བཅོམ་ལྡན་འདས་མའི་མན་ངག་གི་རྗེས་སུ་འབྲང་བ་ཞེས་བྱ་བའི་རྣམ་པར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) བྷ་ག་ཝ་ཏྱཱ་མ་ནཱ་ཡཱ་ནུ་སཱ་རི་ཎི་ནཱ་མ་བྱཱ་ཁྱཱམ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๙๔ · หน้า 112b

ནི་མ་ཡིན་ལ། གསལ་བར་གྱུར་པའི་སྔོན་པོ་ལས་གཞན་ཉེ་བར་དམིགས་པ་ཡང་དག་པར་འབྱུང་བ་མེད་པའི་ཕྱིར་རོ། །རྗེས་སུ་དཔག་པ་ནི་སྒྲུབ་པར་བྱེད་པ་དེ་རྣམས་ཉིད་ལས་འདོད་པ་མ་ཡིན་ནོ། །གལ་ཏེ་སྔོན་པོ་རྟོགས་པའི་ངོ་བོ་རྟོགས་པར་གྱུར་པ་ནི་སྔོན་པོ་དང་རྟོགས་

པའི་བདག་ཉིད་དག་ལ་རྟོགས་པ་ནི་མེད་པར་མི་ནུས་པ་ཞེས་དེའི་ཕྱིར་མི་དམིགས་པ་སྒྲུབ་པ་མ་ཡིན་ནོ་ཞེ་ན། འོ་ན་བ་གླང་དཀར་ཟལ་འགྲོ་བ་རྟོགས་པར་གྱུར་པ་ལ་སྤྱི་དང་ཡོན་ཏན་དང་ལས་ལ་སོགས་པ་རྟོགས་པས་རྒོལ་བར་གྱུར་པ་ཇི་ལྟར་བཟློག་པར་བྱ་བའོ། །མ་རིག་

པའི་དབང་གིས་ཐ་མི་དད་པར་སྣང་བ་སྟེ། འདི་ཙམ་གྱིས་གཅིག་དང་དུ་མ་དང་བྲལ་བའི་སྲིན་པོ་ལས་ཡོངས་སུ་སྐྱོབ་པ་མེད་དོ། །མ་རིག་པའམ། མ་རིག་པས་ཇི་སྲིད་དུ་སྔོན་པོའི་ཕྱོགས་ལ་ཁྱབ་པར་བྱེད་པའི་གསལ་བ་འདི་སྔོན་པོའི་བདག་ཉིད་ཁོ་ན་ཉམས་སུ་མྱོང་ནས། ཇི་ལྟར་

འགལ་བའི་ཆོས་ཡང་དག་པས་བསྲེ་བ་མི་འཇུག་པའོ། །དེ་ཡོད་པ་ལ་ཆ་དང་བཅས་པ་ལ་ཡན་ལག་ཅན་བཞིན་དུ་སྐྱོན་ནོ། །ཆ་དང་བྲལ་བ་ལ་ནི་རྡུལ་ཕྲ་རབ་བཞིན་དུའོ། །རྣམ་པ་གཞན་ནི་ཡོད་པ་མ་ཡིན་ཏེ། དེ་བས་ན་ཡོད་པ་ཉིད་སྒྲོགས་པ་ནི་ལོག་པའོ། །ཕྱོགས་འདི་ལ་ཡང་

གཟུགས་བརྙན་གྱི་མཚན་ཉིད་མི་ཟད་པ་ཁོ་ནའོ། །དེ་ཡང་མ་རིག་པའི་དབང་གིས་སྔོན་པོ་ལ་སོགས་པའི་རྣམ་པའི་འཁོར་ལོ་དང་ལྷན་ཅིག་ཏུ་བདག་ཉིད་གཅིག་པ་ཉམས་སུ་མྱོང་ནས། སྣང་བར་གྱུར་པའི་གསལ་བའི་རྣམ་པ་དང་ལྷན་ཅིག་ཏུ་མི་བདེན་པའི་བདག་ཉིད་གཅིག་པ་ཉིད་

ཀྱིས་གཟུགས་ཞེས་བྱ་བ་ནས་ཇི་སྲིད་དུ་རྣམ་པར་ཤེས་པ་ཞེས་ངེས་པར་གྱུར་པའི་རྣམ་པར་འཇིག་པའོ། །གཞན་རྣམ་པ་ཐམས་ཅད་དུ་དྲི་མས་མཚན་མ་མ་བྱས་པའི་གསལ་བ་ཙམ་གྱི་སྐྱེས་པ་འདོད་པ་ཉིད་ཅེས་རྒྱས་པས་ཉེ་བར་སྦྱོར་བ་མ་ཡིན་ནོ། །འོན་ཏེ་དེ་ལྟར་ཡིན་ན་རྣལ་འབྱོར་སྤྱོད་

པའི་གནས་པ་ནི་གཟུགས་བརྙན་ཞེས་འགྱུར་རམ། དེ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་ཉིད་དོ། །གནས་པ་ནི་སངས་རྒྱས་པ་རྣམ་པ་བཞི་ཞེས་ཁྱོད་ལ་ཤིན་ཏུ་གྲགས་པ་ཉིད་དོ། །བསྟན་པའི་དུས་སུ་ཡང་ཡོད་པ་མ་ཡིན་པ་ཞེས་ཇི་ལྟར་གསུངས། གཟུགས་བརྙན་

เล่ม ๙๔ · หน้า 113a

སྐྱེ་བར་འགྱུར་ཞེས་བྱ་བ་ཡིན་ཞེ་ན། བདེན་ཏེ་ལུང་ལས་རྣལ་འབྱོར་སྤྱོད་པའི་གནས་པ་ལ་ཡང་ཡོད་དེ། འོན་ཀྱང་འདི་ལྟ་བུ་ནི་ལོག་པའི་གྲུབ་མཐའ་ནི་མ་ཡིན་ནོ། །དེ་ལ་ནི་གཞན་དབང་བསྟན་པ་རྣལ་འབྱོར་སྤྱོད་པའི་གནས་པའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་

བསྟན་པ་ནི་དབུ་མའོ། །ཇི་སྲིད་དུ་ལོག་པར་སྣང་བ་ཁམས་གསུམ་ནི་རྣམ་པར་རིག་པ་ཙམ་ཞེས་རྣལ་འབྱོར་སྤྱོད་པའི་གནས་པ་ལ་མི་འཇུག་པ་དེ་སྲིད་དུ་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་འཇུག་པར་མི་ནུས་པའོ། །དེ་བས་ན་རྣལ་འབྱོར་སྤྱོད་པའི་གནས་པ་ནི་ལམ་མོ། །འབྲས་བུ་ནི་དབུ་

མའོ། །དེ་ལྟར་ན་ཡང་འཕགས་པ་ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་ཞོན་ནས་སུ། །ཕྱི་རོལ་དུ་ནི་འདའ་བར་བྱ། །དེ་བཞིན་ཉིད་དམིགས་ལ་གནས་ནས། །སེམས་ཙམ་ལས་ཀྱང་རྣམ་པར་འདའ། །ཞེས་བྱ་བའོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་།

བདག་ཏུ་འཛིན་པ་བཟློག་དོན་དུ། །ཕུང་པོ་ཁམས་ལ་སོགས་པ་བསྟན། །སེམས་ཙམ་རྣམ་པར་གཞག་པས་ནི། །དེ་ཡང་སྐལ་ཆེན་རྣམས་ཀྱིས་འཇིག །འདི་ནི་ཐམས་ཅད་སེམས་ཙམ་ཞེས། །བསྟན་པ་གང་ཞིག་ཐུབ་པ་ཡི། །སྐྲག་པ་ཡོངས་སུ་སྤང་ཕྱིར་ཏེ། །བྱིས་པ་རྣམས་ལ་དེ་ཉིད་མིན། །

ཞེས་བྱ་བའོ། །དེ་ལྟར་ན་དོན་གྱིས་སྟོང་པའི་རྣམ་པར་རིག་པ་ཙམ་ཉིད་འདི་ཞེས་རྟོགས་ཤིང་རྣམ་པར་རིག་པ་ལ་མི་བདེན་པ་ཉིད་རྟོགས་པ་མ་ཡིན་ནོ། །གཞན་དུ་ནི་ཤེས་པའི་བརྫུན་པ་ཉིད་མེད་དེ་དོན་མེད་པར་ཡང་དག་པར་འབྱུང་བའི་ཕྱིར་རོ། །དེ་བས་ན་གཞན་དབང་ལ་ཡང་འཁྲུལ་

བ་ཙམ་གྱི་ལུས་ཀྱིས་ཤེས་བཞིན་དུ་ཀུན་བརྟགས་མེད་པ་རྣམ་པར་སྒོམ་པའི་སྒོ་ནས་སྟོང་པ་ཉིད་ལ་འཇུག་པ་དོར་བའོ། །དེ་བས་ན་དང་པོར་ཁམས་གསུམ་པོ་ནི་རྣམ་པར་རིག་པ་ཙམ་ཞེས་སྒོམ་པར་བྱེད་པ་རྣམས་ལ་ངེས་པར་འབྱེད་པའི་ཆའི་གནས་སྐབས་ལ་རྣལ་འབྱོར་སྤྱོད་པའི་གནས་པའོ། །

འདི་ཉིད་ཀྱི་ཕྱིར་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་གསུངས་པ། དོན་དང་སེམས་ཅན་བདག་རྣམ་རིག །སོ་སོར་སྣང་བ་སྐྱེ་བ་མེད། །རྣམ་པར་ཤེས་པ་འདི་དོན་མེད། །དེ་མེད་ཕྱིར་ཡང་དེ་ཡང་མེད། །ཡང་དག་མ་ཡིན་ཀུན་རྟོག་ཉིད། །འདི་ལ་དེ་བས་གྲུབ་པ་ཡིན། །ཀུན་

เล่ม ๙๔ · หน้า 113b

ཏུ་མེད་ཕྱིར་དེ་ལྟ་མིན། །དེ་ཟད་པས་ན་གྲོལ་བར་འདོད། །ཅེས་བྱ་བའོ། །འདི་ལ་བཤད་པ་ནི་གང་གི་ཕྱིར་སྣང་བ་ཇི་ལྟར་སྐྱེ་བ་ཡིན་པ་དེ་ལྟར་འདི་ཡོད་པ་མ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་ཏེ་འཁྲུལ་པ་ཙམ་སྐྱེ་བའི་ཕྱིར་རོ། །སླར་ཡང་འདིའི་མེད་པ་ཉིད་ཅིའི་ཕྱིར་

མི་འདོད་ཅེ་ན། གང་གི་ཕྱིར། དེ་ཟད་པ་ན་གྲོལ་བར་འདོད། །ཅེས་བྱ་བ་སྟེ། འདི་རྣམས་ནི་རྣལ་འབྱོར་སྤྱོད་པར་འདོད་པ་རྣམ་པར་རིག་པ་ཉིད་དོན་དམ་པར་འདོད་པ་རྣམ་པ་དེ་ལ་གཟུད་པས་སྟོང་པ་ཉིད་སྐད་ཅིག་མ་ལ་སོགས་པ་བཞིན་དུ་རྣམ་པར་རྟོག་པ་ཙམ་གྱིས་ཉེ་བར་བརྟགས་

པའི་དབྱེ་བ་ཅན། རྣམ་པར་ཤེས་པའི་ངོ་བོ་ཉིད་དོན་དམ་པ་ཞེས་དོན་དམ་པར་ཡོད་པའི་སྟོང་པ་ཉིད་ཐ་སྙད་དུ་ཡོད་པ་དང་ཀུན་རྫོབ་ཏུ་ཡོད་པ་དང་གཞན་དབང་དོན་དམ་པར་ཡོད་པར་སྨྲ་བ་རྣམས་བསྟན་པ་ལས་ཕྱི་རོལ་དུ་གྱུར་པ་ཉིད་ཡིན་ནོ། །དེ་བས་ན་དེའི་འདོད་པ་གཟུགས་བརྙན་སྐྱེ་བར་

འགྱུར་ཞེས་བྱ་བ་བསྟན་པ་རྟོགས་པར་བྱའོ། །གང་ཞིག་ཡང་གཅིག་དང་དུ་མ་དང་བྲལ་བའི་སྟོབས་ཀྱིས་མི་བདེན་པ་ཉིད་རྟོགས་ནས་ཡང་གཞན་དབང་ལ། །དེ་ཟད་པས་ན་གྲོལ་བར་འདོད། །ཅེས་བྱ་བར་མི་འདོད་དེ། འོན་ཀྱང་སྒྱུ་མ་ལྟ་བུ་ཉིད་དང་དཔྱད་པ་མི་བཟོད་པ་ཉིད་ཀྱི་མཚན་

ཉིད་ཅན་ཞེས་པའི་བདག་ཉིད་དུ་གྱུར་པ་ཉིད་ཅེས་བྱ་བ་ཤེས་པའི་རང་གི་ངོ་བོ་ཉེ་བར་དམིགས་པ་སྟོང་པ་ཉིད་མངོན་སུམ་དུ་བྱེད་པ་དང་ཆོས་ཀྱི་སྐུ་ཐོབ་པ་ཞེས་སྨྲ་བ་དེ་རྣམས་ལ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་རྟོགས་པའི་དུས་ཉིད་ལ་འཁྲུལ་པ་མ་ཞི་བ་ཞེས་བྱ་བ་ནི་ཆེར་བཟང་

བ་མ་ཡིན་ནོ། །ཁོ་བོ་ཅག་ལ་ནི་མི་བདེན་པར་སྣང་བ་ལ་འཁྲུལ་པ་མ་ཡིན་ནོ། །འོན་ཀྱང་དེ་མ་ཡིན་པ་ལ་དེར་འཛིན་པ་ཡིན་ཞེ་ན། རྣམ་པ་དང་བཅས་པའི་རྣམ་པར་ཤེས་པར་སྨྲ་བ་རྣམས་ལ་མཚན་ཉིད་འདིར་རིགས་པ་ཡིན་ཏེ། དབུ་མ་ལ་ནི་མ་ཡིན་ནོ། །འདི་ལྟ་སྟེ།

བརྫུན་པ་མི་བདེན་པ་མེད་པར་གྱུར་པ་གསལ་བ་སྟེ་གསལ་བ་ནི་འཁྲུལ་པ་མ་ཡིན་ཞེས་ཇི་ལྟར་འགྱུར། རབ་རིབ་ཅན་ལ་སྐྲ་མེད་ཀྱང་སྐྲའི་སྣང་བ་ནི་འཁྲུལ་པ་མེད་པ་ཡིན་ནོ། །འོན་ཀྱང་ཕྱི་རོལ་གྱི་སྐྲ་ལ་ཞེན་པ་ཞེས་བཀའ་དང་འཇིག་རྟེན་པ་ལ་ཡང་འཁྲུལ་པའི་ཐ་སྙད་

เล่ม ๙๔ · หน้า 114a

དོ། །དེ་ལྟར་ན་གསལ་བའི་ངོ་བོས་རྣམ་པར་ཤེས་པ་དོན་དམ་པ་ཞེས་བྱ་བའོ། །དམ་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་དོན་ནི་ཡུལ་ཞེས་བྱ་བས་སོ། །དེ་བས་ན་རྣམ་པ་དང་བཅས་པའི་རྣམ་པར་ཤེས་པར་སྨྲ་བ་ཉིད་འདི་བདག་ཉིད་དབུ་

མ་པ་ཞེས་དོན་མེད་པར་སྒྲོགས་པར་བྱེད་དེ། དེས་ཡོད་པ་དང་མེད་པ་ལ་རྣམ་པར་གྲོལ་པའི་སྟོང་པ་ཉིད་དོན་དམ་པ་མི་ཤེས་པར་གྱུར་པ་རྣམ་པར་ཤེས་པའི་རྒྱུན་ཆད་པ་ལ་ཆད་པར་སྨྲ་བ་ལྟུང་བ་ལ་འདོད་པར་གྱུར་པ་གནས་པ་མ་ཡིན་པ་ལ་འཇིགས་པ་ཉིད་ཀྱིས་གཞན་

དབང་ཟད་པས་གྲོལ་བ་ཞེས་མི་བརྗོད་པ་འདི་ལ་ཡང་གཟུགས་བརྙན་ཉིད་དོ། །གང་གི་ཕྱིར་འཁོར་བའི་གནས་སྐབས་ལ་ཡང་སྣ་ཚོགས་པའི་ཀུན་ནས་ཉོན་མོངས་པ་དང་། སྣ་ཚོགས་པའི་སྡུག་བསྔལ་གྱི་རང་བཞིན་གསལ་བ་གང་ཞིག་འདི་ཡོད་པ་དེ་ཡང་དཔྱོད་པ་མི་

བཟོད་པ་ཉིད་དོ། །དེ་བས་ན་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་འདའ་བར་མི་བྱེད་དོ། །ཉོན་མོངས་པ་ཀུན་དང་སྡུག་བསྔལ་གྱི་མཆོག་ཏུ་མི་འཛིན་པའི་ཐར་པ་ཅི་ནས་ཀྱང་ཁས་ལེན་པར་བྱ་བའོ། །དེའི་ཕྱིར་མ་དག་པའི་སྒྱུ་མ་དང་མཚུངས་པའི་རྣམ་པར་ཤེས་པའི་རྒྱུན་ལོག་པ་ལ་ཉོན་མོངས་

པ་དང་སྡུག་བསྔལ་གྱི་མཆོག་ཏུ་མི་འཛིན་པ་དང་སྒྱུ་མ་དང་མཚུངས་པ་དང་རྣམ་པར་དག་པའི་ཡེ་ཤེས་ཀྱི་རྒྱུན་སྐྱེ་བ་ཐར་པ་ཞེས་བྱའོ། །གང་ཞིག་མ་དག་པ་གཟུགས་སུ་སྣང་བའི་རྣམ་པར་རིག་པ་དེ་ནི་གཟུགས་སོ། །དེ་རྣམ་པར་འཇིག་པ་ནི་གཞན་རྣམ་པར་དག་པ་སྐྱེ་བ་

ཞེས་གཟུགས་བརྙན་ཉིད་དོ། །རྒྱས་པར་ཁོ་བོ་ཅག་གིས་རང་བཞིན་མེད་པ་སྒྲུབ་པ་ལས་བཤད་པ་ནི། རྣམ་བཅས་གྲུབ་པ་འཇིག་པ་དང་ནི་གང་ཡང་རྣམ་པའི་གཏམ་ཡང་ཞི་བ་ཉེ་བར་ཐོབ་པ་སྟེ། །སྒྱུ་མ་དང་ནི་སྒྱུ་མ་མཚུངས་ཉིད་གནས་པ་ཞེས་བྱ་བརྗོད་པ་འཁྲུལ་པ་ཞི་བ་

མེད་པའི་ཕྱིར། །སྒྱུ་མ་ཉིད་ཀྱིས་གཞན་ཡང་གྲགས་པའི་འདོད་པ་འདི་ནི་འདོད་པ་གཅིག་པ་ཉིད་ཀྱིས་དྲང་བ་དང་། །འདི་ཡང་རིང་པོར་རབ་ཏུ་མི་གནས་པའི་རྩོད་པ་རབ་ཏུ་གནས་པ་གང་ཡང་བླངས་པར་བྱས་པའོ་ཞེས་བྱ་བ་དེ་ཉིད་འདི་ཐམས་ཅད་རྒྱས་པའོ། །དངོས་པོ་

เล่ม ๙๔ · หน้า 114b

འདི་ལ་ཡང་རབ་ཏུ་མི་གནས་པ་ནི་རབ་ཏུ་མི་གནས་པའོ། །གང་དག་ཡང་མེད་པའི་ཕྱོགས་ལ་རབ་ཏུ་གནས་པ་ཉིད་རབ་ཏུ་མི་གནས་པ་ཞེས་བརྗོད་པ་དེ་རྣམས་ལ་ཡང་གཟུགས་བརྙན་ཉིད་དོ། །གང་གི་ཕྱིར་དངོས་པོ་མེད་པ་ནི་དེ་ཁོ་ན་ཉིད་དེ་དེ་ལ་གཟུགས་ལ་སོགས་པ་

རྟོགས་པའི་དུས་སུ་ཡང་དག་པར་འབྱུང་བ་ཡོད་པ་མ་ཡིན་ཏེ། དངོས་པོ་མེད་པ་ཉིད་ཀྱིས་གནོད་པར་བྱས་པའི་ཕྱིར་རོ། །དེ་ནི་འཁོར་བའི་གནས་སྐབས་ལ་ཡང་དོན་དམ་པ་ཉིད་དེ་འོན་ཀྱང་ཉེ་བར་དམིགས་པ་སྒྲིབ་པས་འོག་ཏུ་བྱས་པ་ཞེས་དེ་རྣམས་རྗེས་སུ་འདོད་པ་

ཡིན་ནོ། །དེ་ལྟར་ན་ཡང་འདི་དམིགས་པ་ཐམས་ཅད་ལོག་པའི་རང་བཞིན་ཇི་ལྟར་དམིགས་པའི་དུས་སུ་ཡོད་པར་འགྱུར། དེ་བས་ན་དེ་ཁོ་ན་ཉིད་རྟོགས་པའི་དུས་སུ་སྔར་ཡོད་པའི་གཟུགས་ལ་སོགས་པའི་དམིགས་པ་ལོག་པ་ཅི་ནས་ཀྱང་ཁས་ལེན་པར་བྱ་བའོ། །དེ་ཁོ་ན་

ཉིད་ལ་དེ་ཙམ་ཉིད་ཀྱི་ལུས་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་ཡང་སྔར་ཡོད་པའི་གཟུགས་ལ་ཕྱིས་རྣམ་པར་འཇིག་པ་ཞེས་བྱ་བ་ཐར་པ་དོན་ཞེས་ཇི་ལྟར་གཟུགས་བརྙན་མ་ཡིན། གཞན་དག་ནི་ཉན་ཐོས་ཀྱི་ཐེག་པ་ཉིད་གཟུགས་བརྙན་ཞེས་བརྗོད་པ་ཡིན་ཏེ་དེ་ནི་མི་རིགས་སོ། །གཟུགས་

བརྙན་སྐྱེ་བར་འགྱུར་མདོ་སྡེ་ལས་མ་འོངས་པའི་དུས་ལུང་བསྟན་པ་ཡིན་ནོ། །ཉན་ཐོས་ཀྱི་ཐེག་པ་ནི་སྔར་ཡང་ཡོད་པ་ཉིད་དེ། དེ་བས་ན་བཅོམ་ལྡན་འདས་མ་ཉིད་ལ་གཟུགས་བརྙན་ཞེས་བྱ་བ་བཤད་པ་གཞན་ཡིན་གནས་འཛིན་ཏོ། །ལོག་པའི་ཤེས་པས་ཉེ་བར་བཅོམ་པ་

ཉིད་ཀྱིས་བདག་ཉིད་ཁྱད་པར་དུ་འཕགས་པར་བྱེད་ཅེས་གསུངས་པ་ནི། འདི་སྐད་དུ་ཞེས་བྱ་བ་ལ་སོགས་པའོ། །ཀཽ་ཤི་ཀ་ཡང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ཉིད་ནི་ཡང་དག་པར་སྲིད་པའི་ཕྱིན་ཅི་ལོག་གི་རྒྱུ་ཉིད་ཀྱི་ཕྱིར་གདུལ་བྱ་རྣམས་ལ་ཡང་དག་པར་འབྱུང་

བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཉེ་བར་བསྟན་པ་སྒྲུབ་པར་བྱེད་པ་བླ་ན་མེད་པའི་བསོད་ནམས་འབྱུང་བ་ཞེས་ཉེ་བར་བསྡུ་བར་བྱེད་པ་ནི། ཀཽ་ཤི་ཀ་དེ་ལྟ་བས་ན་ཞེས་བྱའོ། །ཞར་ལ་འབྱུང་བ་ཉེ་བར་བསྡུས་ནས་གཙོ་བོ་ཉིད་བསོད་ནམས་ལྷག་པར་བསྟན་པ་རྗེས་སུ་འབྲེལ་

เล่ม ๙๔ · หน้า 115a

པར་བྱེད་པ་ནི། ཀཽ་ཤི་ཀ་གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འཛམ་བུའི་གླིང་འདི་ལ་སྟོང་དང་སྟོང་གཉིས་དང་སྟོང་གསུམ་དང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་རྒྱུན་ཏུ་ཞུགས་པའི་འབྲས་བུ་རབ་ཏུ་གནས་པའི་བསོད་ནམས་ལས་

གཞན་རྣམས་ཀྱི་ཕྱིར་བསྟན་པའི་བསོད་ནམས་དང་གླིང་ལྷག་པ་ཉིད་བསྟན་པ་ལན་དྲུག་གི་བར་དུའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཇི་སྲིད་དུ་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་སོ་སོར་གནས་པར་བྱེད་པའི་བསོད་ནམས་པས་གཞན་རྣམས་ལ་བསྟན་པའི་བསོད་ནམས་

ལྷག་པ་ཉིད་ལ་འཛམ་བུའི་གླིང་དང་གླིང་བཞི་པ་ལ་སོགས་པའི་དབང་གིས་སོ་སོར་ལན་དྲུག་གི་བར་དུའོ། །འདི་རྣམ་པ་ཉིད་ལ་ཁྱེད་ཐོབ་པར་གྱིས་ཤིག་ཅེས་གང་གསུངས་པ་དེ་སླར་གསལ་བར་བྱེད་པ་ནི། ཁྱོད་འདི་ལ་བསླབས་ཤིང་ཞེས་བྱ་བ་ལ་སོགས་པའོ། །ད་ནི་འཛམ་བུ་གླིང་པའི་སེམས་

ཅན་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསོད་ནམས་པས། སེམས་བསྐྱེད་པ་སྔོན་དུ་འགྲོ་བས་དེ་རྣམས་ལ་བཅོམ་ལྡན་འདས་མའི་གླེགས་བམ་བྱིན་པ་བསོད་ནམས་ལྷག་པ་ཉིད་གང་ཞིག་ཡང་གང་ཉིད་ཕྱིར་མི་ལྡོག་པ་ལ་གླེགས་བམ་བྱིན་

པ་ཙམ་དེ་ཡང་དང་པོ་ལས་འབྲས་བུ་མང་བ་བསྟན་པར་བྱེད་པ་ནི། ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །གང་ལ་ལ་ཞིག་གིས་ཞེས་བྱ་བ་ནི་དང་པོའོ། །གཞན་དག་གང་ཞིག་གིས་ཞེས་བྱ་བ་ནི་གཉིས་པའོ། །གང་གིས་ཞེས་བྱ་བ་ནི་གསུམ་པའོ། །ཉེ་བར་གཏད་

ན་ཞེས་བྱ་བ་ནི་སྦྱིན་པའོ། །བསམ་པ་གང་གིས་ཤེ་ན། གསུངས་པ། འདི་ནི་འདི་ལ་ཞེས་བྱ་བ་ལ་སོགས་པས་སོ། །འཕེལ་བ་ལ་སོགས་པར་གྱུར་པ་ནི་ཐོབ་པའོ། །དེ་ལ་འཕེལ་བ་ནི་ངེས་པར་འབྱེད་པའི་ཆ་རྣམས་ལའོ། །རྒྱས་པ་ནི་མཐོང་བའི་ལམ་ལའོ། །ཡངས་པ་ནི་བར་

ཆད་མེད་པའི་ལམ་ལའོ། །འདི་ཞེས་བྱ་བ་ནི་གསུམ་པའོ། །དེ་བས་ཞེས་བྱ་བ་ནི་དང་པོ་དང་གཉིས་པ་ལས་སོ། །འདིར་ནི་དང་པོ་ལས་གཉིས་པའི་བྱེ་བྲག་མ་བཤད་ཀྱང་གྲུབ་པ་སྟེ། གླེགས་བམ་བྱིན་པ་ལྷག་པའི་བྱ་བ་ཉིད་ཀྱིས་དེ་བས་ན་ཞར་ལ་བཤད་པའོ། །བསྟན་

เล่ม ๙๔ · หน้า 115b

པར་བྱ་བ་ནི་དང་པོ་ལས་སོ། །གཉིས་པ་ལས་ཡང་གསུམ་པའོ། །ཕྱིར་མི་ལྡོག་པ་གཅིག་ལ་གླེགས་བམ་ཙམ་སྦྱིན་པ་པོའི་བསོད་ནམས་མང་བ་ཉིད་ཅེས་བྱ་བའོ། །དེ་བཞིན་དུ་བསོད་ནམས་ལྷག་པ་ཉིད་འདི་ལ་གླིང་བཞི་པ་དང་སྟོང་པ་ལ་སོགས་པའི་དབྱེ་བས་ལན་ལྔའོ། །

ཡང་ཕྱིར་མི་ལྡོག་པ་དེ་རྣམས་ཀྱིས་བསྟན་པའི་བསོད་ནམས་ལས་མྱུར་དུ་མངོན་པར་ཤེས་པ་རྣམས་ལ་བསྟན་པའི་བསོད་ནམས་ལྷག་པ་ཉིད་ལ་བརྟེན་ནས་ལན་དྲུག་གོ །ཡང་མངོན་པར་ཤེས་པ་ཤིན་ཏུ་མྱུར་བ་མང་པོ་རྣམས་ལ་བསྟན་པའི་བསོད་ནམས་པས་གཅིག་གི་ཕྱིར། ཤིན་

ཏུ་མྱུར་དུ་དགོངས་པའི་བསྟན་པ་ལས་བསོད་ནམས་ལྷག་པ་ཉིད་ཅེས་ལན་ཅིག་གོ །བརྒྱ་བྱིན་ནི་བསོད་ནམས་ལྷག་པ་ཉིད་ལ་འཐད་པ་སྨྲས་པ་ནི། ཇི་ལྟ་ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་ཉིད་ལ་ཞེས་བྱ་བ་ནི་མཆོག་ཏུ་རྣམ་པར་དག་པའི་མཚན་ཉིད་ཆོས་ཀྱི་སྐུའི་ངོ་བོ་ཉིད་

ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞེས་བྱ་བའི་ཐ་ཚིག་གོ །འདི་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཉིད་ཆོས་གོས་ལ་སོགས་པ་སྦྱིན་པ་བོ་རྣམས་ཀྱི་ཡང་ཆོས་ཉིད་ཀྱིས་འབྲས་བུ་ཆེ་བ་ཡིན་ཞེས་གསུངས་པ་ནི། གང་དག་གིས་ཞེས་བྱ་བ་ལ་སོགས་པས་སོ། །གསོས་སྨན་ནི་བྲོ་

འཚལ་བའི་ནད་མེད་པ་ཐོབ་པའི་རྒྱུར་གྱུར་པའོ། །དེ་ལ་ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་སྟན་རྣམས་ནི་རྟག་ཏུ་ཉེ་བར་མཁོ་བའོ། །སྨན་ནི་བྲོ་འཚལ་བས་ཉེ་བར་ལོངས་སྤྱད་པར་བྱའོ། །ཡོ་བྱད་ནི་ཇི་ལྟར་རིགས་པའོ། །འབྲས་བུ་ཆེན་པོ་ཞེས་བྱ་བ་ནི་ཕྱི་མའི་

འབྲས་བུ་རྒྱ་ཆེ་བས་སོ། །སྨན་ཡོན་ཆེན་པོར་ཞེས་བྱ་བ་ནི་འདི་ཉིད་དུ་ལྷའི་སྲུང་བ་ལ་སོགས་པ་འབྲས་བུ་རྙེད་པའི་ཕྱིར་རོ། །གང་ཞིག་བཅོམ་ལྡན་འདས་ཀྱིས་སྔར་གསུངས་པ། སྔ་མ་དེ་བས་ན་འདི་བསོད་ནམས་ཆེས་མང་དུ་སྐྱེད་དོ་ཞེས་བྱ་བའོ། །འཐད་པ་གང་ཞིག་དེ་ལ་

བརྒྱ་བྱིན་རང་ཉིད་ཀྱིས་བརྗོད་ནས་ཉེ་བར་སྡུད་ཅིང་སྨྲས་པ་ནི། དེས་ན་དེ་བསོད་ནམས་ཆེས་མང་དུ་སྐྱེད་དོ་ཞེས་བྱ་བ་སྟེ། ཇི་ལྟ་ཇི་ལྟར་འདི་བྱང་ཆུབ་ལ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་གདམས་པར་བྱ་བའོ། །གང་གི་ཕྱིར་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ནི་རྒྱུ་འདི་ལས་སོ། །དེ་

เล่ม ๙๔ · หน้า 116a

ཞེས་བྱ་བ་ནི་མངོན་པར་ཤེས་པ་ཤིན་ཏུ་མྱུར་བའི་ཕྱིར། གདམས་པ་ལ་སོགས་པ་སྦྱིན་པ་པོའོ། །བསོད་ནམས་ཆེས་མང་དུ་སྐྱེད་དོ་ཞེས་བྱ་བའོ། །དེ་ལྟ་བུ་ཉིད་ལགས་པའི་སླད་དུའོ་ཞེས་བྱ་བ་ནི་མྱུར་དུ་དགོངས་པའི་གདམས་ངག་

ལ་སོགས་པ་སྦྱིན་པ་འབྲས་བུ་ཆེ་བའོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་འདི་ཉེ་བར་འགྱུར་བ་ནི་ཡང་དག་པའི་བྱང་ཆུབ་ལ་ཉེ་བར་འབྱུང་ཞིང་གནས་པའོ། །གནས་བརྟན་རབ་འབྱོར་བརྒྱ་བྱིན་ལ་འཐད་པ་དང་བཅས་པར་རབ་ཏུ་སྤྲོ་བ་སྐྱེད་པར་བྱེད་པ་ནི་ལེགས་སོ་ལེགས་

སོ་ཞེས་བྱ་བ་ལ་སོགས་པས་སོ། །སྤྲོ་བ་སྦྱིན་པ་ཞེས་བྱ་བ་ནི་ཇི་ལྟར་བཤད་པའི་སྦྱོར་བ་དང་ལྡན་པ་རྣམས་ལ་ཁྱད་པར་མེད་པའི་བསོད་ནམས་གསལ་བས་བྱང་ཆུབ་ཐོབ་པའི་དོན་དུ་སྤྲོ་བ་འཕེལ་བའི་ཕྱིར་རོ། །ཡོངས་སུ་འཛིན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཆོས་

ཉིད་ལ་རབ་ཏུ་གནས་པར་བྱེད་པའི་ཕྱིར་རོ། །རྗེས་སུ་རྟེན་པར་བྱེད་པ་ནི་བདག་ཉིད་ཀྱིས་དེ་རྣམས་ལ་མཆོད་གནས་ཉིད་དུ་དགེ་བའི་བཤེས་གཉེན་གྱི་ངོ་བོར་འགྲོ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲོ་བ་ལ་སོགས་པའི་སྦྱིན་པ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་

ལ་རྟེན་དུ་གྱུར་པ་ཞེས་གསུངས་པ་ནི། འཕགས་པ་ཉན་ཐོས་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། འཕགས་པ་ནི་གུས་པར་བྱས་པ་བརྗོད་པ་ཡིན་ནོ། །འདིར་བཅོམ་ལྡན་འདས་ཉིད་ནི་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པར་བྱས་པའི་ཕྱིར་འཕགས་

པའོ། །འདིའི་ཉན་ཐོས་ནི་ཉན་པར་བྱེད་པའི་ཕྱིར་ཉན་ཐོས་ཏེ་ཚིག་ལ་རྗེས་སུ་བསྒྲུབ་པ་ཞེས་བྱ་བའི་དོན་ཏོ་ཞེས་བྱ་བ་ནི་ལེགས་པའི་ལམ་གྱི་གཏམ་མོ། །འདི་ལ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྲོ་བ་ལ་སོགས་པ་ལས་སོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྲོ་བ་

ཉིད་ནི་བྱང་ཆུབ་ཀྱི་སེམས་ཞེས་སྔར་གསུངས་པ་ཉིད་བསྟན་པར་བྱེད་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སློབ་པར་བྱེད་པ་མེད་པ་ཉིད་གསུངས་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་ཡང་མི་འགྱུར་ལ་ཞེས་བྱ་བའོ། །དེའི་ཕྱིར་ཞེས་

เล่ม ๙๔ · หน้า 116b

བྱ་བ་ནི་ཡང་དག་པའི་བྱང་ཆུབ་ཀྱི་སེམས་དང་རྗེས་སུ་མཐུན་པའི་སྦྱར་བ་ལས་སོ། །བསོད་ནམས་ཀྱི་རྣམ་གྲངས་ནི་རབ་ཏུ་དབྱེ་བ་རྣམས་སོ། །དེ་ལ་གསལ་བར་བྱེད་པའི་ལེའུ་ནི་བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ་ཞེས་བྱ་བ་སྟེ་ལེའུ་ལྔ་པའོ།། །།ཡང་འདི་ཉིད་བསོད་

ནམས་ལྷག་པར་མཐོང་བའི་གནས་སྐབས་ལ་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བ་དང་བསོད་ནམས་ལ་ཡང་མཆོག་ཉིད་ཉེ་བར་བསྟན་ནས། འོག་ཏུ་བསྟན་པ་ལ་གནས་སྐབས་ཉེ་བར་སྐྱེད་ཅིང་བྱང་ཆུབ་སེམས་དཔའ་འཕགས་པ་བྱམས་པས་གསུངས་པ་ནི། འཕགས་པ་

རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། རྗེས་སུ་ཡི་རང་བ་ཡོངས་སུ་བསྔོ་བ་དང་ལྡན་པའི་ཞེས་བྱ་བ་ནི། རྗེས་སུ་ཡི་རང་བ་དང་ལྷན་ཅིག་ཏུ་སོང་བའི་དགེ་བ་ནི་རྗེས་སུ་ཡི་རང་བའོ། །དེའི་རྗེས་སུ་བསྔོ་བ་ནི་དེ་དང་ལྡན་པའོ། །སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ནི་

བྱང་ཆུབ་སེམས་དཔའ་རྣམས་སྤངས་ནས་གཞན་ནི་སེམས་ཅན་ཐམས་ཅད་དོ། །འདི་ཉིད་ཅེས་བྱ་བ་འདི་ནི་ཕ་རོལ་ཏུ་ཡོད་པའི་བསོད་ནམས་བྱ་བའི་དངོས་པོའི་སྒྲས་འབྲེལ་པའོ། །དེ་དག་ལས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པའི་

བསོད་ནམས་བྱ་བའི་དངོས་པོ་རྣམས་ལས་སོ། །བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་ཡོངས་སུ་བསྔོ་བའི་བསོད་ནམས་ཉིད་ནི་མཆོག་ཅེས་བྱ་བའི་དོན་ཏོ། །མཆོག་ཉིད་ནི་རྣམ་པ་གཉིས་ཏེ། དམ་པའི་མཆོག་ཉིད་དང་། ཆེར་གདུང་བ་ཉིད་ཀྱིས་སོ། །གཙོ་བོའི་

མཆོག་ཉིད་དང་གཉིས་པ་མེད་པ་ཉིད་ཀྱིས་སོ། །དེ་ཉིད་གཉིས་པ་ནི། དམ་པ་དང་གཙོ་བོ་ཞེས་བྱ་བའོ། །གཙོ་བོ་ཡང་རྣམ་པ་གཉིས་ཏེ། རང་ཉིད་དང་ཐབས་ལ་མཁས་པས་སོ། །མཆོག་རབ་ཏུ་ཉིད་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་སོ། །གྱ་ནོམ་པ་ནི་གཉི་ག་

ལས་གཞན་མ་ཡིན་ནོ། །གཙོ་བོ་ཉིད་ཀྱིས་ཀྱང་རྣམ་པ་གཉིས་ཏེ། མཆོག་ཉིད་དང་མཉམ་པ་མེད་པའི་ཕྱིར་རོ། །མཆོག་ཉིད་མ་ཡིན་པ་དང་ལྷག་མ་མེད་པའི་ཕྱིར་རོ། །གོང་ན་མེད་པ་ནི་གཉི་ག་ལས་གཞན་མ་ཡིན་པའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཚིག་

เล่ม ๙๔ · หน้า 117a

གཉིས་ནི་འགའ་ཞིག་ཏུ་འདོན་པ་ཡིན་ཏེ། དེ་ལ་མཉམ་པ་མེད་པ་ནི་གང་གིས་ཀྱང་མཉམ་པ་མེད་པའི་ཕྱིར་ཏེ། རིགས་མཉམ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་མཉམ་པ་ཡོད་པ་ཞེས་གསུངས་སོ། །མི་མཉམ་པ་དང་མཉམ་པ་

ཞེས་བྱ་བ་མི་མཉམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་དང་མཉམ་པ་ནི་ཐུན་མོང་བ་སྟེ་མི་མཉམ་པ་དང་མཉམ་པའོ། །གཞན་སེམས་ཅན་རྣམས་ཀྱི་བསོད་ནམས་ནི་བདག་གི་དོན་ཅན་ཏེ་བྱང་ཆུབ་སེམས་དཔའ་ལ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ཅན་ཞེས་བྱ་

བའི་དགོངས་པའོ། །དེ་ནི་གནས་བརྟན་རབ་འབྱོར་ཡོངས་སུ་འདྲི་བར་བྱེད་པ་ནི། བྱམས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱོགས་བཅུ་ལ་སངས་རྒྱས་ཐམས་ཅད་ཀྱི་སེམས་བསྐྱེད་པ་དང་པོ་ལ་བརྟེན་ནས་ཇི་སྲིད་དུ་དམ་པའི་ཆོས་གནས་པའི་མཐར་ཚུལ་ཁྲིམས་ལ་སོགས་པ་ཕུང་

པོ་ལྔ་དང་སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་དང་དེས་ཡང་དག་པར་བསྡུས་པའི་ཡོངས་སུ་སྨིན་པ་དང་རྣམ་པར་སྨིན་པའི་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་དང་། བསྟན་པའི་ཆོས་ཀྱི་ཚོགས་དང་རྟོགས་པའི་ཆོས་ཀྱི་སྐུ་དང་བྱང་ཆུབ་སེམས་དཔའ་རྣམས་

ཀྱི་དགེ་བའི་རྩ་བ་དང་ཡང་དག་པའི་བྱང་ཆུབ་ལ་དམིགས་པར་བྱས་ནས་འཇུག་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དངོས་པོ་མེད་པ་དང་དམིགས་པ་མེད་པ་ལ་འཇུག་པའི་ཕྱིར། ཕྱིན་ཅི་ལོག་བཞི་དང་མཉམ་པ་ཐོབ་པ་

ཡིན་ནོ། །འོན་ཏེ་གལ་ཏེ་དངོས་པོ་ཇི་ལྟ་བ་དང་དམིགས་པ་ཇི་ལྟ་བར་ཅུང་ཟད་ཡོད་ན། དེ་ལྟ་ན་ཡང་གཟུགས་དང་ཚོར་བ་ལ་སོགས་པ་ཆོས་རྣམས་ཐམས་ཅད་ཉིད་ཡོད་པ་ཡིན་ཞེས་བྱང་ཆུབ་ཀྱི་སེམས་དང་། ཕ་རོལ་ཏུ་ཕྱིན་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་

སོགས་པ་རྣམས་ཇི་སྲིད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡང་ཡོད་པ་ཡིན་ཞེས་ཐོབ་པར་འགྱུར་རོ། །འོན་ཏེ་དངོས་པོ་ཇི་ལྟ་བ་དང་དམིགས་པ་ཇི་ལྟ་བར་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ཡང་ཐམས་ཅད་མེད་པའི་ཕྱིར་དངོས་པོ་དང་དམིགས་པ་དང་དགེ་བའི་རྩ་བ་དང་། རྗེས་སུ་ཡི་རང་བ་དང་

เล่ม ๙๔ · หน้า 117b

བསོད་ནམས་བྱ་བའི་དངོས་པོ་རྣམས་མེད་པ་དང་ཇི་ལྟར་ཡོད་པ་ལ་ཇི་ལྟར་ཡོངས་སུ་བསྔོ་བ་འགྲུབ་པར་འགྱུར་ཞེས་དེ་བརྗོད་པར་བྱའོ་ཞེས་འདྲི་བའི་དགོངས་པའོ། །བྱམས་པ་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཡང་གི་སྒྲ་ནི་བརྗོད་པར་བྱ་བའི་དོན་ལ་ཁྱད་པར་གསལ་བའི་དོན་དུའོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་སྟེ་ཐམས་ཅད་ལྷག་མ་མེད་པ་ཇི་སྲིད་དུ་རྗེས་སུ་ཡི་རང་བ་ཞེས་འཆད་པར་འགྱུར་བ་དང་འབྲེལ་ཏོ། །ཕྱོགས་བཅུ་འདི་ལ་ཡོད་པ་ན་ཕྱོགས་བཅུའི་འཇིག་རྟེན་ནོ། །ནམ་མཁའི་ཚད་ཀྱི་སྣོད་ཀྱི་འཇིག་རྟེན་ལའོ། །ཐམས་ཅད་ནས་

ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་དེ་རྣམས་ལའོ། །ཐམས་ཅད་དུ་སོང་བ་ཞེས་བྱ་བ་ནི་ཁྱབ་པ་ཉིད་དུ་མཐར་ཐུག་པ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཤིན་ཏུ་མཐའ་ཡས་པ་ཉིད་དོན་འོངས་པ་ལས་ཉེ་བར་བསྟན་པར་བྱེད་པ་ནི། གཞལ་དུ་མེད་པའི་གཞལ་དུ་མེད་པ་ཞེས་བྱ་

བ་སྟེ། གཞལ་དུ་མེད་པ་ལ་སོགས་པ་ལ་གཉིས་སུ་བརྗོད་པ་ནི་སོ་སོར་མངོན་པར་འབྲེལ་པའི་དོན་དུའོ། །མཐའ་ཡས་མུ་མེད་པ་ཡོད་པ་རྣམས་ཀྱི་ཞེས་བྱ་བ་ནི་མཐའ་ཡས་པ་དང་མཐའ་ཡས་པ་རྣམས་ལའོ། །དེ་བས་ན་ལན་གཉིས་ཀྱི་ཚིག་འདི་ནི་དོན་ལས་ཡིན་གྱི་སྒྲ་ལས་མ་

ཡིན་ནོ། །དེ་ལ་གཞལ་དུ་མེད་པ་ནི་ཕྱོགས་རིང་བ་ཉིད་ཀྱིས་ཡོངས་སུ་གཅོད་པ་མེད་པའི་ཕྱིར་རོ། །གྲངས་མེད་པ་ནི་གྲངས་ཀྱིས་ཡོངས་སུ་གཅོད་པ་མེད་པའི་ཕྱིར་རོ། །ཚད་མེད་པ་ནི་ཕྱོགས་ཡངས་པ་ཉིད་ཀྱིས་ཡོངས་སུ་གཅོད་པ་མེད་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པ་ནི་རེ་རེ་

བཞིན་བསམ་པར་མི་ནུས་པའི་ཕྱིར་རོ། །མཐའ་ཡས་པ་ནི་དེ་བསམ་པ་དེ་རྣམས་ཉིད་ལ་མཐར་མི་འགྲོ་བའི་ཕྱིར་རོ། །དེ་བཞིན་ཉིད་དུ་ཚང་བ་ཉིད་ཀྱིས་ཕྱོགས་རེ་རེར་མཐའ་ཡས་པའི་སྟོང་གསུམ་ལ་ཕྱོགས་རེ་རེར་གང་དུ་སྟོང་གསུམ་པ་རེ་རེར་གཞལ་དུ་མེད་པ་དང་གཞལ་དུ་མེད་པ་རྣམས་

ཀྱི་ཇི་སྲིད་དུ་མཐའ་ཡས་མུ་མེད་པའི་དེ་བཞིན་གཤེགས་པ་རྣམས་ཞེས་འབྲེལ་ཏོ། །འདིར་ཡང་སྟོང་གསུམ་རེ་རེ་དང་འབྲེལ་པའི་དོན་དུ་ལན་གཉིས་གསུངས་པའོ། །འོན་ཏེ་སྟོང་གསུམ་པ་གཅིག་ལ་དེ་བཞིན་གཤེགས་པ་གཅིག་ཉིད་ཡིན་ཏེ། གཞལ་དུ་མེད་པ་ལ་སོགས་

เล่ม ๙๔ · หน้า 118a

པ་ནི་མ་ཡིན་ནོ་ཞེས་གསུངས་པ། འདས་པའི་དུས་ན་ཞེས་བྱ་བ་སྟེ། དུས་གཅིག་ན་དེར་དེ་བཞིན་གཤེགས་པ་གཅིག་ཡིན་གྱི་དུས་ཐམས་ཅད་དུ་ནི་མ་ཡིན་ནོ། །འདས་པའི་དུས་ཀྱང་ཐོག་མ་མེད་པའི་ཕྱིར་གཞལ་དུ་མེད་པ་སྟེ། དེ་བས་ན་འཇིག་

རྟེན་གྱི་ཁམས་གཅིག་ལ་ཡང་འདས་པའི་དུས་སུ་དེ་བཞིན་གཤེགས་པ་གཞལ་དུ་མེད་པ་ལ་དུས་རིང་བས་ཡོངས་སུ་གཅོད་པའི་ཕྱིར་དེ་རྣམས་ཀྱང་དེ་ཙམ་ཡིན་ནོ། །གྲངས་མེད་པ་ནི་གྲངས་ཀྱིས་ཡོངས་སུ་གཅོད་པ་མེད་པའི་ཕྱིར་རོ། །ཚད་མེད་པ་ནི་ཡིད་ཀྱིས་ཞེང་དུ་གཞག་

ནས་ཡངས་པ་ཡོངས་སུ་གཅོད་པ་མེད་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པ་ནི་རེ་རེའི་བསམ་པས་སོ། །མཐའ་ཡས་པའི་རེ་རེའི་བསམ་པས་མཐར་མི་འགྲོ་བའི་ཕྱིར་རོ། །དེ་ལྟ་བུའི་དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་བཞུགས་པ་རྣམས་

ཀྱི་ནི་མ་ཡིན་ནོ། །ཕུང་པོ་ལྷག་མ་མེད་པའི་ཞེས་བྱ་བ་ལ། ཕུང་པོ་ནི་ཕུང་པོ་རྣམས་སོ། །དེ་རྣམས་ལྷག་མ་གང་ལ་ཤཱཀྱ་སེང་གེ་ལ་སོགས་པའི་ངོ་བོ་གང་དང་གང་གིས་ཆོས་ཀྱི་འཁོར་ལོ་ལ་སོགས་པ་རབ་ཏུ་བསྐོར་བ་དེ་མེད་པའི་ཕྱིར། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་

དབྱིངས་སོ། །འདི་ཡང་འཇིག་རྟེན་གྱི་ཁམས་གཅིག་ལ་སྤྲུལ་པའི་སྐུས་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་པ་སྟེ། རྣམ་པ་ཐམས་ཅད་དུ་མ་ཡིན་ནོ། །དགྲ་ནི་ཉོན་མོངས་པ་རྣམས་སོ། །དེ་བཅོམ་པས་ན་དགྲ་བཅོམ་པ་རྣམས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་

ཐམས་ཅད་ཕྱིན་ཅི་མ་ལོག་པར་མཁྱེན་པའི་ཕྱིར་རོ། །ཚིག་གཉིས་པོ་འདིས་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་དག་གསུངས་སོ། །ལམ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །བྲི་ཏེ་ཞེས་བྱ་བའི་བྱེད་པའི་ཁམས་ལ་ཨ་ཎེ་ཞེས་བྱ་བའི་རྐྱེན་ནོ། །ས་ར་ཎི་ནི་ཐབས་ཏེ་དྷ་ར་ཎི་ས་བཞིན་དུའོ། །

འཇུག་པ་ནི་སྲེད་པ་སྟེ་སྲེད་པའི་ཐབས་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ང་འོ་ང་རྒྱལ་ཕར་གསུངས་ཏེ། །མ་ནི་སྲེད་པ་ཞེས་བརྗོད་དོ། །ཞེས་བྱ་བས་སོ། །དེ་དག་རྩ་བ་ནས་བཏོན་པའི་ཕྱིར། །ལམ་ཆད་པ་དང་། འཇུག་པ་ཆད་པའོ། །སྤྲོས་པ་ནི་གཉིས་ཀྱི་རྟོག་པའོ། །སྲིད་

เล่ม ๙๔ · หน้า 118b

པ་ནི་འཁོར་བའོ། །དེ་དག་ལས་འདྲེན་པ་ནི་ཁྲིད་པར་བྱེད་པ་སྟེ། རིམ་པ་ཇི་ལྟ་བར་ཆོས་ཀྱི་སྒྲོ་འདོགས་པ་དང་གང་ཟག་ཏུ་སྒྲོ་འདོགས་པའོ། །དེ་དག་ཡོངས་སུ་ཟད་པའི་ཕྱིར་སྤྲོས་པ་དང་། སྲིད་པར་འདྲེན་པ་ཆད་པའོ། །འདྲེན་པར་བྱེད་པ་ཞེས་བྱ་བའི་འདོན་པ་ལ།

འདོན་པར་བྱེད་པ་ནི་ཆོས་ཀྱི་ལྟ་བ་དང་གང་ཟག་གི་ལྟ་བ་ལ་འདྲེན་པར་བྱེད་པ་ཞེས་བཤད་པར་བྱའོ། །མཆི་མ་ཟད་པ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་རྣམས་ནི་པོ་ཏི་སྔ་མ་རྣམས་ལ་འོག་ཏུ་འདོན་པ་ཡིན་ཏེ། གནས་འདིར་ནི་མ་ཡིན་ནོ། །སྲིད་པ་གཞན་མེད་པས་སླར་

གཉེན་མེད་པ་དང་མྱ་ངན་མེད་པ་དང་། མཆི་མ་མེད་པ་དེ་བས་ན་མཆི་མ་ཟད་པའོ། །ཚེར་མ་ནི་ཚེར་མ་དང་ཆོས་མཐུན་པས་ལྟ་བ་ངན་པ་རྣམས་སོ། །དེ་བརྡུང་བས་ན་ཚེར་མ་བཅོམ་པའོ། །ལྷག་མ་ནི་གླིང་བཞི་བཤད་པ་ལས་བཤད་ཟིན་པ་ལྟ་བུའོ། །བཟུང་སྟེ་ནས་

བརྩམས་ཏེ་དེ་དག་གི་བར་གྱི་ཞེས་བྱ་བའི་བར་གྱིས་འདིའི་གོ་སྐབས་ལའོ། །ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ནི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོའོ། །ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པ་ནི་རྣམ་པར་གྲོལ་བའི་ཕུང་པོའོ། །རྣམ་པར་གྲོལ་བ་ནི་ཁོ་བོ་ནི་རྣམ་པར་

གྲོལ་བ་ཞེས་བྱ་བའི་ཡེ་ཤེས་གཟིགས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོའོ། །སངས་རྒྱས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཉིད་གསུངས་པ་ནི། སྟོབས་དང་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་སྟོབས་ལ་སོགས་པ་

རྣམས་ཡོད་མོད་ཀྱི། དེ་རྣམས་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དེ་ཡོངས་སུ་བཅད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚིག་གོ། །སྟོབས་རྣམས་ནི་མ་མཐོང་བའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཏེ། གནས་དང་གནས་མ་ཡིན་པ་ལ་སོགས་པ་རང་གི་རྣམ་པར་རྟོག་པ་དང་

བྲལ་བའི་ཡེ་ཤེས་ཐོགས་པ་མེད་པའི་མཚན་ཉིད་ཅན་ནོ། །མི་འཇིགས་པ་ནི་བཤད་ཟིན་ཏོ། །མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི། མི་འཕོ་བའི་སངས་རྒྱས་རྣམས་ཀྱི་མངོན་པར་ཤེས་པ་དྲུག་ཤིན་ཏུ་རྣམ་པར་དག་པ་ལྷའི་མིག་ལ་སོགས་པ་རྣམས་སོ། །

เล่ม ๙๔ · หน้า 119a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གནས་སྐབས་ཀྱིས་སོ། །གཙོ་བོ་ཉིད་བསྒྲགས་པའི་དོན་དུ་ཡང་སོ་སོར་ཉེ་བར་དགོད་པའོ། །ཡོངས་སུ་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་འདོན་པ་ལ་ནི་ཟག་པ་མེད་པའི་ལམ་ཡོངས་སུ་

ཤེས་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །བྱམས་པ་ཆེན་པོ་ནི་གང་གིས་བདེ་བས་གདུལ་བར་བྱ་བ་རྣམས་ལ་ཕན་པ་དང་བདེ་བ་ཉེ་བར་སྡུད་པར་བྱེད་པའོ། །སྙིང་རྗེ་ཆེན་པོ་ནི་གང་གིས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱུའི་རྐྱེན་འཇིག་

པར་བྱེད་དེ། དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་རྣམས་ཀྱི་ལྡན་པའི་དགེ་བའི་རྩ་བ་རྣམས་བརྗོད་ནས། སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་རྣམས་ཀྱང་གསུངས་པ་ནི། སངས་རྒྱས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ཀྱི་ཡོན་ཏན་ཞེས་བྱ་བ་ནི་སྟོབས་ལ་སོགས་པ་རྣམས་སོ། །

ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་ནི་བདེ་བ་སྟེ། ཉེ་བར་ཞི་བའི་བདེ་བ་ཉིད་ཀྱི་ཕྱིར་དང་། འགྲོ་བའི་བདེ་བ་རྒྱུ་ཉིད་ཀྱི་ཕྱིར་རོ། །ཆོས་ཐམས་ཅད་ལ་དབང་ཕྱུག་གི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་འགྲོ་བའི་དོན་སྒྲུབ་པར་ནུས་པ་ཉིད་དོ། །རྫུ་འཕྲུལ་

ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །དེ་ཉིད་ནི་གདུལ་བྱའི་སྐྱེ་བོ་ལ་མངོན་པར་འདུ་བྱེད་པ་ནི་མངོན་པར་འདུ་བྱེད་པའོ། །ཡང་ན་རྫུ་འཕྲུལ་གྱི་མངོན་པར་འདུ་བྱེད་པ་ནི་བྱ་བ་སྟེ། དེ་ཉིད་ནི་དཔག་ཏུ་མེད་པ་ལ་གདུལ་བྱ་མཐའ་ཡས་པ་ཉིད་ཀྱིས་དེ་ཡང་མཐའ་ཡས་པའི་ཕྱིར་རོ། །ཟིལ་གྱིས་

མི་ནོན་པ་ནི་བདུད་ཐམས་ཅད་དང་མི་མཐུན་པའི་ཕྱོགས་རྣམས་ལ་ཡུལ་མ་ཡིན་པའི་ཕྱིར་རོ། །ཐམས་ཅད་ཟིལ་གྱིས་ནོན་པ་ནི་བདུད་ཐམས་ཅད་དང་མུ་སྟེགས་པ་རྣམས་ཟིལ་གྱིས་ནོན་པའི་ཕྱིར་རོ། །མཆོག་ནི་ཉན་ཐོས་ལ་སོགས་པ་ལས་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྒྲིབ་པ་

མེད་པ་ནི་དག་པ་ཉིད་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱིས་སོ་སོར་གཞོམ་མི་ནུས་པའི་ཕྱིར་རོ། །མ་ཆགས་པ་ཞེས་བྱ་བ་ནི་ཆགས་པའི་རྒྱུའམ། ཞེ་སྡང་གི་རྒྱུའི་ཡུལ་ཐོབ་པས་ན་དེ་ཉིད་གཅིག་ལ་ཆགས་པ་ལ་གཞན་དུ་འགྲོ་བར་མི་ནུས་པར་འགྱུར་དེ་མེད་པས་ན་

เล่ม ๙๔ · หน้า 119b

ཆགས་པ་མེད་པའོ། །ཐོགས་པ་མེད་པ་ནི་ཤེས་བྱ་ཐམས་ཅད་རྣམ་པ་ཐམས་ཅད་ལ་འཇུག་པའི་ཕྱིར་རོ། །མཉམ་པ་མེད་པ་ནི་འཇིག་རྟེན་པ་དང་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དཔེ་མེད་པ་ནི་དཔེ་མེད་པའི་ཕྱིར་རོ། །ཐམས་ཅད་ལས་ཡོངས་སུ་གཅོད་པ་ནི་ཚད་མེད་དེ།

རང་གི་ངོ་བོ་མ་ལུས་པ་འཛིན་པའི་མངོན་སུམ་མོ། །དེ་གཞན་རྣམས་ལ་མེད་པས་ན་དཔག་ཏུ་མེད་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་དག་པ་ཇི་ལྟ་བའི་ཡེ་ཤེས་ནི་ཡང་དག་པའི་ཡེ་ཤེས་སོ། །དེ་ཉིད་ནི་སྟོབས་ཏེ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་རོ། །སྟོབས་

ཀྱི་ནང་ན་སངས་རྒྱས་ཀྱི་སྟོབས་གང་ཡིན་པ་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྟོབས་ནི་ནུས་པ་སྟེ། དུས་མེད་པར་རྣམ་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དོན་བྱ་བའི་ཕྱིར། དེ་ཉིད་ནི་སྟོབས་རྣམས་ཀྱི་ནང་དུ་ཆེར་མཆོག་གི་སྟོབས་སོ། །སངས་རྒྱས་ཀྱི་ཡེ་ཤེས་དང་

གཟིགས་པ་ཞེས་བྱ་བ་ལ། ཡེ་ཤེས་ནི་བདེན་པ་དང་མངོན་པར་རྫོགས་པའི་བྱང་ཆུབ་བོ། །གཟིགས་པ་ནི་མངོན་པར་ཤེས་པ་ལྔས་སོ། །འདིར་ཡེ་ཤེས་ཉིད་ནི་ཤིན་ཏུ་གསལ་བའི་རྣམ་པ་ཅན་གཟིགས་པ་ཞེས་བྱ་བ་གཞན་དག་གོ །སྟོབས་བཅུའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གནས་

དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པ་རྣམས་སོ། །མི་འཇིགས་པ་བཞི་མཆོག་ཏུ་ཡོངས་སུ་རྫོགས་པར་ཁོང་དུ་ཆུད་པ་དང་། གང་ཡང་ཆོས་ཁོང་དུ་ཆུད་པ་ཞེས་བྱ་བར་འབྲེལ་ཏོ། །དེ་ཇི་ལྟར་ཆོས་ཐམས་ཅད་དོན་དམ་པའི་ཡང་དག་པར་ཡེ་ཤེས་ཀྱི་མངོན་པར་སྒྲུབ་པ་ནི་

ངེས་པར་སྒྲུབ་པས་སོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ནི། བདེན་པ་བཞི་གསལ་བར་བྱེད་པའི་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཀྱི་ཆོས་རྣམས་སོ། །དེ་རྣམས་ཀྱི་འཁོར་ལོ་སྟེ་དེ་རབ་ཏུ་བསྐོར་བའོ། །འདི་ནི་བསྟན་པ་སྟེ་འདིའི་རྒྱས་པར་བཤད་པ་ནི་ཚིག་

དགུས་སོ། །དེ་ཉིད་ནི་ཆོས་ཀྱི་སྒྲོན་མ་སྟེ་འཕགས་པའི་བདེན་པ་བཞི་གསལ་བར་བྱེད་པའི་ངག་གོ། །དེ་ཐོགས་པ་ནི་ཡིད་ཀྱི་རྣམ་པར་གཞག་པའོ། །ངག་དེ་ཉིད་ནི་ཆོས་ཀྱི་རྔ་སྟེ། དེ་བརྡུང་བ་ནི་གདུལ་བྱའི་སྐྱེ་བོས་ཐོས་སུ་བཅུག་པའོ། །ངག་དེ་ཉིད་ནི་ཆོས་ཀྱི་དུང་སྟེ།

เล่ม ๙๔ · หน้า 120a

དེ་འབུད་པ་ནི་གདུལ་བྱ་རྣམས་ཀྱིས་ཤེས་པའོ། །ཆོས་ཀྱི་དུང་སྒྲོགས་པ་ཞེས་བྱ་བ་འགའ་ཞིག་ཏུ་འདོན་པའོ། །དེ་ལ་འཇིག་རྟེན་གྱི་ཁམས་གཞན་ན་གནས་པའི་གདུལ་བྱ་རྣམས་ལ་ཡང་འདི་ཉིད་ཀྱིས་སྒྲོགས་པ་ནི་ངག་གི་དོན་ཐོབ་པའི་ཕྱིར་རོ། །

ཆོས་ཀྱི་རལ་གྲི་འདེབས་པ་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་རྣམ་པར་འཇོམས་པའོ། །ཆོས་ཀྱི་ཆར་འབེབས་པ་ནི་སྐྱེ་བོ་མང་པོ་ལ་དེ་དགེ་བའི་ལོ་ཏོག་སྐྱེད་པར་བྱེད་པའི་འཇུག་པ་ནི་དེའི་འདེབས་པའོ། །ཆོས་ཉིད་ནི་མཆོད་སྦྱིན་ཏེ། ཐོགས་པ་མེད་པའི་ཕྱིར་རོ། །དེའི་སྦྱིན་

པ་ནི་སེམས་ཅན་ཐམས་ཅད་ལ་ཆོས་སྦྱིན་པས་སོ། །ཚིམ་པར་མཛད་ཅིང་ཡང་དག་པར་སྟོབས་པ་ནི་གདུལ་བྱའི་སྐྱེ་བོའི་འདོད་པས་ཆོས་ཇི་ལྟར་འདོད་པས་སྦྱིན་པའོ། །དེ་ལྟར་ཆོས་ཐམས་ཅད་རྒྱས་པ་ལ་དམིགས་པའི་རྗེས་སུ་ཡི་རང་བ་ཉེ་བར་བསྟན་ནས། སེམས་ཅན་དང་ཆོས་ལ་

དམིགས་པ་བརྗོད་པར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་ཀྱི་ཐེག་པའི་སོ་སོར་ཆོས་ལ་དམིགས་པའི་དབྱེ་བས་རྣམ་པ་བཞི་སྟེ། དེའི་དབང་དུ་མཛད་ནས་གསུངས་པ་ནི། གང་ཡང་ཆོས་བསྟན་པ་དེ་དག་དང་ཞེས་བྱ་བ་ལ་སོགས་པ་སྟེ།

བཏུལ་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་སོགས་པ་ལ་སེམས་ཅན་ཇི་ལྟར་རིགས་པར་རབ་ཏུ་གནས་པར་བྱེད་པས་སོ། །བསླབ་པར་བྱ་བ་ནི་གོང་ནས་གོང་དུ་བསླབ་པ་དམིགས་པས་སོ། །མོས་པར་གྱུར་པ་ནི་དེ་ཡང་ལྷག་པར་མོས་པའི་དབང་གིས་ཞེས་བྱ་བའོ། །ངེས་

པར་གྱུར་པ་ནི་རང་གི་ཐར་པ་ལས་མི་ལྡོག་པའི་ཕྱིར་རོ། །ཇི་ལྟར་ངེས་པར་གྱུར་ཞེ་ན། གསུངས་པ་ནི་རྫོགས་པའི་བྱང་ཆུབ་ལ་གཞོལ་བར་གྱུར་པ་ཞེས་བྱ་བ་སྟེ། རང་རང་གི་ཐར་པ་ཉིད་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱི་རྫོགས་པའི་བྱང་ཆུབ་བོ། །འདི་ལ་སོ་སོའི་སྐྱེ་བོ་གང་དག་གིས་

ཞེས་བྱ་བ་ནི། ལམ་མ་ཐོབ་པ་རྣམས་ཏེ་འཁོར་བ་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ཀྱིས་སོ། །འཁོར་རྣམས་ལ་བསྟན་པར་བྱེད་པ་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཁོར་བཞི་པོ་ཞེས་བྱ་བའོ། །ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི། ཁྱད་པར་དུ་སངས་རྒྱས་ལ་སོགས་པ་

เล่ม ๙๔ · หน้า 120b

རྣམས་ལ་བརྟེན་པ་ནི་ཞིང་དུ་བྱས་ནས་སོ། །ཡིད་ཀྱིས་བསྒོམས་པ་ནི་མགུ་བར་བྱ་བའོ། །དེའི་ཕྱིར་ཕན་པ་ནི་ཡིད་ཀྱིས་བསྒོམ་པར་བྱ་བ་སྟེ། དང་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །མ་ལུས་ཤིང་མངོན་པར་བསྡུས་ཏེ་ལུས་པ་མེད་པར་རྗེས་སུ་ཡི་རང་སྟེ་ཞེས་འབྲེལ་ཏོ། །གཅིག་ཏུ་ཞེས་

བྱ་བ་ནི་སྤུངས་པ་གཅིག་གིས་སོ། །མངོན་པར་བསྡུས་ཏེ་ཞེས་བྱ་བ་འདིའི་འགྲེལ་པ་ནི་བསྡོམས་ཤིང་གཞལ་ནས་ཞེས་བྱ་བའོ། །མཉམ་པར་གཞག་པའི་ཡིད་ཀྱིས་དཔྱད་པར་བྱས་ནས་སོ། །རྗེས་སུ་ཡི་རང་བ་ཞེས་བྱ་བ་ནི་ཡང་དག་པར་བྱས་ནས་སོ་ཞེས་དགའ་བས་དམིགས་པར་བྱ་བའོ། །

རྗེས་སུ་ཡི་རང་བའི་ཞེས་བྱ་བ་ནི་དགའ་བ་སྐྱེད་པ་ཉིད་ཀྱིས་སོ། །མཆོག་གིས་ཞེས་བྱ་བ་ལ་སོགས་པ་ལ། མཆོག་ཉིད་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཡང་ན་དམིགས་པ་རྣམ་པ་བཅུ་གཅིག་ལ་ཡང་དེ་རབ་ཉིད་ཀྱི་ཕྱིར་ཚིག་རྣམ་པ་བཅུ་གཅིག་གོ །ཇི་ལྟར་རྣམ་པ་བཅུ་གཅིག་པ་ཉིད་

དབུས་དང་ཕྱོགས་བཅུ་ལ་དེ་བཞིན་གཤེགས་པ་རྣམས་གང་ཞིག་དེ་རྣམས་ཀྱིས་ཡོངས་སུ་གཅོད་པ་མེད་པའི་དགེ་བའི་རྩ་བ་གང་ཞིག་དེའི་དམིགས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཡོངས་སུ་སྔོ་བར་བྱེད་ཅེ་ན། གསུངས་པ། བྱང་ཆུབ་ལ་སྒྲུབ་པར་བྱེད་པ་ནི་འགུགས་པར་བྱེད་པར་གྱུར་ཅིག་

ཅེས་བྱ་བའོ། །གལ་ཏེ་ཡང་རང་གིས་བྱས་པའི་བསོད་ནམས་ཀྱང་ཡོངས་སུ་བསྔོ་བར་བྱ་བ་ཉིད་དེ། དེ་ལྟ་ན་ཡང་རང་ཉིད་ཀྱིས་སྦྱིན་པ་ལ་སོགས་པའི་སྦྱོར་བ་མེད་ཀྱང་རྗེས་སུ་ཡི་རང་བ་ཙམ་ཉིད་ཀྱིས་འདི་ཙམ་དཔེ་མེད་པའི་བསོད་ནམས་ཀྱི་ཕུང་པོ་སྐྱེ་བ་ཡིན་ཞེས་ཐབས་ལ་མཁས་པ་

ཡང་དག་པར་བསྟན་པའི་དོན་དུ་རྗེས་སུ་ཡི་རང་བའི་བསོད་ནམས་ཉེ་བར་བཀོད་པའོ། །དེ་ལྟར་ན་དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པས་རྒྱས་པར་ཇི་ལྟ་ཇི་ལྟར་རྗེས་སུ་ཡི་རང་བར་བྱས་ནས། ཇི་ལྟར་བྱང་ཆུབ་སེམས་དཔས་ཡོངས་སུ་སྔོ་བར་བྱེད་པ་དེ་བཤད་ཟིན་ཏོ། །དེ་ཡང་དགོངས་པ་

གང་གིས་གསུངས་པ་དེ་འདྲི་བའི་དོན་གསལ་བར་བྱེད་པ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པས་སོ། །དངོས་པོ་གང་དག་དང་ཞེས་བྱ་བ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱིས་སོ། །ཅི་གང་ཞེས་བྱ་བ་ནི་དམིགས་པར་ནུས་སམ་ཞེས་བྱ་བ་དྲི་བ་གཞན་ནོ། །དམིགས་

เล่ม ๙๔ · หน้า 121a

པ་གང་དག་དང་ཞེས་བྱ་བ་ནི་དགེ་བའི་རྩ་བ་རྣམས་ཀྱིས་སོ། །རྣམ་པ་གང་དག་དང་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་ཕུང་པོ་ལ་སོགས་པ་རྣམས་ཀྱིས་སོ། །སེམས་དེ་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བའི་སེམས་སོ། །ཅི་གང་ཞེས་བྱ་

བ་ནི་དམིགས་པར་ནུས་སམ་ཞེས་བྱ་བ་དྲི་བ་གཞན་ནོ། །མཚན་མར་བྱས་པ་ནི་རྣམ་པར་རྟོག་པར་བྱེད་དེ། གཞན་དུ་ན་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བ་དག་མི་རིགས་པའི་ཕྱིར་རོ། །དགོངས་པ་ནི་འདི་ཡིན་ཏེ། ཕྱོགས་བཅུ་ལས་སངས་རྒྱས་ལ་སོགས་པ་ཐམས་ཅད་ཀྱི་

དགེ་བའི་རྩ་བ་དམིགས་པར་བྱས་ནས་འཇུག་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་ཡི་རང་བ་དང་། དགེ་བའི་རྩ་བ་དེ་དངོས་པོ་མེད་པ་དང་དམིགས་པ་མེད་པ་ལ་འཇུག་པའི་ཕྱིར། ཕྱིན་ཅི་ལོག་བཞི་དང་མཚུངས་པ་ཐོབ་པར་འགྱུར་རམ། འོན་ཏེ་དངོས་པོ་

ཇི་ལྟ་བ་དང་དམིགས་པ་ཇི་ལྟ་བར་ཅུང་ཟད་ཡོད་ན། དེ་ལྟར་ན་ཆོས་རྣམས་ཐམས་ཅད་ཡོད་ཅེས་ཐོབ་པར་འགྱུར་རོ། །འོན་ཏེ་ཡོད་པ་མ་ཡིན་ན་དེ་ལྟ་ན་ཐམས་ཅད་ཉིད་མེད་པའི་ཕྱིར། དངོས་པོ་དང་དམིགས་པ་དང་དགེ་བའི་རྩ་བ་དང་། རྗེས་སུ་ཡི་རང་བ་དང་བསོད་ནམས་བྱ་

བའི་དམིགས་པ་མེད་པ་ལ་ཇི་ལྟར་ཡོངས་སུ་བསྔོ་བ་སྒྲུབ་པར་བྱེད་པ་ཞེས་བྱ་བའོ། །དེ་ལྟར་སྨྲས་པ་ལ་བྱང་ཆུབ་སེམས་དཔའ་བྱམས་པ་གང་ཞིག་ཡོངས་སུ་སྨིན་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱི་མཚན་མར་བྱས་ནས་ཡོངས་སུ་བསྔོ་བ་

ཡོད་ཅེས་གསུངས་པ་ནི། བཙུན་པ་རབ་འབྱོར་དངོས་པོ་དེ་དག་དང་ཞེས་བྱ་བའོ། །གནས་བརྟན་གྱིས་གསུངས་པ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། འོ་ན་གང་ཞིག་གསར་པ་སྟོང་པ་ཉིད་མངོན་དུ་བྱས་ནས་ཡོངས་སུ་སྔོ་བར་བྱེད་པ་དེའི་ཕྱིན་ཅི་ལོག་པར་མི་འགྱུར།

དེ་ལ་འདུ་ཤེས་ཕྱིན་ཅི་ལོག་པ་ནི། རེ་ཞིག་རང་བཞིན་མེད་པའི་དགེ་བའི་རྩ་བ་ལ་སོགས་པ་རྣམས་ལ་དགེ་བའི་རྩ་བ་འདི་རྣམས་ཡང་དག་པར་བྱང་ཆུབ་ལ་ཡོངས་སུ་སྔོ་བར་བྱེད་ཅེས་བྱ་བའི་འདུ་ཤེས་ཡོངས་སུ་བརྟགས་པས་ལྟ་བ་ཕྱིན་ཅི་ལོག་པའོ། །གང་ཞིག་དེ་ཉིད་ལ་དེ་

เล่ม ๙๔ · หน้า 121b

ལྟར་འདུ་ཤེས་པའི་ཡོངས་སུ་བརྟག་པ་ལ་བཟོད་པ་དང་འདོད་པ་དང་རྣམ་པར་གཞག་པ་དང་། མངོན་པར་ཞེན་པ་དང་ནི་སེམས་ཕྱིན་ཅི་ལོག་པའོ། །གང་དེ་ཉིད་ལ་དེས་མངོན་པར་ཞེན་པའི་དངོས་པོ་ལ་སེམས་མི་ལྡོག་པ་འདི་རྣམས་སྒྲུབ་པའི་དོན་དུ་འདོད་ཆགས་ཀྱི་དཔེའོ། །འདོད་

ཆགས་ནི་མེད་པར་གྱུར་པའི་དངོས་པོ་ཡང་དག་པར་རྟོག་པར་བྱས་ནས་འབྱུང་ངོ་ཞེས་བྱ་བ་དང་འབྲེལ་ཏོ། །ཡང་དག་པར་རྟོག་པའི་རྣམ་པ་སྟོན་པར་བྱེད་པ་ནི། མི་རྟག་པ་ལ་རྟག་པ་དང་ཞེས་བྱ་བ་སྟེ། རྣམ་པར་བརྟགས་ཤིང་ཞེས་བྱ་བ་ནི་སྒྲོ་འདོགས་པར་བྱས་ནས་སོ། །ཀུན་ཏུ་བརྟགས་

ནས་ཞེས་བྱ་བ་ནི་རྟག་པ་ལ་སོགས་པའི་རྣམ་པས་མངོན་པར་ཞེན་པར་བྱས་ཏེ་འདོད་ཆགས་འབྱུང་བ་ཡིན་ནོ། །དེ་ཡང་ཕྱིན་ཅི་ལོག་གི་རང་བཞིན་ཏེ་གང་ཞིག་འདི་མི་རྟག་པ་ལ་རྟག་པ་ཞེས་བྱ་བ་ཇི་སྲིད་དུ་མི་གཙང་བ་ལ་གཙང་བ་ཞེས་བྱ་བའི་འདུ་ཤེས་ཀྱིས་ཡོངས་སུ་བརྟགས་པ་དེ་ནི་འདུ་ཤེས་

ཕྱིན་ཅི་ལོག་པའོ། །གང་ཞིག་དེ་ཉིད་ལ་དེ་ལྟར་འདུ་ཤེས་པའི་ཡོངས་སུ་བརྟག་པ་ལ་བཟོད་པ་དང་། འདོད་པ་དེ་ནི་ལྟ་བ་ཕྱིན་ཅི་ལོག་པའོ། །གང་ཞིག་དེ་ལྟར་མངོན་པར་ཞེན་པ་དེ་ཉིད་ལ་འདོད་ཆགས་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་དེ་ནི་སེམས་ཕྱིན་ཅི་ལོག་པར་འགྱུར་ཞེས་

བྱ་བའོ། །དེ་ལྟར་ན་འདུ་ཤེས་ལ་སོགས་པའི་ཕྱིན་ཅི་ལོག་གི་བདག་ཉིད་ཅན་འདོད་ཆགས་སོ། །རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་འདི་དེ་དང་འདྲ་བ་སྟེ། མི་དམིགས་པ་ལ་ཡང་དམིགས་པའི་ཕྱིར་ཞེས་བྱ་བ་ཕྱིན་ཅི་ལོག་པར་འགྱུར་ཞེས་བྱ་བའོ། །གཞན་

ཡང་ཞེས་བྱ་བས་གཞན་གྱི་འདོད་པ་ལ་དགོས་པ་བྱེད་དེ། སེམས་ཀྱང་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་སོ། །ཆོས་ཐམས་ཅད་དང་ཞེས་བྱ་བ་ནི་མདོར་བསྟན་པའོ། །ཁམས་ཐམས་ཅད་ཀྱང་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པས་སྐྱོན་

གསུངས་པ་ནི། དེས་ན་དངོས་པོ་གང་དག་དང་ཞེས་བྱ་བ་སྟེ། རྗེས་སུ་ཡི་རང་བའི་སེམས་དང་འབྲེལ་པ་ཅན་རྣམས་ཀྱིས་སོ། །སེམས་གང་ཞིག་ཅེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་སོ། །དེ་ལ་ཡང་རང་བཞིན་མེད་པའི་ཕྱིར། གང་དུ་ཞེས་བྱ་བ་ནི་གང་ལའོ། །ཡོངས་སུ་བསྔོ་

เล่ม ๙๔ · หน้า 122a

བ་ཉིད་མི་འགྱུར་ཞེས་བྱ་བའི་དགོངས་པའོ། །གང་དུ་ཞེས་བྱ་བ་ནི་འགའ་ཞིག་ཏུ་འདོན་པ་མ་ཡིན་ནོ། །འདིར་འཕགས་པ་བྱམས་པས་དེ་ཁོ་ན་ཉིད་མངོན་དུ་བྱས་པར་དགེ་བའི་བཤེས་གཉེན་ལ་ཉེ་བར་བརྟེན་པ་དང་བྲལ་བའི་གསར་པ་རྣམས་ལས་སྟོང་པ་

ཉིད་བསྟན་པ། འདི་ལ་སྣོད་མ་ཡིན་པ་ཉིད་དུ་གསུངས་པ་ནི། འཕགས་པ་རབ་འབྱོར་འདི་ནི་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། བདུན་དུ་བཤད་པར་མི་བྱ་བ་ནི་གཞུང་གིས་སོ། །བསྟན་པར་མི་བྱ་བ་ནི་དོན་གྱིས་སོ། །བཤད་པ་ལ་སོགས་པ་ལ་ཐོབ་པ་ལས་ཡོངས་སུ་ལྟུང་བ་དང་

མ་ཐོབ་པར་ཡོངས་སུ་ལྟུང་བའི་སྐྱོན་སྟོན་པར་བྱེད་པ་ནི། དེ་ལ་གང་ཐ་དད་པ་ཙམ་དང་ཞེས་བྱ་བ་ལ་སོགས་པ་འདི་ལ་ཡོད་པར་མི་འགྱུར་ཏེ། གང་དུ་ཞེ་ན། རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་ལ་སོགས་པ་ལའོ། །ཙམ་གྱི་སྒྲ་ནི་མ་ཆད་པའི་དོན་དུའོ། །དད་པ་ནི་རྫོགས་པའི་

བྱང་ཆུབ་ཀྱི་རྒྱུ་ཡིད་ཆེས་པའོ། །དགའ་བ་ནི་དགའ་བ་སྟེ་དེ་འདོད་པའོ། །མོས་པ་ནི་དེ་ལས་གང་དུ་ཡོད་པའི་ཡོན་ཏན་ཡང་དག་པར་འབྱུང་བས་རྗེས་སུ་མཐུན་པ་ཡིད་ཀྱི་རྙོག་པ་དང་བྲལ་བའོ། །གུས་པ་ནི་གུས་པས་དེ་ལ་མཆོད་པ་ལ་སོགས་པ་མི་འདའ་བར་བྱེད་པ་གང་ཡིན་

པའོ། །དེ་ལྟར་ཡང་རྗེས་སུ་སྒྲུབ་པ་མེད་པས་མ་ཐོབ་པ་ཡོངས་སུ་ལྟུང་བ་ཁྱད་པར་གྱིས་ཞེས་བསྟན་ཏོ། །ཡོངས་སུ་སྨིན་པ་རྣམས་ལ་བཤད་པ་ལ་སྐྱོན་མེད་པ་བསྟན་པར་བྱེད་པ་ནི། ཕྱིར་མི་ལྡོག་པའི་ཞེས་བྱ་བ་སྟེ་ས་དང་པོ་ཐོབ་པའི་ཕྱིར་རོ། །གང་ཡང་དེ་ཁོ་ན་ཉིད་མངོན་

དུ་མ་བྱས་པའི་གསར་པ་དགེ་བའི་བཤེས་གཉེན་ལ་ཉེ་བར་བརྟེན་པར་འགྱུར་བ་དེ་ལ་ཡང་། ཐབས་ལ་མཁས་པ་ཉིད་ཀྱི་ཕྱིར། ཉེ་བར་དམིགས་པར་སོང་བ་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བའི་སྦྱོར་བ་ཀུན་རྫོབ་ལ་ལྷག་པར་མོས་པ་ཅན་དོན་དམ་པ་ལ་ཡང་དག་པར་བསྟེན་

པས་མི་དམིགས་པ་ལ་བརྟེན་པ་ཡོངས་སུ་བསྔོ་བའི་སྦྱོར་བ་ཞེས་བྱ་བའོ། །དེ་ལ་ཡང་ཕྱིན་ཅི་ལོག་དང་འདྲ་བའི་སྐྱོན་མེད་པ་ཞེས་བྱ་བ་དེ་ལ་ཡང་བཤད་པ་ལ་སྐྱོན་མེད་པར་གསུངས་པ་ནི། གང་དགེ་བའི་བཤེས་གཉེན་ཞེས་བྱ་བ་སྟེ། ཉེ་བར་བསྟེན་པར་འགྱུར་བ་ནི་བསྟེན་པར་

เล่ม ๙๔ · หน้า 122b

བྱས་པའོ། །འགོད་པ་ནི་སེམས་ཀྱི་དམན་པ་ཉིད་དོ། །ཀུན་ཏུ་ཞུམ་པ་ནི་སེམས་ཡང་དག་པར་མཐོང་བ་ཉིད་དོ། །བག་ཚ་བ་ནི་ངལ་བའོ། །བག་འཁུམས་པ་ནི་ངལ་བའི་རྒྱུན་ནོ། །སྐྲག་པ་ནི་བརྩོན་འགྲུས་མེད་པའོ། །ཚངས་པའི་སྐྲག་པ་ནི་ཀུན་ཏུ་སྐྲག་པའོ། །

དེའི་རྒྱུན་ནི་ཀུན་ཏུ་སྐྲག་པ་དང་བཅས་པར་འགྱུར་བའོ། །དེ་ལྟར་ན་ཞེས་བྱ་བ་ནི་འགོང་བ་ལ་སོགས་པ་མེད་པ་ལའོ། །ད་ནི་གནས་བརྟན་ཡང་དོན་དམ་པ་པའི་ཡོངས་སུ་བསྔོ་བ་བསྟན་པའི་དོན་དུ་རྣམ་པ་བཞིས་ཚད་མར་བྱས་ཏེ། ཡོངས་སུ་བསྔོ་བ་རིགས་པ་མ་ཡིན་པ་ཞེས་བསྟན་

པར་བྱེད་པ་ནི། བྱམས་པ་སེམས་གང་གིས་ཞེས་བྱ་བ་ལ་སོགས་པ་སྟེ། རྗེས་སུ་ཡི་རང་བའི་སེམས་དང་ཡོངས་སུ་བསྔོ་བའི་སེམས་དག་ལ་ཕྲད་པ་མེད་པའི་ཕྱིར་དང་། དངོས་པོ་ལ་དམིགས་པར་བྱེད་པའི་སེམས་དང་བསོད་ནམས་བྱ་བའི་དངོས་པོ་ཕྲད་པ་མེད་པའི་ཕྱིར་

དང་། ཡོངས་སུ་སྔོ་བར་བྱེད་པ་དང་ཡོངས་སུ་བསྔོ་བར་བྱ་བ་དག་ལ་ཕྲད་པར་བྱ་བ་མེད་པའི་ཕྱིར་དང་། ཡོངས་སུ་བསྔོ་བ་ཡང་དག་པར་མེད་པར་བྱ་བའི་ཕྱིར། སེམས་གཉིས་ལ་ཕྲད་པ་མེད་པར་གསུངས་པ་ནི། བྱམས་པ་སེམས་གང་གིས་རྗེས་སུ་ཡི་རང་ནས་གང་ཡོངས་སུ་

སྔོ་བར་བྱེད་པའི་སེམས་དེ་ཡང་ཟད་ཅིང་འགགས་པར་གྱུར་ལ་བྲལ་ཞིང་རྣམ་པར་གྱུར་པ་ཡིན་ཏེ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བར་བྱེད་པའི་སེམས་སོ། །ཟད་ཅིང་ཞེས་བྱ་བ་ནི་མདོར་བསྟན་པ་སྟེ། ལྷག་མ་ནི་རྒྱས་པར་བཤད་པའོ། །འགག་པ་ནི་རྣམ་པར་

འཇིག་པའི་ཕྱིར་རོ། །བྲལ་བ་ནི་མི་གནས་པའི་ཕྱིར་རོ། །རྣམ་པར་གྱུར་པ་ནི་སླར་མི་སྐྱེད་པའི་ཕྱིར་རོ། །སེམས་ནི་གང་ཞིག་ཡིན་ཞེས་བྱ་བ་ནི་ཅུང་ཟད་མ་ཡིན་ནོ། །དེའི་ཚེ་ན་རང་བཞིན་མེད་པའི་ཕྱིར་རོ། །དངོས་པོ་དམིགས་པར་བྱེད་པའི་སེམས་ལ་སོགས་པ་མེད་པ་

གསུངས་པ་ནི། སེམས་དེ་ཡང་གང་ཡིན་ལ་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་དེ་ཞེས་བྱ་བ་ནི་བསོད་ནམས་ཀྱི་བྱ་བ་ལ་སོགས་པ་འཛིན་པར་བྱེད་པ་ཟད་པ་ཞེས་བྱ་བ་ཅིག་ཤོས་ཉིད་ཀྱི་ཕྱིར། བསོད་ནམས་བྱ་བའི་དངོས་པོ་དེ་ཡང་ཟད་པ་ཞེས་བྱ་བའོ། །གང་ཞེས་བྱ་

เล่ม ๙๔ · หน้า 123a

བ་ནི་ལས་སུ་གྱུར་པའོ། །ཡོངས་སུ་སྔོ་བར་བྱེད་པ་དང་ཡོངས་སུ་བསྔོ་བར་བྱ་བ་དག་ལ་ཕྲད་པ་མེད་པར་གསུངས་པ་ནི། སེམས་ཀྱིས་སེམས་ཡོངས་སུ་བསྔོ་བར་ནུས་པར་ཡང་ཇི་ལྟར་འགྱུར་ཞེས་བྱ་བའོ། །ཇི་ལྟར་མི་ནུས་པ་ཞེས་བྱ་བ་གསུངས་པ་ནི།

གང་གི་ཚེ་སེམས་གཉིས་ཕྲད་པ་མེད་པ་དང་ཞེས་བྱ་བས་སོ། །ཕྲད་པ་ནི་དུས་མཉམ་པ་ཉིད་དོ། །ཡོངས་སུ་བསྔོ་བ་ཉིད་ལ་མི་སྲིད་པ་བསྟན་པ་ནི། སེམས་དེ་རང་བཞིན་གྱིས་ཡོངས་སུ་བསྔོ་བར་ཡང་མི་ནུས་ན་ཞེས་བྱ་བའོ། །ཀུན་བརྟགས་ཀྱི་སེམས་ནི་ངོ་བོ་ཉིད་མེད་

པ་སྟེ། དངོས་པོ་མེད་པ་ནི་བསྔོ་བའི་དོན་དུ་ནུས་པ་མ་ཡིན་ཏེ་ཞེས་བསྟན་པར་བྱེད་ཅིང་། དེ་ལྟར་གནས་བརྟན་གྱིས་མཚན་མར་བྱས་ནས་ཡོངས་སུ་བསྔོ་བ་འགག་པ་ལ། བརྒྱ་བྱིན་རྗེས་སུ་འདོད་པར་གྱུར་པ་སྨྲས་པ་ནི། འཕགས་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་

པ་སྟེ། མཚན་མ་མེད་པར་ཡོངས་སུ་སྨིན་པ་ལ་ཐེག་པ་ལ་གསར་དུ་ཞུགས་པ་རྣམས་ཀྱི་མདུན་དུ་ཤིན་ཏུ་ཟབ་པ་ཉིད་ཀྱི་ཕྱིར། བརྗོད་པར་བྱ་བ་མ་ཡིན་པ་ཞེས་བྱ་བའི་དགོངས་པའོ། །དེ་ལྟར་ཡང་ཐེག་པ་ལ་གསར་དུ་ཞུགས་པ་རྣམས་ལ་ཡོངས་སུ་བསྔོ་བ་མི་སྲིད་པར་བྱེད་

ཅིང་། གནས་བརྟན་ཉིད་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བ་དག་ལ་རང་བཞིན་འདྲི་བར་བྱེད་པ་ནི། འཕགས་པ་རབ་འབྱོར་ཡང་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་སོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་ཐེག་པ་ལ་གསར་དུ་ཞུགས་པའོ། །འདིར་གནས་བརྟན་

བྱམས་པ་ཉིད་ལན་གདབ་པར་བྱ་བའི་དོན་དུ། བརྒྱ་བྱིན་གྱིས་འདྲི་བའི་དགོངས་པ་གསལ་བར་བྱེད་ཅིང་འདྲི་བར་བྱེད་ཅེས་སྟོན་པར་བྱེད་པ་ནི། དེ་ནས་གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པའོ། །བརྩམས་ཤིང་ནི་དབང་དུ་བྱས་ནས་སོ། །ཇི་

ལྟར་ཞེས་གསུངས་པ་ནི། གཞིར་བྱས་ཏེ་ཞེས་བྱ་བ་ལ། གཞི་ནི་འདྲི་བའི་རྟེན་དུ་བྱས་པའོ། །དེ་ཇི་ལྟར་ཡིན་ཞེ་ན། འདིར་བྱམས་པ་ཞེས་བྱ་བའི་ཐ་ཚིག་གིས་སོ། །དེ་ལ་སྨྲས་པའོ། །བྱམས་པ་འདི་ལ་ཞེས་བྱ་བ་ནས་བརྩམས་ཏེ། ཇི་ལྟར་འདུ་ཤེས་ཕྱིན་ཅི་ལོག་

เล่ม ๙๔ · หน้า 123b

པར་མི་འགྱུར་ཞེས་བྱ་བ་ལ་སོགས་པའི་བར་གྱིས་སོ། །སྔར་ནི་དངོས་པོ་མེད་པ་དང་དམིགས་པ་མེད་པ་འཇུག་པའི་ཕྱིར། འདུ་ཤེས་ལ་སོགས་པའི་ཕྱིན་ཅི་ལོག་ཅེས་བྱ་བ་བསྟན་ཏོ། །དེ་ལྟར་ན་རྗེས་སུ་ཡི་རང་བའི་སེམས་དང་། ཡོངས་སུ་བསྔོ་བའི་སེམས་ལ་

ཕྲད་པ་མེད་པ་ལ་སོགས་པ་རྣམ་པ་བཞིས་མཚན་མར་བྱས་ནས་ཡོངས་སུ་བསྔོ་བ་རིགས་པ་མ་ཡིན་ཞེས། གང་ཞིག་དེ་མ་ཐག་ཏུ་གནས་བརྟན་རང་ཉིད་ཀྱིས་གསུངས་པ་དེ་ཉིད་ལ་དགོངས་ཏེ། ཇི་ལྟར་འདུ་ཤེས་ལ་སོགས་པའི་ཕྱིན་ཅི་ལོག་པ་གསར་པ་རྣམས་ལ་མི་འགྱུར་

ཞེས་བྱ་བའི་ཁྱད་པར་རོ། །འཕགས་པ་བྱམས་པས་རྣམ་པ་འདི་ལ་ཡང་གསར་པ་ལ་བསླབ་པའི་སྟོབས་ཀྱིས་མི་དམིགས་པ་དང་སྦྱོར་བ་ཉིད་ཀྱི་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བ་ཡང་དག་པར་འབྱུང་བའོ། །གཞན་དུ་ཕྱིན་ཅི་ལོག་ཉིད་ཅེས་གསུངས་པ་ནི། འཕགས་

པ་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །སེམས་ལ་སོགས་པའི་འདུ་ཤེས་རྣམས་མེད་པའི་ཕྱིར་ཕྱིན་ཅི་ལོག་ཏུ་མི་འགྱུར་ཞེས་བྱ་བ་ནི་ལན་དང་པོའོ། །སེམས་གང་གིས་ཡོངས་སུ་བསྔོ་བའི་ཞེས་བྱ་བ་ནི་སེམས་གང་ཞིག་ཡོངས་སུ་སྔོ་བར་བྱེད་པའོ། །དེ་ལྟར་ན་

ཞེས་བྱ་བ་ནི་ལེགས་པར་འཛིན་པའི་ཕྱིར་རོ། །ཡོངས་སུ་བསྔོས་པ་ཞེས་བྱ་བ་ནི་ཤིན་ཏུ་ཡོངས་སུ་བསྔོས་པའོ། །གསལ་བར་བྱེད་པའི་དོན་དུ་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བའོ། །འོ་ན་གང་གི་ཚེ་ན་ཕྱིན་

ཅི་ལོག་ཡིན་པར་འགྱུར་ཞེ་ན། དེའི་ཕྱིར་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །ད་ནི་རྗེས་སུ་ཡི་རང་བའི་སེམས་དང་། ཡོངས་སུ་བསྔོ་བའི་སེམས་ལ་ཟད་པ་ཉིད་ཀྱི་ཕྱིར་དང་། བྱང་ཆུབ་ཀྱང་མེད་པའི་ཕྱིར་སྟོང་པ་ཉིད་ཀྱིས་ཆོས་རྣམས་ཀྱི་ཡོངས་སུ་བསྔོ་

བ་མེད་པས་དོན་དམ་པར་ཡོངས་སུ་བསྔོ་བ་མེད་ཅེས་དེ་ལྟར་བསམ་པར་བྱེད་ཅིང་ཡོངས་སུ་བསྔོ་བ་ནི་ཡང་དག་པར་ཡོངས་སུ་བསྔོ་བ་ཞེས་གཉིས་པའོ། །དེ་སྟོན་པར་བྱེད་པ་ནི། གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པས་སོ། །སེམས་གང་ཡང་ཡོངས་སུ་བསྔོ་བའི་ཞེས་བྱ་བ་སྟེ། ཡོངས་སུ་བསྔོ་བར་གྱུར་

เล่ม ๙๔ · หน้า 124a

པའོ། །དེ་ལྟར་ཡང་དག་པར་ཤེས་པ་ཞེས་བྱ་བ་ནི་མདོར་བསྟན་པའོ། །འདི་ལྟར་སེམས་ཏེ་ཞེས་བྱ་བ་ནི་རྒྱས་པར་བཤད་པ་སྟེ། ཕྱིན་ཅི་མ་ལོག་པར་ཡིད་ལ་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་དེ་ལ་དེ་

ལྟར་སེམས་པ་ན་ཞེས་བྱ་བ་དང་འབྲེལ་ཏོ། །ཟད་པ་ནི་འདས་པ་ཉིད་ཀྱི་ཕྱིར་རོ། །ཟད་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་ཡིད་ལ་བྱེད་དེ། མི་ནུས་པ་ཞེས་བྱ་བ་ནི་མེད་པ་ཉིད་ཀྱི་ཕྱིར་རི་བོང་གི་རྭ་བཞིན་ནོ། །དེ་དག་གི་ཆོས་ཉིད་ཀྱང་དེ་ཡིན་ཞེས་བྱ་བ་ནི་རང་བཞིན་མེད་

པ་ཉིད་དོ། །ཆོས་གང་དག་གིས་ཞེས་བྱ་བ་ནི་སེམས་ལས་བྱུང་བ་རྣམས་ཀྱིས་སོ། །ཆོས་གང་དག་ཏུ་ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་ལ་སོགས་པ་རྣམས་ལའོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བའོ་ཞེས་བྱ་བ་འདི་འདས་པའི་སངས་རྒྱས་རྣམས་ཀྱི་

དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། དེ་རྣམས་ཉིད་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ཡང་གསུམ་པ་ནི་མ་བྱོན་པའི་སངས་རྒྱས་དང་འབྲེལ་པས་གསུངས་པ་ནི། འཕགས་པ་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ད་ལྟར་བྱུང་བ་རྣམས་ཀྱི་དབང་དུ་མཛད་ནས་ཡང་

བཞི་པ་གསུངས་པ་ནི། འཕགས་པ་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །ཡང་མདོར་བསྡུས་ནས་གཅིག་ཏུ་བྱས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་

ཅན་དང་། སོ་སོའི་སྐྱེ་བོ་རྣམས་ཀྱི་ཡང་བསོད་ནམས་བྱ་བ་གང་ཡིན་པ་དེ་རྣམས་ལ་རྗེས་སུ་ཡི་རང་བར་བྱས་ནས་ཡོངས་སུ་བསྔོ་ཞིང་། དེ་རྣམས་ལ་ཡིད་ལ་བྱེད་པ་ཟད་པས་ཇི་སྲིད་བྱང་ཆུབ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་ཀྱི་མཚན་ཉིད་ཅན་མི་ཟད་པ་ཉིད་ཀྱིས་བླ་ན་མེད་པའི་

ཡོངས་སུ་སྔོ་བར་བྱེད་ཅེས་ལྔ་པ་གསུངས་པ་ནི། འཕགས་པ་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པས་སོ། །ཡང་ཡོངས་སུ་བསྔོ་བ་ལ་དངོས་པོ་མེད་པའི་ཡིད་ལ་བྱེད་པས་ཡོངས་སུ་སྔོ་བར་བྱེད་ཅེས་དྲུག་པ་གསུངས་པ་ནི། གལ་ཏེ་ཡང་འདི་ལྟར་ཞེས་བྱ་བ་ལ་སོགས་

เล่ม ๙๔ · หน้า 124b

པ་སྟེ། དེ་ལྟ་ན་ཡང་ཞེས་བྱ་བ་ནི་དེ་ལྟར་ཡང་ཞེས་སྔ་མ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། བཙུན་པ་རབ་འབྱོར་དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་དོགས་ནས་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་ཉིད་གསུངས་པ་ནི། འདི་ལྟར་ཞེས་བྱ་བ་ལ་

སོགས་པའོ། །བདུན་པ་གསུངས་པ་ནི། གལ་ཏེ་ཡང་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ལ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་རོ། །སེམས་ཀྱིས་སེམས་མི་ཤེས་ཤིང་ཆོས་ཀྱིས་ཆོས་ཤེས་གསུངས་པ་ཡིན་ནོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ཉེ་བར་

བསྡུ་བའོ། །ཡང་འོག་ཏུ་འདས་པ་ལ་སོགས་པའི་སངས་རྒྱས་རྣམས་ཀྱི་བསོད་ནམས་མངོན་པར་འདུ་བྱེད་པ་ཚད་མར་བྱས་ནས་ཡོངས་སུ་སྔོ་བར་བྱེད་པའི་ཡོངས་སུ་བསྔོ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེས་བསོད་ནམས་མངོན་པར་འདུ་བྱེད་པ་དང་རྗེས་སུ་ཡི་རང་བ་དབེན་པ་དང་ཞི་བ་ཉིད་དུ་

ཤེས་ན། དེའི་ཚེ་ཡང་དག་པར་ཡོངས་སུ་བསྔོ་བ་ཡིན་ཞེས་བྱ་བ་བརྒྱད་པ་གསུངས་པ་ནི། གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པས་སོ། །བསོད་ནམས་མངོན་པར་འདུ་བྱེད་པ་ནི་བསོད་ནམས་ཀྱི་ལས་སོ། །དེ་ཤེས་ན་ཞེས་བྱ་བ་ནི་མཚན་མར་བྱེད་པའོ། །དབེན་པ་ནི་ཀུན་བརྟགས་

དང་གཞན་དབང་གི་ངོ་བོ་ཉིད་དག་གིས་སོ། །ཞི་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱིས་སོ། །གལ་ཏེ་དེ་ཞེས་བྱ་བ་ལ་སོགས་པས་འདི་གསུངས་པ་ཡིན་ཏེ། དབེན་པ་དང་ཞི་བ་ཉིད་ཤེས་པ་ལ་ཡང་གལ་ཏེ་དེའི་དངོས་པོ་མངོན་པར་ཞེན་པར་གྱུར་ན། དེའི་ཚེ་ཡང་དག་པར་ཡོངས་སུ་

བསྔོ་བ་མ་ཡིན་ཞེས་བྱ་བའོ། །དེ་ལྟར་ན་འདི་ནི་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བའོ། །དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཚིག་ནི་དེ་ཉིད་ཀྱིས་ཡང་དག་པར་ཡོངས་སུ་བསྔོ་བའི་ཕྱིར་རོ། །ད་ནི་འདས་པའི་སངས་རྒྱས་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་

རིགས་གཅིག་པ་ཉིད་ཀྱིས་ཡང་དག་པར་ཤེས་ཤིང་ཡང་དག་པར་ཡོངས་སུ་བསྔོ་བ་ཞེས་དགུ་པ་གསུངས་པ་ནི། གང་ཡང་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་སོ། །དེ་ཅི་འདྲ་བ་ལྟར་ཡོངས་སུ་བསྔོ་བ་ཞེས་བྱ་བ་ནི་རང་བཞིན་གྱིས་སྐྱེ་བ་མེད་པ་དང་ལྡན་པའི་ཆོས་

เล่ม ๙๔ · หน้า 125a

ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དོ། །གང་གིས་དེ་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་ཀྱིས་སོ། །དེའི་རིགས་ཅན་ཞེས་བྱ་བ་འདིའི་རྣམ་གྲངས་གཞན་ནི་དེའི་རིགས་སུ་གཏོགས་པ་ཞེས་བྱ་བ་སྟེ། དེ་ལྟ་བུ་ཞེས་བྱ་བའི་དོན་ཏོ། །དེའི་མཚན་ཉིད་

ཅན་ཞེས་བྱ་བ་འདི་ནི་དེའི་རང་བཞིན་ཅན་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ཤེས་ན་ཞེས་བྱ་བ་ནི་དེ་ལྟར་དེ་གཉིས་ཡང་དག་པར་ཤེས་རབ་ཀྱིས་སོ་སོར་རྟོག་པར་བྱེད་པའོ། །ཡོངས་སུ་བསྔོ་བར་འགྱུར་ཞེས་ཡང་དག་པར་སོ་སོར་རྟོག་པར་རྟོག་པས་ཀུན་ཏུ་རྨོངས་པ་མེད་པའི་ཕྱིར་རོ། །

གཞན་གྱིས་ཡོངས་སུ་བསྔོ་བར་འགྱུར་ཞེས་བྱ་བ་ལ། དགག་ཚིག་འདོན་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཤེས་ན་ཞེས་བྱ་བ་ལ། གལ་ཏེ་འདིས་ཀྱང་དེ་ལྟ་བུ་ཉིད་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱིས་མངོན་པར་ཞེན་ན་དེའི་ཚེ་ཡང་དག་པར་ཡོངས་སུ་སྔོ་བར་མི་བྱེད་ཅེས་བཤད་པ་

བྱེད་པ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་ཡོངས་སུ་བསྔོ་བ་ནི་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྗེས་སུ་གནང་བ་སྟེ། གཞན་ནི་མ་ཡིན་ཞེས་གསུངས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པའོ། འདས་པ་ལ་སོགས་པ་ལ་ཡང་ཡོངས་སུ་བསྔོ་བ་མི་འཐད་པ་

ཞེས་གསུངས་པ་ནི། གང་འདས་པ་དེ་ནི་ཞེས་བྱ་བ་ལ་སོགས་པའོ། །མ་ཐོབ་པ་ནི་སྐྱེ་བ་མེད་པ་དང་གནས་པ་མི་དམིགས་པ་ཞེས་བྱ་བའོ། །འདི་ཞེས་བྱ་བ་ནི་ཡང་དག་པར་ཕྱོགས་པར་བྱེད་པའི་སྒྲ་དང་། སྦྱོར་བའི་གནས་སྐབས་དག་ལ་དེ་མེད་པའི་ཕྱིར་རོ། །དེའི་

ཕྱིར་གཉི་ག་ཡང་མེད་དོ། །དེ་བས་ན་དེ་ནི་མཚན་མ་ཡིན་ཏེ། ཡོད་པར་ལྟ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཡུལ་མ་ཡིན་པ་ནི་འདུན་པ་ལའོ། །མཚན་མ་མ་ཡིན་པ་དང་ཡུལ་མ་ཡིན་པ་དང་ཞེས་བྱ་བ་འདི་ཡང་རྣམ་པར་རྟོག་པ་ལ་ཡོངས་སུ་བསྔོ་བ་མེད་དོ་ཞེས་བྱ་བ་གསུངས་པ་ནི།

དེ་ལྟར་མཚན་མར་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཞེས་བྱ་བ་ནི་མཚན་མ་མ་ཡིན་པ་དང་ཡུལ་མ་ཡིན་པ་ཉིད་ཀྱིས་སོ། །མི་སེམས་ན་ཞེས་བྱ་བ་ནི་ཡང་དག་པར་ཡིད་ལ་མི་བྱེད་པའོ། །གང་གི་ཕྱིར་ཡང་དག་པར་ཡོངས་སུ་བསྔོ་བ་མ་ཡིན་ནོ། །གལ་

เล่ม ๙๔ · หน้า 125b

ཏེ་དེ་ལྟར་མཚན་མར་མི་བྱེད་པ་ཉིད་ལ་ཡང་དག་པར་ཡོངས་སུ་བསྔོ་བ་ལ་ཐབས་ཡིན་ན་འདི་ལ་ཡང་དྲན་པ་དང་བྲལ་བས་ཡང་དག་པར་འབྱུང་བ་ལ་ཡང་དག་པར་བསྔོ་བ་ཅི་ཞིག་ཡོད་ཅེས་དོགས་ནས་གསུངས་པ། དེ་སྟེ་ཞེས་བྱ་བ་ལ་སོགས་པའོ། །དྲན་པ་དང་བྲལ་བ་ནི་གཞན་

ལ་ཡིད་ཉིད་དོ། །གཉིད་མཐུག་པོ་ལ་སོགས་པ་ལ་རྣམ་པ་ཐམས་ཅད་རྟོགས་པ་ལ་སོགས་པ་ལ། འོ་ན་ཡང་དག་པར་ཡོངས་སུ་བསྔོ་བར་འགྱུར་ཞེས་གསུངས་པ། དྲན་པ་དང་བྲལ་བའམ་ཁོང་དུ་མ་ཆུད་པ་ཞེས་བྱ་བའོ། །གཞན་ལ་ཡིད་ཉིད་དམ་ཡིད་ཉིད་མེད་པ་གཉིས་

ཀྱང་མཉམ་པ་ཞེས་བྱ་བའི་དོན་ཏོ། །འོ་ན་གང་གི་ཚེ་ན་ཡང་དག་པའི་ཡོངས་སུ་བསྔོ་བར་འགྱུར་ཞེ་ན་གསུངས་པ། དེ་སྟེ་ཞེས་བྱ་བ་ལ། དེ་སྟེའི་སྒྲ་ནི་གལ་ཏེའི་དོན་ནོ། །གཉིད་མཐུག་པ་དང་། རྒྱགས་པ་དང་། བརྒྱལ་བའི་གནས་སྐབས་བཞིན་དུ་དངོས་པོ་རྣམས་

ཡིད་ལ་མི་བྱེད་པ་ནི་ཕྱིན་ཅི་ལོག་པའི་གཉེན་པོ་མ་ཡིན་ནོ། །འོན་ཀྱང་དངོས་པོ་རྣམས་མཐོང་བ་ཉིད་ལ། ཤེས་རབ་ཀྱི་མིག་གིས་ཉེས་པར་སྤྱོད་ཅིང་ངོ་བོ་ཉིད་ཁོང་དུ་མི་ཆུད་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཡང་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །འོན་ཏེ་མཚན་མར་བྱས་

པ་དང་། ཡོངས་སུ་བསྔོ་བ་ཇི་ལྟར་མི་འགལ་བས་རིགས་པ་ཡིན་ཞེས་དོགས་ནས་གསུངས་པ། འདི་ནི་དེའི་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ལ་སོགས་པ་དེ་རྣམས་དང་། དགེ་བའི་རྩ་བ་དེ་རྣམས་དང་། རྗེས་སུ་ཡི་རང་བ་ལ་སོགས་

པའི་སེམས་དེ་རྣམས་ཞེས་བྱ་བ་ཐམས་ཅད་ཉིད་ཀུན་རྫོབ་ལ་བརྟེན་ནས་ཉེ་བར་དམིགས་པ་ཡིན་ནོ། །དོན་དམ་པ་ལ་བརྟེན་ནས་མཚན་མར་བྱས་པ་དང་མཚན་མར་བྱས་པ་མ་ཡིན་པ་ཐམས་ཅད་དམིགས་པ་མ་ཡིན་ནོ། །དེ་བས་ན་མཚན་མར་བྱས་པ་དང་ཡོངས་སུ་བསྔོ་བ་ཞེས་བྱ་བ་ཐམས་

ཅད་ཐབས་ལ་མཁས་པའི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་རིགས་པ་ཡིན་ཞེས་བྱ་བའི་དགོངས་པའོ། །དེ་བཞིན་དུ་ཐབས་མཁས་པ་འདི་ལ་ཐབས་གང་ཡིན་ཞེས་གསུངས་པ་ནི། ཐབས་མཁས་པ་འདི་ལ་ཞེས་བྱ་བ་ལ་སོགས་པའོ། །ཐོས་པ་དང་མི་ལྡན་པས་

เล่ม ๙๔ · หน้า 126a

ཞེས་བྱ་བ་ནི་འདིའམ་འདི་ལ་ཞེས་བྱ་བའི་ལྷག་མའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གང་ཞིག་ཡོངས་སུ་བསྔོ་བ་དེ་ཉིད་ནི་བསོད་ནམས་ཀྱི་བྱ་བ་སྟེ། དེ་ལ་འཇུག་པ་ནི་འཛིན་པར་མི་ནུས་སོ་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ལ་ཞེས་

བྱ་བ་ནི་དེ་ལྟར་ཡོད་པ་ནའོ། །དེ་ལ་དེ་སྐད་མ་ཟེར་ཅིག་ཅེས་བརྗོད་པར་བྱ་བ་ཡིན་ནོ། །འདི་གང་ཞིག་གསུངས་པ་ནི། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། འདི་ལ་མ་བརྟེན་པར་ཡང་དེ་ལྟར་ནུས་ཞེས་ཅི། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་དོགས་ནས་གསུངས་པ་

ནི། འདུ་བྱེད་དེ་དག་ཀྱང་འགགས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། དོན་ནི་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་ཡོངས་སུ་བསྔོ་བ་ལ་གང་ཞིག་བདག་གི་དངོས་པོ་དང་། གང་ཞིག་འདུ་བྱེད་རྣམས་ཡང་དག་པར་ཡོད་པར་འགྱུར་བ་དེ་རྣམས་ཉིད་

ནི་མཚན་མར་བྱ་བ་སྟེ། ཐམས་ཅད་རྣམ་པར་རྟོག་པར་བྱེད་དེ། མཚན་མར་བྱས་ནས་རྣམ་པར་རྟོག་པ་དང་། ཡོངས་སུ་བསྔོ་བ་དེ་བཞིན་གཤེགས་པ་རྣམས་རྗེས་སུ་གནང་བར་མི་མཛད་དོ། །ཁ་ཟས་བཟང་པོ་དུག་ཅན་དང་མཚུངས་པ་འདི་ཡོངས་སུ་བསྔོ་བའོ། །དེ་བས་

ན་དེ་ལྟར་ཡོངས་སུ་བསྔོ་བར་མི་བྱ་བའོ། །དེ་ལ་བསླབ་པར་བྱ་བ་ཡང་མ་ཡིན་ཞེས་བྱ་བའོ། །འགགས་པ་ཞེས་བྱ་བ་ནི་ཇི་ལྟར་སྔར་གསུངས་པ་གང་ཞིག་འདས་པ་དེ་ནི་ཟད་པ་ཞེས་བྱ་བའོ། །བདག་གི་དངོས་པོ་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཀྱི་གཟུགས་ལ་སོགས་

པའི་ཕུང་པོ་རྣམས་ཀྱིས་ཡང་དག་པར་བསྡུས་པ། དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱི་སྐུ་རྣམས་སོ། །འདུ་བྱེད་དག་ཀྱང་ཞེས་བྱ་བ་ནི། དགེ་བའི་རྩ་བ་དང་རྗེས་སུ་ཡི་རང་བའི་སེམས་ལ་སོགས་པ་རྣམས་སོ། །ཀུན་རྫོབ་ཏུ་ཡང་འགགས་པ་ཉིད་ཀྱིས་

དམིགས་པའི་ངོ་བོ་མི་རུང་བ་ཉིད་བརྗོད་ནས། དོན་དམ་པར་ཡང་གསུངས་པ་ནི། ཞི་བ་ཞེས་བྱ་བ་ལ་སོགས་པ་ལ། ཞི་བ་ནི་ཀུན་བརྟགས་ཀྱི་ངོ་བོ་སྟེ། གདོན་མ་ནས་མ་སྐྱེས་པའི་ཕྱིར་རོ། །དབེན་པ་ནི་ཀུན་བརྟགས་ཀྱི་ངོ་བོས་སྟོང་སྟེ། གཞན་དབང་གི་རང་བཞིན་ནོ། །

เล่ม ๙๔ · หน้า 126b

དམིགས་པ་དང་བྲལ་བ་ནི། དམིགས་པས་སྟོང་པ་ཡོངས་སུ་གྲུབ་པ་སྟེ། མི་དམིགས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་ཞེས་བྱ་བ་ནི་གང་གི་ཕྱིར། བདག་གི་དངོས་པོ་དང་འདུ་བྱེད་རྣམས་དེ་ཡོད་པ་མ་ཡིན་པ་དང་། ཉེ་བར་དམིགས་པ་མ་ཡིན་པ་དེ་ལྟར་ཡང་ཇི་ལྟ་བ་

བཞིན་དུ་དེ་ཁོ་ན་ཉིད་དེ་ཚད་མར་བྱས་པ་ཡང་དག་པ་ཇི་ལྟ་བ་མ་ཡིན་པ་ལ་རྣམ་པར་བརྟགས་པ་ཡིན་ནོ། །དེ་ལ་ཇི་ལྟ་བ་བཞིན་མ་ཡིན་པ་ལ། ཇི་ལྟ་བ་བཞིན་གྱི་འདུ་ཤེས་ཅན་ཤུགས་ཀྱིས་བདག་གི་བའི་ཉེ་བར་དམིགས་པ་མི་དམིགས་པ་ལ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ནོ། །དེ་བས་ན་ཅི་ཞེས་གསུངས་པ་ནི། །དེའི་དགེ་བའི་རྩ་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཡང་ཞེས་བྱ་བ་ནི། ཡང་གི་སྒྲ་ནི་ཁྱད་པར་གྱི་དོན་ལའོ། །དེ་ལ་ཤིན་ཏུ་མཚན་མར་བྱས་པ་ལ་སོགས་པ་མི་

རིགས་པའི་ཕྱིར་རོ། །དུག་དང་བཅས་པ་ནི་རྨོངས་ཤིང་འཆི་བར་བྱེད་པའི་ཕྱིར་རོ། །ཟུག་རྔུ་དང་བཅས་པ་ནི་རིང་པོ་ནས་རིང་པོར་ཕྱིན་ཅི་ལོག་གི་ལྟ་བའི་ནང་དུ་ཡང་དག་པར་ཞུགས་པའི་ཕྱིར་རོ། །འདི་ཉིད་དཔེས་བསྟན་པ་ནི། འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ།

བཟང་བ་ནི་ཁ་དོག་ལ་སོགས་པ་རབ་ཉིད་ཀྱི་ཕྱིར་རོ། །མོད་ཀྱི་ཞེས་བྱ་བ་ནི། གལ་ཏེ་ཡང་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་ཞེས་བྱ་བ་ནི་ཇི་ལྟར་ཡང་བྱ་བའི་དོན་ཏོ། །མཁས་པ་རྣམས་ཀྱིས་ཞེས་བྱ་བ་ནི་ཁྱད་པར་དུ་ཤེས་པ་རྣམས་ཀྱིས་སོ། །བྱིས་པའི་རང་བཞིན་ཅན་

ནི་དུག་དང་བཅས་པ་ལ། ཤི་བའི་ནུས་པ་མ་རྟོགས་པའི་ཕྱིར་རོ། །ཤེས་རབ་འཆལ་བའི་རང་བཞིན་ཅན་ནི་ཕན་པ་དང་བདེ་བར་བྱས་པ་ཉིད་ཀྱི་སྒྲོ་བཏགས་ནས་རོ་མྱངས་པའི་ཕྱིར་རོ། །བསམས་ཏེ་ཞེས་བྱ་བ་ནི་ཁ་དོག་ལ་སོགས་པ་ལ་ཆགས་པའི་ཕྱིར་རོ། །མྱང་བར་

བྱེད་པས་ན་མྱངས་པ་སྟེ་ཡོངས་སུ་ལོངས་སྤྱོད་པའོ། །ཞུ་བའི་ཚེ་ཞེས་བྱ་བ་ནི་ཐ་མ་ལའོ། །རྣམ་པར་སྨིན་པ་ནི་འབྲས་བུའོ། །ལོག་པར་འཛིན་ཅིང་ཞེས་བྱ་བ་ནི་ཉེན་པའི་དུས་སུ་ཕྱིན་ཅི་ལོག་ཏུ་བཟུང་བའི་ཕྱིར་རོ། །ལོག་པར་རིག་པ་ཞེས་བྱ་བ་ནི་བསམ་པའི་དུས་ནའོ། །

เล่ม ๙๔ · หน้า 127a

ལོག་པར་ཁ་དོན་བྱས་པས་ཞེས་བྱ་བ་ནི་ཡང་ནས་ཡང་དུ་མངོན་དུ་བྱེད་པའི་དུས་ལའོ། །ལེགས་པར་སྨྲས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལའོ། །དོན་ལ་ཤེས་ཤིང་ནི་ཐོས་པ་ལ་སོགས་པའི་ལེགས་པར་བྱས་པས་སོ། །ཁོང་དུ་མ་

ཆུད་པ་ནི་རྟོགས་པ་མེད་པའི་ཕྱིར་རོ། །ཡོངས་སུ་བསྔོ་བར་གྱིས་ཤིག་ཅེས་བྱ་བ་ལ་ཅེས་བྱ་བའི་སྒྲ་ནི་རྫོགས་པའི་དོན་ལའོ། །དེ་ལྟར་ཡོངས་སུ་བསྔོ་བ་དེ་ནི་ཞེས་བྱ་བ་ལ། གང་ཞིག་འདི་གསུངས་པ་ལ། དུག་ཉིད་དུ་འགྱུར་ཏེ་ཞེས་བྱ་བ་སྟེ། འདིར་དུག་ནི་དོན་མ་

ཡིན་པར་བྱེད་པའི་ནུས་པའོ། །དེ་བས་ན་ཞེས་བྱ་བས་ནི་ཉེ་བར་བསྡུ་བའོ། །དེ་ལྟར་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་ཡོངས་སུ་བསྔོ་བའི་བྱ་བ་ལ་འཇུག་ནུས་པ་མ་ཡིན་ནོ་ཞེས་བྱ་བས་ཟིན་པར་བྱས་སོ། །ཇི་ལྟར་ཡང་དག་པར་ཡོངས་སུ་

བསྔོ་བ་དེ་རྗེས་སུ་འགྲོ་བའི་སྒོ་ནས་ལན་མང་དུ་འཕགས་པ་བྱམས་པ་རང་ཉིད་ཀྱིས་བསྟན་ཟིན་ཏོ། །ད་ནི་ཡང་དག་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་དོན་དུ། བཅོམ་ལྡན་འདས་ཀྱིས་གནས་བརྟན་རབ་འབྱོར་ཉིད་ལ་བསྐུལ་བ་ཞེས་དེའི་གདུལ་བྱ་རྣམས་ལ་རྗེས་སུ་གཟུང་

བའི་ཕྱིར། གཞན་ཡང་དག་པར་ཡོངས་སུ་བསྔོ་བའི་རྣམ་པ་གནས་བརྟན་གྱིས་བསྟན་པར་བྱ་བར་འདོད་པས་གནས་བརྟན་ཉིད་ལ་དྲི་བར་མཛད་དེ། ཡང་དེས་ཇི་ལྟར་བསླབ་པར་བྱ་ཞེས་བྱ་བ་ལ་སོགས་པ་སྟེ། ཡོངས་སུ་གཟུང་བར་བྱ་བ་ཞེས་བྱ་བ་ནི་འདིར་ཡོངས་སུ་གཟུང་བ་ནི་རྗེས་སུ་

ཡི་རང་བའོ། །ལན་ནི་རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའི་ཐེག་པ་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་དག་ནི་པོ་ཏི་མང་པོ་མ་མཐོང་བ་རྣམས་ཇི་ལྟར་ཡོངས་སུ་གཟུང་བར་བྱ་ཞེས་བསྔོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལེགས་པར་ཡོངས་

སུ་བསྔོས་པར་འགྱུར་ཞེས་བྱ་བ་འདིའི་རྗེས་ལ། འདྲི་མཁན་བག་མེད་པ་རྣམས་ཀྱིས་ཆད་པ། རབ་འབྱོར་གྱིས་སྨྲས་པ་ཞེས་བྱ་བའི་ཡི་གེ་ལྔ་པོ་པོ་ཏི་གཅིག་ལ་མ་མཐོང་བ། འཕགས་པ་མགོན་པོ་བྱམས་པས་ཡང་དེས་ཇི་ལྟར་བསླབ་པར་བྱ་ཞེས་རང་ཉིད་ཀྱིས་རྟོགས་

เล่ม ๙๔ · หน้า 127b

ནས། འདིར་འདིས་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་ཞེས་བྱ་བ་ལ་སོགས་པ་ལན་བྱས་པ་ཞེས་སྨྲ་བར་བྱའོ། །དེ་ལྟར་ཡང་ཚིག་དང་ངག་རྫོགས་པའི་རྗེས་ལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ཞེས་བྱ་བ་

དེ་རིགས་པ་མ་ཡིན་ནོ། །གང་ཞིག་ཡང་འདིར་དེ་རྣམས་ཀྱི་ལན་དྲི་བའི་སྒོ་ནས་ཉེ་བར་སྟོན་པ་པོ་ཉིད་ཀྱི་ཕྱིར། འཕགས་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་དེ་ལ་ཡང་། དངོས་སུ་སྟོན་པ་པོ་སྤངས་ནས་སྟོན་པས་མཛད་པ་ཉིད་བྱེད་པ་གང་ཞིག་བྱང་ཆུབ་སེམས་

དཔའ་རྣམས་ལ་ཁྱེད་ཆོས་སྟོན་པར་བྱེད་ཅེས་བསྟོད་པའི་ཁྱད་པར་དྲི་བ་ཙམ་བྱེད་པ་ལ། ཇི་ལྟར་འགྱུར་ཞེས་ལན་འདི་དཀའ་བ་ཉིད་དོ། །དེ་བས་ན་ནུབ་བྱང་མཚམས་ཀྱི་ཡུལ་ན་དར་བ་དང་། དེ་ནས་བྱུང་བའི་པོ་ཏི་རྣམས་དེ་དག་གིས་མ་མཐོང་བས་གནས་འདི་ལ་ཡང་

ཆེན་མོ་རྣམས་ཀྱི་འདོན་པ་ལ་ཇི་ལྟར་འགྱུར། དེ་རྣམས་ལས་ནི་འདི་ལྟར་འདོན་པ་ཡིན་ཏེ་བྱང་ཆུབ་སེམས་དཔའ་བྱམས་པས་གསུངས་པ། འདི་ལྟར་ཡང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་

ན་ཡོངས་སུ་བསྔོ་བར་བྱ་བའོ། །ཇི་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཇི་ལྟར་ཡོངས་སུ་བསྔོ་བར་འགྱུར། རབ་འབྱོར་གྱིས་སྨྲས་པ། བྱམས་པ་འདིར་ཐེག་པ་ཆེན་པོའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་ཅིང་། དེ་བཞིན་གཤེགས་པ་ལ་སྐུར་པ་མི་གདབ་པར་འདོད་པས་ཇི་ལྟར་ཡོངས་སུ་བསྔོ་བར་བྱ། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མཁྱེན་པ་ཞེས་བྱ་བ་ལ་སོགས་པའོ། །དེ་བས་ན་འཕགས་

པ་རབ་འབྱོར་ཉིད་ཀྱིས་འདིར་འདི་ལ་ཞེས་བྱ་བ་ལ་སོགས་པའི་ལན་ནོ། །དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་མཚན་མར་བྱས་ནས་རྣམ་པར་རྟོག་པར་བྱེད་པའི་ཡོངས་སུ་བསྔོ་བ་དེ་བཞིན་གཤེགས་པ་རྣམས་རྗེས་སུ་ཤེས་པར་མི་བྱེད་པ་དེའི་ཕྱིར་སངས་རྒྱས་རྣམས་ཉིད་མཚན་མར་

เล่ม ๙๔ · หน้า 128a

བྱས་ཏེ། ཡོངས་སུ་བསྔོ་བར་བྱ་ཞེས་བྱ་བའོ། །སྐུར་པ་འདེབས་པ་ནི་སྨད་པ་དེ་མི་བདེན་པར་སྨྲ་བ་ཉིད་ཀྱིས་སྒྲོགས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་ནི་ཤེས་རབ་ཀྱི་སྤྱན་ཅན་གྱིས་སོ། །ཆོས་ཐམས་ཅད་ལ་རྟོགས་པར་བྱེད་

པའི་ཡུལ་གྱི་མཁྱེན་པའོ། །སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པའི་ཡུལ་གྱི་གཟིགས་པ་ཞེས་བྱ་བ་དང་འབྲེལ་ཏོ། །དེའི་ཡོངས་སུ་བསྔོ་བ་དེ་ལྟ་བུ་ནི་ཞེས་བྱ་བས་ཉེ་བར་བསྡུ་བའོ། །ཡོངས་སུ་བསྔོ་བ་ཆེན་པོ་ནི་བདེ་

འགྲོ་ལ་སོགས་པའི་འབྲས་བུ་མཐའ་ཡས་པ་ཉིད་ཀྱི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་བསྔོ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་མཚན་མ་ལ་ཡང་ཉེ་བར་ལེན་པ་མ་ཡིན་པས་ནམ་མཁའ་བཞིན་དུ་མཐའ་ཡས་པའི་བསོད་ནམས་ཀྱི་རང་བཞིན་གྱི་ཕྱིར་རོ། །

ཡོངས་སུ་རྫོགས་པ་ནི་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་ཀུན་ནས་འཕགས་པའི་ཕྱིར་རོ། །ཤིན་ཏུ་ཡོངས་སུ་རྫོགས་པ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་མ་ལུས་པ་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དུག་མེད་པ་ཉིད་ལ་སོགས་པ་ཐམས་ཅད་སོང་

བ་ཞེས་གསུངས་པ་ནི། ལྷག་པའི་བསམ་པས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཞེས་བྱ་བ་ནི་ལྷག་པའི་བསམ་པ་ལ་སོགས་པས་སོ། །དེ་ལྟར་རྟེན་གྱིས་བྱས་པའི་ཆེ་བའི་བདག་ཉིད་རྫོགས་པའི་སངས་རྒྱས་རྟེན་ཉིད་ཀྱིས་ཡོངས་སུ་བསྔོ་བ་ལ་བསྟན་ནས། དེ་ནི་

ཆོས་ཐམས་ཅད་ཀྱི་ཁམས་གསུམ་དང་དུས་གསུམ་ལ་མ་གཏོགས་པའི་ཡིད་ལ་བྱེད་པས། ཡོངས་སུ་བསྔོ་བ་དུག་མེད་པ་དེ་ལས་གཞན་དུ་ཡོངས་སུ་བསྔོ་བ་ནི་དུག་དང་བཅས་པ་ཞེས་ནི་ལན་ཏེ། གཞན་ཞེས་བྱ་བ་ལ་སོགས་པས་བསྟན་པར་བྱེད་པ་ནི་ཚུལ་ཁྲིམས་ལ་

སོགས་པ་ནི་དེ་བཞིན་གཤེགས་པ་སྟེ་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོའོ། །མི་གཏོགས་པ་ནི་མཐའ་དང་བྲལ་བར་གྱུར་པ་སྟེ། དུས་གསུམ་དང་ཁམས་གསུམ་དུ་མི་གཏོགས་པའི་ཕྱིར་ཞེས་བྱ་བའོ། །དུས་གསུམ་དང་ཁམས་གསུམ་ལ་ཡང་ནང་དུ་སོང་བ་མ་ཡིན་

เล่ม ๙๔ · หน้า 128b

པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཚུལ་ཁྲིམས་ལ་སོགས་པ་དེ་རྣམས་ལ་ཆོས་ཀྱི་དབྱིངས་ཙམ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དགོངས་པའོ། །ཡོངས་སུ་བསྔོ་བ་ཡང་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བ་ཡང་ངོ་། །ཆོས་གང་དུ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྟེ་ཆོས་

ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཆུད་མ་ཟོས་པ་མ་ཡིན་ཞེས་བྱ་བ་ནི་གདུག་པ་ཅན་མ་ཡིན་པའོ། །ཡང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ཀྱི་དབྱིངས་སུ་ཡོངས་སུ་བསྔོ་བས་དགེ་བའི་རྩ་བ་དེ་ཡོངས་སུ་བསྔོ་བ་ཞེས་ལན་བསྟན་པའི་དོན་དུ་གསུངས་པ།

ཡོངས་སུ་བསྔོ་བ་གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། དེ་ནས་བཅོམ་ལྡན་འདས་གནས་བརྟན་རབ་འབྱོར་གྱི་ཚིག་ལ་རྗེས་སུ་ཡི་རང་བར་མཛད་ནས་རྣམ་པ་མང་པོས་བསོད་ནམས་མང་བ་ཉིད་ཉེ་བར་བསྟན་པར་མཛད་དོ། །གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སྟོང་གསུམ་

གྱི་སྟོང་ཆེན་པོའི་སེམས་ཅན་རྣམས་དགེ་བ་བཅུ་ལ་གནས་པར་བྱེད་པ་པོའི་བསོད་ནམས་མངོན་པར་འདུ་བྱེད་པ་ལས་ཆོས་ཀྱི་དབྱིངས་ལ་ཡོངས་སུ་བསྔོ་བའི་བསོད་ནམས་མང་བ་ཉིད་བསྟན་པས། དེ་བཞིན་དུ་སེམས་ཅན་དེ་ཙམ་ཉིད་ལ་བསམ་གཏན་བཞི་ཐོབ་པའི་བསོད་ནམས་ལ་དང་། དེ་

བཞིན་དུ་ཚད་མེད་པ་ཐོབ་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པའི་རྒྱུན་ཏུ་ཞུགས་པ་དེ་ཙམ་ཉིད་ལ་ཇི་སྲིད་དུ་སངས་རྒྱས་པར་གྱུར་པའི་བསོད་ནམས་ལྷག་པ་ཉིད་ཀྱིས། ཡང་སེམས་ཅན་དེ་ཙམ་ཉིད་ཀྱི་བྱང་ཆུབ་སེམས་དཔར་གྱུར་པ་གཞན་དག་དེ་ཙམ་ཉིད་

ཀྱི་སེམས་ཅན་རྣམས་ལ་རྐྱེན་བཞིས་བདེ་བ་ཐམས་ཅད་ཉེ་བར་སྟེར་བའི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་རིམ་གྲོས་བསོད་ནམས་ཀྱི་ཕུང་པོ་གང་ཞིག་དེ་བས་ཀྱང་ལྷག་པའི་བསོད་ནམས་ཉིད་ཀྱིས་སོ། །ན་བར་བྱེད་པས་ན་ན་བས་ཏེ་དེ་གསོ་བ་ནི་དེའི་རྒྱུ་ཅན་སྨན་རྣམས་སོ། །

ཡོ་བྱད་ནི་ཟག་སྣོད་ལ་སོགས་པ་རྣམས་སོ། །བདེ་བའི་རྒྱུ་རྣམས་ནི་བདེ་བའོ། །དེ་རྣམས་ཀྱི་སྦྱོར་བ་ནི་སྟེར་བར་བྱེད་པའོ། །བདེ་བ་ལ་རེག་པ་ནི་བདེ་བ་ཉམས་སུ་མྱོང་བའོ། །དེས་གང་ཞིག་གནས་པ་ནི་འགྲོ་བ་ལ་སོགས་པ་རྣམས་སོ། །ཡང་བསོད་ནམས་ཀྱི་ཁྱད་པར་

เล่ม ๙๔ · หน้า 129a

གསུངས་པ་ནི་རྣམ་གྲངས་དེས་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེས་ན་ཞེས་བྱ་བ་ནི་བཤད་ཟིན་པའི་རྐྱེན་བཞི་ཉེ་བར་སྟེར་བ་ལ་སོགས་པས་སོ། །ཡོངས་སུ་བརྟགས་ནས་སེམས་ཅན་དེ་རྣམས་སེམས་ཅན་ཐམས་ཅད་ལ་རེ་རེ་ལ་དང་ཞེས་བྱ་བ་

ནི་ཉེ་བར་བསྙེན་པར་བྱ་བའི་སེམས་ཅན་རྣམས་སོ། །རེ་རེའི་ཉེ་བར་བསྙེན་པར་བྱེད་པའི་ཉེ་བར་བསྙེན་པར་བྱ་བ་ཉིད་ཀྱིས་རེ་རེ་ཡོངས་སུ་བརྟགས་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ཞེས་བྱ་བ་སྟེ། ཡོངས་སུ་བརྟགས་ནས་ཞེས་བྱ་བ་འཇུག་པ་ཡིན་ནོ། །འདིར་ནི་སྔ་མ་ལས་འདི་ནི་ཁྱད་པར་རོ། །

སྔར་ནི་གཅིག་གིས་ཉེ་བར་བསྙེན་པར་བྱ་བ་དེ་རྣམས་ཉིད་གཞན་རྣམས་ལ་ཡང་སྟེ། དེ་རྣམས་ནི་སེམས་ཅན་ཙམ་གྱི་ངོ་བོ་སྟེ། འདིར་ནི་གང་ཞིག་གཅིག་གིས་ཉེ་བར་བསྙེན་པར་བྱ་བ་དེ་ནི་གཞན་གྱི་མ་ཡིན་ནོ། །དེ་ལྟར་ན་ཕོངས་པ་དེ་རྣམས་ཀྱི་ཕྱིར་སྦྱིན་པ་ནི་འབྲས་བུ་ཆེན་པོར་འགྱུར་རོ། །

གཅིག་གིས་ཉེ་བར་བསྙེན་པའི་གཞན་གྱིས་ཉེ་བར་བསྙེན་པ་ལ་བྱང་ཆུབ་སེམས་དཔའ་དེ་ལྟར་མ་ཡིན་ཞེས་ཁྱད་པར་རོ། །ཡང་ན་རེ་རེ་ཡོངས་སུ་བརྟགས་ནས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དེ་ཙམ་གྱིས་སེམས་ཅན་གཅིག་ཡོངས་སུ་བརྟག་པར་བྱ་བའོ། །དེ་བཞིན་དུ་སེམས་

ཅན་དེ་རྣམས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཐམས་ཅད་ཀྱང་རེ་རེ་ཡོངས་སུ་བརྟགས་ནས་དེ་ཙམ་གྱིས་གཅིག་ཡོངས་སུ་བརྟག་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་སམ་དེ་ཙམ་ཉེ་བར་སྙེན་པར་བྱེད་པའོ། །རྗོད་པར་བྱེད་པ་ནི་འདི་ཡིན་ཏེ། བཅོམ་

ལྡན་འདས་མང་ངོ་ཞེས་བྱ་བ་སྟེ། ཉེ་བར་བསྙེན་པར་བྱ་བ་དང་། ཉེ་བར་སྙེན་པར་བྱེད་པ་དང་། སྦྱིན་པར་བྱ་བའི་དངོས་པོ་རྣམས་ལ་དུས་མང་བ་ཉིད་ཀྱིས་སོ། །བསོད་ནམས་ཀྱི་ཕུང་པོ་དེ་གཟུགས་ཅན་ཞིག་ལགས་ན་ནི་མི་ཤོང་བར་འགྱུར་རོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་

ཁམས་དེ་རྣམས་སུ་ཡོངས་སུ་ཤོང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ནི་བསོད་ནམས་འདི་ལ་དེ་དེ་བཞིན་ཏེ་ཞེས་བྱ་བས་མང་བ་ཉིད་རྗེས་སུ་གནང་ནས་ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་བསྔོ་བ་ལས་སྐྱེས་པ་ལ་ཁྱད་པར་གསུངས་པ་ནི། དེ་ལྟར་དེ་ཙམ་བྱང་ཆུབ་

เล่ม ๙๔ · หน้า 129b

སེམས་དཔའ་ཉེ་བར་སྙེན་པར་བྱེད་པ་རྣམས་སོ། །རབ་འབྱོར་ཡང་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་སྔར་གྱི་བསོད་ནམས་རྣམས་ལ་མཚན་མར་འདུ་ཤེས་པ་དང་། ཉེ་བར་དམིགས་པར་འདུ་ཤེས་པས་ཡོངས་སུ་བསྔོ་བའི་བསོད་ནམས་ཀྱི་ཕུང་པོ་ལ་དམན་པ་ཉིད་དེ་མེད་པས་

ལྷག་པ་ཉིད་ཅེས་བྱ་བའི་དགོངས་པའོ། །ད་ནི་ཕན་ཡོན་ཐོས་པས་དགའ་བ་སྐྱེད་པའི་ལྷ་རྣམས་ཀྱིས་བསྔགས་པ་སྒྲོགས་པ་དང་མཆོད་པ་བྱེད་པ་གསུངས་པ་ནི། དེ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་ཞེས་བྱ་བ་ལ་སོགས་པ་སྟེ། མངོན་པར་གཏོར་ཞེས་བྱ་བ་ནི་མདུན་དུ་

མེ་ཏོག་གི་ཚོགས་གཏོར་བའི་ཕྱིར་རོ། །མངོན་པར་རབ་ཏུ་གཏོར་ཞེས་བྱ་བ་ནི་ཀུན་ནས་སོ། །དེ་བཞིན་དུ་ལྷའི་རིས་གཞན་དག་ནས་ཀྱང་ཞེས་བྱ་བ་ནི་མཚེ་མ་ལ་སོགས་པ་རྣམས་ལས་སོ། །སྒྲ་ཞེས་བྱ་བ་ནི་བསྔགས་པའི་སྒྲའོ། །དབྱངས་རྗེས་སུ་བསྒྲགས་སོ་ཞེས་བྱ་བ་ནི་བསྔགས་

པའི་ཚིག་དེ་ཉིད་ཡང་ནས་ཡང་དུ་བརྗོད་པའི་ཕྱིར་མང་བ་ལ་རྟོག་པར་བྱེད་དོ། །ཡུན་རིང་པོ་དེ་ཙམ་དུ་ཞེས་བྱ་བ་ནི་དུས་རིང་པོ་ཙམ་དུ་བསགས་པའོ། །དེ་ལྟར་རྒྱ་ཆེར་ཡང་དག་པར་བསྒྲུབ་པ་ཞེས་བྱ་བ་ནི་དེ་ལྟ་བུའི་རྒྱ་ཆེན་པོས་སྐྱེད་པར་བྱེད་པའོ། །སྔར་བཤད་པ་ཉིད་ཀྱི་དོན་བསྟན་པ་ཉིད་

ཀྱི་དོན་དུ་བཅོམ་ལྡན་འདས་སླར་བསྟན་པར་མཛད་དེ། ལྷའི་བུ་དག་ཅེས་བྱ་བ་ལ་སོགས་པས་ཞེས་བྱ་བ་ཁ་ཅིག་གོ། །ཡང་ན་གང་ཞིག་དེ་མ་ཐག་ཏུ་བསོད་ནམས་ཉེ་བར་བསྟན་པ་དེ་ཉིད་ནི་འདིར་ལྷའི་བུ་དག་ཅེས་བྱ་བ་ལ་སོགས་པས་མདོར་བསྡུས་ཏེ་རྗེས་སུ་བརྗོད་ནས་སོ། །རྣམ་

གྲངས་འདིས་ཞེས་བྱ་བ་ལ་སོགས་པ་ཁྱད་པར་གསུངས་སོ། །འདིར་ནི་ཁྱད་པར་འདིའོ། །གང་ཞིག་ཡང་འཇིག་རྟེན་གྱི་ཁམས་གཞན་དང་གཞན་ན་ཡོད་པ་ཉེ་བར་བསྙེན་པར་བྱ་བ་དེ་རྣམས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སླར་འཇིག་རྟེན་གྱི་ཁམས་གཞན་དང་གཞན་ན་ཡོད་པ་

དེ་རྣམས་ལ་སྦྱིན་པ་བྱིན་ཞིང་ཞེས་བྱ་བ་འདི་ནི་རིགས་པ་ཡིན་ཏེ། གཞན་དུ་ན་ལྟ་ཞོག་ཅེས་བྱ་བ་ལ་སོགས་པ་འབྲེལ་བར་འགྱུར་རོ། །རེ་རེ་ནས་ཡོངས་སུ་བརྟགས་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་ལྟར་བཤད་པར་བྱའོ། །འདི་ཙམ་གྱིས་ནི་ཇི་སྲིད་དུ་སྒྲུབ་པའི་རྗེས་སུ་ཡི་

เล่ม ๙๔ · หน้า 130a

རང་བ་ཁས་བླངས་ནས་དེ་སྔོན་དུ་འགྲོ་བ་ཅན་ཡོངས་སུ་བསྔོ་བ་བསྟན་ཏོ། །ད་ནི་རང་དང་གཞན་གྱི་བསོད་ནམས་ཀྱི་བྱ་བ་མཉམ་པ་ཉིད་ཐོབ་པའི་དོན་དུ་རྗེས་སུ་ཡི་རང་བ་ཉིད་བཤད་པའི་དོན་དུ་མདོར་བསྟན་པར་བྱེད་པ་ནི། དེ་ནས་བཅོམ་ལྡན་

འདས་ལ་ཞེས་བྱ་བ་ལ་སོགས་པ་སྟེ། མ་ལུས་པར་བྱས་ཏེ་ཞེས་བྱ་བ་ནི་ལུས་པ་མེད་པར་བྱས་ནས་སོ། །མཆོག་ཉིད་ལ་སོགས་པ་རྣམས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམས་རྗེས་སུ་བརྗོད་ནས་ཅི་ཙམ་གྱིས་ན་མཆོག་ཏུ་འགྱུར་ཞེས་བྱ་བའི་འདྲི་བའོ། །ཆོས་

རྣམས་མི་འཛིན་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་རྣམས་དང་དགེ་བའི་རྩ་བ་དེ་རྣམས་ལ་གཟུང་བ་ལ་སོགས་པ་མེད་པའི་ཕྱིར་མཉམ་པ་ཉིད་མཐོང་བ་གསུངས་སོ། །དེ་ལ་མི་འཛིན་པ་ནི་ཀུན་བརྟགས་སོ། །རློམ་སེམས་སུ་མི་བྱེད་པ་ནི་གཞན་དབང་གིས་སོ། །

མི་དམིགས་པ་ནི་ཡོངས་སུ་གྲུབ་པའོ། །འདི་ཉིད་ཀྱི་ཕྱིར་ངོ་བོ་ཉིད་གསུམ་དེ་ཉིད་རིམ་པ་ཇི་ལྟ་བ་ཉིད་མི་རྟོག་རྣམ་པར་མི་རྟོག་མི་མཐོང་ཞེས་བྱ་བའོ། །འདི་ཉིད་གསལ་བར་བྱེད་པ་ནི་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་སྟེ། ཏིང་ངེ་འཛིན་འདིའི་གནས་སྐབས་ལ་

ལངས་པ་ཡང་ཇི་ལྟར་ཆོས་རྣམས་ལ་རྣམ་པར་གཞག་པར་བྱེད་པ་དེ་གསུངས་པ་ནི། ཆོས་དེ་དག་ལ་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ནི་རྟོག་པས་རྣམ་པར་བསྒྲུབ་པ་སྟེ་ཞེས་བྱ་བ་ནི་རྟོག་པས་རྣམ་པར་བསྒྲུབ་པ་བརྙེས་པ་ཀུན་ཏུ་

བརྟགས་པའོ། །མ་སྐྱེས་པ་ནི་གཞན་དབང་རྣམས་སོ། །ངེས་པར་མ་སྐྱེས་པ་ནི་ཡོངས་སུ་གྲུབ་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་འོང་བ་མེད་པ་དང་འགྲོ་བ་མེད་པ་སྟེ། སྐྱེ་བ་དང་འཇིག་པ་དག་ལ་རིམ་པ་ཇི་ལྟ་བར་དེ་ཁོ་ན་ཉིད་དུ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་

གསུངས་པ། འདི་ལ་ཆོས་གང་ཡང་མ་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་སྐྱེ་བ་དང་། འགག་པ་མེད་པའི་ཕྱིར་སངས་རྒྱས་འདི་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སོ་སོའི་སྐྱེ་བོ་རྣམས་

เล่ม ๙๔ · หน้า 130b

ཀྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བའི་སེམས་དག་ལ་ཆོས་ཉིད་སྟོང་པ་ཉིད་ལ་དེ་ལྟར་རྗེས་སུ་ཡི་རང་བ་དང་ཡོངས་སུ་སྔོ་བར་བྱེད་དེ། དེ་ལྟར་ན་རྗེས་སུ་ཡི་རང་བ་མཆོག་ཏུ་འགྱུར་ཏེ། རྗེས་སུ་ཡི་རང་བའི་སྐབས་ལ་ཡང་ཡོངས་སུ་སྔོ་བར་བྱེད་

པ་ཞེས་བྱ་བའི་ཚིག་ནི་ཅི་ནས་ཀྱང་ཡོངས་སུ་བསྔོ་བར་བྱ་བ་ཉིད་ཀྱི་ཕྱིར་དང་། སླར་ཆོས་ཐམས་ཅད་ལ་རྣམ་པར་གྲོལ་བས་མཉམ་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་དུས་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བར་བྱའོ་ཞེས་སྟོན་པར་བྱེད་པ་ནི་རབ་འབྱོར་གཞན་ཡང་

ཞེས་བྱ་བ་ལ་སོགས་པས་སོ། །རྣམ་པར་གྲོལ་བ་ནི་མྱ་ངན་ལས་འདས་པ་སྟེ། དེ་ཡང་ཆོས་ཀྱི་དབྱིངས་ལ་སྒྲིབ་པ་ཐམས་ཅད་ཀྱིས་རྣམ་པར་དག་པ་ཉིད་དོ། །དོན་དམ་པར་སྦྱིན་པ་ལ་སོགས་པ་ཐམས་ཅད་དེ་ལྟར་ཉིད་ཅེས་བྱ་བའི་དོན་ཏོ། །མ་བཅིངས་ཤིང་ཞེས་བྱ་བ་

ལ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པ་ཉིད་ཀྱི་ཕྱིར་སོ་སོའི་སྐྱེ་བོའི་དུས་སུ་བཅིངས་པ་མེད་པ་ཡིན་ནོ། །མ་གྲོལ་བ་ནི་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཀྱི་ཕྱིར་ཕྱིས་གྲོལ་བ་མེད་པའོ། །མ་ཆགས་པ་ནི་ཆོས་ཐམས་ཅད་ལ་ལྟ་བ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་

མེད་པའི་ཕྱིར་གང་དུ་ཡང་ཆགས་པ་མེད་པའོ། །ཡོངས་སུ་མི་སྔོ་བའི་ཚུལ་གྱིས་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བ་ལ་ཡང་མི་དམིགས་པའི་ཕྱིར་རོ། །འདི་ཐམས་ཅད་ཇི་ལྟར་ཡིན་ཞེས་གསུངས་པ་ནི། མི་འཕོ་བ་དང་མི་འཇིག་པས་ཞེས་བྱ་བ་སྟེ། དོན་དམ་པར་ཆོས་

རྣམས་ལ་གནས་སྐབས་གཞན་ལ་འཕོ་བ་མེད་དེ་འཇིག་པ་ཡང་ཡོད་པ་མ་ཡིན་ནོ། །འདི་ཙམ་གྱིས་ན་ཞེས་བྱ་བ་ནི་བཅིངས་པ་དང་། གྲོལ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། འཕོ་བ་དང་རྣམ་པར་འཇིག་པ་མེད་པས་སོ། །ཆོས་ཐམས་

ཅད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་མཉམ་པ་ཞེས་སོ་སོར་རྟོག་པས་རྗེས་སུ་ཡི་རང་བ་མཆོག་ཏུ་འགྱུར་ཞེས་བྱ་བ་ནི་ལན་གཉིས་པའོ། །སླར་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་དམིགས་པ་ཅན་གྱི་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་

เล่ม ๙๔ · หน้า 131a

པའི་བསོད་ནམས་བསགས་པ་ལས། མི་དམིགས་པའི་སྦྱོར་བས་བསོད་ནམས་ཀྱི་ཕུང་པོ་ལ་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བའི་བསོད་ནམས་ཉིད་ལྷག་པ་ཞེས་ལན་ནོ། །ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་

ཞེས་བྱ་བ་ནི་ཆོ་ག་ཇི་ལྟ་བར་གུས་པ་དང་བཅས་པར་བླངས་ནས་སོ། །མཚང་བྲུས་པ་ནི་སྐྱོན་ནས་བརྗོད་པའོ། །བརྡེགས་པ་ནི་བརྡུངས་པའོ། །སྤྱོས་པ་ནི་བདེན་པ་དང་བདེན་པ་མ་ཡིན་པའི་སྐྱོན་བརྗོད་པས་སོ། །ང་རྒྱལ་དང་བཅས་པ་ནི་ཡོད་ཅིང་ཞེས་བྱ་བའི་དོན་ཏོ། །

རྨུགས་པ་དང་གཉིད་ནི་རྨུགས་པ་དང་གཉིད་དེ་དེས་ཟིལ་གྱིས་གནོན་པ་དང་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ལ་རྨུགས་པ་ནི་སེམས་ལས་སུ་རུང་བ་མ་ཡིན་པའོ། །རྨུགས་པའི་མཚན་ཉིད་གང་ཞིག་སེམས་ལས་སུ་མི་རུང་བ་ཉིད་རང་གི་དམིགས་པ་ལ་རྟོགས་པའི་ཕྱིར་

རོ། །གཉིད་ནི་སེམས་རང་དབང་མེད་པར་ནང་དུ་འཇུག་པས་ཟད་པ་མིག་ལ་སོགས་པ་དབང་པོའི་སྒོ་ནས་མི་འཇུག་པའོ། །དེ་ཡང་རང་ལ་རག་མ་ལུས་པའི་སེམས་ཀྱི་འཇུག་པ་དེ་ནི་གཉིད་དོ། །ལྷག་མ་ནི་གོ་སླའོ། །རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་དེ་རྗོད་

པར་བྱེད་པའི་ལེའུ་ནི་དེ་ལྟར་བརྗོད་པ་སྟེ་ལེའུ་དྲུག་པའོ།། །།དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་དང་། ཀློག་པ་དང་། སྦྱིན་པ་ལ་སོགས་པ་རྣམས་ལ་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་དག་ལ་བསོད་ནམས་འབྱུང་བ་ཐོས་པ་ལས།

དང་བ་མངོན་པར་འཕེལ་བའི་གནས་བརྟན་ཤཱ་རིའི་བུས་འཁོར་གཞན་རྣམས་ལ་ཡང་དང་བ་མངོན་པར་འཕེལ་བའི་དོན་དུ་ཚིག་བཅུ་དྲུག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསྟོད་པའི་དོན་དུ་བརྩམས་པ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་བསྒྲུབ་

པ་ལགས་སོ་ཞེས་བྱ་བ་ལ་སོགས་པས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྒྲུབ་པ་གང་ལས་དེ་ནི་དེ་ལྟར་བརྗོད་དོ། །ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པས་སྦྱིན་པ་ལ་སོགས་པས་ཡོངས་སུ་རྫོགས་པར་བྱས་པ་སྒྲུབ་པ་ཞེས་བྱ་བ་འདིས་ནི་རྒྱུའི་

เล่ม ๙๔ · หน้า 131b

གནས་སྐབས་གསུངས་སོ། །འབྲས་བུའི་གནས་སྐབས་གསུངས་པ་ནི། ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའོ། །འདི་ལ་འཐད་པ་ནི། གསལ་བར་བྱེད་པ་ཞེས་བྱ་བ་སྟེ། སྒྲིབ་པའི་མུན་པ་ཐམས་ཅད་སྤངས་པ་ནི་བསལ་བའོ། །དེ་བྱེད་པ་ཞེས་

བྱ་བ་འདི་ནི་སྤངས་པ་ཕུན་སུམ་ཚོགས་པའོ། །ཡང་ན་ཆོས་ཐམས་ཅད་ལ་དོན་དམ་པར་སྣང་བ་ནི་གསལ་བར་བྱེད་པའོ། །དེ་བྱེད་པ་ཞེས་ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེའི་ཕྱིར་འདི་ལ་ཕྱག་འཚལ་ལོ་ནི་ད་ལྟར་རོ། །ཕྱག་བགྱི་བར་འོས་པ་ཞེས་བྱ་བ་ནི་

སྐད་ཅིག་མ་རེ་རེ་ཕྱི་མར་རོ། །ཚིག་གཅིག་གིས་ཕུན་སུམ་ཚོགས་པ་གཉིས་བསྟན་ཏོ། །ད་ནི་ཚིག་གཉིས་ཀྱིས་སྤངས་པ་གསུངས་པ་ནི་ཉེ་བར་གོས་པ་མེད་པ་ཞེས་བྱ་བ་སྟེ། སྒྲིབ་པ་དང་དྲི་མ་ཐམས་ཅད་ཟད་པའི་ཕྱིར་རོ། །འཇིག་རྟེན་ཐམས་ཅད་ཀྱིས་ཉེ་བར་མི་གོས་

པ་ཞེས་བྱ་བ་ནི་ཁམས་གསུམ་གྱི་དྲི་མ་ཟད་པའི་ཕྱིར་རོ། །ད་ནི་ཚིག་གསུམ་གྱིས་ཡེ་ཤེས་གསུངས་པ་ནི། སྣང་བར་བགྱིད་པ་ཞེས་བྱ་བ་སྟེ། སྣང་བ་ནི་ཆོས་ཐམས་ཅད་ལ་དོན་དམ་པར་སྣང་བ་སྟེ་དེ་བྱེད་པའོ། །འདིར་ཚིག་གཉིས་ཀྱིས་རྒྱུ་གཉིས་སུ་གསུངས་

པ་ནི་ཁམས་གསུམ་པ་ཐམས་ཅད་ཀྱི་རབ་རིབ་དང་བྲལ་བར་བགྱིད་པ་ཞེས་བྱ་བ་སྟེ་རབ་རིབ་ནི་མི་ཤེས་པའོ། །དེ་བཟློག་པ་ནི་རབ་རིབ་དང་བྲལ་བའི་ཡེ་ཤེས་སོ། །ཐམས་ཅད་ནི་མ་ལུས་པའོ། །ཁམས་གསུམ་ནི་ཁམས་གསུམ་གྱི་དོན་དམ་པའོ། །དེ་ལ་རབ་རིབ་དང་བྲལ་བ་དེ་

བྱེད་པའོ་ཞེས་བྱ་བ་ནི་དམིགས་པ་ལ་ཁྱབ་པའོ། །ཉོན་མོངས་པ་དང་ལྟ་བའི་མུན་པ་ཐམས་ཅད་སེལ་བ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལྟ་བ་རྣམས་ནི་ཉོན་མོངས་པ་དང་ལྟ་བའོ། །དེ་རྣམས་ཉིད་ནི་མུན་པ་སྟེ་ཐམས་ཅད་ཀྱང་ཡིན་ལ་དེ་རྣམས་ཀྱང་ཡིན་ཏེ། དེ་

རྣམས་ལ་སེལ་བར་བྱེད་པ་ཞེས་བྱ་བ་ནི་མི་མཐུན་པ་ཐམས་ཅད་ཟད་པའོ། །འདི་ཙམ་ཐམས་ཅད་ཀྱིས་རང་གི་དོན་ཕུན་སུམ་ཚོགས་པ་གསུངས་སོ། །གཞན་གྱི་དོན་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས་གསུངས་པ་ནི། བརྟེན་པར་བགྱིད་པ་ཞེས་བྱ་བ་སྟེ་

เล่ม ๙๔ · หน้า 132a

གོ་འཕང་ཐམས་ཅད་འདོད་པ་རྣམས་ཀྱིས་སོ། །མཆོག་ཏུ་བགྱིད་པ་ཞེས་བྱ་བ་ལ། མཆོག་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའོ། །བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱི་འབྲས་བུ་ཉིད་ཀྱི་ཕྱིར་དེ་རྣམས་ཀྱི་མཆོག་གོ། །ཕུང་

པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ནི་བདེ་བ་སྟེ་དེ་བགྱིད་པའོ། །ཡང་ན་འཇིག་རྟེན་ལས་འདས་པ་ནི་བདེ་བ་སྟེ་དེ་བགྱིད་པའོ། །སེམས་ཅན་ལྡོངས་པ་རྣམས་ལ་སྣང་བར་བགྱིད་པ་ཞེས་བྱ་བ་ནི་ཇི་སྲིད་དུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མེད་པ་དེ་སྲིད་དུ་ལྡོངས་པའོ། །དེ་

རྣམས་ལ་དེ་བསྐྱེད་པའི་ཕྱིར་སྣང་བར་བགྱིད་པའོ། །འཇིགས་པ་དང་ཉེ་བར་འཚེ་བ་ཐམས་ཅད་རབ་ཏུ་སྤང་བ་དང་སྣང་བར་བགྱིད་པ་ཞེས་བྱ་བ་ནི་འཇིགས་པ་དང་ཉེ་བར་འཚེ་བ་ཐམས་ཅད་སྤངས་པའི་སྣང་བ་ནི་འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་སྟེ་དེ་བགྱིད་པའོ། །

འདི་ཙམ་གྱིས་ནི་ཐེག་པ་དམན་པ་གནས་པ་རྣམས་ལ་དོན་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་གྱི་དབང་དུ་མཛད་ནས་གསུངས་པ་ནི་སྤྱན་ལྔ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམས་ནི་གཞན་དོན་གྱི་གཙོ་བོ་རྣམས་སོ། །གཞན་དོན་ལ་ཡང་དེ་ཉིད་སྒྲུབ་བྱེད་

དེ་དམིགས་པའི་དབྱེ་བས་ཤ་དང་ལྷ་དང་ཤེས་རབ་དང་སངས་རྒྱས་དང་ཆོས་མི་ཟད་པའི་སྤྱན་གྱི་འཁོར་དང་ལྡན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིག་ལགས་སོ་ཞེས་བྱ་བ་ནི་ཐ་མི་དད་པས་དེ་ཉིད་ནི་མིག་སྟེ། ཆོས་ཐམས་ཅད་ཀྱི་དོན་དམ་པ་མཐོང་བའི་ཕྱིར་

རོ། །གཏི་མུག་དང་མུན་པ་དང་རབ་རིབ་རྣམས་དང་བྲལ་བར་བགྱིད་པ་ཞེས་བྱ་བ་ལ་གཏི་མུག་ཉིད་ནི་མུན་པ་དང་རབ་རིབ་སྟེ། མཐར་ཐུག་པའི་མུན་པ་སྟེ་ཇི་ལྟ་བ་བཞིན་གྱི་དོན་མཐོང་བའི་གེགས་བྱེད་པའི་ཕྱིར་རོ། །དེ་ལ་རབ་རིབ་དང་བྲལ་བར་བགྱིད་པ་ནི་རྣམ་པར་འཇོམས་

པར་བྱེད་པའོ། །རབ་རིབ་ནི་ལྟ་བའི་སྐྱོན་ཏེ་དེ་དང་བྲལ་བར་བྱེད་པའི་ཕྱིར་རབ་རིབ་དང་བྲལ་བར་བགྱིད་པའོ། །དེ་ལྟ་བུར་གྱུར་པ་འབྱུང་ཞིང་ཅི་ཞིག་སྐྱེད་པར་བྱེད་ཅེས་གསུངས་པ་ནི་ཆོས་ཐམས་ཅད་མི་བགྱིད་པ་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ནི་ཕུང་པོ་ལྔ་རྣམས་སོ། །དེ་རྣམས་

เล่ม ๙๔ · หน้า 132b

ལ་ཡང་ངོ་བོ་ཉིད་གསུམ་སྟེ། ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་པའོ། །དེ་ལ་ཀུན་བརྟགས་ནི་བྱེད་པ་མ་ཡིན་ཏེ་མཚན་ཉིད་ཇི་ལྟ་བར་དེ་མེད་པའི་ཕྱིར་རོ། །གཞན་དབང་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། དེ་ནི་བྱེད་པ་མ་ཡིན་ཏེ་དེའི་གཉེན་

པོ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་གྲུབ་པ་ནི་ཆོས་ཀྱི་དབྱིངས་ཏེ་དེ་ཡང་མི་བྱེད་དེ་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཡང་དག་པའི་ཡེ་ཤེས་བྱེད་ཅེ་ན་མཉམ་པས་མཉམ་པའི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པའི་ངོ་བོར་གནས་པ་ཡང་ཡེ་ཤེས་

ཐོག་མ་དང་ཐ་མ་མེད་པ་ཉིད་དེ་དེ་ལ་ཡང་འཁྲུལ་པ་ལོག་པ་ཙམ་ཉིད་ཀྱིས་ཐོབ་པའོ། །འོ་ན་ཅི་ཞིག་བྱེད་ཅེ་ན་གསུངས་པ་ནི། ལམ་ལོག་པར་མཆིས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ལམ་ལོག་པ་ནི་ཆོས་རྣམས་ལ་ཡོངས་སུ་རྟོག་པའོ། །དེས་མཆིས་པ་རྣམས་ལ་ལམ་དུ་

ནི་ཆོས་ཀྱི་བདག་མེད་པའི་ཡེ་ཤེས་ལ་འཛུད་པའོ། །གང་གི་ལམ་ལ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱིའོ། །འདི་ཙམ་གྱིས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་སྒྲུབ་པ་ཞེས་གང་ཞིག་གསུངས་པ་དེའི་གཞན་དོན་གསུངས་པ་ནི། ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ལ་

སོགས་པ་སྟེ། གང་གི་ཚེ་བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པ་དེ་ལ་དེའི་ཚེ་འདི་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་དོན་ཏོ། །འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་སྐྱེད་པར་བྱེད་པ་དང་འགག་པར་བྱེད་པ་སྐྱེ་བ་དང་འགག་པ་སྟེ་མ་ཡིན་ཞེས་གསུངས་པ་ནི་མི་སྐྱེད་པ་ཞེས་

བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ལ་མི་སྐྱེད་པ་ཞེས་བྱ་བ་ནི་རྣམ་པར་བྱང་བའི་རྣམ་པའོ། །ཆོས་ཐམས་ཅད་མི་འགོག་པ་ནི་ཀུན་ནས་ཉོན་མོངས་པ་ཅན་གྱིའོ། །མ་སྐྱེས་པ་དང་མ་འགགས་པ་ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་ཐམས་ཅད་ཀྱི་དོན་དམ་པ་ནི་རང་ཉིད་ཀྱི་ཆོས་ཀྱི་

དབྱིངས་སོ། །དེས་ན་འདི་རྣམས་ལ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་བྱིས་པ་རྣམས་ལ་སྣང་བའི་ངོ་བོས་ཤིན་ཏུ་མེད་པ་ཉིད་ཀྱི་ཕྱིར་འདི་རྣམས་ལ་སྐྱེ་བ་དང་འགག་པ་ཉིད་མེད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཞེས་བྱ་བའོ། །རྟེན་ཅིང་

เล่ม ๙๔ · หน้า 133a

འབྲེལ་པར་འབྱུང་བ་གཞན་དབང་སླར་འདི་རྣམས་ལ་ངོ་བོ་ཉིད་ཀྱི་དབང་དུ་མཛད་ནས་གསུངས་པ་ནི་ཡུམ་ཞེས་བྱ་བ་ལ་སོགས་པ་སྟེ། ཡུམ་ནི་སྐྱེད་པར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་ཐམས་ཅད་སྩོལ་བའི་

སླད་དུ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་རིན་པོ་ཆེ་སྟེ་དེ་རྣམས་སྟེར་བར་བྱེད་པའི་ཕྱིར་རོ། །དེ་རྣམས་ཐམས་ཅད་རྒྱུའི་གནས་སྐབས་སུ་གྱུར་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་སོ། །དེ་བས་ན་འདི་དེའི་ཚེ་ན་དེ་རྣམས་ལ་སྐྱེད་པར་བྱེད་པའོ། །སངས་རྒྱས་

ཀྱི་ཆོས་སྐྱེད་པའི་ཕྱིར་སངས་རྒྱས་སྐྱེད་པར་བྱེད་པ་ཉིད་ཀྱི་དོན་ལས་གོ་བ་ཡིན་ནོ། །དེ་ཙམ་གྱིས་ནི་སངས་རྒྱས་རྣམས་ལ་ཁྱད་པར་གོ་བ་མ་ཡིན་ནོ། །དེ་བས་ན་ཡོན་ཏན་ཅན་གྱི་ཁྱད་པར་རྣམས་ཀྱིས་སླར་དེ་གསུངས་པ་ནི་སྟོབས་བཅུ་ཞེས་བྱ་བ་ལ་སོགས་པས་སོ། །དེ་བཞིན་གཤེགས་

པའི་སྟོབས་རྣམས་ནི་བཅུ་སྟེ་དེ་རྣམས་བགྱིད་པའོ། །བཅུ་པོ་གང་ཞེ་ན། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས་དང་། ལྷག་པར་མོས་པ་སྣ་ཚོགས་

པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་

དང་རྣམ་པར་བྱང་བ་ལྡང་བ་ཐམས་ཅད་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །དེ་ལ་གནས་དང་གནས་མ་ཡིན་པ་དག་ནི་སྲིད་

པ་དང་མི་སྲིད་པ་དག་གམ་ཡང་དག་པར་འབྱུང་བ་དང་། ཡང་དག་པར་མི་འབྱུང་བ་དག་གོ། །འདི་ལྟ་སྟེ། ཉེས་པར་སྤྱོད་པ་རྣམས་ཀྱི་རྣམ་པར་སྨིན་པ་མི་འདོད་པ་ནི་གནས་ཏེ་འདོད་པ་ནི་གནས་མ་ཡིན་པ་ཞེས་བྱའོ། །ལས་དང་རྣམ་པར་སྨིན་པ་དག་ནི་ལས་དང་རྣམ་པར་

เล่ม ๙๔ · หน้า 133b

སྨིན་པའོ། །ཁམས་སྣ་ཚོགས་པ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་ལ་སོགས་པ་སྐྱེད་པར་བྱེད་པའི་ལྷག་པའི་བསམ་པའོ། །ལྷག་པར་མོས་པ་སྣ་ཚོགས་པ་ནི་འདི་ལྟ་སྟེ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ལ་གནས་པ་རྣམས་ལ་འདོད་ཆགས་དང་

ཞེ་སྡང་ལ་སོགས་པ་ལ་འདོད་པའོ། །དབང་པོ་རྣམས་ནི་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་རྣམས་སོ། །དེ་རྣམས་ཀྱི་མཆོག་དང་མཆོག་མ་ཡིན་པ་ཉིད་ནི་ཆེན་པོ་ཉིད་དེ་འདི་ནི་དབང་པོ་རྟུལ་པོ་འདི་ནི་འབྲིང་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་

དུ་འགྲོ་བའི་ལམ་ནི་འདོད་ཆགས་ཀྱི་གཉེན་པོ་ནི་ལམ་འདི་ཡིན་འདི་ནི་ཞེ་སྡང་གི་སྟེ་ཞེས་བྱ་བ་ལ་སོགས་པའོ། །བསམ་གཏན་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། ཏིང་ངེ་འཛིན་གསུམ་དང་། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་རྣམས་དང་།

གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཀུན་ནས་ཉོན་མོངས་པ་ལ་སོགས་པ་སྟེ། དེ་ལ་ཉོན་མོངས་པ་ནི་སྲིད་པའི་དོན་ལ་ཡོངས་སུ་བསྔོ་བ་དང་མྱ་ངན་ལ་སོགས་པས་སོ། །རྣམ་པར་བྱང་བ་ནི་

མངོན་པར་ཤེས་པ་མངོན་པར་མི་དམིགས་པ་ལ་སོགས་པས་སོ། །ལྡང་བ་ནི་སེང་གེ་རྣམ་པར་རོལ་པ་དང་། ལུགས་མཐུན་པ་དང་ལུགས་ལས་བཟློག་པའི་དབང་གིས་འབྱུང་ངོ་། །སྔོན་གྱི་གནས་ནི་སྔོན་གྱི་སྐྱེ་བ་སྟེ་དེ་ལ་རྗེས་སུ་དྲན་པ་ནི་དྲན་པའོ། །འཆི་འཕོ་བ་དང་

སྐྱེ་བ་དག་ནི་སེམས་ཅན་རྣམས་འཆི་བ་དང་སྐྱེ་བ་དག་གོ། །ཟག་པ་ནི་ཉོན་མོངས་པ་སྟེ་དེ་རྣམས་ཀྱི་ཟག་པ་གང་ཞིག་དང་ལམ་གང་གིས་ཟད་པ་དེ་གཉི་ག་ཡང་ཟག་པ་ཟད་པ་ནི་སེམས་ཅན་རྣམས་ལའོ། །གནས་དང་གནས་མ་ཡིན་པ་ལ་སོགས་པ་འདི་རྣམས་ལ་རྣམ་པ་

ཐམས་ཅད་དུ་དུས་ཐམས་ཅད་ལ་ཡང་དག་པར་མཁྱེན་པ་དེ་ནི་འདིར་གནས་དང་གནས་མ་ཡིན་པ་ལ་སོགས་པ་མཁྱེན་པའོ། །དེ་ཉིད་ནི་སྟོབས་ཏེ་ཅིག་ཤོས་རྣམས་ཀྱིས་མི་བརྫི་བའི་ཕྱིར་དང་། དེ་རྣམས་ཀྱང་ཟིལ་གྱིས་གནོན་པའི་ཕྱིར་རོ། །མི་ཐུལ་བ་ཞེས་བྱ་བ་ནི་

เล่ม ๙๔ · หน้า 134a

ཟིལ་གྱིས་མནན་པར་མི་ནུས་པ་སྟེ་ཅིའི་ཕྱིར་ཞེ་ན་གསུངས་པ། མི་འཇིགས་པ་བཞི་བགྱིད་པའི་སླད་དུའོ་ཞེས་བྱ་བ་ནི་སེང་གེ་བཞིན་དུ་ཤིན་ཏུ་དོགས་པ་མེད་པ་རིགས་པར་སྨྲ་བ་ནི་མི་འཇིགས་པའོ། །དེའི་དངོས་པོ་ནི་མི་འཇིགས་པའོ། །མི་འཇིགས་

པ་ནི་རྣམ་པ་བཞི་སྟེ། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང་། ཟག་པ་ཐམས་ཅད་ཟད་པར་མཁྱེན་པ་ལ་མི་འཇིགས་པ་དང་། བར་དུ་གཅོད་པའི་ཆོས་རྣམས་ལ་མི་འཇིགས་པ་དང་། ངེས་པར་འབྱུང་བའི་ཆོས་རྣམས་ལ་མི་འཇིགས་པའོ། །

རང་གི་དོན་ལས་བརྩམས་ཏེ་དང་པོ་དང་གཉིས་པའོ། །གཞན་དོན་ལས་བརྩམས་ནས་གསུམ་པ་དང་བཞི་པ་དག་གོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །ཟག་པ་ཟད་པ་ནི་སྤངས་པ་ཕུན་སུམ་ཚོགས་པའོ། །བར་དུ་གཅོད་

པའི་ཆོས་རྣམས་ནི་མྱ་ངན་ལས་འདས་པའི་གེགས་བྱེད་པའོ། །ངེས་པར་འབྱུང་བ་རྣམས་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ། །དེ་རྣམས་ལ་མི་འཇིགས་པ་ནི་འདི་ནི་འདི་ལྟར་མ་ཡིན་ཞེས་ཡོངས་སུ་གོལ་བར་བྱེད་པ་ལ་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་

རྣམས་ཀྱིས་མཚན་མ་ཉེ་བར་མི་སྟོན་པས་དེ་བགྱིད་པའོ། །གནས་འདི་ལ་སྔོན་གྱི་པོ་ཏི་རྣམས་ལ་ཚིག་མང་བ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱག་བགྱི་བར་འོས་པ་སྟེ་ཉེ་བར་མ་གོས་པ་དང་ཁམས་གསུམ་པ་ཐམས་ཅད་ཀྱི་རབ་རིབ་དང་བྲལ་

བར་བགྱིད་པ་ཞེས་བྱ་བ་ལ་སོགས་པ་བར་བར་དུ་འདོན་པ་མ་ཡིན་ཏེ་འདོན་པ་འདི་ཡང་བཤད་ཟིན་པ་ལྟ་བུའོ། །འོན་ཏེ་ལྷག་པའི་འདོན་པ་ནི་བསྣན་པ་ཡིན་ནམ་ཡང་ན་འདོན་པའི་ཁྱད་པར་ཡིན་ནམ་ཅི་ཞེ་ན། དེ་ལ་བསྣན་པ་མ་ཡིན་ཏེ་མངོན་པར་རྟོགས་པ་དང་སྦྱར་བ་རྗེས་

སུ་ངོ་བོས་སོ། །དེ་བས་ན་འདོན་པའི་ཁྱད་པར་ཉིད་འདི་ཉིད་ཡིན་ཞེས་ཁ་ཅིག་གོ། །བསྣན་པ་ཉིད་འདི་ཡིན་ཞེས་གཞན་དག་གོ། །རྒྱུ་ནི་འདི་སྨྲ་བ་སྟེ་བཅོམ་ལྡན་འདས་མ་འདི་ལ་ལེའུ་རེ་རེ་ལ་མདོ་གཞན་བཞིན་དུ་ཚིགས་སུ་བཅད་པ་རྣམས་གནས་སོ། །དེ་རྣམས་

เล่ม ๙๔ · หน้า 134b

ཀྱང་ལེགས་པར་བྱས་པ་ལ་དགའ་བའི་འཇིག་རྟེན་ལ་དར་བ་དམན་པ་ཉིད་ཀྱི་དོགས་པས་འཕགས་པ་མགོན་པོ་བྱམས་པས་བསྟན་པའི་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་གསལ་བར་བྱས་པའོ། །དེ་རྣམས་ཀྱང་བཅོམ་ལྡན་འདས་མ་འདི་བསྟན་པའི་རིམ་པ་ལ་རྗེས་

སུ་འབྲང་བ་རྣམས་ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པའི་མིང་གིས་གུས་པ་ཉིད་དུ་དར་བ་ཡིན་ནོ། །དེ་བས་ན་དེ་རྣམས་ཀྱི་མཐའ་ཡས་པ་ཉིད་ཀྱི་ཕྱིར་བརྒྱད་སྟོང་པ་ལ་མན་ངག་མ་ཐོབ་པའི་ཉུང་བ་ཉིད་ཀྱི་རྒྱུ་མ་ཤེས་ནས་ཆེན་མོ་རྣམས་ལས་བླངས་ནས་གཞུང་འདི་

ལྟ་བུ་རྣམས་རྫོགས་པར་བྱ་བའི་དོན་དུ་བརྒྱད་སྟོང་པ་ལ་གནས་དང་གནས་རྣམས་སུ་བསྣན་པ་ཡིན་ཞེས་བྱ་བའོ། །མགོན་མ་མཆིས་པའི་སེམས་ཅན་རྣམས་ཀྱི་མགོན་བགྱིད་པ་ཞེས་བྱ་བ་ལ་མགོན་མེད་པའི་སེམས་ཅན་རྣམས་ནི་ཐོག་མ་མེད་པ་ཉིད་ནས་སྡུག་བསྔལ་

གྱི་རང་བཞིན་གྱི་སྲིད་པ་ལ་འཁོར་བ་འདི་རྣམས་ལ་ད་དུང་ཡང་འཁོར་བ་མེད་པའི་ཕྱིར་དེ་རྣམས་ལ་མགོན་པོ་ནི་སྐྱོང་བར་བྱེད་པའི་སངས་རྒྱས་བཅོམ་ལྡན་འདས་ཏེ་དེ་བགྱིད་པའོ། །འདི་ཙམ་གྱིས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་གྲུབ་པ་འདི་ཞེས་བཤད་ཟིན་

ཏོ། །འདི་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་ཅེས་བཤད་པའི་དོན་དུ་གསུངས་པ་ནི་འཁོར་བའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་སྟེ་འཁོར་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་རྣམས་སོ། །དེའི་གཉེན་པོ་ནི་འཇོམས་པར་བྱེད་པ་ཆོས་ཀྱི་དབྱིངས་ཉིད་དོ། །ཇི་ལྟར་འཇོམས་

པར་བྱེད་ཅེ་ན་གསུངས་པ། ཐེར་ཟུག་ཏུ་གནས་པ་མ་མཆིས་པའི་སླད་དུ་སྟེ་ཆོས་ཀྱི་དབྱིངས་ནི་ཐེར་ཟུག་པ་སྟེ་ཐོག་མ་དང་ཐ་མ་མེད་པར་གཅིག་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་གལ་ཏེ་གཉེན་པོ་ཡིན་ན་དེ་ཉིད་ཀྱི་ཕྱིར་འཁོར་བར་མི་འགྱུར་རོ། །མཉམ་པ་དང་མཉམ་པས་

དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ངོ་བོས་གནས་པའི་ཡེ་ཤེས་ཀྱིས་རྟོགས་པའི་ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ། །དེའི་ཕྱིར་འདི་ཐོག་མ་དང་བཅས་པ་ཡིན་ནོ། །འོན་ཀྱང་དང་པོ་མཐོང་བ་ལས་གོང་ནས་གོང་དུ་ཁྱད་

เล่ม ๙๔ · หน้า 135a

པར་དུ་སོང་བ་སྟེ་དེའི་ཕྱིར་དེ་ཉིད་གཉེན་པོ་ཡིན་ནོ། །རྒྱུའི་ཚིག་འདི་ནི་འགའ་ཞིག་ཏུ་འདོན་པ་མ་ཡིན་ཏེ་སྤངས་པ་ཕུན་སུམ་ཚོགས་པ་བཤད་ཟིན་ཏོ། །ཡེ་ཤེས་ཕུན་སུམ་ཚོགས་པ་བཤད་པ་ནི་ཆོས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ།

ཆོས་ཐམས་ཅད་ཀྱི་ངོ་བོ་ནི་དོན་དམ་པ་སྟེ་དེའི་སྟོན་པ་ནི་དེའི་སྣང་བ་ཉིད་ཀྱི་ཕྱིར་རོ། །རང་དང་གཞན་རྣམས་ཀྱི་གཞན་དོན་གྱི་དབང་དུ་མཛད་ནས་གསུངས་པ་ནི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་སྟེ། བདེན་པ་བཞིའི་

ཆོས་ཀྱི་འཁོར་ལོ་ནི་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བ་ཡོངས་སུ་རྫོགས་པ་བཅོམ་ལྡན་འདས་བསྐོར་ཞིང་བཞུགས་ཞེས་བརྗོད་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་མ་འཇུག་པར་མཛད་པ་བཅོམ་ལྡན་འདས་དེ་དེ་ཉིད་ཀྱིས་བསྐོར་བའི་ཕྱིར་

རོ། །དེ་ལ་ལན་གསུམ་ནི་འདི་ཡིན་ཏེ། འདི་ནི་སྡུག་བསྔལ་འདི་ནི་སྡུག་བསྔལ་གྱི་ཀུན་འབྱུང་ངོ་། །འདི་ནི་སྡུག་བསྔལ་འགོག་པ་འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་མོ་ཞེས་བདེན་པ་བཞིའི་ལམ་རང་བཞིན་ཡོངས་སུ་སྤྱོད་པ་ནི་ལན་དང་པོའོ། །དེ་

ཉིད་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བ་དང་རབ་ཏུ་སྤང་བར་བྱ་བ་དང་མངོན་དུ་བྱ་བ་དང་བསྒོམ་པར་བྱ་བ་ཉིད་དུ་ཡོངས་སུ་གཅོད་པ་ནི་ལན་གཉིས་པའོ། །དེ་ཉིད་བདེན་པ་བཞིའི་བདག་ཉིད་ཀྱིས་ཡོངས་སུ་ཤེས་པ་ཉིད་དང་སྤངས་པ་ཉིད་དང་མངོན་དུ་བྱས་པ་

ཉིད་དང་སྒོམ་པར་བྱེད་པ་ཉིད་ཡོངས་སུ་གཅོད་པ་ནི་ལན་གསུམ་པའོ། །དེའི་ཕྱིར་དེ་ལན་གསུམ་དུ་བསྐོར་བའོ། །སྡུག་བསྔལ་གྱི་བདེན་པའི་སྡུག་བསྔལ་གྱི་རང་བཞིན་དང་ཡོངས་སུ་ཤེས་པར་བྱ་བ་ཉིད་དང་ཡོངས་སུ་ཤེས་པ་ཉིད་ཅེས་བྱ་བའི་རྣམ་པ་གསུམ་དང་།

ཀུན་འབྱུང་ལ་ཀུན་འབྱུང་གི་རང་བཞིན་དང་སྤང་བར་བྱ་བ་ཉིད་དང་སྤངས་པ་ཉིད་ཅེས་བྱ་བ་རྣམ་པ་གསུམ་དང་། འགོག་པའི་རང་བཞིན་དང་མངོན་དུ་བྱ་བ་ཉིད་དང་མངོན་དུ་བྱ་བ་ཉིད་ཅེས་བྱ་བའི་རྣམ་པ་གསུམ་དང་། ལམ་གྱི་བདེན་པའི་ལམ་གྱི་རང་བཞིན་དང་བསྒོམ་པར་

เล่ม ๙๔ · หน้า 135b

བྱ་བ་ཉིད་དང་སྒོམ་པར་བྱེད་པ་ཉིད་ཅེས་བྱ་བའི་རྣམ་པ་གསུམ་མོ། །དེ་བས་ན་དེ་ནི་རྣམ་པ་བཅུ་གཉིས་སོ། །གང་གི་ཕྱིར་འདི་ལྟ་བུའི་ཡོན་ཏན་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་ཕྱིར་འདིར་ཇི་ལྟར་གནས་པར་བྱ་ཞེས་གནས་བརྟན་འདྲི་བར་བྱེད་པ་

ནི་བཅོམ་ལྡན་འདས་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་སོ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཐབས་ལ་འདྲི་བ་མ་ཡིན་ཏེ་འོག་ནས་བརྒྱ་བྱིན་གྱིས་དྲིས་པའི་ཕྱིར་དང་བསྟན་པ་ཉིད་ཀྱི་ཕྱིར་རོ། །འདིར་ཇི་ལྟར་གནས་པར་བྱ་ཞེས་གནས་པའི་

རྣམ་པ་ལའོ། །ཇི་ལྟར་གུས་པ་དེས་པར་ཞུགས་པས་གནས་པར་བྱ་ཞེས་བྱ་བའི་དོན་ཏོ། །སྟོན་པ་ལ་ཇི་ལྟ་བར་ཞེས་བྱ་བ་ནི་འདི་ལ་ཡང་སྟོན་པའི་བྱ་བ་བྱས་པའི་ཕྱིར་སྟོན་པ་ལྟར་མཆོད་པ་ལ་སོགས་པས་གུས་པ་ཡང་དག་པར་ཞུགས་པར་བྱའོ། །ཅིའི་ཕྱིར་འདི་

འདྲི་བར་གྱུར་ཞེས་བྱ་བ་ནི་དགོས་པ་འདི་ཙམ་ལ་ཆོག་མི་ཤེས་པས་རྟོག་པར་བྱེད་པའོ། །ཅིའི་ཕྱིར་ཞེས་བྱ་བ་ནི་ད་ལྟར་འདྲི་བ་ལ་སྐབས་གང་ཡིན་པའོ། །ཅིའི་གཞི་ལས་ཞེས་བྱ་བ་ནི་སྔ་མའི་སྐབས་གང་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་ཤཱ་རིའི་བུས་དེ་ལ་གཙོ་བོ་ཉིད་

སྟོན་པར་བྱེད་པ་ནི་ཐབས་ལ་མཁས་པས་ཡོངས་སུ་ཟིན་པའི་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ཀྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་དམིགས་པ་ཅན་གྱི་སྦྱིན་པ་ལ་

སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྔའི་རང་བཞིན་གྱི་བསོད་ནམས་པས་ཁྱད་པར་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ནི་དམུས་ལོང་གི་དཔེས་གསུངས་པ་ནི་ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་དག་ནི་ཟིལ་གྱིས་གནོན་ཏེ་ཞེས་བྱ་བའི་རྗེས་

ལ་དེས་ན་བདག་ནི་གཞི་འདི་ལས་འདི་འདྲི་བར་གྱུར་ཏོ། །ཀཽ་ཤི་ཀ་འོན་ཀྱང་ཡང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་དུ་འཇུག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་སྔོན་དུ་འགྲོ་བ་ཡིན་ནོ་ཞེས་བྱ་བའི་གཞུང་ལྷག་པ་འདོན་པ་ཡིན་ཏེ།

เล่ม ๙๔ · หน้า 136a

འདོན་པ་འདི་ཡིན་ཡང་སྔོན་གྱི་པོ་ཏི་རྣམས་ལ་མེད་དོ། །ཆེན་མོ་རྣམས་ལ་ཡང་རིམ་པ་འདི་ཡོད་པ་མ་ཡིན་ནོ། །སྔོན་གྱི་འགྲེལ་པ་རྣམས་ལ་ཡང་བཤད་པ་མེད་དེ་དེ་ཉིད་ཀྱི་ཕྱིར་འདིར་ནི་འདུལ་བ་སྦས་པ་ལ་སོགས་པ་རྣམས་ཀྱིས་འདོན་

པ་གཞན་ཆེར་མང་བ་བྱས་པ་ཞེས་བྱ་བ་ནི་སློབ་དཔོན་སྐྱོང་བས་སོ། །འདི་ནི་འབྲེལ་པ་ཅན་ཡང་མ་ཡིན་པས་གང་གི་ཕྱིར་ཐམས་ཅད་ཀྱིས་མིག་ཐོབ་པར་འགྱུར་རོ། །སྔ་མ་རྣམས་ལ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པའི་ཕྱིར་ཞེས་བྱ་བའི་མཐར་ཐུག་པའི་ཡུམ་

གྱིས་གནས་བརྟན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཙོ་བོ་ཉིད་ཉེ་བར་བསྟན་ཏོ། །དེ་བས་ན་བར་དུ་ཞུགས་ཏེ་བདག་ནི་གཞི་འདི་ལས་འདི་འདྲི་བར་གྱུར་ཏོ་ཞེས་བྱ་བའི་ཉེ་བར་བསྡུ་བ་ལ་སྐབས་གང་ཡིན། འདི་ཙམ་ཉིད་ཀྱི་གཙོ་བོ་ཉིད་རྫོགས་པ་ཉིད་ལ་ཀཽ་ཤི་ཀ་

འོན་ཀྱང་ཡང་ཞེས་བྱ་བ་ལ་སོགས་པས་སླར་གཞན་ཅི་ཞིག་སྐབས་པར་བྱེད། དེའི་ཕྱིར་གཞི་འདི་ལས་འདི་འདྲི་བར་གྱུར་ཏོ་ཞེས་བྱ་བ་འདི་ལ་གཏན་ཚིགས་གཞན་མ་མཐོང་ཞིང་འདི་བསྣན་པ་ཁོ་ན་ཡིན་ནོ། །དམུས་ལོང་ཞེས་བྱ་བ་ལ། དམུས་ཀྱི་སྒྲ་ནི་ཤིན་ཏུ་རང་

དགའ་ཉིད་མེད་པ་བསྟན་པའི་ཕྱིར་ལོང་བ་གཞན་བཞིན་ནོ། །དམུས་ལོང་གཞན་བཞིན་དུ་སྔར་གྱི་རྗེས་སུ་འབྲང་བ་ཡང་མེད་པའི་ཕྱིར་རོ། །ཡོངས་སུ་འདྲེན་པ་མེད་པ་ནི་འདྲེན་པ་པོ་མེད་པའི་ཕྱིར་རོ། །སྐལ་བ་མེད་པ་ནི་རུང་བ་མ་ཡིན་པའོ། །ལམ་དུ་འཇུག་པ་

ནི་འགྲོ་བར་རྩོམ་པའི་ལམ་ཙམ་ལ་འཇུག་པའི་ཕྱིར་ནི་འགྲོ་བའི་ཕྱིར་ཞེས་བྱ་བ་ཡུམ་ལ་སོགས་པ་ཐོབ་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པའི་མིང་མི་ཐོབ་ཅིང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་མེད་པར་ཕ་རོལ་ཏུ་འགྲོ་བའི་དོན་དུ་མི་འཐད་པའི་ཕྱིར་

རོ། །དམུས་ལོང་དུ་གྱུར་པ་ཡིན་ཏེ་ཞེས་བྱ་བ་ནི་དམུས་ལོང་དང་འདྲ་བ་སྟེ་རང་ཉིད་ཀྱིས་དེ་ཁོ་ན་ཉིད་རྟོགས་པར་མ་བཟོད་པའི་ཕྱིར་རོ། །ཡོངས་སུ་འདྲེན་པ་མེད་པ་ནི་འདྲེན་པ་པོ་མེད་པའི་ཕྱིར་རོ། །དེ་བས་ན་རང་དང་གཞན་དུ་གཏོགས་པའི་ནུས་པ་མ་ཚང་བའི་ཕྱིར་སྐལ་

เล่ม ๙๔ · หน้า 136b

བ་དང་མི་ལྡན་པའོ། །ཐམས་ཅད་མཁྱེན་པའི་ལམ་དུ་འཇུག་པ་ནི་མོས་པས་སྤྱོད་པའི་སའོ། །རྗེས་སུ་ཐོབ་པ་ནི་རྟོགས་པའོ། །མིག་རབ་ཏུ་ཐོབ་པ་ཡིན་ནོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་དབང་པོ་ཡོངས་སུ་འཛིན་པའི་སྟོབས་ཀྱིས་སྦྱིན་པ་ལ་སོགས་པ་རྣམས་ལ་ཡང་ཤེས་རབ་

ལྟར་རྫོགས་པའི་བྱང་ཆུབ་ཐོབ་པའི་དོན་དུ་རྣམ་པ་ཐམས་ཅད་དང་དུས་ཐམས་ཅད་དུ་རྒྱུའི་ངོ་བོའོ། །དེ་ཉིད་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ལ་རྒྱུའི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་གིས་འབྱུང་བ་ཡིན་ནོ། །དེ་

བས་ན་དེར་གུས་པ་ཆེན་པོ་བྱ་བ་ཡིན་ནོ། །དེ་ལྟར་ན་ཇི་ལྟར་སྟོན་པ་ལ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱི་ལན་ལ་ཆོག་མི་ཤེས་ཤིང་བདག་ལ་དགོངས་པ་གཞན་དྲི་བ་ལ་ཁྱོད་ཅི་ཞིག་ཚོལ་བར་བྱེད་ཅེས་བྱ་བའི་དགོངས་པའོ། །ཇི་ལྟར་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི་ཞེས་བྱ་བ་ནི་མངོན་པར་ཕྱོགས་པར་བྱའོ། །འདིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པའི་རྣམ་པ་ལ་འདྲི་བ་མ་ཡིན་ཏེ། འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པ་ལ་འབྲས་བུ་ལ་འདྲི་

བ་མ་ཡིན་ནོ། །གཟུགས་མངོན་པར་མི་སྒྲུབ་པར་བལྟའོ་ཞེས་བྱ་བ་ནི་གཟུགས་མེད་པ་མངོན་དུ་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་སྒྲུབ་པ་ཞེས་བྱ་བ་ནི་གང་ཞིག་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཀུན་བརྟགས་དང་གཞན་དབང་གི་ངོ་བོས་མེད་

པར་བསྟན་པ་དང་ཡོངས་སུ་གྲུབ་པའི་ངོ་བོ་ནམ་མཁའ་དང་འདྲ་བ་ལ་མངོན་དུ་བྱ་བའོ། །འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་སྒྲུབ་པའོ། །མངོན་པར་སྒྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ལ་སོགས་པ་རྣམས་ལ་མེད་པའི་ཕྱིར་ནུས་པ་ཡིན་

ཞེས་བྱ་བའི་དོན་ཏོ། །གཟུགས་ལ་མངོན་པར་སྒྲུབ་པ་ཞེས་བྱ་བའི་འདོན་པ་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་མ་བཤད་པས་དོན་མ་འབྲེལ་པ་ཉིད་དོ། །འདིས་ཆོས་གང་ཡང་མི་སྐྱེད་དོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མེད་པ་ལ་ཕ་རོལ་ཏུ་སོང་བ་རྣམ་པར་མི་རྟོག་པ་ལྷུན་གྱིས་

เล่ม ๙๔ · หน้า 137a

གྲུབ་པའི་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ། །དེའི་དུས་ན་གཞན་ཆོས་འགའ་ཡང་ཡོད་པ་མ་ཡིན་ཏེ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སོ་སོར་གཏོད་པར་བྱེད། དེའི་ཕྱིར་གང་གི་ཚེ་ཆོས་གང་ཡང་གཏོད་པར་མི་བྱེད་པ་

དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གྲངས་སུ་འགྲོ་བ་ཡིན་ནོ། །འོན་ཏེ་དེ་ལ་ཆོས་ཀྱི་སྐུའི་གནས་སྐབས་སུ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐ་དད་པར་མི་དམིགས་ན་དེའི་ཕྱིར་དེ་ཡང་གཏོད་པར་མི་བྱེད་ཅེས་བྱ་བར་འགྱུར་རོ་ཞེས་བྱ་བའི་དགོངས་པས་འདྲི་བར་བྱེད་པ་ནི་

བཅོམ་ལྡན་འདས་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྟེ། ཇི་ལྟར་དམིགས་པ་དེ་ལྟར་གཏོད་པར་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པ་སྟེ་མཉམ་པ་ཉིད་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ངོ་བོས་

ཡོད་པར་གྱུར་པ་ཆོས་གང་ཡང་གཟུང་བར་གྱུར་པ་དམིགས་པ་མ་ཡིན་པ་དེ་བས་ན་ཇི་ལྟར་ཉེ་བར་དམིགས་པ་དེ་ལྟར་གཏོད་པ་མ་ཡིན་ནོ། །མིང་ཞེས་བྱ་བ་ནི་དངོས་པོ་སྟོན་པར་བྱེད་པའི་སྒྲའོ། །མངོན་པར་འདུ་བྱེད་པ་ནི་ཕྱི་མ་ཕྱི་མའི་དེའི་ངེས་པའི་ཤེས་པ་དང་དེ་སྔོན་དུ་

འགྲོ་བ་ཅན་ནི་ཐ་སྙད་དོ། །བཅོམ་ལྡན་འདས་འོ་ན་ཇི་ལྟར་གཏོད་པར་བགྱིད་ཅེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་མཁྱེན་པ་ཉིད་གཏོད་པར་བགྱིད་ཅེས་བྱ་བ་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་ཇི་ལྟར་གཏོད་པར་བྱེད་ཅེས་འདྲི་བ་ཡིན་ནོ། །ཇི་ལྟར་གཏོད་པར་

མི་བྱེད་པ་དེ་ལྟར་གཏོད་པར་བྱེད་དོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་གནས་སྐབས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོས་གནས་པ་ཡིན་ཞེས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ལ་གཏོད་པར་བྱེད་ཅེས་བརྗོད་པ་ཡིན་ལ། ཆོས་

གང་ལ་ཡང་གཏོད་པར་མི་བྱེད་ཅེས་ཀྱང་བརྗོད་པ་ཡིན་ནོ། །བཅོམ་ལྡན་འདས་ཇི་སྲིད་དུ་ཞེས་བྱ་བ་ལ་སོགས་པ་སྟེ། ངོ་མཚར་ཏོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་དེའི་གནས་སྐབས་ལ་མེད་པ་ཉིད་ཀྱི་ཕྱིར་སྐྱེ་བ་མ་ཡིན་ལ་འགག་པ་ཡང་མ་ཡིན་པ་དེས་ན་གནས་སྐབས་

เล่ม ๙๔ · หน้า 137b

དེ་སྐྱེ་བ་མེད་པའི་ཕྱིར་དང་འགག་པ་མེད་པའི་ཕྱིར་སོ་སོར་གནས་པ་ཞེས་བརྗོད་པ་ཡིན་ནོ། །ཉེ་བར་གནས་པ་དང་ཉེ་བར་མི་གནས་པ་དག་གཉི་ག་ལ་ཡང་རྣམ་པར་རྟོག་པ་ཉིད་ཀྱི་ཕྱིར་གསུངས་པ་ནི་གནས་པ་ཡང་མ་ལགས་ཞེས་བྱ་བ་སྟེ། གལ་ཏེ་དེ་ལྟར་ཡང་ཞེས་

བྱ་བ་ནི་ཉེ་བར་གནས་པ་དང་ཉེ་བར་མི་གནས་པ་དག་དངོས་པོའི་ཡན་ལག་ཏུ་གྱུར་པ་གཉི་ག་ལ་ཡང་རྣམ་པར་རྟོག་པ་ཉིད་ཀྱི་ཕྱིར་དེའི་ངོ་བོས་སོ། །འདུ་ཤེས་པར་བགྱིད་རིང་དུ་བགྱིད་ན་ཞེས་བྱ་བ་ནི་དེའི་ངོ་བོས་སོ། །གསོག་ཏུ་བགྱིད་ཅེས་བྱ་བ་ནི་ཡང་དག་པར་ཕྱོགས་

པ་མེད་པའི་ཕྱིར་རོ། །གསོབ་ཏུ་བགྱིད་ཅེས་བྱ་བ་ནི་ཡང་དག་པར་ཕྱོགས་པར་གྱུར་པའི་ཡེ་ཤེས་ལ་དེའི་མཚན་ཉིད་མེད་པའི་ཕྱིར་རོ། །མི་བགྱིད་པ་ཞེས་བྱ་བ་ནི་དེའི་འབྲས་བུ་མེད་པའི་ཕྱིར་སྐྱེ་བར་འགྱུར་བ་མ་ཡིན་ནོ། །རྣམ་གྲངས་འདི་ནི་ཡོད་དོ་ཞེས་བྱ་བ་ནི་ཇི་ལྟར་

ཁྱོད་ཀྱིས་བརྗོད་པའོ། །དེ་ཞེས་བྱ་བ་ནི་རིང་དུ་བྱེད་པ་ལ་སོགས་པ་ཅིའི་ཕྱིར་ཞེ་ནའོ། །ཡོངས་སུ་གསལ་བར་བྱས་པ་ནི་རྟོགས་པར་བྱ་བ་ལའོ། །ཇི་སྲིད་དུ་གཟུགས་ནས་སངས་རྒྱས་ཉིད་མ་ཡིན་ནོ་ཞེས་བྱ་བའོ། །གཟུགས་ལ་སོགས་པ་ཆོས་ཐམས་ཅད་ཀྱི་ནང་

ནས་ཆོས་འགའ་ཞིག་ཀྱང་མེད་དེ་གཟུགས་ལ་སོགས་པ་རྣམས་ནི་རྟོགས་པའི་རང་བཞིན་གྱི་རྟོགས་པའི་ངོ་བོ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཆོས་གང་ལ་ཡང་རིང་དུ་བགྱིད་པ་མ་ཡིན་འདི་མི་བགྱིད་པ་ལགས་ཞེས་བྱ་བའོ། །

རྣམ་གྲངས་གང་གིས་ཞེས་གནས་བརྟན་ལ་དྲིས་པ་ལ་རང་གི་འདོད་པ་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཉིད་ཀྱིས་གསལ་བར་བྱེད་པ་ནི་གཟུགས་ཆེན་པོར་མི་བགྱིད་ཆུང་ངུར་མི་བགྱིད་ཅེས་བྱ་བ་ནི་ཡོངས་སུ་གྲུབ་པ་ཆོས་ཀྱི་གཟུགས་ཆེན་པོར་བགྱིད་པ་མ་ཡིན་ཏེ། ཀུན་བརྟགས་

ཀྱི་གཟུགས་ཆུང་ངུར་མི་བགྱིད་ཅེས་བྱ་བ་ཐམས་ཅད་ལ་སྦྱར་བར་བྱའོ། །སྡུད་པར་མི་བགྱིད་ཅེས་བྱ་བ་ནི་མྱ་ངན་ལས་འདས་པ་ཐོབ་པས་སོ། །གཡེངས་པར་མི་བགྱིད་ཅེས་བྱ་བ་ནི་ཕྱིན་ཅི་ལོག་པས་སོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

เล่ม ๙๔ · หน้า 138a

པ་གཟུགས་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད་ཅེས་བྱ་བ་ཡང་ངོ་། །དོན་ནི་འདི་ཡིན་ཏེ་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཅུང་ཟད་བགྱིད་ན་དེ་ལྟར་ཡོད་པ་ན་འདི་ནི་མི་བགྱིད་ཅེས་བྱ་བ་འདི་བརྗོད་པར་རིགས་ཏེ། གང་གི་ཕྱིར་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་བརྟགས་ཐམས་ཅད་ལས་འདས་པ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད་ཅེས་བྱ་བ་ལ་སོགས་པ་འདི་བརྗོད་པར་རིགས་པ་མ་ཡིན་ནོ། །ལྟ་སྨོས་སུ་ཅི་མཆིས་ཞེས་བྱ་བའི་སྒྲ་ནི་ཁྱད་པར་

གྱི་དོན་ལའོ། །དེ་ལྟར་ཞེས་བརྗོད་ནས་དེ་ཉིད་གསུངས་པ་ནི་བདག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་སྟེ་འདི་ལྟར་ཞེས་བྱ་བ་ལ་སོགས་པས་སོ། །སྔོན་གྱི་པོ་ཏི་རྣམས་ལ་དེ་ལྟར་འཚལ་ན་ཡང་ཞེས་བྱ་བ་ལ་སོགས་པའི་གཞུང་མི་འདོན་བཞིན་དུ། དེ་

ཅིའི་ཕྱིར་ཞེ་ན། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པ་མ་ལགས་ཏེ་ཞེས་བྱ་བ་འདོན་པ་ཡིན་ནོ། །ཆོས་ཐམས་ཅད་མི་དམིགས་པའི་མཚན་ཉིད་ཅན་གྱི་བཅོམ་ལྡན་འདས་མའི་རྒྱུ་མཐུན་པ་དེ་དང་འདྲ་བའི་འབྲས་བུ་གང་ཞིག་སེམས་ཅན་དུ་དམིགས་

པ་དང་འབྲེལ་པའོ། །གལ་ཏེ་སེམས་ཅན་རྣམས་དང་དེ་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཐོང་བར་གྱུར་ན་དེའི་ཚེ་འདི་ཉིད་ནི་ཉེ་བར་དམིགས་པ་ཆེན་པོ་ཞེས་བྱ་བའོ། །དེ་ལྟར་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པའི་

དོན་དུ་འདི་ཐམས་ཅད་བྱང་ཆུབ་སེམས་དཔའི་ཡང་དག་པར་རྩོམ་པ་དེ་ཡང་མཚན་མར་སྒྲོ་འདོགས་པར་བྱེད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་མེད་པར་ཆོས་གཞན་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དགོངས་པའོ། །དགོངས་པའི་དོན་འདི་

ཉིད་ཀྱིས་མདོའི་དོན་དང་ཡང་དག་པར་འབྲེལ་པའི་ཕྱིར་ལྟ་སྨོས་ཀྱང་ཅི་མཆིས་ཞེས་བྱ་བ་ལ་སོགས་པ་བསྟན་པ་སྟེ་ཁོ་བོ་ཅག་གིས་ཡོངས་སུ་དོར་བ་ཞེས་བྱ་བ་ནི་སློབ་དཔོན་སྐྱོང་བའོ། །ད་ནི་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་དོགས་ནས། སེམས་ཅན་ཇི་ལྟ་བ་དེ་ལྟར་ཤེས་

เล่ม ๙๔ · หน้า 138b

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་རྣམ་གྲངས་མང་པོས་སྟོན་པར་བྱེད་པ་ནི་སེམས་ཅན་ངོ་བོ་ཉིད་མ་མཆིས་པ་དང་ཞེས་བྱ་བ་ལ་སོགས་པས་སོ། །སེམས་ཅན་བཞིན་དུ་ངོ་བོ་ཉིད་མ་མཆིས་པའི་རིགས་ཅན་ཏེ་ངོ་བོ་ཉིད་ནི་མཚན་ཉིད་དོ། །རིགས་ནི་སྐྱེ་བའོ། །དེ་དག་དང་བྲལ་

བ་ཉིད་ནི་འདིར་རྒྱུ་སྟེ་སེམས་ཅན་ངོ་བོ་ཉིད་མ་མཆིས་པས་ན་ཞེས་བྱ་བའོ། །དབེན་པ་ཉིད་ནི་ངོ་བོ་ཉིད་མེད་པས་སྐྱོན་རྣམས་ཀྱིས་མ་གོས་པའོ། །བསམ་གྱིས་མི་ཁྱབ་པས་ན་ཞེས་བྱ་བ་ནི་བསམ་པས་མི་དམིགས་པ་ཉིད་དོ། །མི་འཇིགས་པའི་ཆོས་ཉིད་ནི་དངོས་པོ་

ལས་ངོ་བོ་ཉིད་མེད་པ་ཉིད་དོ། །མངོན་པར་རྫོགས་པར་འཚང་མི་རྒྱ་བ་ནི་སོ་སོར་རྟོག་པ་མེད་པའོ། །ཡང་དག་པའི་དོན་ནི་ཡང་དག་པར་གྱུར་པའི་དོན་ནོ། །མངོན་པར་རྫོགས་པར་འཚང་མི་རྒྱ་བ་ནི་མི་འཛིན་པའོ། །སེམས་ཅན་ནི་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པའོ། །ཇི་ལྟར་སེམས་ཅན་སྟོབས་ཡང་དག་པར་སྒྲུབ་པ་ཉིད་ནི་ཉམ་ཆུང་བ་ཉིད་དམ་ཤེས་རབ་ཀྱི་སྟོབས་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་སྟོབས་ཡང་དག་པར་མ་གྲུབ་པ་ཉིད་དོ། །འགའ་ཞིག་ཏུ་མེད་པས་སྟོང་པའི་

འདོན་པ་སྟེ་དེར་ཡང་སྟོབས་ཡང་དག་པར་སྒྲུབ་པ་ཞེས་བྱ་བ་ནི་ཅུང་ཟད་མེད་པ་ཞེས་འདི་ཉིད་དོན་ནོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཆེ་བའི་བདག་ཉིད་དང་རྒྱ་ཆེ་བའི་ཐོས་པས་དང་བ་མངོན་པར་འཕེལ་བའི་གནས་བརྟན་ཤཱ་རིའི་བུས་རྣམ་པ་གཉིས་

ཀྱིས་བྱང་ཆུབ་སེམས་དཔའ་ལ་སླར་ཡང་འདྲི་བ་དང་བྱང་ཆུབ་སེམས་དཔའི་འཆི་འཕོ་བ་དང་སྐྱེ་བ་དང་འཇིག་པའི་དུས་ཀྱི་ཚད་ཀྱང་རྩོམ་པར་བྱེད་པ་ནི་མོས་ཤིང་ཞེས་བྱ་བ་ལ། འདི་ནི་འདི་ལྟར་ཡིན་ཞེས་རང་གི་ངོ་བོ་འཛིན་པ་དང་འདིར་ནི་འདི་ལྟ་བུའི་བསྒྲུབ་པར་བྱ་ཞེས་

བྱ་བའི་སྒྲུབ་པ་འཛིན་པ་ནི་མོས་པ་སྟེ། །དེ་བྱེད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་བྱེད་ཅེས་བྱ་བས་ཙོ་རོའི་ནང་དུ་འདོན་པས་ནེ་ཙོའོ། །མོས་པ་དེའི་རྒྱུ་ཚིག་གསུམ་གྱིས་འགྲོ་བ་གཞན་འགག་པར་གསུངས་པ་ནི་ནེམ་ནུར་མི་བགྱིད་པ་སྟེ། དེ་ལ་ལམ་

เล่ม ๙๔ · หน้า 139a

གཞན་ལ་འདོན་པ་ནི་ནེམ་ནུར་རོ། །ཐེ་ཚོམ་ནི་སོམ་ཉིའོ། །རྨོངས་པ་ནི་སྒྲུབ་པ་མེད་པ་ཞེས་བྱ་བ་ནི་འགྲོ་བ་གཞན་གསུམ་མོ། །རྨོངས་པ་ནི་རྟོགས་པར་བྱེད་པ་མ་ཡིན་ནོ། །རྨོངས་པར་འགྱུར་བ་ཞེས་བྱ་བ་ནི་རྨོངས་པར་འགྱུར་

བའོ། །ལོ་ཧི་ཏ་ལ་སོགས་པ་ལ་རིགས་ཀྱི་ཚོགས་ཉིད་ཀྱི་ཕྱིར་ཀྱ་པོའོ། །ཡུན་རིང་པོ་ཇི་སྲིད་ཅིག་ཏུ་སྤྱད་ཅིང་ཞེས་བྱ་བ་ནི་འདི་ལྟ་བུར་གྱུར་པའི་ལྷག་པར་མོས་པ་ལ་དུས་ཉུང་བ་ལ་སྤྱོད་པས་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཚུལ་བསྲུངས་པ་ཞེས་བྱ་བའི་འདོན་པ་

ལ་ཡུན་རིང་པོར་སྤྱད་པ་སྟེ་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །དེ་རྣམས་བསྲུང་བའི་དོན་དུ་དང་ཚུལ་འདི་ལ་ཡོང་པས་ན་དེ་ཡུན་རིང་པོ་ཇི་སྲིད་ཅིག་ཏུ་དཔྱད་ཅིང་ཚུལ་བསྲུངས་པ་སྟེ་རྐྱེན་ནི་ཎི་ནིའོ། །དོན་དང་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་སྒྲུབ་པར་བྱེད་པས་

སོ། །དོན་གྱི་ཚུལ་ཞེས་བྱ་བ་ནི་དེ་ཉིད་ལ་རིགས་པས་སོ། །ཆོས་ཉིད་ཅེས་བྱ་བ་ནི་བསྟན་པའི་ཆོས་ལ་གོམས་པས་སོ། །ཆོས་ཉིད་ཚུལ་ཞེས་བྱ་བ་ནི་དེ་ཉིད་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་ལ་སོགས་པའི་ཚུལ་གྱིས་སོ། །རྗེས་སུ་འགྲོ་བར་འགྱུར་

བ་ཞེས་བྱ་བ་ནི་རྗེས་སུ་ཚོལ་བས་སོ། །རྗེས་སུ་འཚལ་བར་འགྱུར་བ་ནི་དེ་ལྟར་ཤེས་པའི་ཕྱིར་རོ། །རྗེས་སུ་རྟོགས་པར་བགྱིད་པ་ནི་གཞན་དག་རྣམས་ལའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྟགས་གང་ལས་སོ། །གང་ལ་ལ་ཞེས་བྱ་བ་ལ་སོགས་པས་རྟགས་གསུངས་

སོ། །བདག་གིས་སྟོན་པ་མཐོང་ངོ་ཞེས་བྱ་བ་ནི་བདག་གིས་མཐོང་བའོ། །འབྲེལ་པ་ཅན་བརྗོད་པར་འདོད་པས་དྲུག་པའོ། །རྣ་བ་བླགས་ནས་ཞེས་བྱ་བ་ནི་རྩེ་གཅིག་པ་དང་བཅས་པར་བྱེད་པའོ། །གུས་པར་ཞེས་བྱ་བ་ནི་གུས་པས་སམ་འདོད་པས་སོ། །གཏམ་གྱི་

བར་ཆད་མི་བྱེད་ཅེས་བྱ་བ་ནི་རྣམ་པར་ཆད་པ་མི་བྱེད་པའི་ཕྱིར་རོ། །ཡུན་རིང་པོར་སྤྱད་ཅིང་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །སངས་རྒྱས་མང་པོ་རྣམས་ལ་གང་གིས་བསྙེན་བཀུར་བྱས་པ་དེ་ནི་དེ་སྐད་དུ་བརྗོད་དོ། །མཉན་པར་ནུས་སམ་ཞེས་བྱ་བ་ནི་ཅི་ཞིག་ལ་དྲི་བའོ། །

เล่ม ๙๔ · หน้า 139b

མཉན་པ་ནི་སྒྲས་སོ། །རྟོགས་པ་ནི་དོན་ལས་སོ། །བསམ་པ་ནི་དུས་གཞན་ལ་དྲན་པའི་དོན་དུའོ། །བསྐྱེད་པ་ནི་བསམ་པའི་དུས་ལའོ། །ཉེ་བར་གཟུང་བ་ནི་བསྒོམ་པའི་དུས་ལ་སེམས་ལ་བརྟན་པར་བྱས་པའི་ཕྱིར་རོ། །འདིའོ་འདི་ལའོ་ཞེས་བྱ་བ་ནི་རྟེན་དང་སྣང་བར་གྱུར་

པའོ། །འདིས་སོ་ཞེས་བྱ་བ་ནི་སྣང་བར་གྱུར་པས་སོ། །རྣམ་པ་དང་ཞེས་བྱ་བ་ནི་མཚན་ཉིད་ཀྱིས་ཏེ། དཔེར་ན་བ་གླང་ནི་ནོག་དང་ལྐོག་ཤལ་དང་ལྡན་པ་ཉིད་ཀྱིས་སོ། །རྟགས་དང་ཞེས་བྱ་བ་ནི་བཅོས་མའི་མཚན་མ་སྟེ། དཔེར་ན་བ་གླང་ནི་བུམ་པ་ལ་སོགས་པས་སོ། །

མཚན་མ་ཞེས་བྱ་བ་ནི་རང་བཞིན་ཅན་གྱི་མཚན་མ་སྟེ། དཔེར་ན་བ་གླང་དཀར་པོ་ཞེས་བྱ་བ་ལ་སོགས་པས་སོ། །བསྟན་པ་ནི་གཞན་གྱི་ཕྱིར་གཞན་ལས་ཉན་པའོ། །ལན་ནི་དེ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་ཕུང་པོའམ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ཀྱི་ཕུང་

པོ་ཞེས་བྱ་བས་ན་ཇི་སྲིད་དུ་ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་བའམ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་གསུངས་པ་ནི་ཆོས་ཐམས་ཅད་དེ་རྣམས་ཉིད་ཀྱིས་འདི་ལས་རྣམ་པར་དབེན་པའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན་ཤིན་ཏུ་དབེན་པ་ཉིད་ཡིན་པའི་ཕྱིར་ཏེ་དེ་རྣམས་ལ་ཀུན་བརྟགས་

དང་གཞན་དབང་གི་ངོ་བོ་ཉིད་དག་གི་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དགོངས་པའོ། །གཞན་ན་ཡང་མེད་པར་ཞེས་བྱ་བ་ནི་གཞན་མ་ཡིན་ཏེ་དེའི་དོན་དམ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའི་དྲི་བའོ། །རབ་

འབྱོར་ཕུང་པོ་དང་ཞེས་བྱ་བ་ལ་སོགས་པས་ལན་ནོ། །དོན་ནི་འདི་ཡིན་ཏེ་ཕུང་པོ་ལ་སོགས་པ་ཉིད་ནི་ཀུན་བརྟགས་དང་གཞན་དབང་གི་ངོ་བོ་ཉིད་དག་གིས་སྟོང་པ་སྟེ་ཆོས་ཉིད་ཅེས་བྱ་བའི་ཡོངས་སུ་གྲུབ་པའི་ངོ་བོས་ཕྱིན་ཅི་མ་ལོག་པའི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ཞེས་བྱ་བའོ། །འདི་ཉིད་གསུངས་པ་ནི་དེ་ལྟར་ན་ཞེས་བྱ་བ་སྟེ། འདི་ནི་གཉིས་སུ་མེད་ཅེས་བྱ་བ་ནི་ཐ་དད་མེད་པའི་ཕྱིར་རོ། །གཉིས་སུ་བྱར་མེད་ཅེས་བྱ་བ་ནི་ཐ་དད་པར་བྱེད་པ་པོ་མེད་པའི་ཕྱིར་རོ། །འོན་ཏེ་སྟོང་པ་ཉིད་ལ་མཚན་ཉིད་འདི་ཡིན་གྱི་ཤེས་རབ་ཀྱི་ཕ་

เล่ม ๙๔ · หน้า 140a

ཕ་རོལ་ཏུ་ཕྱིན་པ་ལ་ནི་མ་ཡིན་ནོ་ཞེས་གསུངས་པ་ནི་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པས་སོ། །སྟོང་པ་དང་ཞེས་བྱ་བ་ནི་ཀུན་བརྟགས་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་རོ། །དབེན་པ་དང་ཞེས་བྱ་བ་ནི་གཞན་དབང་ལ་ཀུན་བརྟགས་

དང་དབེན་པ་ཉིད་ཀྱིས་འཁྲུལ་པ་ཙམ་ཉིད་ཀྱི་ཕྱིར་རོ། །ཞི་བའི་ཕྱིར་ཞེས་བྱ་བ་ལ་ཡོངས་སུ་གྲུབ་པ་ནི་ཕུང་པོ་ལ་སོགས་པ་ཀུན་བརྟགས་དང་གཞན་དབང་གི་ངོ་བོ་དག་གིས་དམིགས་པ་མ་ཡིན་ནོ། །དེ་བས་ན་ཆོས་ཐམས་ཅད་ལ་མི་དམིགས་པ་ནི་དེ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པའོ། །གལ་ཏེ་ཕུང་པོ་ལ་སོགས་པ་རྣམས་ཀྱི་སྟོང་པ་ཉིད་དང་འདི་ནི་སྟོང་པ་ཉིད་ཅེས་གཟུང་བ་ཉིད་ཀྱིས་དམིགས་པར་གྱུར་ན་དེ་ལྟར་ན་ཡང་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་རོ། །འདི་བསྟན་པའི་དོན་དུ་གསུངས་པ་ནི་གང་

གི་ཚེ་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ནི་སྟོང་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་འོན་ཀྱང་ཇི་སྲིད་དུ་མ་རྟོགས་པ་དེ་སྲིད་དུ་སྟོང་པ་ཉིད་ཅེས་བརྗོད་པ་ཡིན་ནོ། །གང་གི་ཚེ་མཉམ་པས་མཉམ་པ་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ངོ་བོས་

གནས་པའི་ཡེ་ཤེས་ཀྱིས་དེ་རྟོགས་པར་གྱུར་པ་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་སྒྲུབ་པར་བྱེད་པའི་ངོ་བོ་ཉིད་ཀྱིས་བརྗོད་པ་ཡིན་ནོ། །དེ་ལྟར་ན་གང་ཞིག་ཇི་ལྟར་ཡོད་པ་དང་ཇི་ལྟར་མེད་པ་ཇི་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བའམ་མི་

འགྱུར་བ་དེ་ཐམས་ཅད་ལ་ཡང་དག་པར་རྟོགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་བའི་ཕྱིར་རོ། །འོན་ཏེ་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བ་ལ་སོགས་པས་ཅི་ཐམས་ཅད་ཉིད་ལ་འདི་ལ་ལྷག་པར་མོས་པ་ཉེ་བར་སྐྱེད་པ་ཡང་

ན་འགའ་ཞིག་ལ་ཞེས་འདྲི་བར་བྱེད་པ་ནི་ཇི་སྲིད་ཅིག་ཅེས་བྱ་བ་ལ་སོགས་པ་སྟེ། འདི་ལ་རྣལ་འབྱོར་དུ་བགྱིད་པ་ནི་མཉམ་པར་གཞག་པ་ཐོབ་པའོ། །རྣམ་པར་ཕྱེ་སྟེ་ཇི་ལྟར་རྣམ་པར་ཕྱེ་ཞེ་ན་ཡུན་རིང་པོ་ཇི་སྲིད་ཅིག་ཚུལ་བསྲུངས་པ་འགའ་ཞིག་ལ་འབྱུང་བ་

เล่ม ๙๔ · หน้า 140b

འགའ་ཞིག་ལ་མ་ཡིན་ཞེས་བྱ་བའོ། །དེ་བས་ན་ཅིའི་ཕྱིར་དབང་པོའི་རིམ་པ་ཡོད་པས་སྣ་ཚོགས་པ་ཉིད་ཀྱིས་དེ་གསུངས་པ་ནི་རབ་འབྱོར་ཡང་རྣམ་གྲངས་གང་གིས་ཞེས་བྱ་བ་ལ་སོགས་པས་སོ། །སྔོན་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐད་

ནས་ཞེས་བྱ་བ་ནི་འགའ་ཞིག་ཏུ་འདོན་པའོ། །དེ་ལ་སངས་རྒྱས་དེ་རྣམས་ཀྱིས་སྟོན་པ་འདི་ལ་སངས་རྒྱས་དེ་དག་གི་ཐད་ནས་འདི་ལ་གུས་པར་འགྱུར་བ་ཞེས་བྱ་བ་དང་འབྲེལ་ཏེ། ཐད་ནས་ཞེས་བྱ་བ་ནི་ཉེ་བ་ལའོ། །རིང་བ་དང་ཉེ་བའི་དོན་རྣམས་ལས་ཞེས་བྱ་བས་ལྔ་

པའོ། །སངས་རྒྱས་རྣམས་དང་ཉེ་བར་གནས་པ་ཞེས་བྱ་བའི་དོན་ཏོ། །མ་གུས་པ་ཉིད་ནི་བསྙེན་བཀུར་བྱ་བ་ཉིད་མ་ཡིན་པ་དད་པར་བྱ་བ་ཉིད་མ་ཡིན་པ་བཅོམ་ལྡན་འདས་མ་ལ་བསྙེན་བཀུར་བྱ་བ་ཉིད་མ་ཡིན་པ་སངས་རྒྱས་རྣམས་ལ་ཡོངས་སུ་འདྲི་བར་བྱེད་པ་ཉིད་

མ་ཡིན་པའོ། །དེ་ནས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་གནས་ལས་འབྱོལ་བའོ། །ཆོས་ཀྱིས་ཕོངས་པར་འགྱུར་བ་དང་མཐུན་པའི་ལས་ཀྱིས་ཞེས་བྱ་བ་ལ། ཆོས་ཀྱིས་ནི་དམ་པའི་ཆོས་ཀྱིས་སོ། །ཕོངས་པ་ནི་ཕོངས་པ་སྟེ་ཡུན་རིང་པོར་ངན་འགྲོར་གནས་པ་

ལ་སོགས་པས་དེ་ཐོས་པ་ལ་སོགས་པ་མེད་པའོ། །དེ་བཞིན་དུ་དད་པ་ལ་སོགས་པ་དང་བྲལ་བས་དེ་ལ་ཉེ་བར་མི་འཕོ་བའོ། །ཉེ་བར་མི་ཕོངས་པ་ལ་སྤོང་བའོ། །སྤོང་བ་ལ་ཕྱིན་ཅི་ལོག་པའི་དོན་རྟོགས་པའོ། །དེ་འདི་ལས་འབྱུང་བས་ན་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་སོ། །

དམ་པའི་ཆོས་སྤང་བར་བྱས་པ་ནི་ལན་ཅིག་བྱས་པས་སོ། །བསྩགས་པ་ནི་ཡང་དང་ཡང་དུ་བྱས་པའི་ཕྱིར་རོ། །ཀུན་ནས་བསྩགས་པ་ནི་ཡོངས་སུ་རྫོགས་པའོ། །ཉེ་བར་བསྩགས་པ་ནི་རྣམ་པར་སྨིན་པ་སྟེར་བའི་ནུས་པ་ཐོབ་པའི་ཕྱིར་རོ། །ལུས་དང་ཞེས་བྱ་བ་

ནི་ལུས་ཀྱི་ཚོགས་པ་ཐོབ་པའི་དོན་དུ་ཡེངས་པའི་སེམས་ཀྱིས་གཡེང་བ་མེད་པའོ། །ངག་གིས་ནི་སྐབས་སུ་མ་བབས་པ་མི་བརྗོད་པའོ། །དེ་ལྟར་ཚོགས་པ་སྒྲུབ་པར་མི་བྱེད་པ་ཞེས་བྱ་བ་ནི་ཡང་དག་པར་ཐོབ་པར་མི་བྱེད་ཅིང་འདི་མི་ཤེས་པ་ནི་གཞུང་གིས་སོ། །མི་

เล่ม ๙๔ · หน้า 141a

མཐོང་བ་ནི་དོན་གྱིས་སོ། །ཁོང་དུ་མི་ཆུད་པ་ནི་ངོ་བོ་ཉིད་གསུམ་གྱི་དབྱེ་བས་སོ། །དེ་བས་ན་རིག་པར་མི་བྱེད་དེ་ཕྱིན་ཅི་ལོག་ཏུ་རྟོགས་པའི་ཕྱིར་རོ། །མ་དད་པས་ཞེས་བྱ་བ་གང་ཞིག་གསུངས་པ་དེའི་ཕྱིར་ཉེ་བར་བསྡུ་བ་ནི་དེ་ལྟར་དེ་དག་ཅེས་

བྱ་བ་ལ་སོགས་པས་སོ། །སྤོང་བར་འགྱུར་བ་ནི་ཡིད་ཀྱིས་ཡོངས་སུ་གཏོང་བའོ། །སྐུར་པ་ནི་ངག་གིས་སོ། །མི་སྙན་པར་བརྗོད་པ་ནི་སྨོད་པའོ། །བཅོམ་ཞིང་ཞེས་བྱ་བ་ནི། སྨོད་པར་བྱེད་པའོ། །བསྲེགས་ནས་ཞེས་བྱ་བ་ནི་དགེ་བའི་རྩ་བ་བསྲེག་པའི་

ཕྱིར་རོ། །འདུན་པ་ནི་དབང་དུ་བྱེད་པའི་དངོས་པོའོ། །ཕྱིར་བཟློག་པ་ནི་དེ་བཟློག་པས་ལྷོད་པའོ། །འབྲལ་བར་བྱེད་ཅེས་བྱ་བ་ནི་ཡིད་ཀྱིས་འདོར་བའི་ཕྱིར་རོ། །ལྡོག་པར་བྱེད་པ་ནི་སླར་མི་འཛིན་པའི་ཕྱིར་རོ། །འདི་ཙམ་གྱིས་ནི་སྤོང་བ་གསུངས་སོ། །སྐུར་པ་

གསུངས་པ་ནི་འདི་ལ་བསླབ་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པས་སོ། །མི་སྙན་པར་བརྗོད་པ་གསུངས་པ་ནི་འདི་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་བྱ་བ་སྟེ། དེ་རྣམས་ཀྱང་གཡང་ས་ཆེན་པོ་མངོན་པར་ཕྱོགས་པ་མཆོག་ཏུ་ཁ་ན་མ་ཐོ་བ་དང་བཅས་པའི་

དམ་པའི་ཆོས་སྤོང་བའི་སྒྲིབ་པ་ལས་ལྡོག་པར་འདོད་པ་བརྩེ་བ་དང་བཅས་པ་རྣམས་ཀྱིས་བརྩེ་བ་ཉེ་བར་བཟུང་བ་སྟེ་འདི་ལྟར་བརྗོད་པར་བྱའོ། །ཇི་ལྟར་བཅོམ་ལྡན་འདས་མ་སངས་རྒྱས་ཀྱི་གསུང་མ་ཡིན་ཞེས་བྱ་བའོ། །དེའི་ཕྱིར་སྨྲས་པ་མདོ་སྡེ་དང་མངོན་པའི་ཆོས་དང་

འདུལ་བ་ལས་ཕྱི་རོལ་དུ་གྱུར་པ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོ་ཐམས་ཅད་ཉིད་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ཞེས་བྱ་བའོ། །གང་གི་ཕྱིར་གསུངས་པ་གང་ཞིག་མདོ་སྡེ་ལ་འཇུག་པ་དང་འདུལ་བ་ལས་ཡང་དག་པར་མཐོང་བ་དང་ཆོས་ཉིད་དང་མི་འགལ་བ་དེ་ནི་སངས་

རྒྱས་ཀྱིས་གསུངས་པ་ཡིན་ནོ། །བཟློག་པ་ནི་དེ་ལས་བཟློག་པ་སྟེ་ཞེས་བྱ་བ་ཆེན་པོ་བསྟན་པ་དང་ནག་པོ་བསྟན་པའི་ཚད་མ་ཉིད་ཀྱིས་སྨྲའོ། །འདི་ལ་བརྗོད་པར་བྱ་སྟེ་ལྷག་པའི་སེམས་ཀྱི་བསླབ་པའི་དབང་དུ་བྱས་ནས་ཆོས་རྣམས་གང་ཞིག་དྲན་པ་ཉེ་བར་གཞག་པ་དང་།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด