བཅོམ་ལྡན་འདས་མའི་མན་ངག་གི་རྗེས་སུ་འབྲང་བ་ཞེས་བྱ་བའི་རྣམ་པར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) བྷ་ག་ཝ་ཏྱཱ་མ་ནཱ་ཡཱ་ནུ་སཱ་རི་ཎི་ནཱ་མ་བྱཱ་ཁྱཱམ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๙๔ · หน้า 168b

ཞེས་བྱ་བ་ནི་གང་ཞིག་བར་དུ་གཅོད་པའི་རྒྱུ་ཡོད་ཀྱང་བར་དུ་གཅོད་པ་མི་འབྱུང་བ་འདི་ནི་ངོ་མཚར་བ་ཉིད་དོ། །གང་གི་ཕྱིར་བར་ཆད་མང་དུ་འབྱུང་བ་ཞེས་བྱ་བའི་དགོངས་པའོ། །གང་གི་ཚེ་དགག་ཚིག་གིས་སྟོང་པའི་འདོན་པ་དེའི་ཚེ་དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་དམ་པའི་ཆོས་ཀྱིས་ཕོངས་པའི་

ལས་བསགས་པའི་དབང་གིས་བར་དུ་གཅོད་པ་ཡང་དག་པར་འབྱུང་བ་དེའི་ཕྱིར་བག་ཡོད་པར་བྱ་ཞེས་བྱ་བའོ། །གལ་ཏེ་ཟླ་བས་བྲིས་ན་ཡང་བྲི་བར་བྱ་བ་ཡིན་ཞེས་བྱ་བ་ནི་འདི་ནི་ཟླ་བས་བྲི་བར་ནུས་ཞེས་བྱ་བ་གལ་ཏེ་སྲིད་པར་གྱུར་ན་བྲི་བར་བྱ་བ་ཡིན་ཏེ། བྲི་བའི་ཕྱིར་འབད་པར་བྱའོ། །མི་ནུས་པ་

སྲིད་པས་ལྷོད་པར་བྱ་བ་མ་ཡིན་ནོ། །བར་ཆད་ཡང་དག་པར་འབྱུང་བའི་ཕྱིར་ཡིད་ཆེས་པར་མི་བྱ་ཞེས་བྱ་བའོ། །གལ་ཏེ་བདུད་ཀྱིས་བྱས་པའི་བར་ཆད་དེའི་གཉེན་པོ་ཞེས་དགོངས་ནས་གནས་བརྟན་རབ་འབྱོར་གྱིས་གསུངས་པ་ནི་བཅོམ་ལྡན་འདས་འདི་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཡང་

དག་པར་འབྱུང་བའི་ཕྱིར་བར་ཆད་དམ་སྲིད་པའི་བར་ཆད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ཉིད་གཉེན་པོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་འདི་ལྟར་ཡང་ཞེས་བྱ་བ་སྟེ། གལ་ཏེ་ཡང་ཞེས་བྱ་བའོ། །མི་ནུས་སོ་ཞེས་བྱ་བ་ནི་ནུས་པར་འགྱུར་བ་མ་ཡིན་ནོ། །ཡི་དམ་མ་ཉམས་པ་ཞེས་

བྱ་བ་ནི་ཡི་དམ་ཉམས་པ་མེད་པའོ། །འདིར་སངས་རྒྱས་ཀྱི་གསུང་ལ་སོགས་པ་ལ་ཐེ་ཚོམ་གྱིས་ཡང་དག་པར་རྩོམ་པའི་འཛིན་པ་ལ་སོགས་པ་ལ་ལྷོད་པ་ནི་ཉམས་པའོ། །གལ་ཏེ་དེ་ལྟར་ཡིན་ན་ཡི་དམ་ཉམས་པ་མེད་པ་ཉིད་དུ་འཛིན་པ་ལ་སོགས་པ་ལ་ཇི་ལྟར་བསྒྲུབ་ཅེ་ན། གསུངས་པ་ནི། བཅོམ་

ལྡན་འདས་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་རྣམས་ཀྱི་མཐུས་ཞེས་བྱ་བ་ནི་ནུས་པ་དམན་པ་ལ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་འཛིན་པ་ལ་སོགས་པ་འགྲུབ་པར་འགྱུར་ཞེས་བྱ་བའི་དགོངས་པའོ། །ཆོས་ཉིད་དེ་ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱི་

གཞན་གྱི་དོན་ལ་རྩེ་གཅིག་པ་ཉིད་དོ། །དགོངས་པར་འགྱུར་ཞེས་བྱ་བ་ནི་དྲན་པར་འགྱུར་བའོ། །ཡོངས་སུ་གཟུང་བར་འགྱུར་ཞེས་བྱ་བ་ནི་རྗེས་སུ་མཐུན་པར་གནས་པའི་ཕྱིར་རོ། །ཤཱ་རིའི་བུ་མི་ནུས་སོ་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཀྱི་དགོངས་པ་ཤེས་པར་བྱེད་པའོ། །བར་ཆོད་མེད་པ་ཉིད་ཀྱི་

เล่ม ๙๔ · หน้า 169a

ཕྱིར་སངས་རྒྱས་ཀྱི་དགོངས་པ་ཤེས་པ་ཡིན་ཞེས་བྱ་བའི་དོན་ཏོ། །དོན་འདི་ཉིད་བསྟན་པར་བྱ་བའི་དོན་དུ་གསུངས་པ་ནི་གང་དག་ཅེས་བྱ་བ་ལ་སོགས་པ་སྟེ། མཐུ་ནི་ནུས་པའོ། །བྱིན་གྱིས་བརླབས་པ་ནི་ནུས་པ་ལྷག་པར་གཞག་པའོ། །ཡོངས་སུ་བཟུང་བ་ནི་བདག་ཏུ་

བྱས་པའོ། །དེ་ལྟར་སྒྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་རབ་ཏུ་བརྩམས་པ་མཐར་ཕྱིན་པས་སོ། །འདིར་ནི་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་ནི་དེ་དེ་བཞིན་ཏེ་ཞེས་བྱ་བའོ། །དེ་རྣམས་ལ་ཅིའི་ཕྱིར་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ལ་སོགས་པ་ཞེ་ན་གསུངས་པ་ནི། ཤཱ་རིའི་བུ་

དེ་བཞིན་གཤེགས་པས་མཁྱེན་ཏེ་ཞེས་བྱ་བ་སྟེ། མཁྱེན་པ་ནི་དགོངས་པའོ། །བྱིན་གྱིས་བརླབས་པ་ནི་བདག་ཏུ་བྱས་པའོ། །གཟིགས་པ་ནི་ཤའི་སྤྱན་གྱིས་སོ། །རྣམ་པར་གཟིགས་པ་ནི་སངས་རྒྱས་ཀྱི་སྤྱན་གྱིས་སོ། །ཤཱ་རིའི་བུ་དེ་དག་གི་ཞེས་བྱ་བ་ནི་ནུས་པ་དམན་པ་རྣམས་ཀྱིའོ། །

དོན་ཆེན་པོ་ཞེས་བྱ་བ་ནི་ཕྱི་མ་ལ་བྱང་ཆུབ་སེམས་དཔའི་ས་རྣམས་ཀྱིས་སོ། །ཕན་ཡོན་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕུན་སུམ་ཚོགས་པ་རྣམས་ཀྱིས་སོ། །འབྲས་བུ་ཆེན་པོ་ཞེས་བྱ་བ་ནི་ཕྱིས་བླ་ན་མེད་པའི་བྱང་ཆུབ་ཀྱིས་སོ། །རྣམ་པར་སྨིན་པ་ཆེན་པོ་ཞེས་བྱ་བ་ནི་སྲིད་པ་ཐ་མ་ལས་

བྱུང་བའི་རིགས་བརྒྱུད་དང་རིགས་ཀྱི་མཚན་མ་ལ་སོགས་པའི་ཕུན་སུམ་ཚོགས་པ་རྣམས་ཀྱིས་སོ། །འབད་པ་ནི་ངལ་བའོ། །ཡོངས་སུ་གཡོ་བ་ནི་བྱ་བའོ། །དེ་ལྟར་ན་བརྩོན་འགྲུས་དང་ནུས་པ་དམན་པ་རྣམས་ཀྱིས་ཡང་འབད་པ་བྱང་ཆུབ་ཀྱི་འབྲས་བུ་ཉིད་ཡོད་མོད་ཅེས་བསྟན་པ་ཡིན་ལ་

དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་ཡང་དངོས་པོ་རྣམས་ལ་དམིགས་པ་ལས་སྐྱེས་པའི་བར་ཆོད་རྣམས་ལ་ཆོས་རྣམས་ཐམས་ཅད་མི་དམིགས་པའི་ངོ་བོ་ཉིད་བཅོམ་ལྡན་འདས་མ་གཉེན་པོར་གྱུར་པ་ཉིད་དོ། །དེ་ལྟར་ན་ཡང་མ་དད་པ་དང་ཐེ་ཚོམ་ལ་སོགས་པའི་སྐྱོན་མང་བའི་བདུད་ཀྱིས་

བྱིན་གྱིས་བརླབས་པས་བར་ཆད་ཀྱང་ཡོད་པ་ཡིན་ནོ། །དེར་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་ཁོ་བོའི་འདི་འཛིན་པ་དང་འཆང་བ་ལ་སོགས་པ་འགྲུབ་པར་འགྱུར་ཞེས་རིགས་ཀྱི་བུས་ལེ་ལོ་མི་བྱ་ཞེས་བྱ་བའོ། །ད་ནི་དུས་ཐམས་ཅད་དུ་ཡུལ་ཐམས་ཅད་ན་དར་བ་

เล่ม ๙๔ · หน้า 169b

བཅོམ་ལྡན་འདས་མ་མ་ཡིན་ཏེ། འོན་ཀྱང་འགའ་ཞིག་ཏུ་དུས་གང་ལ་ཡང་དེའི་ཕྱིར་དེ་དོན་དུ་གཉེར་བས་དེའི་ཡུལ་ཉིད་ལ་ཚོལ་བར་བྱ་ཞེས་བསྟན་པའི་དོན་དུ་གསུངས་པ་ནི། ཤཱ་རིའི་བུ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། མདོ་སྡེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་ལ་སོགས་པ་

རྣམས་སོ། །འདས་ནས་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་པའི་གདུལ་བྱའི་སྐྱེ་བོ་རྗེས་སུ་བཟུང་བའི་དོན་དུ་མྱ་ངན་ལས་འདས་པ་བསྟན་པས་སོ། །པ་ར་ཏ་ནི་ར་ཞེས་བྱ་བ་ནི་ཤར་ཕྱོགས་དང་ཡུལ་དབུས་པ་རྣམས་ཀྱི་དད་པ་དང་ཤེས་རབ་ལ་སོགས་པ་ལྷག་

པའི་ཕྱིར་བཅོམ་ལྡན་འདས་མ་ལ་ལྷག་པར་མོས་པ་ཡང་དག་པར་འབྱུང་བ་དེའི་ཕྱིར་ཡུལ་དབུས་ཉིད་དུ་བཅོམ་ལྡན་འདས་མ་བསྟན་པའོ། །དེ་བས་ན་བྱང་ཕྱོགས་སུ་ཡང་འདི་དར་བ་ཕལ་ཆེར་དེ་ཉིད་དུ་ཡང་དག་པར་འབྱུང་བའོ། །དུས་ནམ་གྱི་ཚེ་ན་ལྷོ་ཕྱོགས་ལ་སོགས་པ་ལ་

དར་བར་འགྱུར་ཞེས་གསུངས་པ་ནི་དམ་པའི་ཆོས་འཇིག་པའི་དུས་ཀྱི་ཚེ་ཆོས་འདུལ་བ་སྙིང་པོ་སར་པ་ཐོབ་པ་ན་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ན་ལྔ་བརྒྱ་པ་ཕྲག་བཅུར་དམ་པའི་ཆོས་གནས་པའི་དུས་སོ། །དེ་ལ་ཕྱི་མའི་ལྔ་བརྒྱ་ནི་དམ་པའི་

ཆོས་ནུབ་པའི་དུས་སོ། །རྟོག་པ་པོ་རྣམས་གནས་ཀྱང་དམ་པའི་ཆོས་གནས་པའོ། །དེ་བས་ན་རྟོག་པ་པོ་ཡང་དག་པར་གནས་པ་དང་ཡང་དག་པར་གནས་པ་མ་ཡིན་པ་དག་གི་དམ་པའི་ཆོས་ལ་གནས་པ་དང་ནུབ་པ་དག་བརྗོད་པར་བྱའོ། །དམ་པའི་ཆོས་ནི་རྣམ་པ་གཉིས་ཏེ།

ཡང་དག་པའི་བཀའ་ལས་བྱུང་བ་ནི་བཀའ་དང་དོན་དམ་པ་སྟེ། ཟག་པ་མེད་པའི་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་རྣམས་སོ། །དེ་ལ་འདི་འདོན་པ་ལ་རྩེ་གཅིག་པའི་རྟོག་པ་པོ་རྣམས་དེ་རྣམས་ཀྱི་རྒྱུད་ལ་ལུང་ནུབ་པའོ། །བསམ་གཏན་གཉིས་པ་ལ་སྙོམས་

པར་ཞུགས་པ་ལ་རྩེ་གཅིག་པའི་རྟོག་པ་པོ་རྣམས་ནི་དེ་རྣམས་ཀྱི་རྒྱུད་ལ་རྟོགས་པ་ནུབ་པའོ། །ཆོས་འདུལ་བ་ཞེས་བྱ་བ་ལ་ཆོས་ནི་མྱ་ངན་ལས་འདས་པའོ། །དེ་ཐོབ་པ་འདུལ་བ་གང་ཞིག་ཉོན་མོངས་པ་འདུལ་བ་ཉེ་བར་བསྟན་པ་ཆོས་འདུལ་བ་བཅོམ་ལྡན་འདས་ཀྱིས་བསྟན་པའོ། །

เล่ม ๙๔ · หน้า 170a

དེ་ཇི་ལྟ་བུར་གྱུར་པའོ་ཞེས་གསུངས་པ་ནི་སྙིང་པོ་སར་པ་ཐོབ་པ་ཞེས་བྱ་བ་སྟེ། སྙིང་པོ་ཐོབ་པས་ན་སྙིང་པོ་སྟེ་མཛེས་པ་ཐོབ་པ་ཞེས་བྱེད་པ་པོ་ལ་ཀྟའོ། །སྙིང་པོ་སར་པ་འཐོབ་པ་ནི་ཉམས་སུ་མྱོང་བར་གྱུར་པ་དེའི་ཕྱིར་སྙིང་པོ་སར་པ་ཐོབ་པའོ། །

གང་གི་ཕྱིར་ལྔ་བརྒྱ་པ་ཕྲག་བཅུ་པ་ལ་བསྟན་པ་མཛེས་པ་སར་པ་འདས་པ་ཡིན་ནོ། །དེ་བས་ན་ལྔ་བརྒྱ་པ་ཕྲག་བཅུ་པ་ལ་སྙིང་པོ་སར་པ་འཐོབ་པ་ཆོས་འདུལ་བ་ལ་ཞེས་བརྗོད་པ་ཡིན་ནོ། །འདི་སྐད་དུ་སློབ་དཔོན་རྣམས་ཀྱིས་བརྗོད་པ་ཡིན་ཏེ། གང་ཞིག་འདིར་ལོ་སྟོང་ཕྲག་ལྔ་

དམ་པའི་ཆོས་གནས་པའི་དུས་དེ་རྣམས་ལོ་སྟོང་ཕྲག་ལྔ་ནི་ལྔ་བརྒྱའི་དབང་གིས་ཕྱེད་དུ་གྱུར་པ་ལྔ་བརྒྱ་ཕྲག་བཅུར་འགྱུར་བ་ཡིན་ཏེ། དེ་ལ་དང་པོར་རེ་ཞིག་རྟོགས་པའི་དུས་དང་། སྒྲུབ་པའི་དུས་དང་། དེ་ནས་ལུང་གི་དུས་ཞེས་བྱ་བའི་དུས་གསུམ་མོ། །དེ་ལ་རྟོགས་པའི་

དུས་ནི་རྣམ་པ་གསུམ་དུ་ཕྱེ་སྟེ། དགྲ་བཅོམ་པའི་དུས་དང་། ཕྱིར་མི་འོང་བའི་དུས་དང་། རྒྱུན་དུ་ཞུགས་པའི་དུས་ཞེས་བྱ་བའོ། །སྒྲུབ་པའི་དུས་ཀྱང་རྣམ་པ་གསུམ་སྟེ། ལྷག་མཐོང་གི་དུས་དང་། ཞི་གནས་ཀྱི་དུས་དང་། ཚུལ་ཁྲིམས་ཀྱི་དུས་ཞེས་བྱ་བའོ། །ལུང་གི་དུས་

ཀྱང་རྣམ་པ་གསུམ་དུ་ཕྱེ་སྟེ། ཆོས་མངོན་པའི་སྡེ་སྣོད་དང་། མདོ་སྡེའི་སྡེ་སྣོད་དང་། འདུལ་བའི་སྡེ་སྣོད་དོ། །དུས་འདི་རྣམས་རྟགས་ཙམ་གྱི་དུས་དང་། ལྷན་ཅིག་བཅུར་འགྱུར་རོ། །དེ་ལ་དུས་རེ་རེའི་ལྔ་བརྒྱ་ཕྲག་ལྔ་དང་ལྔ་བརྒྱ་ཕྲག་ལྔ་ནི་དུས་སོ། །དེ་བཞིན་དུ་དུས་བཅུ་ལ་ལྔ་

བརྒྱ་ཕྲག་བཅུ་ནི་ལོ་སྟོང་ཕྲག་ལྔར་འགྱུར་རོ། །དེ་ལ་ཐམས་ཅད་ཀྱི་དང་པོ་ལྔ་བརྒྱའི་ཕྲག་ལ་དགྲ་བཅོམ་པའོ། །གཉིས་པ་ལ་ཕྱིར་མི་འོང་བ་རྣམས་སོ། །གསུམ་པ་ལ་རྒྱུན་དུ་ཞུགས་པ་རྣམས་སོ། །བཞི་པ་ལ་ལྷག་མཐོང་ངོ་། །ལྔ་པ་ལ་ཏིང་ངེ་འཛིན་རྣམས་སོ། །དྲུག་པ་ལ་ཚུལ་

ཁྲིམས་སོ། །བདུན་པ་ལ་ཆོས་མངོན་པའོ། །བརྒྱད་པ་ལ་མདོ་སྡེའོ། །དགུ་པ་ལ་འདུལ་བའོ། །ལྔ་བརྒྱ་པ་ཕྲག་བཅུ་པ་ལ་རྟགས་ཙམ་མོ། །དེ་ལ་ལྔ་བརྒྱ་པ་ཕྲག་ཕྱི་མ་དམ་པའི་ཆོས་ནུབ་པའི་དུས་སོ། །དུས་དེ་ལ་སྙིང་པོ་དགུ་པ་ནི་མཛེས་པའི་རབ་ཏུ་དབྱེ་བ་དགྲ་བཅོམ་པ་ཉིད་

เล่ม ๙๔ · หน้า 170b

ནས་བརྩམས་ནས་འདུལ་བའི་སྡེ་སྣོད་ཀྱི་མཐར་ཐུག་པ་དགུ་བསྟན་ནས་སྔར་ཐོབ་པར་འགྱུར་བ་ཡིན་ཞེས་བྱ་བའོ། །ཕྱི་མའི་ལྔ་བརྒྱ་ཕྲག་ལ་སྙིང་པོ་དགུ་འཐོབ་པ་ཆོས་འདུལ་བ་བརྗོད་པ་ཡིན་ནོ། །དེ་ཡང་ཕྱི་མའི་ལྔ་བརྒྱའི་ཕྲག་རིམ་གྱིས་འདས་པའི་དགུ་ལ་འབྱུང་

བར་འགྱུར་རོ། །ད་ལྟར་ནི་ལྔ་བརྒྱ་ཕྲག་བཞི་པ་ལ་འཇུག་པ་ཞེས་ཟེར་རོ། །ཕྱི་མ་དེ་ཡང་རྟགས་ཙམ་གྱི་དུས་ཞེས་གང་ཞིག་བརྗོད་པ་དེ་འཛམ་བུའི་གླིང་ལ་ཁྱབ་པར་བྱེད་པའི་རིགས་པའོ། །དེ་བཞིན་གཤེགས་པའི་དགོངས་པས་ཡུལ་འགའ་ཞིག་ཏུ་དམ་པའི་ཆོས་དར་བར་

ཡང་འགྱུར་ཞེས་གསུངས་པ་ནི་དེ་བཞིན་གཤེགས་པས་དགོངས་སོ་ཞེས་བྱ་བ་སྟེ། བརྒྱ་ཕྲག་ཏུ་དར་བ་དེ་འགའ་ཞིག་ཏུ་བསྐུམ་པར་འོས་པ་དམ་པའི་ཆོས་ནུབ་པའི་དུས་ཡིན་པའི་ཕྱིར་དེ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་རྒྱས་པར་འགྱུར་ལགས་སམ་ཞེས་ཤཱ་རིའི་བུས་འདྲི་བར་བྱེད་

པའོ། །འདི་ཡང་ཞེས་བྱ་བ་སྟེ། རྒྱས་པར་སྤྱོད་པས་ན་རྒྱས་པའོ། །བྱང་གི་ཕྱོགས་ཞེས་བྱ་བ་ནི་ཕྱོགས་གཞན་རྣམས་རྣམ་པར་གཅོད་པའོ། །བྱང་གི་ཕྱོགས་ཀྱི་ཆར་ཞེས་བྱ་བ་ནི་དེ་ལས་ཀྱང་ཆ་གཞན་རྣམས་ཕྱོགས་ཞེས་བྱ་བའི་ཚིག་དེ་ལྷོ་ཕྱོགས་ལ་སོགས་པ་རྣམ་པར་གཅད་

པའི་དོན་དུའོ། །ཉུང་ངུ་འམ་འོན་ཏེ་མང་བ་སྟེ་ཞེས་བྱ་བ་ལ་མང་བ་ཉིད་མཐར་ཐུག་པའི་དོན་དུའོ། །ཤཱ་རིའི་བུ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ་དོན་ནི་འདི་ཡིན་ཏེ། གལ་ཏེ་ཡང་བསྟན་པ་ནུབ་པའི་དུས་འདིར་འཇུག་པར་བྱེད་པ་ཉུང་བ་དེ་ལྟ་ན་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་

ཀྱིས་དུས་དེ་ལྟ་བུ་ལ་ཡང་དེ་རྣམས་ལ་དམིགས་ནས་བཅོམ་ལྡན་འདས་མ་དར་བར་འགྱུར་ཞེས་བྱ་བའོ། །དེ་ལྟ་བུའི་དམ་པའི་ཆོས་ནུབ་པའི་དུས་ལ་ཡང་བྱང་ཆུབ་སེམས་དཔའ་རྣམས་འབྱུང་བར་འགྱུར་བ་གང་དེ་རྣམས་ལ་དམིགས་ནས་བཅོམ་ལྡན་འདས་མ་དར་བའོ། །ཁྱོད་ཅག་ལ་དམ་

པའི་ཆོས་བསྙེན་པའི་དུས་ལ་ཡང་སྒྲུབ་པ་མེད་ཅེས་ངོ་ཚ་བའི་གནས་ཉེ་བར་སྡུད་པར་བྱེད་པ་དེ་དག་ནི་རྗེས་སུ་འབྲང་ཞིང་ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་འདོད་པས་དུས་རིང་པོར་རྗེས་སུ་འགྲོ་བའི་ཕྱིར་རོ། །ཡོངས་སུ་དྲིས་པ་ནི་འདྲི་བའོ། །དེ་བྱས་པས་ཡོངས་སུ་ཞུས་པའོ། །ཡོངས་

เล่ม ๙๔ · หน้า 171a

སུ་ཤེས་པར་དྲི་བ་ནི་ཡོངས་སུ་དྲི་བའོ། །དེ་ལྟར་བྱས་པས་ཡོངས་སུ་ཞུས་པའོ། །དྲིས་པ་ཡོངས་སུ་གསལ་བ་ནི་དྲི་བ་ཡོངས་སུ་གསལ་བར་བྱས་པའོ། །ཚུལ་ཁྲིམས་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་པ་ལ་ཆོས་ཀྱི་གཏམ་རྣམ་པར་ངེས་པ་མི་ནུས་པའི་ཕྱིར་

རོ། །ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བ་ཞེས་བྱ་བ་ནི་སྡིག་པ་ཕྲ་མོ་ལ་ཡང་འཇིགས་པར་མཐོང་བའི་ཕྱིར་རོ། །དེ་དག་ནི་ཚེ་རབས་འཕོས་ཀྱང་ཞེས་བྱ་བ་ནི་དེ་དང་དེའི་ཕྱི་མའི་སྐྱེ་བ་ལས་འདས་པ་རྣམས་སོ། །སྤྱོད་པ་ནི་སྦྱོར་བ་རྣམས་སོ། །དེ་ཉིད་ཀྱི་གཏམ་བྱེད་པ་ཞེས་བྱ་བ་ནི་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སོ་སོར་ཡང་དག་པར་ལྡན་པའོ། །མངོན་པར་དགའ་བར་འགྱུར་ཞེས་བྱ་བ་ནི་འདོད་པར་འགྱུར་བའོ། །ལེགས་པར་གནས་ཤིང་ཞེས་བྱ་བ་ནི་ཐོས་པ་དང་བསམ་པའི་རང་བཞིན་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་མ་ལ་ལྷག་པར་མོས་པ་བསྟན་པའི་ཕྱིར་རོ། །

མཉམ་པར་གཞག་པར་འགྱུར་ཞེས་བྱ་བ་ནི་སྒོམ་པའི་རང་བཞིན་གྱི་ཤེས་པ་སྟེ། ལྷག་པར་མོས་པ་ནུས་པའི་ཕྱིར་རོ། །འདུན་པ་ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པའི་ཆ་ལུགས་ཀྱིས་སྒྱུ་མ་ལས་སོ། །སྔགས་ཀྱི་སྒོ་ནས་ཞེས་བྱ་བ་ནི། འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་

ཞེས་བྱ་བ་ལ་སོགས་པ་སྦ་བར་བརྗོད་པས་སོ། །དགའ་བ་ནི་བཅོམ་ལྡན་འདས་མ་ཐོབ་པའི་རྒྱུས་དགའ་བའོ། །རབ་ཏུ་དགའ་བ་ནི་ཡོན་ཏན་ཁྱད་པར་དུ་བསམ་པས་ཆོག་ཤེས་པའོ། །རབ་ཏུ་དང་བ་ནི་མ་དད་པའི་གཉེན་པོར་གྱུར་པའི་ཡིད་ཆེས་པའོ། །ཡང་དག་པར་གཞག་པར་

བྱ་བ་ནི་འཇུག་པ་ཙམ་གྱིས་སོ། །ཡང་དག་པར་རབ་ཏུ་དབྱེ་བར་བྱའོ་ཞེས་བྱ་བ་ནི་སྒོམ་པ་མཐར་ཐུག་པར་ཡང་དག་པར་སྐྱེ་བའི་ཕྱིར་རོ། །གནས་པར་བྱའོ་ཞེས་བྱ་བ་ནི་བརྟན་པར་བྱ་བའོ། །ལྷག་མ་རྣམས་ནི་གོ་བར་སླའོ། །ཤཱ་རིའི་བུ་རྗེས་སུ་ཡི་རང་བར་བྱས་སོ་ཞེས་བྱ་བ་ནི་གཞན་དོན་

གྱི་སྨོན་ལམ་ལ་དོན་ཆེན་པོ་ཉིད་ཀྱིས་སངས་རྒྱས་རྣམས་ལ་མངོན་པར་འདོད་པའི་ཕྱིར་རོ། །མོས་པ་རྒྱ་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་ཤིན་ཏུ་རྒྱ་ཆེན་པོའི་འདོད་པ་ལ་རྩེ་གཅིག་པའོ། །དེའི་ཕྱིར་གསུངས་པ་ནི་གཞན་དང་གཞན་དུ་ཞེས་བྱ་བ་སྟེ། གང་ན་ཞེས་བྱ་བ་ནི་གང་གི་ཕྱིར་ལའོ། །འགྲོ་བར་བྱ་བ་ནི་ཡང་

เล่ม ๙๔ · หน้า 171b

དག་པར་འགྲོ་བར་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པ་ལ་ཆེན་པོ་ཉིད་དེ་འདིར་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་ཟད་པ་སྟོན་པར་བྱེད་པའི་སྒོ་ནས་གསུངས་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པའི་སྟོབས་ཉིད་ཀྱིས་དེ་བཞིན་གཤེགས་པའི་འདས་པ་ལ་སོགས་པ་མཁྱེན་པ་ཞེས་བྱ་བ་ནི་ངོ་མཚར་བའོ། །མ་གཟིགས་པའམ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །མ་གསན་པ་ནི་རྣ་བའི་རྣམ་པར་ཤེས་པས་སོ། །མངོན་པར་མི་མཁྱེན་པ་ནི་སྣ་ལ་སོགས་

པ་དབང་པོ་གསུམ་གྱིས་སྐྱེས་པའི་རྣམ་པར་ཤེས་པའོ། །རྣམ་པར་མི་མཁྱེན་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །གང་དག་ཡང་འདི་ལ་ཚོལ་བར་བྱེད་པ་ཞེས་བྱ་བ་དང་འབྲེལ་ཏོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་སླད་དུ་

གཅིག་པུར་མ་ཟད་ཀྱི་འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་དང་ལྷན་ཅིག་ཏུ་སོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་ཀྱི་སླད་དུ་རང་དང་གཞན་ཡོངས་སུ་སྨིན་པའི་སྒོ་ནས་ཞེས་བྱ་བ་དེའི་དོན་དུ་དེ་རྣམས་ལ་ཡོངས་སུ་དག་པའི་ཕྱིར་རོ། །དོན་དུ་ཞེས་བྱ་བ་ནི་ཕན་

པའི་ཕྱིར་རོ། །ཚོལ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉོན་མོངས་པ་རྣམས་ཀྱིས་མ་གོས་པ་ལའོ། །ཡོངས་སུ་ཚོལ་བ་ནི་དེ་དང་དེར་སོང་ནས་སོ། །ཚོལ་བར་འགྱུར་བ་ནི་འདིར་རྙེད་པར་འགྱུར་ཞེས་ཐོས་ནས་སོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་དེ་ངོ་མཚར་བའི་ཚིག་གོ། །དེ་དེ་བཞིན་ཏེ་

ཞེས་རྗེས་སུ་གནང་ནས་དྲི་བ་སེལ་ཞིང་གསུངས་པ་ནི། ཤཱ་རིའི་བུ་ཡང་དེའི་ཚེ་དེའི་དུས་ན་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གིས་ཞེས་བྱ་བ་ལ་སོགས་པས་སྔ་མ་ཉིད་དགེ་བ་ལ་སྦྱོར་བའི་རྒྱུ་གསུངས་པ་ནི་དེ་ལས་གཞན་པའི་མདོ་སྡེ་ཞེས་བྱ་བ་སྟེ། ཕ་རོལ་

ཏུ་ཕྱིན་པ་དྲུག་བསྟན་ཀྱང་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བརྗོད་ཅེས་གསུངས་པ་ནི། རང་ཉིད་ཉེ་བར་འོང་བར་འགྱུར་ཞེས་ཉེ་བར་གནས་པ་ལས་སོ། །ཉེ་བར་གཞོལ་བ་ནི་འབད་པ་ཡོད་ན་རྙེད་པའི་ཕྱིར་རོ། །ཉེ་བར་ཕྱོགས་པ་ནི་འབད་པ་མེད་པ་ཉིད་ཀྱིས་རྙེད་པའི་ཕྱིར་རོ། །སྐྱེ་བ་

เล่ม ๙๔ · หน้า 172a

འཕོས་ཤིང་ཞེས་བྱ་བ་ནི་སྐྱེ་བ་གཞན་ལ་ལྷ་ལ་སོགས་པའི་སྐྱེ་བ་གཞན་གྱིས་ཡང་དག་པར་བསྡུས་པ་ཡང་ངོ་། །ཚེ་རབས་བརྗེས་ཀྱང་ཞེས་བྱ་བ་ལས་ནི་མི་ལ་སོགས་པའི་ཚོགས་དང་སྐལ་བ་མཉམ་པ་ཉིད་ལས་སྐྱེས་པའོ། །ཡང་གི་སྒྲས་ནི་སྐྱེ་བ་འདི་ཉིད་ལ་མ་ཡིན་ནོ། །

འདི་དག་ཉིད་ཅེས་བྱ་བ་ནི་བཅོམ་ལྡན་འདས་མ་བསྟན་པ་མཐར་ཐུག་པས་གང་ཞིག་བསྟན་པ་རྣམས་སོ། །དེ་ལས་གཞན་པའི་ཞེས་བྱ་བ་ནི་གང་ཞིག་བཅོམ་ལྡན་འདས་མ་བསྟན་པ་དེ་མ་ཐག་ཏུ་ཡོངས་སུ་མྱ་ངན་ལས་འདས་པའི་མཐར་ཐུག་པར་སྟོན་པར་འགྱུར་བའོ། །མི་དམིགས་པ་དང་

ལྡན་པ་ཞེས་བྱ་བ་ནི་གཉིས་ཀྱི་མི་དམིགས་པ་སྟོན་པ་པོ་རྣམས་སོ། །སྟོང་པ་ཉིད་དང་ལྡན་པ་ཞེས་བྱ་བ་ནི་གཉིས་དང་གཉིས་ཀྱི་རྣམ་པར་བྲལ་བས་ཡོངས་སུ་གྲུབ་པའི་གཉིས་མེད་པའི་ངོ་བོ་སྟོང་པ་ཉིད་སྟོན་པར་བྱེད་པའོ། །ཇི་སྐད་དུ་གསུངས་པ་ནི། དམིགས་པ་ཡང་དག་བརྟེན་ནས་ནི། །མི་དམིགས་

པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་ཀྱང་། །དམིགས་པ་མེད་པ་རབ་ཏུ་སྐྱེ། །ཞེས་བྱ་བའོ། །རྣམ་པར་རིག་པ་ཙམ་གྱི་དམིགས་པ་ལ་བརྟེན་ནས་མི་དམིགས་པ་སྐྱེའོ། །དོན་མ་དམིགས་པ་ལ་བརྟེན་ནས་རྣམ་པར་རིག་པ་ཙམ་ལ་ཡང་མི་དམིགས་པ་སྐྱེ་ཞེས་བྱ་ཞེས་པའོ། །དོན་འདི་

ཉིད་བསྟན་པར་བྱ་བའི་ཕྱིར་བརྗོད་པ་ནི། གཉིས་ཀ་ཡང་ནི་མ་དམིགས་པས། །གཉིས་ཀྱི་རྣམ་པ་རྣམ་པར་འགྲོ། །དེ་བྲལ་བས་ནི་ཡོངས་གྲུབ་པ། །གཉིས་མེད་པ་ནི་རྟོགས་པར་འགྱུར། །ཞེས་བྱ་བའོ། །གཉིས་མེད་པ་འདི་ནི་རི་བོང་གི་རྭ་བཞིན་དུ་གཉིས་མེད་པ་ཙམ་མ་ཡིན་ཏེ། དངོས་པོ་

མེད་པའི་མཐར་ལྟུང་བར་ཐལ་བའི་ཕྱིར་རོ། །འོན་ཀྱང་ཐ་སྙད་ཐམས་ཅད་ལས་འདས་པ་དང་འཕགས་པའི་སྐྱེ་བོའི་སྤྱོད་ཡུལ་དང་སོ་སོ་རང་གིས་རིག་པར་བྱ་བའི་དོན་དམ་པ་སྟོང་པ་ཉིད་དོ། །འདི་ཡང་བསྟན་པ་གཉིས་རིམ་གྱིས་འཇུག་པ་ལ་དགོངས་པས་མདོ་གཅིག་ལ་དེས་ན་མི་དམིགས་པ་

དང་ལྡན་པ་རྣམས་ལས་གཞན་སྟོང་པ་ཉིད་དང་ལྡན་པའི་མདོ་སྡེ་ནི་མ་ཡིན་ནོ། །འོན་ཀྱང་བསྟན་པའི་རིམ་པ་ནི་འདི་ཡིན་ནོ། །དེ་ལྟར་ན་ཡང་འཕགས་པ་ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་མི་གནས་ཀྱང་། །ཕྱི་རོལ་དོན་ནི་འདའ་བར་བྱ། །དེ་ཉིད་དམིགས་པ་

เล่ม ๙๔ · หน้า 172b

ལ་གནས་ནས། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །ཞེས་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སེམས་ལ་གཞག་པ་ནི་འཛིན་པའོ། །དེའི་ཡོན་ཏན་རྣམས་ནི་ཕན་ཡོན་རྣམས་སོ། །དེ་རྣམས་ཡོངས་སུ་བརྗོད་པ་ཡང་ཡིན་ལ་ལེའུ་ཡང་ཡིན་ཏེ་ལེའུ་བཅུ་པའོ།། །།

དེ་ནས་བདུད་ཀྱི་ལས་ཡོངས་སུ་སྤང་བའི་ཕྱིར་བདུད་ཀྱི་ལས་རྣམས་རྒྱས་པར་བཤད་པ་ནི། སྔར་གྱི་ལེའུ་ལས་བདུད་སྡིག་ཅན་ཤིན་ཏུ་རྣམ་པ་མང་བས་བར་ཆད་ཀྱི་ལས་བྱ་བའི་ཕྱིར་ཉེ་བར་གནས་པར་འགྱུར་ཞེས་གསུངས་སོ། །དེ་ནས་ཅི་ནས་ཀྱང་བར་ཆད་ཡོངས་སུ་བསལ་བར་བྱའོ། །བདུད་

ཀྱི་ལས་ཡོངས་སུ་ཤེས་པ་མེད་ན་དེ་ཡོངས་སུ་བསལ་བར་བྱ་བར་སླ་བ་མ་ཡིན་ནོ། །དེའི་ཕྱིར་དེའི་དོན་དུ་ཡོན་ཏན་འདི་དག་ནི་ཞེས་བྱ་བ་ཉེ་བར་གཞག་པ་སྔོན་དུ་འགྲོ་བས་དྲི་བ་ནི་ཡོན་ཏན་འདི་དག་ཅེས་བྱ་བ་སྟེ། ཡོན་ཏན་རྣམས་མེད་ན་དེ་སྒྲུབ་པ་ལ་དགོས་པ་མེད་པའི་ཕྱིར་བར་ཆད་ཡོངས་

སུ་བསལ་བ་མེད་ན་ཇི་ལྟར་ཡོན་ཏན་འདི་དག་འབྱུང་ཞེས་པ་ཆེད་དུ་བརྗོད་པར་རིག་པའི་ངོ་བོ་དེའི་ཕྱིར་འདྲི་བར་བྱེད་པ་ནི་ཅི་ཙམ་དག་ཅེས་བྱ་བ་སྟེ། འགའ་ཞིག་ཏུ་ནི་ཁ་ཅིག་ཅེས་བྱ་བའི་འདོན་པ་ལ། དེར་ནི་ཅི་དང་ཅི་ཞེས་བྱ་བ་དོན་གྱི་འགྲོ་བ་ལ་དྲི་བའོ། །བར་ཆད་བྱེད་པ་ཞེས་བྱ་

བས་བདུད་ཀྱི་ལས་རྣམས་ཀྱི་སྤྱིའི་མཚན་ཉིད་གསུངས་སོ། །ཚུལ་ཇི་ལྟ་བུ་དག་འབྱུང་བར་འགྱུར་ཞེས་བྱ་བས་ཏེ་ཁྱད་པར་གྱི་མཚན་ཉིད་འདྲི་བར་བྱེད་དེ། འདིར་ཇི་སྲིད་དུ་ཅུང་ཟད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པ་དེ་ཐམས་ཅད་བདུད་ཀྱི་ལས་ཡིན་ནོ། །

དེ་ཡང་དཔག་ཏུ་མེད་པ་ཞེས་མདོར་བསྡུས་པ་བསྟན་པས་ཇི་ཙམ་ཡང་བསྟན་པའི་དོན་དུ། བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་དེ་དག་གི་ཞེས་བྱ་བ་ལ་སོགས་པ་སྟེ། འཆད་པ་ཞེས་བྱ་བ་ནི་འདྲི་བ་དང་མཆོད་པ་ལ་སོགས་པ་ཆོས་སྤྱོད་རྣམ་པ་བཅུ་ཉེ་བར་མཚོན་པའོ། །སྤོབས་

པ་ཡུན་རིང་མོ་ཞིག་ན་ཞེས་བྱ་བ་ནི་ཡི་གེ་དང་དོན་དང་ངེས་ཚིག་ལ་ཡུན་རིང་པོས་སྤོབས་པ་བསྐྱེད་པས་རྟོག་པ་པོ་རྣམས་འབད་པ་དང་བཅས་པར་འགྱུར་བ་ཡིན་ཞེས་བྱ་བ་ནི་བདུད་ཀྱི་ལས་སོ། །སྐྱེས་ན་ཡང་ཞེས་བྱ་བ་ནི་མི་བརྟན་པའི་ཕྱིར་གང་གི་འབྲས་བུ་སྨྲ་བ་ལ་སོགས་པ་མ་བྱས་ནས་གཡེངས་

เล่ม ๙๔ · หน้า 173a

པར་འགྱུར་རོ། །འོན་ཏེ་བར་དུ་ཡང་དག་པར་རྒྱུ་བ་མ་ཡིན་ན་རྣམ་པར་འཇིག་པར་འགྱུར་རོ། །གླལ་བ་ཞེས་བྱ་བ་ནི་ང་རྒྱལ་དང་ལྡན་པའོ། །ཁོ་བོ་ཅག་གིས་བྲི་བ་ལ་སོགས་པ་འདི་ལ་ཤིན་ཏུ་མཁས་པ་ཞེས་བྱ་བའི་ང་རྒྱལ་གྱིས་གུས་པས་འདྲི་བ་ལ་སོགས་

པ་ཡང་དག་པར་སྒྲུབ་པར་འགྱུར་བ་མ་ཡིན་ནོ། །རྒོད་པ་དང་སྟེག་ཅིང་ཞེས་བྱ་བ་ནི་འགའ་ཞིག་ཏུ་འདོན་པའོ། །དེ་ལ་སྟོན་པ་ནི་རྒོད་པའམ་ཕན་ཚུན་དུ་ཉེ་བར་རྒོད་པའོ། །སྟེག་ཅིང་ཞེས་བྱ་བ་ནི་ཕན་ཚུན་དུ་ཡོངས་སུ་རྒོད་པ་འཕེལ་བར་གྱུར་པའོ། །སེམས་རྣམ་པར་གཡེང་བ་ཞེས་

བྱ་བ་ནི་ཡུལ་ལ་སོགས་པ་ལ་རྟོགས་པས་ཡིད་གཞན་ཉིད་ཀྱིས་སོ། །ཀུན་ཆུབ་པར་བྱེད་ཅེས་པ་ནི་མཐའ་བསྟན་པའི་ཕྱིར་འཆང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ་ཡང་རྟོགས་པར་བྱའོ། །རྣམ་པར་ཤེས་པ་གཞན་དང་ཡང་དག་པར་ལྡན་པ་ཞེས་བྱ་བ་ནི་བསྟན་བཅོས་

གཞན་ལ་སོང་བའི་ལྟ་བ་ཅན་ནོ། །རྣམ་པར་ཤེས་པ་ཕན་ཚུན་དང་ལྡན་པ་ཞེས་བྱ་བའི་འདོན་པ་ལ་ཕན་ཚུན་དུ་སེམས་བསྲུང་བའི་དོན་དུ་བྲི་བར་བྱེད་ཀྱི་དད་པས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །དྲན་པ་མི་ཐོབ་ན་ཞེས་བྱ་བ་ནི་བྲི་བ་ལ་སོགས་པ་ལ་དམིགས་པའོ། །ཕན་ཚུན་བཞད་གད་བྱེད་ཅིང་

ཞེས་བྱ་བ་ལ་སོགས་པ་སྟེ། སྔར་ནི་ཀུན་ཆུབ་པར་བྱེད་ཅེས་བྱ་བ་བསྟན་པས་བྲི་བ་དང་འཛིན་པ་ལ་སོགས་པ་ཐམས་ཅད་གཟུང་བར་བྱའོ། །འདིར་ནི་བྲི་བ་གཅིག་པུ་ཞེས་བྱ་བའི་བྱེ་བྲག་གོ། །གང་དུ་ཡང་སྔར་རྒོད་པ་དང་ཅོ་འདྲི་བ་ཞེས་མི་འདོན་པ་དེ་ཤིན་ཏུ་འབྲེལ་པ་ཉིད་དོ། །མི་

གཡང་ཞིང་ཡི་གེར་འདྲི་ན་ཞེས་བྱ་བ་ནི་འདི་དང་དེར་རོ། །ཚོགས་པ་དང་མི་མཐུན་པར་གྱུར་ན་ཞེས་བྱ་བ་ནི། །ཇི་ཙམ་ཚོགས་པ་ལ་པོ་ཏི་འགུགས་པར་བྱེད་པ་དེ་ཙམ་ལ་མ་ཚོགས་པ་ཉིད་དོ། །གཏིང་ཞིང་ཞེས་བྱ་བ་ནི་ལྷག་པར་མོས་པའོ། །མྱང་བ་པ་ནི་དོན་རྟོགས་པའོ། །ལུང་

བསྟན་པ་ཞེས་བྱ་བ་ནི་གྲོང་དང་མིང་ལ་སོགས་པ་རྣམས་ཀྱིས་གྲོང་ལ་སོགས་པ་འདི་ཞེས་བྱ་བ་ལ་སྐྱེ་བ་རྙེད་ནས་བྱང་ཆུབ་ཐོབ་པར་འགྱུར་ཞེས་བྱ་བའོ། །འདི་ཉིད་གསལ་བར་བྱེད་པ་ནི་འདིར་མ་སྨོས་ཞེས་བྱ་བ་ལ་སོགས་པ་སྟེ། བསྐལ་པ་དེ་སྙེད་དུ་ཞེས་བྱ་བ་ནི་སེམས་བསྐྱེད་པ་ལ་ཉེ་

เล่ม ๙๔ · หน้า 173b

བར་གྱུར་པ་དེ་ཙམ་གྱི་བསྐལ་པ་རྣམས་སོ། །སླར་རྣལ་འབྱོར་ཉིད་དུ་བྱ་བར་འགྱུར་བ་ལ་ཞེས་བྱ་བ་ནི་སླར་དེ་ཙམ་གྱི་བསྐལ་པ་རྣམས་ཀྱིས་ཡོངས་སུ་སྨིན་པ་ཐོབ་པར་འགྱུར་ཏེ་ཤེས་རབ་ཉམ་ཆུང་བས་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཞེས་བྱ་བ་ནི་ཐམས་

ཅད་མཁྱེན་པ་ཉིད་དང་རྗེས་སུ་མཐུན་པ་རྣམས་ལའོ། །ངེས་པར་འབྱུང་བར་མི་འགྱུར་ཞེས་བྱ་བ་ནི་སྐྱེ་བར་མི་འགྱུར་བའོ། །བརྗོད་འདོད་པའི་སེམས་ཀྱིས་བོར་ནས་ལུས་ངག་དག་གིས་ངེས་འབྱུང་གི་མཐར་ཐུག་པར་འགྲོ་བའོ། །དེ་ལྟར་བློ་ཆུང་བ་དེ་དག་ཞེས་བྱ་བས་ཉེ་བར་བསྡུ་

བའོ། །ཡལ་ག་ཞེས་བྱ་བ་སྟེ། ཕྱོགས་གཅིག་པའི་ཡེ་ཤེས་དོན་དུ་གཉེར་བ་རྣམས་ཀྱི་དབང་དུ་བྱས་ནས་མདོ་ལ་སོགས་པ་རིགས་པ་ཡིན་ཏེ། འདི་ཉིད་ལ་དཔེ་གསུངས་པ་ནི། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། ཟན་གོང་ནི་བཟའ་བའོ། །ཟན་ཁམ་ནི་ཁམ་ཟན་ནོ། །བཙལ་བར་སེམས་པ་

ཞེས་བྱ་བ་ནི་དམན་པ་སློང་བའི་དབང་གིས་སོ། །དེ་ཡང་ཁྱི་ནི་རྙེད་པར་སླ་བ་དང་མངར་བ་བདག་པོའི་ཟན་ཆང་རྣམ་པར་སྤངས་ནས། ལས་བྱེད་པའི་ཟན་ཁམ་འདོད་པར་གྱུར་པ་རྙེད་པ་མ་ཡིན་ནོ། །ཆུང་བའམ་མངར་བ་མ་ཡིན་པ་རྙེད་པ་ཡིན་ཏེ། དེ་བཞིན་དུ་འདིར་ཡང་སྦྱར་བར་བྱའོ། །རྩ་བ་འདི་

བོར་ཏེ་ཞེས་བྱ་བ་ནི་ཇི་ལྟར་ཤིང་གི་རྩ་བ་ལ་སྦྱར་བའི་ཤིང་ཐམས་ཅད་ཀྱི་འབྲས་བུ་ལ་དབང་བ་ཉིད་དོ། །གང་ཞིག་རྩ་བ་བོར་ནས་ཡལ་ག་འཛིན་པར་བྱེད་པ་དེ་རྣམས་ཀྱི་ཕྱོགས་ནི་ཕྱོགས་གཅིག་པའི་འབྲས་བུའི་སྐལ་བ་ཅན་ཞེས་དེ་རྣམས་ཀྱིས་གཙོ་བོའི་འབྲས་བུ་མ་ཐོབ་པའོ། །དེ་བཞིན་དུ་

འདིར་ཡང་འབྲས་བུ་ཐམས་ཅད་ཐོབ་པའི་རྩ་བ་ནི་བཅོམ་ལྡན་འདས་མ་སྟེ། དེ་དོར་ནས་ཡལ་ག་དང་འདྲ་བའི་ཉན་ཐོས་ཀྱི་ཐེག་པ་ལ་དམིགས་པས་སངས་རྒྱས་ཉིད་ལ་ཐོབ་པ་མེད་ཅེས་བྱ་བའི་དོན་ཏོ། །ལོ་མ་དང་འདབ་མ་ལྟ་བུ་ནི་ལོ་མའི་ཚོགས་ཏེ། འདབ་མ་ལྟ་བུའི་མདོ་

སྡེ་རྣམས་ལ་མངོན་པར་བརྩོན་པ་རྣམས་སོ། །དུལ་བར་བྱ་བ་ནི་དབང་པོ་ལྔ་འདུལ་བའི་ཕྱིར་རོ། །ཞི་བར་བྱ་བ་ནི་སེམས་འདུལ་བའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ནི་སྲིད་པ་གཞན་ཟད་པའི་ཕྱིར་རོ། །དགེ་བའི་རྩ་བ་ཐམས་ཅད་ཀྱིས་མངོན་པར་འདུ་བྱེད་པ་ནི་

เล่ม ๙๔ · หน้า 174a

སྒྲུབ་པ་རྣམས་སོ། །དེའི་དོན་དུ་སྦྱོར་བ་ནི་བྱ་བ་རྣམས་སོ། །དེ་རློམ་སེམས་སུ་ཡང་མི་བྱ་བའོ་ཞེས་བྱ་བ་ནི། དེ་རྣམས་དང་བདག་ཉིད་མ་དམིགས་པའི་ཕྱིར་རོ། །ཁ་དོག་དང་དབྱིབས་ཚོལ་ཏེ་ཞེས་བྱ་བ་ནི་དབྱིབས་དང་རྣམ་པའོ། །སྣང་

བ་ག་ལ་བ་དེར་ཞེས་བྱ་བ་ནི་སྣང་བ་དང་བཅས་པའོ། །བརྟགས་སོ་ཞེས་བྱ་བ་ནི་མཐོང་བའོ། །གླང་པོ་ཆེའི་རྗེས་ཞེས་བྱ་བ་ནི་གླང་པོ་ཆེའི་རྗེས་ཀྱི་མཚན་མའོ། །བདག་གཅིག་པུ་དུལ་བ་དང་ཞི་བར་གནས་པ་དང་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ཉིད་དོ་ཞེས་བྱ་བ་སྟེ།

བརྗོད་པ་ནི་འཇུག་པའོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། ནང་དུ་ཡང་དག་གཞག་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ནོ། །ཚེ་འདི་ཉིད་ལས་ཞེས་བྱ་བ་ནི་སྐྱེ་བ་ཐོབ་པ་ཉིད་ལའོ། །ལེན་པ་མེད་པ་ཞེས་བྱ་བ་ནི་ཅུང་ཟད་ཀྱང་ཡོངས་སུ་མི་འཛིན་པས་སོ། །སྤྲོ་བ་ཆུང་བ་ལ་སེམས་

མི་བསྐྱེད་དོ་ཞེས་བྱ་བ་ནི་དོན་ཆུང་ངུ་ལ་སྦྱོར་བའོ། །དུས་རྟག་ཏུ་ཞེས་བྱ་བ་ནི་ཇི་སྲིད་བྱང་ཆུབ་ཀྱི་བར་དུའོ། །རྒྱུན་ནི་རྒྱུན་ཡང་ཡིན་ལ་སྐྱེ་བ་རེ་རེར་འབྱུང་བའི་ཕྱིར་རོ། །མི་འཆད་པ་ཡང་ཡིན་ཏེ་ཞག་རེར་འབྱུང་བའི་ཕྱིར་ཞེས་བྱ་བའོ། །དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་

ནི་མཐའ་ཡས་པའི་ཡོན་ཏན་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཡིན་གྱི་ཉན་ཐོས་ལ་སོགས་པའི་མདོ་སྡེ་ནི་མ་ཡིན་ཞེས་སྟོན་ཏོ། །དེ་ཉིད་གསུངས་པ་ནི་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། ཤིང་མཁན་ནི་ཤིང་གི་བཟོ་བོའོ། །རི་རབ་ཀྱི་རྒྱབ་ཏུ་བརྒྱ་བྱིན་གྱི་བལྟ་ན་སྡུག་པ་

ཞེས་བྱ་བའི་གསེར་ལས་བྱས་པའི་གྲོང་ཁྱེར་རོ། །དེའི་དབུས་སུ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཁང་བཟངས་ཏེ། ལོགས་རེ་རེར་དཔག་ཚད་ཉིས་བརྒྱ་ལྔ་བཅུའོ། །གཅིག་ཏུ་བསྡུས་ན་དཔག་ཚད་སྟོང་ངོ་། །རི་རབ་ཀྱི་ཕྱེད་ནས་ནམ་མཁའ་ལ་འགྲོ་བའི་ཡེ་ཤེས་ཀྱི་གཞལ་ཡས་ཁང་

ཟླུམ་པོ་རིམ་པ་ཇི་ལྟ་བར་དཔག་ཚད་ལྔ་བཅུ་རྩ་གཅིག་དང་ལྔ་བཅུ་དབུས་ཀྱི་ཐིག་གིས་དེའི་དབུས་སུ་དེ་དག་གི་ཁང་བཟངས་ནི་ས་ཆེན་པོ་སྟེ། དེ་བས་ན་འདིར་དེ་དག་གི་ཁང་བཟངས་བརྗོད་པར་བྱའོ། །དེ་ཡང་རྣམ་པར་རྒྱལ་བ་ལས་ཤིན་ཏུ་ཡང་ཉུང་བའི་ཚད་དོ། །མངོན་པར་སྟོན་པ་ནི་ཐོབ་པར་

เล่ม ๙๔ · หน้า 174b

བྱེད་པའོ། །འཇིག་རྟེན་དུ་འཁོར་ལོས་སྒྱུར་བས་ན་འཁོར་ལོས་སྒྱུར་བའོ། །འཁོར་ལོ་དེ་ཡང་སྐྱེས་བུས་མ་བྱས་པ་རྩིབས་སྟོང་ལྟེ་བ་དང་བཅས་པའོ། །འཁོར་ལོས་སྒྱུར་བ་སྐྱེ་བ་མེད་པ་ལ་ཆོས་བཟངས་ལྷའི་འདུན་ས་ན་འཆང་བ་ཡོད་དོ། །གང་གི་ཚེ་འཁོར་ལོས་སྒྱུར་བ་འཛམ་བུའི་

གླིང་དུ་སྐྱེས་ན་དེའི་ཚེ་དེས་ལེགས་པར་ཁྲུས་བྱས་པ་དང་བསྙེན་གནས་བཟུང་བའི་མདུན་དུ་ཆོས་བཟངས་ནས་འོངས་ཏེ། ནམ་མཁའ་ལ་གནས་པར་འགྱུར་རོ། །འཁོར་ལོས་སྒྱུར་བ་ནི་ལྔ་སྟེ། གཅིག་དང་གཉིས་དང་གསུམ་དང་གླིང་བཞི་ལ་དབང་བ་རྣམས་དང་མཐོ་རིས་ཀྱི་འཇིག་

རྟེན་དུ་འགྲོ་བའོ། །འདི་རྣམས་ཀྱི་འཁོར་ལོ་ཡང་རིམ་པ་ཇི་ལྟ་བ་བཞིན་དུ་ལྕགས་དང་། ཟངས་དང་། དངུལ་དང་། གསེར་དང་། གསེར་མདོག་ལ་སོགས་པ་སྐྱེས་པ་འཛམ་བུའི་ཆུ་བོ་དང་འདྲ་བའོ། །དབྱིབས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་གཟི་བརྗིད་

ནི་མི་ཐམས་ཅད་ཟིལ་གྱིས་གནོན་པ་མཐུ་དང་འོད་ཀྱི་དཀྱིལ་འཁོར་ནི་རྫུ་འཕྲུལ་དང་ཕུན་སུམ་ཚོགས་པའོ། །ཁྱད་པར་དུ་ནི་རིན་པོ་ཆེ་བདུན་ཏེ། འཁོར་ལོ་དང་། གླང་པོ་ཆེ་དང་། རྟ་དང་། བུད་མེད་དང་། བློན་པོ་དང་། ཁྱིམ་བདག་དང་། ནོར་བུ་རིན་པོ་ཆེ་རྣམས་སོ། །འཆིང་བར་

བྱེད་པ་ནི་རྨོངས་པར་བྱེད་པའོ། །ཡོངས་སུ་མི་གསལ་བའི་ཕྱིར་དང་གཞན་ཉིད་ཀྱི་ཕྱིར་འཆིང་བར་བྱེད་པའོ། །རྒྱུ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཡང་དག་པར་འགྲུབ་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཡང་དག་པར་འགྲུབ་པའོ། །ཐོབ་ཅིང་ཞེས་བྱ་བ་ནི་རྙེད་པ་ཙམ་གྱིས་སོ། །

བསྒྲུབས་ནས་ནི་ཐོབ་པ་ལ་སོགས་པ་རྣམས་ཀྱིས་སོ། །བོར་ཏེ་ཞེས་བྱ་བ་ནི་དོར་ནས་སོ། །རྣམ་པར་འགྱུར་ནས་ཞེས་བྱ་བ་ནི་རྒྱབ་ཕྱོགས་སུ་བྱས་ནས་སོ། །རོ་ནི་དྲུག་སྟེ། རྫས་ཀྱི་དབྱེ་བ་དང་ཕན་ཚུན་དུ་འདྲེས་པར་བརྒྱར་འགྱུར་རོ། །དེ་བས་ན་ཁ་ཟས་རོ་བརྒྱ་པའོ། །ཞག་དྲུག་ཅུ་

པའི་ཞེས་བྱ་བ་ནི་ནུབ་དྲུག་ཅུས་སྨིན་པར་འགྱུར་བའོ། །དེ་རྣམས་ཀྱི་འབྲས་ཆན་ནི་དྲུག་ཅུ་པའི་འབྲས་ཆན་ཏེ། ཤ་ཀན་རྒྱུ་ལ་སོགས་པ་མཐོང་བའི་ཕྱིར་འོག་ཏུ་འགྱུར་བའོ། །ཞུ་ན་ཕན་པ་ཞུ་ན་བདེ་བ་ཞེས་བྱ་བ་ནི་ཇི་སྲིད་དུ་དེའི་མཐར་ཐུག་པར་ཞེས་སྔ་མ་དང་འབྲེལ་ཏོ། །བོར་ཏེ་

เล่ม ๙๔ · หน้า 175a

ཞེས་བྱ་བ་ནི་སེམས་ཀྱིས་སོ། །རྣམ་པར་སྤངས་ནས་ཞེས་བྱ་བ་ནི་ལུས་ཀྱིས་སོ། །ཟབ་མོ་ནི་དོན་དམ་པའི་རྩེ་མོའོ། །འོད་གསལ་བ་ནི་མཆོག་ཏུ་དྲི་མ་དང་བྲལ་བའི་དེ་བཞིན་ཉིད་ཀྱིས་སྣང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །མང་བར་འགྱུར་ཏེ་ཞེས་བྱ་བ་ནི་རྣམ་པ་

མེད་བའི་རྣམ་པར་རྟོག་པ་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་མི་རྟོག་པའི་ཕྱིར་སེམས་རྣམ་པར་གཡེང་བར་བྱེད་པ་ལ་ད་ལྟར་ཡང་དག་པར་ཤེས་སོ། །བཅོམ་ལྡན་འདས་མ་བྲིས་པ་ལ་བར་ཆད་མང་བས་དེ་བྲི་བ་ལ་མངོན་པར་ཞེན་པ་བདུད་ཀྱི་ལས་ཞེས་གསུངས་པ་ནི།

དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལམ་གྱི་འབྲས་བུའི་རང་བཞིན་ཏེ་གཟུགས་ཀྱི་ཁྱད་པར་གྱི་ཐ་སྙད་ཀྱི་མཚན་ཉིད་ཅན་ནི་མ་ཡིན་ཏེ། ཡི་གེ་འབྲུར་འདྲི་བར་ནུས་པ་མ་ཡིན་ནོ། །རབ་འབྱོར་གང་སུ་དག་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་འབྲུར་བྲིས་ནས་ཞེས་བྱ་བ་སྟེ། ཡི་གེ་མེད་པའོ་སྙམ་ནས་ཡི་གེ་མེད་པའོ་ཞེས་བྱ་བ་རློམ་སེམས་སུ་འགྱུར་བ་དེ་ཐམས་ཅད་བདུད་ཀྱི་ལས་ཏེ། གང་གི་ཕྱིར་དེ་འདྲི་བ་མེད་པ་སྟེ། གཟུགས་དང་བྲལ་བའི་ཕྱིར་རོ། །མེད་པ་ཡང་མ་ཡིན་ཏེ། དོན་དམ་

པར་ཡོད་པའི་ཕྱིར་རོ། །ཡི་གེ་ཡང་མ་ཡིན་ཏེ་བརྗོད་དུ་མེད་པའི་ཕྱིར་རོ། །ཡི་གེ་མེད་པ་ཡང་མ་ཡིན་ཏེ་ཀུན་རྫོབ་ཏུ་ཡི་གེ་རྣམས་ཉིད་དེའི་དོན་གྱིས་དམིགས་ནས་དེ་རྟོགས་པའི་ཕྱིར་རོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ་ཡུལ་ནི་མ་ལ་བ་ལ་སོགས་པ་སྟེ་བརྒྱའམ་སྟོང་ངམ་འབུམ་

གྱིས་གྲངས་བྱས་པའི་ཁྱིམ་མོ། །གྲོང་ནི་ཕྱུག་པོ་མ་ཡིན་པ་རྣམས་ཀྱི་གནས་སོ། །སྟོང་ངམ་འབུམ་གྱིས་གྲངས་བྱས་པའི་ཁྱིམ་ནི་གནས་སོ། །སྐྱེད་མོས་ཚལ་ནི་ཕལ་ཆེར་གྲོང་ཁྱེར་རོ། །གྲོང་རྡལ་ནི་གྲོང་ཁྱེར་ཉིད་ཚོང་པས་མང་བར་བྱས་པའོ། །ལྗོངས་ནི་རྡོ་འཇོག་ལ་སོགས་པའོ། །

དེའི་ཚོགས་ནི་ཡུལ་འཁོར་རོ། །རྒྱལ་པོའི་ཕོ་བྲང་ནི་རྒྱལ་པོས་བསྟེན་པར་བྱས་པའོ། །ཀུན་ཏུ་སྟོན་པ་ནི་ཚིག་ལྷུག་པའི་སྙན་དངགས་སོ། །བ་ཤི་ཁཱ་ནི་ལམ་མོ། །ཤི་བི་ཀ་ནི་ཤི་བ་ཁུར་བའི་ཕྱོགས་སོ། །མཛའ་བ་དང་མི་མཛའ་བ་དང་མི་ལྡན་པ་ཡིད་ལ་བྱེད་པ་ནི་དགའ་བ་རྣམས་དང་ཡང་

เล่ม ๙๔ · หน้า 175b

དག་པར་སྦྱོར་བར་འདོད་པས་སོ། །མི་དགའ་བ་དང་བྲལ་བར་འདོད་པས་སོ། །མི་ལྡན་པ་ནི་ངེས་པར་ཕངས་པའི་གང་ཞིག་ཡིད་ལ་བྱེད་པ་རྣམས་སོ། །འཚོ་བའི་དོན་དུ་ཡོ་བྱད་རྣམས་ནི་འཚོ་བའི་ཡོ་བྱད་དོ། །བཞད་གད་ནི་སྔོན་གྱི་གཏམ་མོ། །ལ་གཅན་གྱི་ཆོ་ལོ་ནི་ཆོ་ལོ་སྟེ་ལྟ་བ་ནི་ཐ་སྙད་

དུ་དེ་ལྟ་བའོ། །བར་ཆད་བྱེད་པར་འགྱུར་ཞེས་བྱ་བ་ནི་རྣམ་པར་གྲགས་པར་འགྱུར་བའོ། །རྙེད་པ་ནི་ཆོས་གོས་ལ་སོགས་པ་ཐོབ་པའོ། །བཀུར་སྟི་ནི་གུས་པའོ། །ཚིགས་སུ་བཅད་པ་ནི་གྲགས་པའོ། །དེ་རྣམས་ཀྱི་རོ་མྱང་བ་ནི་ཁྱད་པར་དུ་འཕགས་པའོ། །ཆོག་ཤེས་མེད་པ་དང་འདོད་པ་

ཆེ་བ་ལ་སོགས་པ་ལ་སྦྱོར་བས་བར་དུ་གཅོད་པའོ། །སེམས་ལ་གདུང་བ་ནི་ཆོས་གོས་ལ་སོགས་པས་ཕོངས་པ་རྣམས་ཀྱིས་སོ། །ཟབ་མོ་ཟབ་པ་དག་ཅེས་བྱ་བ་ནི་འདིར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཟབ་པ་ནི་མ་ཡིན་ནོ། །འོན་ཀྱང་གང་ཟག་གི་བདག་མེད་པ་བསྟན་པ་ཉིད་དེ་མུ་སྟེགས་པ་རྣམས་

ལ་དེའི་དབང་གིས་འོས་པའི་ཕྱིར་ཟབ་པའོ། །དགེ་སློང་གི་ཆ་བྱད་ཀྱིས་ཞེས་བྱ་བ་ནི་དེའི་ངག་བླང་བར་བྱ་བའི་ཕྱིར་རོ། །སྟོང་པ་ཉིད་ལ་སོགས་པ་ཉེ་བར་བསྟན་པ་ལ་ཡང་ཇི་ལྟར་རྙེད་པ་རྣམས་ལ་འདོད་པ་ཞེས་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་སྟེ། སྟོང་པ་ཉིད་ལ་སོགས་པ་རྣམས་ལ་ཡང་གང་

ཟག་གི་བདག་མེད་པ་ལ་སོགས་ལྟོས་པས་འདུ་བྱེད་ཐམས་ཅད་བདག་དང་བྲལ་བ་ཉིད་ཀྱིས་ཡིད་ལ་བྱེད་ཅིང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་མྱ་ངན་ལས་འདས་པ་ཞི་བ་ཉིད་དུ་ཡིད་ལ་བྱེད་ཅིང་དེའི་འདུ་བྱེད་མཚན་མ་མེད་པ་ཉིད་ཀྱི་ཕྱིར་མཚན་མ་མེད་པའི་ཏིང་ངེ་འཛིན་ནོ། །འདུ་བྱེད་ཐམས་ཅད་སྡུག་བསྔལ་

བ་ཉིད་ཀྱི་སྨོན་པའི་ཡུལ་ཞེས་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་འདི་རྣམས་ཀྱང་འབྱུང་བ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ནི་ལས་དང་པོ་པ་ལ་སྐྱོན་དང་བཅས་པ་སྟེ་རང་གི་དམན་པའི་བྱང་ཆུབ་ལ་ལྟུང་བ་ཡང་དག་པར་འབྱུང་བའི་ཕྱིར་རོ། །གང་གི་ཚེ་བྱང་ཆུབ་སེམས་དཔའི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱིས་སོ་སོར་ཀུན་ཏུ་རྟོག་པ་ཀུན་རྫོབ་ཀྱི་ཤེས་པ་དང་སྙིང་རྗེས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དེ་བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར་ཐབས་ལ་མཁས་པ་སྟེ། དེ་རྣམས་ལ་མེད་ཅེས་དམན་པའི་

เล่ม ๙๔ · หน้า 176a

བྱང་ཆུབ་ལ་ལྟུང་བའི་དོགས་པས་རྣམ་པ་ཐམས་ཅད་དུ་དེ་རྣམས་བསལ་བའོ། །འདིའི་འོག་ཏུ་བྲལ་བ་རྣམས་ནི་ཕལ་ཆེར་བརྗོད་པར་བྱ་བ་སྟེ། དེ་རྣམས་ཆོས་སྨྲ་བ་པོས་ཆོས་ཐོས་པ་རྣམས་དང་ལྷན་ཅིག་ཏུ་ཚོགས་པ་དང་བྲལ་བའི་ཆོས་ཀྱི་སྨྲ་བ་པོ་ནི་སྨྲ་བ་

པོའི་བླ་མའོ། །ཆོས་ཉན་པ་དག་ནི་ཆོས་ཐོས་པ་ལ་དགོས་པ་འདི་ལ་ཡོད་པས་ན་ཆོས་ཐོས་པ་སྟེ་སློབ་མའོ། །ཚོགས་པ་དང་བྲལ་བས་ཞེས་བྱ་བ་ལ། ཚོགས་རྣམས་ཀྱི་ངོ་བོ་ནི་ཚོགས་པ་སྟེ། དེ་ལོག་པ་ལས་ཚོགས་པ་དང་བྲལ་བའོ། །འདུན་པ་ནི་འདོད་པ་དང་ཡང་དག་པར་ལྡན་པའོ། །

སྙོམ་ལས་ནི་ལེ་ལོའོ། །ཕལ་ཆེར་ཁྱིམ་པ་རྣམས་ལ་བྱ་བ་མང་བ་ཉིད་དོ། །ཐ་ན་ཞེས་བྱ་བ་ནི་ལྷག་པ་མེད་པ་ལ་བྲི་བར་འདོད་པའོ། །རྟོགས་པ་དང་ལྡན་པ་ཞེས་བྱ་བ་ནི་སྒྲ་ཤེས་པའི་ཕྱིར་རོ། །དྲན་པ་དང་ལྡན་པ་ནི་གཉི་ག་འཛིན་པའི་ཕྱིར་རོ། །འགྲོ་བར་འགྱུར་བ་ཞེས་བྱ་བ་ནི་ལས་

དང་བྱེད་པ་པོ་ལ་སྦྱོར་བ་སྟེ། འགྲོ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཉན་པ་པོའི་འདུན་པའི་ཡུལ་ལས་སྟོན་པ་པོའི་འདུན་པ་ཐ་དད་པའི་ཡུལ་ཉིད་མངོན་པར་བརྗོད་པའོ། །མགོ་སྨོས་པས་གོ་བ་ནི་སྤྱིར་བརྗོད་པ་ལ་ཁྱད་པར་ཤེས་པའི་ཕྱིར་རོ། །སྤྲོས་ཏེ་གོ་བ་ནི་ཅུང་

ཟད་རྣམ་པར་ཕྱེ་ནས་མ་ལུས་པ་ཡོངས་སུ་ཤེས་པའི་ཕྱིར་རོ། །མངོན་པར་ཤེས་པ་ནི་ཚིག་ལ་རྩེ་གཅིག་པའོ། །དེ་ནི་གང་ཞིག་བརྗོད་པ་དེ་ཉིད་ཤེས་པ་སྟེ་ལྷག་མ་ནི་མ་ཡིན་ནོ། །ཟང་ཟིང་ལྷུར་བྱེད་པ་ནི་ཟང་ཟིང་ནི་རྫས་ཏེ་དེ་ལྷུར་བྱེད་པ་ནི་མང་བར་རློམ་སེམས་འདི་ལ་ཡོད་པས་ན་ཟང་ཟིང་

ལྷུར་བྱེད་པའོ། །དེ་བཞིན་དུ་ཆོས་གོས་ལ་སོགས་པ་ལྷུར་བྱེད་པའོ། །འདོད་པ་ཆུང་བ་ནི་ཅི་ཙམ་གྱིས་རང་ཉིད་འཇུག་པ་དེ་ཙམ་འདོད་པས་ན་འདོད་པ་ཆུང་བའོ། །ཆོག་ཤེས་པ་ནི་ལྷག་པ་མི་འདོད་པའི་ཕྱིར་རོ། །རབ་ཏུ་དབེན་པ་ནི་མང་བ་དང་ལྷན་ཅིག་ཏུ་མི་རྩོམ་པའི་ཕྱིར་རོ། །

དད་པར་གྱུར་ཅིང་འདི་བརྩམ་པར་འདོད་པ་ནི་སྒྲ་ལས་སོ། །དོན་ཁོང་དུ་ཆུད་པར་འདོད་པ་ནི་དོན་ལས་སོ། །ནོར་ཡོངས་སུ་བཏང་བར་འདོད་པ་ཞེས་བྱ་བ་ནི་ཡོངས་སུ་བཏང་བར་འདོད་པ་སྟེ། ལྟོས་པ་མེད་པར་སྦྱིན་པའི་ཕྱིར་རོ། །ཆོས་སྨྲ་བ་པོ་ནི་འཆད་པར་མི་འགྱུར་ཏེ་དད་པ་དང་

เล่ม ๙๔ · หน้า 176b

མི་ལྡན་པའི་ཕྱིར་དང་ནོར་དོན་དུ་མི་གཉེར་བའི་ཕྱིར་དང་ཆོས་ལ་སེར་སྣ་ཡོད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། མདོ་སྡེ་དེ་རྣམས་ནི་ཉན་པར་འདོད་པའོ། །ཆོས་ཀྱི་བར་ཆད་དུ་གྱུར་པ་ཞེས་བྱ་བ་ལ། ཆོས་ཀྱི་བར་ཆད་ནི་ཚོགས་པ་དང་མི་ལྡན་པས་ཉན་པ་

མེད་པའོ། །དེ་འདི་ལ་ཡོད་པས་ན་ཆོས་ཀྱི་བར་ཆད་དུ་གྱུར་པ་སྟེ། དེའི་དངོས་པོས་སོ། །མེད་པའམ་ཞེས་བྱ་བ་ནི་ཡོད་པར་འགྱུར་བ་མ་ཡིན་ནོ། །མི་འཇུག་ན་ཞེས་བྱ་བ་ནི་གཞན་ནས་འང་བར་མི་འགྱུར་རོ། །མ་རྙེད་པའི་ཆོས་ཞེས་བྱ་བ་ནི་ཆོས་སྨྲ་བ་མ་ཐོབ་པའོ། །མི་མཐུན་པ་བརྗོད་

པ་ནི་མི་མཐུན་པ་བརྗོད་པའོ། །སྡུག་བསྔལ་ཐོས་པས་ཡིད་མི་འབྱུང་ཞིང་བར་ཆད་གསུངས་པ་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་དམྱལ་བའི་མི་བསྔགས་པ་བརྗོད་ཅེས་བྱ་བ་ནི་ཤིན་ཏུ་ཚ་བ་ལ་སོགས་པའི་སྡུག་བསྔལ་དང་ལྡན་པ་དམྱལ་བའོ། །ཕན་ཚུན་དུ་ཟ་བ་

ལ་སོགས་པའི་སྡུག་བསྔལ་དང་ལྡན་པ་དུད་འགྲོའི་སྐྱེ་གནས་སོ། །བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་དང་ལྡན་པ་ཡི་དགས་རྣམས་སོ། །ང་རྒྱལ་གྱིས་མནན་པའི་སྡུག་བསྔལ་དང་ལྡན་པ་ལྷ་མ་ཡིན་ནོ། །སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དང་ལྡན་པ་འདུ་བྱེད་རྣམས་ཐམས་ཅད་དོ། །

རབ་འབྱོར་འདི་ཡང་ཞེས་བྱ་བ་ནི་ཡིད་འབྱུང་བ་ལས་སྐྱེས་པའོ། །བདུད་ཀྱི་ལས་ཞེས་བྱ་བ་ནི་སྡུག་བསྔལ་ཡིད་འབྱུང་བས་སོ། །ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་ལྷའི་བདག་ཉིད་ཀྱི་ལོངས་སྤྱོད་རྣམས་ལ་ཡང་སླར་འདུ་བྱེད་

ཀྱི་སྡུག་བསྔལ་ཉིད་ཉེ་བར་བསྟན་ནས་བདེ་བླག་ཏུ་ཡིད་འབྱུང་ཞིང་བར་ཆད་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། སྲིད་པར་འགྲུབ་པ་ཞེས་བྱ་བ་ནི་སྲིད་པའི་དབྱེ་བ་ཁམས་དང་འགྲོ་བ་དང་སྐྱེ་གནས་ཀྱི་མཚན་ཉིད་དོ། །རབ་འབྱོར་དེ་ལྟར་ཡང་ཞེས་བྱ་བ་ལ་སོགས་པ་

བདུད་ཀྱི་ལས་རྣམས་ནི་མང་བ་ཉིད་དང་། སངས་རྒྱས་རྣམས་ཀྱིས་ཡོངས་སུ་དོར་བ་ཉིད་དང་། བདུད་ཀྱིས་དེ་རྣམས་ལ་མངོན་པར་བརྩོན་པའི་རྒྱུ་གསུངས་པ་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། བདུད་དགེ་སྦྱོང་གི་ཆ་བྱད་དུ་འོངས་ནས་ཐེ་ཚོམ་ཟ་བས་སྤོང་བའི་སྐྱོན་

เล่ม ๙๔ · หน้า 177a

ནོ། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། དགེ་སློང་གི་ཆ་བྱད་དུ་སྤྲུལ་པའི་བདུད་ཀྱིས་བྱས་པའི་ཆོས་སྤྱོད་པ་རྣམས་ལ་དམན་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ནི་སྐྱོན་ནོ། །རབ་འབྱོར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནས་ལེའུ་རྫོགས་པའི་བར་

གྱིས་དོན་བཞི་གསུངས་ཏེ། བདུད་ཀྱི་ལས་རྣམས་ཀྱི་མང་བ་ཉིད་དང་། དེའི་རྒྱུ་དང་། དེ་རྣམས་ལ་འཇིགས་པར་གྱུར་པ་ན་བློ་ཆུང་བ་ཉིད་ལ་སོགས་པ་དང་། ཇི་ལྟར་ཡང་བདུད་ཀྱིས་དེ་རྣམས་ལ་མངོན་པར་བརྩོན་པ་ནི་དེ་ལྟར་སངས་རྒྱས་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་

ཡོངས་སུ་བཟུང་བ་ཞེས་བྱ་བའོ། །ལེའུ་འདི་ལ་ཡང་ཚིག་རྣམས་ཇི་སྙེད་ཁོ་བོ་ཅག་གིས་བཤད་པ་དེ་རྣམས་ཐམས་ཅད་ནི་སྔོན་གྱི་པོ་ཏི་རྣམས་ལ་མཐོང་བ་ཡིན་ནོ། །སྐྱོན་དྲུག་ཡང་ནི་རྟོགས་པར་བྱ། །བཅུ་པ་བཞི་དང་ལྷན་ཅིག་ཏུ། །ཞེས་བྱ་བ་ནི་ཆེན་པོ་རྣམས་ཀྱིས་བཤད་པ་མཐོང་བའི་

ཕྱིར་འདིར་བསྣན་པ་དེ་དེ་ལྟ་བུ་ཞེས་རྣམ་པ་མང་བའོ། །བདུད་ཀྱི་ལས་རྣམས་དང་དེ་ཉིད་ནི་བར་དུ་གཅོད་པ་སྟེ་དེ་གསལ་བར་བྱེད་པའི་ལེའུ་ནི་དེའི་ལེའུ་སྟེ་ལེའུ་བཅུ་གཅིག་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པ་སྟེ། དེ་བས་

ན་འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པས་ཀྱང་ཅིའི་ཕྱིར་བར་དུ་གཅོད་པ་ཞེས་བསྒྲུབ་པའི་ཕྱིར་དང་ལྷག་པར་མོས་པ་བསྟན་པར་བྱ་བའི་ཕྱིར་དཔེ་གསུངས་པ་ནི། འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། བུ་མང་དུ་ཡོད་དེ་ཞེས་བྱ་བས་གཅིག་དང་མང་པོ་རྣམས་ཀྱི་མའི་

དགོངས་པ་ལ་མཉམ་པའི་མའི་སྡུག་པའི་རྒྱུ་སྟོན་པར་བྱེད་པ་ནི་མ་དེ་ན་བར་གྱུར་ན་ཞེས་བྱ་བ་སྟེ། མ་ན་བར་གྱུར་པ་ནའོ། །རེག་པར་གནས་པ་ཞེས་བྱ་བ་ནི་རེག་པ་རབ་ཏུ་སྤྱོད་པའོ། །ཡིད་དུ་མི་འོང་བ་ཞེས་བྱ་བ་ནི་ཡིད་དུ་འོང་བ་མ་ཡིན་པ་སྟེ། སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །འདིར་

ཡང་སྡུག་པ་ཉིད་ཀྱི་རྒྱུ་ཉིད་གསུངས་པ་ནི་འདིས་ནི་ཞེས་བྱ་བ་སྟེ། ལེགས་པར་གཟུང་བས་འཛིན་ཞེས་བྱ་བ་ནི་ཤིན་ཏུ་རྒྱས་པ་རྒྱས་པར་གྱུར་ནའོ། །ཇི་ལྟར་རྒྱས་པར་གྱུར་པ་ནི་ཇི་ལྟར་རྒྱས་པར་འགྱུར་བའོ། །སྦེད་པ་ནི་སྲུང་བར་བྱེད་པའོ། །འཆོས་པ་ནི་སྦྱང་བ་དེ་ནད་འཕྲོག་པར་བྱེད་པའོ། །

เล่ม ๙๔ · หน้า 177b

འཆོས་པའི་སྒྲ་ནི་གཎྜཱ་ལ་སོགས་པའོ། །སྡུག་བསྔལ་གྱིས་རེག་པ་ཞེས་བྱ་བ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པའི་ཚོགས་པ་ལས་སྐྱེས་པའི་སེམས་ལས་བྱུང་བའི་རེག་པ་སྟེ། དེ་ཡང་སྡུག་བསྔལ་གྱི་རྒྱུ་ཡིན་པས་ན་སྡུག་བསྔལ་ལོ། །དེ་ལ་རབ་ཏུ་དབྱེ་བ་གསུངས་པ་ནི།

མིག་གམ་ཞེས་བྱ་བ་ལ་སོགས་པ་སྟེ། སྔོན་གྱི་པོ་ཏི་རྣམས་ལ་ལྔ་པ་སྟེ། མིག་གི་འམ་རྣ་བའི་ཞེས་བྱ་བ་འདོན་པའོ། །དེ་ལ་རྒྱུའི་དབྱེ་བ་གསུངས་པ་ནི་རླུང་ངམ་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་དུ་འབབ་པ་ནི་མི་རྣམས་ཀྱིའོ། །ཉམ་ཐག་པ་ནི་གློ་ལ་སོགས་པས་སོ། །ཡེ་འདྲོག་

ཅེས་བྱ་བ་ནི་མི་འདོད་པ་དང་ཡང་དག་པར་སྦྱོར་བའོ། །བདག་གིར་བྱེད་པ་ཞེས་བྱ་བ་ནི་བདག་གིར་བྱས་པས་དེ་ལ་ཆེར་འཕངས་པ་དང་གུས་པར་བྱེད་པའི་ཕྱིར་རོ། །དཔེ་དོན་ལ་སྦྱར་བར་བྱེད་པ་ནི། རབ་འབྱོར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། དགོངས་པ་ཞེས་བྱ་བ་ཅིའི་

ཕྱིར་ཤེས་པར་འགྱུར་ཞེ་ན་གསུངས་པ་ནི། གང་དག་དེ་དག་ཡི་གེ་འདྲི་བ་དང་ཞེས་བྱ་བ་སྟེ། དེ་ཉིད་ལའོ། །སངས་རྒྱས་ཀྱི་དགོངས་པ་མེད་པས་འདྲི་བ་ལ་སོགས་པ་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞེས་བྱ་བའོ། །གང་ཇི་སྙེད་

ཅེས་བྱ་བ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གཅིག་པུར་མ་ཟད་ཀྱི་བཞུགས་ཏེ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་པའི་ཕྱིར་རོ། །འཚོ་ཞིང་ཞེས་བྱ་བ་ནི་སྲོག་གི་དབང་པོའི་རྒྱུན་གྱིས་གནས་པར་གྱུར་པའོ། །གཞེས་པ་ཞེས་བྱ་བ་ནི་ཚེ་ཇི་སྲིད་གནས་པའི་ཕྱིར་དུས་གཞེས་

པས་སོ། །ཅི་ནས་ཀྱང་ཞེས་བྱ་བ་ནི་ཇི་ལྟར་ཞེས་གསུངས་པ་ནི་འདི་ཉིད་ཅི་ནས་ཀྱང་རིང་དུ་གནས་པར་འགྱུར་བ་ཞེས་བྱ་བ་སྟེ། འཆོས་ཤིང་ཞེས་བྱ་བ་ནི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་ལ་གཟུགས་བརྙན་ལ་སོགས་པ་དང་བྲལ་བས་རྣམ་པར་དག་པའི་དོན་རིང་དུ་གནས་པའི་

དགོངས་པས་སོ། །བདག་གིར་མཛད་དེ་ཞེས་བྱ་བ་ནི་འདི་ནི་ཁོ་བོ་ཅག་གི་མ་ཞེས་མིང་མི་འཇིག་པའི་དགོངས་པས་སོ། །སྦེད་དོ་ཞེས་བྱ་བ་ནི་བར་ཆད་ཡོངས་སུ་བསལ་བའི་དོན་དུ་དགོངས་པའི་ཕྱིར་རོ། །མ་ཇི་ལྟ་བུ་ཡིན་ཞེས་གསུངས་པ་ནི་སྐྱེད་པའོ་ཞེས་བྱ་བ་སྟེ། ཐམས་ཅད་མཁྱེན་

เล่ม ๙๔ · หน้า 178a

པ་འདི་སྟོན་པའོ་ཞེས་བྱ་བ་ནི་ཐོབ་པར་བྱེད་པའོ། །འདི་ཉིད་ལ་རྒྱུ་གསུངས་པ་ནི་འདི་ལས་སྐྱེས་པ་ནི་ཞེས་བྱ་བ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བ་ལ། འདིས་ནི་དོན་དམ་པའི་དེ་བཞིན་གཤེགས་པ་སྐྱེད་པར་བྱེད་པ་ཞེས་སྟོན་པར་བྱེད་པ་ནི་དེ་ལྟར་

ཞེས་བྱ་བ་སྟེ། སྐྱེད་པར་བྱེད་པ་ཉིད་ཀྱི་འཇིག་རྟེན་འདི་ཀུན་དུ་སྟོན་པ་ཞེས་བྱ་བའོ། །ཕྱིས་བཅོམ་ལྡན་འདས་ཉིད་རྣམ་པ་མང་པོར་སྟོན་པར་འགྱུར་བ་ཡིན་ནོ། །དོན་གསུངས་པ་ཉིད་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྒྱུ་གཅིག་པ་ཉིད་ཀྱིས་གསུངས་པ་ནི། རབ་འབྱོར་འདས་པའི་

དུས་ན་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་འདི་ཀུན་དུ་སྟོན་པ་ཞེས་གསུངས་པས་སོ། །དེ་བས་ན་དྲི་བ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པས་སོ། །དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ལ་སོགས་པས་ལན་ནོ། །ཕུང་པོ་ལྔ་ཇི་ལྟར་བསྟན་ཞེས་བྱ་བ་ནི་ཕུང་པོ་

རྣམས་སྟོང་པའི་ཕྱིར་མཐོང་བ་མི་སྲིད་ཅིང་འདྲི་བར་བྱེད་པ་ནི་ཅི་ཞིག་བསྟན་ཞེས་བྱ་བ་སྟེ། ཕུང་པོ་རྣམས་སྤངས་ནས་གཞན་ཅི་ཞིག་སྟོན། གལ་ཏེ་གཞན་ཅུང་ཟད་སྟོན་པར་འགྱུར་ན་དེའི་ཕྱིར་ཕུང་པོ་རྣམས་ཀྱི་ཡང་མཐོང་བ་སྲིད་པ་ཡིན་ནོ། །གང་གི་ཚེ་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཅུང་

ཟད་ཀྱང་སྟོན་པར་བྱེད་པ་མི་ནུས་པ་དེའི་ཚེ་ཇི་ལྟར་འཇིག་རྟེན་ཡང་དག་པར་སྟོན་པར་བྱེད་པ་ཞེས་དྲི་བའི་དོན་ནོ། །མི་འཇིག་ཅེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ལུ་ཛི་ཞེས་བྱ་བ་ནི་འཚེ་བ་ལའོ། །དུ་ཛི་ཞེས་བྱ་བ་ནི་འཇིག་པ་ལ་སྟེ་ཁམས་གཞན་ནོ། །ཀ་བེ་རེ་ལ་སོགས་པ་

ཉིད་ཀྱི་ཕྱིར། ཛྫཿཡིག་ཅེས་བཤད་པར་བྱེད་པ་ནི་མི་འཇིག་པ་ཞེས་བྱ་བ་སྟེ། སྐད་ཅིག་མ་ཉིད་འགག་པས་སོ། །རབ་ཏུ་མི་འཇིག་པས་ན་ཞེས་བྱ་བ་ནི་རྒྱུན་འགག་པས་སོ། །འདི་ཅི་ལྟར་བསྟན་ཞེས་བྱ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་ནས་གསུངས་པ་ནི་སྟོང་པ་ཉིད་ཀྱི་

ངོ་བོ་ཉིད་ཅེས་བྱ་བ་ལ་དོན་ནི་འདི་ཡིན་ཏེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་ཕུང་པོ་རྣམས་སོ། །དོན་དམ་པར་ཀུན་བརྟགས་ཀྱི་མཚན་ཉིད་དམ་གཞན་དབང་གི་མཚན་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །འོན་ཀྱང་དོན་འདི་ལ་འཇིག་རྟེན་དུ་ཤེས་པ་པོ་འགའ་ཞིག་མེད་དེ་དེ་བཞིན་གཤེགས་པས་ཤེས་

เล่ม ๙๔ · หน้า 178b

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པས་དོན་འདི་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བས་ན་དེ་དེ་བཞིན་གཤེགས་པ་རྣམས་ལ་འཇིག་རྟེན་སྟོན་པར་བྱེད་པ་ཞེས་བརྗོད་པ་ཡིན་ནོ། །སྟོང་པ་ཉིད་ཁོ་ན་ལ་དེ་དང་དེའི་ཕྱིན་ཅི་ལོག་གི་གཉེན་པོ་ཉིད་ཀྱིས་མཚན་མ་མེད་པ་དང་། དེ་ལ་རྣམ་པར་རྟོག་

པ་ཐམས་ཅད་མཚན་མ་མེད་པས་ཤིན་ཏུ་ཡང་ཞི་བ་མཚན་མ་མེད་པའོ། །ཡོངས་སུ་བཏང་བ་རྣམ་པར་རྟོག་པ་ཐམས་ཅད་སྨོན་པ་རྣམས་ཕ་རོལ་དུ་སྨོན་པ་མེད་པའོ། །སླར་ཡང་མཚམས་སྦྱོར་བ་མེད་པས་ཤིན་ཏུ་ཡང་སྨོན་པ་མེད་པའོ། །བྱེ་བྲག་གི་རྒྱུ་ཐམས་ཅད་མེད་པས་མངོན་པར་འདུ་མི་བྱེད་

པའོ། །རྒྱུ་དང་རྐྱེན་ཐམས་ཅད་སྤྲོས་པ་བཅད་པ་སྐྱེ་བ་དང་བྲལ་བས་མི་སྐྱེ་བའོ། །དངོས་པོའི་སྤྲོས་པ་ཐམས་ཅད་ལོག་པས་དངོས་པོ་མེད་པའོ། །དེ་བཞིན་ཉིད་ལ་དམིགས་པར་གྱུར་པས་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་སོ། །སླར་ཡང་རྣམ་པ་

གཞན་གྱིས་འཇིག་རྟེན་ཡང་དག་པར་བསྟན་པ་གསུངས་པ་ནི། གང་དག་གིས་ཡང་ཞེས་བྱ་བ་སྟེ། སེམས་ཅན་དངོས་པོ་མེད་པས་ཞེས་བྱ་བ་ནི་གལ་ཏེ་སེམས་ཅན་གང་གི་སེམས་དེ་དག་དེའི་སེམས་ནི་དེ་རྣམས་ཀྱི་སེམས་ཞེས་ཤེས་པར་གྱུར་ན་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་དུ་མི་ཤེས་སོ། །

སེམས་རྣམས་དང་སེམས་ཅན་རྣམས་ནི་ཇི་ལྟ་བ་བཞིན་གྱི་ཆོས་མ་ཡིན་ཏེ། འོ་ན་ཇི་ལྟ་བ་བཞིན་གྱི་ཆོས་གང་ཡིན་ཞེ་ན། མེད་པར་གྱུར་པའི་སེམས་ཅན་རྣམས་ལའོ། །དེ་བཞིན་གཤེགས་པ་ནི་ཤིན་ཏུ་རྣམ་པར་དག་པའི་སེམས་རྣམས་དང་སེམས་ཅན་རྣམས་ཀྱང་གཟིགས་པ་མ་ཡིན་ནོ། །

སེམས་ཀྱི་གནས་སྐབས་ལ་ཤིན་ཏུ་མེད་པ་ཉིད་ཀྱི་ཕྱིར་དང་། ཀུན་དུ་བརྟགས་པའི་སེམས་ཅན་གྱི་གནས་སྐབས་ལ་ཡང་ཤིན་ཏུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་སེམས་རྣམས་དང་སེམས་ཅན་རྣམས་རབ་ཏུ་མཁྱེན་ཞེས་བྱ་བའོ། །ཇི་ལྟ་བ་བཞིན་མ་ཡིན་པ་ཞེས་གང་གི་ཚེ་ཤེས་ན་དེའི་ཚེ་

ཇི་ལྟ་བ་བཞིན་གྱི་རྣམ་པ་རབ་ཏུ་མཁྱེན་ཏོ། །སེམས་མཁྱེན་པ་ཞེས་གང་ཞིག་བརྗོད་པ་དེ་སྨོན་ལམ་ལ་སོགས་པའི་སྦྱོར་བས་སོ། །གཞན་གྱི་སེམས་ཤེས་པ་ཀུན་རྫོབ་པ་ཞེས་བྱ་བའི་དགོངས་པའོ། །གཞལ་དུ་མེད་པ་ནི་སེམས་ཅན་མུ་མ་མཆིས་པ་ཉིད་ཀྱིས་སོ། །གྲངས་མེད་པ་ནི་

เล่ม ๙๔ · หน้า 179a

འདོད་ཆགས་ལ་སོགས་པའི་དབྱེ་བས་སེམས་ཅན་རེ་རེར་བགྲང་མི་ནུས་པའི་ཕྱིར་རོ། །སེམས་དང་འབྲེལ་པའི་སེམས་རྣམས་དང་གཞལ་དུ་མེད་པ་ཉིད་དང་གྲངས་མེད་པ་ཉིད་ལ་ཤེས་པ་བསྟན་པ་དེ་ཡང་དོན་དམ་པར་མེད་པར་གྱུར་པ་ཉིད་ཀྱིས་དེ་ཡང་སེམས་ཅན་མེད་

པར་གྱུར་པའི་ཤེས་པ་མེད་པས་ནི་མ་ཡིན་ནོ། །སེམས་ཅན་དངོས་པོ་མེད་པའི་ཕྱིར་ཞེས་བྱ་བ་སྟེ། མདོར་བསྡུས་པས་བསྟན་ཡང་། གཞན་ཡང་ཞེས་བྱ་བ་ལ་སོགས་པས་རྒྱས་པར་གསུངས་སོ། །གཞན་དག་ཀྱང་གཞན་ཡང་ཞེས་བྱ་བ་ལ་སོགས་པས་སེམས་ཅན་གཞལ་དུ་མེད་པ་

ཉིད་བསྟན་ནས་གང་ཡང་དེ་རྣམས་ཞེས་བྱ་བའི་འགྲེས་ཕྱིས་འདོན་པ་ཡིན་ནོ། །གནས་གཞན་ལ་ཡང་ལེའུ་འདི་ལ་འགྲེས་ཕྱིན་ཅི་ལོག་པར་བྱེད་དོ། །དེ་ལྟ་བུའི་འདོན་པ་ནི་སྔོན་གྱི་འགྲེལ་པ་མཁན་པོ་རྣམས་ཀྱིས་མ་གུས་པས་བྱས་པ་ཉིད་དོ། །སེམས་ཅན་གཞལ་དུ་མེད་པ་ཞེས་བྱ་བ་ནི་

ཁམས་དང་འགྲོ་བ་དང་སྐྱེ་གནས་ཀྱི་དབྱེ་བས་སྣ་ཚོགས་པའི་ཁ་དོག་དང་དབྱིབས་ཀྱི་བྱ་བ་རྣམས་སོ། །གྲངས་མེད་པ་ཞེས་བྱ་བ་ནི་སྐྱེ་བ་གཅིག་ལ་ཡང་དེ་རྣམས་བགྲང་བར་མི་ནུས་པའི་ཕྱིར་རོ། །འདིར་ཡང་སེམས་ཅན་དངོས་པོ་མེད་པའི་ཕྱིར་ཞེས་བྱ་བ་ནི་སྔར་གསུངས་པ་

ཉིད་ཀྱི་གཏན་ཚིགས་གསུངས་པ་ནི་གང་གི་ཕྱིར་སེམས་ཅན་རྣམས་ལ་ངོ་བོ་ཉིད་མེད་པས་ཚད་མེད་པ་དང་གྲངས་མེད་པ་དེའི་ཕྱིར་སེམས་ཅན་རྣམས་ཚད་མེད་པ་དང་གྲངས་མེད་པའོ། །འདི་ཡང་སྟོང་པ་ཉིད་ལ་དམིགས་པ་དོན་དམ་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དབང་དུ་མཛད་

ནས་གསུངས་སོ། །དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སླར་སེམས་ཅན་རྣམས་ལ་ཕན་པའི་དོན་དུ་ཀུན་རྫོབ་པའི་གཞལ་དུ་མེད་པ་དང་གྲངས་མེད་པ་ལ་སོགས་པ་རྣམས་བཅོམ་ལྡན་འདས་ཀྱིས་བསྟན་པར་མཛད་པ་ཞེས་རྟོགས་པར་བྱའོ། །སེམས་ཅན་གཞལ་དུ་མེད་

པ་དག་གི་སེམས་ཞེས་བྱ་བ་ནི་སྔར་གཞལ་དུ་མེད་པ་ཉིད་སེམས་ཅན་གཞལ་དུ་མེད་པས་བསྟན་ཏོ། །ད་ལྟར་ནི་སླར་སེམས་གཅིག་ཡིན་ཡང་གཞལ་དུ་མེད་པའི་གཟུགས་ལ་སོགས་པ་དམིགས་པ་ཉིད་ཀྱིས་གཞལ་དུ་མེད་པ་ཞེས་ཁྱད་པར་རོ། །འདིས་ནི་ཇི་ལྟར་ཁ་དོག་དང་དབྱིབས་ཀྱི་དབྱེ་བས་

เล่ม ๙๔ · หน้า 179b

གཞལ་དུ་མེད་པའི་སེམས་ཅན་རྣམས་རྟོགས་པར་འགྱུར་བ་དེ་བཞིན་དུ་སེམས་ཅན་དེ་རྣམས་ཀྱི་སེམས་དག་ཀྱང་སྲིད་པ་ཇི་ལྟ་བར་གཞལ་དུ་མེད་པའོ། །འདི་ཡང་གང་གི་ཚེ་བཅོམ་ལྡན་འདས་མངོན་པར་ཤེས་པས་ཁྱད་པར་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱི་སེམས་ཡོངས་སུ་གཅོད་པ་དེའི་ཚེ་

བལྟ་བར་བྱའོ། །གཞལ་དུ་མེད་པ་དང་མི་ཟད་པ་ཞེས་བྱ་བ་ནི་འགའ་ཞིག་ཏུ་འདོན་པ་སྟེ། དེ་ལ་མི་ཟད་པའི་སེམས་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེས་སེམས་ཅན་རྣམས་ཡོངས་སུ་འཛིན་པས་སེམས་ཅན་རྣམས་ཡོངས་སུ་མ་དོར་བའི་ཕྱིར་རྟོགས་པར་བྱའོ། །ཇི་ལྟར་གསུངས་

པའི་དོན་ཡོངས་སུ་ཤེས་པ་ལ་རྒྱུ་གསུངས་པ་ནི་དེ་བཞིན་གཤེགས་པ་དེའི་ཞེས་བྱ་བ་སྟེ། བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་སྐད་ཅིག་མའི་མི་རྟག་པ་ཉིད་ཀྱིས་མཛད་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་ཆོས་ཉིད་ཀྱི་སེམས་ལ་ཆོས་གང་ལ་ཡང་རང་གི་ངོ་བོ་ཡང་དག་པར་འབྱུང་བ་མ་ཡིན་ཏེ། གང་གིས་

ཟད་པར་འགྱུར་བའོ། །དེའི་སེམས་ཞེས་བྱ་བ་ནི་གང་ཞིག་དེ་མཉམ་པ་དང་མཉམ་པའི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ངོ་བོས་ཆོས་ཐམས་ཅད་མི་དམིགས་པའི་ངོ་བོ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའོ། །འགག་པ་མེད་པ་ཞེས་བྱ་བ་ནི་རྒྱུན་རྣམས་རྣམ་

པར་ཆད་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད་པའི་མཚན་ཉིད་དོན་དམ་པ་ལ་གནས་པ་སྐྱེ་བ་མེད་པའོ། །དམིགས་པའི་སྦྱོར་བས་གནས་པ་མེད་པའི་ཕྱིར་གནས་མེད་པའོ། །ཆོས་ཐམས་ཅད་ཀྱི་མཚན་མ་རྣམས་དམིགས་པ་མེད་པའི་ཕྱིར་རྟེན་མེད་པའོ། །དེ་བས་ན་

གཞལ་དུ་མེད་པ་སྟེ། དམིགས་པ་ཐམས་ཅད་འཇུག་པ་ལ་ཚད་མ་མེད་པའི་ཕྱིར་རོ། །སེམས་དེ་མི་ཟད་པ་ནི་སེམས་ཡང་དག་པ་ལ་ཇི་ལྟར་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟེན་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཟད་པ་མེད་པའི་ཕྱིར་རོ། །གང་གིས་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་

ལ་སོགས་པའི་ཡོན་ཏན་དང་ལྡན་པས་སོ། །དེ་ལྟར་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་ཤེས་བྱའི་སེམས་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དང་གཞལ་དུ་མེད་པ་དང་མི་ཟད་པ་ལ་སོགས་པ་དོན་དམ་པར་རབ་ཏུ་མཁྱེན་པ་ཞེས་བྱ་བ་ནི་མཉམ་པས་མཉམ་པ་དམིགས་པར་བྱ་བ་དང་། དམིགས་

เล่ม ๙๔ · หน้า 180a

པར་བྱེད་པའི་ངོ་བོས་གནས་པའི་ཡེ་ཤེས་ཀྱིས་སོ། །འཐད་པ་གསུངས་པ་ནི། ནམ་མཁའ་བཞིན་དུ་གཞལ་དུ་མེད་ཅིང་མི་ཟད་པ་ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། གང་ཞིག་གཞལ་དུ་མེད་པ་དང་ཟད་པ་དེ་ཅུང་ཟད་ཤེས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་

ཐུགས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་མཚན་མ་མེད་པ་ཉིད་ཀྱིས་ནམ་མཁའ་ལྟར་གཞལ་དུ་མེད་པ་དང་ཟད་པ་མེད་པའོ། །དེའི་དངོས་པོ་ཅི་ཞིག་ཡོད། །གང་ཞིག་ཡོངས་སུ་ཤེས་པར་མི་འགྱུར་ཞེས་བྱ་བའོ། །གཞན་ཡང་བསྡུས་པ་རྣམས་ཞེས་བྱ་བ་སྟེ་དགེ་བའོ། །དམིགས་

པ་བསྡུས་པ་ཞེས་ཆོས་མངོན་པ་རྣམས་སོ། །ཇི་ལྟར་བསྡུས་པའི་སེམས་ཤེ་ན་གསུངས་པ་ནི་དེ་བསྡུས་པ་དང་བཅས་པ་ཟད་པ་ཉིད་དུ་དང་། ཟད་པ་ཡང་མ་ཟད་པ་ཉིད་དུ་ཞེས་བྱ་བ་སྟེ། ཟད་པ་ནི་དམིགས་པ་བསྡུ་བ་སྟེ་སེམས་ཀུན་རྫོབ་ཏུ་ཟད་པ་ཉིད་དུ་ཤེས་པ་ལ་དེ་ཉིད་ནི་ཟད་པའོ། །དོན་དམ་པར་

མི་ཟད་པ་སྟེ་སེམས་ཀྱི་རང་བཞིན་མི་ཟད་པའི་ཕྱིར་རོ། །དེ་ལྟར་ན་བསྡུས་པའི་སེམས་ཀྱི་རང་བཞིན་ལ་ཇི་ལྟ་བ་བཞིན་གྱིས་མེད་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་དོན་དམ་པར་དེ་ཤེས་པ་ན་བསྡུས་པའི་སེམས་ཞེས་བརྗོད་པ་ཡིན་ནོ། །དེ་ནི་བསྡུས་པ་ཟད་པ་ཉིད་དུ་དང་ཟད་པ་ཡང་མ་ཟད་པ་ཉིད་དུ་ཞེས་བྱ་བ་

འགའ་ཞིག་ཏུ་འདོན་པའོ། །དེར་དམིགས་པ་ལ་བསྡུ་བ་ནི་སེམས་ཀྱི་མ་ཟད་པའོ། །དེ་ཡང་མ་ཟད་པ་ཉིད་དེ་མ་ཟད་པའི་སེམས་ཀྱི་རང་བཞིན་ལ་ཟད་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་དེ་བཞིན་གཤེགས་པ་དེ་ཡང་དག་པར་བསྡུས་པ་ཟད་པ་དང་ཟད་པ་ཡང་མི་ཟད་པ་ཉིད་ཀྱིས་ཞེས་ཞེས་བྱ་བ་བརྗོད་དོ། །

འགའ་ཞིག་ཏུ་ནི་མི་ཟད་པ་ནི་མི་ཟད་པས་ཞེས་བྱ་བ་འདོན་པ་ཡིན་ནོ། །དེ་ནི་ཀུན་རྫོབ་པའི་ཟད་པ་ནི་དོན་དམ་པར་མི་ཟད་པ་སྟེ། དེ་ནི་དེ་ལྟར་ཤེས་སོ། །གཞན་ཡང་གཡེངས་པ་རྣམས་ཞེས་བྱ་བ་ནི་རྣམ་པར་གཡེངས་པ་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །ཡང་དག་པར་བསྡུས་པ་རྨུགས་པ་དང་

ཡང་དག་པར་བསྡུས་པའི་སེམས་ནི་ཡང་དག་པར་བསྡུ་བ་སྟེ། རྣམ་པར་ཤེས་པའི་ཚོགས་ལྔའི་ཡུལ་ལ་འཇུག་པ་འཕེན་པའི་ཕྱིར་རོ། །དེ་ནི་རྣམ་པར་གཡེང་བ་སྟེ་ཉོན་མོངས་པ་གཞན་དང་ཡང་དག་པར་མཚུངས་པ་ཞེས་ཕྱི་མ་རྣམས་སོ། །དེ་འདི་ཁ་ཆེ་བ་རྣམས་གུས་པ་མ་ཡིན་ཏེ། དེ་

เล่ม ๙๔ · หน้า 180b

ལྟར་ན་གཅིག་ཉིད་ལ་ཡང་དག་པར་བསྡུ་བ་ཉིད་དང་རྣམ་པར་གཡེང་བ་ཉིད་དུ་ཐལ་བའོ། །ཉོན་མོངས་པ་ཅན་རྨུགས་པས་ཡང་དག་པར་སྦྱར་བའི་ཕྱིར་རོ། །ཡང་དག་པར་བསྡུས་པ་ནི་དེ་ལས་གཞན་པའི་ཉོན་མོངས་པ་དང་ཡང་དག་པར་ལྡན་པའི་ཕྱིར་རྣམ་པར་གཡེང་བར་འགྱུར་ཞེས་བྱ་བའོ། །

ཆོས་ཉིད་ལས་ཞེས་བྱ་བ་ནི་སེམས་ཀྱི་རང་བཞིན་གྱི་ངོ་བོའི་སྟོང་པ་ཉིད་ཀྱིས་སོ། །དེ་ལས་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དང་རོ་གཅིག་པའི་ཕྱིར་རྣམ་པར་གཡེང་བའམ་ཟད་པ་གང་ཡིན་ཞེས་གསུངས་པ་ནི་གཡེང་བ་མེད་པ་དང་མི་ཟད་པ་ཞེས་བྱ་བ་སྟེ། འགའ་ཞིག་ཏུ་རབ་འབྱོར་ཆོས་ཉིད་ལ་

སེམས་གཡེངས་པའི་སེམས་དེ་དག་ནི་མཚན་ཉིད་མེད་པས་སེམས་དེ་དག་ནི་མི་ཟད་པ་རྣམ་པར་མི་ཟད་པ་མ་གཡེངས་པར་སེམས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ་ཞེས་བྱ་བའི་འདོན་པའོ། །དེ་ལ་ཆོས་ཉིད་ལས་ནི་སྟོང་པ་ཉིད་ལས་སོ། །རྣམ་པར་གཡེང་བ་ནི་ཀུན་རྫོབ་ཏུའོ། །

དོན་དམ་པར་ཇི་ལྟ་བུ་ཡིན་ཞེས་མི་ཟད་པ་སྟེ། སྐད་ཅིག་མ་རྣམས་དོར་ནས་ཡོད་པའི་ཕྱིར་རོ། །རྣམ་པར་མི་ཟད་པ་ནི་རྒྱུན་ཉེ་བར་ཞི་བ་མེད་པའི་ཕྱིར་རོ། །མ་གཡེངས་པ་ཞེས་བྱ་བ་ནི་ཕྱི་རོལ་དུ་འགྲོ་བ་ཡང་དག་པར་འབྱུང་བ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་འདི་ལྟ་བུའི་རྣམ་པ་ཞེས་གསུངས་པ་

ནི་མཚན་ཉིད་མེད་པ་ཞེས་བྱ་བ་སྟེ། གང་གི་ཕྱིར་རང་གི་མཚན་ཉིད་ཀྱིས་སྟོང་པ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཞན་གྱིས་ཀྱང་སེམས་ཀྱི་མི་དམིགས་པ་རྒྱས་པར་བྱེད་པ་ནི། རབ་འབྱོར་གཞན་ཡང་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཡང་དག་པར་སྦྱོར་བ་དངོས་སུ་ཡང་

དག་པར་འབྱུང་བའི་ཕྱིར་ཀུན་ནས་ཉོན་མོངས་པ་ནི་མི་དགེ་བའོ། །ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་འགྱུར་བ་མ་ཡིན་ཞེས་བྱ་བ་ལ། དེ་རྣམས་ནི་མེད་པར་གྱུར་པའི་ཀུན་ནས་ཉོན་མོངས་པ་སྟེ། ཀུན་ནས་ཉོན་མོངས་པའི་དངོས་པོ་དོན་དམ་པར་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་ནི་ལོག་

པའི་སྒྲོ་འདོགས་པས་འཇུག་པའི་ཕྱིར་རོ། །བརྡར་འདོགས་པ་མེད་པ་ནི་དོན་དམ་པར་རྣམ་པར་མི་རྟོག་པའི་ཕྱིར་རོ། །སེམས་ཀུན་ནས་ཉོན་མོངས་པར་མ་གྱུར་པ་རྣམས་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་གྱུར་པའི་དགེ་བ་རྣམས་སོ། །རང་བཞིན་གྱིས་འོད་གསལ་བ་སྟེ་ཞེས་བྱ་བ་ནི།

เล่ม ๙๔ · หน้า 181a

སེམས་ཀྱི་ཆོས་ཉིད་ནི་རང་བཞིན་གྱིས་འོད་གསལ་བ་དྲི་མ་དང་བྲལ་བ་རྟག་ཏུ་ཀུན་ནས་ཉོན་མོངས་པ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཞུམ་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་ཏེ་ལེ་ལོ་དང་ཡང་དག་པར་སྦྱོར་བའི་ཕྱིར་རོ། །གཞི་མེད་པའི་ཞུམ་པ་ཞེས་བྱ་བ་

ལ་གཞི་མེད་པ་ནི་རྟེན་མེད་པ་སྟེ། གཞི་མེད་པ་ཉིད་ཀྱིས་ཞུམ་པའོ། །སེམས་ནི་ཞུམ་པ་སྟེ་སེམས་ཀྱི་རང་བཞིན་ནི་མ་ཡིན་ལ་དེ་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་ཀྱིས་ལེ་ལོ་མེད་པའི་ཕྱིར་རོ། །སེམས་རབ་ཏུ་བཟུང་བ་རྣམས་ཞེས་བྱ་བ་ནི་དགེ་བ་རྣམས་ཏེ། བརྩོན་འགྲུས་དང་ཡང་དག་པར་

སྦྱོར་བའི་ཕྱིར་རོ། །དེ་རྣམས་ཀྱིས་དོན་དམ་པའི་རང་བཞིན་གསུངས་པ་ནི་གཟུང་བ་མ་ཡིན་ཞིང་ཞེས་བྱ་བ་སྟེ། དེ་ཁོ་ན་ཉིད་ལས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་གཟུང་བར་བྱ་བ་མ་ཡིན་པ་ནི་བརྩོན་འགྲུས་ཡང་དག་པར་སྦྱོར་བ་ནི་མ་ཡིན་ནོ། །ཟག་པ་དང་བཅས་པ་ཞེས་བྱ་བ་

ལ་ཟག་པ་ནི་ཉོན་མོངས་པ་རྣམས་སོ། །བག་ལ་ཉལ་གྱི་གནས་སྐབས་དེ་རྣམས་དང་སྦྱོར་བས་ཟག་པ་དང་བཅས་པའོ། །ངོ་བོ་ཉིད་མེད་པ་ཞེས་བྱ་བ་ནི་རང་གི་བདག་ཉིད་ལ་ཡོད་པ་ནི་ངོ་བོ་ཉིད་དེ། དེ་མེད་པས་ངོ་བོ་ཉིད་མེད་པའོ། །ཅིའི་ཕྱིར་ངོ་བོ་ཉིད་མེད་ཅེ་ན། གསུངས་པ་ནི་མེད་པ་དང་འདྲ་

བ་ཡིན་ཏེ་ཞེས་བྱ་བ་སྟེ། གཟུང་བ་ལ་སོགས་པ་མེད་པ་རྣམས་ལ་རྟོག་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་ངོ་བོས་ཟག་པ་མེད་པའི་སེམས་རྣམས་ལ་གང་ཞིག་ཤེས་པ་སྟེ་དེ་རྣམས་ཀྱི་དོན་དམ་པ་ཤེས་པ་ཞེས་བྱ་བའི་དོན་ཏོ། །ཟག་པ་མེད་པ་རྣམས་ནི་ཟག་པ་རྣམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །

ངོ་བོ་ཉིད་མེད་པར་གཞོལ་བ་ཞེས་བྱ་བ་ནི་ངོ་བོ་ཉིད་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ངོ་བོ་ཉིད་མེད་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་གཞོལ་བ་འདི་རྣམས་ལ་ཡོད་པས་ན་དེ་ལྟར་བརྗོད་པའོ། །དངོས་པོ་མེད་པར་གཞོལ་བ་ཞེས་བྱ་བའི་འདོན་པ་ལ་ཡང་དོན་ནི་འདི་ཉིད་དོ། །ལྷུན་གྱིས་གྲུབ་པ་

སྟེ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །འདོད་ཆགས་དང་བཅས་པ་རྣམས་ཞེས་བྱ་བ་ནི་འདོད་ཆགས་དང་ཡང་དག་པར་ལྡན་པ་སྟེ་འདོད་ཆགས་དང་བཅས་པའོ། །རབ་འབྱོར་སེམས་ཀྱི་འདོད་ཆགས་དང་བཅས་པ་གང་ཡིན་པ་ཞེས་བྱ་བ་ལ་དོན་འདི་ཡིན་ཏེ། འདིར་འདོད་ཆགས་དང་

เล่ม ๙๔ · หน้า 181b

བཅས་པའི་སེམས་རྣམས་ནི་འདོད་ཆགས་དང་བཅས་པའི་སེམས་ཞེས་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཞེས་བྱ་བ་འདི་ལ་གལ་ཏེ་འདོད་ཆགས་དང་སེམས་ནི་འདོད་ཆགས་དང་བཅས་པ་ཉིད་ཅེས་དེ་ལྟར་ཤེས་ན་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་མ་ཡིན་ནོ། །སེམས་ཀྱི་འདོད་ཆགས་དང་བཅས་པ་ཉིད་

ཅེས་བྱ་བ་ནི་ཇི་ལྟ་བ་བཞིན་གྱི་ཆོས་ཡིན་ན་སེམས་ཀྱི་ངོ་བོ་ཉིད་ཀྱིས་དབེན་པ་ཉིད་ཀྱང་ཇི་ལྟ་བ་བཞིན་གྱི་ཆོས་སོ། །དེ་བཞིན་གཤེགས་པའི་ཤིན་ཏུ་དག་པའི་ཤེས་རབ་བམ་སེམས་ནི་འདོད་ཆགས་ལ་སོགས་པ་སེམས་ལས་བྱུང་བའི་ཆོས་སམ། འདོད་ཆགས་དང་བཅས་པ་ཉིད་མཐོང་བ་མ་ཡིན་ཏེ། །

དེ་འདོད་ཆགས་ལ་སོགས་པའི་གནས་སྐབས་ཀུན་དུ་བརྟགས་པ་ཤིན་ཏུ་མེད་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ངག་དེ་ལ་དོན་ནི་འདོད་ཆགས་དང་བཅས་པའི་སེམས་ནི་ཇི་ལྟ་བར་གྱུར་པ་མ་ཡིན་པ་མི་བདེན་པ་ཞེས་ཤེས་པར་བྱའོ། །དེ་སྤངས་ནས་ཇི་ལྟ་བ་བཞིན་གྱི་རྣམ་པས་རབ་ཏུ་མཁྱེན་ཏོ་

ཞེས་བྱ་བའི་དོན་ཏོ། །སེམས་འདོད་ཆགས་དང་བྲལ་བ་རྣམས་ཞེས་བྱ་བ་ནི་འདོད་ཆགས་དང་ཡང་དག་པར་མི་ལྡན་པའི་ཕྱིར་དེ་ནི་འདོད་ཆགས་ཀྱི་གཉེན་པོར་གྱུར་པ་ཞེས་བྱ་བའོ། །འོ་ན་མི་སློབ་པའི་སེམས་ནི་ཇི་ལྟར་འདོད་ཆགས་དང་བྲལ་བ་སྟེ། དེའི་རྒྱུད་ལ་འདོད་ཆགས་མི་དམིགས་པའི་ཕྱིར་

དང་གཉེན་པོ་མ་ཡིན་པའི་ཕྱིར་རོ། །རྣམ་པར་སྤངས་པ་དང་རྣམ་པར་སྨོན་པའི་དབང་དུ་སོང་བ་ལ་སོགས་པས་གཉེན་པོ་ཉིད་དེ་ལྟར་མ་ཡིན་ནོ། །གལ་ཏེ་ཡང་མི་སློབ་པའི་སེམས་ནི་འདོད་ཆགས་སྤང་བའི་གཉེན་པོ་མ་ཡིན་པའམ་རྣམ་པར་སྨོད་པ་ཡང་གཉེན་པོ་ནི་ཡིན་པར་འགྱུར་རོ། །སེམས་

ཀྱིས་བྲལ་བ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་ཉིད་ཀྱིས་དེ་འདོད་ཆགས་དང་བཅས་པ་ཉིད་དོ། །འདོད་ཆགས་དང་བྲལ་བའི་སེམས་ལ་ཀུན་རྫོབ་ཏུ་འདོད་ཆགས་དང་བཅས་པ་ཞེས་བརྗོད་པར་མི་ནུས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་

ཉིད་གང་ཡིན་པ་དེ་ནི་སེམས་ཀྱི་འདོད་ཆགས་དང་བཅས་པ་མ་ཡིན་ཞེས་བྱ་བ་ལ་ཇི་ལྟ་བ་བཞིན་ཉིད་ནི་སྟོང་པ་ཉིད་དེ་དེ་ནི་འདོད་ཆགས་དང་བཅས་པ་མ་ཡིན་ཞེས་ཉེ་བར་མཚོན་པའོ། །འདོད་ཆགས་དང་བྲལ་བ་ཉིད་ནི་ཡང་འབྱུང་བར་འགྱུར་ཞེས་ཤེས་པར་བྱ་ཞིང་དོན་ནི་འདི་ཡིན་ཏེ། སེམས་

เล่ม ๙๔ · หน้า 182a

ཀྱི་འདོད་ཆགས་དང་བཅས་པ་ཉིད་དང་འདོད་ཆགས་དང་བྲལ་བ་ཉིད་ཀྱང་དོན་དམ་པར་མེད་དོ། །ཀུན་རྫོབ་ཏུ་ཀུན་བརྟགས་ཀྱི་རྣམ་པས་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་དང་བཅས་པ་ཞེས་སྨྲ་བར་མི་ནུས་སོ། །ཚུལ་འདི་ཉིད་ཀྱིས་སེམས་ཞེ་སྡང་དང་བཅས་པ་ཞེས་

བྱ་བའི་འགྲེས་རྣམས་ཀྱང་བཤད་པར་བྱའོ། །ཞེ་སྡང་དང་བཅས་པ་རྣམས་ཞེས་བྱ་བ་ལ་ཞེ་སྡང་ནི་སྡང་བའོ། །འདོད་ཆགས་དང་བཅས་པ་ལ་སོགས་པ་ལས་འདིའི་ཐ་དད་པར་བྱེད་པ་ནི་འདི་ལ་མཐའ་གཅིག་ཏུ་འདོད་པ་སྤྱོད་པ་ཉིད་ཀྱི་ཕྱིར་རོ། །སེམས་རྒྱ་ཆེན་པོ་མ་ཡིན་པ་རྣམས་ཞེས་

བྱ་བ་ནི་རྣམ་པར་བྱང་བའི་ཆོས་ཀྱིས་ཆེ་བ་དང་སྙིང་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ཆོས་ཆེན་པོའི་སེམས་ཅན་རྣམས་ཀྱིས་བསྙེན་པ་ཉིད་ཀྱི་ཕྱིར་རོ། །རྒྱ་ཆེན་པོ་ནི་དགེ་བའི་སེམས་ཞེས་བརྗོད་པ་ཡིན་ནོ། །དེ་བཟློག་པ་ནི་ཆེན་པོ་མ་ཡིན་པར་གྱུར་པའོ། །འོང་བ་མེད་པ་ཞེས་བྱ་བ་ལ་

སོགས་པ་སྟེ། ཆེན་པོ་མ་ཡིན་པ་ཉིད་ནི་ཆེན་པོ་ཉིད་གཞན་དག་ཉིད་ཀྱིས་ཡོད་པར་འགྱུར་རོ། །འགྲོ་བ་ཞེས་བྱ་བ་ནི་འགྲོ་བ་དང་འོང་བའི་དབང་གིས་ཡོད་པ་ཡིན་ན་དེ་བཞིན་གཤེགས་པའི་ཤེས་རབ་ནི་དེ་ལྟར་མཐོང་བ་མ་ཡིན་ཏེ། འོན་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མཐོང་བ་ཡིན་ནོ། །

དེ་ལྟར་ན་ཆེན་པོར་གྱུར་པ་མ་ཡིན་པའི་སེམས་ནི་ཆེན་པོར་གྱུར་པ་མ་ཡིན་པ་ཞེས་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ནི་དངོས་པོ་མེད་པ་འདི་ལྟར་བརྗོད་པ་ཡིན་ཞེས་བྱ་བའོ། །དེ་ལ་རིང་པོ་ནས་ཉེ་བར་འོང་བ་ནི་འོང་བ་མེད་པའོ། །ཉེ་བ་ནས་རིང་པོར་འགྲོ་བ་ནི་འགྲོ་

བའོ། །ཀུན་ནས་འགྲོ་བ་ནི་གཏོགས་པའོ། །མཉམ་པ་ཉིད་ཀྱིས་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་སེམས་རྣམས་ཀྱི་ཆོས་ཉིད་ནི་སྟོང་པ་ཉིད་དེ་དེས་མཉམ་པའོ། །དེ་རྣམས་ཀྱི་རང་བཞིན་ནི་སྟོང་པ་ཉིད་དེ་དེ་བས་ན་སྟོང་པ་ཉིད་ཀྱིས་མཉམ་པ་ཆེན་པོར་གྱུར་པ་མ་ཡིན་པ་ཞེས་བྱ་བའོ། །རྒྱ་ཆེ་བ་མ་ཡིན་ཞེས་བྱ་བའི་

འགྲེས་འདི་ནི་འགའ་ཞིག་ཆེན་པོར་གྱུར་པ་མ་ཡིན་པའི་འགྲེས་ལས་སྔ་རོལ་དུ་མངོན་རྟོགས་དང་སྦྱར་བའི་ངོར་འདོན་པ་ཡིན་ནོ། །རྒྱ་ཆེ་བ་ནི་དམིགས་པ་ལ་སོགས་པ་རྒྱ་ཆེ་བའོ། །དེ་མེད་པ་ནི་རྒྱ་ཆེ་བ་མ་ཡིན་པའོ། །ཀུན་ནས་སློང་བ་དང་མི་ལྡན་པ་ཞེས་བྱ་བ་ལ་ཀུན་ནས་སློང་བ་ནི་སྐྱེ་བ་སྟེ། དེ་

เล่ม ๙๔ · หน้า 182b

མེད་པས་ན་སློང་བ་དང་མི་ལྡན་པ་ནི་སྐྱེ་བ་མེད་པ་དང་སྟོང་པ་ཉིད་དེ་དེ་དང་སྦྱོར་བས་ཀུན་ནས་སློང་བ་དང་མི་ལྡན་པའོ། །ཀུན་ནས་སློང་བ་མེད་པར་གཏོགས་པ་ནི་དེའི་ངོ་བོ་ཉིད་ཀྱིས་སོ། །སེམས་དེ་དག་ནི་མི་འབྲི་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་གཞན་རྣམས་ཀྱི་འགྲིབ་པ་ནི་མ་

ཡིན་པ་དང་རྒྱ་ཆེ་བའི་སེམས་རྣམས་ཀྱི་འཕེལ་བ་མ་ཡིན་པ་དང་གཉི་ག་དག་ལ་ཡང་མི་འབྲལ་བ་ནི་རྣམ་པར་འཇིག་པ་ཡིན་ནོ། །འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་རྒྱ་ཆེན་པོའི་སེམས་དེའི་བྲལ་བ་མེད་པ་ཉིད་དེ་སྟོང་པ་ཉིད་ཀྱི་ངོ་བོའི་ཕྱིར་མཐོང་ཞིང་སེམས་རྒྱ་ཆེ་བ་

ཤེས་སོ་ཞེས་བརྗོད་པ་ཡིན་ནོ། །བྲལ་བ་ཞེས་བྱ་བའི་འདོན་པ་ལ་རྟོགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་བྲལ་བ་ནི་ཆོས་ཀྱི་དབྱིངས་ཉིད་དོ། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ཚད་མེད་པའི་སེམས་བསྟན་པ་སྟེ། རྟེན་མེད་པའི་ཚད་མེད་པ་སྟེ། འདི་ཉིད་གསུངས་པ་

ནི་ཚད་མེད་པ་ཉིད་ནི་ཁྱབ་པར་བྱས་ནས་གནས་པའི་ཕྱིར་རམ་དབྱིབས་ཀྱི་དབང་གིས་ཡོད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནི་འདི་ལྟར་ཚད་མེད་པའི་སེམས་གཟིགས་པ་མ་ཡིན་ཏེ། འོན་ཀྱང་སེམས་རྣམས་ཐམས་ཅད་ཀྱི་རྟེན་མེད་པ་ཉིད་ནི་རབ་ཏུ་མི་གནས་པ་ཉིད་དུ་གཟིགས་སོ། །

དེ་ལྟར་གཟིགས་ཤིང་ཚད་མེད་པའི་སེམས་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བརྗོད་པ་ཡིན་ནོ། །འགྲེས་འདི་ནི་སྔར་གྱི་པོ་ཏི་རྣམས་ལ་མེད་པ་ཉིད་དེ། དེ་བས་ན་བསྣན་པ་ཞེས་སྨྲའོ། །བསྟན་དུ་ཡོད་པ་ཞེས་བྱ་བ་ནི་བསྟན་པ་ནི་འདིར་མི་རྟག་པ་ལ་སོགས་པའི་མཚན་ཉིད་དེ་གང་གིས་ཐོས་པ་ལ་

སོགས་པའི་གནས་སྐབས་སུ་སེམས་མཚོན་པ་ཡིན་པ་དེ་དང་སྦྱོར་བའི་ཕྱིར་བསྟན་དུ་ཡོད་པའོ། །མཉམ་པར་བསྟན་པ་ཞེས་བྱ་བ་ནི་གང་གི་ཚེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་དེ་བཞིན་ཉིད་ཀྱི་བདག་ཉིད་མཉམ་པ་སེམས་དེ་རྣམས་ལ་རྟོགས་པར་འགྱུར་བ་དེའི་ཚེ་མཉམ་པར་བསྟན་

པ་ཞེས་བརྗོད་པ་ཡིན་ན། དེ་ཉིད་ཀྱི་ཕྱིར་སེམས་ཀྱི་ངོ་བོ་ཉིད་དེ་སེམས་ཀྱི་ངོ་བོ་ཉིད་ནི་སེམས་ཀྱི་ཆོས་ཉིད་དོ། །དེ་ཉིད་ནི་ངོ་བོ་ཉིད་དེ་འདི་རྣམས་ལ་ཡོད་པ་དེ་བས་ན་སེམས་ཀྱི་ངོ་བོ་ཉིད་དེ་ཚིག་བར་མ་མི་སྣང་བའི་བསྡུ་བའོ། །བསྟན་དུ་མེད་པ་ཞེས་བྱ་བ་ནི་གང་ཞིག་མཚན་ཉིད་དང་བཅས་པ་ཞེས་བྱ་བ་བརྗོད་པ་དེ་

เล่ม ๙๔ · หน้า 183a

རྣམས་མི་རྟག་པ་ལ་སོགས་པའི་མཚན་ཉིད་དེས་སྒོམ་པ་རབ་ཀྱི་གནས་སྐབས་སུ་རང་གི་ངང་གིས་ཡང་ནས་ཡང་དུ་དམིགས་པར་འགྱུར་བ་དེའི་ཚེ་བསྟན་དུ་མེད་པ་ཞེས་བརྗོད་པ་ཡིན་ནོ། །འདི་ཡང་རང་གི་ངོ་བོ་དམིགས་པས་སེམས་རྣམས་ཀྱི་ཀུན་རྫོབ་

པའི་ངོ་བོ་དེ་བཞིན་གཤེགས་པས་དོན་དམ་པར་ཇི་ལྟར་མཁྱེན་ཅེས་གསུངས་པ་ནི། མཚན་ཉིད་མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཀྱི་མཚན་ཉིད་ནི་འཛིན་པ་ཞེས་བྱ་བ་རང་གི་མཚན་ཉིད་དེ་དེ་མེད་པའི་ཕྱིར་རོ། །དོན་ནི་རྫས་ཀྱི་རང་བཞིན་ཏེ་དེ་རྣམ་པར་དབེན་པའི་ཕྱིར་སེམས་

དེ་ནི་མི་སྣང་བའོ། །མི་སྣང་བ་ཉིད་གསུངས་པ་ནི་སྤྱན་རྣམས་ཐམས་ཅད་ལ་སྣང་བར་མ་གྱུར་པ་ཞེས་བྱ་བ་ལ་སེམས་ཞེས་བྱ་བ་ཀུན་བརྟགས་བརྗོད་པ་ཡིན་ཏེ། དེ་ཡང་དེའི་བདག་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ་མེད་པ་ཉིད་ཀྱི་ཕྱིར་རོ། །མཐོང་བ་དེ་ཡང་མིག་རྣམས་ལ་སྣང་བར་མི་འགྱུར་ཏེ། དེ་བས་

ན་སྣང་བར་མ་གྱུར་པ་ཞེས་བྱ་བའི་དོན་ཏོ། །གསུམ་མམ་ཞེས་བྱ་བ་ནི་ཤ་དང་ལྷ་དང་ཤེས་རབ་ཀྱི་སྤྱན་རྣམས་སོ། །ཐམས་ཅད་ལ་ཞེས་པ་ནི་ཆོས་དང་སངས་རྒྱས་ཀྱི་སྤྱན་དག་ལ་ཡང་ངོ་། །མདོར་བསྡུས་པས་སྤྱན་ནི་རྣམ་པ་བཞི་སྟེ་གཟུགས་འཛིན་པ་དང་དོན་དམ་པའི་བདེན་པ་འཛིན་པ་དང་ཀུན་རྫོབ་

ཀྱི་བདེན་པ་འཛིན་པ་དང་རྣམ་པ་ཐམས་ཅད་དུ་ཤེས་བྱ་ཐམས་ཅད་འཛིན་པའོ། །གཟུགས་འཛིན་པ་ཡང་རྣམ་པ་གཉིས་ཏེ། ལས་ཀྱི་འབྲས་བུ་དང་བསྒོམས་པའི་འབྲས་བུའོ། །དེ་ལ་ལས་ཀྱི་འབྲས་བུ་ནི་ཤའི་སྤྱན་ནོ། །བསྒོམས་པའི་འབྲས་བུ་ནི་ལྷའི་སྤྱན་ནོ། །དོན་དམ་པའི་བདེན་པ་འཛིན་པར་བྱེད་པ་ནི་

ཤེས་རབ་ཀྱི་སྤྱན་ནོ། །དོན་དམ་པའི་ཡེ་ཤེས་ཀྱི་དབང་གིས་འཕགས་པའི་གང་ཟག་ཐོབ་པར་བྱ་བའི་དོན་དུའོ། །ཀུན་རྫོབ་པའི་ཕྱིན་ཅི་ལོག་པའི་ཆོས་རྣམས་སྡུག་བསྔལ་ལ་སོགས་པའི་བདེན་པ་འཛིན་པར་བྱེད་པའི་ཡེ་ཤེས་ནི་ཆོས་ཀྱི་སྤྱན་ནོ། །ཐམས་ཅད་དུ་འབད་པ་མེད་པ་ཙམ་གྱིས་ཤེས་པ་ནི་

སངས་རྒྱས་ཀྱི་སྤྱན་ནོ། །གལ་ཏེ་ཡང་ཀུན་རྫོབ་ཀྱི་སྤྱན་ལ་ཀུན་རྫོབ་ཀྱི་གཟུགས་སྣང་བར་གྱུར་པ་དེ་ལྟ་ན་ཡང་དེ་བདག་ཉིད་དེས་མེད་པ་ཉིད་ཅེས་དེ་བཞིན་གཤེགས་པས་མཁྱེན་ནོ། །དེའི་བདག་ཉིད་ཀྱིས་མེད་པ་ཉིད་ཀྱི་ཕྱིར་སྤྱན་རྣམས་ཐམས་ཅད་ལ་སྣང་བར་མ་གྱུར་པ་ཞེས་བརྗོད་པ་ཡིན་ནོ། །སྔོན་

เล่ม ๙๔ · หน้า 183b

གྱི་པོ་ཏི་རྣམས་ལ་གསུམ་མམ་ཞེས་འདོན་པ་ཡིན་གྱི་ཐམས་ཅད་དུ་ནི་མ་ཡིན་ཞེས་བྱ་བའོ། །དེ་ལ་ཆོས་དང་སངས་རྒྱས་ཀྱི་སྤྱན་དག་ལ་ཀུན་རྫོབ་པའི་རྣམ་པར་དག་པའི་ཤེས་རབ་ཉིད་ཀྱིས་ཤེས་རབ་ཀྱི་སྤྱན་ཉིད་ལ་ཁོངས་སུ་བསྡུ་བའོ། །གང་ཞིག་ཡང་བཤད་པ་ཤེས་རབ་དང་ཆོས་དང་སངས་རྒྱས་ཀྱི་སྤྱན་རྣམས་

ཀྱི་ཡོད་པའི་དོན་འཛིན་པ་ཡང་དག་པར་འབྱུང་བས་སྣང་བར་མ་གྱུར་པའི་སེམས་ཤ་དང་ལྷའི་སྤྱན་དག་ལ་ཕྱིན་ཅི་མ་ལོག་པ་ཉིད་ཀྱི་ཕྱིར་མི་འཛིན་པ་ཞེས་བྱ་བ་དེ་ནི་རིགས་ཏེ། སངས་རྒྱས་རྣམས་ཀྱི་ཀུན་རྫོབ་ཀྱི་ཡེ་ཤེས་ནི་ཕྱིན་ཅི་ལོག་ཅེས་བྱ་བ་ནི་མ་ཡིན་ཏེ། སློབ་དཔོན་རྣམས་ཀྱིས་འདི་ལྟར་སངས་རྒྱས་

རྣམས་ཀྱི་དོན་དམ་པའི་ཡེ་ཤེས་ཀྱི་དབང་གིས་ཀུན་རྫོབ་ཀྱི་ཡེ་ཤེས་ཀྱང་ཕྱིན་ཅི་མ་ལོག་པར་འགྱུར་བ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་ཀུན་རྫོབ་ཀྱི་དོན་སྣང་བ་ཉིད་ཀྱིས་ཕྱིན་ཅི་ལོག་པ་ཉིད་ཡིན་ན་དེའི་ཚེ་ཆོས་དང་སངས་རྒྱས་ཀྱི་སྤྱན་དག་ལ་ཡང་དེ་ཡོད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར།

ཇི་ལྟར་སྒྱུ་མ་མཁན་འགའ་ཞིག །རྟ་ལ་སོགས་པའི་ཡུལ་སྤྲུལ་པ། །སེམས་ནི་ཡུལ་དང་བྲལ་བ་ཞེས། །དེས་ན་འཁྲུལ་པ་སྐྱེས་མ་ཡིན། །ཞེས་བྱ་བ་རིགས་པ་བརྗོད་པ་ཡིན་ནོ། །དེ་ལྟར་ན་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུར་སྨྲ་བ་ལ་ཡང་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འཁྲུལ་པ་ཉིད་

དུ་གྲུབ་པ་མ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཅེས་བྱ་བ་དེའི་དེ་ལྟ་བུའི་ངོ་བོ་དང་པོར་མངོན་དུ་བྱས་པ་མ་ཡིན་ནོ། །གང་གིས་ཕྱིས་སྣང་བ་ལ་ཡང་མ་འཁྲུལ་བར་བརྗོད་པ་ཡིན་ནོ། །དེ་བས་ན། སྒྱུ་མ་དང་ནི་སྨིག་རྒྱུ་ཆུ་ཡི་ཟླ་བ་མཉམ་པའི་ངོ་བོ་སྟེ། །དངོས་པོ་རྣམས་

ནི་མི་བདེན་པ་ཡི་སྣང་བ་ཙམ་དུ་རིག་འགྱུར་མོད། །སྔར་ནི་ཡེ་ཤེས་ནམ་མཁའ་བཞིན་དུ་གལ་ཏེ་སྟོང་ཉིད་ལ། །ཡོད་འགྱུར་གཞན་དུ་ན་ཡང་དེ་བཞིན་ཉིད་ནི་སྒྲ་ཙམ་ཁོ་ནའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་པའི་ཡུལ་ཡང་ཡེ་ཤེས་ནི་ཕྱིན་ཅི་ལོག་པ་མ་ཡིན་ཏེ། ཐོག་མར་འཇུག་

པའི་དོན་དམ་པའི་བདེན་པ་སྟོང་པ་ཉིད་འཛིན་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་འཇུག་པའི་ཕྱིར་རོ། །ཆེན་མོ་རྣམས་ཀྱི་འདོན་པ་ཡང་ཇི་ལྟར་བཤད་པར་བྱ། རབ་འབྱོར་འདིར་དེ་བཞིན་གཤེགས་པའི་སྤྱན་ལྔའི་གཞན་གྱི་སེམས་ཏེ་སྣང་བར་འགྱུར་བ་མ་ཡིན་ཞེས་བྱ་བ་སྟེ། དེ་བས་ན་སྔ་མ་

เล่ม ๙๔ · หน้า 184a

ཉིད་ནི་སྐྱོན་དང་བྲལ་བའོ། །ཐོགས་པ་དང་བཅས་པ་ཞེས་བྱ་བ་ནི་རྩིག་པ་ལ་སོགས་པས་ཐོགས་པར་བྱས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་གཟུགས་ལ་སོགས་པའི་ཤེས་པ་རྣམས་སོ། །མེད་པ་ལ་ཀུན་དུ་བརྟགས་པ་ཞེས་བྱ་བ་ལ་སོགས་པ་ནི་གང་ཞིག་འདི་ཀུན་རྫོབ་

ཏུ་དམིགས་པའི་དབང་དུ་གྱུར་པ་སོ་སོར་ངེས་པའི་དམིགས་པ་ལ་གཞན་དབང་དུ་གྱུར་པ་དེ་རྣམས་ནི་དེ་ཁོ་ན་ཉིད་ཀྱིས་སྟོང་པ་སྟེ། གང་གི་ཕྱིར་མེད་པ་ལ་ཀུན་དུ་བརྟགས་པའོ། །མེད་པ་ནི་གཉིས་ཏེ་འདི་རྣམས་ཀྱིས་ཀུན་དུ་བརྟགས་པ་ནི་ཞེས་དེ་ལྟར་བརྗོད་པའོ། །ཐོགས་པ་མེད་

པ་རྣམས་ཞེས་བྱ་བ་ནི་གང་ཞིག་མངོན་པར་ཤེས་པ་དང་ལྡན་པའི་རྩིག་པ་ལ་སོགས་པ་རྣམས་ཀྱིས་སྒྲིབ་པ་མ་ཡིན་པའོ། །གཉིས་སུ་མེད་པར་གྱུར་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ། །གང་གི་ཕྱིར་མ་བྱུང་བར་ཀུན་དུ་འབྱུང་བ་སྟེ་ཡང་དག་པའི་བདག་ཉིད་ཀྱིས་

ཡང་དག་པར་བྱུང་བ་མ་ཡིན་ནོ། །བླ་ན་ཡོད་པ་རྣམས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་ཞུགས་པ་རྣམས་ཀྱི་དྲོད་དང་རྩེ་མོ་ལ་སོགས་པའི་ཁྱད་པར་གྱི་ཆ་རྣམས་སོ། །སེམས་བླ་ན་ཡོད་པའི་ཡང་དག་པ་ཇི་ལྟ་བ་ཞེས་བྱ་བ་ལ་སོགས་པ་ནི་བླ་ན་ཡོད་པ་ཡང་དོན་དམ་པ་བླ་ན་ཡོད་པ་མ་ཡིན་ཏེ།

སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་རློམ་སེམས་དང་བྲལ་བའི་ཕྱིར་རོ། །བླ་ན་མེད་པ་རྣམས་ཞེས་བྱ་བ་ནི་འཁོར་བ་སྙིང་པོ་མེད་པའི་དུས་ཐམས་ཅད་ཁྱད་པར་དང་བྲལ་བའི་ཕྱིར་དེ་ཁོ་ན་ཉིད་དུ་སྤྲོས་པ་མེད་པ་ཡིན་ཏེ་གང་གི་ཕྱིར་སེམས་ཕྲ་མོ་ཙམ་ཡང་དམིགས་པ་མ་ཡིན་པ་དེའི་ཕྱིར་སེམས་ཕྲ་མོ་ཙམ་

ཡང་མི་དམིགས་པའི་ཕྱིར་ཞེས་བྱ་བ་འགའ་ཞིག་ཏུ་འདོན་པ་སྟེ་དེར་ནི་མེད་ཅེས་བྱ་བའི་ངག་གི་ལྷག་མའོ། །མཉམ་པར་མ་བཞག་པ་རྣམས་ཞེས་བྱ་བ་ནི་སེམས་ཉོན་མོངས་པ་རྣམས་ཏེ། བཤད་པར་གྱུར་པ་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །མི་མཉམ་པ་ཞེས་བྱ་བ་ནི་མི་མཉམ་པ་

ནི་ཆོས་ཀྱི་དབྱིངས་ལ་དེས་མཉམ་པ་སྟེ། དོན་དམ་པར་དེ་ཉིད་ལ་འཇུག་པའི་ཕྱིར་རོ། །མཉམ་པར་མ་བཞག་པ་ནི་གང་ཞིག་ཀུན་རྫོབ་ཏུ་མཉམ་པར་མ་བཞག་པར་རོ། །སྣ་ཚོགས་པ་ཉིད་ཀྱི་ཕྱིར་རམ་དེ་ཉིད་ཀྱི་ཕྱིར་མཉམ་པར་མ་བཞག་པའོ། །མཉམ་པར་གཞག་པ་རྣམས་ཞེས་

เล่ม ๙๔ · หน้า 184b

བྱ་བ་ནི་དགེ་བ་རྣམས་ཏེ། དགེ་བའི་ཏིང་ངེ་འཛིན་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །མཉམ་པ་དང་མཉམ་པས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་རབ་ཏུ་གནས་པའོ། །དེའི་དམིགས་པ་དང་མཐར་ཐུག་པ་ཉིད་ཀྱིས་མཉམ་པར་འཇུག་ཅིང་ཞེས་བྱ་བའོ། །དེ་བཞིན་དུ་

དེ་དག་ནི་ནམ་མཁའ་དང་མཚུངས་པའོ། །རྣམ་པར་གྲོལ་བ་རྣམས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ནི་ཉོན་མོངས་པ་རྣམས་ཀྱིས་བཅིངས་པའོ། །རང་བཞིན་གྱིས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་རང་བཞིན་གྱིས་དྲི་མ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་དུ་དངོས་པོ་མེད་པའི་རང་བཞིན་

ཅན་ནོ། །ངོ་བོ་ཉིད་མེད་པའི་རང་བཞིན་ཏེ་ཞེས་བྱ་བའི་འདོན་པ་ལ་ཡང་དོན་དེ་ཉིད་དོ། །རྣམ་པར་གྲོལ་བ་རྣམས་ཞེས་བྱ་བ་ནི་འཕགས་པ་རྣམས་ལ་རྣམ་པར་གྲོལ་བ་དང་ལྡན་པའི་ཕྱིར་དོན་དམ་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མི་དམིགས་པའི་ཕྱིར་མེད་པ་ཉིད་དེ་དེའི་ཕྱིར་རྣམ་པར་གྲོལ་བ་ཉིད་

དོ། །དེ་ལྟར་ན་ཀུན་རྫོབ་ཏུ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་སོགས་པའི་ངོ་བོ་དོན་དམ་པར་དེ་བཞིན་གཤེགས་པས་དེ་རྣམས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་མཁྱེན་པ་ཞེས་སོ་སོར་ཉེ་བར་བསྟན་ནས་ཐམས་ཅད་ཁྱད་པར་མེད་པར་དེ་ཁོ་ན་ཉིད་གཅིག་པའི་ངོ་བོ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མཁྱེན་པ་

ཞེས་བསྟན་པར་མཛད་པ་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་བལྟར་མེད་པ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཉིད་ཀྱི་ཕྱིར་སེམས་ཞེས་བྱ་བ་ནི་ཀུན་བརྟགས་བརྗོད་པ་ཡིན་ཏེ་དེ་ཡང་དེའི་བདག་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །དེ་བས་ན་མེད་པའི་ཕྱིར་ཞེས་བྱ་བ་ནི་ཡོད་

པར་གྱུར་པ་མ་ཡིན་པའི་ཕྱིར་རོ། །མ་བྱུང་བའི་ཕྱིར་ནི་རྒྱུ་དང་རྐྱེན་རྣམས་ཀྱིས་མ་བསྐྱེད་པའི་ཕྱིར་རོ། །ཡོངས་སུ་མ་གྲུབ་པའི་ཕྱིར་ནི་སྒྱུ་མའི་གླང་པོ་ལྟར་མི་བདེན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་མཐོང་བ་རྣམས་ཀྱི་མིག་ལ་སྣང་བར་གྱུར་པ་མ་ཡིན་ནོ། །ཐམས་ཅད་ལ་ཞེས་བྱ་བ་ནི་

བཤད་ཟིན་པ་གསུམ་གྱིའོ། །ཆོས་དང་སངས་རྒྱས་ཀྱི་སྤྱན་དག་ལ་ཤེས་རབ་ཀྱི་སྤྱན་ཉིད་ལ་ཁོངས་སུ་བསྡུ་བ་ཞེས་གསུངས་སོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ཡང་དག་པར་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་དང་འཇིག་རྟེན་

เล่ม ๙๔ · หน้า 185a

སྟོན་པར་བྱེད་ཅིང་ཉེ་བར་སྡུད་པར་བྱེད་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། ད་ནི་ཕྱེ་བ་ལ་སོགས་པ་བསྟན་པའི་ཕྱིར་འཇིག་རྟེན་སྟོན་པར་མཛད་ཅིང་ཞེས་བྱ་བ་ནི་བསྟན་པར་མཛད་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་གཞན་ནི་སྤྱིར་སེམས་

ཅན་རྣམས་སོ། །གང་ཟག་གཞན་ནི་འཇིག་རྟེན་ལ་ཁྱད་པར་དུ་འདོད་པ་རྣམས་སོ། །གྱེན་དུ་ཕྱེ་བར་བྱེད་པ་ནི་སྟོན་པར་བྱེད་པ་ལྡང་བར་བྱེད་པའོ། །ལྟ་བ་ཕྱིན་ཅི་ལོག་པའི་མུ་སྟེགས་པའི་སེམས་རྣམས་ལ་བརྟེན་ནས་འཛིན་པའི་དབང་དང་སྒྲོ་འདོགས་པའི་མཐའི་དབང་གིས་ཕྱེ་བ་རྣམས་སོ། །ཆད་པ་

བཟུང་བའི་དབང་དང་སྐུར་པ་འདེབས་པའི་མཐའི་དབང་གིས་ངེས་པར་འཛིན་པའི་སེམས་ཀྱི་རྒྱུན་ནི་བཙུམས་པའོ། །གཟུགས་ལ་གནས་ཤིང་ཇི་སྲིད་དུ་རྣམ་པར་ཤེས་པ་ལ་གནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམས་ཐམས་ཅད་ཕུང་པོ་ལྔ་ནས་བརྩམས་ནས་སྐྱེ་བར་འགྱུར་ཞེས་ཕུང་

པོ་ལྔ་ལ་བརྟེན་པ་དེ་རྣམས་ཤེས་ཤིང་ཇི་ལྟ་བ་བཞིན་དུ་དེ་རྣམས་མཁྱེན་ཞེས་པའི་དོན་ཏོ། །ཇི་ལྟར་དེ་རྣམས་ཤེས་ཞེས་བྱ་བའི་དྲི་བ་སྔོན་དུ་འགྲོ་བ་མུ་སྟེགས་པ་རྣམས་ཀྱིས་དཔེ་བཅུ་བཞིས་བསྟན་པར་བྱེད་པ་ནི་དེ་བཞིན་སོང་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་གཞན་དག་བདག་ཉིད་

ཀྱི་ཐར་པ་སོང་བ་དེ་བཞིན་དུ་འདི་ཡང་སོང་བ་སྟེ། དེ་བཞིན་གཤེགས་པའོ། །མུ་སྟེགས་བྱེད་ཁ་ཅིག་ལ་བདག་ཉིད་གྲོལ་བ་ཞེས་ལྟ་བ་འདི་བསྐྱེད་པ་བཞིན་དེ་ཤི་ཕན་ཆད་འབྱུང་བ་ནི་སྐྱེ་བ་ཞེས་བྱ་བའོ། །ཇི་ལྟར་འདི་སྐྱེ་བར་འགྱུར། ཁ་ཅིག་ནི་འཇིག་རྟེན་པའི་ལམ་ལ་བརྟེན་ནས་ཉོན་

མོངས་པ་རྣམས་ལ་མགོ་གནོན་པར་བྱེད། ཁ་ཅིག་ནི་འཇིག་རྟེན་པའི་ལམ་ཉིད་ཀྱིས་གཞན་གྱི་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་སྐྱེད་པར་བྱེད། གང་ཞིག་གཞན་གྱི་སེམས་ཤེས་པ་དེ་རྣམས་ལ་ཁ་ཅིག་ནི་གྲོལ་བ་ཞེས་དེ་ལྟར་བྱུང་བ་ཡིན་ནོ། །དེ་རྣམས་ལ་དུས་གཞན་གྱིས་

ཤི་བར་གྱུར་པ་ལ་སྲིད་པ་གཞན་གྱིས་ཉོན་མོངས་པ་དང་ལས་ཡང་དག་པར་འབྱུང་བས་ལྷའི་མིག་གིས་སྐྱེ་བ་མཐོང་ཞིང་ལྟ་བ་འདི་ལྟར་འགྱུར་ཏེ། དེ་བཞིན་སོང་བ་ཤི་ཕན་ཆད་འབྱུང་ངོ་ཞེས་བྱ་བའོ། །གཞན་དག་ཀྱང་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་རྣམས་ལ་མགོ་གནོན་པར་

เล่ม ๙๔ · หน้า 185b

བྱས་ཏེ་འདུ་ཤེས་མེད་པའི་སེམས་ཅན་ནམ་གཟུགས་མེད་པའི་སེམས་ཅན་རྣམས་སུ་སྐྱེ་བར་འགྱུར་བའོ། །གཞན་དག་ལྷའི་མིག་གིས་དེ་བཞིན་ཉིད་ཀྱི་སྐྱེ་བ་མཐོང་བ་ཕྱི་རོལ་པའི་ལྷའི་མིག་གིས་ཕུང་པོ་ལྔ་ཉིད་སེམས་ཅན་དུ་མཐོང་བ་སྟེ། དེ་རྣམས་ནི་འདི་ལྟར་ལྟ་བ་ཅན་དུ་འགྱུར་རོ། །དེ་

བཞིན་སོང་བ་ཤི་ཕན་ཆད་མི་འབྱུང་ངོ་ཞེས་བྱ་བའོ། །གཞན་དག་ནི་སྔ་མ་བཞིན་དུ་ཉོན་མོངས་པ་རྣམས་མགོ་གནོན་པར་བྱས་པ་ཁ་ཅིག་ནི་འདུ་ཤེས་མེད་པ་རྣམས་སུ་སྐྱེ་བ་ཡིན་ནོ། །ཁ་ཅིག་ནི་གཞན་དུ་དེ་རྣམས་ལས་གཞན་དག་སྔ་མ་བཞིན་དུ་མངོན་པར་ཤེས་པ་ཁ་ཅིག་ལ་སྐྱེ་བ་

མཐོང་ངོ་། །ཁ་ཅིག་ལ་མ་མཐོང་བ་དེ་དག་ནི་འདི་ལྟར་ལྟ་བ་ཅན་དུ་འགྱུར་རོ། །དེ་བཞིན་སོང་བ་ཤི་ཕན་ཆད་འབྱུང་བ་ཡང་ཡིན་ལ་མི་འབྱུང་བ་ཡང་ཡིན་ནོ་ཞེས་བྱ་བའོ། །གཞན་དག་ནི་འདི་གཉིས་མཐོང་ནས་ཡི་གེ་སྣ་ཚོགས་པ་ཉིད་ལ་མངོན་པར་ཞེན་ནས་དོན་སྣ་ཚོགས་པ་ཉིད་

ལ་ནི་མ་ཡིན་ནོ། །དེ་རྣམས་ནི་དེ་ལྟར་ལྟ་བ་ཅན་དུ་འགྱུར་རོ། །དེ་བཞིན་སོང་བ་ཤི་ཕན་ཆད་འབྱུང་བ་ཡང་མ་ཡིན་མི་འབྱུང་བ་ཡང་མ་ཡིན་ཞེས་བྱ་བའོ། །ལྟ་བ་འདི་དག་ཐམས་ཅད་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་བརྟེན་པ་ཉིད་དུ་སྐྱེ་བ་ཡིན་ནོ། །དེས་ན་གསུངས་པ་ནི་

གཟུགས་ལ་བརྟེན་པ་ཞེས་བྱ་བའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བརྟེན་པ་ཞེས་བྱ་བའོ། །འདི་ལྟ་སྟེ། གཟུགས་ལ་སོགས་པའི་རྣམ་པ་མཐོང་ནས་སེམས་ཅན་འདི་འམ་ཁོ་བོ་གཟུགས་བཟང་བའམ་ངན་པ་ཞེས་བྱ་བའི་བློ་

སྐྱེ་བ་ཡིན་ནོ། །དེ་བཞིན་དུ་བདེ་བ་དང་སྡུག་བསྔལ་བས་ཁྱབ་པའི་འདུ་བྱེད་མཐོང་ནས་འདིའམ་ཁོ་བོ་བདེ་བ་དང་ལྡན་པའམ་སྡུག་བསྔལ་དང་ལྡན་པ་ཞེས་བྱ་བའི་བློ་སྐྱེ་བ་ཡིན་ནོ། །དེ་ལྟ་བུའི་མིང་ཅན་འདུ་བྱེད་མཐོང་ནས་འདི་འམ་ཁོ་བོ་རྒྱལ་རིགས་སམ་བྲམ་ཟེའི་རིགས་ཚིག་གིས་ཀྱང་སངས་རྒྱས་སྦྱིན་

པའམ་ཡོན་ཏན་བཤེས་གཉེན་ཞེས་བྱ་བའི་བློ་སྐྱེ་བར་འགྱུར་རོ། །དགེ་བ་དང་མི་དགེ་བའི་བྱ་བ་དང་འབྲེལ་བའི་འདུ་བྱེད་མཐོང་ནས་འདིའམ་ཁོ་བོ་བྱིས་པའམ་མཁས་པ་ཞེས་བྱ་བའི་བློ་སྐྱེ་བར་འགྱུར་རོ། །ཡུལ་ལ་ཤེས་པའི་རྗེས་སུ་འཇུག་པ་མཐོང་ནས་འདིའམ་ཁོ་བོ་འདི་མཐོང་ནས་ཞེས་བྱ་བའི་

เล่ม ๙๔ · หน้า 186a

བློ་སྐྱེ་བར་འགྱུར་རོ། །དེ་བས་ན་བདག་གི་བློ་ཕུང་པོ་ལྔའི་ཡུལ་ཉིད་དོ། །གཞན་ཡང་བདག་ཅེས་བྱ་བའི་བློ་འདི་མངོན་སུམ་པའི་དོན་འཛིན་པར་བྱེད་པ་ཡིན་ནམ། འོན་ཏེ་རྗེས་སུ་དཔག་པའི་དོན་འཛིན་པར་བྱེད་པ་ཡིན། ཕྱོགས་དང་པོ་ལ་གཟུགས་ལ་སོགས་པའི་

ཕུང་པོ་རྣམས་ཉིད་མངོན་སུམ་པ་སྟེ། སེམས་ཅན་གཞན་ནི་མ་ཡིན་ནོ། །རྗེས་སུ་དཔག་པའི་དོན་འཛིན་པར་འགྱུར་བ་ཡང་མ་ཡིན་ཏེ། བྱིས་པ་དང་ཁྱེའུ་རྣམས་ལ་ཡང་མངོན་པར་མ་སྦྱར་ཡང་གློ་བུར་དུ་འཇུག་པ་ཞེས་བདག་སྨྲ་བ་པོས་བདག་གི་གནོད་པ་ཁས་ལེན་པས་རྗེས་སུ་དཔག་པས་འཛིན་

པ་ཡང་མ་ཡིན་ནོ། །ཤེས་པ་འདི་རྣམས་ཀུན་རྫོབ་པ་ཡིན་ཡང་ཟབ་ཅིང་ཟབ་པར་སྣང་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཅིག་ཏུ་རང་ཉིད་ཀྱིས་མངོན་པར་མཁྱེན་ཅིང་མངོན་དུ་མཛད་ནས་རབ་ཏུ་རིག་པའོ། །བཅོམ་ལྡན་འདས་ཉིད་ཕལ་ཆེར་ལྟ་བའི་གནས་འདི་རྣམས་

ཀྱི་རྒྱུ་གང་ཡིན་པ་དང་དོན་དམ་པ་གང་ཡིན་པ་དང་འབྲས་བུ་གང་ཡིན་པ་དང་དཔེ་གང་ཡིན་པ་དང་ངེས་པར་འབྱུང་བ་གང་ཡིན་པ་གང་རྣམས་ཀྱི་སྐྱེ་བར་འགྱུར་བ་དེ་ཐམས་ཅད་རྣམ་པ་དང་བཅས་པ་དང་བསྟན་པ་དང་བཅས་པ་མཁྱེན་པ་ཡིན་ནོ། །གཞན་ནི་ལྟ་བ་འདི་རྣམས་འདི་ལྟར་

ལུང་བསྟན་པར་ནུས་པ་མ་ཡིན་ནོ། །དེ་བཞིན་དུ་འཆད་བཞིན་པའི་རྟག་པ་ཞེས་བྱ་བ་ལ་སོགས་པ་ལ་བདག་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །འཇིག་རྟེན་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །རྟག་པ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་དང་། མི་རྟག་པ་ཞེས་བྱ་བ་

འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ། །རྟག་པ་ཞེས་བྱ་བ་ལ་སོགས་པ་ལྟ་བ་འདི་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། འདིར་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་ཕྱི་རོལ་གྱི་ལམ་གྱིས་སྔོན་གྱི་གནས་རྗེས་སུ་དྲན་པ་བསྐྱེད་ནས་བསྐལ་པ་མང་པོའམ་བསྐལ་པ་བརྒྱ་ཕྲག་མང་པོའམ་སྐྱེ་བ་བརྒྱ་ཕྲག་

མང་པོ་དང་སྐྱེ་བ་སྟོང་ཕྲག་མང་པོ་དྲན་པར་བྱེད་དེ། དེ་རྣམས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ། འདས་པའི་འདུ་བྱེད་རྣམས་ལ་དྲན་པ་ཙམ་ཇི་ལྟ་བ་བཞིན་མི་ཤེས་ཤིང་འདུ་ཤེས་དང་ཚོར་བའི་དབྱེ་བ་མཐོང་ཞིང་རང་གི་མཚན་ཉིད་ཀྱི་དབྱེ་བ་ནི་མ་ཡིན་ནོ། །དེ་འདི་ལྟར་ལྟ་

เล่ม ๙๔ · หน้า 186b

བ་ཅན་དུ་འགྱུར་རོ། །བདག་དང་འཇིག་རྟེན་ནི་རྟག་པ་སྟེ། ལྷའི་མིག་ལ་ཡང་དག་པར་བརྟེན་པས་སམ་འདུ་བྱེད་རྣམས་ཀྱི་སྐད་ཅིག་མ་འཇིག་པའི་རྗེས་སུ་འཇུག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཤིང་ད་ལྟར་བྱུང་བ་ཉིད་ཀྱི་དོན་སྔར་འདུས་བྱས་པ་རྟོག་པར་བྱེད་ཅིང་རྣམ་པར་ཤེས་པའི་

རྒྱུད་ཀྱི་རྒྱུན་འཇིག་རྟེན་འདི་ལས་འཇིག་རྟེན་ཕ་རོལ་དུ་འགྲོ་བ་མི་ཤེས་ཤིང་ཕྲ་བ་དང་རྟག་པ་རྣམས་ལ་ཕྲ་བ་རྣམས་ལས་རགས་པའི་རྫས་རྣམ་པར་འབྱེད་པར་གྱུར་པ་ཕྲ་བའི་གནས་སྐབས་ཉེ་བར་གནས་པ་ཞེས་མཐོང་ཞིང་ཅི་རིགས་པས་འདི་བཞིན་དུ་འགྱུར་རོ། །བདག་དང་འཇིག་རྟེན་ནི་རྟག་པ་ཁ་ཅིག་ལ་

འདི་ལྟར་ལྟ་བར་འགྱུར་རོ། །བདག་དང་འཇིག་རྟེན་ནི་མི་རྟག་པ་སྟེ་ལྟ་བ་འདི་ཡང་ཇི་ལྟར་སྐྱེ་ཞེ་ན། འདུ་ཤེས་མེད་པའི་ལྷ་རྣམས་ཞེས་བྱ་བའི་སེམས་ཅན་ཡོད་དེ་དེ་རྣམས་འདུ་ཤེས་སྐྱེ་བ་ཉིད་ཀྱིས་འཆི་འཕོ་བར་འགྱུར་རོ། །དེ་རྣམས་ལས་ལ་ལ་ཞིག་འཆི་འཕོ་བ་མངོན་པར་ཤེས་པ་ཐོབ་ནས་

སྔར་འདུ་ཤེས་པས་རྗེས་སུ་དྲན་པར་འགྱུར་རོ། །དེ་ནས་གཞན་ལ་རྗེས་སུ་དྲན་པར་བྱེད་དེ་དེ་ལ་འདི་ལྟར་འགྱུར་རོ། །འཇིག་རྟེན་འདི་ནི་མི་རྟག་པ་སྟེ་ཡང་ན་རང་ཉིད་ཀྱིས་སྤོབས་པ་ལྷག་པ་སོ་སོའི་སྐྱེ་བོའི་ས་ལ་གནས་པ་རྟོག་གེའི་སྟོབས་ཀྱིས་སྨྲ་བ་དག་དང་འཇིག་རྟེན་ནི་མི་རྟག་པ་སྟེ་ཁ་

ཅིག་ཡང་འདི་ལྟར་ལྟ་བ་ཅན་དུ་བདག་དང་འཇིག་རྟེན་ནི་རྟག་པ་དང་མི་རྟག་པ་སྟེ། ཇི་ལྟར་ཡང་ལྟ་བ་འདི་སྐྱེ་བར་འགྱུར་རོ། །འདིར་འཇིག་རྟེན་འཇིག་པ་ལ་སེམས་ཅན་རྣམས་ལ་ཕལ་ཆེར་འོད་གསལ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ནས་སྐྱེ་བར་འགྱུར་བའི་འཇིག་རྟེན་ལ་སེམས་ཅན་

རྣམས་ཅིག་ཤོས་དེ་ལས་ཤི་འཕོས་ནས་ཚངས་པའི་གཞལ་ཡས་ཁང་དུ་སྐྱེ་བར་འགྱུར་རོ། །དེ་ནས་གཅིག་པུར་གྱུར་པ་དེ་ལ་ཡུན་རིང་པོར་གནས་ཤིང་འདི་ལྟར་འགྱུར་རོ། །སེམས་ཅན་གཞན་ཡང་འདིར་སྐྱེ་བར་འགྱུར་ཞེས་འབྱུང་བ་ཡིན་ནོ། །དེའི་རྗེས་ལ་དེའི་ཚེ་ཟད་པས་དེ་ལས་ཤི་འཕོས་

ཏེ་ཚངས་པའི་འཇིག་རྟེན་གཞན་དུ་སྐྱེ་བར་འགྱུར་རོ། །དེ་རྣམས་ལ་ཡང་འདི་ལྟར་ཁོ་བོ་ཅག་ནི་ཚངས་པ་དང་བྱེད་པ་པོ་དང་སྤྲུལ་པ་པོ་ཞེས་འགྱུར་རོ། །དེ་ལ་ཡང་འདི་ལྟར་ཁོ་བོ་ནི་འདི་རྣམས་ཀྱི་བྱེད་པ་པོ་ཞེས་འགྱུར་རོ། །དེ་རྣམས་ཚངས་པའི་འཇིག་རྟེན་ལས་ཀྱང་ཤི་འཕོས་ནས་མངོན་པར་

เล่ม ๙๔ · หน้า 187a

ཤེས་པ་བསྐྱེད་ནས་ཚངས་པ་མཐོང་ཞིང་འདི་ལྟར་ལྟ་བ་ཅན་དུ་འགྱུར་རོ། །ཚངས་པ་ནི་རྟག་པ་སྟེ་ཁོ་བོ་ཅག་ནི་མི་རྟག་པ་ཞེས་བྱ་བའོ། །དེ་བཞིན་དུ་རོལ་པ་ལ་དགའ་བ་ཞེས་བྱ་བའི་ལྷ་རྣམས་ཡོད་དེ་དེ་རྣམས་ལ་ཤིན་ཏུ་ཁ་ཅིག་རོལ་པ་ལ་དགའ་བ་ཉམས་སུ་མྱོང་ཞིང་དྲན་

པ་ཡང་དག་པར་ཉམས་པས་དེ་ལས་ཤི་འཕོས་པས། མངོན་པར་ཤེས་པ་བསྐྱེད་ནས་དེ་རྣམས་མཐོང་ཞིང་འདི་སྐད་ཅེས་སྨྲ་བར་གྱུར་ཏོ། །གང་ཞིག་དུས་རིང་པོར་རོལ་པ་ལ་དགའ་བ་ཐོབ་པ་མ་ཡིན་པ་དེ་རྣམས་ནི་རྟག་པ་སྟེ། ཁོ་བོ་ཅག་ནི་མི་རྟག་པ་ཞེས་བྱ་བའོ། །དེ་བཞིན་དུ་

ཡིད་ཀྱི་སྐྱོན་བྱེད་པ་རྣམས་ལ་ཤིན་ཏུ་ཡིད་ཀྱི་སྐྱོན་བསྐྱེད་ནས་འཆི་འཕོ་བ་སྔ་མ་བཞིན་དུ་འདི་ལྟར་ཤེས་པར་འགྱུར་ཏེ། དེ་རྣམས་རྟག་པ་ཁོ་བོ་ཅག་ནི་མི་རྟག་པ་ཞེས་བྱ་བའོ། །གཞན་ཡང་གཞན་དག་རྟོག་གེའི་སྟོབས་ཀྱིས། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་

རྣམས་ནི་མི་རྟག་པ་སྟེ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་མི་རྟག་པ་ཞེས་བྱ་བའོ། །དེ་ལྟར་རྣམ་པ་བཞིས་རྟག་པ་དང་མི་རྟག་པ་བདག་དང་འཇིག་རྟེན་ཞེས་བྱ་བ་འདི་ལྟར་ལྟ་བ་ཅན་དུ་འགྱུར་རོ། །གཞན་དག་ཀྱང་ཡི་གེ་སྣ་ཚོགས་པ་ལ་མངོན་པར་ཞེན་ཏེ་དོན་གྱི་སྣ་ཚོགས་

པ་ཉིད་ནི་མ་ཡིན་ནོ། །དེ་རྣམས་ནི་འདི་ལྟར་ལྟ་བ་ཅན་དུ་འགྱུར་རོ། །བདག་དང་འཇིག་རྟེན་ནི་རྟག་པ་ཡང་མ་ཡིན་ལ་མི་རྟག་པ་ཡང་མ་ཡིན་ནོ་ཞེས་བྱ་བ་དང་བདག་དང་འཇིག་རྟེན་མཐའ་དང་བཅས་པའོ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་ཡང་ལྟ་བ་འདི་རྣམས་སྐྱེ་བར་འགྱུར་རོ། །འདི་ནི་

འཇིག་རྟེན་པ་འགའ་ཞིག་བསམ་གཏན་ཆུང་བ་ལ་བརྟེན་པས་ལྷའི་མིག་བསྐྱེད་དེ་འོག་དང་སྟེང་དང་ཆུ་ཞེང་དུ་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་མཐའ་དང་བཅས་པ་མཐོང་ངོ་། །དེ་ལ་འདི་ལྟར་འགྱུར་ཏེ་མཐའ་དང་བཅས་པ་ཞེས་བྱ་བའོ། །གཞན་ནི་བསམ་གཏན་ཆེན་

པོ་ལ་བརྟེན་ནས་འོག་དང་སྟེང་དང་ཆུ་ཞེང་དུ་མཐའ་མི་མངོན་ནོ། །དེ་ལ་འདི་ལྟར་འགྱུར་ཏེ་མཐའ་མེད་པ་ཞེས་བྱ་བའོ། །གཞན་ནི་བསམ་གཏན་འབྲིང་ལ་བརྟེན་པས་སྟེང་དང་འོག་དང་མཐའི་འདུ་ཤེས་ཅན་ཆུ་ཞེང་དུ་མཐའ་མེད་པའི་འདུ་ཤེས་ཅན་དེ་ལ་འདི་ལྟར་འགྱུར་ཏེ་མཐའ་དང་

เล่ม ๙๔ · หน้า 187b

བཅས་པ་དང་མཐའ་དང་བྲལ་བའོ། །གཞན་ནི་ཡི་གེ་སྣ་ཚོགས་པ་ཉིད་ལ་མངོན་པར་ཞེན་ནས་དོན་སྣ་ཚོགས་པ་ཉིད་ལ་ནི་མ་ཡིན་ནོ། །དེ་འདི་ལྟར་སྨྲ་སྟེ། བདག་དང་འཇིག་རྟེན་མཐའ་དང་བཅས་པ་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བའོ། །རྣམ་པ་གཞན་ཡང་འདས་པའི་སྐྱེ་བ་ཉིད་གཅིག་པུ་

མཐོང་ཞེས་སྨྲ་བ་ནི་མཐའ་དང་བཅས་པ་ཞེས་བྱ་བའོ། །གཞན་དག་འདས་པ་མང་པོ་འཇིག་པ་དང་སྐྱེ་བ་མཐོང་ཞིང་སྨྲ་བ་ནི་མཐའ་དང་བྲལ་བ་ཞེས་བྱ་བའོ། །གཞན་ནི་མ་འོངས་པ་འཇིག་པ་ཙམ་འདས་པ་མང་བ་འཇིག་པ་དང་སྐྱེ་བ་དག་མཐོང་ཞིང་སྨྲ་བ་ནི་མཐའ་དང་བཅས་པ་ཡང་ཡིན་ལ་མཐའ་

མེད་པ་ཡང་ཞེས་བྱ་བའོ། །ཡི་གེ་སྣ་ཚོགས་པ་ཉིད་ཀྱི་ཕྱིར་སྔ་མ་བཞིན་དུ་ཡང་འགའ་ཞིག་བདག་ནི་གཟུགས་ཅན་མཐོང་ངོ་། །གཞན་ནི་གཟུགས་མེད་པ་རྣམས་ལའོ། །གཞན་ནི་ལུས་ཀྱི་ཆས་གཟུགས་ཅན་ནོ། །གཞན་གྱི་ཆས་གཟུགས་ཅན་མ་ཡིན་པ་གང་ཞིག་གཟུགས་ཅན་དེས་སྨྲ་བ་ནི་

མཐའ་དང་བཅས་པ་ཞེས་བྱ་བའོ། །གང་ཞིག་གཟུགས་ཅན་མ་ཡིན་པ་དེས་སྨྲ་བ་ནི་མཐའ་དང་བྲལ་བ་ཞེས་བྱ་བའོ། །གཞན་ནི་ལུས་ཀྱི་ཆས་མཐའ་དང་བཅས་པ་དང་གཟུགས་ཅན་མེད་པའི་ཆས་མཐའ་དང་བྲལ་བའོ། །གཞན་ནི་ཡི་གེ་སྣ་ཚོགས་པ་ཉིད་ཀྱི་ཕྱིར་སྔ་མ་བཞིན་དུ་སྲོག་དེ་ནི་ལུས་

དེའོ་ཞེས་བྱ་བ་ལ་སོགས་པ་སྟེ། གང་ལ་ལ་ཞིག་བདག་ལ་གཟུགས་ཅན་མཐོང་བ་དེ་ནི་ལུས་ཉིད་བདག་ཏུ་སྨྲ་བ་ནི་ཇི་ལྟར་ཆད་པར་སྨྲ་བ་རྣམས་སོ། །འདི་དག་ཀྱང་བཟི་བའི་ནུས་པ་བཞིན་དུ་སེམས་ཉིད་ཀྱང་ཤེས་པ་དང་བདེ་བ་ལ་སོགས་པའི་ངོ་བོ་ལུས་ཀྱི་བདེ་བ་ལ་སོགས་པའི་ངོ་བོ་ཉིད་དུ་འདོད་

པ་ཞེས་གསུངས་པ་ནི་འདི་ནི་གཟུགས་ལ་བརྟེན་པའོ་ཞེས་བྱ་བ་ནས་འདི་ནི་རྣམ་པར་ཤེས་པ་ལ་བརྟེན་པ་སྟེ་ཞེས་བྱ་བའི་བར་དུའོ། །གང་ཞིག་གཟུགས་ཅན་མ་ཡིན་པའི་བདག་འདོད་པ་དེས་སྨྲ་བ་ནི་སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་བྱ་བའོ། །དེ་ལ་ཡང་བདག་ལ་བདག་ཏུ་འཛིན་པས་

གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་བདག་དང་བདག་ཏུ་འཛིན་པའི་གཟུགས་ལ་སོགས་པའི་ཡུལ་ཉིད་སྨྲས་པ་ཞེས་གསུངས་པ་ནི། དེ་དག་གཟུགས་ལ་བརྟེན་པ་ནས་ཇི་སྲིད་རྣམ་པར་ཤེས་པ་ལ་བརྟེན་པ་ཞེས་བྱ་བའི་བར་དུའོ། །འོན་ཏེ་ལྟ་བའི་གནས་འདི་རྣམས་ནི་ལུང་དུ་མ་བསྟན་པ་ཞེས་བྱ་བའི་བར་དུ་

เล่ม ๙๔ · หน้า 188a

བརྗོད་པ་ཡིན་ནོ། །དེ་ཇི་ལྟར་མཐའ་གཅིག་ཏུ་སྨྲ་བའོ། །མདོ་སྡེ་ལས་ཀྱང་ལུང་མ་བསྟན་པའི་ཕྱིར་རོ། །དེར་བཅོམ་ལྡན་འདས་ཀྱིས་ཀྱང་ཆ་གཅིག་གིས་མཐའ་གཅིག་ཏུ་བྱས་པ་ཡིན་ནམ་ཅི། འཇིག་རྟེན་ནི་རྟག་པའམ་འོན་ཏེ་མི་རྟག་པ་ནས་ཇི་སྲིད་

སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་བྱ་བའི་མཐའ་གཅིག་ལ་དྲིས་པ་ལ། བཅོམ་ལྡན་འདས་ཀྱིས་གསུངས་པ། འདི་ནི་མཐའ་གཅིག་ཏུ་སྨྲ་བ་དག་གིས་ཁྱེད་ཅག་ལ་མཐའ་གཅིག་ཏུ་བྱས་པ་མ་ཡིན་ཏེ། འདི་ནི་ཁྱེད་ཅག་ལ་དོན་དང་བཅས་པ་མ་ཡིན་ལ་འཕགས་པའི་ཡིད་ལས་

བྱུང་བ་དང་འདོད་ཆགས་དང་བྲལ་བའི་དོན་དུ་ཡང་ནུས་པ་མ་ཡིན་ཏེ། ཇི་སྲིད་དུ་ཤི་བ་མེད་པ་མངོན་སུམ་དུ་བྱས་པའི་ཕྱིར་ཡང་མ་ཡིན་པས་འདི་བདག་གིས་ཁྱེད་ཅག་ལ་མཐའ་གཅིག་ཏུ་བྱས་པ་འདི་ནི་སྡུག་བསྔལ་འདི་ནི་སྡུག་བསྔལ་ཀུན་འབྱུང་འདི་ནི་སྡུག་བསྔལ་འགོག་པ་འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་

ཞེས་བྱ་བ་བདག་གིས་མཐའ་གཅིག་ཏུ་བྱས་པའོ། །འདི་ནི་ཁྱེད་ཅག་ལ་དོན་དང་བཅས་པ་ཇི་སྲིད་དུ་ཤི་བ་མེད་པ་མངོན་དུ་བྱ་བའི་ཕྱིར་ཞེས་བྱ་བའོ། །དེ་ལྟར་ལྟ་བ་རྣམས་ཉེ་བར་བསྟན་ནས་ཇི་ལྟར་བཅོམ་ལྡན་འདས་འདིས་རྣམ་པ་ཀུན་རྫོབ་པའི་ཡེ་ཤེས་ཀྱིས་མཁྱེན་པ་དེ་ལྟར་སྟོན་པར་བྱེད་པ་ནི།

རབ་འབྱོར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱེ་བ་དང་བཙུམས་པ་ཉིད་སྨྲ་བ་དང་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་ཉིད་འདི་རྣམས་ཀྱི་བརྗོད་པ་ཞེས་སྐྱེ་བའི་རྒྱུ་མདོ་སྡེ་རྣམས་ལས་གསུངས་པ་ཁོ་བོ་ཅག་གིས་བསྟན་པའོ། །དེ་ལྟར་ཀུན་རྫོབ་ངོ་བོ་ཉིད་ཉེ་བར་བསྟན་ནས་དོན་དམ་པར་དེ་

བཞིན་ཉིད་ལ་དམིགས་པ་ཉིད་ཡེ་ཤེས་འདི་ཞེས་སྟོན་ཅིང་གསུངས་པ་ནི། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་གཟུགས་མཁྱེན་ཅེ་ན། དེ་བཞིན་ཉིད་དུ་ཇི་ལྟ་བ་དེ་བཞིན་དུའོ། །དེ་བཞིན་ཉིད་དུ་འདོགས་པར་མཛད་ཅེས་བྱ་བ་ནི་དེ་བཞིན་

ཉིད་གཅིག་པུ་རྣམ་པར་གཞག་པར་བྱེད་པ་ནི་གང་ཡིན་ཞེས་བྱ་བ་ནི་གང་ཞིག་ཉིད་ཅེས་བྱ་བའི་དོན་ཏོ། །ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཐམས་ཅད་དང་འཕགས་པའི་ཆོས་ཐམས་ཅད་དང་དེ་བཞིན་གཤེགས་པ་དང་དེ་བཞིན་ཉིད་ལ་ཐ་མི་དད་པ་ཉིད་ཀྱི་ཕྱིར་དེ་བཞིན་ཉིད་ཀྱི་ངོ་བོ་

เล่ม ๙๔ · หน้า 188b

ཉིད་ཀྱིས་ཆོས་རྣམས་ཐམས་ཅད་གཉིས་སུ་མེད་པར་ཉེ་བར་བསྡུ་བའི་སྒོ་ནས་སྟོན་པར་བྱེད་པ་ནི། རབ་འབྱོར་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་སོ། །དེ་བཞིན་ཉིད་འདི་ནི་དེ་བཞིན་ཉིད་གཅིག་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་རྒྱས་པར་གསུངས་པ་དེ་བཞིན་ཉིད་ནི་གཅིག་ཁོ་ན་སྟེ།

ཇི་ལྟར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་འདི་ནི་ཇི་ལྟར་གཅིག་པ་སྟེ། ཇི་ལྟར་ཆོས་རྣམས་ཐམས་ཅད་སྣ་ཚོགས་པའི་གཟུགས་ཅན་དེ་ལྟར་དེ་ཡང་ཡོད་པར་འགྱུར་ཞེས་གསུངས་པ་ནི་དངོས་པོ་དང་དངོས་པོ་མེད་པ་དུ་མ་དང་བྲལ་བ་ཞེས་བྱ་བ་སྟེ། དུ་མ་ཉིད་དང་ཆོས་ཐམས་ཅད་ལས་ཐ་དད་པའི་གང་

ཞིག་ཡོད་པ་དང་མེད་པ་དག་དེ་དག་དང་བྲལ་བ་ཆོས་ཐམས་ཅད་ལས་ཐ་དད་པ་ཡང་མ་ཡིན་ཐ་མི་དད་པ་ཡང་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདི་བཞིན་ཞེས་གསུངས་པ་ནི། གཅིག་པ་མ་ཡིན་པའི་ཕྱིར་དང་ཐ་དད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། གལ་ཏེ་དེ་བཞིན་ཉིད་ནི་དངོས་པོ་རྣམས་དང་ལྷན་

ཅིག་ཏུ་གཅིག་པའི་ངོ་བོ་ཉིད་དུ་ཡོད་པར་གྱུར་ན་དེའི་ཚེ་དངོས་པོ་རྣམས་མཐོང་བ་ལས་དེ་བཞིན་ཉིད་ཀྱང་མཐོང་བ་དེའི་ཕྱིར་དངོས་པོ་མཐོང་བ་སོ་སོའི་སྐྱེ་བོ་རྣམས་ཀྱང་གྲོལ་བར་འགྱུར་རོ། །དེ་བས་ན་འདི་ལ་དངོས་པོ་རྣམས་དང་ལྷན་ཅིག་ཏུ་གཅིག་པ་ཉིད་མེད་ཅེས་བྱ་བའི་དགོངས་པའོ། །ཐ་དད་པ་ཉིད་ལ་

ནི་ཆོས་རྣམས་ཐམས་ཅད་ཀྱི་བརྫུན་པ་ཉིད་གྲུབ་པ་མ་ཡིན་ཏེ་གཉིས་དང་བྲལ་བ་ཉིད་ནི་དེ་རྣམས་ཀྱི་བརྫུན་པ་ཉིད་དེ་ཡང་དེ་རྣམས་ལས་ཤིན་ཏུ་ཐ་དད་པ་ཞེས་བྱ་བའོ། །དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཀུན་བརྟགས་ཀྱི་གཟུགས་ལ་སོགས་པ་རྣམས་དང་དེ་ཉིད་དང་གཞན་ཉིད་ཀྱི་མི་བརྗོད་པ་ཉིད་དྲི་མ་

དང་བཅས་པའི་དེ་བཞིན་ཉིད་ལ་ཉེ་བར་བསྟན་ནས་ཡོངས་སུ་དག་པ་ཡོངས་སུ་གྲུབ་པའི་ངོ་བོ་གསུངས་པ་ནི་མི་ཟད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། ཟད་པ་ནི་འགྲིབ་པའོ། །དེ་སྒྲིབ་པ་ཐམས་ཅད་སྤངས་པ་དེ་ལ་དེའི་ཚེ་ཡོད་པ་མ་ཡིན་ནོ། །འགྱུར་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་འགའ་ཞིག་ཏུ་

འདོན་པ་སྟེ་དེ་ནི་གནས་སྐབས་ཀྱི་དབྱེ་བ་མེད་པའི་ཕྱིར་ཞེས་བཤད་པར་བྱའོ། །གཉིས་སུ་མེད་པའི་ཕྱིར་ཞེས་བྱ་བ་ནི་དངོས་པོས་དབེན་པའི་མཚན་ཉིད་ཅན་དེ་ལ་དངོས་པོའི་ཆོས་ཐ་དད་པ་མེད་པའི་ཕྱིར། ཐ་དད་པར་བྱེད་པ་པོ་ཡོད་པས་གསུངས་པ་ནི་གཉིས་སུ་བྱར་མེད་པའི་ཕྱིར་ཞེས་བྱ་

เล่ม ๙๔ · หน้า 189a

བའོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ཐ་མལ་པའི་འཇིག་རྟེན་ཡང་དག་པར་སྟོན་པའི་ཉེ་བར་སྡུད་པར་བྱེད་དེ་པོ་ཏི་འགའ་ཞིག་ལ་འཇིག་རྟེན་ལ་ཡང་དག་པར་སྟོན་པར་བྱེད་པ་ཞེས་བྱ་བ་འདིའི་རྗེས་ལ་རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འཇིག་

རྟེན་ཡང་དག་པར་སྟོན་པར་མཛད་པ་ཞེས་བྱ་བ་ལ་སོགས་པ་ནས་ཇི་སྲིད་དུ་སྐྱེ་བར་བྱེད་པའི་ཡུམ་དང་སྐྱེད་པར་བྱེད་པ་ཞེས་བྱ་བའི་འགྲེས་འདོན་པ་ཡིན་ནོ། །འདི་ཡང་མངོན་རྟོགས་དང་སྦྱར་བའི་དོན་དུ་བསྣན་པ་སྟེ་པོ་ཏི་སྔ་མ་རྣམས་ལ་མ་མཐོང་བའི་ཕྱིར་རོ། །གཞུང་འདི་ཡང་དེ་ལྟར་འཇིག་རྟེན་

ཡང་དག་པར་སྟོན་པར་བྱེད་པ་ཞེས་དོན་དང་མ་འབྲེལ་བ་སྟེ་ཉེ་བར་བསྡུ་བར་བྱས་པའི་ཕྱིར་གནས་སྐབས་གང་ཡིན། དེ་ལྟར་དེ་བཞིན་གཤེགས་པས་འཇིག་རྟེན་དུ་འཇིག་རྟེན་སྟོན་པར་མཛད་ཅེས་བྱ་བའི་ཉེ་བར་བསྡུ་བའོ། །གལ་ཏེ་ཡང་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འཇིག་

རྟེན་སྟོན་པར་མཛད་ན་དེའི་ཚེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུམ་དང་སྐྱེད་པར་བྱེད་པ་ཞེས་བྱ་བའི་ཉེ་བར་བསྡུ་བ་ལ་གནས་སྐབས་གང་ཡིན་འདིར་ཐམས་ཅད་དུ་གནས་སྐབས་འདི་ལ་འཇིག་རྟེན་ཡང་དག་པར་སྟོན་པར་མཛད་པ་ཞེས་མདོར་བསྟན་པ་དེ་སྐྱེད་པར་བྱེད་པའི་ཡུམ་ཞེས་ཇི་

ལྟར་བརྗོད། །དེ་ལྟར་ན་འཇིག་རྟེན་གྱི་དེ་བཞིན་ཉིད་མཁྱེན་པ་མ་ཡིན་པ་ཞེས་འཆད་པར་འགྱུར་བའི་གཞུང་ཡང་འདི་དང་རྗེས་སུ་མཐུན་པ་སྟེ་དེ་བས་ན་འདི་བསྣན་པ་ཁོ་ནའོ། །གང་གི་ཕྱིར་གཅིག་པུ་གཉིས་སུ་བྱར་མེད་པ་ལ་སོགས་པའི་ངོ་བོ་དེ་བཞིན་ཉིད་དེའི་ཕྱིར་འདི་ལྟར་འཇིག་རྟེན་གྱི་

དེ་བཞིན་ཉིད་མཁྱེན་པ་ཡིན་ནོ། །མ་ལོག་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་དོན་དམ་པར་ཡོད་པ་ཉིད་ཀྱི་ཕྱིར་རོ། །གཞན་མ་ཡིན་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་འགྱུར་བ་མེད་པའི་ཕྱིར་རོ། །དེ་ལྟ་བུའི་དེ་བཞིན་ཉིད་ཡོངས་སུ་ཤེས་པའི་ཕྱིར་དེ་བཞིན་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱས་

ནས་དེ་བཞིན་གཤེགས་པ་ཞེས་མཚན་དུ་སྒྲ་རྣམ་པར་གྲགས་པ་འཇིག་རྟེན་དུ་འབྱུང་ཞེས་སྟོན་པར་བྱེད་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། ཟབ་སྟེ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་གཟུང་བར་དཀའ་བ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་འབྱེད་ཅིང་ཞེས་བྱ་བ་ནི་

เล่ม ๙๔ · หน้า 189b

དེ་བཞིན་ཉིད་རྟོགས་པས་ཆོས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །རབ་ཏུ་སྟོན་ཏོ་ཞེས་བྱ་བ་ནི་དེ་ལ་བརྟེན་པའི་ལོངས་སྤྱོད་དང་སྤྲུལ་པ་སོ་སོར་རྙེད་པས་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་བྱང་ཆུབ་ལ་སེམས་ཅན་ཐམས་ཅད་ལ་རྗེས་སུ་མཐུན་པར་འཁོར་བ་ཇི་སྲིད་བརྟེན་པའི་ངོ་བོ་རྗེས་སུ་ལེན་པ་ཡིན་ནོ། །དེའི་

ཕྱིར་འདི་ནི་ཤིན་ཏུ་ཕྲ་བའི་ཡེ་ཤེས་དང་ལྡན་པ་ཉིད་ཀྱི་ཕྱིར་སྤྱོད་ཡུལ་ཡིན་ཞེས་གསུངས་པ་ནི། སུ་ཞིག་འདི་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དགྲ་བཅོམ་པ་ཉིད་ཀྱི་རྒྱུ་ནི་བརྣག་པ་ཡོངས་སུ་རྫོགས་པ་ཞེས་བྱ་བ་སྟེ་དགྲ་བཅོམ་པའི་ཉོན་མོངས་པ་སྤོང་བའི་སྨོན་ལམ་ནི་བརྣག་པ་ལ་དེ་ཡང་ཡོངས་

སུ་རྫོགས་པའོ། །གཞན་དག་ནི་དགྲ་བཅོམ་པ་བརྣག་པ་ཡོངས་སུ་མ་རྫོགས་པ་ཞེས་དགག་ཚིག་དང་རབ་ཏུ་འབྲེལ་བ་སྨྲའོ། །འདི་ནི་བརྣག་པ་ཡོངས་སུ་མ་རྫོགས་པ་ཉིད་ཀྱིས་བྱང་ཆུབ་ལ་ཡོངས་སུ་བསྔོ་བ་ཉིད་གསུངས་པ་ནི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་

ཀྱིས་བྱང་ཆུབ་ལ་འདོད་པའི་བརྣག་པ་ཡང་དག་པར་སྐྱེས་པ་དེ་ལྟར་ཡང་རྫོགས་པ་མ་ཡིན་ནོ། །འདིས་ནི་ཞི་བ་ལ་གཅིག་པའི་དགྲ་བཅོམ་པ་ལ་ཡང་མོས་པའི་ཡུལ་མ་ཡིན་ཞེས་སྟོན་པར་བྱེད་པ་ནི། ལྟ་བ་ཕུན་སུམ་ཚོགས་པ་རྣམས་སམ་ཞེས་བྱ་བ་སྟེ། མཐོང་བའི་ལམ་ཐོབ་པའི་བྱང་ཆུབ་སེམས་

དཔའོ། །གནས་པ་འདི་དག་ནི་དེ་བཞིན་ཉིད་ཀྱི་ཁོ་ན་སྟེ། མ་ལོག་པའི་དེ་བཞིན་ཉིད་ལ་སོགས་པའི་ངོ་བོ་ལ་ལྟོས་པས་མང་པོའི་ཚིག་གོ། །འོན་ཏེ་དེ་བཞིན་ཉིད་ནི་སྔོན་གྱི་སངས་རྒྱས་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། དེ་ཇི་ཙམ་གང་ཞིག་

ཚོལ་བར་བྱེད་པ་ཞེས་གསུངས་པ་ནི། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། མི་འགྱུར་བའི་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པ་ནམ་མཁའ་དང་མཚུངས་པ་འདི་ལ་ཟད་པ་མེད་པ་ཞེས་བྱ་བའི་དགོངས་པའོ། །ཆོས་ཟབ་མོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཁོ་ན་སྟེ་གཞན་མ་ཡིན་པའི་དེ་

བཞིན་ཉིད་ལ་སོགས་པ་རྣམས་སོ། །བཅོམ་ལྡན་འདས་འདིར་མཚན་ཉིད་རྣམས་ཇི་ལྟར་གཞག་ཅེས་བྱ་བ་ནི་ཟབ་པ་ཞེས་གནས་སྐབས་ཀྱིས་སོ། །དེ་བཞིན་ཉིད་ལ་སོགས་པ་རྣམས་ནི་དེ་བཞིན་ཉིད་ཀྱི་རང་བཞིན་གྱི་ཕྱིར་མཚན་ཉིད་རྣམས་དང་ཟབ་པའམ་ཅི། ཡང་ན་ངོ་བོ་གཞན་ཞེས་བྱ་བའི་དྲི་

เล่ม ๙๔ · หน้า 190a

བའི་དོན་ཏོ། །ལྷའི་བུ་དག་སྟོང་པའོ་ཞེས་འདི་ལ་མཚན་ཉིད་གཞག་གོ་ཞེས་བྱ་བ་ལ་མཚན་ཉིད་ནི་དེ་བཞིན་ཉིད་དང་མ་ལོག་པའི་དེ་བཞིན་ཉིད་ལ་སོགས་པ་ཟབ་པ་རྣམས་སྟོང་པ་ཞེས་བྱས་ནས་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་བྱིས་པའི་སྤྱོད་ཡུལ་ཀུན་བརྟགས་

ཀྱི་ངོ་བོ་དང་བྲལ་བའི་ཕྱིར་སྟོང་པའོ། །རྟོག་པ་དང་རྣམ་པར་རྟོག་པ་དང་སྤྲོས་པ་དང་མཚན་མ་ཐམས་ཅད་མེད་པའི་ཕྱིར་ཤིན་ཏུ་ཞི་བ་ཉིད་ནི་མཚན་མ་མེད་པའོ། །རྣམ་པར་རྟོག་པ་ཐམས་ཅད་དང་སྨོན་ལམ་ཡོངས་སུ་དོར་བར་བྱས་པ་རྣམས་ལ་ཡང་གཞན་སྨོན་པ་མེད་པས་སྨོན་པ་མེད་པའོ། །རྒྱུ་དང་འབྲས་

བུ་འདོད་པ་ཐམས་ཅད་རྣམ་པར་རྟོག་པ་དང་སྤྲོས་པ་ཆད་པ་ནི་མངོན་པར་འདུ་མི་བྱེད་པའོ། །སྐྱེ་བ་ལ་སོགས་པ་དང་བྲལ་བ་འདུས་མ་བྱས་པའི་གནས་སྐབས་ཅན་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པའོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པའོ། །གཟུང་

བ་དང་འཛིན་པ་ལ་སོགས་པ་སྤྲོས་པ་ཐམས་ཅད་ཆད་པའི་ཕྱིར་དངོས་པོ་མེད་པའོ། །ཉོན་མོངས་པ་དང་སྡུག་བསྔལ་ཐམས་ཅད་མྱ་ངན་ལས་འདས་པའི་ཕྱིར་མྱ་ངན་ལས་འདས་པའོ། །འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་སོ། །ཇི་ལྟར་ཡང་དེ་བཞིན་ཉིད་ལ་སོགས་

པའི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ཟབ་པ་ཞེས་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་ནས་གསུངས་པ་ནི་མི་གནས་པ་ཞེས་བྱ་བ་སྟེ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་བརྗོད་དུ་མེད་པ་དོན་དམ་པའི་ངོ་བོ་ཉིད་ཀྱིས་རབ་ཏུ་མི་གནས་པ་ལ་སོགས་པ་རྣམས་སོ། །རྣམ་པ་ཐམས་

ཅད་དུ་མཚན་ཉིད་ཐམས་ཅད་དང་བྲལ་བའི་ཕྱིར་མཚན་ཉིད་མེད་པའི་བདག་ཉིད་ཀྱིས་ནམ་མཁའ་བཞིན་དུ་གནས་པའི་ཕྱིར་ནམ་མཁའ་དང་འདྲ་བའོ། །འོན་ཏེ་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་མཚན་ཉིད་འདི་རྣམས་གསུངས་པ་སྔར་ནི་ཡོད་པ་མ་ཡིན་ཏེ། དེའི་

ཕྱིར་ཇི་ལྟར་ནམ་མཁའ་དང་མཚུངས་པ་ཞེས་གསུངས་པ་ནི། འདི་དག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་སུ་བགྲང་བ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་དབེན་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གཟུགས་ལ་བརྟེན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པ་རྣམས་ལ་རྟེན་མེད་པའི་ཕྱིར་

เล่ม ๙๔ · หน้า 190b

རོ། །ནམ་མཁའ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བརྒྱ་ལམ་ན་འབྱུང་བ་ཉིད་ཀྱིས་ཐོག་མར་རྣམ་པར་གཞག་པར་བྱེད་པ་པོ་ཡོད་པར་འགྱུར་ཞེས་གསུངས་པ་ནི། མཚན་ཉིད་འདི་དག་ནི་ལྷའམ་མིའམ་མི་མ་ཡིན་པ་དག་གིས་མ་བཞག་གོ་ཞེས་བྱ་བ་སྟེ། ཆོས་ཉིད་ལ་མི་འགྱུར་བའི་ཡོངས་སུ་

གྲུབ་པ་དང་ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པའི་མཚན་ཉིད་གསུངས་པ་ནི་བསྐྱོད་མི་ནུས་སོ་ཞེས་བྱ་བ་སྟེ། བསྐྱོད་པའམ་གནོད་པར་བྱེད་པ་མི་ནུས་ཞེས་བྱ་བའི་དོན་ཏོ། །མཚན་ཉིད་འདི་དག་ཁོ་ནར་ཟད་དོ་ཞེས་བྱ་བ་ནི་གང་ཞིག་གང་གིས་མཚན་ཉིད་དེ་དེའི་ཟློག་པ་ལ་གནོད་པར་བྱེད་པ་སྟེ། དེའི་

མཚན་ཉིད་ཀྱིས་ནི་མ་ཡིན་ནོ། །གང་གི་ཕྱིར་ནམ་མཁའ་ནི་ཕུང་པོ་ལ་སོགས་པའི་དབྱེ་བས་སོ་སོར་བྱེད་པར་གྱུར་པ་ཡང་ནམ་མཁའ་གཞན་ལ་གནོད་པར་བྱེད་པ་མ་ཡིན་ནོ། །ལག་གིས་གཞག་པ་མ་ཡིན་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་དུས་ཐམས་ཅད་དུ་གནས་པའི་ཕྱིར་རོ། །དེའི་ཕྱིར་གསུངས་

པ་ལྷའི་བུ་དག་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ནམ་མཁའ་ནི་སུས་ཀྱང་མ་བཞག་གོ། །འདི་ལྟ་སྟེ་ནམ་མཁའ་ནི་འདུས་མ་བྱས་པའི་ཕྱིར་གང་གིས་ཀྱང་བཞག་པ་མ་ཡིན་པ་དེ་བཞིན་དུ་མཚན་ཉིད་རྣམས་ཞེས་བྱ་བའི་དགོངས་པའོ། །ལྷའི་བུ་དག་དེ་བཞིན་དུ་དེ་བཞིན་

གཤེགས་པ་རྣམས་འབྱུང་ཡང་རུང་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་གནས་པའོ། །གནས་པའི་མཚན་ཉིད་གསུངས་པ་ནི་མཚན་ཉིད་རྣམས་ལ་དུས་ཐམས་ཅད་དུ་གནས་པའི་ཕྱིར་ཇི་ལྟར་སུ་ཞིག་ནམ་གྱི་ཚེ་དེ་བཞིན་གཤེགས་པ་ཞེས་གསུངས་པ་ནི་ཇི་ལྟར་འདི་དག་གནས་པ་ཞེས་བྱ་བ་ལ་

སོགས་པ་སྟེ། དེ་བཞིན་གཤེགས་པ་ཞེས་བརྗོད་དོ་ཞེས་བྱ་བ་ནི་དེ་ལྟར་ཉིད་རྟོགས་པའམ་དེ་བཞིན་ཉིད་རྟོགས་པ་དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་ངེས་པའི་ཚིག་གི་ཕྱིར་རོ། །མཚན་ཉིད་ཟབ་མོ་འདི་དག་ཅེས་བྱ་བ་ལ་སོགས་པ་སྟེ། མཚན་ཉིད་རྣམས་ནི་མངོན་པར་རྫོགས་པར་སངས་རྒྱས་

པ་སྟེ། དེ་རྣམས་ནི་ངོ་བོ་ཉིད་མེད་པས་ན་དེའི་ཕྱིར་ཟབ་པའོ། །ཇི་སྐད་གསུངས་པ། རྟོགས་པ་པོ་མེད་རྟོགས་བྱ་ནི། །དོན་དམ་པ་འདིར་ཡོད་མ་ཡིན། །ཀྱེ་མ་ཤིན་དུ་རྟོགས་དཀའ་བ། །ཆོས་ཉིད་ཁྱེད་ཀྱིས་རྟོགས་པ་ཡིན། །ཞེས་བྱ་བའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་

เล่ม ๙๔ · หน้า 191a

བཞིན་གཤེགས་པ་རྣམས་ཀྱི་ཆགས་པ་མ་མཆིས་པའི་ཡེ་ཤེས་སོ། །ཐམས་ཅད་དུ་ཐོགས་པ་མེད་པའི་ཡེ་ཤེས་དང་ཆགས་པ་མེད་པའི་ཡེ་ཤེས་སོ། །དེ་ཡང་དོན་དམ་པར་ཆོས་ཐམས་ཅད་མི་དམིགས་པའི་ངོ་བོ་ཉིད་ཅེས་བྱ་བ་དེའི་ཕྱིར་ཆོས་ཐམས་ཅད་མི་དམིགས་

པའོ། །ཀུན་རྫོབ་ཏུ་ནི་མེ་ལོང་ལ་སོགས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱིའི་ངོ་བོ་ཉིད་ཀྱིས་ཁྱད་པར་དུ་ཐ་དད་པ་བརྗོད་པར་འདོད་པས་གསུངས་པ་ནི། ཆགས་པ་མ་མཆིས་པའི་ཡེ་ཤེས་ཀྱི་སླད་དུ་ཞེས་བྱ་བ་སྟེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་

ལོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་མཚན་ཉིད་མེད་པ་དང་མཚན་ཉིད་ཡང་དག་པར་མཐོང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ལ་སྟོན་པར་མཛད་པ་ཞེས་ཉེ་བར་བསྟན་ནས། ཉེ་བར་སྡུད་བར་བྱེད་པ་ནི་རབ་འབྱོར་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ད་ནི་བྱས་པ་ཤེས་པ་དང་བྱས་པ་

ཚོར་བ་ཉིད་ཀྱི་དབང་གིས་འཇིག་རྟེན་ཡང་དག་པར་སྟོན་པར་བྱེད་ཅིང་ཞེས་སྟོན་པར་བྱེད་པ་ནི། རབ་འབྱོར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་འདི་ཞེས་བྱ་བ་ནི་མདོར་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །མི་གནས་པ་ཞེས་བྱ་བ་ནི་རྫས་དང་ཆོས་

ཀྱི་གནས་ནི་རྟེན་ནོ། །དེ་མེད་པས་ནམ་མཁའ་བཞིན་དུ་ཆོས་ལ་བཀུར་སྟིར་མཛད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ། །དེ་བཞིན་དུ་འདི་ལ་བཀུར་སྟིར་མཛད་པ་ལ་སོགས་པའི་རྒྱུ་གང་ཡིན་ཞེ་ན། དེའི་ཕྱིར་གསུངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ།

གལ་ཏེ་ཡང་ཆོས་རྣམས་ཀྱི་དེ་ཉིད་ཆོས་ཉིད་དེ་དེ་ལྟ་ན་ཡང་ཅིའི་ཕྱིར་འདི་ལ་བཀུར་སྟིར་མཛད་པ་དེ་ཅིའི་ཕྱིར་ཞེས་གསུངས་པ་ནི་འདི་ལས་ཞེས་བྱ་བ་སྟེ། རབ་ཏུ་འབྱེད་པ་ནི་ཡོངས་སུ་གྲུབ་པའོ། །དེ་ལྟ་ན་ཡང་ཅིའི་ཕྱིར་བཀུར་སྟི་ལ་སོགས་པ་མཛད་ཅེས་གསུངས་པ་ནི། བྱས་པ་ཤེས་ཤིང་བྱས་པ་

ཚོར་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་བདག་གིས་བྱས་འདི་ནི་བདག་གིས་རྟོགས་ཞེས་རང་ཉིད་ཀྱིས་འོང་བ་དང་སྒྲུབ་པ་རྟོགས་པའི་ཕྱིར་རོ། །ཡང་གང་ཞིག་ཅེས་བྱ་བ་ལ་སོགས་པས་དེ་རྣམས་ཉིད་ལ་བྱས་པ་ཉིད་བསྔགས་པར་མཛད། དེ་བཞིན་གཤེགས་པ་ནི་ཞེས་བྱ་བ་སྟེ།

เล่ม ๙๔ · หน้า 191b

གང་གི་ཕྱིར་གྱི་སྒྲ་ནི་ངེས་པ་ལའོ། །འདི་ནི་བྱས་པ་ཤེས་པ་ཉིད་དང་། བྱས་པ་ཚོར་བ་ཉིད་བསྟན་པར་བྱེད་པ་ནི། རབ་འབྱོར་གང་གིས་ཞེས་བྱ་བ་ལ་སོགས་པས་སོ། །ཐེག་པ་གང་དང་གང་གིས་ཞེས་བྱ་བ་ནི་ཐེག་པ་ཆེན་པོས་སོ། །སྒྲུབ་པ་གང་དང་གང་གིས་ཞེས་བྱ་བ་ནི་

མཐོང་བའི་ལམ་གྱིས་སོ། །རྗེས་སུ་འཛིན་ཅིང་ཞེས་བྱ་བ་ནི་རང་ཉིད་ཀྱིས་དེ་མི་བརྗེད་པ་ལས་སོ། །རྗེས་སུ་སྐྱོང་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་སྐལ་བ་ཇི་ལྟ་བ་དེ་བཞིན་དུ་སྟོན་པའི་ཕྱིར་རོ། །མ་བྱས་པ་མ་བྱས་པ་ཞེས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ནི་གང་

གིས་ཀྱང་མ་བྱས་པའི་ཆོས་རྣམས་མ་བྱས་པའི་བདག་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའོ། །འགྱུར་བ་མེད་པ་མེད་པ་ནི་འགྱུར་བ་དང་བྲལ་བའོ། །འགྱུར་བ་མེད་པ་ཞེས་མངོན་པར་རྫོགས་པར་སངས་རྒྱས་པ་མི་འགྱུར་བའི་བདག་ཉིད་ཀྱིས་མཁྱེན་པར་རོ། །མངོན་

པར་འདུས་མ་བྱས་པ་ཞེས་བྱ་བའི་འདོན་པ་ལ་ཡང་དོན་འདི་ཉིད་དོ། དེ་བཞིན་གཤེགས་པའི་བྱས་པ་ཤེས་ཤིང་བྱས་པ་ཚོར་བར་རིག་པར་བྱའོ་ཞེས་བྱ་བ་སྟེ། ཇི་ལྟར་ཡང་མ་བྱས་པའོ་ཞེས་མངོན་པར་རྫོགས་པར་སངས་རྒྱས་ཀྱང་ཇི་ལྟར་བྱས་པ་ཤེས་པ་ཉིད་མ་བྱས་པ་ཉིད་དུ་ཤེས་པས་མ་བྱས་པ་

ཉིད་འདིར་འགྱུར་རོ་ཞེས་གསུངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ཡེ་ཤེས་འཇུག་སྟེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་མ་བྱས་པ་ཞེས་གང་ཞིག་ཡེ་ཤེས་འཇུག་པ་དེ་ཡང་འདི་དག་གིས་བྱས་པ་དང་འདི་དག་གིས་རྟོགས་པ་

ཞེས་རང་ཉིད་ཀྱིས་དོན་སྒྲུབ་པ་རྟོགས་པའི་ཕྱིར་བྱས་པ་ཤེས་པ་དང་བྱས་པ་ཚོར་བ་ཞེས་བྱ་བའི་དགོངས་པའོ། །ཆེན་མོ་རྣམས་ལ་རབ་འབྱོར་འདི་ནི་དེ་བཞིན་གཤེགས་པའི་བྱས་པ་ཤེས་ཤིང་བྱས་པ་ཚོར་བ་ཞེས་འདོན་པ་ཡིན་ནོ། །ཉེ་བར་སྡུད་པར་བྱེད་པ་ནི་འདིས་ཀྱང་ཞེས་བྱ་བ་ལ་

སོགས་པ་སྟེ། འདིས་ཞེས་བྱ་བ་ནི་བྱས་པ་ཤེས་པ་དང་བྱས་པ་ཚོར་བའི་དབང་གིས་ཡང་འཇིག་རྟེན་འདི་ཡང་དག་པར་སྟོན་པ་ཞེས་བྱ་བའོ། །བཅོམ་ལྡན་འདས་གང་གི་ཚེ་ཆོས་ཐམས་ཅད་ཤེས་པ་པོ་དང་མཐོང་བ་པོ་མེད་པ་ཡིན་པ་དེའི་ཚེ་ཞེས་བྱ་བ་ལ། ཤེས་པ་མེད་པས་ན་ཤེས་པ་པོ་མེད་པའོ། །དེའི་

เล่ม ๙๔ · หน้า 192a

ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱེད་པར་བྱེད་པ་ཞེས་མི་འཐད་པའོ། །མཐོང་བ་མེད་པས་ན་མཐོང་བ་པོ་མེད་པའོ། །དེ་བས་ན་འཇིག་རྟེན་འདི་ཡང་དག་པར་སྟོན་པ་ཞེས་མི་འཐད་པ་ཞེས་སྟོན་པར་བྱེད་དོ། །ཡང་ན་ཡིད་ཀྱི་རྣམ་པར་ཤེས་པ་དང་མིག་

ལ་སོགས་པ་རྣམ་པར་ཤེས་པ་དག་གིས་མི་འཛིན་པའི་ཕྱིར་ཡང་དག་པར་སྟོན་པར་བྱེད་པ་ཞེས་རིགས་པ་མ་ཡིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པས་འདི་སྟོན་པར་བྱེད་དེ་ཆོས་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་དང་རྟེན་མེད་པའི་ཕྱིར་ཤེས་པ་པོ་མེད་པ་དང་མཐོང་བ་པོ་མེད་པ་ནི་བདེན་

མོད་ཀྱི། འོན་ཀྱང་དོན་འདི་ལ་འཇིག་རྟེན་དུ་ཤེས་པ་པོ་སུ་ཞིག་ཡོད་པ་མ་ཡིན་ཏེ། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་དོན་འདི་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བས་ན་དེ་དེ་བཞིན་གཤེགས་པ་རྣམས་སྐྱེད་པར་མཛད་པ་དང་འཇིག་རྟེན་འདི་ཡང་

དག་པར་སྟོན་པར་མཛད་པ་ཞེས་སྟོད་པར་བྱེད་པ་ཞེས་བསྟོད་པའི་ངག་འདི་ཞེས་བྱ་བའི་དོན་ཏོ། །ཉེ་བར་སྡུད་པར་བྱེད་པ་ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ན་ཡང་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་ཤེས་པ་པོ་མེད་པ་དང་མཐོང་བ་པོ་མེད་པ་ཡང་དག་པར་སྟོན་པས་སོ། །ཡང་ཆོས་

ཐམས་ཅད་མཐོང་བ་རྣམས་ལ་མ་མཐོང་བའི་ཕྱིར་འཇིག་རྟེན་ཡང་དག་པར་སྟོན་པ་ཞེས་སྟོན་པར་བྱེད་པ་ནི་གཟུགས་མ་མཐོང་བ་དང་ཞེས་བྱ་བ་ལ་སོགས་པས་སོ། །གང་གི་ཚེ་གཟུགས་ནི་དེ་བཞིན་གཤེགས་པས་གཟིགས་པ་དེའི་ཚེ་སྟོན་པར་མཛད་པའོ། །གལ་ཏེ་གཟུགས་མཐོང་བར་གྱུར་

ན་རབ་རིབ་ཅན་ལྟར་བདེན་པའི་དོན་མཐོང་བས་དེ་སྟོན་པར་བྱེད་པར་མི་འགྱུར་རོ། །དེ་ལྟར་ན་སྔར་གྱི་དུས་སུ་རབ་རིབ་ཅན་གྱིས་སྐྲ་ཤད་འཛིངས་པ་ལ་དམིགས་པའི་ཤེས་པ་སྐྱེ་བར་འགྱུར་བ་ནི་ཕྱིས་སྐྱེ་བར་མི་འགྱུར་བ་དེའི་ཚེ་མཐོང་བ་ཡོངས་སུ་དག་པ་ཞེས་བྱ་བར་འགྱུར་རོ། །དེ་བཞིན་དུ་

འདིར་ཡང་གཟུགས་ལ་སོགས་པ་དམིགས་པའི་རྣམ་པར་ཤེས་པ་རྣམས་མི་སྐྱེད་པའི་ཕྱིར་སྟོན་པར་བྱེད་པ་ཞེས་བྱ་བར་འགྱུར་རོ། །འདི་ཉིད་གསུངས་པ་ནི་གང་གི་ཚེ་གཟུགས་ལ་དམིགས་པའི་རྣམ་པར་ཤེས་པ་མི་སྐྱེད་པ་ཞེས་བྱ་བའོ། །རབ་འབྱོར་དེ་ལྟར་ཞེས་བྱ་བ་ལ་སོགས་པས་

เล่ม ๙๔ · หน้า 192b

ཉེ་བར་སྡུད་པར་བྱེད་པ་ནི་འཇིག་རྟེན་སྟོང་པ་ཉིད་དང་། བསམ་གྱིས་མི་ཁྱབ་པ་ཉིད་ལ་སོགས་པ་མཐོང་བའི་དབང་གིས་ཀྱང་སྟོན་པར་བྱེད་པ་ཞེས་གསུངས་པ་ནི། རབ་འབྱོར་ཡང་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔ་རྣམས་སོ། །འཇིག་རྟེན་ཞེས་བྱ་

བ་ནི་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་འཇིག་རྟེན་ནོ། །སྟོང་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའོ། །རྗོད་པར་བྱེད་པ་དང་ཤེས་པར་བྱེད་པ་དང་ཡང་དག་པར་མཐོང་བར་མཛད་པ་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་དང་ཆེ་བའི་རིམ་གྱིས་དེའི་དམིགས་པ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པའི་ཕྱིར་

ཚིག་རྣམ་པ་གསུམ་མོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་རྟོག་གེའི་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་སྨོན་པ་མེད་པའི་ངོ་བོ་ཉིད་ཀྱིས་སོ། །དབེན་པ་ཞེས་བྱ་བ་ནི་མཚན་མ་དང་བྲལ་བ་ཉིད་ཀྱིས་སོ། །རྣམ་པ་གང་གིས་ཤེ་ན། འཇིག་

རྟེན་རྣམ་པར་དག་པས་སོ། །འཇིག་རྟེན་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་ཞེས་བྱ་བའི་དགོངས་པའོ། །དེ་ལྟར་འཇིག་རྟེན་མཐོང་བར་མཛད་དོ་ཞེས་བྱ་བའི་རྣམ་པ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ཡང་དག་པར་སྟོན་པར་བྱེད་ཅེས་བྱ་བ་གཙོ་བོ་ལ་ལྟོས་པར་བྱའོ། །

པོ་ཏི་གཞན་རྣམས་ལ་འདོན་པའི་ཐ་དད་པ་ཡང་ཚུལ་འདི་ཉིད་ཀྱིས་བཤད་པར་བྱ་ཞེས་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེ་བཞིན་གཤེགས་པ་ལ་འཇིག་རྟེན་ཡང་དག་པར་སྟོན་པ་དེ་གསལ་བར་བྱེད་པའི་ལེའུ་དེ་ལྟར་བརྗོད་པ་སྟེ་ལེའུ་བཅུ་གཉིས་པའོ།། །།

འཇིག་རྟེན་དུ་བུ་རྣམས་ཀྱི་མ་ནི་འཛམ་བུའི་གླིང་སྣ་ཚོགས་པ་སྟོན་པར་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་མ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུམ་སྟེ་དེ་བས་ན་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་སྐབས་ཉིད་ལ་རྣམ་པ་མང་པོས་འཇིག་རྟེན་སྟོན་པར་མཛད་པ་ཞེས་བྱ་བ་

ལེའུ་སྔ་མ་ལ་བསྟན་ཟིན་ཏོ། །ད་ནི་གནས་བརྟན་རབ་འབྱོར་བཅོམ་ལྡན་འདས་མ་སྔོན་གྱི་སྤྱོད་པ་རྣམས་ལ་ཡང་སངས་རྒྱས་རྣམས་ཀྱིས་ཕན་པར་མཛད་པ་ཞེས་སྟོན་པར་མཛད་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སོ། །ཟབ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ཅིའི་ཕྱིར་ཟབ་ཅེ་ན་གསུངས་པ་

เล่ม ๙๔ · หน้า 193a

ནི་བགྱི་བ་ཆེན་པོས་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་བྱ་བ་ཆེན་པོས་ཉེ་བར་གནས་པ་དེའི་ཕྱིར་ཟབ་པའོ། །ཀྱེ་མའི་སྒྲ་ནི་དགའ་བ་ལའོ། །ཇི་ཙམ་གྱིས་ཤེ་ན། དེའི་ཕྱིར་གསུངས་པ། བགྱི་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་སྟེ།

བསམ་པ་ལས་རྣམ་པར་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །མཉམ་པ་ལས་འདས་པའི་ཕྱིར་མཉམ་པ་མ་མཆིས་པའོ། །གཞལ་བ་ལས་འདས་པའི་ཕྱིར་གཞལ་དུ་མེད་པའོ། །གྲངས་ལས་འདས་པའི་ཕྱིར་གྲངས་མ་མཆིས་པའོ། །ཐུན་མོང་མ་ཡིན་པའི་ཕྱིར་མི་མཉམ་

པ་དང་མཉམ་པའོ། །སྔོན་གྱི་པོ་ཏི་རྣམས་ལ་གཞལ་དུ་མ་མཆིས་པ་དང་མི་མཉམ་པ་དང་མཉམ་པའི་སྒྲ་དག་འགྲེས་པ་ཐམས་ཅད་ལ་འདོན་པ་མ་ཡིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པས་ཁས་བླངས་པའོ། །དོན་འཆད་པར་འདོད་ཅིང་རང་ཉིད་ཀྱིས་དྲི་བར་བྱེད་པ་ནི་ཅི་ལྟར་

ཞེས་བྱ་བ་ལ་སོགས་པ་སྟེ། བསམ་གྱིས་མི་ཁྱབ་པའི་དོན་གྱི་བྱ་བས་བྱ་བར་འོངས་པ་ཡང་དག་པར་བསྒྲུབས་པས་ཉེ་བར་གནས་པ་བསམ་གྱིས་མི་ཁྱབ་པ་དེ་ནི་ཅི་ཞིག་ཡིན་གང་ཞིག་སྒྲུབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །ལན་ནི་བསམ་གྱིས་མི་ཁྱབ་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དེ་བཞིན་

གཤེགས་པ་ཉིད་ནི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་དེ་ལྟར་གསུངས་པ་ཉིད་དོ། །སངས་རྒྱས་ཉིད་ནི་དོན་དམ་པའི་ཆོས་ཀྱི་རང་གི་ངོ་བོ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །རང་འབྱུང་བ་ཉིད་ནི་སློབ་དཔོན་མེད་པར་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་

པ་ཐམས་ཅད་དུ་ཆོས་རྣམས་ཐམས་ཅད་ལ་དག་པ་ཆགས་པ་མེད་པ་ཐོགས་པ་མེད་པའི་ཡེ་ཤེས་སོ། །དེ་ལྟར་ན་ཞེས་བྱ་བ་ནི་དེ་ལྟ་བུས་སོ། །བྱ་བ་འདི་ཇི་ལྟར་བསམ་གྱིས་མི་ཁྱབ་ཅེས་གསུངས་པ་ནི་སེམས་ཀྱིས་བསམ་པར་མི་ནུས་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཞིག་བསམ་པའི་

ཡུལ་དེ་ཅིས་ཀྱང་སེམས་ལ་སོགས་པ་རྣམས་ཀྱི་ཡུལ་ཡིན་ཞེས་བྱ་བའི་དགོངས་པའོ། །སེམས་དང་རྣམ་པར་ཤེས་པ་དང་སེམས་པ་དང་ཡིད་ཀྱི་ལས་སེམས་ལས་བྱུང་བ་ཤེས་རབ་ལ་སོགས་པ་རྣམས་སོ། །དེ་ལ་ཀུན་བརྟགས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ཉིད་ནི་རི་བོང་

เล่ม ๙๔ · หน้า 193b

གི་རྭ་བཞིན་དུ་མེད་པའི་ཕྱིར་བསམ་པར་བྱ་བ་མི་ནུས་སོ། །རྣམ་པར་རྟོག་པ་ནི་སྒྱུ་མས་སྤྲུལ་པའི་གླང་པོ་ལ་སོགས་པ་བཞིན་དུ་བརྫུན་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །ཆོས་ཉིད་ཀྱི་གཟུགས་ནི་རྣམ་པར་ཤེས་པ་གང་གིས་ཀྱང་བཟུང་བར་ནུས་པ་མ་ཡིན་པ་དེའི་ཕྱིར་བསམ་གྱིས་མི་ཁྱབ་པ་

ཞེས་བརྗོད་པ་ཡིན་ནོ། །བསམ་པར་བྱ་བའི་དོན་དང་གཞལ་བར་བྱ་བའི་དོན་དུ་ཞེས་བྱ་བ་ཡང་བསམ་པའི་སྒྲ་ནི་ཅིའི་ཕྱིར་ཏེ་གང་ཞིག་བསམ་པར་བྱ་བར་མི་ནུས་པ་དེ་ཤིན་ཏུ་ཡང་འཇལ་བར་མི་ནུས་ཞེས་གྲགས་པའི་དོན་དུའོ། །དེ་བཞིན་དུ་གཞལ་དུ་མེད་པ་ལ་སོགས་པའི་བྱ་བའི་དྲི་བ་དང་

ལན་རྣམས་ཤེས་པར་བྱའོ། །བཅོམ་ལྡན་འདས་ཅི་ལགས་ཞེས་བྱ་བ་ལ་སོགས་པ་སྟེ། དགོངས་པ་ནི་འདི་ཡིན་ཏེ་གལ་ཏེ་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་འདི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཉིད་ལ་ཡིན་ན་དེའི་ཚེ་འདི་ནི་ཆོས་ཐམས་ཅད་ལ་ཁྱབ་པར་བྱེད་པར་མི་

འགྱུར་རོ། །དེ་ལྟར་རིགས་པ་མ་ཡིན་ཏེ་གང་ཞིག་དེ་བཞིན་གཤེགས་པའི་ཆོས་ཉིད་དེ་ཆོས་རྣམས་ཐམས་ཅད་ཀྱི་ཡང་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་རིགས་པ་མཉམ་པའི་ཕྱིར་རྗེས་སུ་རློམ་སེམས་སུ་མཛད་ཅིང་གསུངས་པ་ནི་དེ་བཞིན་ཏེ་ཞེས་བྱ་བ་སྟེ། ཆོས་ཉིད་གང་ཡིན་པ་

ཞེས་བྱ་བ་ནི་གཟུགས་སུ་བྱེད་པ་ལ་སོགས་པའི་མཚན་ཉིད་དང་དབེན་པ་ཉིད་དོ། །འདིར་སེམས་པ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་བཤད་པའི་ཆོས་ཉིད་ལ་མཚན་མ་མེད་པའི་ཕྱིར་ཆོས་ཐམས་ཅད་ལ་ཞེས་བྱ་བ་ནི་སོ་སོར་གཟུགས་དང་ཚོར་བ་ལ་སོགས་པ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །

གཞན་དུ་ན་བསྒྲུབ་བྱ་དང་སྒྲུབ་བྱེད་དག་ལ་ཐ་མི་དད་པར་འགྱུར་རོ། །ནམ་མཁའ་དང་མཉམ་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི་མི་མཉམ་པ་དང་མཉམ་པ་ཉིད་ཀྱིའོ། །གཏན་ཚིགས་འདི་ཉིད་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་རྣམས་ཀྱི་ཞེས་བསྟན་པའི་དོན་དུ་གསུངས་

པ་ནི་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་སྟེ། བསམ་གྱིས་མི་ཁྱབ་པ་ཉིད་ལ་སོགས་པ་དང་ལྡན་པ་དེ་བཞིན་གཤེགས་པ་ལ་སོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་སངས་རྒྱས་རྣམས་ལ་སྒྲུབ་པ་དེའི་ཕྱིར་སངས་རྒྱས་རྣམས་ལ་ཕན་པར་མཛད་པའོ། །

เล่ม ๙๔ · หน้า 194a

གལ་ཏེ་ཆོས་རྣམས་ཐམས་ཅད་ཡང་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་དང་ལྡན་པ་དེའི་ཚེ་སེམས་ཅན་ཐམས་ཅད་ཉིད་ལ་བསམ་གྱིས་མི་ཁྱབ་པའི་ཆོས་འདིས་ཉེ་བར་བསྟན་པར་མཛད་པ་དེའི་ཕྱིར་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱི་ཕན་པར་

མཛད་པ་ཞེས་གསུངས་པ་ནི། རབ་འབྱོར་དེ་བཞིན་གཤེགས་པའི་ཆོས་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། །དོན་ནི་འདི་ཡིན་ཏེ་གལ་ཏེ་ཡང་ཆོས་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་ལྟ་ན་ཡང་དེ་བཞིན་གཤེགས་པ་ལས་གཞན་མེད་

དེ་གང་ཞིག་ཆོས་རྣམས་ཐམས་ཅད་འདི་ལྟ་བུར་གྱུར་པ་རྣམ་པར་ཤེས་པ་ཡིན་པ་དེ་བས་ན་ཆོས་རྣམས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཆོས་ཀྱི་དེ་བཞིན་གཤེགས་པའི་ཆོས་སུ་འབྱུང་བ་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱི་དེའི་ངོ་བོས་

གཟུགས་ལ་སོགས་པ་རྣམས་སྟོན་པར་མཛད་ཅིང་ཕན་པར་མཛད་པ་སེམས་ཅན་གཞན་རྣམས་ལ་ནི་མ་ཡིན་ཞེས་བྱ་བའོ། །རྣམ་གྲངས་འདིས་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ལྡན་པའི་ཆོས་རྣམས་ཐམས་ཅད་ཉིད་ཀྱི་དེ་བཞིན་གཤེགས་པའི་ཆོས་ཀྱིས་སོ། །དེ་བཞིན་གཤེགས་

པའི་ཆོས་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཇི་ལྟར་བསྒྲུབ་ཅེས་གསུངས་པ་ནི་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་དང་བྲལ་བ་དང་སྙོམས་པ་ལས་ཡང་དག་པར་འདས་པ་ཇི་ལྟར་གྲུབ་ཅེས་གསུངས་པ་ནི་བསམ་གྱིས་མི་ཁྱབ་པ་དང་མཉམ་པ་ཞེས་བྱ་བ་འདི་ནི་རྣམ་

པར་ཤེས་པར་གྱུར་པའི་ཆོས་ཀྱི་ཚིག་བླ་དགས་སོ་ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། ཆོས་རྣམས་ཐམས་ཅད་ནི་ཀུན་བརྟགས་དང་ཆོས་ཉིད་ཀྱི་ངོ་བོ་ཞེས་བྱ་བའི་ངོ་བོ་གསུམ་དང་ལྡན་པའོ། །ངོ་བོ་གསུམ་ཡང་འདི་རྣམས་ཀྱི་འདི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡོད་པ་ལ་འགྱུར་བ་ཡིན་ཏེ།

གང་གི་ཚེ་རྣམ་པར་རིག་པ་ཙམ་གྱི་ངོ་བོ་ཉིད་ཀྱི་ཆོས་རྣམས་ཐམས་ཅད་དེའི་ཚེ་འདི་རྣམས་ཀྱི་དོན་གྱི་ངོ་བོ་ཉིད་ལོག་པར་རྟོགས་པ་ཞེས་འགྲུབ་པ་ཡིན་ནོ། །དོན་མེད་པ་ལ་རྣམ་པར་རིག་པའི་ངོ་བོ་ཉིད་བརྫུན་དུ་སྣང་བ་ཙམ་དེའི་ཕྱིར་རྣམ་པར་བརྟགས་པ་གྲུབ་པའོ། །གང་གི་ཚེ་རྣམ་པར་རིག་པ་ལ་ཡང་བརྫུན་

เล่ม ๙๔ · หน้า 194b

པ་ཉིད་དེའི་ཚེ་ཐམས་ཅད་ཀྱི་ཐམས་ཅད་དུ་ཆོས་རྣམས་ཐམས་ཅད་ལ་ཀུན་བརྟགས་དང་གཞན་དབང་གི་ངོ་བོ་བྲལ་བ་ལ་གཉིས་མེད་པའི་ངོ་བོ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་སྒྲུབ་བོ། །དེ་ལྟར་ཡང་ཀུན་བརྟགས་ནི་རི་བོང་གི་རྭ་བཞིན་དུ་མེད་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་དང་མཉམ་པ་མེད་པ་རྣམ་པར་བརྟགས་

པ་དེ་བརྫུན་པའི་ཕྱིར་རོ། །ཆོས་ཉིད་ཀྱི་གཟུགས་ནི་རྣམ་པར་ཤེས་པ་གང་གིས་ཀྱང་གཟུང་བར་མི་ནུས་པའི་ཕྱིར་དེ་བཞིན་ཏེ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་དང་མཉམ་པ་མེད་པ་བཞིན་དུའོ། །གཞལ་དུ་མེད་པ་ལ་སོགས་པ་མ་གྲུབ་པ་ལ་ཡང་ནམ་མཁའ་དང་མཉམ་པ་ཉིད་གཙོ་ཆེར་གཏན་

ཚིགས་ལྟོས་པར་བྱ་ཞེས་གསུངས་པ་ནི་ནམ་མཁའ་དང་མཉམ་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་འདི་ཡིན་ཏེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ནམ་མཁའ་དང་འདྲ་བ་དེ་བཞིན་གཤེགས་པའི་ཆོས་རྣམས་ཐམས་ཅད་དོ། །དེའི་ཕྱིར་ནམ་མཁའ་བཞིན་དུ་གཞལ་

དུ་མེད་པ་དང་གྲངས་མེད་པའི་མཉམ་པ་ཉིད་ཀྱིས་གྲངས་མེད་པ་དང་གཞལ་དུ་མེད་པ་དང་མི་མཉམ་པ་དང་མཉམ་པའི་ཆོས་རྣམས་འདི་དག་གོ། །དེ་བཞིན་དུ་ནམ་མཁའ་དང་འདྲ་བ་ཉིད་ཀྱིས་མི་མཉམ་པའོ། །འོན་ཏེ་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་ཆོས་རྣམས་ཐམས་ཅད་ལ་གཞལ་དུ་

མེད་པ་ལ་སོགས་པ་ཉིད་ཡོད་མོད། མི་འདྲ་བ་ཉིད་ནི་ཇི་ལྟར་ཡིན། གལ་ཏེ་ནམ་མཁའ་དང་མཉམ་པ་ཡིན་ན་དེའི་ཚེ་ནམ་མཁའ་དང་འདྲ་བ་ཉིད་དུ་འགྱུར་བ་ཡིན་ཏེ། མི་འདྲ་བ་ནི་མ་ཡིན་ཞེས་གསུངས་པ་ནི། ཀྱེ་མ་ཆོས་འདི་དག་ནི་མཉམ་པར་མི་འཇུག་པ་ཡིན་ཏེ། གང་གི་ཕྱིར་སྟོང་པ་ཉིད་ཀྱི་ངོ་

བོ་ཉིད་ཀྱི་ཆོས་རྣམས་འབྱུང་བ་ན་དངོས་པོའི་ངོ་བོ་གང་གིས་ཀྱང་མཉམ་པར་འཇུག་པ་མ་ཡིན་ནོ། །ངོ་བོ་འདི་ཡང་སྟོང་པ་ཉིད་སྤངས་ནས་གང་ལ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་མི་འདྲ་བར་བརྗོད་པ་ཡིན་ནོ། །དངོས་པོའི་ངོ་བོ་མེད་པ་ཙམ་ནམ་མཁའ་དང་མཉམ་པ་ཞེས་ཡང་བརྗོད་པ་ཡིན་ནོ། །དངོས་པོ་མེད་པ་

ལས་རྫས་མེད་པ་ལ་བཏགས་པ་ཙམ་ནི་ནམ་མཁའ་སྟེ། སྟོང་པ་ཉིད་ནི་དོན་དམ་པར་ཡོད་པ་ཞེས་ཁྱད་པར་ཆེན་པོའོ། །ཉེ་བར་སྡུད་པར་བྱེད་ཅིང་གསུངས་པ་ནི་ནམ་མཁའ་ཟག་པ་ནི་ཉོན་མོངས་པ་རྣམས་ཏེ། དེ་རྣམས་ལས་སེམས་རྣམ་པར་གྲོལ་བའོ། །ལེན་པ་མེད་པར་ནི་ཉོན་མོངས་པ་རྣམས་ཀྱི་

เล่ม ๙๔ · หน้า 195a

ས་བོན་བཞག་པར་མ་བྱས་པའོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་བཞི་པོ་ཐམས་ཅད་ལའོ། །ཆོས་ཀྱང་འདི་ཡིན་ལ་ལམ་ཉིད་ཀྱི་ཕྱིར་མིག་ཀྱང་ཡིན་ཏེ་མཐོང་བ་ཉིད་ཀྱི་ཕྱིར་དེ་བས་ན་ཆོས་ཀྱི་མིག་སྟེ་མཐོང་བའི་ལམ་མོ། །བསམ་གྱིས་མི་ཁྱབ་པའི་ཕྱིར་ཞེས་བྱ་བ་

ལ་སོགས་པ་སྟེ། བསྟན་པ་འདི་ལ་དོན་གང་ཞིག་ཆོས་ཉན་པ་པོ་རྣམས་ལ་སྒྲུབ་པ་གཞན་དག་ལ་གུས་པས་ཉན་པ་ལ་སོགས་པའི་དོན་དུ་དེ་སྟོན་པར་བྱེད་པ་ནི། བཅོམ་ལྡན་འདས་ཀྱིས་བསམ་གྱིས་མི་ཁྱབ་པ་འདི་དག་བཤད་པ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཟོད་པའི་སྐད་ཅིག་མ་

རྣམས་ཀྱིས་བྲལ་བ་ལས་སྐྱེས་པའི་དམ་པའི་ཡེ་ཤེས་ཀྱི་སྐད་ཅིག་མ་རྣམས་ཀྱིས་དྲི་མ་དང་བྲལ་བ་ཡོད་བཞིན་དུ་རྣམ་པར་དག་པའོ། །མི་སྐྱེ་བའི་ཆོས་རྣམས་ལ་ཞེས་བྱ་བ་ནི་ཆོས་རྣམས་ཐམས་ཅད་ལའོ། །བཟོད་པ་ནི་ཟག་པ་མེད་པའི་ཤེས་རབ་སྟེ་དེ་ཐོབ་པར་གྱུར་པ་ནི་གང་ཞིག་ས་

བརྒྱད་པ་ལའོ། །ཟབ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཅིའི་ཕྱིར་ཡང་གནས་བརྟན་རབ་འབྱོར་བགྱི་བ་ཆེན་པོས་ཉེ་བར་གནས་པ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་ཉིད་ཀྱི་གནས་སྐབས་སྟོན་པར་བྱེད་ཅེ་ན། འཁོར་ཡང་དག་པར་རབ་ཏུ་བསྡུ་བའི་དོན་དུའོ། །འདི་ཉིད་བཟུང་ནས་

རྒྱས་པར་བཤད་པར་འདོད་པ་ཉིད་ཀྱིས་ཡང་སྟོན་པར་བྱེད་དེ་སྔར་ནི་སངས་རྒྱས་རྣམས་ལ་སྔོན་གྱི་སྤྱོད་པ་རྣམས་ལ་ཉེ་བར་ཕན་པར་མཛད་པ་ཞེས་བསྟན་ཏོ། །ད་ནི་སངས་རྒྱས་ཀྱི་མཛད་པ་བྱེད་ཅེས་སྟོན་པ་ཡིན་ནོ། །ཡང་དག་པར་ལྡན་པ་ཞེས་བྱ་བ་ནི་འབྲས་བུ་ཉིད་ཀྱིས་སོ་སོར་འབྲེལ་

བའོ། །འདི་ཉིད་བློན་པོའི་དཔེས་གསལ་བར་བྱེད་པ་ནི་འདི་ལྟ་སྟེ་ཞེས་བྱ་བ་སྟེ། རང་གི་ཡུལ་མི་རྣམས་ལ་རྒྱལ་སྲིད་ཉམས་པའི་དོགས་པ་དང་བྲལ་བའི་ཕྱིར་སྟོབས་ཐོབ་པའོ། །རྒྱལ་པོའི་བྱ་བ་ཡང་དག་པར་བསྒྲུབ་པ་ལ་ནུས་པ་ཡང་དག་པར་འབྱུང་བས་བརྩོན་འགྲུས་ཡང་དག་པར་ཐོབ་པའོ། །

བརྩོན་པ་ཆུང་ཞེས་བྱ་བ་ནི་རང་ཉིད་ཀྱིས་བྱ་བ་རྣམས་ལ་འཇུག་པའི་ཕྱིར་རོ། །ཁུར་བོར་བ་ནི་རང་ཉིད་ཀྱིས་འཚོ་བར་བྱ་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་དོན་ནོ། །འདི་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བའོ། །བྱ་བ་མེད་པར་ཇི་ལྟར་བགྱི་བ་ཆེན་པོས་ཉེ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด