིན་གཅིག་གིས་ཀྱང་ཏིང་ངེ་འཛིན་ཐམས་ཅད་ཀྱི་བྱ་བ་རྣམས་མཛད་དོ། །ཏིང་ངེ་འཛིན་མང་པོས་ཏིང་ངེ་
འཛིན་གཅིག་གི་བྱ་བ་མཛད་དོ། །ཏིང་ངེ་འཛིན་ཐམས་ཅད་ལ་བཞེངས་པ་གཅིག་སྟོན་ཏོ། །ཏིང་ངེ་འཛིན་སྣ་ཚོགས་ལས་བཞེངས་པ་སྣ་ཚོགས་སྟོན་ཏོ། །བཞེངས་པ་སྣ་ཚོགས་ལས་ཏིང་ངེ་འཛིན་གཅིག་སྟོན་ཏོ་ཞེས་བྱ་བ་ལ་སོགས་པ་ཡང་མདོ་ལས་ཇི་སྐད་དུ་འབྱུང་བ་
བཞིན་དུ་གཟུང་བར་བྱ་སྟེ། འདི་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། ལྷའི་མིག་གིས་མངོན་པར་ཤེས་པ་མཁྱེན་པའི་སྟོབས་དང་། ཟག་པ་
ཟད་པ་མཁྱེན་པའི་སྟོབས་ཀྱང་གཞུང་ཉིད་ལས་འབྱུང་བ་བཞིན་དུ་གཟུང་བར་བྱའོ།། །།བམ་པོ་བཅུ་བཞི་པ། མི་འཇིགས་པ་བཞི་སྟེ་ཞེས་བྱ་བ་ལ། དང་པོ་དང་གཉིས་པ་ནི་རང་གི་དོན་ལས་བརྩམས་པའོ། །གསུམ་པ་དང་བཞི་པ་ནི་གཞན་གྱི་དོན་ལས་བརྩམས་
པའོ། །དགེ་སྦྱོང་དང་བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཀྱིས་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར། དགེ་སྦྱོང་དང་བྲམ་ཟེ་སྨོས་སོ། །ལྷའི་མིག་དང་ཕ་རོལ་གྱི་སེམས་ཤེས་པ་ལ་སོགས་པ་ཕུན་སུམ་ཚོགས་པའི་ཕྱིར་ལྷ་དང་། བདུད་སྨོས་སོ། །རྫུ་འཕྲུལ་དང་མཐུ་ཆེ་
เล่ม ๙๓ · หน้า 142a
བའི་ཕྱིར་ཚངས་པ་རྣམས་སྨོས་སོ། །རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ནི་དེ་དག་གིས་བརྒལ་བའི་རྒྱུར་འགྱུར་བ་འགལ་བ་དེ་ཅུང་ཟད་ཀྱང་མི་མཐོང་ཞེས་བྱ་བའི་ཐ་ཚིག་གོ། །བདེ་བ་ཐོབ་ཅེས་བྱ་བ་ནི་ལུས་ཀྱི་སྤུ་ཟིང་ཞེས་བྱེད་པ་དང་། བག་
འཁུམས་པ་ལ་སོགས་པ་མེད་པར་བསྟན་ཏོ། །དེའི་དབང་གིས་ཅང་ཤེས་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེས་ཏེ། སྐུའི་ཕྲིན་ལས་རྣམ་པར་དག་པའི་ཕྱིར་རོ། །བག་ཚ་བ་མེད་པར་ཐོབ་ཅེས་བྱ་བ་ནི་གསུང་ལ་ཞུམ་པ་དང་། དམན་པར་གྱུར་པ་ལ་སོགས་པ་མེད་པར་
བསྟན་ཏོ། །དེའི་དབང་གིས་སེང་གེ་བཞིན་དུ་སྒྲོག་སྟེ། གསུང་གི་ཕྲིན་ལས་རྣམ་པར་དག་པའི་ཕྱིར་རོ། །མི་འཇིགས་པ་ཐོབ་ཅེས་བྱ་བ་ནི་ཐུགས་ལ་དོགས་པ་དང་། ཞུམ་པ་ལ་སོགས་པ་མེད་པར་བསྟན་ཏོ། །དེའི་དབང་གིས་ཚངས་པ་བཞིན་དུ་འཁོར་ལོ་བསྐོར་ཏེ།
ཐུགས་ཀྱི་ཕྲིན་ལས་རྣམ་པར་དག་པའི་ཕྱིར་རོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསུང་རབ་ཏུ་རྟོགས་པ་ཚིག་གི་ཚོགས་དང་། མིང་གི་ཚོགས་དང་།
ཡི་གེའི་ཚོགས་ཀྱི་བདག་ཉིད་ཀྱི་གཞུང་མང་པོ་སྟེ། འདིས་ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་བའམ། ཆོས་སོ་སོ་ཡང་དག་པར་རིག་པའི་ཕྱིར་སོ་སོ་ཡང་དག་པར་རིག་པའོ། །དོན་ཅེས་བྱ་བ་ནི་བརྗོད་པར་བྱ་བའི་ཚོགས་ཏེ། དེ་ཤེས་པ་ནི་དོན་སོ་སོ་ཡང་དག་པར་
རིག་པའོ། །ཡང་ན་རྒྱུ་དང་རྐྱེན་གྱི་ཆོས་ཐམས་ཅད་ནི་ཆོས་ཏེ། དེ་དག་ཤེས་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་འབྲས་བུའི་ཆོས་རྣམས་ཤེས་པ་ནི། དོན་སོ་སོ་ཡང་དག་པར་རིག་པའོ། །ཡང་ན་རྣམ་པར་སྨིན་པ་དང་བཅས་པའི་ཆོས་དགེ་བ་
དང་མི་དགེ་བའི་ཆོས་ཐམས་ཅད་ནི་ཆོས་ཏེ། དེ་དག་ཤེས་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །སྒྲིབ་པ་དང་མི་སྒྲིབ་པ་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་ནི་དོན་ཏེ། དོན་དེ་དག་ཤེས་པ་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །ཡང་ན་ཀུན་འབྱུང་བ་དང་། ལམ་གྱི་
เล่ม ๙๓ · หน้า 142b
བདེན་པར་རྟོགས་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཕྱོགས་ཀྱི་ཆོས་ཐམས་ཅད་ནི་ཆོས་ཏེ། དེ་དག་ཤེས་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །སྡུག་བསྔལ་གྱི་བདེན་པ་དང་། འགོག་པའི་བདེན་པར་གཏོགས་པའི་ཆོས་ཐམས་ཅད་ནི་དོན་ཏེ། དེ་དག་
ཤེས་པ་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །ཡང་ན་གདུལ་བ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། སྤྱོད་པ་དང་། མོས་པ་དང་། དབང་པོ་ལ་སོགས་པ་ཐམས་ཅད་ནི་ཆོས་ཏེ། དེ་དག་ཤེས་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །མགོ་སྨོས་པ་དང་།
རྣམ་པར་སྤྲོས་པ་གོ་བ་དང་། དྲང་དགོས་པ་དང་། ཚིག་ལྷུར་ལེན་པ་དང་། ཉོན་མོངས་པ་ཆེ་བ་དང་། ཆུང་བ་དང་། དབང་པོ་རྣོ་བ་དང་། རྟུལ་བ་དང་། སྐལ་བ་ཡོད་པ་དང་། སྐལ་བ་མེད་པ་ལ་སོགས་པའི་གདུལ་བ་རྣམས་ནི་དོན་ཏེ། །དེ་དག་ཤེས་པ་ནི་དོན་སོ་སོ་
ཡང་དག་པར་རིག་པའོ། །ངེས་པའི་ཚིག་ཅེས་བྱ་བ་ནི་འཇིག་རྟེན་ན་གྲགས་པ་མིང་གི་ཚོགས་ལ་སོགས་པ་རྣམ་པ་མང་པོ་དེ་དག་ཉིད་ཀྱི་ཚིག་ངེས་པ་ལ་ངེས་པའི་ཚིག་ཅེས་བྱའོ། །ཡང་ན་གླིང་ཆེན་པོ་བཅྭ་བརྒྱད་ན་གནས་པ་དང་། ཡུལ་ཆེན་པོ་བཅུ་དྲུག་དག་ན་གནས་པ་དང་།
མཐའ་འཁོབ་དགུ་བཅུ་རྩ་བརྒྱད་ན་གནས་པ་དང་། ཡུལ་གྱི་དབུས་སུ་གཏོགས་པའི་མི་ཐམས་ཅད་དང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དང་། ཡི་དགས་དང་། སེམས་ཅན་དམྱལ་བ་ཐམས་ཅད་དང་། ལྷ་མ་ཡིན་དང་། ཀླུ་དང་། དྲི་ཟ་དང་། མི་འམ་ཅི་
ཐམས་ཅད་དང་། གྲུབ་པ་དང་། རིག་སྔགས་འཆང་དང་། རོལ་མོ་བྱེད་ཅིང་རྒྱུ་བ་ལ་སོགས་པ་དང་རྒྱལ་ཆེན་བཞིའི་རིས་དང་། སུམ་ཅུ་རྩ་གསུམ་ལ་སོགས་པ་འདོད་པའི་ཁམས་ཀྱི་ལྷ་རྣམས་དང་། བདུད་ཀྱི་རིས་ཐམས་ཅད་དང་། ཚངས་པ་དང་། གནས་གཙང་མའི་
རིས་ཀྱི་ལྷ་ཐམས་ཅད་ཀྱི་སྔགས་འཆང་དང་། བརྗོད་པ་གང་ཡིན་པ་ཐམས་ཅད་ནི་ངེས་པའི་ཚིག་གི་ཆོས་ཏེ། དེ་དག་ཤེས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཤེས་པ་རྣམ་པ་གསུམ་པོ་དེ་དག་ཉིད་ཤེས་པ་གང་ཡིན་པ་དེ་ནི། སྤོབས་པ་སོ་སོ་
เล่ม ๙๓ · หน้า 143a
ཡང་དག་པར་རིག་པའོ། །གདུལ་བ་དེ་དག་ཉིད་ཀྱི་བསམ་པ་དང་། བག་ལ་ཉལ་དང་མཐུན་པར་ཆོས་རྣམས་ཡང་དག་པར་སྟོན་པ་དང་། ཤེས་པར་བྱེད་པ་དང་། ཁོང་དུ་ཆུད་པར་བྱེད་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །བྱང་ཆུབ་
སེམས་དཔའ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་རྒྱུན་མ་ཆད་པར་འབྱུང་བ་དག་ཆོས་སོ་སོ་ཡང་དག་པར་རིག་པས་སྐད་ཅིག་གཅིག་ཁོ་ན་ལས་ཡང་དག་པར་འཛིན་ཏོ། །དོན་སོ་སོ་ཡང་དག་པར་རིག་པས་ནི་སྐད་ཅིག་དེ་ཉིད་ལ་ཆོས་དེ་དག་གི་དོན་
ཀྱང་འཛིན་ཏོ། །སྐད་ཅིག་དེ་ཉིད་ལ། འཇིག་རྟེན་གྱི་ཁམས་སྣ་ཚོགས་ན། གདུལ་བ་སྣ་ཚོགས་ཀྱི་ངེས་པའི་ཚིག་རྣམས་སྣ་ཚོགས་ཀྱིས་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ཆོས་སྟོན་ཏོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་ནི་འདུལ་བ་དེ་རྣམས། ཆོས་ཉིད་
མངོན་སུམ་དུ་འཛིན་དུ་འཛུད་དོ།།སངས་རྒྱས་ཀྱི་ཆོས་མ་འདྲས་པ་བཅོ་བརྒྱད་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ལ་འཁྲུལ་བ་མི་མངའོ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་མཛད་པ་རྣམས་ལ་འཁྲུལ་པ་མི་མངའ་བ་སྟེ། ཇི་ལྟར་འདི་ནི་དགྲ་བཅོམ་པ་རྣམས་གྲོང་ལ་སོགས་
པར་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན། གླང་པོ་ཆེ་དང་། རྟ་དང་། བ་གླང་དང་། ཁྱི་གཏུམ་པོ་དང་། ཚེར་མ་དང་། སྡིག་སྦྲུལ་ལ་སོགས་པའི་གདོན་པ་རྣམས་འབྱུང་བ་དང་། དགོན་པ་ན་ཆོམ་རྐུན་དང་། སྟག་དང་། གཟིག་གི་འཇིགས་པ་འབྱུང་བ་མི་ཤེས་པ་ལས་གྱུར་པའི་
འཁྲུལ་པ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའོ། །དེ་བཞིན་གཤེགས་པ་ནི་བསྙེལ་བ་མི་མངའ་བའི་ཆོས་ཅན་ཏེ། བརྟགས་ན་སྐྱོན་མི་མངའ་བ་ཉིད་དུ་སེམས་ཅན་ལ་མཛད་པ་རྩོམ་མོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ལམ་ནི་འཇིག་རྟེན་ལ་
མཛེས་སོ། །ཀུན་ཏུ་གཟིགས་པ་དང་། རྣམ་པར་གཟིགས་པ་དང་། བསྐུམ་པ་དང་། བརྐྱང་བ་ལ་སོགས་པ་ནི་མི་དང་། ལྷ་དང་། ཚངས་པ་ཐམས་ཅད་དང་། དུད་འགྲོ་ཐམས་ཅད་ཀྱང་ཚིམ་པར་བྱེད་པ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་བཞུད་པ་དང་། བྱོན་པ་ལ་སོགས་པ་
เล่ม ๙๓ · หน้า 143b
ཐམས་ཅད་ན་ཞབས་གཉིས་ཀྱི་མཐིལ་ས་ལ་མི་རེག་གོ། །འཁོར་ལོ་རྩིབས་སྟོང་དང་ལྡན་པའི་རྗེས་ས་ལ་འབྱུང་ངོ་། །གང་དུ་དེ་བཞིན་གཤེགས་པའི་ཞབས་བོར་བ་དེར་པདྨོ་ཡིད་དུ་འོང་བ། བསུང་དང་ལྡན་པ་དག་འབྱུང་ངོ་། །ཞབས་ཀྱིས་དུད་འགྲོ་ལ་རེག་ན་ཡང་ཞག་བདུན་
དུ་བདེ་བ་མཆོག་གིས་ཚིམ་པར་གྱུར་ཏེ། ཤི་འཕོས་ན་ཡང་བདེ་འགྲོ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་ལ་ན་བཟའ་སོར་བཞིར་མི་རེག་ཅིང་། རྣམ་པར་འཐོར་རླུང་གིས་ཀྱང་བསྐྱོད་པར་མི་ནུས་སོ། །སྐུའི་འོད་ཀྱིས་ཀྱང་མནར་མེད་པ་ལ་ཐུག་པའི་
བར་གྱི་སེམས་ཅན་རྣམས་བདེ་བ་དག་ཐོབ་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་ལ་འཁྲུལ་པ་མི་མངའོ་ཞེས་བྱའོ། །གསུང་ལ་ཡང་འཁྲུལ་པ་མི་མངའ་སྟེ། དུས་སུ་གསུང་བ་དང་། བདེན་པར་གསུང་བ་དང་། སྙན་པར་གསུང་བ་དང་། མ་ནོར་བར་གསུང་
བའི་ཕྱིར། གསུང་སྐྱོན་ཐམས་ཅད་དང་བྲལ་བ་སྟེ། ཟློས་བུར་མི་གསུང་བ་དང་། ཤིན་ཏུ་ངེས་པར་གསུང་བ་དང་། རིགས་པ་དང་ལྡན་པར་གསུང་བ་དང་། གསུང་གཅིག་བརྗོད་པས་སྐད་ཅིག་གཅིག་ལ་སེམས་ཅན་ཐམས་ཅད་ཀྱིས་གོ་བར་མཛད་པའི་ཕྱིར་རོ། །ཐུགས་ལ་
ཡང་འཁྲུལ་པ་མི་མངའ་སྟེ། རྟག་ཏུ་མཉམ་པར་གཞག་པ་དང་། བསྙེལ་བ་མི་མངའ་བའི་ཆོས་ཅན་དང་། ཆོས་ཐམས་ཅད་ལ་ཆགས་པ་དང་། སྒྲིབ་པ་མི་མངའ་བར་མཁྱེན་ཅིང་གཟིགས་པ་དང་མཛད་པ་ཐམས་ཅད་ལ་རྟག་ཏུ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པའི་ཕྱིར་རོ། །
དེ་བས་ན་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་ཞེས་བྱ་སྟེ། འདི་ནི་མ་འདྲེས་པའི་ཆོས་དང་པོའོ། །ཅ་ཅོ་མི་མངའོ་ཞེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་དག་དགོན་པ་ན་ལམ་སྟོར་ནས་ཅ་ཅོའི་སྒྲ་འབྱིན་པ་འམ། བག་ཆགས་ཀྱི་དབང་གིས་གད་མོ་རྟ་གད་འབྱིན་པ་དང་།
ཚིག་ལ་ཡི་གེ་ལོག་པར་འབྱུང་བ་དེ་ལྟར་སངས་རྒྱས་རྣམས་ལ་ཅ་ཅོ་མི་མངའ་སྟེ། སེམས་ཅན་ཐམས་ཅད་དང་། ཆོས་ཐམས་ཅད་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མི་མངའ་བ་དང་། འཇིག་རྟེན་གྱི་ཆོས་ཐམས་ཅད་ལས་ཤིན་ཏུ་འདས་པ་དང་། རྟག་ཏུ་མཉམ་པར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด