བཅོམ་ལྡན་འདས་མའི་མན་ངག་གི་རྗེས་སུ་འབྲང་བ་ཞེས་བྱ་བའི་རྣམ་པར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) བྷ་ག་ཝ་ཏྱཱ་མ་ནཱ་ཡཱ་ནུ་སཱ་རི་ཎི་ནཱ་མ་བྱཱ་ཁྱཱམ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๙๔ · หน้า 304b
སྦྱིན་ནོ་ཞེས་བྱ་བ་སྟེ། འོ་ན་རྐང་ལ་སོགས་པ་སྦྱིན་པས་སྲོག་ཟད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་ལ་བར་ཆད་ཆེན་པོ་འདི་ཡོད་དོ། །དེ་རྟག་ཏུ་ངུས་ཅི་ལྟར་བླངས་ཤེ་ན། དགོངས་པ་ནི་འདི་ཡིན་ཏེ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་སོང་ཤིག་དང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉོན་ཞེས་བྱ་བ་ལ་ངེས་པར་སྦྱར་བའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་གསུངས་ནི་འབྲས་བུ་མེད་པར་འགྱུར་བ་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་མཐུ་ཉིད་ཀྱིས་སླར་ལུས་ཡོངས་སུ་རྫོགས་པ་ཉིད་དང་སྲོག་འཕྲོག་པར་བྱེད་པའི་ན་ཚ་རྣམས་
ཀྱིས་སྲོག་ལ་བར་ཆད་མེད་པར་མཐོང་ངོ་བདག་ཉིད་ཀྱི་བསོད་ནམས་ཀྱི་མཐུ་ཡང་ཤེས་པ་དང་བདེན་པའི་བྱིན་གྱི་རླབས་པའི་སྟོབས་ཀྱང་ཤེས་པའོ། །ཇི་སྐད་དུ་བཤད་པར་འགྱུར་ཏེ། བདག་གི་ལུས་ཡོངས་སུ་རྫོགས་པར་བྱ་བའི་གནས་འདི་ལ་ནི་ལྷའི་དབང་པོ་ཁྱོད་བརྩོན་
པ་ཆུང་བར་གྱིས་ཤིག་ཅེས་བྱ་བའོ། །དེས་ན་འདི་ཉན་པར་འདོད་ཀྱང་རུས་པ་དང་རྐང་ལ་སོགས་པ་སྦྱིན་པ་ལ་ཡང་འཇུག་གོ། །ཡོན་ཏན་གྱི་རིགས་ཞེས་བྱ་བ་ནི་མི་རྣམས་དང་ཐུན་མོང་བའི་ཡོན་ཏན་ནོ། །ཡོན་ཏན་གྱི་ཁྱད་པར་ནི་མི་རྣམས་ལས་འདས་པའི་ཡོན་ཏན་ནོ། །
བཟོད་དོ་ཞེས་བྱ་བ་ནི་རང་ཉིད་ཀྱིས་དངོས་སུ་བྱེད་པ་ཉིད་ཀྱིས་ཀྱང་འདོད་པ་དེའི་ཕྱིར་རོ། །བརྒྱ་བྱིན་གྱི་དང་བའི་ཁྱད་པར་གསུངས་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། ནུས་པ་ཞེས་བྱ་བ་ནི་མཐུའོ། །དགོངས་པ་ཤེས་ནས་གསུངས་པ་ནི་
བརྩོན་པ་ཆུང་བར་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་སྟེ། བརྩོན་པ་ཞེས་བྱ་བ་ནི་རྩོམ་པའོ། །སྐད་ཅིག་ཅེས་བྱ་བ་ལ་སོགས་པ་སྟེ། དུས་ཉུང་བ་ཉེ་བར་མཚོན་པའི་ཕྱིར་སྐད་ཅིག་ལ་སོགས་པ་གསུམ་པོ་ལ་ཡང་རྣམ་གྲངས་སུ་གྱུར་པ་ཉིད་དོ། །དུས་ཉུང་བ་ཉེ་བར་མཚོན་པ་ཉིད་
བསྟན་པའི་དོན་དུ་གསུམ་ཉེ་བར་སྨོས་པའོ། །ནད་ནི་ནད་ཆེན་པོ་རྣམས་སོ། །གནོད་པ་ནི་ནད་ཆུང་བའོ། །སྤོབས་པ་མེད་པ་ཞེས་བྱ་བ་ནི་མདོར་བསྟན་པའོ། །རྟག་ཏུ་ངུ་ཞེས་བྱ་བ་ལ་སོགས་པས་ནི་རྒྱས་པར་བཤད་པའོ། །ལན་གླན་པ་ཞེས་བྱ་བ་ནི་ལན་གྱི་རྒྱུ་མཚན་དུའོ། །
เล่ม ๙๔ · หน้า 305a
མ་སྐྱེས་ནས་ཞེས་བྱ་བ་ནི་རྙེད་པར་གྱུར་པ་མ་ཡིན་པའོ། །བདག་ལ་སྩོལ་ཅིག་ཅེས་བྱ་བ་ལ་སྩོལ་ཅིག་ཅེས་བྱ་བ་ནི་སྦྱིན་པ་ལའོ། །རོལ་མོའི་ཆ་བྱད་ཅེས་བྱ་བ་ནི་རོལ་མོའི་རྣམ་པའོ། །མང་ཞིང་ཞེས་བྱ་བ་ནི་རྣམ་པ་མང་བའི་ཕྱིར་རོ། །རྒྱ་ཆེ་བ་ནི་རྣམ་པ་རེ་རེར་མཐའ་
ཡས་པའི་ཕྱིར་རོ། །ལོངས་སྤྱོད་ནི་ནོར་རྣམས་སོ། །རྒྱས་བཏབ་ནས་ཞེས་བྱ་བ་ནི་སྤོང་བ་སྲིད་པས་སྤྱོད་ཡུལ་གྱི་ངོ་བོ་དགག་པའི་དོན་དང་དད་པ་ལ་སོགས་པ་དང་ལྡན་པ་རྣམས་ཀྱིས་རྙེད་པར་དགའ་བ་ཉིད་ཀྱིས་མཐོང་བ་ལ་སོགས་པ་ན་གདུང་བ་ཉིད་ཀྱི་དོན་དུའོ། །སེམས་ཅན་རྣམས་
མགུ་བ་ལ་སོགས་པའི་ཐབས་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པ་ནི། དེ་དག་གིས་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱི་བོའི་སྟེང་ན་ཞེས་བྱ་བ་ནི་དབུའི་སྟེང་དུའོ། །ཞིག་ཏུ་གྱུར་ཏོ་ཞེས་བྱ་བ་ནི་རབ་ཀྱི་སྒྲ་སྟེ་སོ་སོའི་དོན་ལའོ། །ནམ་མཁའ་ཞེས་བྱ་བ་ནི་བར་སྣང་ལའོ། །རྫུ་འཕྲུལ་ཆེ་ཞིང་
ཞེས་བྱ་བ་ནི་སེམས་མངོན་པར་འདུ་བྱས་པ་ཉིད་ཀྱིས་དེ་ལྟ་བུའི་རྫུ་འཕྲུལ་མཛད་པའི་ཕྱིར་རོ། །མཐུ་ཆེ་ཞིང་ཞེས་བྱ་བ་ནི་རྫུ་འཕྲུལ་མཛད་པ་ལ་བདུད་ལ་སོགས་པ་རྣམས་ཀྱིས་ཆུད་མི་གཟོན་པའི་ཕྱིར་རོ། །གཟི་བརྗིད་ཆེ་བ་ཞེས་བྱ་བ་ནི་མུ་སྟེགས་དང་བདུད་ལ་སོགས་པ་རྣམས་ཀྱིས་དེའི་ཕྱོགས་སུ་
ཉེ་བར་མི་འགྲོ་བའི་ཕྱིར་རོ། །ཐལ་མོ་སྦྱར་ཏེ་ཞེས་བྱ་བ་ནི་ཐལ་མོ་སྦྱར་བས་ན་ཐལ་མོ་སྦྱར་བའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་བྱོན་པ་དང་བཞུད་པ་དྲི་བའི་གནས་སྐབས་སུ་བརྩམས་པའི་དོན་དུ་རང་གི་གཏམ་བརྗོད་ཅིང་གསུངས་པ་ནི། རིགས་ཀྱི་བུ་འདི་ན་བདག་ཅེས་བྱ་བ་ལ་སོགས་
པ་སྟེ། རིགས་ཀྱི་བུ་ཞེས་བྱ་བས་བོས་པ་ཉིད་ཀྱིས་འཕགས་པ་ཆོས་འཕགས་དགེ་སློང་གི་སྡོམ་པ་ལ་གནས་པ་མ་ཡིན་ཏེ་གཞན་དུ་ན་བཙུན་པ་ཞེས་བྱ་བས་བོས་པར་འགྱུར་རོ། །ཁྱད་པར་གྱུར་ནས་ཞེས་བྱ་བ་ནི་ཐོབ་པའོ། །མཐོང་མ་ཐག་ཏུ་ཞེས་བྱ་བ་ནི་མཐོང་བའི་རྒྱུ་ལས་མཐོང་བ་དང་
ལྷན་ཅིག་ཉིད་དུ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་ངུས་ཉེ་བར་མཚོན་པའི་ལེའུ་ནི་རྟག་ཏུ་ངུའི་ལེའུ་སྟེ་ལེའུ་སུམ་ཅུ་པའོ།། །།གཟུགས་ཀྱི་སྐུ་ལ་དེ་བཞིན་གཤེགས་པར་འཛིན་པ་དགག་པའི་དོན་དུ་གསུངས་པ་ནི། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་སྟེ། གལ་
เล่ม ๙๔ · หน้า 305b
ཏེ་བྱོན་པ་དང་བཞུད་པ་དང་ལྡན་པའི་གཟུགས་ཀྱི་སྐུ་དེ་བཞིན་གཤེགས་པ་མ་ཡིན་ན་འོ་ན་དེ་བཞིན་གཤེགས་པ་གང་ཡིན་ཞེས་བྱ་བ་འདི་དགོས་པ་ལ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཆོས་ཀྱི་སྐུའི་བདག་ཉིད་ཅན་དོན་དམ་པའི་དེ་བཞིན་གཤེགས་པ་གསུངས་པ་ནི། དེ་བཞིན་ཉིད་ལས་མ་
གཡོས་ཏེ། དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བ་སྟེ། འདིས་དེ་བཞིན་ཉིད་རྣམ་པར་དག་པས་བསྡུས་པའི་ཕྱིར་རྟག་པའི་མཚན་ཉིད་ཆོས་ཀྱི་སྐུ་ཞེས་བསྟན་ཏོ། །དེ་ཡང་རྣམ་པར་བྱང་བའི་ཆ་ཅན་གཞན་དབང་གི་ངོ་བོ་ཉིད་ཡོངས་སུ་འགྱུར་བས་རྙེད་པར་
བྱ་བ་ཞེས་བྱ་བའི་སྐྱེ་བ་དོགས་པ་ལ་སྐྱེ་བ་མེད་པའི་མཚན་ཉིད་འདིའི་གསུངས་པ་ནི། མི་སྐྱེ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བའོ། །མེ་ལོང་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་གྲུབ་པའི་ཡེ་ཤེས་ལ་བརྟེན་པའི་མཚན་ཉིད་འདི་ལ་གསུངས་པ་ནི། ཡང་དག་
པའི་མཐའ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བའོ། །དོན་ཇི་ལྟ་བ་བཞིན་དུ་རྟོགས་པའི་མཚན་ཉིད་ཅན་རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་གྱུར་པའི་སླད་དུ་གཉིས་སུ་མེད་པའི་མཚན་ཉིད་དེ་ལ་གསུངས་པ་ནི། སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་
ཞེས་བྱ་བ་སྟེ། ཀུན་བརྟགས་དང་གཞན་དབང་མེད་པའི་ངོ་བོས་སྤྱོད་པའི་མཚན་ཉིད་མ་ཡིན་པ་དང་དོན་དམ་པར་ཡོད་པའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་མཚན་ཉིད་མ་ཡིན་ནོ། །སོ་སོ་རང་གིས་རིག་པར་བྱའི་མཚན་ཉིད་དེའི་གོ་སྐབས་སུ་བྱེད་ཅིང་གསུངས་པ་ནི། ཅི་ལྟ་བ་
བཞིན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བ་སྟེ། ཅི་ལྟ་བ་བཞིན་དུ་རྟོགས་པ་ནི་འདིར་ཅི་ལྟ་བ་ཉིད་དོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་འདིའི་གོ་སྐབས་སུ་བྱེད་ཅིང་གསུངས་པ་ནི། འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བ་
སྟེ། ལས་མངོན་པར་འདུས་བྱས་པ་མ་ཡིན་པའི་མཚན་ཉིད་འདི་སྟོན་ཅིང་གསུངས་པ་ནི། འགོག་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བ་སྟེ། ལས་མངོན་པར་འདུས་བྱས་པ་དགག་པ་ནི་འདིར་འགོག་པའོ། །ཁྱབ་པར་བྱེད་པ་ཉིད་དང་རྟོགས་པར་བྱ་དཀའ་
เล่ม ๙๔ · หน้า 306a
བ་ཉིད་ཀྱིས་ནམ་མཁའི་མཚན་ཉིད་དེ་དེ་ལ་གོ་སྐབས་སུ་བྱེད་ཅིང་གསུངས་པ་ནི། ནམ་མཁའི་ཁམས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བ་སྟེ། འོ་ན་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་
ཅུས་མཛེས་པའི་སྐུ་དེ་བཞིན་གཤེགས་པ་སྟེ། སླར་དེ་བཞིན་ཉིད་ལ་སོགས་པའི་མཚན་ཉིད་ནི་མ་ཡིན་ནོ་ཞེས་གསུངས་པ་ནི། རིགས་ཀྱི་བུ་ཆོས་དེ་དག་ལས་དེ་བཞིན་གཤེགས་པ་གཞན་ན་མེད་དེ་ཞེས་བྱ་བ་སྟེ། ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ནི་དེ་
བཞིན་གཤེགས་པ་ཞེས་བྱ་བའི་དགོངས་པའོ། །གང་གི་ཕྱིར་དེ་དེ་རྣམས་ཀྱི་དོན་དམ་པའི་སྐུ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་བཞིན་ཉིད་ལ་སོགས་པ་དང་དེ་བཞིན་གཤེགས་པ་དག་ལ་ཐ་མི་དད་པ་བརྗོད་ནས་ཤིན་ཏུ་ཐ་མི་དད་པ་བསྟན་པའི་ཕྱིར་གསུངས་པ་ནི།
རིགས་ཀྱི་བུ་ཆོས་འདི་དག་གི་དེ་བཞིན་ཉིད་གང་ཡིན་པ་དང་ཞེས་བྱ་བ་སྟེ། ཆོས་འདི་དག་གི་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་སོགས་པ་རྣམས་ཀྱིའོ། །དེ་བཞིན་ཉིད་གང་ཡིན་པ་དང་ཞེས་བྱ་བ་ནི་ཀུན་བརྟགས་ཀྱི་ངོ་བོས་སྟོང་པ་ཉིད་དེ་ཀུན་བརྟགས་ཀྱི་ངོ་བོས་དེ་བཞིན་ཉིད་
ཀྱང་དོན་དམ་པ་མ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཀྱིའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་འདི་དག་ནི་དེ་བཞིན་ཉིད་གཅིག་པ་སྟེ་ཞེས་བྱ་བ་ལ་སོགས་པས་མདོར་
བསྟན་པའོ། །གཏན་ཚིགས་གསུངས་པ་ནི་མེད་པའི་ཕྱིར་ཞེས་བྱ་བ་སྟེ། རྫས་སུ་མེད་པའི་ཕྱིར་རོ། །དོན་དམ་པར་ཡོད་པའི་སྤྱིའི་མཚན་ཉིད་ཀྱིས་མེད་པའི་ཕྱིར་ནི་མ་ཡིན་ནོ། །ད་ནི་གཟུགས་ཀྱི་དེ་བཞིན་གཤེགས་པ་མ་ཡིན་ཞེས་བྱ་བ་གང་ཞིག་ཤུགས་ཀྱིས་
གསུངས་པ་དེ་ལ་གཞན་དབང་གི་ངོ་བོའི་མེད་པ་ཉིད་དཔེས་གསུངས་པ་ནི། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མ་གུང་གི་དུས་ལ་ཞེས་བྱ་བ་ནི་ཡང་དག་པར་འོངས་པས་ན་དུས་སོ། །ཉི་མ་གུང་གི་དུས་འདི་གང་ཡིན་ཞེ་ན། ཉི་མ་གུང་
เล่ม ๙๔ · หน้า 306b
གི་དུས་ལ་འོངས་པ་ཞེས་བྱ་བའི་དོན་ཏོ། །བྱིས་པའི་རང་བཞིན་ཅན་ནི་དེ་མ་ཡིན་པ་ལ་དེའི་བློ་ཡོད་པའི་ཕྱིར་རོ། །ཤེས་རབ་འཆལ་བའི་རང་བཞིན་ཅན་ནི། །དེའི་བློ་ཡོད་དེ་ཡོངས་སུ་མི་འདོར་བའི་ཕྱིར་རོ། །དེ་བཞིན་དུ་རིགས་ཀྱི་བུ་གང་སུ་དག་དེ་བཞིན་གཤེགས་པ་ལ་
གཟུགས་སམ་སྒྲར་མངོན་པར་ཆགས་པ་དེ་དག་ནི་ཞེས་བྱ་བ་སྟེ། བི་ཤ་སྟེ་ཞེས་བྱ་བའི་ཁམས་ཀྱི་དོན་ལ་འགྲོ་བའི་ཁྱད་པར་ཡིན་པའི་ཕྱིར་བྱེད་པ་པོ་ལ་ཀྟའོ། །དཔེར་ན་གྲོང་ཁྱེར་དུ་ཞུགས་པ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ་ཞེས་བྱ་བ་སྟེ།
འདི་རྣམས་ཀྱི་ཆོས་ཀྱི་སྐུ་ཡོད་པས་ན་ཆོས་ཀྱི་སྐུའོ། །ཡང་ན་ཆོས་ཉིད་ནི་དེ་བཞིན་ཉིད་དོ། །དེའི་ངོ་བོ་ཐོབ་པའི་ཆོས་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་སྐུ་ཞེས་བྱ་བ་ནི་ཁ་ཅིག་གོ། །འདིས་ནི་སེམས་དང་སེམས་ལས་བྱུང་བ་འཇུག་པ་ལ་ཡང་གཞན་
དབང་གི་དོན་དམ་པར་ཡོད་པ་ཉིད་ནི་མ་ཡིན་ཏེ། སྨིག་རྒྱུ་ལ་ཆུ་ལྟར་ཞེས་གསུངས་སོ། །གལ་ཏེ་གཞན་དབང་མེད་པ་ཡིན་ན་ཅི་ལྟར་མེད་པ་ཡིན་ཞེས་བྱ་བ་ལ་སྒྱུ་མའི་དཔེ་གཉིས་པ་གསུངས་པ་ནི། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། གླང་པོ་ཆེ་རྣམས་ཀྱི་
ཚོགས་ནི་ཚོགས་ཏེ་གླང་པོ་ཆེའི་ཚོགས་སོ། །གལ་ཏེ་གཞན་དབང་མེད་པ་ཡིན་ན་ཅི་ལྟར་འདོད་པ་དང་མི་འདོད་པ་ཉེ་བར་ལོངས་སྤྱོད་ཅེས་བྱ་བའི་ཐེ་ཚོམ་བཟློག་པའི་དོན་དུ་རྨི་ལམ་གྱི་དཔེ་གསུངས་པ་ནི། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། གཉིད་ཀྱིས་ལོག་
པའི་ཞེས་བྱ་བ་ནི་རྨུགས་པ་ལ་ཞུགས་པའོ། །རྨི་ལམ་དུ་ཞེས་བྱ་བ་ནི་བརྫུན་པར་སྣང་བའི་སྣོད་དུ་རུང་བའི་ཁྱད་པར་ཐོབ་པའོ། །ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་བདེན་པ་ཉིད་དོ། །བརྫུན་ཏེ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའོ། །དེ་དང་ཆོས་མཚུངས་པས་སླུ་བར་བྱེད་པ་ཞེས་བྱ་བའི་
དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་ནི། །ཡང་དག་པ་མ་ལགས་སོ་ཞེས་བྱ་བའོ། །མིང་གི་སྐུ་ནི་ཆོས་བསྟན་པའི་རང་བཞིན་ནོ། །གཟུགས་ཀྱི་སྐུ་ནི་མཚན་ལ་སོགས་པས་འབར་བའོ། །དོན་ཡོད་པར་ནི་སྦྱིན་པ་པོ་རྣམས་ལ་འབྲས་བུ་མང་བའི་ཕྱིར་རོ། །ཡུལ་འཁོར་ནི་འཇིག་
เล่ม ๙๔ · หน้า 307a
རྟེན་ཏེ་དེའི་བསོད་སྙོམས་ནི་འཚོ་བའོ། །དེ་ཉིད་ཀྱི་ཕྱིར་སྦྱིན་གནས་ཏེ་སྦྱིན་པར་འོས་པས་ན་སྦྱིན་གནས་སོ། །འོ་ན་བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་བརྒྱ་ཕྲག་མང་པོ་དང་། བསྐལ་པ་གྲངས་མེད་པ་རྣམས་མཚན་ལ་སོགས་པ་ཡང་དག་པར་འབྱུང་
བའི་ལས་རྣམས་ཅིའི་ཕྱིར་སྐྱེད་པ་ཡིན་ཏེ། དེ་བས་ན་གཞལ་དུ་མེད་པའི་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བཟུང་བ་དང་གཟུགས་ཀྱི་སྐུ་སྐྱེད་པའི་འདོད་པ་དང་སྨོན་ལམ་ལ་སོགས་པ་རྣམས་དོན་མེད་པར་འགྱུར་ཞེས་གསུངས་པ་ནི། རིགས་ཀྱི་བུ་འདི་ལྟ་
སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་ལ་དོན་ནི་འདི་ཡིན་ཏེ། ཡང་གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་ནི་དོན་དམ་པར་ཡོད་པ་མ་ཡིན་ཏེ། དེ་ལྟ་ན་ཡང་རྫས་སུ་ཡོད་པ་ཡིན་ཏེ་རྣམ་པར་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ཀུན་བརྟགས་ནི་ཐ་
སྙད་དུ་ཡོད་པ་དང་གཞན་དབང་ནི་སྒྲུབ་པའི་ཀུན་རྫོབ་ཏུ་རྫས་ཡོད་པ་དང་ཡོངས་སུ་གྲུབ་པ་ནི་སྲིད་པའི་ཀུན་རྫོབ་ཏུ་དོན་དམ་པར་ཡོད་པ་ཞེས་ལན་དུ་བརྗོད་དོ། །སྒྲུབ་པའི་ཀུན་རྫོབ་ཏུ་ཡོད་པ་ནི་རྒྱུ་དང་རྐྱེན་གྱི་ཚོགས་པས་བསྐྱེད་པའི་ཕྱིར་གཞན་དབང་སྒྲུབ་པའི་ཀུན་རྫོབ་ཏུ་ཡོད་པའོ། །
གལ་ཏེ་སྒྲུབ་པའི་ཀུན་རྫོབ་ཏུ་ཡོད་པའི་རང་བཞིན་གྱིས་གཞན་དབང་མེད་པར་འགྱུར་ན་དེའི་ཚེ་ཀུན་ནས་ཉོན་མོངས་པ་མེད་པར་འགྱུར་ལ་རྣམ་པར་བྱང་བ་ཡང་མེད་དེ་གཉི་ག་ཡང་དེ་ལ་བརྟེན་པའི་ཕྱིར་རོ། །གཟུགས་ཀྱི་སྐུ་ཉིད་བཅོམ་ལྡན་འདས་རྣམས་ཀྱིས་བསྒྲུབ་པར་བྱ་བ་སྟེ།
གཞན་དོན་ལ་རྩེ་གཅིག་པའི་ཕྱིར་རོ། །རང་གི་དོན་གྲུབ་པ་ནི་དེ་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཞན་དབང་ཡོད་ཀྱང་ཡོངས་སུ་མི་འདོར་བའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་མཚན་ཉིད་ཅན་སྐུ་གསུམ་གྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་བསྒྲུབ་པར་
བྱ་བ་དེའི་ཕྱིར་མཚན་སྒྲུབ་པར་བྱེད་པའི་ལས་དང་སྨོན་ལམ་ལ་སོགས་པ་རྣམས་དོན་མེད་པ་ཉིད་མ་ཡིན་ནོ། །འོ་ན་གལ་ཏེ་རྒྱུ་དང་རྐྱེན་ལས་སྐྱེས་པའི་གཞན་དབང་གི་ངོ་བོ་ཉིད་ཅི་ནས་ཀྱང་བླང་བར་བྱ་བ་ཡིན་ན་དེའི་ཕྱིར་དེ་ཉིད་དོན་དམ་པར་ཡོད་པར་ཅིའི་ཕྱིར་མི་འགྱུར་ཞེ་ན།
เล่ม ๙๔ · หน้า 307b
རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་ཕྱིར་རོ། །ཅི་སྐད་དུ་གསུངས་པ། གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང་། །ངོ་བོ་ཉིད་ཀྱི་དེ་མ་སྐྱེས། །ཞེས་བྱ་བ་དང་། །གང་ཕྱིར་རང་བཞིན་མ་བཅོས་པ། །གཞན་ལ་ལྟོས་པ་མེད་པའོ། །ཞེས་བྱ་བ་གསུངས་སོ། །འདིའི་རྐྱེན་
ཉིད་ཙམ་ལ། །དོན་དམ་པ་ཉིད་དེ་དང་དེར། །རང་ལས་མ་ཡིན་གཞན་ལས་མིན། །ཞེས་བྱ་བ་ལ་སོགས་པས་ཤིང་རྟ་ཆེན་པོ་རྣམས་ཀྱི་བཀག་པ་ཞེས་རེ་ཞིག་བཞག་པར་ཟད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དེ་དག་གི་སྐུ་ཡོངས་སུ་གྲུབ་པ་ཡང་ཞེས་བྱ་བ་སྟེ། དེ་
བཞིན་དུ་གལ་ཏེ་རྒྱུ་རྐྱེན་ལ་རག་ལས་པ་སྐུ་ཡོངས་སུ་གྲུབ་པ་ཡིན་ན་དེའི་ཚེ་སྐྱེ་བའི་སྔ་རོལ་དུ་མེད་པ་ཞེས་བྱ་བར་འགྱུར་རོ། །བྱོན་པ་དང་བཞུད་པ་དག་སྐྱེས་པ་ལ་ཅི་ལྟར་དགག་པ་ཞེས་གསུངས་པ་ནི། ཕྱོགས་བཅུའི་འཇིག་རྟེན་གང་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྟེ།
དོན་ནི་འདི་ཡིན་ཏེ། སངས་རྒྱས་རྣམས་དེར་བྱོན་པས་སངས་རྒྱས་མཐོང་བ་མེད་པ་དང་གཞན་དུ་བཞུད་པས་མི་མཐོང་བ་ནི་མ་ཡིན་ནོ། །འོན་ཀྱང་རྟག་ཏུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཡང་སྣོད་རྣམ་པར་དག་པ་དང་རྣམ་པར་མ་དག་པས་བསྡུས་པ་སངས་རྒྱས་
རྣམས་ཀྱི་མཐོང་བ་དང་མི་མཐོང་བའོ། །ཅི་སྐད་དུ་ཐེག་པ་ཆེན་པོ་རྒྱུད་བླ་མ་ནས་གསུངས་པ། དགེ་བ་སྐྱེ་འཇིག་ལས་སངས་རྒྱས། །གཟུགས་བརྙན་སྐྱེ་དང་འཇིག་པ་དང་། །ཐུབ་པ་སྐྱེ་མིན་འཇིག་པ་མིན། །བརྒྱ་བྱིན་བཞིན་དུ་ཆོས་སྐུ་ལས། །འབད་པ་མེད་པར་
མཛད་པ་ཞེས། །དེ་ལྟར་མཐོང་བ་ལ་སོགས་འཇུག །སྐྱེ་བ་མེད་པའི་ཆོས་སྐུ་ལས། །ཇི་སྲིད་འགག་མེད་སྲིད་པར་གནས། །ཞེས་བྱ་བའོ། །མདོ་སྡེ་རྒྱན་ལས་ཀྱང་གསུངས་པ། ཅི་ལྟར་ཆུ་སྣོད་ཆག་པ་ལ། །ཟླ་བའི་གཟུགས་བརྙན་མི་མཐོང་སྟེ། །དེ་བཞིན་
སེམས་ཅན་སྡུག་རྣམས་ལ། །སངས་རྒྱས་གཟུགས་བརྙན་མཐོང་བ་མིན། །ཞེས་བྱ་བའོ། །འདིས་ནི་གཟུགས་ཀྱི་སྐུ་ལ་ལྟོས་པས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་བྱོན་པ་དང་བཞུད་པ་མེད་དོ། །འོན་ཀྱང་རྣམ་པར་དག་པ་ཉིད་ཡོད་པ་ལ་གདུལ་བྱ་རྣམས་ཀྱི་དེ་བཞིན་
เล่ม ๙๔ · หน้า 308a
གཤེགས་པ་རྣམས་ཀྱི་བདག་པོར་བྱས་ནས་སྐྱེས་པའི་སྣང་བ་དེ་ཡོད་ཅེས་བསྟན་ཏོ། །འོ་ན་གདུལ་བྱ་རྣམས་ལ་དེ་བཞིན་གཤེགས་པའི་སྣང་བ་རང་གི་བསོད་ནམས་ཀྱིས་ངེས་པར་འབྱུང་བ་ཉིད་ཡོད་མོད། །དབང་དུ་བྱེད་པ་པོ་དེ་བཞིན་གཤེགས་
པའི་གཟུགས་ཀྱི་སྐུ་ལ་ནི་རྣམ་པར་གཞག་པ་ཅི་ལྟ་བུ་ཞེས་གསུངས་པ་ནི། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྐུ་རྒྱུ་མེད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ནི་གཟུགས་ཀྱི་སྐུ་ལ་རྫས་སུ་ཡོད་པ་ཉིད་བསྟན་ཏོ། །རྫས་སུ་ཡོད་པ་ཡང་དེའི་བྱོན་པ་དང་བཞུད་པ་
མེད་དོ། །འོན་ཀྱང་གདུལ་བྱ་རྣམས་ལ་དེ་བདག་པོའི་དབང་གིས་དེའི་རྣམ་པ་སྣང་བ་ཞེས་བྱ་བའོ། །དེ་བས་ན་མཆོག་ཏུ་བསམ་གྱིས་མི་ཁྱབ་པ་ངོ་མཚར་བའི་ཕྲིན་ལས་ཅན་དེ་བཞིན་གཤེགས་པ་རྣམས་སོ། །འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་། ཅི་སྐད་དུ་གསུངས་པ།
བྱང་ཆུབ་སྟོན་མཛད་འགའ་ཞིག་ཏུ། །འགའ་ཞིག་ཏུ་ནི་མྱ་ངན་འདས། །ནམ་ཡང་མེད་མིན་མ་ཡིན་ཏེ། །བརྟགས་པའི་སྐུ་ཅན་དེ་བཞིན་གཤེགས། །འདི་རྣམས་ཀུན་དུ་རྣམ་སྤྱོད་དེ། །འགའ་ཞིག་ཏུ་ཡང་སྤྱོད་པ་མིན། །བདག་གི་དངོས་པོ་ཀུན་མཐོང་བ། །དབང་པོ་དྲུག་གི་སྤྱོད་ཡུལ་མིན། །
ཞེས་བྱ་བའོ། །དམྱལ་བ་པ་རྣམས་ཀྱིས་ཀྱང་སྤྲུལ་པའི་སྐུ་མཐོང་བའི་ཕྱིར་བདག་གི་དངོས་པོ་ཀུན་གྱིས་མཐོང་སྟེ། སྐུ་ཀུན་གྱི་ངོ་བོ་ཉིད་གང་གིས་དབང་པོ་གང་ཡང་རུང་བས་ཀྱང་སྤྱོད་ཡུལ་དུ་བྱེད་པར་ནུས་པ་མ་ཡིན་ཞེས་བྱ་བའོ། །སླར་དེ་ལྟ་བུའི་རྣམ་པ་རྟེན་ཅིང་འབྲེལ་
པར་འབྱུང་བ་འདི་ལ་དཔེ་གཞན་གསུངས་པ་ནི་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཤིང་བུ་ནི་རྒྱུད་རྣམས་དཀྲིས་པའི་རྟེན་ནོ། །རྒྱུད་རྟེན་ཞེས་བྱ་བ་ནི་གཙོ་བོ་མ་ཡིན་པའི་རྒྱུད་མངས་སོ། །ཐོག་མ་དང་ཐ་མ་དག་ལས་སྒྲ་མི་འབྱུང་ཞེས་བྱ་བའི་ཚིག་ནི་དབུས་ཐམས་ཅད་
དུ་འབྲེལ་པའི་དོན་དུའོ། །རྒྱུ་མེད་པ་ཞེས་བྱ་བའི་སྒྲ་ལས་རང་གི་དོན་ལ་ཀ་ན་སྟེ་དེས་ན་རྒྱུ་མེད་པའོ། །པི་ཝང་གི་སྒྲའི་དཔེས་བསྟན་པའི་ཆོས་འགྲུབ་པ་ནི་རྒྱུ་རྐྱེན་ལ་རག་ལས་པ་ཞེས་བྱ་བ་མཚོན་ཏེ་ཞེས་བྱ་བ་ཁ་ཅིག་གོ། །དཀྲོགས་ཤིང་ཞེས་བྱ་བ་ནི་རྣམ་པར་གཡེང་བ་ཉིད་ཐོབ་པ་རྣམས་སོ། །
เล่ม ๙๔ · หน้า 308b
སྤ་བཀོང་བར་གྱུར་པ་ནི་གྲིབ་མ་འཇིག་པ་རྣམས་སོ། །དེ་ལོགས་སུ་རབ་ཏུ་འདུད་པར་གྱུར་ཏོ་ཞེས་བྱ་བ་ནི་ཆོས་ཉིད་ལས་ཐོབ་པ་སེམས་མེད་པ་རྣམས་ཀྱིས་ཀྱང་ཆོས་བསྟན་པ་ལ་རྣམ་པར་འགྱུར་བ་འདི་དེས་བྱིན་གྱིས་རློབ་པར་བྱེད་པའི་ལྷའི་བྱིན་གྱིས་བརླབས་པས་སོ། །འཐོར་ཞིང་
ཞེས་བྱ་བ་ནི་གྲོལ་བར་གྱུར་པའོ། །ནམ་མཁའ་ལ་འཕགས་ནས་ཞེས་བྱ་བ་ནི་ནམ་མཁའ་ལའོ། །བདག་གི་ལུས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མངོན་པར་བཀབ་སྟེ་དེའི་མདུན་དུ་ལུས་ཐམས་ཅད་ཀྱིས་ས་ལ་ཕབ་ནས་འདི་ལ་རང་གི་ལུས་
འབུལ་ཞིང་འདུག་པས་སོ། །འབུལ་བ་དེ་ཉིད་རྗོད་པར་བྱེད་པ་ནི་རིགས་ཀྱི་བུ་དེ་དང་མཚུངས་པར་བྱ་བ་ལ་སོགས་པ་བདག་ཅེས་བྱ་བ་ལ་སོགས་པ་སྟེ། ཁྱོད་ལ་ཞེས་བྱ་བ་ནི་དེ་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་ཉན་པ་ལ་སོགས་པ་ལ་དེའི་རྩ་བ་ཅན་གྱི་ཕྱིར་རོ། །ཏིང་ངེ་འཛིན་གཅིག་
ལ་སྙོམས་པར་ཞུགས་པར་གྱུར་ཅིང་ཞེས་བྱ་བ་ནི་ཟག་པ་མེད་པའི་བཏང་སྙོམས་དང་མཚུངས་པར་ལྡན་པ་སེམས་རྩེ་གཅིག་པ་ཉིད་ནི་ཏིང་ངེ་འཛིན་ཞེས་བརྗོད་དེ། དེ་བྱ་བ་ཐ་དད་པ་ཉིད་ཀྱིས་དཔའ་བར་འགྲོ་བ་དང་སེང་གེ་རྣམ་པར་རོལ་པ་དང་ཏིང་ངེ་འཛིན་གྱི་རྒྱལ་པོ་དང་ཆོས་
ཐམས་ཅད་ཀྱི་ཡང་དག་པར་འབྱུང་བ་ལ་སོགས་པའི་མིང་རྣམས་ཀྱིས་ཐ་སྙད་དུ་བྱེད་ཅིང་རང་བཞིན་ཐ་དད་པས་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཞན་དུ་འདོན་པ་ཡིན་ཏེ་བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གང་དུ་ཏིང་ངེ་འཛིན་ཐམས་
ཅད་ནང་དུ་འདུས་པ་ཞེས་བྱ་བའོ། །དེས་ན་ཏིང་ངེ་འཛིན་གཅིག་ལ་སྙོམས་པར་ཞུགས་པ་དང་ཏིང་ངེ་འཛིན་སྟོང་ཕྲག་དུ་མ་རྣམས་ཀྱིས་གནས་པར་གྱུར་ཏོ་ཞེས་བྱ་བ་འགལ་བ་མེད་དོ། །གཅིག་ལ་སྙོམས་པར་ཞུགས་པ་ཞེས་བྱ་བའི་འདོན་པ་ལ་ཡང་དོན་འདི་ཉིད་ནི་དེ་གཞན་གྱིས་ཡང་ཏིང་
ངེ་འཛིན་གཅིག་ལ་སྙོམས་པར་ཞུགས་པ་གཞན་ཏིང་ངེ་འཛིན་སྟོང་ཕྲག་རྣམས་ཀྱིས་གནས་པར་གྱུར་ཏོ་ཞེས་བྱ་བ་འགལ་བ་ལ་ལན་དུ་མ་མཐོང་ངོ་། །སྐྱིལ་མོ་ཀྲུང་གཅིག་གིས་ཏིང་ངེ་འཛིན་སྟོང་ཕྲག་རྣམས་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བས་གཅིག་ལ་སྙོམས་པར་ཞུགས་པ་ཞེས་
เล่ม ๙๔ · หน้า 309a
འདོན་པ་འདི་ཉིད་བཤད་པ་ཡིན་ནོ། །སླར་འཕགས་པ་ཆོས་འཕགས་ལོ་བདུན་གྱི་བར་དུ་ཏིང་ངེ་འཛིན་གཅིག་ལ་སྙོམས་པར་ཞུགས་པ་ཉིད་ཅི་ཞིག་བཞུགས་པར་འགྱུར། རྟག་ཏུ་ངུའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པའི་དོན་དང་ཆོས་འདོད་པ་
ཐམས་ཅད་ཀྱི་མངོན་སུམ་དུ་བྱ་བའི་ཕྱིར་འདི་ལྟར་བརྗོད་དོ། །དུས་འདའ་བར་བྱེད་དེ་ཞེས་བྱ་བ་ནི་རབ་ཏུ་ཞུགས་པའོ། །བདག་ཅག་གིས་ཀྱང་ཁྲི་གང་ལ་ཞེས་བྱ་བ་ནི་དུས་གང་ལ་བདག་ཅག་གིས་ཀྱང་ཞེས་བྱ་བའོ། །དེའི་རྗེས་སུ་འཇུག་གོ་ཞེས་བྱ་བ་ནི་རྗེས་སུ་བྱེད་པ་རྣམས་
སོ། །ལྷའི་ཞེས་བྱ་བ་ནི་ནམ་མཁའ་ལས་བྱུང་བའོ། །སེམས་གཞན་དུ་འགྱུར་བ་དང་ཞེས་བྱ་བ་ནི་ས་གཞི་ཆག་ཆག་གདབ་པ་ལ་རྒྱབ་ཀྱིས་ཕྱོགས་པའོ། །ནུས་པ་མེད་པའི་བྱ་བ་འདོད་པའི་ཕྱིར་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ལེ་ལོ་ཅན་གྱི་ལུས་ཞིག་པར་བྱ་བ་ནི་ནུས་པ་དང་བྲལ་བ་
དེ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །དེ་ལྟར་བསམས་ནས་ཞེས་བྱ་བ་ནི་དཔྱོད་པའི་རིམ་པ་འདིས་ལྷན་ཅིག་སྐྱེས་པའི་ལུས་ལ་ཞེན་པ་བསལ་ནས་རང་གི་ཁྲག་གིས་ས་ཕྱོགས་དེ་དག་ཐམས་ཅད་དུ་ཆག་ཆག་བཏབ་པོ་ཞེས་བྱ་བ་ནི་འདི་ལྟ་བུའི་ངོ་མཚར་བའི་ས་ལ་བརྒྱ་བྱིན་ལ་
སོགས་པའི་བྱིན་གྱི་རླབས་ཀྱིས་སྨད་པར་བྱ་བ་མ་ཡིན་པ་ཉིད་ཁྲག་གི་ཆག་ཆག་གོ་སྐབས་སུ་བྱེད་ཅིང་འདི་ལྟར་བྱས་པའོ། །དེ་དག་ཐམས་ཅད་ཀྱིས་ཀྱང་ཞེས་བྱ་བ་ནི་བུ་མོ་བརྒྱ་ཕྲག་རྣམས་སོ། །ཡང་དེ་དང་དེས་ཞེས་བྱ་བའི་འདོན་པ་ལ་མཚོན་ཆའི་ཁྱད་པར་རོ། །གླགས་
ནི་འཇུག་པའོ། །བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་བྱེད་པར་འགྱུར་བར་རོ། །ཆོས་ཡོངས་སུ་ཚོལ་བ་ཡང་ཞེས་བྱ་བ་ནི་ཡོངས་སུ་ཚོལ་བའོ། །མེ་ཏོག་བཀྲམ་པར་གྱིས་ཤིག་ཅེས་བྱ་བ་སྟེ། མེ་ཏོག་གཞན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་
འཕགས་ལ་མཆོད་པའི་དོན་དུ་བཞག་ནས་འདུག་གོ་ཞེས་བྱ་བ་འདོན་པའོ། །མདུན་དུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་བུ་མོ་དེ་དག་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མཆོད་པ་བྱས་པར་གྱུར་ཏོ། །
เล่ม ๙๔ · หน้า 309b
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་མཐོང་བ་དང་ལྷན་ཅིག་པ་ཉིད་ཀྱིས་ནུབ་བྱང་མཚམས་ཀྱི་ཡུལ་ནས་འོངས་པའི་བཅོམ་ལྡན་འདས་མ་ལས་མཐོང་སྟེ། དེ་ཉིད་རིགས་པ་ཡིན་ནོ། །མེ་ཏོག་ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཆོས་འཕགས་ལ་གཏོར་ཏོ་ཞེས་བྱ་བ་གང་དུ་འདོན་པ་དེ་ཇི་ལྟར་རིགས། དེའི་ཚེ་ཆོས་འཕགས་མ་མཐོང་བའི་ཕྱིར་རོ། །དེར་འཕགས་པ་ཆོས་འཕགས་ཀྱིས་བསྟན་པ་ཅི་ལྟ་བུ་བྱུང་བར་གྱུར་ཞེས་བྱ་བ་དེའི་ཕྱིར་གསུངས་པ། དེ་ལ་སྟོན་པ་ནི་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་
པའོ། །སྤྱིར་བསྟན་ནས་ཁྱད་པར་དུ་གསལ་བར་བྱེད་པ་ནི་འདི་ལྟ་སྟེ་ཞེས་བྱ་བའོ། །རྣམ་པ་སུམ་ཅུ་པོ་འདི་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་འདིའི་ཐོས་པའི་སྟོབས་ཀྱིས་སྐྱེས་པ་རྣམ་པ་སུམ་ཅུ་པོ་འདི་ཉིད་རྣམས་ཀྱིས་ཏིང་ངེ་འཛིན་རྣམས་འདོན་པར་འགྱུར་
བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་ནི་རིགས་པར་བྱ་ཞེས་བྱ་བ་ཐ་མར་གསུངས་པ་འདིར་ཡང་འབྲེལ་པར་བྱའོ། །མཉམ་པ་ཉིད་ནི་མི་མཉམ་པ་ཉིད་མེད་པ་དེའི་ངོ་བོ་གཅིག་ཅེས་བྱ་བའི་དོན་ཏོ། །དེ་བས་ན་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་རྟོགས་
པ་ལས་དེ་གཞན་ཉིད་ཀྱི་ངོ་བོ་ཅུང་ཟད་ཅི་ཞིག་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ཀྱང་སྤྱིའི་ངོ་བོ་ཉིད་དེ་དེ་བས་ན་ཆོས་ཐམས་ཅད་ལ་དོན་དམ་པ་པའི་རང་བཞིན་གཅིག་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཞེས་བྱ་བའི་དོན་ཏོ། །རིག་བྱེད་ཀྱི་མཐར་སྨྲ་བ་ལྟར་བདག་ལ་སོགས་པ་དངོས་པོའི་ངོ་བོ་ཉིད་ཀྱང་ཅི་ཞིག་མཉམ་པ་ཉིད་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི་ཆོས་ཐམས་ཅད་དབེན་པ་ཉིད་པས་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ཀུན་བརྟགས་དང་གཞན་དབང་གི་ངོ་
བོ་རྣམས་ཀྱིས་གང་ཞིག་དབེན་པ་ཉིད་ནི་སྟོང་པ་ཉིད་དེ། དེ་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོའི་ངོ་བོ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །སྔར་དངོས་པོའི་ངོ་བོ་ཅི་ཞིག་གནས་སམ་ཕྱིས་དབེན་པ་ཉིད་ཀྱིས་ཡོངས་སུ་འགྱུར་བ་ཅི་ཞིག་ཡིན་ནམ་མ་ཡིན་ཞེས་
เล่ม ๙๔ · หน้า 310a
གསུངས་པ་ནི། ཆོས་ཐམས་ཅད་གཡོ་བ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ཀྱི་དུས་ཐམས་ཅད་དུ་གཡོ་བ་མེད་པའི་ངོ་བོ་འདི་ནི་རང་བཞིན་ཏེ་རྟོགས་པའི་དུས་ལ་དེ་ལྟར་ཡོངས་སུ་འགྱུར་བ་མ་ཡིན་ནོ། །གལ་ཏེ་སྔར་ཡང་ཡོད་ན་
དེའི་ཕྱིར་གང་གི་ཚེ་ན་རྟོགས་པར་བྱེད་ན་དེའི་ཚེ་ཅི་ཞིག་རྟོགས་པ་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་རློམ་པ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། འདི་ནི་རྣམ་པར་རྟོག་པའི་ཤེས་པའི་ཡུལ་ནི་མ་ཡིན་ཏེ། འོན་ཀྱང་རྣམ་པར་མི་རྟོག་པའི་ཞེས་བྱ་བའི་དོན་
ཏོ། །གལ་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་ན་དེའི་ཕྱིར་གཟུགས་ལ་སོགས་པ་མ་སྐྱེས་པ་དང་མ་འགགས་པ་དང་གདོད་མ་ནས་ཞི་བ་ལ་སོགས་པའི་དངོས་པོ་གཞན་ལ་ཅི་ཞིག་རྟོགས་པར་འགྱུར་རམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་ཁེངས་པ་
མེད་པ་ཉིད་པས་ཞེས་བྱ་བ་སྟེ། དངོས་པོ་གཅིག་ཉིད་དང་རང་བཞིན་གཅིག་ཉིད་དང་ཡེ་ཤེས་གང་ལ་ཁེངས་པ་ཡོད་པ་མ་ཡིན་ཏེ་འོན་ཀྱང་དངོས་པོ་ཐམས་ཅད་གདོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་སོགས་པ་དོན་དམ་པ་པའི་ངོ་བོ་ཐམས་ཅད་
ཀྱིས་ཤེས་པ་མ་ཡིན་ཞེས་བྱ་བའི་དགོངས་པའོ། །དེ་བས་ན་གཉིད་དང་མྱོས་པ་དང་བརྒྱལ་བ་མཐུག་པ་ལ་སོགས་པ་བཞིན་དུ་མི་རྟོག་པ་ཞེས་བྱ་བ་ཅི་ཞིག་རྣམ་པར་གཞག་པ་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་རོ་གཅིག་པ་ཉིད་པས་ཞེས་བྱ་བ་སྟེ། ཆོས་ཐམས་
ཅད་ཀྱི་སྤྱིའི་ངོ་བོ་རྟོགས་པའི་རང་བཞིན་དེར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོག་མར་ས་དང་པོ་ལ་སྐྱེ་བ་དེ་བས་ན་གང་ཞིག་མཐོང་བ་དང་། ཐོས་པ་དང་། དོགས་པ་དང་། རྣམ་པར་ཤེས་པའི་ངོ་བོ་རྣམས་དམིགས་པའི་དུས་སུ་དེས་མཐོང་བ་དེ་རྣམས་ཉིད་གཅིག་ཏུ་རོ་གཅིག་པ་
ཉིད་ཀྱིས་ཅི་ཞིག་ཤེས་སམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་མུ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། དངོས་པོ་གཅིག་ནི་གང་གིས་དེ་ཉིད་དུ་མི་མཐོང་། དངོས་པོ་ཐམས་ཅད་དེ་ཉིད་དུ་ནི་དེས་མཐོང་བ་ཞེས་བྱ་བའི་རིགས་པས་ཆོས་ཐམས་ཅད་ལ་ཁྱད་པར་བྱེད་
เล่ม ๙๔ · หน้า 310b
པ་ཉིད་ཀྱིས་རྟོགས་པ་འདི་ཡིན་པ་སྟེ་སོ་སོར་ངེས་པའི་ཡུལ་མ་ཡིན་ནོ། །འོ་ན་དངོས་པོ་རྣམས་ཀྱི་རང་བཞིན་དེ་ནི་དེའི་ཚེ་ཉིད་དུ་ཅི་ཞིག་སྐྱེས་སམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། འོ་ན་སྔ་མ་འཇིག་རྟེན་པའི་དམིགས་པའི་ཡུལ་
གྱི་རང་བཞིན་ཅི་ཞིག་འགག་པ་ཡིན་ནམ་ཞེས་གསུངས་པ་ནི། ཆོས་ཐམས་ཅད་འགག་པ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། གལ་ཏེ་འཇིག་རྟེན་ལས་འདས་པ་ཉིད་ཀྱིས་ཡེ་ཤེས་འདི་ལ་ད་ལྟར་ཉམས་སུ་མྱང་བ་མེད་པ་དེ་བས་ན་དོན་འདི་དཔེ་མེད་པ་ཅི་ཞིག་ཡིན་ནམ་མ་ཡིན་ཞེས་
གསུངས་པ་ནི། ནམ་མཁའ་མུ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། ཅི་ལྟར་ནམ་མཁའ་ནི་ཁྱབ་བྱེད་དང་རྟོགས་པར་དཀའ་བ་དེ་བཞིན་དུ་འདི་ཡང་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ་ནམ་མཁའ་བཞིན་དུ་རོ་གཅིག་པ་དང་རྟོགས་པར་དཀའ་བའི་ངོ་བོ་ཉིད་ཅེས་བྱ་བའོ། །གལ་ཏེ་
སྟོང་པ་ཉིད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེ་ཉིད་ནི་དེ་བཞིན་གཤེགས་པ་སྟེ། དེ་བས་ན་འདི་འགྲོ་བའི་དོན་གྱི་བྱ་བ་རྣམ་པར་སྤངས་པ་ཅི་ཞིག་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི། རྒྱ་མཚོ་མུ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། ཅི་ལྟར་སྣ་ཚོགས་པའི་འཇིག་
རྟེན་གྱི་ཁམས་རྣམས་ལ་རྒྱ་མཚོ་མུ་མ་མཆིས་པ་རིན་པོ་ཆེ་སྣ་ཚོགས་པའི་འབྱུང་གནས་རྣམ་པ་མང་པོས་འགྲོ་བའི་དོན་བྱེད་པ་དང་འགྲོ་བ་རྣམས་ལ་ཉེ་བར་འཚོ་བར་བྱ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཆོས་ཀྱི་སྐུའི་བདག་ཉིད་
ཅན་གྱིས་ཀྱང་ཆོས་ཀྱི་སྐུ་ལ་བརྟེན་པའི་ཀུན་རྫོབ་པ་མཚན་དང་དཔེ་བྱད་ཀྱི་རིན་པོ་ཆེར་འབར་བའི་ལོངས་སྤྱོད་རྫོགས་པའི་སྐུ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་ལས་ཕྱུང་བ་རྣམས་ཀྱིས་ས་ཆེན་པོ་རྣམས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དུས་ཐམས་ཅད་དུ་དོན་དུ་གཉེར་
ཞིང་མཛད་པ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། འཇིག་རྟེན་ལས་འདས་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པའོ། །འོ་ན་དེ་བཞིན་གཤེགས་པ་རྣམས་ལས་ཉན་ཐོས་དང་སོ་སོའི་སྐྱེ་བོ་རྣམས་ཀྱི་དོན་འགྲུབ་པ་ཅི་ཞིག་མི་སྲིད་པ་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི། རི་རབ་
เล่ม ๙๔ · หน้า 311a
སྣ་ཚོགས་པ་ཉིད་ཀྱིས་ཞེས་བྱ་བ་སྟེ། ཅི་ལྟར་གླིང་བཞི་སོ་སོར་གསེར་དང་ཤེལ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་རི་རབ་རྣམས་དེ་བཞིན་དུ་དོན་དམ་པའི་ཆོས་ཀྱི་སྐུ་ལ་བརྟེན་པའི་སྤྲུལ་པའི་སྐུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་འགྲོ་
བ་མ་ལུས་པའི་དོན་མཛད་པ་ནི་དེ་བཞིན་གཤེགས་པ་རྣམས་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། སེམས་ཅན་རྣམས་ལ་སྨིན་དོན་དུ། །འགའ་ཞིག་ཏུ་ནི་མེ་ལྟར་སྣང་། །ཞེས་བྱ་བ་ལ་སོགས་པའོ། །དོན་ནི་འདི་ཡིན་ཏེ། སྟོང་པ་ཉིད་ལ་བརྟེན་པའི་སངས་རྒྱས་
ཀྱི་ཆོས་རྣམས་སྐྱེ་བ་མ་ཡིན་ཏེ་ནམ་མཁའ་ལ་ས་བོན་རྣམས་བཞིན་དུའོ། །འདུས་བྱས་ལ་བརྟེན་པའི་སངས་རྒྱས་ཀྱི་ཆོས་རྣམས་སྐྱེ་བ་ཡིན་ཞེས་བྱ་བའོ། །སེམས་ཅན་རྣམས་ལ་ལྟོས་པས་སངས་རྒྱས་རྣམས་སངས་རྒྱས་ཀྱི་ཆོས་དོན་དུ་གཉེར་བ་འཁྲུལ་པའི་ངོ་བོ་ཉིད་
ཀྱིས་ཀུན་རྫོབ་ཀྱི་རང་བཞིན་ཡང་ལོངས་སྤྱོད་དང་སྤྲུལ་པའི་སྐུ་དག་ཉེ་བར་འཛིན་པར་མཛད་ཅེས་བྱ་བའོ། །འོ་ན་རང་གི་ངོ་བོས་རློམ་པ་མེད་པའི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་མོད། རྣམ་པ་སྣ་ཚོགས་པའི་ལོངས་སྤྱོད་དང་སྤྲུལ་པ་རྣམས་ཀྱིས་འགྲོ་བའི་
དོན་མཛད་པ་ལ་འབད་པ་མེད་པར་མི་ནུས་པའི་ཕྱིར་ཅེས་ཀྱང་རྣམ་པར་རྟོག་པ་སྲིད་དམ་ཞེ་ན། མ་ཡིན་ཞེས་གསུངས་པ་ནི། ནམ་མཁའ་རྟོག་པ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། ཅི་ལྟར་ནམ་མཁའ་ཅུང་ཟད་རྣམ་པར་རྟོག་པར་མི་བྱེད་དོ། །འོན་ཀྱང་ཐམས་ཅད་ལ་མགོ་
སྦྱིན་པ་ལ་སོགས་པའི་དོན་གྱི་བྱ་བ་བྱེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་སོ། །དེ་ལྟ་ན་ཡང་མདོ་སྡེ་རྒྱན་ལས། འགའ་ཞིག་ཏུ་ནི་ཆོས་ཀྱི་འཁོར་ལོ་བརྒྱ་ཕྲག་མང་པོའི་སྒོ་ནས་དེ་ནི་སྟོན་པར་མཛད། །འགའ་ཞིག་ཏུ་ནི་སྐྱེ་དང་མི་སྣང་འགའ་ཞིག་ཏུ་ཡང་སྐྱེ་
བོའི་སྤྱོད་པ་སྣ་ཚོགས་པ། །འགའ་ཞིག་ཏུ་ནི་བྱང་ཆུབ་མ་ལུས་འགའ་ཞིག་ཏུ་ཡང་མི་མཉམ་མྱ་ངན་འདས་པ་ནི། །རང་གི་གནས་ནས་རྣམ་པར་གཡོ་བ་མེད་ཅིང་དེ་ནི་ཐམས་ཅད་དུ་ཡང་མཛད་པ་སྟེ། །ཞེས་བྱ་བའོ། །རང་གི་གནས་ནས་ཞེས་
เล่ม ๙๔ · หน้า 311b
བྱ་བ་ནི་རྣམ་པར་མི་རྟོག་པའི་དབྱིངས་ལས་སོ། །འོ་ན་གལ་ཏེ་དེ་ལྟ་བུའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུགས་ལ་སོགས་པའི་ཕུང་པོ་དང་ཁམས་རྣམས་ལས་དེ་ཐ་དད་པ་ཉིད་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི། གཟུགས་
མུ་མེད་པ་ཉིད་པས་ཞེས་བྱ་བ་ལ་སོགས་པ་ནས་རྣམ་པར་ཤེས་པའི་ཁམས་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ་ཞེས་བྱ་བའི་བར་དུའོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། །སྟོང་པ་ཉིད་ལས་གཞན་དུ་གཟུགས་མེད་དོ། །གཟུགས་ཉིད་སྟོང་པ་ཉིད་དོ། །
སྟོང་པ་ཉིད་ཀྱང་གཟུགས་སོ། །འོ་ན་ཇི་ལྟར་འདི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་ཡོད་པས་འཁོར་བའི་གནས་སྐབས་ལ་རྩ་བ་མེད་པའི་དྲི་མ་རྣམས་ཀྱིས་དོར་བར་བྱེད་པ་དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཡང་དག་པར་ཤེས་པ་རྣམས་ཀྱི་མཐོང་
བ་ཡང་སླར་བཏང་བར་བྱས་པ་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི་རྡོ་རྗེ་ལྟ་བུའི་ཆོས་མཉམ་པ་ཉིད་པས་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ལྟ་བུའི་ཆོས་ནི་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་རྟོགས་པ་གང་གི་ཕྱིར་སླར་དབྱེ་བར་ནི་མི་ནུས་པ་དང་མཉམ་པའང་ཡིན་ཏེ་དེའི་ངོ་བོར་
མཉམ་པའི་ཕྱིར་རོ། །གནོད་པ་དང་བྲལ་བདེ་བའི་དོན། །རང་བཞིན་གྱིས་ནི་ལོག་རྣམས་ཏེ། །གནོད་པ་མེད་པ་འབད་ལྡན་ཡང་། །བློ་ནི་དེ་ཕྱོགས་བྱེད་པའི་ཕྱིར། །ཞེས་བྱ་བའི་དགོངས་པའོ། །སླར་རྟོགས་པ་དབྱེ་བར་ཅི་ཞིག་མི་ནུས་སམ་སླར་ཡང་སྟོང་པ་
ཉིད་ཀྱི་ངོ་བོ་ལ་སོགས་པའི་རང་བཞིན་ཉིད་དེ་དེ་བས་ན་གཟུགས་ལ་སོགས་པའི་མཐོང་བ་ཉིད་ནི་དེའི་མཐོང་བ་ཞེས་བྱ་བ་སྟེ། དེའི་ཕྱིར་ཅི་ཞིག་མ་འདྲེས་པ་ཉིད་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་མ་འདྲེས་པ་ཉིད་པས་ཞེས་བྱ་བ་ལ་སོགས་པ་
སྟེ། མ་འདྲེས་པ་ཉིད་ནི་མ་འདྲེས་པའི་ངོ་བོའོ། །སྟོང་པ་ཉིད་དང་ལྷན་ཅིག་ཏུ་གཟུགས་ལ་སོགས་པ་རྣམས་དང་གཅིག་པ་ཉིད་དོ། །དེའི་ངོ་བོ་ནི་མ་འདྲེས་པ་ཉིད་དེ་དེས་སྟོང་པ་ཉིད་དུ་སྣ་ཚོགས་པ་ཉིད་མེད་པའོ། །གང་གི་ཕྱིར་གཟུགས་ལ་སོགས་པ་ཉིད་སྟོང་པ་ཉིད་ནི་
เล่ม ๙๔ · หน้า 312a
སྟོང་པ་ཉིད་ཡིན་པ་དེ་བས་ན་འཁོར་བའི་གནས་སྐབས་སུ་གཟུགས་ལ་སོགས་པ་མཐོང་བའི་ཕྱིར་སྟོང་པ་ཉིད་ལ་སོགས་པ་མཐོང་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་བྱ་བའོ། །འདིས་ནི་གཅིག་པ་
ཉིད་ཀྱི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་སེལ་བར་བྱེད་དེ་དེ་ཉིད་ཀྱི་ཕྱིར་བསྡུས་པའི་དོན་ལ་ནི། གཟུགས་ནི་སྟོང་ཉིད་རིགས་མིན་ཏེ། །ཕན་ཚུན་སྤངས་པའི་འགལ་བའི་ཕྱིར། །སྟོང་ཉིད་ཅེས་བྱ་གཟུགས་བྲལ་ཏེ། གཟུགས་ནི་རྣམ་པ་དང་བྲལ་བ། །ཞེས་བྱ་བ་
གཅིག་པའི་རྣམ་པར་རྟོག་པའི་གནོད་པ་ཞེས་བྱ་བའོ། །གལ་ཏེ་སྟོང་པ་ཉིད་ནི་གཟུགས་ལ་སོགས་པ་རྣམས་དང་གཅིག་པའི་ངོ་བོ་མ་ཡིན་ན་འོ་ན་སྟོང་པ་ཉིད་མཐོང་བའི་དུས་ཉིད་ལ་གཟུགས་ལ་སོགས་པ་རྣམས་ལ་ཡང་སྟོང་པ་ཉིད་མཐོང་བ་ཡོད་པར་འགྱུར་རམ་མ་ཡིན་ཞེས་
གསུངས་པ་ནི། ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། སྟོང་པ་ཉིད་ལ་སོགས་པ་རྣམས་ལས་གཏན་དུ་བའི་ཐ་དད་པ་ཉིད་འདི་མ་ཡིན་ནོ། །འོན་ཀྱང་དེ་ཉིད་དོན་དམ་པར་ཡོད་པ་ཐོག་མ་མེད་པའི་མ་རིག་པའི་སྟོབས་ཀྱིས་གཟུགས་ལ་སོགས་པའི་ངོ་བོ་རྣམས་སུ་
སྣང་ངོ་། །གང་གི་ཚེ་མ་རིག་པ་མེད་པས་རང་གི་ངོ་བོས་མཐོང་བ་དེའི་ཚེ་མ་རིག་པ་ལོག་ཀྱང་གཟུགས་ལ་སོགས་པ་མེད་པ་རྣམས་ལ་ཅི་ལྟར་སྣང་བ་ཞེས་བྱ་བའོ། །དེ་ལྟ་ན་ཡང་དོན་བསྡུས་པ་ལས་སྣ་ཚོགས་པ་ཉིད་ཀྱིས་རྟོགས་པ་གསུངས་པ། གཟུགས་ནི་གཞན་དུ་འཛིན་པ་སྟེ། །
རྣམ་པ་གང་གིས་སྟོང་ཉིད་ཀྱི། །གང་ཕྱིར་མེད་ཉིད་སྣང་བ་ནི། །ད་ནི་མ་རིག་པས་སྤྲུལ་པ། །མེད་པ་སྣང་བ་ནུས་ཉིད་ཀྱིས། །དེ་ནི་མ་རིག་པ་ཞེས་བརྗོད། །ཅེས་བྱ་བའོ། །ཐ་དད་པའི་རྣམ་པར་རྟོག་པའི་རྣམ་པར་ཐལ་བར་གཡེང་བ་སྔར་བཀག་ཀྱང་གོ་སྐབས་གཞན་དུ་བཀག་པ་ཡིན་
ཏེ། གང་ཞིག་འདི་ཆོས་ཀྱི་མི་དམིགས་པ་དེ་ཡེ་ཤེས་གང་གིས་ཀྱང་ཅི་ཞིག་རྟོགས་པ་ཡིན་ནམ་འོན་ཏེ་མ་ཡིན་རྟོགས་པ་ཡིན་ན་ཡེ་ཤེས་དེ་དོན་དམ་པར་ཡོད་པ་དང་གཟུང་བ་དང་འཛིན་པའི་ངོ་བོར་ཐལ་བར་འགྱུར་རོ། །མ་རྟོགས་པ་ཡིན་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་
เล่ม ๙๔ · หน้า 312b
འདས་ཀྱང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་རྟོགས་པའི་ཕུན་སུམ་ཚོགས་པས་དེ་ལྟར་ཅི་ལྟར་བརྗོད། ཆོས་ཀྱང་སོ་སོ་རང་གིས་རིག་པར་བྱ་བར་མི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རི་བོང་གི་རྭ་ལྟར་ཤིན་ཏུ་མེད་པར་འགྱུར་བས་མ་ཡིན་ཞེས་གསུངས་པ། ཆོས་
ཐམས་ཅད་རྣམ་པར་འཇིག་པ་མཉམ་པ་ཉིད་པས་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་རྣམ་པར་འཇིག་པ་གང་ཡིན་པ་འདི་ནི་མི་དམིགས་པའོ། །དེའི་མཉམ་པ་ཉིད་ནི་འཛིན་པའི་ཡེ་ཤེས་ལ་ཡང་ངོ་། །དོན་ནི་འདི་ཡིན་ཏེ། གང་གི་ཚེ་ལམ་གྱི་གནས་སྐབས་སུ་ཡེ་ཤེས་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་
ལ་དམིགས་པ་དེའི་ཚེ་བདག་ཉིད་ལ་ཡང་སྟོང་པ་ཉིད་དམིགས་པར་གྱུར་པ་མངོན་དུ་བྱེད་པའི་གནས་སྐབས་སུ་དེ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་ཐོབ་པ་ཡིན་གྱི་གཞན་དུ་ན་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་མངོན་དུ་བྱས་པ་ཞེས་བྱ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མཉམ་པས་མཉམ་པའི་དམིགས་པར་བྱ་བ་
དང་དམིགས་པར་བྱེད་པའི་ངོ་བོས་གནས་པའི་ཡེ་ཤེས་དེ་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །ཞེས་བྱ་བའོ། །འདི་ཡང་འཐད་པ་ཡིན་ཏེ་
དགོངས་པ་དེ་ཉིད་ཇི་སྐད་དུ། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱིས་གསུངས་པ། གང་ཚེ་སྐྱེ་བ་མེད་པ་དེ་ཉིད་བློ་གྲོས་ཀྱང་ནི་སྐྱེ་བ་དང་བྲལ་བ། །དེའི་ཚེ་དེ་ཉིད་འགྲོ་བ་ལྟ་བུ་དེ་ཡི་རྣམ་པ་བསྙེན་པའི་ཕྱིར་ཡང་སྟེ། །ཞེས་བྱ་བའོ། །ཡེ་ཤེས་དེའི་སྟོང་པ་ཉིད་དང་ལྷན་ཅིག་ཏུ་བདག་ཉིད་གཅིག་དང་
མེད་པ་ལ་བྱ་བ་འགའ་ཞིག་ཡོད་དམ་གང་གིས་དེའི་ངོ་བོ་ཐོབ་པ་ཅི་ཞིག་ཤེས་པར་འགྱུར་རམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་བྱེད་པ་མེད་པ་ཉིད་པས་ཞེས་བྱ་བ་སྟེ། འདིར་བྱེད་པ་ནི་བྱ་བ་སྟེ་དེ་མེད་པས་བྱེད་པ་མེད་པའོ། །གལ་ཏེ་བྱ་བ་ཡང་མེད་ན་སྟོང་པ་ཉིད་ནི་དངོས་
པོའི་མཚན་ཉིད་དང་ཡང་དག་པར་འདས་པ་རྫས་སོ་སོ་ཅུང་ཟད་ཡོད་པ་མ་ཡིན་ནོ། །འཛིན་པར་བྱེད་པའི་ཡེ་ཤེས་ཀྱང་དེའི་ངོ་བོ་ཉིད་ཐོབ་པ་སྟེ་འོན་ཀྱང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་འདི་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་ཞེས་བྱ་བ་འདི་མིག་འཕྲུལ་དང་འདྲ་བ་ཉིད་ཅི་ཞིག་རྟོག་གེ་
เล่ม ๙๔ · หน้า 313a
བའི་ཡུལ་གྱི་བྱ་བས་སུན་དབྱུང་བར་བྱ་བ་ཅི་ཞིག་ཡིན་ནམ་མ་ཡིན་ཞེས་གསུངས་པ་ནི། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་པས་ཞེས་བྱ་བ་སྟེ། དེ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། རང་འབྱུང་རྣམས་ཀྱིས་དོན་དམ་ལ། །འདིར་ནི་དད་
པ་ཉིད་ཀྱིས་འགྲོ། །མིག་མེད་འོད་ཀྱིས་འབར་བ་ཡི། །ཉི་མའི་དཀྱིལ་འཁོར་མཐོང་བ་མིན། །སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་
རྣམས་ཀྱི་སྤྱོད་ཡུལ་ཡིན། །རྒྱལ་བ་རྣམས་ཀྱི་ཡུལ་འདི་ལ་ནི་མོས་པའི་བློ། །ཡོན་ཏན་ཚོགས་ཀྱི་སྣོད་དུ་འགྱུར་བ་ཡིན། །བསམ་མེད་ཡོན་ཏན་མངོན་དགའ་ལྡན་པའི་ཕྱིར། །སེམས་ཅན་ཀུན་གྱི་བསོད་ནམས་སྐྱེས་པ་ཟིལ་གྱིས་གནོན། །ཞེས་བྱ་བའོ། །དེ་བས་
ན་འདིར་རྟོག་གེ་འཇུག་པར་བྱ་བ་མ་ཡིན་ནོ། །ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས་ཅི་སྐད་དུ་གསུངས་པ། ཐུབ་དབང་བསྟན་ལས་ཤིན་ཏུ་རིང་བར་ཉམས་པ་དང་། གང་ཞིག་རྟོག་གེའི་ལམ་གྱིས་ཆོས་ཉིད་ལ་བཏུད་པ། །ཞེས་བྱ་བའོ། །སྐྱོན་དང་བྲལ་བའི་ཆོས་ཡོངས་སུ་ཚོལ་བ་ལ་
འཇུག་པའི་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་ཆོས་བསྟན་པས་གང་ཞིག་བྱ་བ་བྱས་པ་དེ་བསྟན་པ་ལ་དོན་ཡོད་པ་ཉིད་ཡང་དག་པར་བསྟན་པའི་དོན་དུ་གསུངས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་འདུག་
བཞིན་དུ་ཞེས་བྱ་བ་ནི་ཐོས་པ་བྱེད་པའི་སྟན་ལས་མ་ལངས་པའོ། །དེའི་ཚེ་ཞེས་བྱ་བ་ལ་སོགས་པ་སྟེ། རིམ་པ་གང་དང་རྣམ་པ་གང་རྣམས་གང་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་རིམ་པ་དེ་ཉིད་དང་རྣམ་པ་གང་རྣམས་དེ་ཉིད་ཀྱིས་ཏིང་ངེ་འཛིན་རྣམས་སྐྱེས་པ་ཞེས་བྱ་བ་ནི་
བསྡུས་པའི་དོན་ཏོ། །ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོགས་པ་ཉིད་དམིགས་པ་སྟེ་དེ་ལ་དམིགས་པ་ཡིན་པའི་ཕྱིར་ཏིང་ངེ་འཛིན་རྣམས་དེ་ལྟར་བརྗོད་པའོ། །དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ནི་སུམ་ཅུ་ལ་སོགས་པའོ། །འདི་རྣམས་ལ་སོགས་པ་ཉིད་ཀྱང་འདི་རྣམས་ཉིད་ཀྱིས་དེ་རྣམས་འཕངས་པའི་ཕྱིར་
เล่ม ๙๔ · หน้า 313b
རོ། །ཆོས་འཕགས་ཀྱིས་མཚོན་པར་བྱས་པའི་ལེའུ་ནི་དེའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།ཏིང་ངེ་འཛིན་ཐོབ་པའི་ཕན་ཡོན་གསུངས་པ་ནི། ཐོབ་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷན་ཅིག་ཅེས་བྱ་བའི་སྒྲ་ནི་དུས་མཉམ་པའི་དོན་ལའོ། །གང་གི་ཚེ་ཉིད་དུ་ཏིང་ངེ་
འཛིན་རྣམས་ཐོབ་པ་དེ་ཉིད་ཀྱི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཐོབ་པ་ཞེས་བྱ་བ་ནི་བདུན་པའི་དོན་ལ་དྲུག་པ་སྟེ། དེས་ན་ཐོབ་པ་ཡོད་པ་རྣམས་ལའོ། །ཚུལ་འདི་ལྟ་བུ་ཉིད་ཅེས་བྱ་བ་ནི་ལེན་པར་བྱེད་པའི་དོན་འདི་རྣམས་དོན་སྟོན་པར་བྱེད་པས་
ན་ཚུལ་ཏེ་ཚིག་གི་ཚོགས་སོ། །མིང་འདི་ཉིད་ཅེས་བྱ་བ་ནི་མིང་གི་ཚོགས་རྣམས་ཀྱིས་སོ། །ཡི་གེ་འདི་ཉིད་ཅེས་བྱ་བ་ནི་ཡི་གེའི་ཚོགས་རྣམས་ཀྱིས་སོ། །བསམ་གྱིས་མི་ཁྱབ་པ་དང་ཞེས་བྱ་བ་ནི་གནས་གཅིག་ལ་གནས་པ་ཉིད་ཀྱིས་ཆོས་ཀྱི་རྒྱུན་ལ་ཏིང་ངེ་འཛིན་ཐོབ་པའི་ཕྱིར་དང་སྣ་ཚོགས་པའི་
འཇིག་རྟེན་གྱི་ཁམས་ན་གནས་པའི་སངས་རྒྱས་ལས་གདམས་ངག་ཐོབ་པའི་ཕྱིར་དེ་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པའོ། །ཅི་སྐད་དུ་གསུངས་པ། སངས་རྒྱས་རྣམས་ལས་ཆོས་རྒྱུན་གྱི། །དེ་ཚེ་གདམས་ངག་ཐོབ་པར་འགྱུར། །རྒྱ་ཆེ་ཞིང་གནས་ཡེ་ཤེས་ཀྱི། །རྒྱ་
ཆེ་བ་ཉིད་འགྲོ་བའི་ཕྱིར། །ཞེས་བྱ་བའོ། །ཐོས་པ་རྒྱ་མཚོ་ཞེས་བྱ་བ་འདིས་ནི་ཐོས་པ་ཆུད་མི་ཟ་བ་སྟེ་དྲན་པ་དང་ལྡན་པའི་ཕྱིར་གསུངས་སོ། །སྐྱེ་བ་ཐམས་ཅད་དུ་ཡང་ནམ་ཡང་སངས་རྒྱས་དང་བྲལ་བར་མ་གྱུར་ཏོ་ཞེས་བྱ་བའི་མདོར་བསྟན་པའོ། །འདིའི་བཤད་པ་ནི་སྐྱེ་བ་ཐམས་ཅད་དུ་ཞེས་
བྱ་བ་ལ་སོགས་པ་ནས་ཐ་ན་རྨི་ལམ་ན་ཡང་ཞེས་བྱ་བའི་བར་དུའོ། །ད་ནི་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བོས་ནས་ཡོངས་སུ་གཏད་པ་ལ་གོ་སྐབས་བྱེད་པ་ཞེས་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་རབ་འབྱོར་ཡོངས་སུ་དོར་ནས་ཀུན་དགའ་བོ་ལས་བརྩམས་ཏེ་
ཡོངས་སུ་གཏད་པ་ཅིའི་ཕྱིར་གོ་སྐབས་སུ་མཛད་ཅེ་ན། ཡོངས་སུ་མྱ་ངན་ལས་འདའ་བ་ལས་ཕ་རོལ་དུ་འདི་ཉེ་བར་དགོས་པའི་ཕྱིར་རོ། །ཅི་སྐད་དུ་འཆད་པར་འགྱུར་བ་ལས་ང་འདས་ནས་འདི་ལ་ཡང་བྱོས་ཤིག་ཅེས་བྱ་བའོ། །གནས་བརྟན་རབ་འབྱོར་ནི་སྔར་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་
เล่ม ๙๔ · หน้า 314a
བའི་ཕྱིར་རོ། །འོ་ན་གནས་བརྟན་ཀུན་དགའ་བོ་ལས་བརྩམས་ནས་སྔར་ཡོངས་སུ་གཏད་པ་མཛད་པ་ཉིད་དོ་ཞེ་ན། བདེན་ཏེ་འོན་ཀྱང་དེ་ནི་ཞར་ལས་བྱུང་བའོ། །གང་གི་ཕྱིར་དེར་གནས་བརྟན་ཀུན་དགའ་བོས་འཛུམ་པ་མཛད་པའི་དགོས་པ་ཞུས་པ་དེ་བས་ན་སྐབས་དེས་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཉེ་བར་བསྟན་ཏོ། །དེ་བས་ན་ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་ཕྱིར་ཡོངས་སུ་གཏད་པའོ། །ད་ལྟར་ནི་བསྟན་པ་རྫོགས་པ་ལ་ཡོངས་སུ་གཏད་པ་ཉིད་སྐབས་ཐོབ་པའོ། །ཀུན་དགའ་བོ་དེ་བས་ན་རྣམ་གྲངས་
འདིས་ཀྱང་ཞེས་བྱ་བ་སྟེ། འཕགས་པ་ཆོས་འཕགས་ཀྱིས་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་ལས་རྟག་ཏུ་ངུ་ཉིད་བླ་ན་མེད་པའི་ཆོས་རྙེད་པའི་གཏམ་གྱིས་ཀྱང་ངོ་། །འདིས་ནི་ཆོས་ཐམས་ཅད་ཀྱི་སྟོད་པ་ཉིད་རྟོགས་པའི་ངོ་བོ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་རྡོ་རྗེ་ལྟ་
བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་དངོས་པོ་དང་དངོས་པོ་མེད་པ་གཉིས་ལས་འདས་པ་ཤེས་པ་དང་ཤེས་བྱ་བའི་ངོ་བོ་ཉིད་མ་ཡིན་པ་ཡོད་མེད་གཉིས་ལས་འདས་པ་རྟག་ཆད་དང་བྲལ་བ་སྟོང་པ་གཟུགས་མེད་པ་བསྟན་དུ་མེད་པ་གནས་པ་མེད་པ་སྣང་བ་དང་བྲལ་བ་རྣམ་པར་རིག་བྱེད་མ་ཡིན་པ་དང་
གནས་མེད་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཡང་དེའི་རྗེས་ལ་ཐོབ་པ་རྟོག་པ་དང་བཅས་པ་དང་རྟོག་པ་དང་བྲལ་བ་རྣམས་ཀྱང་མེ་ལོང་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་སྒྲུབ་པའི་ཡེ་ཤེས་དེ་རྣམས་ཀྱང་དེའི་རྒྱུ་ཡིན་པའི་ཕྱིར་འབྲས་བུ་ལ་རྒྱུ་བཏགས་པས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཉིད་ཐོབ་པ་ཡིན་ནོ། །གང་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པས་སྤྱོད་པ་ཞེས་བྱ་བ་སོ་སོའི་སྐྱེ་བོའི་ས་ལ་བརྟེན་ནས་རབ་ཏུ་དགའ་བ་དང་དྲི་མ་མེད་པ་དང་འོད་བྱེད་པ་དང་འོད་འཕྲོ་བ་དང་སྦྱང་དཀའ་བ་དང་མངོན་དུ་གྱུར་པ་དང་རིང་དུ་སོང་བ་དང་། མི་གཡོ་བ་དང་
ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་ཞེས་བྱ་བ་མཐོང་བ་དང་བསྒོམ་པའི་ལམ་གྱི་རང་བཞིན་ས་བཅུ་རྣམས་ལ་ཐོས་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པའི་རིམ་པས་མངོན་པར་འཕེལ་བ་ཆོས་ཀྱི་དབྱིངས་ལ་དྲི་མ་མེད་པར་བྱེད་པའི་ཐབས་ལམ་གྱིས་བསྡུས་པ་ཀུན་དུ་འགྲོ་བའི་དོན་དང་།
เล่ม ๙๔ · หน้า 314b
མཆོག་གི་དོན་དང་། རྒྱུ་མཐུན་པ་དང་། ཡོངས་སུ་འཛིན་པ་མེད་པའི་དོན་དང་། རྒྱུད་ཐ་མི་དད་པའི་དོན་དང་། ཀུན་ནས་ཉོན་མོངས་པ་རྣམ་པར་དག་པའི་དོན་དང་། སྣ་ཚོགས་པ་མ་ཡིན་པ་ཉིད་ཀྱི་དོན་དང་། འགྲིབ་པ་དང་། འཕེལ་བ་མེད་པའི་དོན་དང་། ཡེ་ཤེས་ལ་
དབང་བའི་དོན་དང་། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ལ་དབང་བའི་དོན་གྱིས་དེ་བཞིན་ཉིད་ཀྱི་ཁྱད་པར་མངོན་སུམ་དུ་བྱ་བས་ས་དང་ས་ལ་གནས་པ་དག་པ་ཆེ་ཞིང་ཆེ་བ་ཐོབ་པས་རྟོགས་པའི་ཁྱད་པར་ཐོབ་པར་བྱེད་པ་གང་ཡིན་པ་དེ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་རྒྱུ་ཡིན་
པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཉིད་ཐོབ་པ་ཡིན་ནོ། །གང་ཡང་རྟོགས་པ་འདི་རྒྱུ་མཐུན་པར་གྱུར་པ་ཆོས་ཀྱི་བསྟན་པ་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེ་ལྟར་ན་དེའི་མཚན་ཉིད་དང་དེ་དང་རྗེས་སུ་མཐུན་པ་དང་དེའི་རྒྱུ་མཐུན་པ་ལས་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པའི་དོན་ཤེས་པར་བྱའོ། །ཅི་སྐད་དུ་གསུངས་པ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡིས། །གཞུང་ལམ་དག་པ་དེ་ནི་སྒྲ། །ཞེས་བྱ་བའོ། །དེ་ལྟ་བས་ན་འདི་ནི་དེའི་རྗེས་སུ་བསྟན་པའོ་ཞེས་བྱ་བ་དང་འབྲེལ་
ཏོ། །འདི་ལ་དཔྱད་པར་བྱའོ་ཞེས་བྱ་བ་ནི་ཐོས་པ་དང་བསམ་པ་ལ་སོགས་པར་བྱའོ་ཞེས་བྱ་བའོ། །དེ་ལྟར་སྤྱིར་ཆོས་སྤྱོད་བསྟན་ནས་ཁྱད་པར་དུ་གསུངས་པ་ནི། མཉན་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་སྟེ། མཉན་པར་བྱ་ཞེས་བྱ་བ་ནི་གཞུང་དང་དོན་ལས་སོ། །དེ་ལ་ཡི་གེ་ལ་སྒྲུབ་པ་རྣམ་པ་
གསུམ་གསུངས་པ་ནི་གཟུང་བར་བྱ་ཞེས་བྱ་བ་ལ་སོགས་པ་སྟེ་གཟུང་བ་ནི་སྙིང་ལ་གནས་པར་བྱེད་པའོ། །བཅང་བར་བྱ་ཞེས་བྱ་བ་ནི་མི་བརྗེད་པར་བྱ་བའོ། །བཀླག་པར་བྱ་ཞེས་བྱ་བ་སྟེ། འདིས་ནི་གཟུང་བ་དང་འཆང་བ་དག་གི་རྒྱུ་ཀློག་པ་གསུངས་སོ། །དོན་ལ་བསྒྲུབ་པ་གསུངས་པ་ནི། །ཀུན་
ཆུབ་པར་བྱ་ཞེས་བྱ་བ་སྟེ། གཞན་ལས་དོན་འཛིན་པའི་ཕྱིར་དང་གཞན་ལས་ནང་གི་བདག་ཉིད་དུ་རང་ཉིད་ཀྱིས་བསམས་པའི་ཀུན་ཆུབ་པར་བྱ་བའོ། །འདི་ནི་རང་གི་དོན་གྱི་སྒྲུབ་པའོ། །གཞན་གྱི་དོན་གྱིས་གསུངས་པ་ནི། རབ་ཏུ་གདོན་པར་བྱ་ཞེས་བྱ་བ་སྟེ། གཞན་རྣམས་ཀྱི་ཕྱིར་རྒྱས་པར་
เล่ม ๙๔ · หน้า 315a
ཡང་དག་པར་གསལ་བའི་ཕྱིར་རོ། །བསྟན་པར་བྱ་ཞེས་བྱ་བ་ནི་ལེགས་པར་གཟུང་བའི་ཡི་གེའི་དོན་ལས་སོ། །ཉེ་བར་བསྟན་པར་བྱ་ཞེས་བྱ་བ་ནི་དོན་ལས་བསམ་པའི་རང་བཞིན་ཤེས་རབ་བསྐྱེད་པས་སོ། །ལུང་དབོག་པར་བྱ་ཞེས་བྱ་བ་ནི་ཀློག་བསླབས་པས་སོ། །ཁ་
ཏོན་དུ་བྱ་ཞེས་བྱ་བ་ནི་ལེགས་པར་གཟུང་བའི་ཡི་གེའི་དོན་ཡང་ལེགས་པར་གཟུང་བར་འགྱུར་ཞེས་བྱ་བ་གཞུང་དང་དོན་ལས་ཆེར་གོམས་པར་བྱེད་པའི་དོན་དུ་སྲོད་དང་པོ་ལ་སོགས་པ་ལ་རྒྱས་པར་ཁ་ཏོན་དུ་བྱ་བའོ། །འདི་ཐམས་ཅད་བྲི་བ་ནི་རྒྱུ་ཡིན་ཞེས་གསུངས་པ་ནི། བྲི་བར་བྱ་ཞེས་བྱ་
བ་སྟེ། འགེག་པར་བྱེད་པའི་བདུད་ལ་སོགས་པ་རྣམས་ཡོད་པ་ལ་ཅི་ལྟར་ཡང་འདི་གྲུབ་ཅེས་བྱ་བ་གསུངས་པ་ནི། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་སྟེ། ལེགས་པར་བྲིས་ཏེ་བཀུར་སྟིར་བྱ་ཞེས་བྱ་བ་ནི་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་ཀྱིས་
སོ། །བླ་མར་བྱ་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་སྒྲུབ་པས་སོ། །རྗེད་པར་བྱ་ཞེས་བྱ་བ་ནི་བསྟོད་པ་དང་ཕྱག་འཚལ་བ་ལ་སོགས་པ་རྣམས་ཀྱིས་སོ། །མཆོད་པར་བྱ་ཞེས་བྱ་བ་ནི་མེ་ཏོག་དང་། སྤོས་དང་། དྲི་དང་། མར་མེ་དང་། ལྷ་བཤོས་དབུལ་བས་སོ། །རི་མོར་བྱ་བ་ནི་གྱ་ནོམ་པ་
དང་མང་པོའི་མེ་ཏོག་ལ་སོགས་པ་དབུལ་བས་སོ། །བསྙེན་བཀུར་བྱ་བ་ནི་ཕ་རོལ་པོ་རྣམས་ལས་ཀྱང་ཐམས་ཅད་དུ་བྱེད་དུ་འཇུག་པའི་ཕྱིར་རོ། །དངོས་པོ་གང་རྣམས་ཀྱིས་ཀྱང་བཀུར་སྟིར་བྱེད་པ་ལ་སོགས་པ་ཞེས་ཉེ་བར་མཚོན་པའི་དོན་དུ་འགའ་ཞིག་བསྟན་པར་བྱེད་པ་ནི། མེ་ཏོག་དང་
བདུག་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་ངའི་རྗེས་སུ་བསྟན་པ་ཞེས་བྱ་བ་ལ་སོགས་པས་ནི་ཉན་པ་ལ་སོགས་པ་ལ་ངེས་པར་སྦྱར་བའོ། །ཡང་ཅིའི་ཕྱིར་འདི་བྱ་ཞེས་བྱ་བ་ལ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་ནས་གསུངས་པ་ནི། འདི་ལས་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་
འདི་ལྟར་དོན་ཆེ་བ་འདི་ཞེས་ཡོངས་སུ་གཏད་པ་ལ་གོ་སྐབས་སུ་བྱས་ནས་ཡོངས་སུ་གཏད་པ་གསུངས་པ་ནི། འདི་ཅི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་སྟེ། རིམ་གྲོ་བྱས་ཏེ་ཞེས་བྱ་བ་ནི་བསམ་པ་ཕུན་སུམ་ཚོགས་པས་བསྙེན་བཀུར་ཐམས་ཅད་ཀྱིས་ཡང་དག་པར་མགུ་བར་
เล่ม ๙๔ · หน้า 315b
བྱེད་པའོ། །དེའི་ཕྱིར་གསུངས་པ་ནི། བྱམས་པ་ཞེས་བྱ་བ་སྟེ། སྐུ་འདི་ལ་ཞེས་བྱ་བ་ནི་བདག་གི་ལུས་ལའོ། །དེ་ལྟར་འདི་ཞེས་བྱ་བ་ནི་དགའ་བ་ལ་སོགས་པའོ། །ཡོངས་སུ་གཏད་དོ་ཞེས་བྱ་བ་ནི་ཡང་དག་པར་གཞག་པའོ། །རྗེས་སུ་ཡོངས་སུ་གཏད་པ་ཞེས་བྱ་བ་ནི་རྗེས་སུ་
འབྲེལ་ནས་ཡང་དག་པར་གཏད་པའོ། །ཡོངས་སུ་གཏད་པ་འདི་ཅིའི་དོན་དུ་ཞེས་གསུངས་པ་ནི། །འདི་ནུབ་པར་མི་འགྱུར་ཞིང་ཅི་ནས་ཞེས་བྱ་བ་སྟེ། ཅི་ལྟར་འདི་ནུབ་པར་མི་འགྱུར་བ་དེ་ལྟར་བྱ་ཞེས་བྱ་བའི་དོན་ཏོ། །སྐྱེས་བུ་ཐ་མར་མི་འགྱུར་ཞེས་བྱ་བ་ནི་བྱས་པ་མི་ཤེས་པ་ཉིད་ལ་
སོགས་པས་བག་མེད་པའི་ངང་ཚུལ་ཅན་ནོ། །གང་གི་ཕྱིར་ཡང་འདི་ལྟར་འདི་ལ་གུས་པའི་ཁྱད་པར་ཞེས་གསུངས་པ་ནི། ཅི་སྲིད་དུ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་སངས་རྒྱས་རྣམས་ལས་ཕྱིན་ཅི་མ་ལོག་པའི་ཆོས་རྟོགས་པ་ཐོབ་པ་ཡིན་ཏེ་དེ་བཞིན་གཤེགས་པ་
གནས་པར་གྱུར་པ་ན་ཡང་དེ་བསྟན་པའི་སྒོ་ཉིད་དོ། །དེ་བས་ན་ཇི་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་ཡོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པ་དོན་ལ་གནས་པ་ཁོ་ན་སྟེ་བསྟན་པ་ཉིད་ཀྱིས་དེའི་མཛད་པ་བྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་གནས་པ་ལ་དེ་བཞིན་གཤེགས་
པ་མཐོང་བ་དང་སྔ་ན་མེད་པའི་ཆོས་ཉན་པ་དང་དགེ་འདུན་ཉེ་བར་གནས་པའི་ཁྱད་པར་ཡོད་དེ་དེ་བས་ན་ཅི་ལྟར་ཁྱད་པར་མེད་ཅེ་ན། གསུངས་པ་ནི། དེ་དག་ནི་མ་བྲལ་བར་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཀྱི་སྐུ་མཐོང་བ་དེ་ནི་དེ་བཞིན་གཤེགས་པ་མཐོང་བའི་གཙོ་བོ་སྟེ། དེ་ཡང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་པ་ཞེས་བྱ་བའི་དགོངས་པའོ། །དེའི་ཕྱིར་གསུངས་པ། གང་གིས་ང་ནི་གཟུགས་སུ་མཐོང་། །གང་ཞིག་ང་ལ་སྒྲར་ཤེས་ཤིང་། །ལོག་པ་སྤངས་པས་རབ་འགྲོ་བ། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །སངས་རྒྱས་ཆོས་ལ་བལྟ་བྱ་སྟེ། །
དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །ཞེས་བྱ་བའོ། །དམ་པའི་ཆོས་ཉན་པ་དང་མི་འབྲལ་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གང་གི་ཕྱིར་ཆོས་གཞན་ཡོད་པ་མ་ཡིན་ཏེ་གང་ཞིག་དེ་བཞིན་གཤེགས་པས་བསྟན་པར་བྱ་བའོ། །དགེ་འདུན་ལ་རིམ་
เล่ม ๙๔ · หน้า 316a
གྲོ་བྱེད་པ་དང་མ་བྲལ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཐོབ་པ་ལ་གྲོགས་དང་འདྲ་བ་ནི་དགེ་འདུན་ཏེ། དེ་ལ་རིམ་གྲོ་བྱེད་པ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པ་ཉིད་དོ། །དེ་སྒྲུབ་པར་བྱེད་ཅིང་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཉིད་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་དང་འཛིན་པ་ལ་སོགས་པ་བྱེད་པར་གྱུར་པ་དེ་བཞིན་གཤེགས་པའི་དྲུང་ན་སྤྱོད་པ་ཁོ་ན་སྟེ། དེ་བཞིན་གཤེགས་པའི་དྲུང་ན་གནས་པའི་བྱ་བ་སངས་རྒྱས་མཐོང་བ་ལ་སོགས་པ་ལ་དོན་ལས་ཡོད་
པའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་དངོས་སུ་གསན་ནས་བཅོམ་ལྡན་འདས་ཀྱི་དཔལ་གྱི་ཞལ་དེ་ཉིད་ལས་འབྱུང་བའི་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་ཀྱིས་བཅོམ་ལྡན་འདས་མ་
བསྟན་པ་བསྡུས་ནས་རྫོགས་པ་གསལ་བར་མཛད་ཅིང་གསུངས་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་སྐད་ཅེས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའོ། །བཀའ་སྩལ་པ་ཞེས་བྱ་བ་ནི་གསུངས་པའོ། །བཅོམ་
ལྡན་འདས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུའོ། །དེ་ལྟ་ན་ཡང་གཞུང་འགྲེལ་ལས་དེ་བཞིན་གཤེགས་པ་སྤྲུལ་པའི་སྐུ་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་རྒྱལ་
པོའི་ཁབ་ན་བཞུགས་ཏེ། དེ་བཞིན་གཤེགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་ཏེ་བཞུགས་སོ། །འཁོར་གཅིག་ཉིད་ལས་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་རྫོགས་པའི་སྐུ་ལས་ཆོས་
བསྟན་པ་འབྱུང་བ་ཤེས་ཏེ། དེ་རྣམས་ལས་གཞན་པ་ནི་སྤྲུལ་པའི་སྐུ་ལས་སོ། །གང་ཞིག་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མང་བ་བཅོམ་ལྡན་འདས་ཀྱི་བསྟན་པ་རྣམ་པར་གྲོལ་བ་རྣམས་ཤེས་པ་དེ་རྣམས་སྐུ་གཉིས་པོ་ལས་ཀྱང་ཤེས་པ་ཡིན་ནོ། །སློབ་
เล่ม ๙๔ · หน้า 316b
དཔོན་རྣམས་ཀྱིས་འདི་སྐད་དུ་བརྗོད་པ་ཡིན་ཏེ། ས་རྣམས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་བཅོམ་ལྡན་འདས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་མཆོག་ཏུ་དགའ་བ་དང་མགུ་བ་བསྙེན་པ་རྣམས་བསྟེན་པ་ཡིན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་ཉིད་
ལས་ཆོས་སྟོན་པ་ཐོས་ནས་དེ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་གྲུབ་པ་ཡིན་ཏེ་སྤྲུལ་པའི་སྐུ་ལས་ནི་མ་ཡིན་ནོ། །དེ་བས་ན་དེ་རྣམས་སྤྲུལ་པའི་སྐུ་ལ་ཆོས་བསྟན་པ་དང་ཉན་པའི་དོན་དུ་ཉེ་བར་མི་འགྲོའོ། །གཞན་དག་ནི་དེ་རྣམས་ཀྱི་འཁོར་
དང་ལོངས་སྤྱོད་རྫོགས་པའི་སྐུ་མཐོང་བའི་སྐལ་བ་དང་མི་ལྡན་པའི་སྤྲུལ་པའི་སྐུ་ཉིད་མཐོང་བ་ཡིན་ནོ། །དེ་བས་ན་ཐེག་པ་ཆེན་པོ་བསྟན་པ་ཐམས་ཅད་ལ་སྐུ་གཉིས་ཀྱིས་བསྟན་པ་ཞེས་དེ་བས་ན་ཡང་གཞུང་འགྲེལ་ལས་འཕགས་པ་ཕྱག་ན་རྡོ་རྗེ་སྡུད་པ་པོ་
ཞེས་ལེགས་པར་བརྗོད་པ་ཡིན་ནོ། །ཉན་ཐོས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་བསྟན་པ་མི་ཤེས་ཤིང་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ཅི་ཞིག་མཇུག་བསྡུ་བ་ཡིན། དེ་བཞིན་དུ་གཞན་ལ་ཡང་གཞུང་འགྲེལ་ལས་ལོག་པའི་
གཞན་རྣམས་ཀྱི་བཤད་པ་གཟུང་བྱ་མ་ཡིན་པ་ཉིད་དོ། །གང་གི་ཕྱིར་སློབ་དཔོན་དབྱིག་གཉེན་མདོ་སྡེ་ལྔ་བརྒྱ་བཤད་པའི་ཕྱིར་འཕགས་པ་མགོན་པོ་བྱམས་པས་བཀའ་སྩལ་པ་དེ་བས་ན། ཅི་ལྟར་ཕྱིན་ཅི་ལོག་ཏུ་བཤད་པ་མཛད། བླ་མའི་མན་ངག་ལས་
གཞུང་འགྲེལ་གནོད་འཇོམས་གསལ་པོར་བྱ་བར་འདོད། ཅེས་བྱ་བ་བཤད་པའི་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཉིད་ཀྱི་མན་ངག་ལ་སྐྱབས་སུ་བྱེད་དོ། །དེའི་ཞབས་ཀྱང་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བརྙེས་པ་དངོས་སུ་འཕགས་པ་མགོན་པོ་བྱམས་
པ་ལས་ཐེག་པ་ཆེན་པོ་དང་མགོན་པོས་མཛད་པའི་དབུས་དང་མཐའ་རྣམ་པར་འབྱེད་པ་ལ་སོགས་པའི་བསྟན་བཅོས་རྣམས་གསན་པར་མཛད་ཅེས་བྱ་བ་ཤིན་ཏུ་ཡང་གྲགས་པ་ཉིད་དོ། །འཕགས་པ་ཐོགས་མེད་ཀྱི་མོས་པའི་དབང་གིས་མགོན་པོའི་བསྟན་
เล่ม ๙๔ · หน้า 317a
པ་དེ་དྲང་བའི་དོན་ཞེས་བྱ་བ་བརྗོད་པར་ནུས་པ་མ་ཡིན་ནོ། །མདོ་ཡི་དེ་ཉིད་དོན་བསྡུས་པ། །བསྟན་པ་རིང་དུ་གནས་པའི་ཕྱིར། །མདོ་ཡི་ངེས་དོན་དྲང་དོན་གྱི། །རྣམ་འབྱེད་དེས་ནི་བྱེད་པར་འགྱུར། །ཞེས་བྱ་བ་འཇམ་དཔལ་
གྱི་རྒྱུད་ལས་འཕགས་པ་ཐོགས་མེད་ཀྱི་ཞབས་ལུང་བསྟན་པ་ཐོབ་པའི་ཕྱིར་རོ། །དེ་བས་ན་མགོན་པོ་བྱམས་པས་ངེས་པའི་དོན་ཉིད་དུ་དེ་རྣམས་ལ་བསྟན་པ་མཛད་པ་དང་དེའི་ཞལ་སྔ་ནས་ཀྱིས་ཀྱང་བསྟན་བཅོས་རྣམས་ལ་ངེས་པར་འགྲེལ་པ་ཞེས་བྱ་བར་
རྟོགས་པར་བྱའོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་བཞེད་པ་ལས་དེ་ནི་འགལ་བ་མ་ཡིན་ཏེ་གང་གི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་བསྟན་བཅོས་རྣམས་ལ་གང་ཞིག་རྣམ་པར་ཤེས་པ་ལ་ཀུན་རྫོབ་ཏུ་ཡོད་པ་ཉིད་བཤད་པ་དེ་ཉིད་དབུས་དང་མཐའ་
རྣམ་པར་འབྱེད་པ་ལ་སོགས་པའི་བསྟན་བཅོས་རྣམས་ལ་ཡང་དགོངས་པ་གཞན་གྱི་དོན་དམ་པ་ཞེས་བྱ་བའོ། །ཡོངས་སུ་འགྱུར་བ་མེད་པ་ཉིད་དེ་རྣམས་ཀྱི་དེ་དང་དེར་བཤད་པ་ལ་ཉེ་བར་དམིགས་ནས་སྔར་ཉིད་དུ་བསྟན་ཏོ། །གཞུང་འགྲེལ་ལས་ཀྱང་རང་གི་
བཤད་པའོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཚིག་ལེའུར་བྱས་པ་དེ་དང་དེར་དངོས་སུ་བྲིས་ནས་ཚད་མར་བྱེད་པ་དེ་བས་ན་འཕགས་པའི་བཞེད་པ་དང་འགལ་བར་སྨྲ་བར་ནུས་པ་མ་ཡིན་ནོ། །གང་ཡང་འཕགས་པས་གསུངས་པ། ལྟ་བའི་ཕོལ་
སྐྱེས་པ་ཞེས་བྱ་བ་དེ་ཡང་དབུ་མ་པའི་དགོངས་པ་མ་ཡིན་ཏེ། སློབ་དཔོན་ནི་དབུས་སུ་དབུ་མ་པ་རང་གི་གཞུང་རྣམས་ཉིད་ཀྱིས་བསྟན་པའོ། །རྣམ་པར་རིག་པ་ཙམ་ལ་མ་ཞེན་པར་བཅོམ་ལྡན་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྒྱ་མཚོ་འཛིན་པར་
མི་ནུས་པ་དེ་བས་ན་ཅི་ལྟར་བཅོམ་ལྡན་འདས་ཀྱིས་སེམས་ཙམ་ཉིད་སྟོན་པ་དེ་བཞིན་དུ་འཕགས་པ་རྣམས་ཀྱི་འགའ་ཞིག་ཏུའོ། །དེ་བསྟན་པ་ཡང་རྣམ་པར་ཤེས་པར་སྨྲ་བ་ཉིད་ནི་དྲང་བའི་དོན་ཁོ་ནའོ། །རྣམ་པར་ཤེས་པ་དོན་དམ་དུ་ཡོད་པ་ཞེས་གང་དུ་ཡང་མ་གྲགས་
เล่ม ๙๔ · หน้า 317b
པའི་ཕྱིར་རོ། །དེ་ཡི་དེ་ཉིད་དོན་དམ་ཡང་། །དེ་བཞིན་ཉིད་ནི་རྫས་སུ་འདོད། །དེ་ནི་བདེན་པ་མི་བསླུ་བ། །དེ་རྟོགས་པ་ལས་སངས་རྒྱས་བརྗོད། །ཅེས་བྱ་བ་ལ་སོགས་པས་དོན་དམ་པར་ཡོད་པའི་སྟོང་པ་ཉིད་སྟོན་པར་མཛད་པ་དང་། མེད་ཅེས་བྱ་བ་ཆད་ལྟའོ། །
ཞེས་བྱ་བ་ལ་སོགས་པ་ཡང་བརྗོད་པར་མཛད་པའི་འཕགས་པ་ཉིད་ཀྱིས་སུན་ཕྱུང་བའོ། །དེའི་སླད་དུ་སློབ་དཔོན་གྱིས་ཀྱང་ལྟ་བའི་ཕོལ་སྐྱེས་པ་ཞེས་བརྗོད་དོ། །དེས་ན་ནང་གི་ཤེས་བྱ་ལ་བརྟེན་ནས། །དབྱིག་གཉེན་གྱིས་ནི་རྣམ་པར་བཀྲོལ། །ཞེས་བྱ་བ་སུན་ཕྱུང་བའོ། །
རྟོག་གེ་བ་རྣམས་ནི་འཕགས་པ་རྣམས་ཀྱི་གཞུང་དང་དོན་དག་ལས་ཡོངས་སུ་བསྒྱུར་བར་བྱས་ནས་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་གནས་པའི་གཞུང་རྣམས་ཁ་ཅིག་རྣམ་པར་ཤེས་པའི་ཚུལ་ཉིད་ཀྱིས་བཤད་པའོ། །གང་གི་རྩ་བ་ཅན་འདི་བརྫུན་པ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་རྣམ་
པར་ཤེས་པར་སྨྲ་བ་ཞེས་བྱ་བ་འཇིག་རྟེན་པས་བརྗོད་པའོ། །རྟོག་གེ་བ་དེ་རྣམས་ཉིད་ཀྱི་འདོད་པ་རྣམས་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱིས་དབུ་མ་ལ་འཇུག་པ་ལས་སུན་ཕྱུང་བ་སྟེ། དོན་དམ་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་སུན་འབྱིན་པ་ལ་ཡིན་ཏེ། དེ་
དངོས་སུ་རང་ཉིད་ཀྱིས་ཀྱང་མངོན་པར་འདོད་པའི་ཕྱིར་རོ། །གཞན་དུ་ན་འཕགས་པ་རྣམས་ཀྱང་དྲང་དོན་སྟོན་པར་མཛད་པས་འདོད་པ་ཐ་དད་པ་ཞེས་བྱ་བ་དེ་བས་ན་བསྟན་པ་ཉིད་ལ་མ་འབྲེལ་བ་ཆེན་པོར་འགྱུར་རོ། །དེ་རྣམས་ལ་དགོངས་ནས་འདི་གསུངས་ཏེ། གནས་བརྟན་
ཆོས་སྐྱོང་ལ་སོགས་པ་རྣམས་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་དེ་རྣམས་ཀྱིས་ཀྱང་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་འདོར་བ་མ་ཡིན་ཞེས་བྱ་བའོ། །དགྱེས་ཤིང་ཞེས་བྱ་བ་ནི་ཡིད་གཟུང་བའོ། །གདུལ་བྱ་རྣམས་ཀྱི་བསྟན་པའི་དོན་འཛིན་པའི་ཕྱིར་རོ། །འདིས་ནི་དེ་བཞིན་
གཤེགས་པའི་བསྟན་པ་ལ་དོན་ཡོད་པ་ཉིད་དུ་བསྟན་པར་མཛད་དོ། །ཉན་པ་པོ་རྣམས་ཀྱིས་ཅི་ཞིག་བྱས་ཞེས་གསུངས་པ་ནི། མངོན་པར་བསྟོད་དོ་ཞེས་བྱ་བ་སྟེ། མངོན་པར་ཞེས་བྱ་བའི་སྒྲ་སྔོན་དུ་འགྲོ་བའི་བསྟོད་པའི་སྒྲ་འདི་ནི་ལས་དང་བཅས་པ་བསྔགས་པའི་དོན་ནོ། །
เล่ม ๙๔ · หน้า 318a
ཉན་པ་པོ་དེ་རྣམས་ཀྱང་གང་ཡིན་ཞེ་ན་གསུངས་པ་ནི། བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ལོངས་སྤྱོད་རྫོགས་པའི་སྐུའི་གསུངས་པ་ལ་མངོན་པར་བསྟོད་དོ། །གཞན་དག་ནི་སྤྲུལ་པའི་སྐུའིའོ། །འཇིག་རྟེན་ཞེས་བྱ་བ་ནི་སེམས་
ཅན་གྱི་ཚོགས་ཏེ་མིའི་འཇིག་རྟེན་དུ་བསྟན་པའི་ཕྱིར་རོ། །མིའི་ཚོགས་ཉིད་ཅེས་བྱ་བའི་ཁྱད་པར་དུ་མ་གྱུར་ཅིག །དེ་བས་ན་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་དེ་རྣམས་དང་ལྷ་ལ་སོགས་པའི་འཇིག་རྟེན་དེ་དང་ཞེས་བྱ་བ་ནི་ཡང་དག་པར་བསྡུ་
བའོ་ཞེས་བྱ་བ་ནི་རྫོགས་པའི་དོན་ལའོ། །འཕགས་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པའི་བསྟན་པའི་ངོ་བོ་ཉིད་ཀྱིས་རྣམ་པར་བྱང་བའི་རང་བཞིན་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ལས་རིང་དུ་སོང་བས་ན་འཕགས་པ་ཞེས་བྱ་བའོ། །སྟོང་ཕྲག་བརྒྱད་དུ་བསྡུས་པས་ན་བརྒྱད་
སྟོང་པའོ། །འདི་ལྟར་བརྒྱད་སྟོང་པ་འདི་ནི། ཅི་ལྟར་གསུངས་པའི་དོན་གྱི་ཚད་ཅེས་བྱ་བའོ། །མིང་ལ་ཀན་བྱས་པས་བརྒྱད་སྟོང་པའོ། །འཕགས་པ་ཡང་ཡིན་ལ། བརྒྱད་སྟོང་པ་ཡང་ཡིན་པས་ན་འཕགས་པ་བརྒྱད་སྟོང་པའོ། །དེ་ལ་ཡོངས་སུ་གཏད་པ་འདི་ལ་ཀུན་ནས་བསྐོར་བས་ན་ཡོངས་སུ་
གཏད་པའི་ལེའུ་སྟེ་རྫོགས་པ་ནི་ཡང་དག་པར་ཐོབ་པ་མཐར་ཐུག་པར་བྱས་པ་ཞེས་བྱ་བ་ཡོངས་སུ་གཏད་པའི་ལེའུ་སྟེ་ལེའུ་སུམ་ཅུ་རྩ་གཉིས་པ་རྫོགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པར་མཛད་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་
ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དེ་བཞིན་གཤེགས་པར་མཛད་པ་དེ་བས་ན། སངས་རྒྱས་སྐྱེད་པར་མཛད་པའི་ཆོས་ཀྱི་ངོ་བོ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པར་མཛད་པ་ཞེས་བརྗོད་དོ། །སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བ་ནི་ལམ་ཤེས་ཀྱི་ངོ་བོ་ཉིད་རྒྱུད་ཁ་ཅིག་རྣམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་དུ་མཛད་པའི་ཕྱིར་དེ་རྣམས་ཀྱི་ཡུམ་ཞེས་བརྗོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་ནི་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་བ་ཞེས་བརྗོད་
เล่ม ๙๔ · หน้า 318b
པ། དེས་ན་རང་རྒྱལ་བ་དང་ཉན་ཐོས་རྣམས་ཀྱི་ཡང་ཡུམ་མོ། །ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི་ཆོས་ནི་བསྟན་པའི་ཆོས་སོ། །དེའི་ཕྱག་རྒྱ་ནི་རྒྱས་བཏབ་པའོ། །འདི་ལས་ལྷག་པའི་བསྟན་པ་མེད་པའི་ཕྱིར་ཆོས་ཀྱི་ཕྱག་རྒྱའོ། །ཡང་ན་འདི་ཐེག་པ་ཐམས་ཅད་པ་དེ་བས་ན་བཅོམ་ལྡན་འདས་ཀྱི་
ཆོས་འདི་ཉིད་དེ། གང་ཞིག་འདིས་ཆོས་ཀྱི་རྒྱལ་པོ་བསྟན་པའི་ཕྱག་རྒྱ་ལྟར་རྒྱས་བཏབ་པ་དེ་བས་ན་ཆོས་ཀྱི་ཕྱག་རྒྱའོ། །ཆོས་ཀྱི་སྒྲོན་མ་ཞེས་བྱ་བ་ནི་ཆོས་རྣམས་ཐམས་ཅད་ལ་ཅི་ལྟ་བ་བཞིན་དུ་གསལ་བར་མཛད་པས་ན་ཆོས་ཀྱི་སྒྲོན་མའོ། །ཆོས་ཀྱི་ལྟེ་བ་ཞེས་བྱ་བ་ནི་སྒྲོ་འདོགས་པ་དང་སྐུར་པ་
འདེབས་པའི་མཐའ་ཡོངས་སུ་སྤངས་པས་ཆོས་ཀྱི་ལུས་ལ་དབུས་སུ་གྱུར་པ་དེ་བས་ན་ཆོས་ཀྱི་ལྟེ་བའོ། །ཆོས་ཀྱི་རྔ་ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་དུ་སངས་རྒྱས་ཐམས་ཅད་ཀྱིས་འཁོར་རྣམས་ལ་འདི་ཉིད་བསྟན་པས་ན་བསྟན་པའི་སྒྲ་རྣམས་ཀྱིས་ཕྱོགས་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་
ཆོས་ཀྱི་རྔ་བོ་ཆེའོ། །ཆོས་ཀྱི་ཚུལ་ཞེས་བྱ་བ་ནི་ཅི་ལྟར་འཁོར་ལོས་སྒྱུར་པའི་རྒྱལ་པོའི་ཕྱོགས་གང་གིས་འཁོར་ལོ་རིན་པོ་ཆེ་འགྲོ་བ་དེ་ཉིད་ཀྱིས་སྟོབས་ཀྱི་ཚོགས་ཐམས་ཅད་ཀྱང་འགྲོ་བ་དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་ཡང་གསུང་རབ་ཡན་ལག་བཅུ་གཉིས་པ་བཅོམ་ལྡན་འདས་མ་གང་གིས་གཤེགས་
པའི་ཕྱོགས་དེ་ཉིད་ཀྱིས་གཤེགས་ཏེ། དེ་བས་ན་ཆོས་ཀྱི་ཚུལ་ལོ། །ཆོས་རིན་པོ་ཆེའི་གཏེར་ཞེས་བྱ་བ་ནི་ཆོས་རྣམས་སངས་རྒྱས་རྣམས་ཀྱི་སྟོབས་བཅུ་ལ་སོགས་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ལ་སོགས་པ་རྣམས་སོ། །ཉན་ཐོས་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམས་
སོ། །དེ་དག་ཆོས་གཞན་རྣམས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རིན་པོ་ཆེ་སྟེ། དེ་རྣམས་ཀྱི་འདི་ནི་གཏེར་ཏེ། བཅོམ་ལྡན་འདས་མ་ཉིད་ཀྱི་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་པས་ཐམས་ཅད་དུ་ཐུབ་པའི་ཕྱིར་རོ། །ཆོས་ཀྱི་མཛོད་ཅེས་བྱ་བ་ནི་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་གང་ཞིག་
དེ་ནི་བཅོམ་ལྡན་འདས་མས་བསྡུས་པ་དེ་བས་ན། འདི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་མཛོད་དོ། །མི་ཟད་པ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པར་གྱུར་པ་ཡང་ཟད་པ་མེད་པ་དེ་བས་ན་མི་ཟད་པའོ། །བསམ་གྱིས་མི་ཁྱབ་པ་ངོ་མཚར་བ་མཐོང་བ་སྐར་མའི་ཕྲེང་བ་ཞེས་བྱ་བ་ནི།
เล่ม ๙๔ · หน้า 319a
བསམ་གྱིས་མི་ཁྱབ་པ་དང་། ངོ་མཚར་བ་མཐོང་བ་གང་ལ་ཡོད་པ་དེ་ཡང་ཡིན་ལ་སྐར་མའི་ཕྲེང་བ་ཡང་ཡིན་ཏེ་ཞེས་བྱ་བའི་བསྡུ་བའོ། །ཆོས་གསུང་རབ་ཀྱི་ཕུང་པོའི་རྒྱན་དུ་གྱུར་པ་ཉིད་ཀྱི་ཕྱིར་སྐར་མའི་ཕྲེང་བ་དང་འདྲ་བས་ན་བཅོམ་ལྡན་འདས་མ་སྐར་མའི་ཕྲེང་བའོ། །ཤིན་ཏུ་རྣམ་པར་དག་
པའི་མུ་ཏིག་དང་རིན་པོ་ཆེ་རྣམས་ཀྱིས་བརྩམ་པའི་ཚོགས་ཀྱི་ཁྱད་པར་ནི་སྐར་མའི་ཕྲེང་བ་ཞེས་བརྗོད་དོ། །བདེ་བ་ཐམས་ཅད་ཀྱི་རྒྱུ་ཞེས་བྱ་བ་ནི་བདེ་བ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་སོ། །དེ་རྣམས་ཀྱི་རྒྱུ་ནི་སྐྱེད་པར་བྱེད་པའོ། །བཅོམ་ལྡན་འདས་མ་འཛིན་པ་ལ་སོགས་
པ་རྣམས་ཀྱིས་ཕུན་སུམ་ཚོགས་པ་ཐམས་ཅད་སྐྱེད་པའི་ཕྱིར་ཞེས་བྱ་བའོ། །རྫོགས་སོ་ཞེས་བྱ་བ་ལ་དང་གི་སྒྲ་ནི་འདུས་པ་དང་ལེའུ་ཡོངས་སུ་རྫོགས་པ་ལའོ། །བཅོམ་ལྡན་འདས་མའི་མན་ངག་གི་རྗེས་སུ་འབྲང་བའི་ཞེས་བྱ་བའི་རྣམ་པར་བཤད་པ་འདི་རྫོགས་སོ། །གཏིང་དཔག་དཀའ་ཞིང་ཡང་དག་མཐའ་
ཡི་རྒྱ་མཚོ་ལས་ནི་ངོ་མཚར་བ་ཡི་སྤྲོས་པ་ཀུན་གྱི་རླབས། །ཕུང་པོ་ཞེས་བྱ་ལྷན་ཅིག་འབྱུང་བའི་མི་མཉམ་མ་རིག་རླུང་གིས་ཀུན་ནས་བསྐྱོད་པ་ལས། །ཞི་བས་དེ་དང་ལྷན་ཅིག་ཉིད་དུ་ཐིམ་པར་འགྱུར་ཏེ་ཐུགས་སུ་ཆུད་པ་གང་རྣམས་ཀྱིས། །ཐུབ་པའི་བསྟན་པ་བདུད་རྩི་འདི་ནི་འཐུངས་ཏེ་ཤིན་ཏུ་རིང་བར་ཕ་རོལ་ཉམས་པ་
རྣམས། །གང་ཞིག་གཞུང་འགྲེལ་དང་ནི་ཕ་རོལ་ཕྱིན་ཚུལ་དང་། །གང་ཞིག་འཕགས་པ་ཀླུ་སྒྲུབ་ཀྱི་ཡང་དབུ་མ་དང་། །དོན་བསྡུས་དང་ནི་དྲི་བ་རྣམ་པར་ངེས་པ་ལས། །གང་ཞིག་གཞན་ཡང་མཐོང་བ་དེ་ལས་བདག་གིས་བྲིས། །གང་ཞིག་ང་རྒྱལ་གྱིས་འབྲེལ་གསུང་རབ་འཆད་པར་བྱེད་པའི་དོན་དེ་རྣམས་ལ་ཉེར་བརྟགས་ན། །
འབར་བའི་དམྱལ་བར་བསྐལ་པ་དཔག་ཏུ་མེད་པར་རང་ཉིད་ཀྱིས་ནི་ལྕེ་དང་མགྲིན་པ་ལ། །གཤིན་རྗེའི་བུ་རྣམས་ཚ་ལ་རྣོ་བའི་ཕུར་པས་བཙན་ཐབས་ཀྱིས་ནི་བརྒྱ་ཕྲག་ཡང་དང་ཡང་། །རྒྱང་གྲགས་གཉིས་གཉིས་ལག་པ་གཉིས་ཀྱིས་ཁྲོ་བ་དང་ནི་འགྲིལ་བས་འབིགས་པར་ཡང་ནི་བྱེད། །ཐུབ་པ་རྒྱལ་པོའི་བསྟན་འཛིན་རྩེ་མོར་
གྱུར་པ་འཕགས་པ་ཐོགས་མེད་དེ་ནི་གང་དུ་གཤེགས། །གང་དུ་སློབ་དཔོན་དབྱིག་གཉེན་ལོང་བའི་མུན་པར་མཆོག་གི་ཉི་མའི་གཉེན་ནི་རབ་སྐྱེས་པ། །གང་དག་གིས་ནི་དེ་ལྟར་ལམ་དྲང་མཁས་པ་རྣམས་ཀྱིས་བགྲོད་ཅིང་ཉེར་བགྲོད་སྤངས་གྱུར་པས། །དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་བ་ལས་དང་བྲལ་བ་རྣམས་ཀྱི་དོན་དུ་དཀའ་
เล่ม ๙๔ · หน้า 319b
བས་བྱས། །ཤེས་རབ་ཕ་རོལ་ཕྱིན་པའི་རང་བཞིན་འདི་ནི་མི་འདྲ་ཐུབ་པའི་དམ་པ་ཆོས་ཀྱི་སྐུ། །ལེགས་པར་བཤད་པ་བརྗོད་པར་འབྱུང་ཕྱིར་བདག་གིས་བསྔགས་པ་དང་བཅས་རྒྱས་པར་བྱས་པ་ལས། །བྱས་པ་ཤེས་པ་རྣམས་ཀྱིས་གུས་བྱས་འདི་ནི་བསྲུང་བྱ་ཐལ་སྦྱར་བདག་ནི་གསོལ་བ་འདེབས། །སྟོན་པའི་
བསྟན་པ་འཁྲུལ་པ་ཁྲེལ་ཡིན་པ་སྟེ་བདག་ཉིད་གཅིག་པུ་ཡིས་ནི་མ་ཡིན་ནོ། །གང་གི་ཀུན་ནས་རྩོད་པ་རྣམས་ལ་ཕ་རོལ་ཕྱོགས་ཀྱི་མཐའི། །ལྟོ་བ་ཁེངས་པ་བརྗོད་པའི་མེ་འདི་རབ་ཏུ་འབར་བ་ཡིན། །དྲང་སྲོང་མིན་པའི་བཤད་པའི་འདམ་རྫབ་ཤིན་ཏུ་ཆེན་པོ་ལས། །རྒྱལ་བ་རྣམས་ནི་སྐྱེད་མཛད་ཞི་བ་
འབྱུང་གནས་ཀྱིས་ནི་གདོན་པར་བྱས། །རྟོག་གེ་དྲུག་ཀྱང་ཤེས་ཤིང་རིག་བྱེད་ཀྱིས་རྩུབ་བྲམ་ཟེ་རྣམས་དང་རྩོད་པ་ལས་ནི་རྣམ་པར་རྒྱལ། །སྙན་དངགས་དམ་པ་བརྩམས་པའི་ཡོན་ཏན་འདི་རྣམས་ཀྱིས་ནི་སྐབས་སུ་གྱུར་ལ་འབྲས་བུ་ཅི་ཞིག་ཡིན། །གལ་ཏེ་སྡེ་སྣོད་གསུམ་ལ་གོམས་པ་གང་གི་ཚེ་ན་རྫོགས་
སངས་རྒྱས་ཀྱི་ཡུམ་གསུམ་ལ་ཡང་ནི། །ཐོགས་མེད་པ་ནི་ཕ་རོལ་ཕྱིན་ཚུལ་གལ་ཏེ་གང་དུ་འཕགས་པ་ཀླུ་སྒྲུབ་བཞེད་པ་ཡང་། །བདག་ཅག་གིས་ནི་བློ་ཡིས་བྱས་པའི་ངོ་མཚར་རྣམས་ཀྱིས་རིག་པ་རྣམས་ལ་མཐའ་ཡང་མེད་པ་ལ། །གང་དང་གང་དུ་ཡང་ནི་གཉིས་དང་གསུམ་དང་བཞི་ཡང་
བདེ་བར་གྲོགས་པོ་རྣམས་ནི་རྙེད། །སྲིད་པ་གཞན་ཡང་རྒྱ་ཆེ་བ་ལ་འབད་པ་ཆེན་པོ་རྣམས་ཀྱིས་བློ་དང་ལྡན་པར་བྱས་པ་ནི། །གཅིག་གམ་གཉིས་ཀྱང་མིན་ཏེ་ཡོངས་སུ་ལོག་ཉིད་ཀྱིས་ཀྱང་ནང་གི་བདག་ཉིད་རིག་པ་ཤེས་པ་རྣམས། །བདག་གི་བཤད་པ་ཡང་དག་དོན་གྱིས་བསྡུས་ལ་གང་ཞིག་མི་གུས་
པ། །ང་རྒྱལ་གྱིས་ནི་སྐྱེ་བོ་ངན་པ་སུན་དབྱུང་བར་ནི་མི་ནུས་ཏེ། །གླང་ཆེན་གཙོ་བོའི་མཆེ་བ་གཉིས་ནི་བསྙོན་ཆུའི་ཐིགས་པ་སྣ་ཚོགས་ཅན། །སུ་ཞིག་གིས་ནི་ལག་པའི་སྟོབས་ཀྱིས་ཀུན་ནས་གདོན་པར་ཡང་ནི་ནུས། །དཔུང་རྒྱན་དང་ནི་གདུ་བུ་གཏོར་ཅིག་དབང་ཕྱུག་ཆེན་པོས་རེག་པའི་གོར་མ་འདྲེན་བྱེད་པ། །བློན་པོ་
གསེར་གྱི་འོད་ཀྱིས་བསླུས་པ་ཐ་དད་དུ་མ་རྣམས་ཀྱིས་དོར་བར་མ་བྱེད་ཅིག །དཀའ་ཐུབ་དྲག་པོ་རྣམས་ནི་བྱས་ནས་ལྷ་རྣམས་བསྟེན་ཞིང་གང་ཞིག་འདི་ནི་སྒྲུབ་བྱེད་པ། །གང་གིས་རེག་པས་ཀྱང་ནི་ལྕགས་ཀྱི་ཕུང་པོ་གསེར་དུ་བསྒྱུར་བས་ངོ་མཚར་དོན་དུ་འབྱུང་། །བཅོམ་ལྡན་འདས་མ་ཤེས་རབ་ཕ་རོལ་ཕྱིན་པ་འདི་བཤད་པས་ནི་
เล่ม ๙๔ · หน้า 320a
ཐོབ་པའི་དགེ་རྣམས་ཀྱིས། །དཔལ་ལྡན་རྡོ་རྗེ་གདན་དང་ཉེ་བར་གང་ཚེ་འདིར་ནི་མགོན་པོ་བྱམས་པ་རང་ཉིད་ཀྱིས། །སྐྱེས་བུ་ཁྱུ་མཆོག་ནཱ་ག་གེ་སར་གསར་པའི་ཤིང་གི་གྲིབ་མ་རྣམས་ལ་ངལ་བསོ་ནས། །རྫོགས་པའི་བྱང་ཆུབ་ལ་ནི་སྨོན་ལམ་བྱས་ནས་དེ་ཚེ་ངེས་པར་བྱང་ཆུབ་ཐོབ་གྱུར་ཅིག །མི་ཡི་དབང་པོས་
བརྟེན་ཅིང་བཏུད་པའི་ཕྱགས་མས་ཕྱག་དར་ལེགས་པར་བྱས་པ་དེ་ཡིས་ནི། །ཞབས་དང་ཉེ་བའི་པད་མའི་རྡུལ་ནི་རིང་པོར་བསྐྲད་པས་སྡང་བ་མེད་ལ་འཚོ་བ་པོ། །མི་ཡི་བདག་པོ་རཱ་མ་པཱ་ལས་ས་སྐྱོང་མཛད་པའི་གནས་ཀྱི་མུ་ཏིག་ཕྲེང་བ་ནི། །དཔལ་ལྡན་རྒྱལ་པོ་ཛ་གད་ཏ་ལར་གནས་པར་བྱེད་པ་བདག་གིས་རྣམ་བཤད་འདི་བྱས་སོ། །
བཅོམ་ལྡན་འདས་མ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་རྣམ་པར་བཤད་པ་མན་ངག་གི་རྗེས་སུ་འབྲང་བ་ཞེས་བྱ་བ་རྫོགས་སོ།། །།འདིའི་གཞུང་ཚད་ནི་ཤ་ལོ་ཀ་སྟོང་ཕྲག་བརྒྱད་དོ། །དཔལ་ལྡན་ང་རྒྱལ་སྐྱོང་གིས་རྒྱལ་སྲིད་མཛད་པའི་ལོ་བདུན་པ་ལ་དགུན་ཟླ་འབྲིང་པོའི་ཚེས་བཞི་ལ་དཔལ་བྱང་
ཆུབ་ཆེན་པོའི་ལྷ་ཁང་དུ་བྲིས་པའོ། །རྒྱ་གར་གྱི་མཁན་པོ་ཨ་ལངྐ་ཀ་དེ་བ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་ཀྱིས་དཔལ་སྒྱེའུ་རིའི་དྲུང་དུ་ཆོས་སྐོར་དབེན་པའི་གཙུག་ལག་ཁང་དུ་བསྒྱུར་བའོ། །སྡེ་སྣོད་གསུམ་ནི་འཛིན་བྱེད་པ། །གཉལ་གྱི་བྲི་ལྷ་ན་བཞུགས་པའི། །དགེ་བཤེས་བློ་གྲོས་འབྱུང་
གནས་ཀྱིས། །ཞུ་ཕུལ་ཡོན་བདག་མཛད་ནས་ནི། །དངོས་ཅག་ལོ་པཎ་རྣམ་གཉིས་ཀྱིས། །རྣམ་བཤད་འདི་ནི་བསྒྱུར་བ་ཡིན། །བསོད་ནམས་འདི་ཡིས་དུས་ནི་ཐམས་ཅད་དུ། །མཆོག་གི་སེམས་ཅན་ཐེག་པ་ཆེན་པོའི་རིགས། །འཇིག་རྟེན་པ་ཡི་སྡུག་བསྔལ་སེལ་ནུས་ཤིང་། །ནད་མེད་རྣམ་པར་འཚེ་མེད་འབྱུང་གྱུར་
ཅིག །ཤཱཀྱའི་དགེ་སློང་ཚུལ་ཁྲིམས་འབྱུང་གནས་སྦས་པའི་ཐེག་པ་མཆོག་གི་རྗེས་སུ་འགྲོ་བའི་ཆོས་ཀྱི་སྦྱིན་པ་ལས་བྱུང་བའི་བསོད་ནམས་གང་ཡིན་པ་འདིས་མཁན་པོ་དང་། སློབ་དཔོན་དང་། ཕ་དང་མ་སྔོན་དུ་འགྲོ་བར་བྱས་པའི་སེམས་ཅན་གྱི་ཕུང་པོ་མ་ལུས་པས་བླ་ན་མེད་པའི་ཡེ་ཤེས་ཀྱི་
འབྲས་བུ་ཐོབ་པའི་རྒྱུར་གྱུར་ཅིག །འགྲེལ་པ་འདི་རྟིང་པ་ལོ་ཙཱ་བས་སྔ་མོར་བསྒྱུར་ཡང་ཕྱིས་གཞན་ལ་མ་འཕེལ་བས། སྔར་དཔེ་ཕྱི་མ་རྙེད་པ་ལས་ཕྱིས་བླ་མ་ཆོས་ཀྱི་རྒྱལ་པོའི་ཕྱག་དཔེ་རྒྱ་ཡིག་དག་གི་ནང་ནས། དགེ་བཤེས་ཅོག་རོ་སྟོན་གཞོན་གྱིས་རྙེད་ནས་བྲིས་པའོ།། །།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด