ตัวบทไม่มีชื่อ — ประโยคแรก: འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๙๓ · หน้า 172b
བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྐྱེ་བ་མེད་དོ་ཞེས་བསྟན་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་འདིས་ན་བརྗོད་པ་ནི་སྐྱེ་བ་མེད་པ་སྟེ། སྤོབས་པ་ཡང་སྐྱེ་བ་མེད་ལ། ཆོས་ཀྱང་སྐྱེ་བ་མེད་དེ་གང་དག་ལས་བརྩམས་ཏེ་བརྗོད་པར་སྤོབས་པའི་ཆོས་དེ་དག་ཀྱང་
སྐྱེ་བ་མེད་པའོ་ཞེས་མཇུག་བསྡུས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་རང་བཞིན་གྱིས་སྟོང་པ་སྟེ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་བསྟན་པ་སྟེ། དེ་བས་ན་དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ་ཞེས་བྱ་བ་གསུངས་
སོ། །གལ་ཏེ་དེ་འགའ་ཞིག་ལ་གནས་ན་ནང་ངམ་ཕྱི་རོལ་ལམ། གཉི་ག་ལས་གཞན་འགའ་ཞིག་ལ་གནས་གྲང་ན། འདི་ལྟར་དེ་གསུམ་ཆར་ལ་ཡང་དོན་དམ་པར་མེད་དེ། དེ་བས་ན་མི་གནས་པའོ། །དེ་སྐད་བསྟན་ནས་གནས་པ་དང་མི་གནས་པ་དེ་ཉིད་ཀྱི་མཚན་
ཉིད་ལེགས་པར་རྒྱ་བསྐྱེད་དེ་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྤྱད་པའི་ཐབས་སྟོན་ཏེ། འཇིག་རྟེན་པ་ཡང་ཡོད་འཇིག་རྟེན་ལས་འདས་པ་ཡང་ཡོད་ཅེས་བྱ་བ་ལ་སོགས་པའོ། །འཇིག་རྟེན་ལས་མི་གཡོ་མི་འཕགས་མི་འདའ་ཞེས་པ་བྱ་དེ་ཀུན་བརྟགས་པ་ལས་ཞེས་བྱ་བའི་ཐ་ཚིག་སྟེ།
བཟོད་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབང་གིས་རྣམ་པ་གསུམ་མོ། །ལྷག་མ་ནི་དོན་གསལ་ལོ། །གང་དག་གིས་འཇིག་རྟེན་དུ་འགྱུར་བ་ཞེས་བྱ་བ་ལ་སོགས་པའི་ཚིག་བདུན་ནི་དེ་ལ་ཁ་ཅིག་ཏུ་ནི་འཇིག་རྟེན་གྱི་སྒྲ་ཕུང་པོ་ལྔ་ལ་བྱ། ཁ་ཅིག་ཏུ་ནི་སེམས་ཅན་གྱི་འཇིག་རྟེན།
ཁ་ཅིག་ཏུ་ནི་སྣོད་ཀྱི་འཇིག་རྟེན། ཁ་ཅིག་ཏུ་ནི་སོ་སོའི་སྐྱེ་བོའི་འཇིག་རྟེན། ཁ་ཅིག་ཏུ་ནི་འཁོར་བ། ཁ་ཅིག་ཏུ་ནི་ཀུན་བརྟགས་པའི་ཆོས་རྣམས། ཁ་ཅིག་ཏུ་ནི་འདོད་པའི་ཡོན་ཏན་ལྔ་རྣམས་ལ་བྱ་སྟེ། གང་དག་གིས་འཇིག་རྟེན་དུ་འགྱུར་བ་ཞེས་བྱ་བ་ནི་ཕུང་པོའི་འཇིག་
རྟེན་ནོ། །གང་དག་འཇིག་རྟེན་འགྲུབ་པར་བྱེད་པ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །གང་དག་འཇིག་རྟེན་དང་མཉམ་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་ཆོས་རྣམས་དང་མཉམ་པའོ། །གང་དག་གིས་འཇིག་རྟེན་གྱི་ཕྱིར་སྦྱིན་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་འཇིག་རྟེན་གྱི་ཕྱིར་སྦྱིན་
เล่ม ๙๓ · หน้า 173a
པའོ། །གང་དག་གིས་འཇིག་རྟེན་ལས་འབྱུང་བར་མི་འགྱུར་བ་ཞེས་བྱ་བ་ནི་འཁོར་བའི་འཇིག་རྟེན་ལས་སོ། །གང་དག་འཇིག་རྟེན་འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་འཇིག་རྟེན་ཏེ། འབྱུང་བ་ནི་འཕེལ་བའི་ཕྱིར་རོ། །གང་དག་འཇིག་རྟེན་དུ་
འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་དུ་སེམས་ཅན་གྱི་འཇིག་རྟེན་འབྱུང་ངོ་། །གང་དག་གིས་འཇིག་རྟེན་སྒྲོལ་བ་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །གང་དག་འཇིག་རྟེན་སེལ་བར་བྱེད་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་རྣམས་སོ། །འཇིག་རྟེན་
གྱིས་གང་དག་གིས་སྒྲོལ་བར་བྱེད་པ་ཞེས་བྱ་བ་ནི་འཕགས་པའི་གང་ཟག་གི་འཇིག་རྟེན་གྱིས་སོ། །གང་དག་འཇིག་རྟེན་མ་ཡིན་པར་འགྱུར་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པར་འགྱུར་བའོ། །གང་དག་གིས་འཇིག་རྟེན་ལས་འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་འཁོར་བའི་འཇིག་རྟེན་
ལས་འབྱུང་བའོ། །གང་དག་འཇིག་རྟེན་ལས་སྒྲོལ་བ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ལས་སོ། །གང་དག་འཇིག་རྟེན་དུ་སྒྲོལ་བར་བྱེད་པ་ཞེས་བྱ་བ་ནི་ཆོས་ཀྱི་འཇིག་རྟེན་རྣམས་སུའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཡང་
དག་པའི་ཚིག་བརྗོད་པས་དོན་ཉིད་ཡོངས་སུ་བཟུང་བ་ནི་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དམིགས་སུ་ཕེབས་སོ་ཞེས་བྱ་བ་ནི་ཤཱ་རིའི་བུའི་ཚིག་ལ་ཚིག་རྣམ་པ་གསུམ་གྱིས་རྗེས་སུ་ཡི་རང་བའི་ཚིག་སྟེ། ལེགས་ཤིང་རིགས་པས་དམིགས་སུ་ཕེབས་པར་དོན་ཡོངས་སུ་བཟུང་ངོ་ཞེས་སྟོན་ཏོ། །སེམས་
ཅན་མེད་པའི་ཕྱིར་ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །སེམས་ཅན་སྟོང་པ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །སེམས་ཅན་དབེན་པ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་པ་དབེན་པ་ཉིད་དུ་རིག་པར་བྱའོ། །སེམས་ཅན་ངོ་བོ་ཉིད་མེད་པའི་ཕྱིར་ཡིད་ལ་བྱེད་པ་ངོ་བོ་ཉིད་མེད་
པར་རིག་པར་བྱའོ། །སེམས་ཅན་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པའི་ཕྱིར་ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པར་རིག་པར་བྱའོ་ཞེས་བྱ་བ་ཡིད་ལ་བྱེད་པ་དེ་ལྔ་དེ་ལས་གཞན་པ་རྣམས་ལ་མེད་དེ་དེ་བས་ན་དེ་དག་བྱང་ཆུབ་སེམས་དཔའ་མ་ཡིན་ནོ་ཞེས་བསྟན་
เล่ม ๙๓ · หน้า 173b
པ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གནས་པ་འདི་དང་། ཡིད་ལ་བྱེད་པ་འདི་དང་མ་བྲལ་ལོ་ཞེས་བདག་སྨྲའོ་ཞེས་བསྟན་ཏོ། །དེ་ལྟར་རེ་ཞིག་ཆོ་འཕྲུལ་བསྟན་པ་དང་བཅས། འབྲས་བུ་བསྟན་པ་དང་བཅས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
འབྲིང་དུ་བཤད་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་མདོ་དང་འབྲིང་དང་རྒྱས་པ་རྣམ་པ་གསུམ་དུ་བསྟན་ཏོ་ཞེས་བཤད་དེ། དེ་ལ་འདུལ་བའི་དབང་གིས་མདོ་དང་འབྲིང་གི་ཚུལ་གཉིས་ནི་བསྟན་ཟིན་ཏོ། །འདི་མན་ཆད་
ནི་འདུལ་བའི་འགྲོ་བའི་ཡོངས་སུ་མ་སྨིན་པ་རྣམས་ཀྱི་ཐེ་ཚོམ་སྐྱེས་ཤིང་སྐྱེས་པ་རྣམས་བསལ་བས་ཡོངས་སུ་སྨིན་པར་བྱས་ནས་ཡོངས་སུ་སྨིན་པ་རྣམས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་བྱེད་པ་ཀུན་རྫོབ་དང་དོན་དམ་པའི་ཚུལ་རྣམ་པར་དབྱེ་བས་རྒྱས་པ་རྣམ་པ་གཉིས་སུ་བསྟན་ཏེ། དེ་
ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་པོ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་དང་། ལྷའི་བུ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལྷན་ཅིག་ཏུ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པས་ཅིའི་ཕྱིར་ལྷ་རྣམས་འདུས་པར་ཡང་བསྟན་
ལ། དེ་བཞིན་གཤེགས་པའི་མཐུ་བརྗོད་པའི་སྐབས་ནི་གང་ཡིན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་སྔོན་མ་བྱུང་བའི་ཕྱིར་སྔོན་མ་བྱུང་བའི་ཆོས་བསྟན་པའི་ལྟས་སུ་འཁོར་འདུས་པ་ཡང་མདོར་བསྟན་དགོས་སོ། །འོད་ཟེར་འབྱིན་ཅིང་འོད་བཀོད་པ་ཡང་
སྟོན་ཞེས་འབྱུང་བས་ན་ཆོས་བཤད་པའི་ལྟས་བསྟན་པའི་ཕྱིར་འོད་བསྟན་པ་མཛད་པར་རིག་པར་བྱའོ། །ཅིའི་ཕྱིར་ལྷའི་དབང་པོ་དེ་བཞིན་གཤེགས་པ་ལ་གསོལ་བ་མི་འདེབས་པར་གནས་བརྟན་རབ་འབྱོར་ལ་གསོལ་བ་འདེབས་ཤེ་ན། དེའི་ཚེ་འཁོར་རྣམས་ཉན་ཐོས་ཀྱིས་
བཤད་པར་འདུལ་བའི་ཕྱིར་དེ་ལྟར་དེ་ལ་གསོལ་བ་བཏབ་པའི་སྒོ་ནས་དེ་བཞིན་གཤེགས་པ་ལ་ཡང་གསོལ་བ་བཏབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་
เล่ม ๙๓ · หน้า 174a
ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཇི་ལྟར་བསླབ་པར་བྱ་ཞེས་དྲིས་པ་འདི་གསུམ་གྱི་ལན་ནི་འོག་ནས་སྟོན་ཏོ། །དེ་ལ་སྔར་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ནས་བརྩམས་ཏེ། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་ནས་འབྲིང་དུ་བཤད་པ་བསྟན་ཏོ། །འདིར་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་མི་རྟོག་པའི་ཕ་རོལ་
ཏུ་ཕྱིན་པ་བསྟན་ཏོ། །གང་དག་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ་ཞེས་བྱ་བ་ནི་གང་དག་ལོག་པ་ཉིད་དུ་ངེས་པ་དེ་དག་ནི་རེ་ཞིག་སྐལ་བ་མེད་པ་ཞེས་བྱའོ། །འོན་ཀྱང་གལ་ཏེ་དེ་དག་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ་ཞེས་བྱ་བ་ནི་བཤད་པ་འདི་དེ་དག་གི་རྣ་བར་ཐོས་ན་ཡང་དོན་མེད་པར་མི་འགྱུར་བས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་གྲངས་མེད་པའི་ཕ་རོལ་དུ། དེ་དག་སངས་རྒྱས་ཉིད་ལ་འཇུག་པར་
འགྱུར་རོ་ཞེས་ལུང་ལས་འབྱུང་བའི་ཕྱིར་རོ། །ཀཽ་ཤི་ཀ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་དྲིས་པ་རྣམ་པ་གསུམ་ལས་བར་མ་བསྟན་པ་ཡིན་ཡང་དང་པོར་བསྟན་པ་ནི་དེ་ལྟར་བསྟན་ན་གོ་སླ་བའི་
ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་དང་། བྱང་ཆུབ་སེམས་དཔའི་ས་ལ་ལམ་གྱི་རྣམ་པ་ཤེས་པའི་ཕྱོགས་ཡིན་མོད་ཀྱི་གཉི་ག་ཡང་འདིར་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཐོབ་པར་འདོད་པ་ལ་ལམ་གྱི་རྣམ་པ་ཤེས་པ་བསྟན་པར་བྱའོ། །དེ་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་ནི། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་གཟུགས་མི་རྟག་པར་ཡིད་ལ་
เล่ม ๙๓ · หน้า 174b
བྱའོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པ་དང་། ནད་དང་། འབྲས་དང་ཞེས་བྱ་བ་ལ་སོགས་པ་ཡིད་ལ་བྱེད་པ་བཅོ་ལྔ་བསྟན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་འགོག་པ་ལ་དམིགས་པའི་ཡིད་ལ་བྱེད་པ་བདུན་བསྟན་པས་བཤད་པར་རིག་པར་
བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་མ་འདྲེས་པའི་མཐའི་བར་དུ་མི་དམིགས་པར་ཡིད་ལ་བྱེད་པ་རྣམས་དང་། ཆོས་དང་ཆོས་རྣམས་སྦྱོར་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སའི་
ཚུལ་གྱིས་མི་རྟག་པ་ལ་སོགས་པའི་ཚིག་རྣམས་ཀྱི་དོན་བཤད་པར་བྱ་སྟེ། མ་བྱུང་བ་ལས་འབྱུང་བ་དང་བྱུང་ནས་ཀྱང་མེད་པར་འགྱུར་བའི་ཕྱིར། མི་རྟག་པར་ཡིད་ལ་བྱེད་དོ། །བདག་ཉིད་སྡུག་བསྔལ་གསུམ་དང་ལྡན་པ་དང་། གཞན་དག་གི་སྡུག་བསྔལ་གྱི་རྒྱུར་འགྱུར་
བའི་ཕྱིར། སྡུག་བསྔལ་བའོ། །དབང་སྒྱུར་བ་མེད་པ་ལ་སོགས་པས་བདག་རང་ལ་བདག་གི་མཚན་ཉིད་དང་མི་ལྡན་པའི་ཕྱིར་བདག་མེད་པའོ། །ཆུ་ཤིང་གི་སྡོང་བོ་ལྟར་ནང་གི་སྙིང་པོ་མེད་པས་ནང་བདག་གིས་སྟོང་པའི་ཕྱིར་སྟོང་པའོ། །རྐྱེན་དུ་མས་གསོ་དགོས་པ་དང་། ལུས་དང་
ཡིད་ཀྱི་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར་ནད་དང་འདྲ་བས་ནད་དོ། །ཞེན་པའི་གནོད་པ་དང་ལྡན་པ་དང་། ཉོན་མོངས་པའི་མི་གཙང་བ་ཟག་པ་དང་། སྐྱེ་བ་དང་། རྒ་བ་དང་། འཇིག་པས་རིམ་བཞིན་དུ་སྐྲངས་པ་དང་སྨིན་པ་དང་། རྡོལ་བའི་ཕྱིར་འབྲས་དང་འདྲ་བས་ན་འབྲས་སོ། །
ཕྱི་ནང་གི་གནོད་པས་ཟུག་པར་བྱེད་ཅིང་བཅོས་དཀའ་བས་ཟུག་རྔུ་དང་འདྲ་བའི་ཕྱིར་ཟུག་རྔུའོ། །སྨད་པར་བྱ་བ་ཡིན་པ་དང་། གནོད་པར་འགྱུར་བའི་ཕྱིར་སྡིག་ཏོ་དང་འདྲ་བས་ན་སྡིག་པའོ། །རྐྱེན་གྱི་ཁར་ལས་པ་དང་། ལས་བདག་གིར་བྱ་བ་ཡིན་པས། གཞན་ལས་དབང་བསྒྱུར་
བ་མེད་པའི་ཕྱིར་གཞན་ལ་རག་ལས་པའོ། །ནད་དང་རྒ་བ་དང་། འཆི་བ་རྣམས་ཀྱིས་རབ་ཏུ་འཇིག་པའི་རང་བཞིན་ཡིན་པའི་ཕྱིར། འཇིག་པའི་ཆོས་ཅན་ནོ། །འདུས་བྱས་ཀྱི་མཚན་ཉིད་གསུམ་དང་ལྡན་ཞིང་འཇིག་རྟེན་གྱི་ཆོས་མི་བརྟན་པ་བརྒྱད་དང་ལྡན་པའི་ཕྱིར་མི་བརྟན་པའོ། །རང་
เล่ม ๙๓ · หน้า 175a
གི་ངང་དང་། གནོད་པས་ཀྱང་འཇིག་པར་འགྱུར་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར། རབ་ཏུ་འཇིག་པའོ། །མི་འཇིགས་པ་ཞེས་བྱ་བ་ཉེ་བར་ཞི་བ་བདེ་བའི་གཉེན་པོ་ཡིན་པ་དང་། འཇིགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་འཇིགས་པའོ། །མ་ཚོར་བཞིན་
དུ་གནོད་པ་སྣ་ཚོགས་ཀྱིས་འཚེ་བའི་ཕྱིར། འཚེ་བའོ། །གནོད་པ་རྣམ་པ་མང་པོ་དང་། འདྲེ་བ་དང་། འགོ་བའི་ནད་དང་འདྲ་བའི་ཕྱིར། འགོ་བའི་ནད་དོ། །བདག་མེད་པ་དང་། ཞི་བར་ཡིད་ལ་བྱའོ་ཞེས་བྱ་བ་ལ་སོགས་པ་ལ། །ངག་གི་མཚན་ཉིད་དང་བྲལ་བའི་ཕྱིར་བདག་མེད་
པའོ། །སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཞི་བའོ། །ཉོན་མོངས་པ་དང་མི་ལྡན་པའི་ཕྱིར་དབེན་པའོ། །བདག་དང་བདག་གི་བས་སྟོང་པ་ཉིད་དང་ལྡན་པའི་ཕྱིར་སྟོང་པ་ཉིད་དོ། །འདུས་བྱས་ཀྱི་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་མཚན་མ་མེད་པའོ། །ཁམས་
གསུམ་དུ་མི་སྨོན་པས་སྨོན་པ་མེད་པའོ། །ཕྱིས་ལས་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར། མངོན་པར་འདུ་བྱེད་པ་མེད་པ་ཞེས་བྱ་བར་སྦྱར་རོ། །ཆོས་དང་ཆོས་རྣམས་སྦྱོར་བ་བྱེད་ཅེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་སེམས་དང་། དགེ་བའི་རྩ་བའི་སེམས་དང་། ཡོངས་སུ་བསྔོ་
བའི་སེམས་རྣམས་ཕན་ཚུན་དུ་འགྲོགས་པར་ཡིད་ལ་བྱེད་པ་ནི་སྦྱོར་བའོ། །གསུམ་ཆར་ཡང་བདག་གི་ངོ་བོ་དང་། གཞན་གྱི་ངོ་བོ་ལ་ཡོད་པ་མ་ཡིན་པར་ཡིད་ལ་བྱེད་པ་ནི་དཔྱོད་པར་བྱེད་པའོ། །གསུམ་ཆར་ཡང་སེམས་མ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །བསམ་གྱིས་
མི་ཁྱབ་པའི་ཕྱིར་སེམས་མ་ཡིན་པའོ་ཞེས་ཡིད་ལ་བྱེད་པ་བཤད་ཟིན་པའི་དོན་ཡོངས་སུ་རྫོགས་པའོ། །དེ་ལྟར་ཆོས་ཐམས་ཅད་ལ་ཡང་སོ་སོར་རྟོག་ལ་ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་པ་ཞེས་བྱ་བ་ནི་ཐམས་ཅད་དུ་རྒྱས་པ་སྟེ། འདི་ནི་བདག་མེད་པར་སོ་སོར་བརྟགས་
པ་བཞི་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བའི་སེམས་གང་ཡིན་པ་དེ་བྱང་ཆུབ་ཀྱི་སེམས་དང་འགྲོགས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པས་ཅི་བསྟན་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྔར་ཀུན་རྫོབ་ཀྱི་ཡིད་ལ་བྱེད་པས་དགེ་བའི་རྩ་བ་འདི་བླ་ན་མེད་
เล่ม ๙๓ · หน้า 175b
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་སྤྱིར་ཡོངས་སུ་བསྔོ་བར་བྱས་ནས། དོན་དམ་པའི་ཚུལ་དུ་སོ་སོར་བརྟགས་ནས་དགེ་བའི་རྩ་བའི་སེམས་དང་། བྱང་ཆུབ་ཀྱི་སེམས་དང་ཡོངས་སུ་བསྔོ་བའི་སེམས་རྣམས་ཕན་ཚུན་དུ་འགྲོགས་པ་མེད་དེ། དེ་ལྟར་འགྲོགས་
པ་མེད་པས་ཡོངས་སུ་བསྔོ་བ་ཡོད་དམ་མེད་ཅེས་སོ་སོར་རྟོག་གོ། །འདིར་དགའ་ཞིག་གལ་ཏེ་སེམས་རྣམ་པར་འགྲོགས་པ་མེད་ཀྱང་འོན་ཀྱང་སེམས་སྔ་མའི་དབང་གིས་བསྐྱེད་པའི་འདུ་བྱེད་ཀྱི་བྱེ་བྲག་ནི་སེམས་ཕྱི་མ་དང་ལྷན་ཅིག་ཏུ་འགྲོགས་པར་འགྱུར་ཏེ། ཐམས་ཅད་ཀྱི་ཐ་མའི་
སེམས་ལ་ནི་འདུ་བྱེད་ཐམས་ཅད་རྫོགས་པར་འགྱུར་རོ། །དེ་བས་ན་སྒོ་འདིས་སེམས་རྣམ་པར་འགྲོགས་པ་ཡོད་དོ་ཞེས་ཟེར་ཏེ། དེ་བས་ན་དེ་བསྩལ་བའི་ཕྱིར། དགེ་བའི་རྩ་བའི་སེམས་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་ལ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བག་
ཆགས་ཀྱི་འདུ་བྱེད་ལ་སོགས་པའི་སྒོ་ནས་སེམས་དེ་ལ་སེམས་གཞན་མེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་སེམས་ཉིད་མེད་པར་བསྟན་པས་བག་ཆགས་ཀྱི་འདུ་བྱེད་ལ་སོགས་པ་ནི་རི་བོང་གི་རྭ་རྣོ་བ་དང་རྟུལ་བའི་དངོས་པོ་ལྟ་བུར་མི་སྣང་ངོ་ཞེས་བྱ་བའི་ཕྱིར་དེ་སྐད་དུ་བཤད་དོ། །
དེ་ལྟར་གཞན་གྱི་ངོ་བོ་ལ་མེད་པར་དཔྱད་ནས་ཡང་བདག་གི་ངོ་བོ་ལ་དཔྱོད་དོ། །དགེ་བའི་རྩ་བའི་སེམས་གང་ཡིན་པ་དེ་དགེ་བའི་རྩ་བའི་སེམས་ལ་མེད། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཡང་བྱང་ཆུབ་ཀྱི་སེམས་ལ་མེད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་ཉིད་ཙམ་དུ་མཐོང་
བ་ལ་ནི་དེ་ལྟ་བུའི་ཀུན་ཏུ་དཔྱོད་པ་མེད་པའི་ཕྱིར་རོ། །ཀཽ་ཤི་ཀ་དགེ་བའི་རྩ་བའི་སེམས་གང་ཡིན་པ་དེ་ནི་སེམས་མ་ཡིན་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་ཉིད་ཙམ་ཁོ་ནར་སྟོན་ཏོ། །སེམས་ནི་རང་གི་ཆོས་ཉིད་ཀྱི་དབང་གིས་སེམས་ཀུན་བརྟགས་པ་དང་བྲལ་བའི་ཕྱིར་སེམས་མེད་པའི་ངོ་
བོ་ཉིད་དེ་ཆོས་ཉིད་ཀྱི་སེམས་སུ་གྲག་གོ། །སེམས་མེད་པ་ནི་སེམས་མེད་པ་དང་འགྲོགས་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཉིད་ཀྱི་སེམས་སུ་གྲག་པ་ལས་འགྲོགས་པའམ་ཡོད་པའམ་ཡོངས་སུ་བསྔོ་བ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་གྲག་གོ་ཞེས་སྟོན་ཏོ། །དེའི་ཚེ་
เล่ม ๙๓ · หน้า 176a
ནི་དེ་སོ་སོ་རང་གིས་རིག་པ་ཡིན་པས་བསམ་པའི་ལམ་ལས་འདས་པའི་ཕྱིར། བསམ་གྱིས་མི་ཁྱབ་པ་དང་། སེམས་མ་ཡིན་ནོ། །ཀཽ་ཤི་ཀ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་
ཕ་རོལ་ཏུ་ཕྱིན་པའི་ཤེས་རབ་ཅེས་བྱ་བའི་ཐ་ཚིག་གོ། །གང་དེ་ལྟར་ཆོས་ཐམས་ཅད་ལ་སོ་སོར་རྟོག་པ་ཞེས་བྱ་བ་ནི་ཀུན་རྫོབ་ཏུའོ། །ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་ཅིང་མི་དམིགས་ཞེས་བྱ་བ་ནི་དོན་དམ་པར་རོ། །བདག་གིས་བྱས་པ་གཟོ་བར་བགྱི་སྟེ། བྱས་པ་མི་གཟོ་བར་
མི་བགྱིའོ་ཞེས་བྱ་བས་ཅི་བསྟན་ཞེ་ན། སྔོན་བདག་གི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་འཁོར་ན་ཉན་ཐོས་ཆེན་པོ་རྣམས་ཀྱིས་གདམས་པ་དང་རྗེས་སུ་བསྟན་པས་ཡང་དག་པར་བསྟན་པ་དང་། ཡང་དག་པར་འཛིན་དུ་བཅུག་
པ་བརྙེས་ནས་ཡང་དག་པར་སྒྲུབ་པ་ལ་བཅུག་སྟེ། དེ་དག་གིས་བསྟན་པའི་རིམ་པས་བསྒྲུབས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་བས་ན་བདག་གིས་ཀྱང་འཁོར་འདིར་བྱང་ཆུབ་སེམས་དཔའ་འདི་རྣམས་ལ་གདམས་པ་དང་རྗེས་སུ་བསྟན་པས་ཡང་དག་པའི་སྒྲུབ་པ་ལ་
དགོད་པར་བགྱིའོ། །སྔོན་གྱི་དེས་བདག་ཅག་གིས་བསྟན་པའི་རིམ་པས་བསྒྲུབས་ན་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བས་ན་སྔོན་གྱི་ཉན་ཐོས་རྣམས་ཀྱིས་བྱས་པ་བདག་གིས་ཤེས་པར་བྱའོ་ཞེས་སྟོན་ཏོ། །གདམས་ཤིང་རྗེས་སུ་བསྟན་པ་ཞེས་བྱ་བ་ལ་སོགས་
པའི་ཚིག་རྣམས་ལ་བྱེ་བྲག་ཅི་ཡོད་ཅེ་ན་འདི་ལ་ཐོག་མ་དང་བར་མ་དང་ཐ་མའི་གནས་སྐབས་གསུམ་སྟེ། །ཐོག་མར་ནི་གདམས་ཤིང་རྗེས་སུ་བསྟན་པར་བྱའོ། །བར་དུ་ནི་སྒྲུབ་པའོ། །ཐ་མར་ནི་འབྲས་བུའོ། །དེ་ལ་ཐོག་མའི་གནས་སྐབས་སུ་འདི་དག་མ་བྱེད་ཅིག་ཅེས་བྱ་བ་མ་ཡིན་པ་
ལས་བཟློག་པ་ནི་གདམས་པའོ། །འདི་དག་བྱོས་ཤིག་ཅེས་བྱ་བ་ལ་སྦྱོར་བ་ནི་རྗེས་སུ་བསྟན་པའོ། །བར་དུ་ནི་མི་སྒྲུབ་པ་དང་། ལོག་པར་སྒྲུབ་པ་དང་། ཅུང་ཟད་སྒྲུབ་པ་དང་། ཡང་དག་པར་སྒྲུབ་པ་སྟེ་གནས་སྐབས་བཞིའོ། །དེ་ལ་མི་ཤེས་པས་མི་སྒྲུབ་པ་ལ་སྒྲུབ་ཏུ་འཇུག་
เล่ม ๙๓ · หน้า 176b
པ་ནི་ཡང་དག་པར་བསྟན་པའོ། །ལོག་པར་ཤེས་པས་ལོག་པར་ཞུགས་པ་དག་ཡང་དག་པར་སྒྲུབ་ལ་སྦྱོར་བ་ནི་ཡང་དག་པར་འཛིན་དུ་བཅུག་པའོ། །ལེ་ལོ་ལ་སོགས་པའི་སྐྱོན་གྱིས་ཅུང་ཟད་སྒྲུབ་པ་དག་ལེགས་པར་བརྩོན་འགྲུས་རྩོམ་དུ་འཇུག་པ་ནི་ཡང་དག་པར་གཟེངས་སྟོད་
པའོ། །ཤེས་རབ་ཀྱིས་ཡང་དག་པར་ཞུགས་པ་དག་ལེགས་སོ་ཞེས་རྗེས་སུ་ཡི་རངས་ནས་དེ་ཉིད་ལ་སྦྱོར་བ་ནི་ཡང་དག་པར་རབ་ཏུ་དགྱེས་པར་བགྱིད་པའོ། །ཐ་མར་ནི་ལམ་ལ་བཅུག་ཅིང་འབྲས་བུ་ལ་གཞག་ཅེས་བྱ་བར་སྦྱར་བར་བྱའོ། །དེའི་འོག་ཏུ་ཇི་ལྟར་གནས་པར་བྱ་ཞེས་དྲིས་
པ་ལ་གནས་པར་མི་བྱ་བ་ཡོངས་སུ་སྤངས་ཏེ་གནས་པར་བྱ་བས་གནས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཞེས་བྱ་བར་སྟོན་ཏོ། །གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པས་སྟོང་པ་ཉིད་རྟོགས་པ་ནི་གནས་པའོ། །དམིགས་པའི་ཚུལ་ནི་གནས་པ་
མ་ཡིན་ནོ་ཞེས་སྟོན་ཏེ། དེས་ནི་འདི་སྐད་དུ་གང་གི་ཕྱིར་གཟུགས་ལ་སོགས་པ་ཀུན་བརྟགས་པའི་ཆོས་འདི་དག་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ལ། བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་མེད་པ་སྟེ། དེ་དག་གི་སྟོང་པ་ཉིད་གང་
ཡིན་པ་དེ་ཐ་མི་དད་དེ་གཅིག་གོ། །དེ་བས་ན་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ནི་ཡོངས་སུ་གྲུབ་པ་ཡིན་ལ་བྱང་ཆུབ་སེམས་དཔའ་ཡང་གཉིས་སུ་མེད་པ་སྟེ། གཅིག་པའི་ཆོས་ཉིད་དུ་གནས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའོ་ཞེས་བསྟན་ཏོ། །གནས་
པར་མི་བྱ་བའི་འགྲེས་ལ་ཡང་རྣམ་པ་གསུམ་དུ་བསྟན་ཏེ། ཆོས་ལ་གནས་པར་མི་བྱ་ཞེས་བྱ་བ་ནི་གཅིག་པའོ། །ཆོས་ཉིད་ལ་གནས་པར་མི་བྱ་ཞེས་བྱ་བ་ནི་གཉིས་པའོ། །གང་ཟག་རྣམས་ལ་གནས་པར་མི་བྱ་ཞེས་བྱ་བ་ནི་གསུམ་པའོ། །དེ་ལ་ཆོས་ཀྱི་འགྲེས་ལ་ཡང་རྣམ་
པ་གཉིས་སུ་བསྟན་ཏེ། ཆོས་བསྟན་པ་དང་། ཆོས་ཀྱི་མཚན་ཉིད་བསྟན་པའོ། །དེ་ལ་གཟུགས་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས། སངས་རྒྱས་ཉིད་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་ཆོས་བསྟན་པའོ། །
เล่ม ๙๓ · หน้า 177a
ཀཽ་ཤི་ཀ་དེ་ལྟར་ན་གཟུགས་ཞེས་བྱ་བར་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ནས། དེ་ལྟར་ན་སངས་རྒྱས་ཉིད་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་ནི་ཆོས་ཉིད་ཀྱི་མཚན་ཉིད་བསྟན་པའོ། །ཆོས་ཉིད་ཀྱི་འགྲེས་
ལ་ཡང་རྣམ་པ་གསུམ་དུ་བསྟན་ཏེ། ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་ཉིད་བསྟན་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་ཉིད་བསྟན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་ཉིད་བསྟན་པའོ། །གཟུགས་རྟག་གོ་ཞེས་གནས་
པར་མི་བྱ། མི་རྟག་གོ་ཞེས་ཀྱང་གནས་པར་མི་བྱའོ་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྦྱིན་གནས་སོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་
ཉིད་བསྟན་པའོ། །ས་དང་པོ་ནས་ས་བཅུ་པའི་བར་ལ་གནས་པར་མི་བྱའོ་ཞེས་བྱ་བ་ནས། སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་དགོད་པར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་
ཞེས་བྱ་བའི་བར་དུ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཉིད་བསྟན་པའོ། །མིག་ལྔ་བསྒྲུབ་པར་བྱ་སྟེ་ཞེས་བྱ་བ་ནས་བཟུང་སྟེ། དཔེ་བྱད་བཟང་པོ་བརྒྱད་ཅུ་ལུས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བར་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་ཉིད་བསྟན་པའོ། །གང་ཟག་བསྟན་པའི་འགྲེས་ལ་ཡང་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་ལ་སོགས་པའི་དབང་གིས་རྣམ་པ་གསུམ་དུ་སྦྱར་བར་བྱ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ། ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་
པས་ཞེས་བྱ་བ་ལ་སོགས་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སའི་ཕྱོགས་ཀྱི་ཆོས་སོ། །འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་སྙམ་ཞེས་བྱ་བ་གནས་བརྟན་རབ་འབྱོར་ཅི་ལས་སེམས་པར་གྱུར་ཅེ་ན།
เล่ม ๙๓ · หน้า 177b
ཆོས་ཐམས་ཅད་ལ་གནས་པར་མི་བྱའོ་ཞེས་བཤད་ཅིང་སྟོང་པ་ཉིད་ལ་ནི་གནས་པར་མི་ནུས་ལ་གནས་པར་མི་བྱའོ་ཞེས་ཀྱང་བཤད་ན་དེ་ཇི་ལྟར་རིགས་པར་འགྱུར་སྙམ་དུ་སེམས་པར་གྱུར་ཏོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་མི་གནས་པར་སྒྲུབ་པ་ཉིད། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་པར་བསྟན་པ། དེ་བཞིན་གཤེགས་པའི་ཐུགས་ནི་ཅི་ལའང་གནས་པ་མ་ཡིན་ནོ་ཞེས་བྱ་བ་སྟེ་མི་གནས་པའི་མྱ་ངན་ལས་འདས་པ་ལ་བཞུགས་པར་བསྟན་ཏོ། །དེ་ལྟར་མི་གནས་པ་ལ་གནས་པའི་བསྒྲུབ་པ་བཤད་པས་གདུལ་བ་ལས་བརྩམས་
ཏེ་བཤད་པ་ལ་བརྗོད་དུ་མེད་པར་བཤད་པས་འདུལ་བ་གང་ཡིན་པ་དེ་དག་ཐེ་ཚོམ་ཟོས་པར་གྱུར་ཏེ། དེ་བས་ན་དེ་དག་ལ་བརྩམས་ནས་བཤད་པ་གཞན་སྐབས་ཕྱ་སྟེ། ལྷའི་བུ་དག་གང་སྨྲས་པ་ཤེས་པར་མི་རུང་ངམ་ཞེས་བྱ་བ་ལ་སོགས་པས་གང་བརྗོད་པ་དེ་དག་ཅིའི་ཕྱིར་མི་
ཤེས་སམ་ཞེས་ལྷའི་བུ་རྣམས་ལ་དྲིས་པ་དང་། དེའི་ཕྱིར་དེ་དག་གིས། འཕགས་པ་རབ་འབྱོར་ཤེས་པར་མི་རུང་ངོ་ཞེས་སྨྲས་ཏེ། དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་དུ་མེད་པ་ཡིན་པའི་ཕྱིར་གནས་བརྟན་གྱིས་ཡི་གེ་གཅིག་ཀྱང་མ་བརྗོད་དེ་ཞེས་བྱ་བ་གསུངས་ཏེ།
འདི་ལྟར་དེ་ན་བཤད་པར་སྣང་བ་དང་། མཉན་པར་སྣང་བ་དེ་ནི་ཀུན་བརྟགས་པ་ཡིན་ནོ་ཞེས་སྤྲུལ་པ་དང་། རྨི་ལམ་དང་། བྲག་ཅ་དང་། སྒྱུ་མ་ལྟ་བུར་བསྟན་པས་ལྷའི་བུ་དེ་རྣམས་དགའ་བར་བྱས་སོ། །སངས་རྒྱས་ཀྱི་སྤྲུལ་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྤྲུལ་པའོ། །
ལྷའི་བུ་དག་གཟུགས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ཞེས་བྱ་བ་ནི་ཀུན་བརྟགས་པའི་གཟུགས་ཡང་དག་པ་མ་ཡིན་པའི་ཕྱིར་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། ཡང་ལྷའི་བུ་དག་འདི་ལྟར་གཟུགས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ཞེས་བྱ་བ་ལ་སོགས་པས་ཆོས་ཉིད་ཀྱི་
གཟུགས་ནི་ངོ་བོ་ཉིད་ཀྱིས་མི་གཡོ་བའི་ཕྱིར་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་བས་ན་འདིར་ནི་འགྲེས་རྣམ་པ་གཉིས་ཏེ། ཆོས་ཀྱི་འགྲེས་དང་རང་བཞིན་གྱི་འགྲེས་སོ། །འོ་ན་ཆོས་བསྟན་པ་འདི་ལ་གཟུགས་སུ་བརྟགས་པ་ཡང་མེད་དམ་ཞེས་བྱ་བ་ལ་སོགས་པ་ནི་
เล่ม ๙๓ · หน้า 178a
གལ་ཏེ་ཆོས་ཐམས་ཅད་བརྗོད་དུ་མེད་ན་དེ་ལྟ་ན་ནི་གཟུགས་ལ་སོགས་པ་ལ་མ་བརྟགས་སམ། མ་བཤད་དམ་ཞེས་ལྷའི་བུ་རྣམས་ཀྱིས་དྲིས་པ་དང་། དེ་ནས་གནས་བརྟན་རབ་འབྱོར་གྱིས་ལྷའི་བུ་དག་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཞེས་བརྟགས་པ་མེད་པ་དང་།
བཤད་པ་མེད་པ་ཉིད་དུ་བསྟན་ཏོ། །བཟོད་པ་འདི་ལ་མི་བརྟེན་དུ་མི་རུང་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་བཤད་པ་འདི་ལའོ། །གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་རྣམ་པ་ཇི་ལྟ་བུ་དག་ཏུ་འདོད་པར་བྱ་སྙམ་མོ་ཞེས་བྱ་བ་ནི། གལ་ཏེ་དོན་དམ་པར་བརྗོད་དུ་མེད་པ་ཡིན་ན།
འཆད་པ་པོ་དང་ཉན་པ་པོ་མེད་པས། ཆོས་ཉན་པ་ཡང་མེད་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ན་གནས་བརྟན་རབ་འབྱོར་གྱིས་ལྷའི་བུ་དག་བདག་ལ་ཆོས་ཉན་པ་ནི་སྒྱུ་མ་ལྟ་བུར་འདོད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་དོན་དམ་པར་འཆད་པ་པོ་དང་། ཉན་པ་པོ་མེད་པ་ཉིད་
དུ་སྟོན་ཏོ། །བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་མཐོང་བར་དཀའ་བ་ཞེས་བྱ་བ་ལ། གཏིང་དཔག་དཀའ་བས་ན་ཟབ་པའོ། །རྣམ་པར་ཤེས་པའི་ཚོགས་ལྔའི་ཡུལ་མ་ཡིན་པའི་ཕྱིར་མཐོང་བར་དཀའ་བའོ། །ཡིད་ཀྱི་རྣམ་པར་
ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རྟོགས་པར་དཀའ་བའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཞི་བའོ། །སྡུག་བསྔལ་ཐམས་ཅད་ཀྱི་བར་དག་ཉེ་བར་ཞི་བའི་ཕྱིར་གྱ་ནོམ་པའོ། །རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་
ཕྲ་བའོ། །སོ་སོ་རང་གིས་རིག་པ་ཡིན་པའི་ཕྱིར་གཞན་མ་ཡིན་པའོ། །བསམ་པའི་ལམ་ལས་འདས་པའི་ཕྱིར། རྟོག་གེའི་སྤྱོད་ཡུལ་མ་ཡིན་པའོ། །ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ལ་མཁས་པའི་རྒྱུ་ཡིན་པའི་ཕྱིར་མཁས་པའོ། །འཇིག་
རྟེན་ལས་འདས་པའི་ཆོས་རྟོགས་པའི་གནས་ཀྱི་མཆོག་ཡིན་པས་ཤིན་ཏུ་འཕགས་པའོ། །ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དང་། ཕྱིར་མི་ལྡོག་པ་རྣམས་ཉིད་ཀྱིས་རིག་པར་བྱ་བ་མ་ཡིན་པའི་ཕྱིར་མཁས་པ་དང་མཛངས་པས་རིག་པར་བྱའོ། །
เล่ม ๙๓ · หน้า 178b
ལེན་པར་བྱེད་པར་འགྱུར་ཞེས་བྱ་བ་ནི་འཛིན་པའོ། །བདེན་པ་མཐོང་བའི་གང་ཟག་གམ། དགྲ་བཅོམ་པ་ཟག་པ་ཟད་པ་འམ་ཞེས་བྱ་བ་ལ་སོགས་པས་སྔར་ཀུན་རྫོབ་ཏུ་ཚོལ་བར་བྱེད་པ་བསྟན་ཏོ། །དེ་ལ་དོན་དམ་པར་ན་བྱང་ཆུབ་སེམས་དཔའ་ལ་བདེན་པ་མཐོང་བ་ཞེས་གསུངས་སོ། །
བྱང་ཆུབ་ཏུ་འགྱུར་བ་ནི་དགྲ་བཅོམ་པ་ཞེས་བྱ་བའོ། །དེ་ལྟར་ཀུན་རྫོབ་ཏུ་བསྟན་ནས་ཡང་དོན་དམ་པར་བསྟན་པ་དེ་དག་ནི་གཟུགས་སྟོང་ངོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་ཞེས་བྱ་བ་ནས། ལེན་པར་བྱེད་པ་སུ་ཡང་མེད་དོ་ཞེས་བྱ་བའི་བར་དུ་སྟེ། འདིས་ནི་གང་དག་དེ་ལྟར་རྣམ་
པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་སུམ་དུ་བྱས་པར་གྱུར་པ་དེ་དག་ཉིད་ཚོལ་བར་བྱེད་པ་ཡིན་ཏེ། དེ་དག་ཀྱང་དོན་དམ་པར་བཙལ་བར་བྱ་བ་མེད་པའི་ཕྱིར་ཚོལ་བར་བྱེད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་སྐད་སྨྲས་པ་དང་། གནས་བརྟན་ཤ་ར་དྭ་ཏིའི་བུས་འཆད་པ་པོ་
དང་། ཉན་པ་པོ་མེད་པར་དམ་བཅས་པ་ལུང་དང་འགལ་བར་བསྟན་པས། ཚེ་དང་ལྡན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐེག་པ་གསུམ་རྒྱ་ཆེར་མ་བསྟན་ཏམ་ཞེས་བྱ་བ་ལ་སོགས་པ་སྟེ། ཐེག་པ་གསུམ་བཤད་པ་དང་། ས་བཅུ་ཡོངས་སུ་བཟུང་བ་དང་ཕ་རོལ་
ཏུ་ཕྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ལམ་དང་། དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་དང་། མངོན་པར་ཤེས་པས་རྣམ་པར་རྩེ་བས་གནས་པ་དང་། ཆོས་ཉན་པ་དང་། མི་བརྗེད་པ་དང་། སེམས་འཁྲུགས་པ་མེད་པ་དང་། སྤོབས་པའི་ཡོན་ཏན་བདུན་ལ་
སོགས་པ་ཆོས་འདི་རྣམས་བསྟན་ཏེ། བདག་ཅག་གིས་ཀྱང་ཐོས་སོ་ཞེས་སྟོན་ཏོ། །དེའི་འོག་ཏུ་གནས་བརྟན་རབ་འབྱོར་གྱིས་ཆོས་འདི་རྣམས་མི་དམིགས་པའི་ཚུལ་གྱིས་བཤད་ཀྱི། དོན་དམ་པར་ནི་ཡོད་པ་མ་ཡིན་ཏེ། དེ་བས་ན་བཤད་པ་ཡང་འཁྲུལ་པ་ཙམ་མོ་ཞེས་བསྟན་
པའི་ཕྱིར། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དག་སྟོང་པ་ཡིན་པའི་གཏན་ཚིགས་ནང་སྟོང་པ་ཉིད་དང་ཞེས་བྱ་བ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
เล่ม ๙๓ · หน้า 179a
ལྷའི་བུ་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་འབྱུང་བའི་མཚན་མ་བསྟན་པའི་ཕྱིར་མེ་ཏོག་གི་མཆོད་པ་བསྟན་ཏེ། མེ་ཏོག་འདི་དག་སྤྲུལ་པའོ་ཞེས་བྱ་བ་ལ་སོགས་པ་ནི་བསམས་པ་འོག་ནས་བསྟན་པའི་སྐབས་དབྱེ་བའི་ཕྱིར་རོ། །ཀཽ་ཤི་ཀ་མེ་ཏོག་འདི་དག་མ་བྱུང་བ་ཞེས་བྱ་བ་
ནི་ཡོངས་སུ་གྲུབ་པའི་མཚན་ཉིད་མ་སྐྱེས་པ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་གྱི། མེ་ཏོག་གི་ངོ་བོ་ཉིད་མ་ཡིན་ནོ་ཞེས་སྟོན་ཏོ། །ཀཽ་ཤི་ཀ་གཟུགས་ཀྱང་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པའི་གཟུགས་ལ་འདུས་བྱས་ཀྱི་སྐྱེ་བ་མེད་པའི་ཕྱིར་
གཟུགས་མ་བྱུང་བའོ་ཞེས་བསྟན་པའོ། །དེ་ལྟར་འདུས་མ་བྱས་པ། མ་སྐྱེས་པ་ལ་ཀུན་བརྟགས་པའི་གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་མ་སྐྱེས་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་བསྟན་པའོ། །བཏགས་པ་དང་ཡང་མི་འགལ་ལ། ཆོས་ཉིད་ཀྱང་སྟོན་ཏེ་ཞེས་བྱ་བ་
ནི་ཀུན་རྫོབ་དང་དོན་དམ་པར་མི་འགལ་བར་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ།། །།བམ་པོ་བཅོ་བརྒྱད་པ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དེ་ལྟར་ཆོས་ཐམས་ཅད་བརྟགས་པ་ཙམ་དུ་རིག་པར་བྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
བསླབ་པར་བྱའོ་ཞེས་བྱ་བ་ནི་གང་སྔར་རྣམ་པ་གསུམ་དུ་ཞུས་པ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བགྱི་ཞེས་ཐ་མར་ཞུས་པ་དེ་སྟོན་ཏོ། །གཟུགས་ལ་མི་སློབ་ཅེས་བྱ་བ་ལ་སོགས་པ་ནི་མི་སློབ་པ་ཉིད་སློབ་པ་སྟེ་
དཔེར་ན་གནས་པ་མེད་པ་ཉིད་གནས་པའོ་ཞེས་བྱ་བ་ལྟ་བུར་སྟོན་ཏོ། །གཟུགས་ལ་སོགས་པ་དངོས་པོ་མེད་པར་མཐོང་བས་གཟུགས་ལ་སོགས་པ་ལ་མི་སློབ་ཅེས་བྱའོ་ཞེས་བསྟན་པའི་ཕྱིར། འདི་ལྟར་གང་ལ་བསླབ་པར་བྱ་བའི་གཟུགས་དེ་ཡང་དག་པར་རྗེས་སུ་མི་
མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་ལ་སོགས་པ་ཅིའི་ཕྱིར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བརྒྱ་བྱིན་གྱིས་དྲིས་པ་དང་། སྟོང་པ་ཡིན་པས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བསྟན་པའི་ཕྱིར། གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་གསུངས་
เล่ม ๙๓ · หน้า 179b
སོ། །མི་སློབ་པའི་གཏན་ཚིགས་སུ། ཀཽ་ཤི་ཀ་གཟུགས་སྟོང་པ་ཉིད་ནི་གཟུགས་སྟོང་པ་ཉིད་ལ་མི་སློབ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་པ་གང་ཡིན་པ་དང་གང་ལ་སློབ་པ་དེ་གཉིས་ཀ་ཡང་མེད་པའི་ཕྱིར་སློབ་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་ཀཽ་ཤི་ཀ་
གང་གཟུགས་སྟོང་པ་ཉིད་ལ་མི་སློབ་ཅེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མི་སློབ་པ་དེ་ནི་གཉིས་སུ་བྱར་མེད་པར་གཟུགས་སྟོང་པ་ཉིད་ལ་སློབ་པོ་ཞེས་བྱ་བ་ནས་གཉིས་སུ་བྱར་མེད་པར་རྣམ་པ་ཐམས་ཅད་མཁྱེན་པ་སྟོང་པ་ཉིད་ལ་སློབ་པོ་ཞེས་བྱ་བ་ནི་གང་མི་
སློབ་པ་དེ་ཉིད་སློབ་པ་ཡིན་པར་སྟོན་ཏོ། །གཉིས་སུ་བྱར་མེད་པར་ཞེས་བྱ་བ་ནི་སྟོང་པ་ཉིད་དུ་གཅིག་པའི་ཕྱིར་གཅིག་གི་སྟོང་པ་ཉིད་ལ་བསླབས་ན་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་བསླབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན། གཅིག་གི་སྟོང་པ་ཉིད་གང་ཡིན་པ་དེ་ནི་
ཀུན་གྱི་སྟོང་པ་ཉིད་ཅས་བཤད་དོ། །དེའི་འོག་ཏུ་ཀཽ་ཤི་ཀ་གང་གཉིས་སུ་བྱར་མེད་པ་གཟུགས་སྟོང་པ་ཉིད་ལ་སློབ་པ་ཞེས་བྱ་བ་ནས་གཉིས་སུ་བྱར་མེད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་དེ་ནི་སངས་རྒྱས་ཀྱི་ཆོས་གྲངས་མེད། དཔག་ཏུ་མེད་པ་རྣམས་ལ་
བསླབ་པ་ཡིན་ནོ་ཞེས་བྱ་བ་ནི་གང་དེ་ལྟར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་བསླབ་པ་དེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་ལ་བསླབ་པ་ཡིན་ནོ་ཞེས་སྟོན་ཏོ། །དེའི་འོག་ཏུ་དེ་ནི་གཟུགས་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་
པོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་ལ་སློབ་པ་དེ་གཟུགས་ལ་སོགས་པ་ལ་འཕེལ་བར་བྱ་བའམ། འགྲིབ་པར་བྱ་བ་མེད་པར་སྟོན་ཏེ། དཀར་པོའི་ཕྱོགས་འཕེལ་བར་བྱ་བའམ། ནག་པོའི་ཕྱོགས་འགྲིབ་པར་བྱ་བའི་ཕྱིར་
མི་སློབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་དེ་ནི་གཟུགས་ཡོངས་སུ་གཟུང་བ་དང་མེད་པར་བྱ་བའི་ཕྱིར་མི་སློབ་པོ་ཞེས་བྱ་བ་ནི་གང་ལ་དེ་ལྟར་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཆོས་རྣམས་མེད་པ་དེ་ལ་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ཡོངས་སུ་བཟུང་ཞིང་ཆོས་ངན་པ་རྣམས་
เล่ม ๙๓ · หน้า 180a
ཆུད་གསན་པར་བྱ་བ་མེད་པར་སྟོན་ཏོ། །དེ་སྐད་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་དེ་ཡོངས་སུ་འཛིན་པ་དང་མེད་པར་བྱ་བའི་ཕྱིར་མི་སློབ་ཅེས་གསུངས་པ་ནི་གནས་བརྟན་ཤཱ་རིའི་བུས་དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ངན་པ་རྣམས་ཡོངས་
སུ་སྤོང་ཞིང་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ཐོབ་པར་བྱེད་ན་དེ་ལ་ཅིའི་ཕྱིར་ཡོངས་སུ་འཛིན་པ་དང་། མེད་པར་བྱ་བ་མེད་ཅེས་འདྲི་བའོ། །དེ་སྐད་ཅེས་སྨྲས་པ་དང་། གནས་བརྟན་རབ་འབྱོར་གྱིས་གཟུགས་ལ་གཟུགས་ཡོངས་སུ་མི་འཛིན་ཏོ་ཞེས་བྱ་བ་གསུངས་ཏེ། གཟུང་
བ་དང་འཛིན་པ་རྣམས་མེད་པར་སྟོན་ཏོ། །དེའི་གཏན་ཚིགས་སུ་སྟོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་སོ། །གཟུགས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པ་ནི་གློ་བུར་ལ་ནི་སྐྱེ་བ་མེད་དོ། །གནས་པ་ནི་མི་འགྱུར་བའི་ངོ་བོ་ཉིད་ཡིན་པས་འགག་པ་
མེད་དོ། །དེ་བཞིན་ཉིད་ལ་སྐྱེ་བ་མེད་པའི་སྔོན་མ་བྱུང་བ་བླང་བ་མེད་དོ། །འགག་པ་མེད་པས་བཟུང་བ་ལས་དོར་བ་མེད་དོ། །གཟུང་བར་བྱ་བ་མེད་པས་སྔོན་མ་བྱུང་བའི་རྣམ་པར་བྱང་བ་མེད་དོ། །དོར་བར་བྱ་བ་མེད་པས་སྤང་བར་བྱ་བའི་ཀུན་ནས་ཉོན་མོངས་པ་མེད་དོ། །རྣམ་
པར་བྱང་བ་མེད་པས་འཕེལ་བ་མེད་དོ། །ཀུན་ནས་ཉོན་མོངས་པ་མེད་པས་འགྲིབ་པ་མེད་དོ། །བཙུན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ནས་བཙལ་བར་བྱ་ཞེས་བྱ་བ་ནི་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་བསྟན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲིས་སོ། །རབ་འབྱོར་གྱི་ལེའུ་ལས་ཞེས་བྱ་བ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འབྲིང་དུ་བཤད་པ་དེ་དག་ཐམས་ཅད་ནི་རབ་འབྱོར་གྱི་ལེའུ་ཞེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལས་བརྩམས་ཏེ་བྱུང་བའི་ཕྱིར། དེ་བཤད་པ་ཡང་དེ་ནི་དེ་ལས་གཟུང་བར་བྱའོ་ཞེས་བསྟན་ཏོ། །ཆོས་ཟབ་མོ་བཤད་པ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡིན་ན་རབ་འབྱོར་སྨོས་པ་ལྷའི་དབང་པོས་མ་བཟོད་ནས་འཕགས་པ་རབ་འབྱོར་འདི་ལྟར་བཤད་པའི་སྐབས་
เล่ม ๙๓ · หน้า 180b
ཕྱེ་བ་དེ་ཁྱོད་ཀྱི་བྱིན་གྱི་རླབས་སམ། དེ་ཁྱོད་ཀྱི་མཐུའམ་ཞེས་དྲིས་སོ། །དེ་སྐད་སྨྲས་པ་དང་། གནས་བརྟན་རབ་འབྱོར་གྱིས། དང་པོར་ཀུན་རྫོབ་ཀྱི་ཚུལ་གྱིས་འདི་དག་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཡིན་ཏེ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དགྲ་བཅོམ་པ་དག་
ཆོས་འཆད་དོ་ཞེས་བསྟན་ཏོ། དེ་ནས་བརྒྱ་བྱིན་གྱིས་དེ་ཡང་མ་བཟོད་ནས། བཙུན་པ་རབ་འབྱོར་ཆོས་ཐམས་ཅད་ནི་བྱིན་གྱི་རླབས་མེད་ན་ཅིའི་ཕྱིར་དེ་སྐད་དུ་འདི་ནི་དེ་བཞིན་གཤེགས་པའི་མཐུའོ། །འདི་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་སོ་ཞེས་སྨྲ་ཞེས་བྱ་བ་གསུངས་
སོ། །དེ་ནས་གནས་བརྟན་གྱིས་ཚིག་དེ་ལ་རྗེས་སུ་ཡི་རང་ནས། དོན་དམ་པའི་ཚུལ་དུ་ན་དེ་བཞིན་གཤེགས་པ་ཞེས་བྱ་བ་དེ་བཞིན་ཉིད་ལ་བྱ་བ་བསྟན་པའི་ཕྱིར་བྱིན་གྱི་རླབས་མེད་པའི་ཆོས་ཉིད་ལ་དེ་བཞིན་གཤེགས་པ་མི་དམིགས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་
པ་ཞེས་བྱ་བའི་ཆོས་གང་ཡང་མེད་དོ་ཞེས་སྟོན་ཏོ། །ཆོས་ཉིད་ལ་ཀུན་བརྟགས་པའི་ཆོས་མེད་པའི་ཕྱིར་བྱིན་གྱི་རླབས་མེད་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་དེ་བཞིན་གཤེགས་པ་མེད་དོ། །ཆོས་ཉིད་ལས་མ་གཏོགས་པའི་ཆོས་རྣམས་མེད་པའི་ཕྱིར་བྱིན་གྱི་
རླབས་མེད་པའི་ཆོས་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །ཀུན་བརྟགས་པ་ལ་ཆོས་ཉིད་མི་གནས་པའི་ཕྱིར། དེ་བཞིན་གཤེགས་པ་ལ་ཡང་བྱིན་གྱི་རླབས་མེད་པའི་ཆོས་མི་དམིགས་སོ། །ཆོས་ལས་གུད་ན་ཆོས་ཉིད་མེད་པའི་ཕྱིར། དེ་བཞིན་
གཤེགས་པ་ལས་གུད་ན་ཡང་བྱིན་གྱི་རླབས་མེད་པའི་ཆོས་ཉིད་མི་དམིགས་སོ། །དེ་བཞིན་དུ་དེ་བཞིན་ཉིད་ཀྱི་འགྲེས་ལ་ཡང་སྦྱར་རོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་ཆོས་ཉིད་དང་། དེ་བཞིན་ཉིད་ཀྱི་འགྲེས་ལ་
ཡང་སྦྱར་བར་བྱའོ། །དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་པ་དེ་ནི་གཟུགས་ཀྱི་ཆོས་ཉིད་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ནོ། །གཟུགས་ཀྱི་ཆོས་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ཐ་དད་པ་མེད་དེ་གཅིག་
เล่ม ๙๓ · หน้า 181a
པའི་ཕྱིར་དེ་སྐད་བསྟན་ཏོ། །གནས་དང་གནས་པའི་དངོས་པོ་དང་། གཞན་གྱི་དངོས་པོ་དང་ལྡན་པ་དང་བྲལ་བའི་རྣམ་པར་རྟོག་པ་དག་ནི་ཐ་དད་པ་ཡོད་ན་རིགས་ཀྱི་མེད་ན་མི་རིགས་སོ། །དེ་བཞིན་དུ་དེ་བཞིན་ཉིད་ཀྱི་འགྲེས་ལ་ཡང་། ཀཽ་ཤི་ཀ་འདི་ནི་དེ་ལྟར་
གང་ཆོས་ཐམས་ཅད་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་པ་དེའི་མཐུའོ། །འདི་ནི་དེའི་བྱིན་གྱི་རླབས་སོ་ཞེས་སྦྱར་བར་བྱ་སྟེ། སྟོང་པ་ཉིད་ཀྱི་མཐུ་དང་སྟོང་པ་ཉིད་ཀྱི་བྱིན་གྱི་རླབས་ཏེ། བཤད་པ་དེ་སྟོང་པ་ཉིད་ལས་བརྩམས་ནས་བྱུང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་
ཚིག་གོ། །གཟུགས་ལས་ཀྱང་བཙལ་བར་མི་བྱ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་མེད་པའི་ཕྱིར་དེ་སྐད་བསྟན་ཏོ། གཟུགས་ལས་གཞན་དུ་ཡང་བཙལ་བར་མི་བྱའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཐ་དད་པ་མེད་དོ་ཞེས་ཐ་དད་པ་མེད་
པར་བསྟན་ཏོ། །དེའི་ཕྱིར་ཡོད་པ་མ་ཡིན་ཐ་དད་པ་མ་ཡིན་པར་བསྟན་པའི་ཕྱིར་རོ། །ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ཏེ། འདི་ལྟར་མཚན་ཉིད་མེད་པའོ་ཞེས་བྱ་བ་གསུངས་སོ། །གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་
ཞེས་བྱ་བ་ནི་གཟུགས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ཡང་ཡོད་པ་མ་ཡིན་པར་བསྟན་པའོ། །གཟུགས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཐ་དད་པར་བརྗོད་དུ་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །
དེ་བས་ན། ཀཽ་ཤི་ཀ་འདི་ལྟར་ཆོས་འདི་དག་ཐམས་ཅད་ནི་ཡོད་པ་མ་ཡིན་ཏེ་དམིགས་སུ་མེད་དོ་ཞེས་བྱ་བ་གསུངས་སོ། །དེ་ནས་ཡང་ཆོས་བཤད་པ་འདི་ངོ་མཚར་དུ་གཟུང་བར་བསྟན་པའི་ཕྱིར་བརྒྱ་བྱིན་གྱིས་ཚིག་རྣམ་པ་བཞི་བཀོད་དེ། ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེ་བ་སྟེ་ཞེས་བྱ་བ་
དང་། ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མེད་པ་སྟེ་ཞེས་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་འདི་ནི་དཔག་ཏུ་མེད་པ་སྟེ་ཞེས་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པ་སྟེ་ཞེས་བྱ་བའོ། །གཟུགས་ཀྱི་སྔོན་གྱི་མཐའ་མི་དམིགས་ཞེས་བྱ་བ་ནི་དེའི་ཚེ་བྱུང་ངོ་ཞེས་བྱ་བའམ་མ་བྱུང་ངོ་
เล่ม ๙๓ · หน้า 181b
ཞེས་བྱ་བར་སྦྱར་རོ། །ཕྱི་མའི་མཐའ་མི་དམིགས་ཞེས་བྱ་བ་ནི་དེའི་ཚེ་འབྱུང་བར་འགྱུར་རོ་ཞེས་བྱ་བའམ། འབྱུང་བར་མི་འགྱུར་རོ་ཞེས་བྱ་བར་རོ། །དབུས་མི་དམིགས་ཞེས་བྱ་བ་ནི་ཡོད་དོ་ཞེས་བྱ་བའམ། མེད་དོ་ཞེས་བྱ་བར་མི་དམིགས་པ་སྟེ། དེ་ལྟར་དུས་གསུམ་དུ་དབྱེར་མེད་
པས་ཆེ་བའོ། །གཟུགས་ཀྱི་ཚད་ནི་དམིགས་སུ་མེད་དོ་ཞེས་བྱ་བ་ནི་དོན་དམ་པའི་གཟུགས་ལ་འདི་ཙམ་མོ་ཞེས་ཡོངས་སུ་བཅད་པ་མེད་པའི་ཕྱིར་ཚད་མེད་པ་ཉིད་དོ། །གྲངས་ཀྱིས་དཔག་ཏུ་མེད་པའི་ཕྱིར་དཔག་ཏུ་མེད་པའོ། །སྐད་ཅིག་ཡོངས་སུ་ཆད་པ་མེད་པའི་ཕྱིར་མཐའ་
ཡས་པའོ། །སྔོན་གྱི་མཐའ་ཞེས་བྱ་བ་ནི་སྐྱེ་བའི་མཐའོ། །ཕྱི་མའི་མཐའ་ཞེས་བྱ་བ་ནི་འགག་པའི་མཐའོ། །དབུས་ཞེས་བྱ་བ་ནི་སྐད་ཅིག་པའི་གནས་སོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་གཅིག་གིས་བསྟན་ནས། དེའི་འོག་ཏུ་མཐའ་ཡས་པ་རྣམ་པ་བཞིས་
སྟོན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐའ་ཡས་པ་དང་། ཆོས་ཀྱི་སྐུ་མཐའ་ཡས་པ་དང་། དེ་བཞིན་ཉིད་མཐའ་ཡས་པ་དང་། སེམས་ཅན་མཐའ་ཡས་པའོ། །དེ་ལ་སེམས་ཅན་མཐའ་ཡས་པ་ཞེས་བྱ་བ་གང་ཡིན་ཞེ་ན། དེ་མཐའ་ཞེས་བྱ་བ་ནི་མཐའ་གཉིས་ཏེ།
རྟག་པའི་མཐའ་དང་ཆད་པའི་མཐའོ། །མཐའ་དེ་གཉིས་མེད་པ་ནི་མཐའ་ཡས་པ་ཉིད་དེ་སེམས་ཅན་གྱི་མཐའ་མེད་པ་ནི་སེམས་ཅན་མཐའ་ཡས་པའོ། །གལ་ཏེ་སེམས་ཅན་ཡོད་ན་ནི་དེ་ལྟར་གྱུར་ན་མཐའ་དང་ལྡན་པར་འགྱུར་བ་ཞིག་ན་འདི་ལྟར་སེམས་ཅན་ངོ་བོ་ཉིད་ཀྱིས་མེད་
པ་ཁོ་ན་སྟེ། དེའི་ཕྱིར་ངོ་བོ་ཉིད་ཀྱི་སེམས་ཅན་མཐའ་ཡས་པ་ཡོད་པ་མ་ཡིན་ནོ། །སེམས་ཅན་མཐའ་ཡས་པ་དེ་ཡང་ཆོས་བཤད་པ་འདི་ལ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཆོས་བཤད་པ་འདི་ལ་སེམས་ཅན་འགའ་ཞིག་བསྟན་ན་ནི་དེ་ལྟར་གྱུར་ན་སེམས་ཅན་མཐའ་ཡས་
པ་ཡང་བསྟན་པར་འགྱུར་བ་ཞིག་ན། འདི་ལྟར་སེམས་ཅན་མ་བསྟན་པས་དེའི་ཕྱིར་འདི་ལ་སེམས་ཅན་མཐའ་ཡས་པ་ཡང་མེད་དོ། །དེ་བས་ན་ཀཽ་ཤི་ཀ་གང་ལ་སེམས་ཅན་དུ་བཤད་པ་གང་ཡང་མེད་པ་དེ་སེམས་ཅན་མཐའ་ཡས་པ་གང་ཡང་མེད་དེ་ཞེས་བྱ་བ་གསུངས་ཏེ།
เล่ม ๙๓ · หน้า 182a
སེམས་ཅན་མ་བསྟན་པའི་ཕྱིར་སེམས་ཅན་མཐའ་ཡས་པ་ཡང་མ་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་ཀཽ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བཞུགས་ཏེ།
སེམས་ཅན་སེམས་ཅན་ཞེས་གསུང་དུ་བརྗོད་ན་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཅན་མཐའ་ཡས་པ་ཚིག་གི་ཁ་ན་ལས་པ་མ་ཡིན་གྱི། སེམས་ཅན་མེད་པ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་ཀྱིས་མཐའ་ཡས་པའོ་ཞེས་སྟོན་ཏོ། །གལ་ཏེ་སེམས་ཅན་མཐའ་ཡས་པ་ཚིག་གི་ཁར་ལས་པ་
ཞིག་ཡིན་ན་ནི་དེ་བཞིན་གཤེགས་པའི་གསུང་ལས་སེམས་ཅན་སྐྱེ་བའམ། འགག་པར་འགྱུར་བ་ཞིག་ན། འདི་ལྟར་དེ་ལྟར་ཡང་མ་གྱུར་ཏེ་དེའི་ཕྱིར་སེམས་ཅན་མཐའ་ཡས་པ་ཚིག་ལས་གྱུར་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ན་སེམས་ཅན་
མཐའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པར་རིག་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་བཤད་པ་འདི་ལ་སེམས་ཅན་ཞིག་བསྟན་ན་ནི་དེ་ན་དེ་ཡོད་པའི་ཕྱིར་མཐའ་གཉིས་ཀྱང་ཡོད་པར་འགྱུར་ན་དེ་གཉིས་ཀྱང་མ་བསྟན་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པར་
འགྱུར་རོ། །གང་གི་ཕྱིར་སེམས་ཅན་མ་བསྟན་པ་དེའི་ཕྱིར་སེམས་ཅན་མེད་དོ། །དེ་མེད་པས་མཐའ་གཉིས་ཀྱང་མེད་དོ། །དེ་བས་ན་སེམས་ཅན་མ་བསྟན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་གང་ལ་ཡང་དམིགས་སུ་མ་
མཆིས་ཀྱང་། ཐེག་པ་གསུམ་རྣམ་པར་དགོད་པ་ཡང་མཆིས་ཏེ་ཞེས་བྱ་བ་ནི་དོན་དམ་པ་དང་ཀུན་རྫོབ་ཏུའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད་ཅེས་བྱ་བ་ནི་ཆོས་ཀྱི་སྐུའི་དེ་བཞིན་གཤེགས་པ་ནི་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་
དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་ལ་སློབ་པ་ནི་དོན་དམ་པར་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་ཡིན་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ལ་བྱེ་བྲག་མེད་པས་དེ་བཞིན་གཤེགས་པ་ཉིད་དོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་
เล่ม ๙๓ · หน้า 182b
སེམས་དཔའ་སངས་རྒྱས་ཀྱི་ཆོས་རྣམས་ལ་གསར་དུ་སློབ་པ་རྣམས་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་ཡིན་པས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ཀྱང་སངས་རྒྱས་ཀྱི་ཆོས་དང་མ་བྲལ་བར་གཟིགས་ནས། དེ་བཞིན་གཤེགས་པར་ལུང་བསྟན་ཏོ་ཞེས་མར་མེ་མཛད་
ཀྱི་དཔེ་བསྟན་ཏོ། །དེ་ནས་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི་མར་མེ་མཛད་ཀྱིས་ལུང་བསྟན་པ་ཐོབ་པས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུགས་མི་ལེན་
མི་འདོར་བའི་ཚུལ་དང་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མཐུན་པར་ཡོངས་སུ་འཛིན་པ་ནི་ངོ་མཚར་ཏོ་ཞེས་བྱ་བ་སྨྲས་ཏེ། གཟུགས་ལ་སོགས་པའི་ཆོས་རྣམས་ལ་ཁྱད་པར་དུ་འཕགས་པ་དང་། ངན་པའི་དངོས་པོ་མེད་པའི་ཕྱིར་ལེན་པ་དང་འདོར་བ་གཉིས་
ཀྱང་མེད་དོ། །འོན་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྔོན་མ་བྱུང་བ་ཡོངས་སུ་འཛིན་པ་དེ་ངོ་མཚར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དགེ་སློང་དང་དགེ་སློང་མ་དང་ཞེས་བྱ་བ་ལ་སོགས་པ་ནི་བཤད་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལས་བརྩམས་པའོ། །འདི་མན་ཆད་ནི་དོན་གྱི་བདག་ཉིད་ཀྱི་ཆོས་བཤད་པ་འདིའི་ཡོན་ཏན་གྱི་ཕན་ཡོན་ཚེ་འདི་དང་ཚེ་ཕྱི་མ་ལ་འབྱུང་བ་དང་། བསོད་ནམས་མང་པོ་འཕེལ་བའི་རྒྱུར་གྱུར་པ་སྟོན་ཏོ། །སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར་རོ་ཞེས་བྱ་བ་ནི་སྟོང་
པ་ཉིད་ཀྱི་བྱིན་གྱི་རླབས་ཀྱིས་རྒྱུ་མཐུན་པ་ཉིད་སྟོན་ཏེ། དེ་ལ་འཇིག་རྟེན་པ་ཐམས་ཅད་སྟོང་པར་སྣང་ལ། བདག་ཀྱང་སྟོང་པར་སྣང་ངོ་། །འདིར་ཇི་ལྟར་ན་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་རྙེད་པར་མི་འགྱུར་བ་སྟོན་ཏོ། །གང་གིས་གླགས་རྙེད་པར་འགྱུར་བ་ཞེས་བྱ་བ་ནི་སྡིག་
པའི་ལས་ཀྱིས་སོ། །གང་དུ་གླགས་རྙེད་པར་འགྱུར་བ་ཞེས་བྱ་བ་ནི་སའི་སྟེང་ངམ། ལྷ་ཡུལ་དུའོ། །གང་ལ་གླགས་རྙེད་པར་འགྱུར་བ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལ་སྟེ། འདི་ལྟར་དེ་དག་ཐམས་ཅད་མེད་པའི་ཕྱིར་རོ། །འདིར་ནི་གཞུང་བརྡ་ཕྲད་སླ་བས་མ་
เล่ม ๙๓ · หน้า 183a
བྲིས་སོ། །བསྲུང་བ་དང་བསྐྱབ་པ་དང་སྦ་བར་བགྱིའོ་ཞེས་བྱ་བ་ལ་ལུས་ཀྱི་བདེ་བ་ཐམས་ཅད་སྒྲུབ་པ་ནི་སྲུང་བའོ། །ཕྱི་རོལ་གྱི་གནོད་པ་ལས་སྐྱོབ་པ་ནི་བསྐྱབ་པའོ། །ནང་གི་ནད་ལ་སོགས་པ་བཟློག་པ་ནི་སྦ་བའོ། །འདིར་ཡང་གླགས་མི་རྙེད་པ་དང་།
དུས་མ་ཡིན་པར་འཆི་བ་མེད་པ་དང་། འཇིགས་པ་ལ་སོགས་པ་མི་འབྱུང་བ་དང་། ལྷ་རྣམས་ཀྱིས་བསྲུང་བ་སྟེ། ཕན་ཡོན་རྣམ་པ་བཞི་བསྟན་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཤ་སྟག་གིས་འདི་ལྟ་སྟེ་དཔེར་ན་བུ་རམ་ཤིང་གི་ཚལ་ལྟར་ཡོངས་སུ་གང་བར་གྱུར་ཞེས་བྱ་
བའི་དཔེ་བསྟན་པས་ནི་རིན་ཆེ་བ་བསྟན་ཏོ། །ཚེ་འདིའི་ཡོན་ཏན་གྱི་ཕན་ཡོན་དང་། ཚེ་ཕྱི་མའི་ཕན་ཡོན་དུ་མ་དང་། རིགས་ཕུན་སུམ་ཚོགས་པ་ལ་སོགས་པ་བཅུ་དང་། སྤྲུལ་པས་ཆོས་སྟོན་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བཟུང་བ་དང་། འཐབ་པ་
དང་རྒལ་བ་ལ་སོགས་པ་ཉེ་བར་ཞི་བ་དང་། དེའི་རྒྱུ་དང་། ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཐོབ་པ་དང་། སེམས་འཁྲུགས་པ་ལ་སོགས་པ་མེད་པ་དང་། སྨན་གྱི་དཔེ་དང་། དཀར་པོ་མ་ཡིན་པའི་ཆོས་ཐམས་ཅད་སྤོང་བ་དང་། སྲུང་བ་དང་དགེ་བའི་ཆོས་མངོན་པར་
འཕེལ་བ་དང་། ཚིག་བཙུན་པ་ལ་སོགས་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་མངོན་པར་སྦྱོར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་སྦྱོར་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོ་སོར་ཡང་དག་པར་སློབ་པ་སྟོན་ཏོ། །ཡོངས་སུ་འདུལ་བ་དང་ང་རྒྱལ་མེད་པར་
བྱ་བའི་ཕྱིར་ཉེ་བར་གནས་པ་ཡིན་ཞེས་བྱ་བ་ནི་འཇིག་རྟེན་པའི་སྤྱད་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པར་ཡོངས་སུ་འདུལ་བར་ཉེ་བར་གནས་པར་འགྱུར་རོ། །ཐབས་མི་མཁས་པས་ཁེངས་པར་འགྱུར་བ་ལས་ཁེངས་པ་མེད་པར་བྱེད་པར་ཡང་ཉེ་བར་གནས་པ་
ཡིན་ནོ། །མི་དམིགས་པར་སྤྱོད་པ་ལ་སྤྱོད་པའི་ཚེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་དུ་འདུལ་བས་ན་ཡོངས་སུ་འདུལ་བའི་ཕྱིར་ཉེ་བར་གནས་པ་ཡིན་ནོ། །ཁེངས་པར་འགྱུར་བ་མེད་པའི་ཕྱིར་ཁེངས་པར་མི་བྱེད་པར་ཉེ་བར་གནས་པ་ཡིན་ནོ། །དེའི་
เล่ม ๙๓ · หน้า 183b
འོག་ཏུ་གཡུལ་ངོར་མཚོན་ཆ་ལས་སྲུང་བ་དང་། དེའི་རྒྱུ་དང་དེའི་ཕྱི་རོལ་གྱི་གནོད་པ་ལས་སྲུང་བ་དང་། དེའི་རྒྱུ་དང་། གླགས་མི་ཐོད་པ་དང་། བྱང་ཆུབ་ཀྱི་སྙིང་པོའི་དཔེ་དང་བྲིས་ནས་གླེགས་བམ་དུ་བྱས་ཏེ་འཛིན་ཞེས་བྱ་བས་ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཀྱིས་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བསྟན་པ་དང་། ས་ཕྱོགས་མཆོད་རྟེན་དུ་འགྱུར་བ་དང་། དེར་ཡང་དེ་བཞིན་གཤེགས་པའི་སྐུ་གདུང་གིས་ཡོངས་སུ་གང་བའི་མཆོད་རྟེན་མཆོད་པ་བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་ལྷག་པ་དང་། དེའི་རྒྱུ་དང་། སེམས་ཅན་
དམན་པ་མང་བ་དང་། སེམས་ཅན་དགེ་བ་ཤིན་ཏུ་ཉུང་བ་དང་། དེའི་རྒྱུ་དང་། ཕྱོགས་བཅུ་དག་ན་ཡང་ཐེག་པ་དམན་པའི་སེམས་ཅན་མང་བ་དང་དེའི་རྒྱུ་དང་། བཤད་པ་འདི་རྒྱུན་མི་འཆད་པར་མཉན་པ་ལ་སོགས་པ་ལ་འཇུག་པར་བྱ་བ་དང་། རིན་པོ་ཆེ་སྣ་བདུན་གྱི་མཆོད་
རྟེན་ལ་མཆོད་པ་བས་ཀྱང་ལྷག་པ་དང་། འཛམ་བུའི་གླིང་ཙམ་དང་། སྟོང་གཉིས་ཙམ་དང་སྟོང་གསུམ་གྱི་སྟོང་ཆེན་པོ་ཙམ་དང་། སེམས་ཅན་ཐམས་ཅད་དེ་སྙེད་ཀྱི་མཆོད་རྟེན་ལ་མཆོད་པ་བྱས་པ་བས་བསོད་ནམས་ཆེ་བ་བསྟན་པ་དང་། དེ་བཞིན་དུ་ཕྱོགས་བཅུ་སོ་སོར་
ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས་རེ་རེས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་ཏེ། དེ་ལ་མཆོད་པ་བྱས་པ་བས་ཀྱང་བསོད་ནམས་ཆེ་བ་དང་དེའི་རྒྱུ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་
གནས་ན་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་ཁྱད་པར་ཅན་རྣམས་ཀྱི་རྒྱུར་འགྱུར་བ་དང་། བརྒྱ་བྱིན་ལ་གཏད་པ་དང་། ལྷ་དང་ལྷ་མ་ཡིན་གཡུལ་སྤྲོད་པའི་དཔེ་བརྗོད་པ་ལ་སོགས་པའི་ཡོན་ཏན་གྱི་ཕན་ཡོན་བསྟན་པ་དང་། རིག་སྔགས་ཆེན་མོ་དང་། རིག་
སྔགས་བླ་ན་མེད་པ་དང་། རིག་སྔགས་མི་མཉམ་པ་དང་མཉམ་པའི་མིང་སྨོས་པ་དང་། དེ་དག་གི་རྒྱུ་སྟོན་ཏེ། དེ་ལ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་པས་ལྷག་པར་ཆེ་བའི་ཕྱིར་རིག་སྔགས་ཆེན་མོའོ། །བདག་གི་གོང་ན་གཞན་མེད་
เล่ม ๙๓ · หน้า 184a
པའི་ཕྱིར་རིག་སྔགས་བླ་ན་མེད་པའོ། །བདག་དང་མཉམ་པ་མེད་པའི་ཕྱིར་རིག་སྔགས་མི་མཉམ་པ་དང་མཉམ་པའོ། །ཟླ་བའི་དཀྱིལ་འཁོར་གྱི་དཔེ་བརྗོད་པས་དཀར་པོའི་ཆོས་ཐམས་ཅད་རབ་ཏུ་འབྱུང་བའི་རྒྱུར་གྱུར་པ་དང་། ཐབས་མཁས་པའི་རྒྱུར་
གྱུར་པ་དང་། ཡང་ཚེ་འདིའི་ཡོན་ཏན་རྣམས་དང་། དུག་དང་། མེ་དང་། མཚོན་དང་། ཆུ་དང་ནད་ཀྱི་དབང་གིས་འཆི་བའི་དུས་མི་བྱེད་པ་དང་། རྒྱལ་པོའི་ཕོ་བྲང་འཁོར་གྱི་འཚེ་བ་མེད་པ་དང་། དཀར་པོའི་ཆོས་ཐམས་ཅད་དང་མི་འབྲལ་བ་དང་། སེམས་ཅན་
དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་སུ་སྐྱེ་བ་དང་། དབང་པོ་མ་ཚང་བ་དང་། ཡན་ལག་མ་ཚང་བ་དང་། རིགས་དམའ་བར་སྐྱེ་བ་མེད་པ་དང་། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ལུས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་དང་། སངས་
རྒྱས་ཀྱི་ཞིང་དུ་འགྲོ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་ལ་སོགས་པའི་ཡོན་ཏན་གྱི་ཕན་ཡོན་དེ་དག་བསྟན་ཏོ། །དེ་ནས་ཡང་ཀུན་ཏུ་རྒྱུ་བ་བརྒྱ་ཕྱིར་དོང་བ་དང་། དེའི་རྒྱུ་དང་། བདུད་ཕྱིར་ལོག་པ་དང་། དེ་ནས་
ཡང་ལྷ་ཐམས་ཅད་ཀྱིས་མཆོད་ཅིང་བསྔགས་པ་དང་། བསྲུང་ཞིང་བསྐྱབ་པར་དམ་བཅས་པ་དང་། འཛིན་པ་རྣམས་དགེ་བའི་རྩ་བ་མཆོག་དང་ལྡན་པར་འགྱུར་བ་རྣམས་བསྟན་ཏོ། །སྐབས་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་འབྱུང་བ་ནི་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ལས་ངེས་པར་བྱུང་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཐ་དད་པར་བསྟན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་
མ་ཡིན་ཞེས་བྱ་བ་ནི་དོན་དམ་པར་ཐ་དད་པ་མེད་པར་བསྟན་པའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བ་ནི་སྒྲུབ་པའི་ས་ལའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ངེས་པར་བྱུང་བ་ནི་ཤེས་རབ་ཀྱི་ཕ་རོལ་
เล่ม ๙๓ · หน้า 184b
ཏུ་ཕྱིན་པའོ་ཞེས་བྱ་བ་ནི་འབྲས་བུའི་ས་ལའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ཡིན་ཞེས་བྱ་བ་ནི་གཉི་གར་ཡང་ཆོས་ཀྱི་སྐུའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་ཀུན་དགའ་བོས་ཞུས་པ་དང་། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་ཞེས་བྱ་བ་ནས། ཀུན་དགའ་བོ་གཉིས་སུ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པ་ཞེས་བྱ་བ་ནི་གང་གི་ཚེ་སྦྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་དེའི་
ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུའི་ས་ལ་ཐ་དད་པ་མེད་ཅིང་། གཉིས་སུ་མེད་པར་སོ་སོར་བརྟགས་ཏེ། སྦྱིན་པ་བྱེད་པ་དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་པོ། །ཀུན་དགའ་བོ་གཟུགས་གཉིས་སུ་མེད་
པའི་ཚུལ་དང་དམིགས་སུ་མེད་པའི་ཚུལ་དང་། ལེན་པ་མེད་པའི་ཚུལ་གྱིས་ཞེས་བྱ་བ་དང་ཆོས་ཉིད་ཀྱི་གཟུགས་ནི་གཉིས་སུ་མེད་པའི་ཚུལ་གྱིས་སོ། །ཀུན་བརྟགས་པའི་གཟུགས་ནི་དམིགས་སུ་མེད་པའི་ཚུལ་གྱིས་སོ། །རྣམ་པར་བརྟགས་པའི་གཟུགས་ནི་ལེན་པའི་
ཚུལ་གྱིས་སོ། །གཉིས་སུ་མེད་པ་གང་ཡིན་པ་དེ་དམིགས་སུ་མེད་པའོ་ཞེས་བྱ་བ་ལ་གཉིས་སུ་མེད་པ་ནི་ཡོངས་སུ་གྲུབ་པ་སྟེ། དམིགས་ཤིང་ཀུན་བརྟགས་པས་མངོན་པར་ཞེན་པར་མི་འགྱུར་རོ། །གང་དམིགས་སུ་མེད་པ་དེ་ལེན་པ་མེད་པའོ་ཞེས་བྱ་བ་ནི། གང་
དམིགས་པའི་ཚུལ་གྱིས་མངོན་པར་ཞེན་པར་མི་འགྱུར་བ་དེ་རྣམ་པར་རྟོག་པའི་ཡིད་ལ་བྱེད་པས་ཉེ་བར་ལེན་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དཔག་ཏུ་མེད་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཚད་
མེད་པའི་རྒྱུར་གྱུར་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཟིལ་གྱིས་གནོན་པ་དང་། བརྒྱ་བྱིན་གྱིས་བསྲུང་ཞིང་བསྐྱབ་པ་དང་སྦ་བར་དམ་བཅས་པ་དང་། ལྷ་རྣམས་སྤོབས་པ་བསྒྲུབ་པ་དང་། འཁོར་གྱི་ནང་དུ་སེམས་ཞུམ་པ་མེད་པ་དང་།
เล่ม ๙๓ · หน้า 185a
ཀླན་ཀ་ཚོལ་བ་མེད་པ་དང་། སེམས་ཞུམ་པ་ལ་སོགས་པ་མེད་པ་དང་། འཇིག་རྟེན་ཐམས་ཅད་དགའ་བ་དང་། ཆོས་ཉིད་རྒྱུན་མི་འཆད་པ་དང་། ལྷ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་། དེ་དག་ལ་ཆོས་སྦྱིན་པ་དང་། ལྷ་དེ་
དག་རྣམས་ཀྱིས་བསྲུང་བ་དང་། ལྷ་རྣམས་འོང་བའི་རྟགས་དང་། ལྷ་ངན་པ་རྣམས་འདོང་བ་དང་། རྒྱ་ཆེན་པོ་ལ་མོས་པ་དང་། ས་ཕྱོགས་མཆོད་པར་འགྱུར་བ་དང་། ལུས་བདེ་བ་ལ་སོགས་པ་འབྱུང་བ་དང་། སྙོམ་པ་ལ་སོགས་པ་མེད་པ་དང་། རྨི་ལམ་བཟང་པོ་
རྨི་བ་དང་། ལུས་ལ་གཟི་མདངས་འཇུག་པ་དང་། རྐྱེན་རྣམས་པ་བཞི་ལ་མ་ཆགས་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སངས་རྒྱས་ཐམས་ཅད་ལ་རྐྱེན་རྣམ་པ་བཞིས་མཆོད་པ་དང་། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་ཏེ་མཆོད་པ་བས་ཀྱང་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་ལ་སོགས་པ་མ་བྱས་པར་རིམ་གྲོ་ཙམ་འགའ་ཞིག་བྱས་པའི་བསོད་ནམས་ཆེ་བ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས་ཡོངས་སུ་བཀང་བ་བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་
བསོད་ནམས་ཆེ་བ་དང་། དེའི་རྒྱུ་བསྟན་ཏོ། །སྐབས་འདིར། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུང་དུ་མེད་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་གཟུང་དུ་མེད་པའི་ཕྱིར་རོ། །བསྟན་དུ་མེད་པ་ཞེས་བྱ་བ་ནི་ཚིག་གིས་བསྟན་མི་ནུས་པའི་ཕྱིར་རོ། །ཐོགས་པ་
མེད་པ་ཞེས་བྱ་བ་ནི་དབང་པོའི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པས་ཡུལ་གྱི་ཐོགས་པ་མེད་པའི་ཕྱིར་རོ། །འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་ཐམས་ཅད་ཀྱི་མཚན་མ་དང་བྲལ་བའི་ཕྱིར་རོ། །འཛིན་པའི་
ཕྱིར་རམ་མི་འཛིན་པའི་ཕྱིར་ཡང་གནས་པ་མ་ཡིན་ཞེས་བྱ་བ་ནི་གཟུང་བར་བྱ་བ་དང་། གཟུང་བར་མི་བྱ་བར་རྣམ་པར་བརྟགས་པའི་འོས་མ་ཡིན་པའི་ཕྱིར་རོ། །འགྲིབ་པའི་ཕྱིར་མ་ཡིན་འཕེལ་བའི་ཕྱིར་མ་ཡིན་ཞེས་བྱ་བ་ནི་ནག་པོའི་ཕྱོགས་ཀྱི་ཆོས་སྤང་བའམ། དཀར་པོའི་
เล่ม ๙๓ · หน้า 185b
ཕྱོགས་ཀྱི་ཆོས་སྤེལ་བའི་ཕྱིར་གནས་པ་མ་ཡིན་པའོ། །དབྲི་བའི་ཕྱིར་མ་ཡིན། བསྣན་པའི་ཕྱིར་མ་ཡིན་ཞེས་བྱ་བ་ནི་འཁོར་བའི་ཆོས་བསལ་བའམ་མྱ་ངན་ལས་འདས་པའི་ཆོས་བསྒྲུབ་པའི་ཕྱིར་གནས་པ་མ་ཡིན་པ་སྟེ། ཅིའི་ཕྱིར་ཞེ་ན། དེ་ན་དེ་ལྟ་བུའི་རྣམ་པར་རྟོག་པ་ལ་
མངོན་པར་ཞེན་པ་ཐམས་ཅད་མེད་པའི་ཕྱིར་སྟེ། དེ་བཞིན་དུ་ཐམས་ཅད་ལ་སྦྱར་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཉེ་བར་གནས་པ་མ་ཡིན་ཞེས་བྱ་བ་ནི་གལ་ཏེ་འཛིན་པ་དང་མི་འཛིན་པ་ལ་སོགས་པའི་ཚུལ་དུ་གནས་པར་གྱུར་ན། དེ་ལྟ་ན་ནི་གཉིས་ཀྱི་བདག་
ཉིད་དང་། ཐ་དད་པའི་བདག་ཉིད་དུ་གནས་པར་འགྱུར་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དོན་དམ་པར་གཅིག་ཅིང་ཐ་དད་པ་མེད་པའོ། །དེ་བས་ན་དེ་ལ་འདི་ལྟ་བུར་སྤྱོད་པའི་སྤྲོས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་སྦྱིན་པ་དང་། ཚུལ་ཁྲིམས་ལ་
སོགས་པ་ཡང་དོན་དམ་པའི་གནས་སྐབས་སུ་གཅིག་པའི་ངོ་བོ་ཉིད་དེ་ཐ་དད་པ་མེད་པས་གཉིས་སུ་མེད་དོ། །དེ་བས་ན། ཀཽ་ཤི་ཀ་དེ་བཞིན་ཉིད་ལ་གཉིས་སུ་འདོད་དུ་ཟད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དེ་དག་ཐམས་ཅད་
ནི་དེ་བཞིན་ཉིད་ཀྱི་བདག་ཉིད་དུ་གཅིག་སྟེ་གཉིས་སུ་མེད་པར་གནས་པའོ། །ཆོས་བཟང་ལྷའི་འདུན་སའི་དཔེ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གདུང་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟགས་མེད་པ་
དང་། བརྗོད་དུ་མེད་པ་ལ་སོགས་པས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར། མཚན་མ་མེད་པའོ། །རང་གི་མཚན་ཉིད་དང་བྲལ་བའི་ཕྱིར་རྟགས་མེད་པའོ། །ཚིག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་བརྗོད་དུ་མེད་པའོ། །སྒྲའི་བདག་ཉིད་མ་ཡིན་པའི་ཕྱིར་སྨོས་སུ་མེད་པར་རོ། །
སོ་སོ་རང་གིས་རིག་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །དེའི་འོག་ཏུ་ངན་འགྲོ་ཐམས་ཅད་དང་ཐེག་པ་དམན་པའི་བསམ་པ་ལ་སོགས་པ་མེད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་གིས་ཡོངས་སུ་བཀང་བ་བས་ཀྱང་
เล่ม ๙๓ · หน้า 186a
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་བསོད་ནམས་ཆེ་བ་དང་། དེའི་རྒྱུ་དང་། དེ་བཞིན་གཤེགས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཆོས་རྣམ་པ་བཅུ་གཉིས་བཤད་པ་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀློག་པ་གཉིས་མཚུངས་པ་དང་། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་མཚུངས་པ་དང་། ཕྱིར་མི་ལྡོག་པའི་ས་ལ་གནས་པ་དང་། སྐྱེས་བུ་ནོར་གྱི་བདག་པོ་བུ་
ལོན་པའི་འཇིགས་སྐྲག་པའི་དཔེ་བརྗོད་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཉིད་འཐོབ་པ་དང་། ནོར་བུ་རིན་པོ་ཆེ་ཆེན་པོའི་དཔེ་བརྗོད་པ་དང་། ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དེ་བཞིན་གཤེགས་པའི་སྐུ་གདུང་གིས་ཡོངས་སུ་བཀང་བ་
བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་བསོད་ནམས་ཆེ་བ་དང་། དེའི་རྒྱུ་དང་། ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་རྣམས་མཐོང་བ་སྟོན་ཏེ། ཡེ་ཤེས་ཀྱི་སྐུ་ནི་ཡེ་ཤེས་ཀྱི་ཚོགས་སོ། །འདུས་བྱས་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་དང་
བཅས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །འདུས་མ་བྱས་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་བརྗོད་དུ་མེད་པ་དོན་དམ་པའི་ངོ་བོ་ཉིད་ནི་འདུས་མ་བྱས་ཀྱི་ཆོས་ཉིད་དོ། །ཐེག་པ་གསུམ་རྒྱ་ཆེར་བསྟན་ཏེ་དེ་དག་མཚན་མ་མེད་པའི་ཚུལ་དང་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཚུལ་དང་ཞེས་
བྱ་བ་ལ་སོགས་པ་ལ་ཉན་ཐོས་རྣམས་ཀྱིས་འབྲས་བུའི་གནས་སྐབས་སུ་མྱ་ངན་ལས་འདས་པ་ལས་དགོངས་ཏེ་གསུངས་སོ། །དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ལམ། ཚུ་རོལ་མ་ཡིན་ཐང་མ་ཡིན། གཤོང་མ་ཡིན་ཞེས་བྱ་བ་ལ་སོགས་པ་དོན་དམ་པར་
ཡང་ཡོངས་སུ་གྲུབ་པའི་གནས་སྐབས་ན་དེ་ལྟ་བུའི་རྣམ་པར་རྟོག་པ་དང་མཚན་མ་མེད་པའི་ཕྱིར་དེ་སྐད་བཤད་དོ། །བརྒྱ་བྱིན་གྱིས་གསོལ་པ་བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་སྟེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་
เล่ม ๙๓ · หน้า 186b
ཕ་རོལ་ཏུ་ཕྱིན་པ་ལ་བསམས་ཏེ་སྨྲས་པའོ། །དེ་ནི་ཆོས་ཐམས་ཅད་མི་དམིགས་པ་ཡིད་ལ་བྱེད་པས་མི་མཐོང་སྟེ་ཡུལ་ཆེ་བས་ནམ་མཁའ་དང་མཚུངས་སོ། །ཤིང་ལྗོན་པའི་དཔེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིང་ལྟ་བུའོ། །དེ་ལས་གཞན་པ་རྣམས་ནི་གྲིབ་མ་ལྟ་བུའོ། །
བདག་གིས་མཆོད་པ་བས་ཀྱང་གཞན་ལ་བྱིན་པ་འབྲས་བུ་ཆེ་བ་སྟོན་ཏོ། །རྡོ་རྗེ་ལྟ་བུའི་སྐུ་བཤིག་སྟེ་དེ་བཞིན་གཤེགས་པའི་སྐུ་གདུང་དུ་བྱིན་གྱིས་བརླབས་སོ་ཞེས་བྱ་བ་འདིས་ནི་བགོ་བཤའ་བྱས་པ་འབྲས་བུ་ཆེ་བ་བསྟན་ཏོ། །གཞན་དག་གི་དྲུང་དུ་སོང་སྟེ་བཤད་ཅེས་བྱ་བས་
ནི་སྟོན་པའི་བྱེད་པ་བསྟན་ཏོ། །ཆོས་གང་ཞིག་ལ་བདག་གིས་རིམ་གྲོ་དང་བཀུར་སྟི་དང་བསྟི་སྟང་དང་མཆོད་པ་བྱས་ཏེ་བསྟེན་ཅིང་གནས་པར་བྱ་སྙམ་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཆོད་པ་མཛད་ན། དེ་ལས་གཞན་པ་
ལྟ་ཅི་སྨོས་ཞེས་བྱ་བར་སྟོན་ཏོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པས་ཞེས་བྱ་བའི་འགྲེས་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་ཀྱི་རྒྱུའི་
གཙོ་བོ་ཡིན་ཏེ། དེ་བས་ན་མཆོད་པར་བྱའོ་ཞེས་བསྟན་པའོ། །དེའི་འོག་ཏུ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་བས་སེམས་ཅན་གཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གཞག་པ་བསོད་ནམས་ཀྱི་འབྲས་བུ་ཆེ་བར་བསྟན་
པའི་འགྲེས་དང་། དེས་ཡང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་དང་རང་བྱང་ཆུབ་ཀྱི་བར་ལ་བཀོད་པ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྱས་ཏེ་བྱིན་པ་བསོད་ནམས་ཆེ་བའི་འགྲེས་ཀྱིས་བསོད་ནམས་མང་དུ་བསྟན་པ་འཕེལ་བ་བསྟན་
ནས། དེའི་རྒྱུས་ཟག་པ་མེད་པའི་ཆོས་བསྟན་པ་དང་། འཇིག་རྟེན་པའི་གང་ཟག་ཁྱད་པར་དུ་འཕགས་པ་ཐམས་ཅད་མངོན་པའི་རྒྱུར་གྱུར་པ་དང་། འཕགས་པའི་གང་ཟག་མངོན་པའི་རྒྱུར་གྱུར་པ་དང་། དེ་ནས་ཡང་གླིང་བཞི་པ་དང་། སྟོང་གཅིག་དང་། སྟོང་
เล่ม ๙๓ · หน้า 187a
གཉིས་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་དང་། རང་བྱང་ཆུབ་ཀྱི་བར་ལ་བཀོད་པའི་བསོད་ནམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྱས་ཏེ་བྱིན་པ་
བསོད་ནམས་ཆེ་བའི་འགྲེས་དང་། དེའི་རྒྱུས་ཟག་པ་མེད་པའི་ཆོས་བསྟན་པའི་འགྲེས་དང་། འཇིག་རྟེན་པའི་གང་ཟག་ཁྱད་པར་དུ་འཕགས་པ་ཐམས་ཅད་མངོན་པའི་རྒྱུར་གྱུར་པ་དང་། འཕགས་པའི་གང་ཟག་མངོན་པའི་རྒྱུར་གྱུར་པ་བསྟན་པའི་འགྲེས་དང་། དེའི་འོག་
ཏུ་བསོད་ནམས་མང་དུ་བསྟན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་གཙོ་བོར་བསྟན་པའོ། །དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་ནི་འདི་ཡིན་ཏེ། གཉིས་ལ་སྤྱོད་པ་མ་ཡིན་པའི་བློས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ཞེས་བྱ་བ་ནི་གཉིས་སུ་མེད་པར་ཀུན་ཏུ་སྤྱོད་པའི་བློས་
འཇུག་པ་ནི། ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་བསོད་ནམས་མང་དུ་འཕེལ་བའི་འགྲེས་དང་། དོན་བསྟན་པ་གཙོ་བོ་ཡིན་པར་སྟོན་ཏེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི་གཉིས་སུ་བལྟ་བ་མ་ཡིན། གཉིས་སུ་མེད་པར་བལྟ་བ་མ་ཡིན་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་གཉིས་སུ་མེད་པའི་ངོ་བོ་ཉིད་དོ་ཞེས་བྱ་བར་ཡང་མི་རྟོག་ན། གཉིས་ཀྱི་ངོ་བོ་
ཉིད་དུ་ལྟ་ཅི་སྨོས་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གཉིས་ཀྱི་ཚུལ་དུ་ཡང་མི་བལྟ། གཉིས་སུ་མེད་པའི་ཚུལ་དུ་ཡང་མི་བལྟ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་མཚན་མར་མ་ཡིན། མཚན་མ་མེད་པར་མ་ཡིན་ཞེས་བྱ་བ་ལ་སོགས་པས་གནས་སྐབས་བཅུ་
བཞིར་རྣམ་པར་རྟོག་པ་བཅུ་བཞི་མེད་པར་སྟོན་ཏེ། དམིགས་པ་དང་། ལས་ཀྱི་རྣམ་པར་སྨིན་པ་དང་། ཤེས་བྱའི་དོན་རབ་ཏུ་དབྱེ་བ་དང་། གནས་གྱུར་པ་དང་། དེ་ཁོ་ནའི་དོན་འཛིན་པ་དང་། ས་ནས་ས་གཞན་དུ་འཕར་བ་དང་། ས་གཞན་དང་སྒྲུབ་པ་དང་། ཡིད་ལ་བྱེད་
เล่ม ๙๓ · หน้า 187b
པ་དང་། སྤོང་བ་དང་། རབ་ཏུ་རྟོགས་པ་དང་། ཆོས་ཉིད་མངོན་སུམ་དུ་བྱེད་པ་དང་། དེ་བཞིན་ཉིད་སྒོམ་པ་དང་། མྱ་ངན་ལས་འདས་པ་ལ་སྟེ། དེ་ལ་དམིགས་པ་འཛིན་པའི་ཚེ་གཟུགས་ལ་སོགས་པ་ཀུན་བརྟགས་པའི་མཚན་མ་རྣམས་མི་འཛིན་པ་དང་། མཚན་མ་མེད་
པའོ་ཞེས་རྣམ་པར་རྟོག་པ་ཡང་མེད་པའི་ཕྱིར། མཚན་མར་མ་ཡིན། མཚན་མ་མེད་པར་མ་ཡིན་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་ལས་ཀྱི་དུས་ན་ཡང་སྲིད་པར་བྱ་བའི་ཕྱིར་བླང་བའི་རྣམ་པར་རྟོག་པ་མེད་ལ། རྣམ་པར་སྨིན་པའི་དུས་ན་ཡང་འགྲོ་བ་རྣམས་སུ་དོར་བའི་
རྣམ་པར་རྟོག་པ་ཡང་མེད་པའི་ཕྱིར་བླང་བར་མ་ཡིན། དོར་བར་མ་ཡིན་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་ཤེས་པར་བྱ་བའི་ཆོས་རྣམས་རབ་ཏུ་འབྱེད་པའི་ཚེ་ཡང་ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་མེད་པས་དབྲི་བ་མེད་ལ་མེད་པའི་དངོས་པོ་ལ་སྒྲོ་འདོགས་པ་
མེད་པས་བསྣན་པ་མེད་པའི་ཕྱིར་དབྲི་བར་མ་ཡིན། བསྣན་པར་མ་ཡིན་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་སོ་སོ་སྐྱེ་བོའི་གནས་ཀྱི་ཚེ། དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར། ཀུན་ནས་ཉོན་མོངས་པ་མེད་ལ། གནས་གྱུར་པའི་ཚེ་
ཡང་ནམ་མཁའ་བཞིན་དུ་སྔོན་མ་བྱུང་བའི་རྣམ་པར་བྱང་བ་མེད་པའི་ཕྱིར། ཀུན་ནས་ཉོན་མོངས་པར་མ་ཡིན། རྣམ་པར་བྱང་བར་མ་ཡིན་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་ཤེས་བྱའི་དེ་ཁོ་ན་ཉིད་ཡོངས་སུ་བརྟགས་པའི་ཚེ་དང་། ཆོས་ཐམས་ཅད་མ་སྐྱེས་པ་དང་།
མ་འགགས་པའི་ཕྱིར་ཆོས་ཉིད་ལ་སྐྱེ་བ་དང་། འགག་པ་མ་མཐོང་བས། སྐྱེ་བར་མ་ཡིན་འགག་པར་མ་ཡིན་ཞེས་བྱ་བ་གསུངས་སོ། །ས་འོག་མ་ནས་ས་གོང་མར་འཕར་བའི་ཚེ་ཡང་དོན་དམ་པར་ས་གོང་མར་རྟོགས་པའི་ཆོས་ཁྱད་པར་དུ་འཕགས་པ་ཡང་མི་འཛིན་ལ།
ས་འོག་མར་རྟོགས་པའི་ཆོས་ངན་པ་ཡོངས་སུ་གཏོང་བ་ཡང་མེད་པའི་ཕྱིར། གཟུང་བར་མ་ཡིན་མི་གཟུང་བར་མ་ཡིན་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་ས་གོང་མ་ལ་གནས་པར་བྱ་བའི་རྣམ་པར་རྟོག་པ་མེད་ཅིང་། ས་འོག་མ་ལ་གནས་པར་མི་བྱ་བའི་རྣམ་པར་
เล่ม ๙๓ · หน้า 188a
རྟོག་པ་མེད་པའི་ཕྱིར། གནས་པ་དང་མི་གནས་པ་གཉི་ག་ཡང་ཀུན་བརྟགས་པ་ཙམ་དུ་ཟད་པས། དེའི་ཕྱིར་གནས་པར་མ་ཡིན་མི་གནས་པར་མ་ཡིན་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་ཞི་གནས་དང་ལྷག་མཐོང་སྒྲུབ་པ་ལ་སྦྱོར་བ་ན་སྒྲུབ་པ་དེ་
ལ་འདི་ནི་ཡང་དག་པར་སྒྲུབ་པའོ། །འདི་ནི་ཡང་དག་པ་མ་ཡིན་པའི་སྒྲུབ་པའོ་ཞེས་རྣམ་པར་རྟོག་པ་མེད་པའི་ཕྱིར། ཡང་དག་པར་མ་ཡིན་ལོག་པར་མ་ཡིན་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་དེ་ཉིད་ལ་ཡང་དག་པའི་ཡིད་ལ་བྱེད་པས་མངོན་པར་བརྩོན་པའི་ཚེ་
ཡང་འདི་ནི་རིགས་པས་བསྐྱེད་པའི་ཡིད་ལ་བྱེད་པའོ། །འདི་ནི་མི་རིགས་པས་བསྐྱེད་པའོ་ཞེས་བྱ་བའི་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར། རིགས་པར་མ་ཡིན། མི་རིགས་པར་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་
སྒྲིབ་པའི་ཕྱོགས་ཀྱི་གནས་ངན་ལེན་རྣམས་སྤོང་བ་ན་ཉོན་མོངས་པའི་རྣམ་པར་རྟོག་པ་ཕྲ་མོ་རིམ་གྱིས་སྤོང་ཡང་དེ་ལྟ་བུའི་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར། བག་ཙམ་མ་ཡིན་པར་མ་ཡིན་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་རབ་ཏུ་རྟོགས་པའི་ཚེ་ཡང་དོན་དམ་པ་དེ་བཞིན་
ཉིད་ཀྱི་བདག་ཉིད་ལས་སའི་རིམ་ཀུན་ཏུ་འགྲོ་བའི་དོན་དང་མཆོག་གི་དོན་དང་རྒྱུ་མཐུན་པའི་དོན་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་མེད་པའི་དོན་དང་། དམན་པ་མེད་པ་དང་། ལྷག་མ་མེད་པའི་དོན་ཅེས་བྱ་བ་ལ་སོགས་པའི་རིམ་པས་ཆ་ཤས་ཀྱིས་རབ་ཏུ་
རྟོགས་པར་བྱེད་པའི་ཚེ་ཡང་དེ་ལྟ་བུའི་རྣམ་པར་རྟོག་པ་མེད་པའི་ཕྱིར། ཆ་ཤས་སུ་མ་ཡིན། ཆ་ཤས་མེད་པར་མ་ཡིན་ཞེས་བྱ་བ་གསུངས་སོ། །ཆོས་ཉིད་མངོན་སུམ་དུ་བྱེད་པའི་ཚེ་ཡང་ཆོས་ཉིད་རབ་ཏུ་རྫོགས་པར་བྱེད་པ་ན་ཆོས་ཀྱི་རྣམ་པ་དང་ཆོས་མ་ཡིན་པར་རྣམ་པར་
བརྟགས་ན་གཏན་གྱི་དངོས་པོའི་བདག་ཉིད་དུ་མི་སྣང་བའི་ཕྱིར། ཆོས་སུ་མ་ཡིན། ཆོས་མ་ཡིན་པར་མ་ཡིན་ཞེས་བྱ་བ་གསུངས་སོ། །དེ་བཞིན་ཉིད་སྒོམ་པའི་ཚེ་ཡང་དེ་བཞིན་ནོ་ཞེས་བྱ་བ་འམ་གཞན་ནོ་ཞེས་བྱ་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར། དེ་བཞིན་ཉིད་དུ་མ་
เล่ม ๙๓ · หน้า 188b
ཡིན་དེ་བཞིན་ཉིད་མ་ཡིན་པར་མ་ཡིན་ཞེས་བྱ་བ་གསུངས་སོ། །མྱ་ངན་ལས་འདས་པའི་ཚེ་ཡང་ཡང་དག་པའི་དོན་གྱི་མཐའོ་ཞེས་བྱ་བ་དེ་ལས་བཟློག་པའོ་ཞེས་བྱ་བར་འཛིན་པ་མེད་པའི་ཕྱིར། ཡང་དག་པའི་མཐའ་མ་ཡིན་ཡང་དག་པའི་མཐའ་མ་ཡིན་པར་མ་ཡིན་ཞེས་
བྱ་བ་གསུངས་སོ། །འདི་ནི་གཉིས་སུ་མེད་པའི་དོན་ཏོ་ཞེས་བྱ་བ་ལ། དོན་ཅེས་བྱ་བ་འདི་ནི་བརྗོད་པར་བྱ་བའི་རྣམ་གྲངས་དང་། དམིགས་པའི་རྣམ་གྲངས་ཏེ། གཉིས་སུ་མེད་པ་འདི་ནི་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྗོད་པར་བྱ་བའི་དོན་དང་རྣམ་པར་
མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་དམིགས་པའོ་ཞེས་བཤད་པའོ། །དེའི་འོག་ཏུ་དོན་དང་ལྡན་ལ་ཚིག་འབྲུ་དང་ལྡན་པར་ཞེས་བྱ་བའི་འགྲེས་ཀྱིས་ནི་བདག་གིས་བཟུང་བའི་བསོད་ནམས་པས་བཤད་པའི་བསོད་
ནམས་ཆེ་བར་སྟོན་ཏོ། །དེའི་འོག་ཏུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བྱས་པའི་བསོད་ནམས་པས་འདི་བཤད་པའི་བསོད་ནམས་ཆེ་བའི་འགྲེས་དང་། བསྐལ་པ་ཚད་མེད་གྲངས་མེད་དཔག་ཏུ་མེད་པར་དམིགས་པའི་
ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་བས་དམིགས་པ་མེད་པའི་ཚུལ་དུ་བཤད་པ་བསོད་ནམས་ཆེ་བའི་འགྲེས་དང་། དམིགས་པ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པའི་འགྲེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པའི་འགྲེས་བཞི་སྟེ། དམིགས་པ་
དང་བཅས་པའི་སྒོམ་པ་བསྟན་པའི་འགྲེས་ནི་དང་པོའོ། །འབྲས་བུ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་འགྲེས་ནི་གཉིས་པའོ། །བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འཐོབ་པའི་འགྲེས་ནི་གསུམ་པའོ། །རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བ་བསྟན་
པའི་འགྲེས་ནི་བཞི་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་བསྟན་པའི་འགྲེས་ཀྱང་རྣམ་པ་གཉིས་ཏེ། མི་དམིགས་པར་གདམས་པའི་འགྲེས་ནི་དང་པོའོ། །ཆོས་ཐམས་ཅད་ལ་མི་ལྟ་བ་དང་། མཆོག་ཏུ་འཛིན་པ་ལས་ཡང་དག་པར་གནས་པའི་འགྲེས་ནི་
เล่ม ๙๓ · หน้า 189a
གཉིས་པའོ། །དེའི་འོག་ཏུ་འཛམ་བུའི་གླིང་དང་། གླིང་བཞི་པ་དང་། སྟོང་གཅིག་དང་། སྟོང་གཉིས་དང་། སྟོང་གསུམ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བསོད་ནམས་པས་གཞན་
དག་ལ་བཤད་པའི་བསོད་ནམས་ཆེ་བར་བསྟན་པའི་འགྲེས་དྲུག་དང་། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནས་རང་བྱང་ཆུབ་ཀྱི་བར་ལ་བཀོད་པའི་བསོད་ནམས་པས། གཞན་དག་ལ་བཤད་པའི་བསོད་ནམས་ཆེ་བར་བསྟན་པ་ཡང་འཛམ་བུའི་གླིང་དང་། གླིང་བཞི་པ་ལ་
སོགས་པའི་དབང་གིས་འགྲེས་དྲུག་གོ། །དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པའི་བསོད་ནམས་པས་བཤད་པའི་བསོད་ནམས་ཆེ་བར་བསྟན་པ་ཡང་འཛམ་བུའི་གླིང་དང་། གླིང་བཞི་པ་ལ་སོགས་པའི་དབང་གིས་
འགྲེས་དྲུག་གོ། །དེ་བཞིན་དུ་ཕྱིར་མི་ལྡོག་པའི་ས་ལ་བཀོད་པའི་ཡང་འགྲེས་དྲུག་གོ། །དེ་ནས་ཡང་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་དེ་དག་ལ་བཤད་པའི་བསོད་ནམས་པས་ཀྱང་གཅིག་གཅིག་ལ་མྱུར་དུ་མངོན་པར་ཤེས་པར་བྱ་བའི་ཕྱིར་བཤད་པའི་བསོད་ནམས་ཆེ་བ་བསྟན་
པ་ལ་ཡང་འགྲེས་དྲུག་གོ། །བརྒྱ་བྱིན་གྱིས་བསྟན་པའི་འགྲེས་དང་། གནས་བརྟན་རབ་འབྱོར་རྗེས་སུ་ཡི་རང་བའི་འགྲེས་ཏེ་འདིར་ནི་འགྲེས་དེ་རྣམས་བསྟན་ཏོ། །དེ་ནས་ཡང་བསོད་ནམས་ཆེ་བར་བསྟན་པའི་སྐབས་འདི་ཉིད་དུ་རྗེས་སུ་ཡི་རང་བའི་བསོད་ནམས་ཀྱང་མཆོག་
ཏུ་འགྱུར་བར་བསྟན་ནས། དེའི་འོག་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་བྱམས་པས། བཙུན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་དང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་སྦྱིན་པ་
དང་། ཚུལ་ཁྲིམས་དང་། སྒོམ་པ་ལ་རྗེས་སུ་ཡི་རང་བའི་བསོད་ནམས་བྱ་བའི་དངོས་པོ་དག་པས་བྱང་ཆུབ་སེམས་དཔའ་མི་དམིགས་པའི་ཡིད་ལ་བྱེད་པ་ལ་ཞུགས་པའི་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བའི་བསོད་ནམས་གཅིག་མཆོག་ཉིད་དོ་ཞེས་བྱ་བའི་ཐ་
เล่ม ๙๓ · หน้า 189b
ཚིག་གོ། །དེའི་འོག་ཏུ་དེའི་རྒྱུ་གསུངས་པ། འདི་ལྟར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་སོགས་པ་ནི་བདག་འདུལ་བའི་ཕྱིར་ཉེ་བར་གནས་པར་ཟད་ཀྱི། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་
ཅད་གདུལ་བའི་ཕྱིར་རོ། །དེ་སྐད་སྨྲས་པ་དང་། གནས་བརྟན་རབ་འབྱོར་གྱིས་འདི་ལ་གལ་བཟུང་སྟེ་སྨྲས་པ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་བསྡུ་བ་དང་། ཡོངས་སུ་སྨིན་པར་བྱ་བ་དང་། རྣམ་པར་གྲོལ་བར་བྱ་བ་ལ་
སོགས་པ་དང་། ཕུང་པོ་ལྔ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། བསྟན་པའི་ཆོས་ཀྱི་ཕྱོགས་དང་། ཐོབ་པའི་ཆོས་ཀྱི་སྐུ་དང་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྣམས་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་ཏེ་འབྱུང་བ་ཡིན་ན། བྱང་
ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེ་དངོས་པོ་མེད་ཅིང་དམིགས་པ་མེད་པ་ལ་འཇུག་པས་ཕྱིན་ཅི་ལོག་བཞི་དང་མཚུངས་པར་འགྱུར་རོ། །གལ་ཏེ་དངོས་པོ་ཇི་ལྟ་བ་དང་། དམིགས་པ་ཇི་ལྟ་བ་བཞིན་དུ་འགའ་ཞིག་ཡོད་ན་ནི་དེ་ལྟར་འགྱུར་ན།
གཟུགས་དང་ཚོར་བ་ལ་སོགས་པ་ཆོས་ཐམས་ཅད་ཀྱང་ཡོད་ལ། བྱང་ཆུབ་ཀྱི་སེམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་ཡང་ཡོད་པར་འགྱུར་རོ། །ཇི་སྟེ་དངོས་པོ་ཇི་ལྟ་བ་དང་།
དམིགས་པ་ཇི་ལྟ་བ་བཞིན་དུ་ཡོད་པ་མ་ཡིན་ན་དེ་ལྟར་གྱུར་ན་ནི་ཐམས་ཅད་མེད་པས་དངོས་པོ་དང་དམིགས་པ་དང་། དགེ་བའི་རྩ་བ་དང་། རྗེས་སུ་ཡི་རང་བ་དང་། བསོད་ནམས་བྱ་བའི་དངོས་པོ་རྣམས་མེད་པར་ཡོངས་སུ་བསྔོ་བ་ཇི་ལྟར་གྲུབ་པར་འགྱུར་བ་དེ་བསྙད་དགོས་
སོ་ཞེས་དྲིས་པ་སྟེ། ཇི་སྟེ་དངོས་པོ་དང་དམིགས་པ་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་སེམས་ཀྱང་དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་དངོས་པོ་དང་དམིགས་པ་དག་ཡོད་པ་མ་ཡིན་པ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཡང་གལ་ཏེ་མེད་ན་ཞེས་བྱ་བའི་ཐ་ཚིག་གོ།། །།
เล่ม ๙๓ · หน้า 190a
བམ་པོ་བཅུ་དགུ་པ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པས་གལ་ཏེ་སྟོང་པ་ཉིད་ཤེས་པ་ཡོངས་སུ་སྨིན་པའི་མཚན་ཉིད་བྱང་ཆུབ་སེམས་དཔའ་ཡིན་ན་ནི་དེ་ལྟ་བུ་མཚན་མ་བྱས་ཏེ་ཡོངས་སུ་བསྔོ་བས་དེ་ལ་ནི་ཀླན་ཀ་མེད་
དོ། །ཇི་སྟེ་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་སྨིན་པ་ལེགས་པར་མ་བསླབས་པ་གསར་བུ་ཞིག་ཡིན་ན་དེ་དག་ལ་ནི་ཀླན་ཀ་དེ་རིགས་སོ་ཞེས་སྨྲས་ཏེ། སྟོང་པ་ཉིད་ཤེས་པ་དག་ནི་མཚན་མར་བྱས་ཏེ། ཡོངས་སུ་མི་བསྔོའོ། །བཙུན་པ་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པ་ཞེས་བྱ་བ་ལ་སོགས་པས་ནི་དེ་གསར་བུ་ཡིན་པས་ཕྱིན་ཅི་ལོག་དང་མཚུངས་པའི་སྐྱོན་མེད་པར་སྟོན་ཏོ། །དེའི་འོག་ཏུ་བཙུན་པ་རབ་འབྱོར་དེ་ལྟར་བསྟན་པ་འདི་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་
དཔའི་མདུན་དུ་མི་བཤད་དོ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་གསར་བུ་ནི་སྟོང་པ་ཉིད་འདི་བཤད་པའི་སྣོད་མ་ཡིན་པར་སྟོན་ཏོ། །གལ་ཏེ་དེ་ལ་དད་པ་ཙམ་མམ་ཞེས་བྱ་བ་ལ་སོགས་པས་ནི་བཤད་ན་ཐོབ་པ་ཡོངས་སུ་ཉམས་པར་འགྱུར་བ་དང་། མ་ཐོད་པ་
ཡོངས་སུ་ཉམས་པར་འགྱུར་བའི་སྐྱོན་ཏོ། །བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་མདུན་དུ་བཤད་པར་བྱའོ་ཞེས་བྱ་བས་ནི་ཡོངས་སུ་སྨིན་པ་རྣམས་ལ་བཤད་ན་ཉེས་པ་མེད་པར་རོ། །དེ་ནས་བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་
སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པའི་ཡོངས་སུ་བསྔོ་བ་སྟོན་ཏོ། །མཚན་མར་བྱས་ཏེ། ཡོངས་སུ་བསྔོ་བ་ནི་རྣམ་པ་
བཞིས་མི་རིགས་ཏེ། རྗེས་སུ་ཡི་རང་བའི་སེམས་དང་ཡོངས་སུ་བསྔོ་བའི་སེམས་གཉིས་ཕྲད་པ་མེད་པ་དང་། དངོས་པོ་ལ་དམིགས་པ་དང་། དགེ་བའི་རྩ་བ་དང་། བསོད་ནམས་བྱ་བའི་དངོས་པོ་རྣམས་ཕྲད་པ་མེད་པ་དང་། བསྔོ་བ་དང་། ཡོངས་སུ་བསྔོ་བར་
เล่ม ๙๓ · หน้า 190b
བྱ་བ་གཉིས་ཕྲད་པ་མེད་པ་དང་། ཡོངས་སུ་བསྔོ་བ་ཡང་མེད་པའི་ཕྱིར་ཏེ། སེམས་གང་གིས་རྗེས་སུ་ཡི་རང་ཞིང་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པའི་སེམས་དེ་ནི་ཟད་ཅིང་འགགས་ལ་མེད་དེ་རྣམ་པར་འགྱུར་ཞེས་བྱ་
བས་ནི་སེམས་གཉིས་ཕྲད་པ་མེད་པར་སྟོན་ཏོ། །དངོས་པོ་དེ་དག་དང་། དམིགས་པ་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱས་པའི་དངོས་པོ་དེ་ཡང་ཟད་ཅིང་འགག་པ་མེད་དེ། རྣམ་པར་གྱུར་པ་ཡིན་ན་ཞེས་བྱ་བ་
ལ་སོགས་པ་ནི་དངོས་པོ་ལ་སོགས་པ་མེད་པར་སྟོན་ཏོ། །ཅི་སེམས་ཀྱིས་སེམས་ཡོངས་སུ་བསྔོ་འམ། གལ་ཏེ་སེམས་ཀྱིས་སེམས་ཡོངས་སུ་བསྔོར་ནི་སེམས་ཕྲད་པར་འགྱུར་བ་མེད་དེ་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བ་དང་། ཡོངས་སུ་བསྔོ་བར་བྱ་བ་གཉིས་མེད་པར་སྟོན་
ཏོ། །སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཡོངས་སུ་བསྔོ་བར་མི་ནུས་སོ་ཞེས་བྱ་བས་ནི་ཡོངས་སུ་བསྔོ་བའི་སེམས་མེད་པར་སྟོན་ཏེ། སེམས་དེ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་བརྟགས་པ་སྟེ་དངོས་པོ་མེད་པ་ནི་ཡོངས་སུ་བསྔོ་བར་མི་ནུས་སོ་ཞེས་བྱ་བར་སྟོན་ཏོ།
གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མེད་པའོ་ཞེས་བྱ་བར་ཤེས་ན་ཞེས་བྱ་བར་ལ་སོགས་པ་ནི་དངོས་པོ་མེད་པའི་མཚན་ཉིད་སྟོན་ཏོ། །དེ་ནས་ཡང་བྱང་ཆུབ་
སེམས་དཔའ་བྱམས་པས་བཙུན་པ་རབ་འབྱོར་ཇི་ལྟར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞེས་བྱ་བ་ལ་སོགས་པས་ཐེག་པ་ལ་གསར་དུ་ཞུགས་པའི་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་གཉིས་ཀྱི་ངོ་བོ་ཉིད་དྲིས་སོ། །ཡང་
བྱམས་པ་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་རབ་འབྱོར་གྱིས། དེས་ཀྱང་བསླབ་པའི་དབང་གིས་མི་དམིགས་པ་ཉིད་ཀྱི་ཚུལ་གྱིས་བྱའོ་ཞེས་སྟོན་ཏོ། །དེས་བདུད་ཀྱི་ལས་དེ་དག་ཐོས་ནས་འགྲིབ་པའམ་འཕེལ་བ་མེད་
เล่ม ๙๓ · หน้า 191a
པར་འགྱུར་རོ་ཞེས་བྱ་བ་ནི་དེ་དག་ཏུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་རིགས་ཡོངས་སུ་གཟུང་བར་འགྱུར་རོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཡིད་ལ་བྱེད་པའོ། །དེའི་འོག་ཏུ་སྤྱིར་རྗེས་སུ་ཡི་རང་བའི་རྣམ་གྲངས་བསྟན་ནས། དེའི་འོག་ཏུ་བྱམས་
པ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས་སངས་རྒྱས་བཅོམ་ལྡན་འདས་ལམ་གྱི་རྒྱུན་བཅད་པ། སྤྲོས་པ་དང་སྲིད་པའི་ཚུལ་གྱིས་རྒྱུན་བཅད་པ་ཞེས་བྱ་བ་ལ་སོགས་པས་དོན་དམ་པར་བཤད་པའི་སྐབས་འབྱེད་དོ། །དེའི་
འོག་ཏུ་བྱང་ཆུབ་སེམས་དཔའ་བྱམས་པས་དེ་ལ་ཇི་ལྟར་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་དྲིས་པ་དང་། དེ་ནས་གནས་བརྟན་རབ་འབྱོར་གྱིས་ཡོངས་སུ་བསྔོ་བ་ཁ་ན་མ་ཐོ་བ་མེད་པ་འགྲེས་རྣམ་པ་དགུ་བསྟན་ཏེ། དེ་ལ་འདུ་ཤེས་རྣམ་པ་དྲུག་མེད་པས། ཕྱིན་ཅི་ལོག་ཏུ་མི་འགྱུར་གྱི་དེ་
ལས་གཞན་དུ་ན་ཕྱིན་ཅི་ལོག་ཏུ་འགྱུར་རོ་ཞེས་བྱ་བ་ནི་འགྲེས་དང་པོའོ། །སངས་རྒྱས་ལ་སོགས་པ་ལ་སེམས་པའི་སེམས་དང་ཡོངས་སུ་བསྔོ་བའི་སེམས་ཀྱང་ཟད་པ་དང་། བྱང་ཆུབ་ཀྱང་མེད་པ་དང་། ཆོས་རྣམས་ཀྱང་ངོ་བོ་ཉིད་ཀྱི་སྟོང་པ་ཉིད་དང་། ཡོངས་སུ་བསྔོ་
བ་ཡང་མེད་པའི་ཕྱིར། དོན་དམ་པར་ཡོངས་སུ་བསྔོ་བ་མེད་དོ་ཞེས་དེ་ལྟར་སེམས་ན་མཐུན་པར་ཡོངས་སུ་བསྔོ་བ་ཡིན་ནོ་ཞེས་བྱ་བ་ནི་འགྲེས་གཉིས་པའོ། །དེ་ནས་ཡང་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཉན་ཐོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་
དང་། སངས་རྒྱས་རྣམས་དང་། སོ་སོ་སྐྱེ་བོ་ཐམས་ཅད་ཀྱི་བསོད་ནམས་གང་ཡིན་པ་དེ་དག་ལ་རྗེས་སུ་ཡི་རང་ནས་ཡོངས་སུ་བསྔོ་བ་ན། དེ་དག་ཟད་པར་ཡིད་ལ་བྱེད་པ་དང་། ཡོངས་སུ་བསྔོ་བ་མེད་པར་ཡིད་ལ་བྱེད་པ་དང་། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཡིན་པར་ཡིད་ལ་བྱེད་པ་ན་
བླ་ན་མེད་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་ཞིང་ཞེས་བྱ་བ་ནི་གསུམ་པའོ། །དེ་ནས་ཡང་ཡོངས་སུ་བསྔོ་བའི་བསོད་ནམས་མངོན་པར་འདུ་བྱེད་པ་དེ། ཆོས་ཐམས་ཅད་ཀྱིས་དབེན་པ་ཉིད་དང་ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་ཀྱིས་དབེན་པར་ཤེས་ཤིང་མཆོག་ནས་མི་མཉམ་པ་དང་།
เล่ม ๙๓ · หน้า 191b
མཉམ་པའི་བར་གྱིས་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་ན་ཞེས་བྱ་བ་ནི་བཞི་པའོ། །དེ་ནས་ཡང་སྔ་མ་བཞིན་དུ་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ནས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ན། སངས་རྒྱས་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་
སེམས་དཔའ་རྣམས་དང་། དགེ་བའི་རྩ་བ་རྣམས་དང་། ཡོངས་སུ་བསྔོ་བ་དང་། བྱང་ཆུབ་དང་ཡོངས་སུ་བསྔོ་བའི་སེམས་དེ་དག་གིས་ངོ་བོ་ཉིད་མཚུངས་པར་ཤེས་ནས་ཡོངས་སུ་བསྔོ་ན་ཞེས་བྱ་བ་ནི་ལྔ་པའོ། །དེའི་འོག་ཏུ་དགེ་བའི་རྩ་བ་རྣམས་ལ་མཚན་མར་བྱས་ཏེ། ཡོངས་
སུ་བསྔོ་ཞིང་འདས་པའི་སངས་རྒྱས་རྣམས་ལ་ཡང་འདས་པའི་ཡིད་ལ་བྱེད་པས་མཚན་མར་བྱེད་ཅིང་ཡུལ་ཡིན་པར་ཡིད་ལ་བྱེད་ན་ཕྱིན་ཅི་ལོག་ཏུ་འགྱུར་རོ། །གལ་ཏེ་དགེ་བའི་རྩ་བ་དེ་དག་དང་། མངོན་པར་འདུ་བྱེད་པ་དེ་དག་དང་། སེམས་བསྐྱེད་པ་དེ་དག་ཤེས་པར་མི་བྱེད་
ཅིང་ཚད་མར་མི་བྱེད་ན་དེ་ཡང་དག་པར་བསྔོ་བ་ཡིན་ནོ་ཞེས་བྱ་བ་ནི་དྲུག་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་མཚན་མར་མི་བྱེད་པ་དང་། ཡོངས་སུ་བསྔོ་བ་གཉིས་མི་འགལ་བར་ཇི་ལྟར་རུང་སྙམ་ནས་དྲིས་པ་དང་། དེ་ནས་གནས་བརྟན་རབ་འབྱོར་གྱིས་དེ་ནི་
བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་རྣམས་ཀྱི་ཡིན་ནོ་ཞེས་བྱ་བ་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་བསྟན་ཏེ། དེ་ལ་ཡང་དག་པར་ཡོངས་སུ་བསྔོ་བར་འདོད་པའི་བྱང་ཆུབ་སེམས་དཔས་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། སངས་
རྒྱས་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། མངོན་པར་འདུ་བྱ་བ་དེ་དག་དང་། སེམས་དེ་དག་ཀྱང་ཡོད་པ་མ་ཡིན་ན། འོན་ཀྱང་བདག་ནི་དེ་དག་ཐམས་ཅད་མཚན་མར་བྱས་ནས་རྣམ་པར་རྟོག་པ་ལྟ་ཞིག །དེ་ལྟར་མཚན་མར་བྱས་ཤིང་རྣམ་པར་རྟོག་པས་ཡོངས་སུ་
བསྔོ་བ་ནི་དེ་བཞིན་གཤེགས་པས་རྗེས་སུ་གནང་བ་མ་མཛད་དེ། དེ་ནི་ཁ་ཟས་ཞིམ་པོ་དུག་དང་མཚུངས་སོ། །དེ་བས་ན་དེ་ལྟར་ཡོངས་སུ་བསྔོ་བར་མི་བྱ་ཞིང་དེ་ལ་བསླབ་པར་ཡང་མི་བྱའོ། །དེ་བས་ན་སངས་རྒྱས་ཉིད་ཚད་མར་བྱས་ལ་སངས་རྒྱས་བཅོམ་ལྡན་འདས་དེ་
เล่ม ๙๓ · หน้า 192a
དག་གིས་དེ་དག་ཐམས་ཅད་ཇི་ལྟར་མཁྱེན་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོའོ་ཞེས་ཡོངས་སུ་སྔོ་བར་བྱེད་པ་དུག་མེད་པའི་ཡོངས་སུ་བསྔོ་བའི་འགྲེས་ནི་བདུན་པའོ། །དེ་ནས་ཆོས་ཐམས་ཅད་ཁམས་གསུམ་དང་དུས་གསུམ་དུ་མ་
གཏོགས་པར་ཡིད་ལ་བྱེད་པས་ཡོངས་སུ་བསྔོ་བ་ནི་དུག་མེད་པའོ། །དེ་ལས་གཞན་དུ་ཡོངས་སུ་བསྔོ་བ་ནི་དུག་དང་བཅས་པའོ་ཞེས་བྱ་བ་ནི་བརྒྱད་པའོ། །དེ་ནས་ཡང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་ཆོས་ཉིད་ཀྱིས་བདག་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བ་ནི་དགུ་པའོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚིག་ལས་རྣམ་པ་མང་དུ་རྗེས་སུ་ཡི་རང་བར་མཛད་ནས་རྣམ་པ་གསུམ་གྱིས་བསོད་ནམས་མང་དུ་འཕེལ་བར་བསྟན་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱིས་དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་
གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་ཐོབ་པ་རྣམས་ཀྱི་བསོད་ནམས་པས་ཆགས་པ་མེད་པའི་ཡོངས་སུ་བསྔོ་བ་འདི་བསོད་ནམས་ཆེས་མང་ངོ་ཞེས་བྱ་བ་ནི་གཅིག་གོ། །དེ་ལ་སེམས་ཅན་དེ་དག་ཐམས་ཅད་རྒྱུན་
དུ་ཞུགས་པ་ལ་སོགས་པ་ནས། དགྲ་བཅོམ་པ་དང་། རང་བྱང་ཆུབ་ཀྱི་བར་དུ་གྱུར་པ་རྣམས་ལ་རྐྱེན་བཞིས་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱས་པའི་བསོད་ནམས་པས་ལྷག་པ་ཞེས་བྱ་བ་ནི་གཉིས་པའོ། །དེ་ཉིད་ལ་སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔར་གྱུར་པ་
རྣམས་ལ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱིས་དེ་དག་རེ་རེ་ལ་ཡང་རྐྱེན་བཞི་དང་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྐྱེད་དུ་བསྙེན་བཀུར་བྱས་པའི་བསོད་ནམས་ཀྱི་ཕུང་པོ་དེ་ལྟ་བུ་དེ་དག་པས་ཀྱང་ལྷག་གོ་ཞེས་བྱ་བ་ནི་གསུམ་པའོ། །བཅོམ་
ལྡན་འདས་གལ་ཏེ་བསོད་ནམས་བགྱི་བའི་དངོས་པོ་དེ་ལ་གཟུགས་མཆིས་སུ་ལགས་ན་ནི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་མི་ཤོང་བར་འགྱུར་རོ་ཞེས་བྱ་བ་ནི་དེར་ཀུན་མི་ཆུད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་བསོད་ནམས་སྔ་མ་རྣམས་ནི་མཚན་མའི་
เล่ม ๙๓ · หน้า 192b
འདུ་ཤེས་དང་། དམིགས་པའི་འདུ་ཤེས་ཅན་ཡིན་པས་དམན་པ་ཡིན་གྱི་ཡོངས་སུ་བསྔོ་བའི་བསོད་ནམས་ཀྱི་ཕུང་པོ་ལ་ནི་དེ་དག་མེད་པའི་ཕྱིར་དེ་བས་ལྷག་གོ་ཞེས་བྱ་བའི་འགྲེས་དང་། དེའི་འོག་ཏུ་འདོད་པ་ན་སྤྱོད་པ་ལྷའི་བདག་པོ་ཐམས་ཅད་དང་། ལྷ་རྣམས་དང་
ཚངས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་པ་དང་། རབ་ཏུ་བསྔགས་པ་བརྗོད་པའི་འགྲེས་གཉིས་དང་། དེའི་འོག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔར་གྱུར་པ་རྣམས་ཀྱི་དམིགས་པ་དང་བཅས་པར་ཡོངས་སུ་
བསྔོ་བའི་བསོད་ནམས་ཀྱི་ཕུང་པོ་བས་བྱང་ཆུབ་སེམས་དཔའ་གཅིག་གི་མི་དམིགས་པར་ཡོངས་སུ་བསྔོ་བའི་བསོད་ནམས་ཀྱི་ཕུང་པོ་ལྷག་པར་ཆེ་བ་བསྟན་པའི་འགྲེས་སོ། །མི་ལེན་མི་གཏོང་། མི་རློམ་མི་བརྙས་ཤིང་དམིགས་པ་ཡང་མ་ཡིན་ཞེས་བྱ་བ་ནི་སངས་རྒྱས་དེ་རྣམས་
དང་དགེ་བའི་རྩ་བ་རྣམས་དེ་བཞིན་ཉིད་དུ་དམན་པ་དང་ལྷག་པ་མེད་པའི་དོན་གྱི་དབང་གིས་མཉམ་པ་ཉིད་དུ་བསྟན་པའོ། །དེ་བཞིན་དུ་སྐྱེ་བ་དང་། འགག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་སོགས་པ་མེད་པའི་ཕྱིར་ཇི་ལྟར་སངས་རྒྱས་རྣམས་དང་།
ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སོ་སོའི་སྐྱེ་བོ་དེ་དག་དང་། དགེ་བའི་རྩ་བ་རྣམས་དང་། ཡོངས་སུ་བསྔོ་བའི་སེམས་ཀྱང་དེ་བཞིན་ཉིད་ལ་སོགས་པ་ལ་གནས་པ་དེ་བཞིན་དུ་བདག་ཀྱང་རྗེས་སུ་ཡི་རང་ངོ་ཞེས་བྱ་བ་ནི་རྗེས་སུ་ཡི་རང་
བ་གཅིག་པའོ། །དེ་ནས་ཡང་ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བར་མཚུངས་ཏེ། དེ་དང་མཚུངས་པས་ཆོས་ཐམས་ཅད་མཉམ་པའོ། །ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར་སྔོན་སོ་སོའི་སྐྱེ་བོའི་ཚེ་མ་བཅིངས་མ་གྲོལ་བའོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་
པར་དག་པའི་ཕྱིར་སྔར་ཀུན་ནས་ཉོན་མོངས་པ་མེད་པ་དང་། ཕྱིས་རྣམ་པར་བྱང་བ་མེད་པའོ། །ཆོས་ཐམས་ཅད་གཟོད་མ་ནས་ཞི་བའི་ཕྱིར་སྔར་རྒྱུ་དང་རྐྱེན་གྱི་དབང་གིས་སྐྱེ་བ་མེད་དོ། །ངོ་བོ་ཉིད་མེད་པས་འབྱུང་བ་མེད་དོ། །ཕྱིས་འགག་པ་མེད་ཅིང་འཕོ་བ་མེད་པ་དང་
เล่ม ๙๓ · หน้า 193a
འཇིག་པ་མེད་དོ། །དེ་ལྟར་བཅིངས་པ་དང་གྲོལ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། སྐྱེ་བ་དང་འབྱུང་བ་དང་འགག་པ་མེད་པ་དང་། འཕོ་བ་དང་འཇིག་པ་མེད་པས་ཆོས་ཐམས་ཅད་མཉམ་མོ་ཞེས་སོ་སོར་
རྟོག་ཅིང་རྗེས་སུ་ཡི་རང་བ་ནི་གཉིས་པའོ། །དེ་ནས་ཡང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། དམིགས་པ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསོད་ནམས་བསགས་པས་མི་དམིགས་པའི་ཚུལ་གྱིས་
ཕ་རོལ་ཏུ་ཕྱིན་པ་སྤྱད་པའི་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བསྔོ་བའི་བསོད་ནམས་ཆེ་བར་བསྟན་པའི་འགྲེས་ཏེ། འདི་དག་ནི་རྗེས་སུ་ཡི་རང་བའི་འགྲེས་སོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོད་པ་དང་བཀླགས་པ་དང་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བ་དང་།
ཡོངས་སུ་བསྔོས་པའི་བསོད་ནམས་རྒྱ་ཆེན་པོ་ཐོས་ནས་གནས་བརྟན་ཤཱ་རིའི་བུ་དད་པ་སྐྱེས་ཏེ་འཁོར་གཞན་རྣམས་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་རྣམ་པར་དག་པའི་སླད་དུ་སྣང་བར་བགྱིད་པའོ་ཞེས་བྱ་བ་ལ་སོགས་པ་ཚིག་བཅུ་བདུན་
གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟོད་པ་ལ་བརྩམས་སོ། །ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་ཞེས་བྱའོ། །
དེ་ལ་འདི་ནི་ལན་གསུམ་དུ་བཟླས་ནས་བསྐོར་བ་སྟེ། འདི་ནི་བདེན་པ་བཞིའོ་ཞེས་བྱ་བར་བདེན་པ་བཞིའི་ངོ་བོ་ཉིད་ཀྱི་ལེའུ་ཚིག་ནི་གཅིག་གོ། །བདེན་པ་བཞི་པོ་དེ་དག་ཉིད་ཡོངས་སུ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། མངོན་སུམ་དུ་བྱ་བ་དང་། བསྒོམ་པར་བྱ་བའི་
ལེའུ་ཚིག་ནི་བསྐོར་བ་གཉིས་སོ། །བདེན་པ་བཞི་པོ་དེ་དག་ཉིད་བདག་གིས་ཡོངས་སུ་ཤེས་སོ། །སྤངས་སོ། །མངོན་སུམ་དུ་བྱས་སོ། །བསྒོམས་སོ་ཞེས་བྱ་བའི་ལེའུ་ཚིག་ནི་བསྐོར་བ་གསུམ་སྟེ། དེ་དག་ནི་ལན་གསུམ་དུ་བཟླས་ཏེ་བསྐོར་བའོ། །དེ་ལ་སྡུག་བསྔལ་གྱི་
เล่ม ๙๓ · หน้า 193b
བདེན་པ་ལ་སྡུག་བསྔལ་གྱི་ངོ་བོ་ཉིད་དང་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་སོ་ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །ཀུན་འབྱུང་བའི་བདེན་པ་ལ་ཡང་ཀུན་འབྱུང་བའི་ངོ་བོ་ཉིད་དང་། སྤང་བར་བྱ་བ་དང་སྤངས་སོ་ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །འགོག་པའི་བདེན་པ་
ལ་ཡང་འགོག་པའི་ངོ་བོ་ཉིད་དང་། མངོན་སུམ་དུ་བྱ་བ་དང་། མངོན་སུམ་དུ་བྱས་སོ་ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །ལམ་གྱི་བདེན་པ་ལ་ཡང་ལམ་གྱི་ངོ་བོ་ཉིད་དང་། བསྒོམ་པར་བྱ་བ་དང་། བསྒོམས་སོ་ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། དེ་ལྟར་ན་རྣམ་པ་བཅུ་
གཉིས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བགྱི་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཐབས་སྔར་བརྒྱ་བྱིན་གྱིས་དྲིས་ཟིན་ལ། བཤད་ཀྱང་ཟིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཐབས་དྲིས་
པ་ནི་མ་ཡིན་གྱི། འདིར་ནི་ཇི་ལྟར་གནས་པར་བགྱི་ཞེས་བྱ་བ་ཇི་ལྟར་གུས་ཤིང་འཇར་བས་གནས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་སྟོན་པ། སྟོན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བྱ་བ་བྱེད་པའི་ཕྱིར་ཐ་
དད་པ་མེད་པར་བརྟགས་ཏེ་བསྟན་པའོ། །ཤཱ་རིའི་བུས་དྲིས་པ་འདི་ཅི་ལས་བྱུང་གླེང་གཞི་གང་ཡིན་ཞེ་ན། དགོས་པ་དེ་ཙམ་གྱིས་མ་མགུ་ནས་རྣམ་པར་རྟོག་པ་སྟེ། དེ་བས་ཤཱ་རིའི་བུས་འོག་ནས་ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་རྣམས་ནི་
ཞེས་བྱ་བ་ལ་སོགས་པས་དེ་གཙོ་བོ་ཡིན་པར་བསྟན་ཏེ། དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་གིས་གྱུར་ཏེ། དེ་བས་ན་འདི་ལ་རབ་ཏུ་གུས་པར་བྱའོ་
ཞེས་བསྟན་པའོ། །དེ་དག་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བས་ན་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བས་སོ། །ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ན། ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་པོ་ཞེས་བྱ་བ་ནི་ཕ་
เล่ม ๙๓ · หน้า 194a
རོལ་ཏུ་ཕྱིན་པ་དྲུག་པོ་དག་གཅིག་ལ་གཅིག་གནས་ཤིང་གཅིག་གི་རྒྱུ་གཅིག་ཡིན་པར་སྔར་བསྟན་པའི་ཕྱིར་སྨོས་སོ། །དེ་ནི་དེ་ལྟར་མ་ཡིན་ཏེ་ཀཽ་ཤི་ཀ་དེ་ནི་དེ་ལྟར་མ་ཡིན་ནོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལས་གཅིག་ཡོངས་སུ་རྫོགས་པར་བྱེད་
པའི་ཚེ་ཡང་དྲུག་ཅར་ཡོངས་སུ་རྫོགས་པར་འགྱུར་བས། ཕན་ཚུན་གཅིག་གི་རྒྱུར་གཅིག་འགྱུར་བ་ཙམ་དུ་ཟད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་ཐམས་ཅད་ཀྱི་བདག་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་རྒྱུར་འགྱུར་བ་ནི་མ་ཡིན་པར་སྟོན་ཏོ། །བཅོམ་ལྡན་འདས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི་ཞེས་བྱ་བ་འདིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པའི་རྣམ་པ་དྲིས་པ་ནི་མ་ཡིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པའི་འབྲས་བུ་དྲིས་པའོ། །གཟུགས་མངོན་པར་བསྒྲུབ་པ་མེད་
པའི་ཕྱིར་ཞེས་བྱ་བ་ནི་གཟུགས་དངོས་པོ་མེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཇི་ལྟར་གཟུགས་མངོན་པར་བསྒྲུབ་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི་ཞེས་བྱ་བ་ནི་ཞུས་པ་གཉིས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་རྣམ་པ་གང་གིས་མངོན་པར་བསྒྲུབ་པ་ན་གཟུགས་ལ་སོགས་པ་མེད་པར་རིགས་ཞེས་བྱ་བའི་ཐ་ཚིག་གོ། །ཤཱ་རིའི་བུ་གཟུགས་མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་འབྱུང་བ་མེད་པ་དང་། འཇིག་པ་མེད་པ་དང་། དམིགས་
པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་གནས་སྐབས་ན་ཀུན་བརྟགས་པའི་གཟུགས་མངོན་པར་འདུ་བྱེད་པ་མེད་དོ། །སྐྱེ་བ་དང་། འགག་པ་གཉིས་ཀྱང་རྒྱུན་གྱི་དབང་གིས་མེད་དོ། །སྐད་ཅིག་རེ་རེ་ལ་ཡང་
འབྱུང་བ་དང་འཇིག་པ་གཉིས་མེད་དོ། །རྣམ་པ་ཐམས་ཅད་སྐྱེ་བ་མེད་པས་དམིགས་པ་མེད་དོ་ཞེས་སེམས་ཤིང་ཡིད་ལ་བྱེད་པ་དེས་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེའི་ཚེ་ཆོས་གང་ཡང་ཐོབ་པར་མི་བྱེད་ཅེས་བྱ་སྟེ། དེའི་ཚེ་ནི་ཆོས་གང་ཡང་མེད་དོ། །ཤེས་
เล่ม ๙๓ · หน้า 194b
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ཕ་རོལ་ཏུ་སོན་པ་རྣམ་པར་མི་རྟོག་པ་རྩོལ་བ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བྱེད།
དམིགས་པར་མི་བྱེད་དོ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་གནས་སྐབས་ན་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞེས་བྱ་བ་མི་དམིགས་
སོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ཇི་ལྟ་བ་དང་མཚན་མ་ཇི་ལྟ་བ་དང་། མངོན་པར་འདུ་བྱེད་པ་ཇི་ལྟ་བ་བཞིན་དུ་ཐོབ་པར་མི་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཉིད་རྣམ་པར་མི་རྟོག་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཡང་མིང་དང་མཚན་མ་དང་མངོན་
པར་འདུ་བྱེད་པས་མི་འཛིན་ཏོ། །དེ་བས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མིང་དེ་ཡང་མཚན་མ་དེ་དང་། མངོན་པར་འདུ་བྱེད་པ་དེས་དམིགས་སུ་མེད་དོ། །བཅོམ་ལྡན་འདས་འོ་ན་ཇི་ལྟར་ཐོབ་པར་བགྱིད་པ་ལགས་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་ཞེས་བྱ་བ་ཀུན་རྫོབ་ཏུ་ཡོད་པས་ཇི་ལྟར་ཐོབ་པར་བྱེད་ཅེས་ཞུས་པའོ། །ཅི་ནས་ཀྱང་མི་དམིགས་པ་དང་མི་ལེན་པ་དང་མི་གནས་པ་དང་མི་འདོར་བ་དང་མངོན་པར་ཞེན་པ་མེད་པ་དང་། མི་འཛིན་པ་དང་། མི་གཏོང་བ་དེ་ལྟར་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་མེད་དེ་ཆོས་གང་ཡང་ཐོབ་པར་བྱེད་པ་མེད་དོ་ཞེས་བྱ་བ་ནི་གང་གི་ཚེ་ཤེས་རབ་འདི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པའི་དངོས་པོ་མཉམ་པས་མཉམ་པར་གྱུར་པ་ན་ཆོས་གང་ཡང་བདག་
གིས་གཟུང་བར་བྱ་བར་མི་དམིགས་པ་དང་། བདག་རང་འཛིན་པ་པོའི་བདག་ཉིད་དུ་མི་ལེན་པ་དང་། མིག་ལ་སོགས་པ་ལྟར་གནས་ཀྱི་དངོས་པོར་ཡང་དག་པར་རྗེས་སུ་མི་མཐོང་བ་དང་། ཉོན་མོངས་པའི་རྣམ་པར་རྟོག་པ་དོར་བར་བྱ་བ་གང་ཡང་དག་པར་རྗེས་སུ་མི་མཐོང་བ་
เล่ม ๙๓ · หน้า 195a
དང་། འདི་ནི་བདེན་པའོ་ཞེས་བདེན་པའི་བདག་ཉིད་དུ་ཡང་ཅུང་ཟད་ཀྱང་མངོན་པར་ཞེན་པ་མེད་པ་དང་། གཟུང་བ་དང་སྦྱར་བར་བྱ་བ་དཀར་པོ་དང་ནག་པོའི་ཕྱོགས་སུ་གྱུར་པ་ཡང་མ་མཐོང་བས་མི་འཛིན་མི་གཏོང་བ་དེའི་ཚེ་བདག་ཉིད་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་ངོ་བོར་གནས་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ཅེས་ཀྱང་བཤད། གང་ཡང་ཐོབ་པར་མི་བྱེད་ཅེས་ཀྱང་བཤད་དོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ངོ་མཚར་ཆེའོ་ཞེས་བྱ་བ་ནི་དེའི་ཆོས་ཐམས་ཅད་མེད་པས་མི་སྐྱེ་
བ་དང་། མི་འགག་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མི་དམིགས་པ་དང་། འཇིག་པར་མི་འགྱུར་བའི་ཕྱིར་གནས་སྐབས་དེ་ན་མི་སྐྱེ་བ་ལ་སོགས་པའི་མིང་གིས་བརྗོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་ཐོབ་པར་བགྱིད་པའོ། །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་ཐོབ་པར་མི་བགྱིད་པའོ་ཞེས་དེ་ལྟ་བུའི་འདུ་ཤེས་སུ་གྱུར་ན་ཞེས་བྱ་བ་ནི་དངོས་པོ་དང་། དངོས་པོ་མེད་པ་གཉི་གར་རྣམ་པར་རྟོག་པའི་ཕྱིར་དེ་སྐད་བཤད་དོ། །གཟུགས་ལ་ཡིད་ཆེས་པར་མི་འགྱུར་རོ་ཞེས་བྱ་བ་ནི་གཟུགས་དངོས་པོ་མེད་
པའི་མཚན་ཉིད་དུ་ཡིད་ཆེས་ཤིང་ཁོང་དུ་ཆུད་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་རོ། །རབ་འབྱོར་གཟུགས་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་
ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཁོང་དུ་ཆུད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་ཏེ། མངོན་སུམ་དུ་བྱས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད་ཅེས་བྱ་བ་ན་ཡོངས་སུ་གྲུབ་པའི་ཆོས་ཉིད་ཀྱི་
གཟུགས་ཆེ་བར་མི་བྱེད་ལ། ཀུན་བརྟགས་པའི་གཟུགས་ཀྱང་ཆུང་བར་ཡང་མི་བྱེད་པའོ། །དེ་བཞིན་དུ་ཐམས་ཅད་ལ་སྦྱར་བར་བྱའོ། །བཅོམ་ལྡན་འདས་དེ་ལྟར་འདུ་ཤེས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
เล่ม ๙๓ · หน้า 195b
སྤྱོད་པ་མ་ལགས་སོ་ཞེས་བྱ་བ་ནི་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགའ་ཞིག་བྱེད་ན་ནི་དེ་ལྟར་གྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མི་བྱེད་དོ་ཞེས་དེ་སྐད་བརྗོད་དུ་རུང་ན། གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་རྟོག་པ་ཐམས་ཅད་ལས་འདས་ཏེ་ཅི་
ཡང་མི་བྱེད་པས་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུགས་ཆེ་བར་མི་བྱེད་ཆུང་བར་མི་བྱེད་ཅེས་བྱ་བ་ལ་སོགས་པ་འདི་དག་བརྗོད་པར་མི་རིགས་སོ། །བཅོམ་ལྡན་འདས་འདི་ལྟར་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པ་མ་ལགས་སོ་ཞེས་བྱ་བ་ནི་ཆོས་ཐམས་
ཅད་ངོ་བོ་ཉིད་ཀྱིས་རང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་གནས་པས་དེ་ལ་གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཟུགས་ལ་སོགས་པ་བཞིན་དུ་རྣམ་གྲངས་བཅུ་གཉིས་ཀྱིས་བསྟན་ཏེ།
སེམས་ཅན་སྐྱེ་བ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི་སེམས་ཅན་སྐྱེ་བ་མེད་པའི་མཚན་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མཚན་ཉིད་མེད་པར་བལྟ་བར་བྱའོ། །དེ་ལ་སེམས་ཅན་སྐྱེ་བ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནས། མཐོང་བ་པོ་སྐྱེ་བ་མ་མཆིས་པའི་སླད་དུ་
ཞེས་བྱ་བའི་བར་དུ་ནི་གང་ཟག་ལ་བདག་མེད་པ་ལ་དགོངས་པའོ། །གཟུགས་སྐྱེ་བ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་སྐྱེ་བ་མ་མཆིས་པའི་སླད་དུ་ཞེས་བྱ་བའི་བར་དུ་ནི་ཆོས་ལ་བདག་མེད་པ་ལ་དགོངས་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་
མ་མཆིས་པ་ནི་རྟོགས་པ་མེད་པའོ། །སེམས་ཅན་སྟོབས་དང་མི་ལྡན་པའི་སླད་དུ་ཞེས་བྱ་བ་ནི་ཉམ་ཆུང་བའམ་ཤེས་རབ་ཀྱི་སྟོབས་མེད་པའོ། །ཆོས་བླུན་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བདག་ཉིད་ཆེ་ཞིང་རྒྱ་ཆེ་བ་ཐོས་ནས་གནས་བརྟན་ཤཱ་རིའི་བུ་དད་པ་སྐྱེས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་ཞུ་བ་རྣམ་པ་བཞི་བརྩམས་པ། བྱང་ཆུབ་སེམས་དཔའི་འཆི་འཕོ་དང་སྐྱེ་བ་དང་། ཡང་དག་པར་ཞུགས་པའི་དུས་ཀྱི་ཚད་
เล่ม ๙๓ · หน้า 196a
དང་། བསྙེན་བཀུར་བྱས་པའི་དེ་བཞིན་གཤེགས་པའི་ཚད་དང་། ཕ་རོལ་ཏུ་ཕྱིན་པ་སྤྱད་པའི་དུས་ཀྱི་ཚད་དོ། །སྐབས་དེ་ཉིད་དུ་དམ་པའི་ཆོས་སྤོང་བའི་གཏམ་གྱི་སྐབས་དབྱེའོ། །དེ་ནས་ཡང་སྐབས་དེ་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་
པར་དཀའ་བའི་སྐབས་ཕྱེའོ། །དེ་ནས་ཡང་མོས་པར་དཀའ་བ་དེ་བསྟན་པའི་ཕྱིར་བཅོམ་ལྡན་འདས་གང་དེ་ལྟར་མོས་པར་དཀའ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཇི་ཙམ་དུ་ཟབ་པ་ལགས་ཞེས་བྱ་བས་ཟབ་པའི་ཞུ་བ་ཞུས་ནས། བཅོམ་ལྡན་འདས་ཀྱིས་མ་བཅིངས་མ་
གྲོལ་བར་བཤད་པ་དང་། རྣམ་པར་དག་པ་བཤད་པ་དང་། ཀུན་དུ་མཐའ་ཡས་པ་བཤད་པ་དང་། ཆགས་པ་དང་མ་ཆགས་པ་བཤད་པ་སྟེ། བཤད་པ་རྣམ་པ་བཞིའི་སྐབས་ཕྱེའོ། །དེ་ལ་རབ་འབྱོར་གཟུགས་མ་བཅིངས་མ་གྲོལ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་
པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་སྐབས་གང་ཡོངས་སུ་གྲུབ་པའི་ཆོས་ཉིད་ཀྱི་གཟུགས་སུ་སྣང་བ་དེ་འཁོར་བའི་གནས་སྐབས་ན། དུས་དེ་སྲིད་དུ་ལས་དང་ཉོན་མོངས་པ་དང་། རྣམ་པར་སྨིན་པའི་བཅིང་བ་ཐམས་ཅད་ཀྱིས་མ་བཅིངས་པས་མ་བཅིངས་ཞེས་བྱའོ། །
ཕྱིས་ཀྱང་ཡོངས་སུ་གྲུབ་པའི་གནས་སྐབས་ན་གྲོལ་བ་མེད་པའི་ཕྱིར་མ་གྲོལ་བ་ཞེས་བྱའོ། །ཀུན་བརྟགས་པ་ཉིད་ལ་ནི་བཅིངས་པ་དང་གྲོལ་བ་ཞེས་བརྗོད་ཀྱི་ནམ་མཁའ་བཞིན་དུ་ཅིས་ཀྱང་མ་གོས་པ་འགྱུར་བ་མེད་པའི་ཆོས་ཉིད་ཀྱི་གཟུགས་ལ་ནི་མ་ཡིན་ནོ། །དེ་བས་ན་
གཟུགས་དངོས་པོ་མེད་པའི་རང་བཞིན་ནི་གཟུགས་སོ་ཞེས་བྱ་བ་གསུངས་ཏེ། ཀུན་བརྟགས་པའི་གཟུགས་དངོས་པོ་མེད་པའི་ངོ་བོ་ཉིད་ནི་ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་ཐམས་ཅད་ལ་ཡང་སྦྱར་
བར་བྱའོ། །ཡང་མ་བཅིངས་མ་གྲོལ་བ་འདི་ཉིད་གསལ་བར་བྱ་བའི་ཕྱིར་དུས་གསུམ་དང་སྦྱར་ཏེ་བསྟན་པ། རབ་འབྱོར་གཟུགས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་འཁོར་བ་ན་དྲི་མ་དང་བཅས་པ་མ་དག་པའི་གནས་སྐབས་ལ་སྔོན་གྱི་
เล่ม ๙๓ · หน้า 196b
མཐའ་ཞེས་བྱའོ། །ད་ལྟར་དག་པ་དང་མ་དག་པའི་གནས་སྐབས་ལ་ད་ལྟར་བྱུང་བ་ཞེས་བྱའོ། །ཕྱིས་དག་པའི་གནས་སྐབས་ལ་ཕྱི་མའི་མཐའ་ཞེས་བྱའོ། །སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་གཟུགས་སོ་ཞེས་བྱ་བས་ནི་དུས་གསུམ་ཆར་དུ་ཡང་མི་འགྱུར་བར་
གནས་པའི་མཚན་ཉིད་ནི་དེ་བཞིན་ཉིད་ཡིན་ནོ་ཞེས་སྟོན་ཏེ། ཆོས་ཉིད་ནི་དུས་ལས་རྣམ་པར་གྲོལ་བའི་མཚན་ཉིད་མ་ཡིན་པར་བསྟན་ཏོ། །དེ་ལྟར་མ་བཅིངས་མ་གྲོལ་བར་བཤད་པས་འཁོར་བ་དང་མྱ་ངན་ལས་འདས་པ་དངོས་པོ་མེད་པར་བསྟན་ནས་ཡང་ཀུན་ནས་ཉོན་མོངས་པ་
དང་། རྣམ་པར་བྱང་བ་མེད་པར་བསྟན་པའི་ཕྱིར་རྣམ་པར་དག་པ་བཤད་པར་བརྩམས་པ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ་ཞེས་བྱ་བ་ནི། དེ་ལ་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་
ཆོས་རྣམས་ལ་བཅིངས་པ་མེད་པས་ཀུན་ནས་ཉོན་མོངས་པ་མེད་དོ། །ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའོ། །ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཕྱིར་རྣམ་པར་བྱང་བའི་ཆོས་རྣམས་ཀྱང་མེད་དེ། རང་བཞིན་གྱིས་རྣམ་པར་དག་པ་ལ་ནི་དོན་དམ་
པར་རྣམ་པར་བྱང་བའི་ཆོས་རྣམས་ཅི་ཡང་མི་བྱེད་དོ། །དེ་བས་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་མི་རྟོག་པ་ཡང་བྱིས་པ་རྣམས་ཀྱིས་བརྟགས་པ་ཉིད་དེ་ཡོངས་སུ་གྲུབ་པ་མ་ཡིན་ནོ། །དེ་ལྟར་རྣམ་པ་གཅིག་གིས་མོས་པར་དཀའ་བ་བསྟན་ནས། ཡང་རྣམ་
པར་དག་པའི་ཕྱིར་མོས་པར་དཀའ་བ་བསྟན་པ། དེ་ལ་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ཉིད་འབྲས་བུ་རྣམ་པར་དག་པའོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་འབྲས་བུར་གྱུར་པ་རྣམ་པར་དག་པ་
ཞེས་བྱ་བ་གུད་ན་གང་ཡང་མེད་ཀྱི་གང་ཆོས་ཉིད་ཀྱི་གཟུགས་ཡོངས་སུ་གྲུབ་པ་ངོ་བོ་ཉིད་དུ་གྱུར་པ་རྟག་ཏུ་གནས་པ་རྣམ་པར་དག་པ་དེ་ཉིད་འབྲས་བུར་གྱུར་པའི་རྣམ་པར་དག་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་
เล่ม ๙๓ · หน้า 197a
རྣམ་པར་དག་པའི་ངོ་བོ་ཉིད་བསྟན་ནས། དེའི་འོག་ཏུ་ཆོས་ཐམས་ཅད་ཀྱི་རྣམ་པར་དག་པ་ཡང་གཅིག་པའི་བདག་ཉིད་དེ་ཐ་དད་པ་མ་ཡིན་པར་བསྟན་པ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ཉིད་འབྲས་བུ་རྣམ་པར་དག་པའོ། །འབྲས་བུ་རྣམ་པར་
དག་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་གཟུགས་རྣམ་པར་དག་པའོ་ཞེས་བྱ་བ་སྟེ། དེ་ལ་གཟུགས་ཀྱི་ཆོས་ཉིད་ཀྱི་གནས་སྐབས་ལ་ནི་གཟུགས་རྣམ་པར་དག་པ་ཞེས་བྱའོ། །
མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་དག་པའི་གནས་སྐབས་ལ་ནི་འབྲས་བུ་རྣམ་པར་དག་པ་ཞེས་བྱའོ། །ཆོས་ཀྱི་སྐུའི་གནས་སྐབས་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་བྱའོ། །དེ་ལ་གཟུགས་རྣམ་པར་དག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་འབྲས་
བུ་རྣམ་པར་དག་པ་སྟེ། རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བ་གང་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་གང་ཡིན་པ་དེ་ཉིད་གཟུགས་རྣམ་པར་དག་པ་སྟེ། དེ་བཞིན་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་དེ་
བཞིན་ཉིད་དང་། རྣམ་པར་གྲོལ་བ་དང་ཆོས་ཀྱི་སྐུ་ནི་དོན་དམ་པར་ཐ་དད་པ་མེད་དེ་གཅིག་གོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའི་བར་དུ་ཡང་སྦྱར་བར་བྱའོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་རྣམ་པར་དག་པ་གཅིག་གོ་ཞེས་མཇུག་བསྡུས་ཏེ་
བསྟན་པ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་འདི་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་
ཞེས་བྱ་བ་སྟེ། གཅིག་པའི་ཕྱིར་གཉིས་སུ་མེད་པའོ། །ཐ་དད་དུ་དབྱེ་མི་ནུས་པའི་ཕྱིར་གཉིས་སུ་བྱར་མེད་པའོ། །བྱེ་བྲག་མེད་པའི་ཕྱིར་སོ་སོ་མ་ཡིན་པའོ། །བར་ཆད་མེད་པའི་ཕྱིར་རམ་རྟག་པའི་ཕྱིར་ཐ་མི་དད་པའོ། །དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་རྣམས་དང་
เล่ม ๙๓ · หน้า 197b
ཐུན་མོང་བའི་འབྲས་བུ་རྣམ་པར་དག་པ་བསྟན་ཏོ། །ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་དག་པ་ཐུན་མོང་མ་ཡིན་པ་བསྟན་པའི་ཕྱིར། འབྲས་བུ་རྣམ་པར་དག་པ་བོར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་འགའ་ཞིག་བཟུང་ནས་བསྟན་ཏེ། དེ་ལྟར་
འགྲེས་འདི་གཉིས་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པའི་རྣམ་པར་དག་པ་གཅིག་གོ་ཞེས་བསྟན་པ་ཡིན་ནོ། །ད་ནི་རྣམ་པར་དག་པ་དེ་གང་ཟག་ལ་བདག་མེད་པའི་རྣམ་པར་དག་པ་དང་། ཉེ་བའི་ཉོན་མོངས་
པ་དངོས་པོ་མེད་པའི་རྣམ་པར་དག་པ་དང་། ཆོས་ལ་བདག་མེད་པའི་རྣམ་པར་དག་པ་གསུམ་གྱིས་དེ་དག་རིམ་བཞིན་དུ་བསྟན་ཏེ། བདག་རྣམ་པར་དག་པས་གཟུགས་རྣམ་པར་དག་པ་ཞེས་བྱ་བ་ནི་བདག་དངོས་པོ་མེད་པར་ཤེས་པ་ཉིད་བདག་རྣམ་པར་དག་པའོ། །དེ་ལ་
འགྲེས་ཀྱི་རིམ་པ་བཞིན་དུ་བསྟན་པར་བྱ་སྟེ། བདག་རྣམ་པར་དག་པས་གཟུགས་རྣམ་པར་དག་པ་གཟུགས་རྣམ་པར་དག་པས་བདག་རྣམ་པར་དག་པ་སྟེ། དེ་ལྟར་ན་བདག་རྣམ་པར་དག་པ་དང་གཟུགས་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་སོ་སོ་མ་
ཡིན་ཐ་མི་དད་དོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམ་པར་དག་པ་དང་བདག་རྣམ་པར་དག་པས་རྣམ་པར་ཤེས་པ་དག་པ། རྣམ་པར་ཤེས་པ་རྣམ་པར་དག་པས་བདག་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པས་བདག་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་བར་གྱི་ཆོས་རྣམས་ཀྱི་རྣམ་པར་དག་པ་ཡང་གཉིས་སུ་མེད་པར་བསྟན་ཏོ། །དེའི་འོག་ཏུ་ཉོན་མོངས་པ་དངོས་པོ་མེད་པ་རྣམ་པར་དག་པའི་འགྲེས་ལ་ཡང་འདོད་ཆགས་རྣམ་པར་དག་པས་གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་
པས་འདོད་ཆགས་རྣམ་པར་དག་པ་སྟེ། དེ་ལྟར་ན་འདོད་ཆགས་རྣམ་པར་དག་པ་དང་གཟུགས་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་ཞེས་བྱ་བ་ལ་སོགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་བར་གྱི་ཆོས་རྣམས་ཀྱི་རྣམ་པར་དག་པ་དང་། འདོད་ཆགས་
เล่ม ๙๓ · หน้า 198a
རྣམ་པར་དག་པ་གཉིས་སུ་མེད་པར་བཤད་དོ། །དེ་བཞིན་དུ་ཞེ་སྡང་དང་གཏི་མུག་དག་ལ་ཡང་སྦྱར་རོ། །དེའི་འོག་ཏུ་ཆོས་བདག་མེད་པ་རྣམ་པར་དག་པའི་འགྲེས་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཀྱི་མཐར་ཐུག་པའི་ཆོས་རྣམས་ཀྱི་རྣམ་པར་དག་པ་བཟུང་ནས་ཆོས་གཉིས་ཀྱི་རྣམ་པར་དག་པ་གཉིས་སུ་མེད་པ་བཤད་པའི་འགྲེས་ནི། ཇི་ལྟར་མ་རིག་པ་རྣམ་པར་དག་པས་འདུ་བྱེད་རྣམ་པར་དག་པ། འདུ་བྱེད་རྣམ་པར་དག་པས་མ་རིག་པ་རྣམ་པར་དག་པ་སྟེ་དེ་ལྟར་ན་མ་
རིག་པ་རྣམ་པར་དག་པ་དང་། འདུ་བྱེད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅེས་བྱ་བ་ལ་སོགས་པ་འབྱུང་བ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ། ཚུལ་ཁྲིམས་
ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅེས་བྱ་བ་དང་དེ་བཞིན་དུ་ཐམས་ཅད་ལའང་སྦྱར་
སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པས་ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ་ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་
པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅེས་བྱ་བར་སྦྱར་བར་བྱའོ། །དེ་ནས་ཡང་ཆོས་ཐམས་ཅད་རྣམ་པར་དག་པ་བསྡུས་པའི་འགྲེས་ལ་ཡང་ཐོག་མར་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་།
ཕུང་པོ་ལ་སོགས་པ་ཚོར་བའི་ཚོགས་དྲུག་པོ་རྣམས་ཀྱི་མཐར་ཐུག་པའི་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པར་དག་པ་བཟུང་ནས་དེ་དག་གཉིས་སུ་མེད་པར་བསྟན་པའི་འགྲེས་ཏེ། ཇི་ལྟར་རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་
เล่ม ๙๓ · หน้า 198b
པར་དག་པ་གང་ཡིན་པ་དེ་གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བ་དེ་བཞིན་དུ་ཚོར་བ་རྣམས་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་རྣམ་པར་དག་པ་གང་ཡིན་པ་དེ།
ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྣམ་པར་དག་པ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྣམ་པར་དག་པ་གང་ཡིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། ཡིད་ཀྱི་འདུས་ཏེ་
རེག་པའི་རྐྱེན་གྱིས་ཚོར་བ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅེས་བྱ་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དེ་ནས་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནས། ཕུང་པོ་ལ་སོགས་པ་ཚོར་
བའི་མཐར་ཐུག་པའི་བར་གྱི་ཆོས་རྣམས་ཀྱི་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པར་དག་པ་བཟུང་ནས་དེ་དག་གཉིས་སུ་མེད་པ་བསྟན་པ་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་རྣམ་པར་དག་པ་དང་། ཚོར་
བའི་མཐར་ཐུག་པའི་བར་གྱི་ཆོས་རྣམས་ཀྱི་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་པར་བསྟན་པ་དང་། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་ཆོས་རྣམས་
དང་གཟུགས་ལ་སོགས་པ་ཚོར་བའི་ཚོགས་དྲུག་གི་མཐར་ཐུག་པའི་ཆོས་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དེ་དག་གཅིག་ཏུ་བཤད་པར་སྦྱར་བར་བྱའོ། །དེ་ནས་ཡང་འདུས་བྱས་དང་། འདུས་མ་བྱས་རྣམ་པར་དག་པའི་འགྲེས་དང་། དུས་གསུམ་
เล่ม ๙๓ · หน้า 199a
རྣམ་པར་དག་པའི་འགྲེས་བསྟན་ཏེ། འདི་མན་ཆད་གནས་བརྟན་ཤཱ་རིའི་བུས་རྣམ་པར་དག་པ་བཤད་པ་ཐོས་ནས་སྤོབས་པ་སྐྱེས་ཏེ་འཁོར་བསྡུ་བའི་ཕྱིར། བཅོམ་ལྡན་འདས་རྣམ་པར་དག་པ་འདི་ནི་ཟབ་པོ་ཞེས་བྱ་བ་ལ་སོགས་པས་རྣམ་པར་དག་
པའི་ཚིག་བཅུ་གསུམ་རིམ་གྱིས་བསྟན་པར་བརྩམས་སོ། །ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཟབ་པོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་རྣམ་པར་རྟོག་པ་དུ་མའི་དྲི་མས་བརྩམས་པ་འཁོར་བའི་ཆོས་དེ་དག་དང་ཐ་དད་པར་མ་གྱུར་པའི་ཆོས་ཉིད་ནི་དྲི་མ་
དེ་དག་གིས་དྲི་མ་ཅན་དུ་མ་གྱུར་པ་སྟེ། དུས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པ་ཡིན་པར་བྱིས་པ་རྣམས་ཀྱི་ཡིད་ཆེས་པར་དཀའ་བས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཟབ་ཅེས་བྱའོ། །ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ནི་སྣང་བའོ་ཞེས་བྱ་བ་ནི་འདི་
ལྟ་སྟེ་དཔེར་ན་སྤྲིན་དང་། ན་བུན་དང་ཁུག་རྣ་ལ་སོགས་པ་མེད་ན་ཉི་མ་དང་ཟླ་བ་ལ་སོགས་པ་ཤིན་ཏུ་རྣམ་པར་དག་པ་སྟེ། རབ་ཏུ་སྣང་བར་འགྱུར་རོ། །དེ་བཞིན་དུ་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ཡང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྣང་བ་ཞེས་བྱའོ། །དེ་བས་ན་
གཟུགས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་སྣང་བའོ་ཞེས་བྱ་བ་གསུངས་སོ། །བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཉིང་མཚམས་སྦྱོར་བ་མ་མཆིས་པའོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་། རྣམ་པར་རྟོག་པའི་སྤྲོས་པའི་དྲི་མ་རྣམས་སྤངས་པ་ནི་སླར་ཉིང་མཚམས་མི་
སྦྱར་བའི་ཕྱིར། དྲི་མ་མེད་ཅིང་རྣམ་པར་དག་པས་ན་ཉིང་མཚམས་སྦྱོར་བ་མེད་པ་ཞེས་བྱའོ། །ཤཱ་རིའི་བུ་གཟུགས་ལ་འཕོ་བ་མེད་པས་ཉིང་མཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་གཟུགས་ལ་སོགས་པ་ཡོངས་སུ་སྤངས་པ་རྣམས་ནི་ཡང་
འཕོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་པའོ་ཞེས་བྱ་བ་ནི་སྤྲིན་དང་ན་བུན་དང་ཁུག་རྣ་ལ་སོགས་པ་ཡོད་དུ་ཟིན་ཀྱང་ནམ་མཁའ་ལྟར་རྣམ་པ་ཐམས་ཅད་དུ་རང་བཞིན་གྱིས་ཡོངས་སུ་དག་པའོ་
เล่ม ๙๓ · หน้า 199b
ཞེས་བཤད་པའོ། །བཅོམ་ལྡན་འདས་རྣམ་པར་དག་པ་ནི་འཐོབ་པ་དང་མངོན་པར་རྟོགས་པ་མ་མཆིས་པའོ་ཞེས་བྱ་བ་ནི་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པའི་ཆོས་གཉིས་ཡོད་ན། འཐོབ་པ་ཡང་ཡོད་པར་འགྱུར་ལ། མངོན་པར་རྟོགས་པར་བྱ་བ་དང་། མངོན་པར་རྟོགས་པར་བྱེད་
པ་གཉིས་ཡོད་ན་མངོན་པར་རྟོགས་པ་ཞེས་བྱ་བ་ཡོད་པར་འགྱུར་ན་དེ་ལ་ཀུན་རྟོག་པ་དང་། རྣམ་པར་རྟོག་པ་རྣམས་མེད་པ་ཙམ་ལ་ཡོངས་སུ་གྲུབ་པའི་ཆོས་ཉིད་རྣམ་པར་དག་པ་ཞེས་རྣམ་པར་གཞག་པའི་ཕྱིར་རྣམ་པར་དག་པ་དེ་ལ་འཐོབ་པའམ། མངོན་པར་རྟོགས་པ་ཞེས་
བྱ་བ་གང་ཡང་མེད་དོ། །བཅོམ་ལྡན་འདས་རྣམ་པར་དག་པ་ནི་མངོན་པར་མ་གྲུབ་པའོ་ཞེས་བྱ་བ་ནི་ཀུན་བརྟགས་པ་དང་། རྣམ་པར་བརྟགས་པའི་གཟུགས་ལ་སོགས་པའི་ཆོས་རྣམས་མངོན་པར་གྲུབ་པ་མེད་པ་ལ་རྣམ་པར་དག་པ་ཞེས་བྱ་བར་རྣམ་པར་གཞག་པའི་
ཕྱིར་མངོན་པར་གྲུབ་པ་མེད་པའི་མཚན་ཉིད་ཅེས་བྱའོ། །རྣམ་པར་དག་པ་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་ཀུན་བརྟགས་པ་སྟེ། གང་གི་ཚེ་དེ་རྣམས་
སུ་མི་སྐྱེ་ཞིང་མི་འབྱུང་བ་དེ་ལ་རྣམ་པར་དག་པ་ཞེས་བྱ་སྟེ། དེ་བས་འདོད་པའི་ཁམས་ཀྱི་རང་བཞིན་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་གསུངས་སོ། །བཅོམ་ལྡན་འདས་རྣམ་པར་དག་པ་ནི་འཚལ་བ་མ་མཆིས་པའོ་ཞེས་བྱ་བ་ནི་བདག་རང་ཤེས་པའི་ངོ་བོ་ཉིད་མ་ཡིན་ཞེས་
བྱ་བའི་ཐ་ཚིག་གོ། །ཆོས་བླུན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་རྟོག་པ་དང་བྲལ་བའི་ཕྱིར་ཆོས་བླུན་པ་ཞེས་བཤད་དོ། །བཅོམ་ལྡན་འདས་རྣམ་པར་དག་པས་གཟུགས་མ་འཚལ་ཏོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་མི་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །
རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་མཚན་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འཚལ་བ་མ་མཆིས་པ་ཞེས་བྱ་བ་འདིས་ནི་རྣམ་པར་དག་པ་རྣམ་པར་མི་རྟོག་པའི་མཚན་ཉིད་ཡིན་པར་བསྟན། རྣམ་པར་དག་པས་
เล่ม ๙๓ · หน้า 200a
གཟུགས་མི་ཤེས་སོ་ཞེས་བྱ་བ་འདིས་ནི་ཆོས་རྣམས་དངོས་པོ་མེད་པའི་མཚན་ཉིད་ཡིན་པར་བསྟན་ཏེ། གཉིས་ཀྱིས་ནི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་དངོས་པོ་མེད་པའི་མཚན་ཉིད་བསྟན་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྨན་པར་མི་བགྱིད་གནོད་པར་མི་བགྱིད་ཅེས་བྱ་བ་ནི་གང་གི་ཕྱིར་དེ་གཉིས་ཀ་ཡང་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ལ་ཕན་པའམ་གནོད་པར་མི་བྱེད་དེ། ནམ་མཁའ་ལ་ནམ་མཁའ་
བཞིན་ནོ། །དེ་བས་ན་ཆོས་ཀྱི་དབྱིངས་འདུག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་བཤད་དེ། ཆོས་ཀྱི་སྐུ་ནི་དུས་ཐམས་ཅད་དུ་གནས་པའི་མཚན་ཉིད་ཡིན་ན་དེ་ལ་སུ་ཞིག་ཕན་པ་དང་། གནོད་པ་བྱེད་པ་ཡོད་ཅེས་བསྟན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་
དག་པ་ནི་ཆོས་གང་ཡོངས་སུ་ལེན་པ་མ་མཆིས་སོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ཡོངས་སུ་འཛིན་པ་ཐམས་ཅད་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། གལ་ཏེ་ཆོས་འགའ་ཞིག་ཡོངས་སུ་འཛིན་ན་རྣམ་པར་དག་པར་མི་འགྱུར་རོ། །དེའི་འོག་ཏུ་
གནས་བརྟན་རབ་འབྱོར་གྱིས་བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་གཟུགས་རྣམ་པར་དག་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་བདག་དངོས་པོ་མེད་པ་ཉིད་ཀྱི་ཕྱིར། གཟུགས་ལ་སོགས་པ་དངོས་པོ་མེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ནི་རྣམ་པར་དག་
པ་ཞེས་བྱ་བ་དངོས་པོ་མེད་པ་ལ་བྱ་བའི་ཕྱིར་རོ། །དེ་བས་ན་རབ་འབྱོར་བདག་མེད་པའི་ཕྱིར་གཟུགས་མེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ་ཞེས་གསུངས་སོ། །སྔར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་བསྟན་ཏོ། །ད་ནི་བདག་མེད་པ་རྣམ་པར་དག་པ་བསྟན་ཏེ། རབ་
འབྱོར་ཤེས་པ་མ་རྙེད་མ་སྟོར་བའི་ཕྱིར་རོ་ཞེས་བྱ་བ་ནི་སྔོན་མ་བྱུང་བའི་ཡེ་ཤེས་ཐོབ་ཅིང་རྙེད་པ་མེད་ལ། ཡེ་ཤེས་རྙེད་པ་ཡང་ཆུད་ཟོས་པ་མེད་དེ། དེ་ལྟར་གཉིས་ཀ་མེད་པས་བྱང་ཆུབ་ཀྱང་མེད་དོ། །བྱང་ཆུབ་ཅེས་བྱ་བ་ཡང་ཀུན་བརྟགས་པ་ཉིད་དོ། །གཉིས་སུ་མ་མཆིས་ཤིང་རྣམ་
เล่ม ๙๓ · หน้า 200b
པར་དག་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་མེད་པའི་ཕྱིར་སྔོན་གྱི་ཚེ་ཡང་ངོ་བོ་ཉིད་ཀྱིས་རྣམ་པར་དག་པས་ནམ་མཁའ་བཞིན་དུ་ཀུན་ནས་ཉོན་མོངས་པ་མེད་དོ། །ཡོངས་སུ་གྲུབ་པའི་གནས་སྐབས་ན་ཡང་ནམ་མཁའ་བཞིན་དུ་སྔོན་མ་བྱུང་
བའི་རྣམ་པར་བྱང་བ་མེད་དོ།། །།བམ་པོ་ཉི་ཤུ་པ། དེ་ལྟར་རྣམ་པར་དག་པ་བཤད་པ་ཡོངས་སུ་རྫོགས་པར་བྱས་ནས། དེའི་འོག་ཏུ་ཟབ་པར་ཡིད་ཆེས་པར་བྱ་བའི་ཕྱིར་ཀུན་དུ་མཐའ་ཡས་པ་བཤད་པར་བརྩམས་པ། གཟུགས་ཀུན་ཏུ་མཐའ་ཡས་
པའི་ཕྱིར་ཞེས་བྱ་བ་སྟེ་རྟག་པ་དང་ཆད་པ་མེད་པ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་དབུས་ཀྱི་མཐའ་མེད་པའི་ཕྱིར་ཀུན་ཏུ་མཐའ་ཡས་པའོ། །དེ་བས་ན་རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་དང་ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་
བ་གསུངས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ལྟར་རྟོག་པ་གང་ལགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བྱང་ཆུབ་སེམས་དཔའ་ལགས་ཞེས་བྱ་བ་གནས་བརྟན་རབ་འབྱོར་གྱིས་ཅིའི་ཕྱིར་ཞུས་ཤེ་ན། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པའི་ཡུལ་དོན་ཟབ་པ་དེ་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ལགས་སངས་རྒྱས་རྣམས་ཀྱི་མ་ལགས་ཞེས་ཞུས་པའོ། །རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐར་ཕྱིན་ཅིང་། བྱ་བ་བྱས་པ་མ་ཡིན་
གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྣམ་པ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཞེས་བྱའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུ་རོལ་གྱི་འགྲམ་མམ། ཕ་རོལ་འགྲམ་མམ།
གཉིས་ཀ་མ་མཆིས་པ་ལ་ཡང་མི་དམིགས་སོ་ཞེས་བྱ་བ་ཅི་ལས་དགོངས་ཤེ་ན་ཕ་རོལ་ཏུ་སོན་པའམ། ཕ་རོལ་གྱི་མཐར་ཕྱིན་པའམ། ཕ་རོལ་གྱི་ངོ་བོ་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་གྲང་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด