བཅོམ་ལྡན་འདས་མའི་མན་ངག་གི་རྗེས་སུ་འབྲང་བ་ཞེས་བྱ་བའི་རྣམ་པར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) བྷ་ག་ཝ་ཏྱཱ་མ་ནཱ་ཡཱ་ནུ་སཱ་རི་ཎི་ནཱ་མ་བྱཱ་ཁྱཱམ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๙๔ · หน้า 223a
བྱ་བ་ལ་སོགས་པས་འགྲོ་བ་ཐམས་ཅད་ལ་ཕན་པར་བྱེད་པའི་རྩེ་གཅིག་པ་ཉིད་ཁྱད་པར་དུ་བྱེད་དེ། དེ་ལ་སྐྱེས་བུ་དམ་པ་ཞེས་བྱ་བ་ནི་ཕྲ་བ་ཙམ་ཡང་གཞན་གནོད་པར་བྱེད་པའི་ལས་ལ་མི་འཇུག་པའི་ཕྱིར་རོ། །སྐྱེས་བུ་ཆེན་པོ་ཞེས་བྱ་བ་ནི་སེམས་
ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱེད་པ་ལ་འཇུག་པའི་ཕྱིར་རོ། །སྐྱེས་བུ་མཆོག་ཅེས་བྱ་བ་ནི་དེ་ཉིད་ལ་བརྩོན་འགྲུས་ཆེན་པོ་བྱས་པའི་ཕྱིར་རོ། །སྐྱེས་བུ་མཆོག་རབ་ཅེས་བྱ་བ་ནི་དེ་ཉིད་ལ་མི་མཐུན་པའི་ཕྱོགས་རྣམ་པར་སྡང་བ་ལ་སོགས་པ་ལ་རྣམ་པར་རྒྱལ་བ་ལ་
མངོན་པར་བརྩོན་པའི་ཕྱིར་རོ། །སྐྱེས་བུ་ཁྱུ་མཆོག་ཅེས་བྱ་བ་ནི་དཔག་བསམ་གྱི་ཤིང་བཞིན་དུ་འགྲོ་བ་རྣམས་ལ་ཉེ་བར་འཚོ་བར་བྱེད་པའི་ཕྱིར་རོ། །ཡང་ན་སྐྱེས་བུ་ཁྱུ་མཆོག་ཅེས་བྱ་བ་ནི་བྱམས་པ་ལ་སོགས་པ་བསྒོམས་པས་བརླན་པའི་སེམས་དང་ལྡན་པའི་ཕྱིར་རོ། །སྐྱེས་
བུ་རྒྱ་ཆེ་བ་ཞེས་བྱ་བ་ནི་མཐའ་ཡས་པའི་བསོད་ནམས་ཀྱི་ཚོགས་ལ་སོགས་པ་སྒྲུབ་པ་ལ་བརྩོན་པ་རྣམས་ཀྱིས་སོ། །སྐྱེས་བུ་མཛེས་པ་ཞེས་བྱ་བ་ནི་དུས་རིང་པོར་གཞན་གྱི་དོན་ལ་གོ་ཆ་བགོས་པའི་ཕྱིར་རོ། །སྐྱེས་བུ་གཙོ་བོ་ཞེས་བྱ་བ་ནི་འགྲོ་བ་ལ་ཕན་པ་དང་བདེ་བའི་སྤྱོད་པ་ལ་
འཇུག་པ་སྔོན་དུ་འགྲོ་བའི་ཕྱིར་རོ། །སྐྱེས་བུ་སྐྱེས་མཆོག་ཅེས་བྱ་བ་ནི་འཁོར་བའི་སྡུག་བསྔལ་སྣ་ཚོགས་པ་རྣམས་ཀྱིས་ཡང་གཞན་གྱི་དོན་ལ་འཁོར་བ་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །སྐྱེས་བུ་པདྨོ་ཞེས་བྱ་བ་ནི་འཁོར་བ་ལ་གནས་ཀྱང་ཉོན་མོངས་པ་རྣམས་ཀྱིས་མ་གོས་པའི་
ཕྱིར་རོ། །སྐྱེས་བུ་པདྨ་དཀར་པོ་ཞེས་བྱ་བ་ནི་ཤིན་ཏུ་དཀར་བ་ལ་སྤྱོད་པའི་ཕྱིར་རོ། །སྐྱེས་བུ་ཅང་ཤེས་ཞེས་བྱ་བ་ནི་རང་ཉིད་ཀྱིས་གདུལ་བའི་ཕྱིར་དང་གཞན་འདུལ་བར་བྱེད་པ་ལ་མཁས་པའི་ཕྱིར་རོ། །སྐྱེས་བུ་གླང་པོ་ཆེ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལྷན་ཅིག་གཡུལ་ངོ་ལ་དེ་
རྣམས་ཀྱིས་ཟིལ་གྱིས་མི་གནོན་པའི་ཕྱིར་རོ། །སྐྱེས་བུ་སེང་གེ་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་མ་ཡིན་པ་དང་འཚེ་བ་དང་འཆི་བ་ལ་སོགས་པའི་འཇིགས་པ་དང་བྲལ་བའི་ཕྱིར་རོ། །སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་ཞེས་བྱ་བ་ནི་སྐལ་བ་ཅན་རྣམས་ལ་མྱ་ངན་ལས་འདས་
เล่ม ๙๔ · หน้า 223b
པའི་གྲོང་ཁྱེར་ཐོབ་པར་བྱེད་པའི་ཕྱིར་རོ། །ཡང་ན་བསྔགས་པའི་ཚིག་འདི་རྣམས་ཐམས་ཅད་བསྲེས་པས་ཤིན་ཏུ་ཆེ་བའི་བསྔགས་པ་གོ་བར་བྱེད་པ་ཡིན་ནོ། །ཅི་ལྟར་ཁྱེད་ནི་བདག་གི་མགོན་པོ་དང་ཁྱེད་ནི་བདག་གི་རྗེ་བོ་དང་ཁྱེད་ནི་བདག་གི་མངའ་བདག་ཅེས་བྱ་བའི་ཚིག་རྣམས་
ནི་མངའ་བདག་ཉིད་ནི་ཁྱད་པར་དུ་བྱེད་དེ། འདིར་ཡང་སྐད་ཅིག་མ་བཅུ་དྲུག་ལ་ལྟོས་པས་ཚིག་རྣམས་བཅུ་དྲུག་ཅེས་བཤད་པ་ཁ་བསྐང་བའི་དོན་དུ་ཚིག་གསུམ་པོ་བསྣན་པ་ཞེས་སྨྲའོ། །པོ་ཏི་སྔ་མ་རྣམས་ལ་ཚིག་བཅུ་གསུམ་ཁོ་ན་འདོན་པ་ཡིན་ནོ། །མཇུག་བསྡུ་བར་བྱེད་པ་ནི་དེ་ལྟར་
ཞེས་བྱ་བ་སྟེ། དེ་ལྟར་ཞེས་བྱ་བ་ནི་གཞན་ལ་གནོད་པ་མི་བྱེད་ཅིང་མཆོག་གི་བདེ་བ་ལ་སེམས་ཅན་ཐམས་ཅད་ངེས་པར་སྦྱར་བར་བྱེད་ཅིང་ཁྱིམ་ན་གནས་པ་ཡིན་ནོ། །འོན་ཏེ། ལེ་ལོ་ཁྱིམ་ན་འོངས་པ་མིན། །མི་སྨྲ་བཞིན་ཡང་བརྫུན་པ་མིན། །ཆད་པར་ངེས་པར་བསྐུལ་བ་ཡི། །གཞན་ལ་མི་བྱེད་པ་
ཡང་མིན། །དེ་བས་ན་གཞན་ལ་གནོད་པ་མེད་པར་ཇི་ལྟར་ཁྱིམ་ལ་གནས་པ་ཞེས་གསུངས་པ་ནི། འདི་ལྟར་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་སྒྱུ་མ་ལྟ་བུའི་འགྲོ་བ་མཐོང་ཞིང་འདི་ལ་ཅིའི་ཕྱིར་ཁྱིམ་ལ་གནས་པའི་སྐྱོན་ཞེས་བྱ་བའི་དོན་ཏོ། །ཕྱག་ན་རྡོ་རྗེ་
གནོད་སྦྱིན་གྱི་དབང་པོ་རྟག་ཏུ་ཕྱི་བཞིན་འབྲང་བ་ཡང་དག་པར་ཤེས་པར་བྱེད་པའི་རྒྱུ་རྟགས་བཅྭ་ལྔ་པ་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། གནོད་སྦྱིན་ཆེན་པོ་ནི་གནོད་སྦྱིན་གྱི་བདག་པོའོ། །དེ་མཐོང་བྱ་མ་ཡིན་པའི་ཕྱིར་ཇི་ལྟར་རྟག་ཏུ་ཕྱི་བཞིན་འབྲང་བ་ཤེས་པར་བྱ་ཞེ་ན་
གསུངས་པ་ནི། དེ་ཐུབ་པར་དཀའ་ཞིང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཐུབ་པར་དཀའ་ཞིང་ཞེས་བྱ་བ་ནི་ལུས་ལ་གནོད་པ་མི་ནུས་པའོ། །འདའ་བར་བྱ་མི་ནུས་པ་ཞེས་བྱ་བ་ནི་འཇིག་པ་ལ་སོགས་པ་སྐྱེ་བ་མེད་པའི་ཕྱིར་རོ། །བསྙེན་པར་དཀའ་བ་ཞེས་བྱ་བ་ནི་གདུག་པའི་སེམས་ཅན་རྣམས་
ཀྱིས་དེ་ལ་བལྟ་བར་ཡང་མི་ནུས་པའི་ཕྱིར་རོ། །སྐྱེས་བུ་ཁྱུ་མཆོག་གི་དབང་པོ་དང་ལྡན་པར་འགྱུར་ཞེས་བྱ་བ་ལ་སྐྱེས་བུ་ཁྱུ་མཆོག་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ཀྱི་དབང་པོ་རྣམས་ནི་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་རྣམས་སོ། །
เล่ม ๙๔ · หน้า 224a
སྐྱེས་བུ་དམ་པ་མ་ཡིན་པར་མི་འགྱུར་ཞེས་བྱ་བ་ནི་ཤིན་ཏུ་དཀའ་བའི་གནས་སྐབས་རྣམས་ལ་ཡང་འགྲོ་བ་འདོན་པར་བྱེད་པའི་སྨོན་ལམ་ཡོངས་སུ་མི་འདོར་བའི་ཕྱིར་རོ། །སྔགས་ཀྱི་རིགས་ནི་སྔགས་ཀྱི་ཁྱད་པར་ལྷ་གང་དག་གིའོ། །རྩི་ནི་འབྲས་བུ་སྨིན་པའི་
མཐའ་ཅན་རྟོགས་སོ། །ལྷ་མོའི་སྔགས་ནི་རིགས་པའོ། །སྨན་ནི་རྩིའོ། །སོགས་པའི་སྒྲས་ནི་འཁྲུལ་འཁོར་ལ་སོགས་པ་ཡོངས་སུ་གཟུང་བའོ། །རྩོད་པ་ནི་ཁྲོས་པས་ཐོབ་པའོ། །རྒོལ་བ་ནི་ངག་གིས་སོ། །ལུང་མི་སྟོན་པ་ཞེས་བྱ་བ་ནི་རྙེད་པ་ལ་སོགས་པ་ལ་རྩེ་གཅིག་པ་ཉིད་ཀྱིས་སོ། །
ཡོངས་སུ་ཤེས་པ་ལ་སེམས་ཅན་རྣམས་བསྟན་པ་ལ་སོགས་པ་ལ་འཇུག་པའི་དོན་དུ་ལུང་བསྟན་པ་བྱེད་པ་ལ་སྐྱོན་མེད་དོ། །ཅི་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་སྐར་རྩིས་ཤེས་པ་ཕས་དྲིས་པ་ལ་ཁྱོད་ལ་བུ་འབྱུང་བར་འགྱུར་ཞེས་བྱ་བ་ལུང་བསྟན་པ་དེ་ཡང་མིར་གྱུར་པ་ཉིད་ལྷའི་ཕུན་སུམ་
ཚོགས་པ་མྱོང་བར་འགྱུར་ཞེས་གསུངས་པ་ལྟ་བུའོ། །དམ་པའི་གཏམ་སྦྱོར་བ་ལས་ལོག་པའི་སྨོན་ལམ་ཅི་ལྟ་བར་སྐྱེ་བ་ལ་སོགས་པ་སྒྲུབ་པར་བྱེད་པའི་རྣམ་པར་དག་པའི་བསམ་པ་ཉིད་རྟགས་བཅུ་དྲུག་པ་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། རྫོགས་པའི་བྱང་ཆུབ་
ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ་ཞེས་བྱ་བའི་མཐར་ཐུག་པས་སོ། །དེ་དག་ནི་འདུ་འཛི་ལ་དགའ་བར་མི་འགྱུར་ཞེས་བྱ་བ་དང་། དམ་པ་མ་ཡིན་པའི་གཏམ་ལ་དགའ་བ་ནི་མངོན་པར་ཆགས་པ་འདི་རྣམས་ལ་མེད་ཅེས་བྱ་བའི་དོན་ཏོ། །འགའ་ཞིག་ཏུ་འདི་ལྟ་སྟེ་དེ་དག་ཕུང་པོ་དང་སྐྱེ་
མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་པ་ཞེས་འདོན་པ་ཡིན་ནོ། །དེ་ལ་ཕུང་པོ་ལ་སོགས་པ་རྣམས་ལ་དང་པོར་མངོན་པར་ཞེན་པ་ནི་སྦྱོར་བའོ། །ཕྱི་ནས་ཤིན་ཏུ་མངོན་པར་ཞེན་པ་ནི་རྗེས་སུ་སྦྱོར་བའོ། །དེ་ལ་རྗེས་སུ་སྦྱོར་བ་
ནི་དེ་དང་ལྷན་ཅིག་ཏུ་སྦྱོར་བའོ། །རྗེས་སུའི་སྒྲ་ནི་ལྷན་ཅིག་པའི་དོན་ལ་སྟེ་ལས་རབ་ཏུ་བརྗོད་པར་བྱ་བའོ། །འདོན་པ་འདི་ཡང་སྔོན་གྱི་པོ་ཏི་རྣམས་ལ་མཐོང་བ་མ་ཡིན་ཏེ་འདོན་པ་འདི་ཉིད་ནི་རིགས་པ་སྟེ། གཏམ་ངན་པ་སྦྱོར་བ་ལོག་པ་ལ་བརྗོད་པར་འགྱུར་བ་ཡིན་པའི་ཕྱིར་རོ། །འདི་ནི་
เล่ม ๙๔ · หน้า 224b
ངན་པའི་གཏམ་མ་ཡིན་ཏེ་ཆེན་མོ་རྣམས་ལ་ནི་སྔར་འདི་ལ་སྟོང་པ་ཉིད་དང་སྦྱོར་བ་གཙོ་བོ་ཞེས་འདོན་པ་རིགས་པ་ཡིན་ནོ། །དེ་བས་ན་མངོན་རྟོགས་དང་སྦྱར་བའི་དོན་དུ་འདི་བསྣན་པའོ། །འདུ་འཛི་ལ་ཞེས་བྱ་བ་ལ་སོགས་པ་སྟེ། འདུ་འཛི་ཉིད་སྟོན་པར་བྱེད་པ་ནི་རྒྱལ་པོའི་
གཏམ་ཞེས་བྱ་བ་ལ་སོགས་པས་སོ། །འོ་ན་ཇི་ལྟར་གནས་པར་བྱ་ཞེ་ན། གསུངས་པ་ནི་གཞན་དུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་སྟེ། འཐབ་མོ་ཞེས་བྱ་བ་ནི་དེ་ལ་ལུས་ངག་གི་བྱ་བ་ནི་འཐབ་མོའོ། །གཟུགས་ངན་པ་ལ་སོགས་པ་བརྗོད་པ་ནི་མཚང་འབྲུ་བའོ། །
རྩོད་པ་དང་རྒོལ་བ་དག་ནི་བཤད་ཟིན་ཏོ། །མི་འབྱེད་པ་སྨྲ་བ་ཞེས་བྱ་བ་ནི་ཕན་ཚུན་དུ་བྱམས་པའི་ཡོན་ཏན་སྨྲ་བ་རྣམས་སོ། །འདོད་པ་ན་སྤྱོད་པའི་ལྷ་དག་ལས་ཞེས་བྱ་བ་ལ་སོགས་པ་སྟེ། འདོད་པའི་ཁམས་ལ་བག་མེད་པའི་རྒྱུ་ནི་རྫས་ཀྱི་བདེ་བ་ལ་རོ་མྱང་བའོ། །གཟུགས་ཀྱི་
ཁམས་ལ་ཡང་གཏན་དུ་བའི་སེམས་ཅན་གྱི་དོན་མ་ཡིན་ནོ། །ནམ་ཞིག་སེམས་ཅན་གྱི་དོན་ལ་ལྟོས་པ་རྣམ་པ་སྣ་ཚོགས་པའི་འགྲོ་བ་འདུལ་བར་བྱེད་པའི་ཐབས་ལ་མཁས་པ་རྣམས་ལ་སྐྱེ་བ་ཡོད་པ་དང་དུས་དེ་ཙམ་དུ་གནས་པའོ། །གཟུགས་མེད་པའི་ཁམས་ལ་སླར་
བདག་ཉིད་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་མེད་པའི་ཕྱིར་དང་། སེམས་ཅན་ཡོངས་སུ་སྨིན་པ་མེད་པའི་ཕྱིར་ལྷ་ཚེ་རིང་པོའི་ནང་དུ་སྐྱེ་བ་མ་བླངས་ཀྱང་སྨོན་ལམ་གྱི་དབང་གིས་སྐྱེ་བར་མི་འགྱུར་བའོ། །འདྲེན་མའི་ལས་ཀྱི་ནུས་པས་གལ་ཏེ་སྐྱེ་བ་ཡིན་ན་དེའི་ཚེ་སྐྱེས་པ་དེ་ཙམ་ཉིད་ནི་འཆི་
འཕོ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོའི་ཆོས་མངོན་པ་ལས་གསུངས་པ། ཉན་ཐོས་ཀྱི་ཞེས་བྱ་བ་ནི་ཁམས་གསུམ་པའི་སེམས་ཅན་ནོ། །རང་སངས་རྒྱས་ཞེས་བྱ་བ་ནི་ཁམས་གཅིག་པའི་སེམས་ཅན་ཏེ་འདོད་པའི་ཁམས་ལས་སྐྱེས་པ་ཉིད་ལ་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའི་
ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་ཁམས་གཉིས་པའི་སེམས་ཅན་ནོ། །འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དག་ལ་སེམས་ཅན་གྱི་དོན་ལ་ལྟོས་པས་སྐྱེ་བ་ཡོད་པའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གནས་པ་ཡོད་པ་མ་ཡིན་ཞེས་
เล่ม ๙๔ · หน้า 225a
བྱ་བའོ། །ཡུལ་གྱི་དབུས་ཞེས་བྱ་བ་ནི་འདི་ཐོབ་པར་བྱེད་པ་སེམས་ཅན་འདུལ་བ་ལ་ལྟོས་པས་དུད་འགྲོ་རྣམས་སུ་སྐྱེ་བ་ཡོད་པའི་ཕྱིར་རོ། །ཇི་སྐད་དུ་གསུངས་པ། ཁམས་གསུམ་པ་ལ་ཕན་པའི་ཐབས་ལ་མཁས་པ་ཁྱོད་ལ་དུད་འགྲོ་རྣམས་ལས་བྱུང་བ་སྨོན་ལམ་དང་ནི་སྐྱེ་བ་
བརྒྱའི་བར་ཞེས་བྱ་བའོ། །རང་གི་ས་ལ་ཐེ་ཚོམ་མེད་པ་ཞེས་བྱ་བ་རྟགས་བཅུ་བདུན་པ་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཐེ་ཚོམ་ཉིད་རྣམས་ནི་ཆེ་བ་དང་འབྲིང་དང་ཆུང་བ་ཐེ་ཚོམ་དང་སོམ་ཉི་དང་ཀུན་དུ་ཞུམ་པ་རྣམས་སོ། །རང་གི་ས་ལ་ཞེས་བྱ་བ་ནི་ས་དང་པོ་ཐོབ་པ་ཉིད་
ཀྱིས་ཕྱིར་མི་ལྡོག་པར་འགྱུར་རོ། །ས་བརྒྱད་པ་ལ་ནི་ཕྱིར་མི་ལྡོག་པ་གཉིས་པར་སྨྲ་སྟེ་འབད་པ་མེད་པ་དང་མཚན་མ་མེད་པ་རྒྱུ་བའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ། །མཚམས་མེད་པའི་སེམས་དེ་དང་ཞེས་བྱ་བ་ནི་མཚམས་མེད་པའི་ཕྱི་ནས་གདུངས་པས་སོ། །སེམས་དེ་བསལ་
བ་ནི་རྣམ་པ་ཐམས་ཅད་དུ་གཏོང་བའོ། །གནས་པ་ནི་དམན་པར་བྱེད་པའོ། །ཕྱིར་མི་ལྡོག་པའི་སེམས་ནི་བདག་ཉིད་ལ་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པའོ། །མི་འཕྲོགས་པའི་སེམས་ཞེས་བྱ་བ་ནི་སླར་ལྡོག་པར་བྱ་བ་མ་ཡིན་པས་སོ། །སེམས་དང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་སོ། །ཡེ་
ཤེས་ཀྱིས་ཞེས་བྱ་བ་ནི་རྟོགས་པའི་ངོ་བོས་སོ། །དེ་བས་ན་འདིར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ཀྱིས་ཀྱང་བདུད་བར་ཆད་བྱ་བར་ནུས་པ་མ་ཡིན་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་ལྷག་པར་མོས་པའི་སྟོབས་ཀྱིས་རྣམ་པ་ཐམས་ཅད་དུ་བདུད་ཀྱི་ལས་རྟོགས་པའི་ཕྱིར་
ཞེས་གསུངས་པ་ནི་གལ་ཏེ་ཡང་དེ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཉིད་དུ་ཞེས་བྱ་བ་ནི་སྐྱེ་བ་འདི་ཉིད་ལའོ། །འདི་ནི་དེ་བཞིན་གཤེགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལས་སྔ་མ་ཞེས་བྱ་བའི་སྒྲས་ཕྱི་མ་བལྟ་བར་བྱའོ། །དེ་ནི་དེ་བཞིན་ཏེ་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་གསུངས་པ་ལ་བདག་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབྱུང་བར་འགྱུར་ཞེས་བྱ་བ་དོན་གྱིས་གོ་བ་ཡིན་ནོ། །སངས་རྒྱས་སུ་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྤྲུལ་པའོ། །ཕྱིར་ལྡོག་ན་ཞེས་བྱ་བ་ནི་བར་ཆད་མི་ནུས་པ་སེམས་དཔའ་ཆེན་པོ་ཞེས་བྱ་བར་ཤེས་ནས་བདུད་རང་གི་
เล่ม ๙๔ · หน้า 225b
ལས་ལས་ལྡོག་པར་འགྱུར་རོ། །སྦྱར་ན་ཞེས་བྱ་བ་ནི་དེ་ཉིད་ལས་ཞེས་བྱ་བའི་དོན་ཏོ། །ཀྱེ་མ་སངས་རྒྱས་འདི་ཞེས་བྱ་བ་འགའ་ཞིག་ཏུ་འདོན་པ་སྟེ་དེ་ལུང་བསྟན་པ་ཞེས་བྱ་བ་དང་འབྲེལ་ཏོ། །ཆོས་ཡོངས་སུ་བཟུང་བའི་དོན་དུ་སྲོག་ཀྱང་ཡོངས་སུ་གཏོང་བ་ཞེས་བྱ་བ་རྟགས་བཅོ་བརྒྱད་པ་
གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་ཡོངས་སུ་གཏོང་བ་ནི་འཚོང་བ་ལ་སོགས་པའོ། །སྲོག་ཀྱང་ཡོངས་སུ་གཏོང་བ་ནི་འཆི་བའོ། །ཅི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་བྱང་ཆུབ་སེམས་དཔར་གྱུར་པ་ན་དམ་པའི་ཆོས་ཚིག་བཞི་ཚིགས་སུ་བཅད་
པའི་དོན་དུ་བརྒྱ་བྱིན་སྲིན་པོའི་གཟུགས་ཅན་གྱི་ཕྱིར་བདག་ཉིད་མེའི་འོབས་སུ་མཆོངས་པ་ཞེས་བྱ་བ་ལ་སོགས་པའི་སྐྱེས་རབས་རྣམས་སོ། །དེ་ནི་སངས་རྒྱས་རྣམས་ལ་གུས་པའི་ཚད་ཅི་ཙམ་པ་དེ་ཙམ་དུ་ཆོས་ལ་ཡང་བྱེད་དེ། དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་སྐུ་ཅན་ཞེས་བྱ་བ་
ཤེས་པའི་ཕྱིར་དང་བདག་ཉིད་ལ་ཡང་མ་འོངས་པའི་སངས་རྒྱས་ཉིད་ཐོབ་པའི་ཕྱིར་རོ། །ཡོངས་སུ་གཟུང་བའི་ཆོས་རྣམས་ལ་ཐེ་ཚོམ་མེད་པ་རྟགས་བཅུ་དགུ་པ་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་དག་ཀྱང་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་གཉིས་སུ་མེད་པ་མཐོང་
བ་རྫོགས་པའི་སངས་རྒྱས་ལ་སོགས་པའི་ཆོས་སྟོན་པ་ཐེ་ཚོམ་མེད་པའི་མཐར་ཐུག་པ་རྣམས་སོ། །ཀྱང་གི་སྒྲ་ནི་མ་གསུངས་པ་ཡང་མང་བ་ཡོད་དོ་ཞེས་མཚོན་པར་བྱེད་དེ་འགའ་ཞིག་ཏུ་འདི་དག་ཅེས་བྱ་བ་ཀྱང་གི་སྒྲས་སྟོང་པ་ཉིད་འདོན་པ་ཡིན་ནོ། །ཕྱིར་མི་ལྡོག་པའི་གང་ཞིག་རྣམ་པ་
དང་མཚན་མ་རྣམས་ཏེ། དེ་གསལ་བར་བྱེད་པའི་ལེའུ་ནི་ལེའུ་བཅུ་བདུན་པའོ།། །།དེ་ལྟར་ཕྱིར་མི་ལྡོག་པའི་ཡོན་ཏན་རྣམས་ཐོས་ནས་ཕྱིར་མི་ལྡོག་པ་ཉིད་མངོན་པར་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་བྱེད་པའི་ཕྱིར་གནས་བརྟན་རབ་འབྱོར་ཟབ་ཅིང་ཟབ་པའི་
གནས་རྣམས་ལ་དྲི་བར་འདོད་ཅིང་དེ་དྲི་བའི་གནས་སྐབས་རྩོམ་པར་བྱེད་དེ་ངོ་མཚར་ཏོ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་ངོ་མཚར་ཏོ་ཞེས་བྱ་བའི་ངག་གཅིག་གོ། །ཅི་ཞིག་ངོ་མཚར་ཞེ་ན་གསུངས་པ་ནི་ཡོན་ཏན་ཆེན་པོ་ཞེས་བྱ་བ་སྟེ། ཡོན་ཏན་གྱི་ཚོགས་ཆེན་པོ་སྟེ་མཐའ་
เล่ม ๙๔ · หน้า 226a
ཡས་པའི་རང་དང་གཞན་གྱི་དབང་དུ་མཛད་ནས། ཡོན་ཏན་བགྲང་བར་བྱེད་མི་ནུས་པའི་ཕྱིར་དེ་དང་ཡང་དག་པར་ལྡན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ནི་སྤྱོད་དེ་ཞེས་བྱ་བ་ལ་སོགས་པ་སྔར་གྱི་འདོན་པའོ། །འགའ་ཞིག་
ཏུ་ཡང་ལྷག་པར་ཚད་མེད་པ་ཞེས་བྱ་བ་ལ་སོགས་པ་འདོན་པ་ཡིན་ནོ། །དེ་ལ་བགྲང་བར་མི་ནུས་པའི་ཕྱིར་དཔག་ཏུ་མེད་པའོ། །གྲངས་ལས་འདས་པའི་རྗེས་ལ་མཆོག་ཏུ་རྒྱ་ཆེ་བའི་ཕྱིར་མུ་མ་མཆིས་པ་དང་མི་འཕྲོགས་པ་དང་ཡང་དག་པ་མ་ཡིན་པ་གཟུང་བར་བྱ་བའོ། །ཉན་ཐོས་དང་
རང་སངས་རྒྱས་རྣམས་ཀྱིས་ཀྱང་ཡང་དག་པར་ཤེས་པར་མི་ནུས་ཞེས་བྱ་བའོ། །འདོན་པ་འདི་ཡང་བསྒོམ་པའི་ལམ་ཟབ་པོ་ཞེས་སྦྱར་བའི་དོན་དུ་བསྣན་པ་ཞེས་སྨྲའོ། །འདིའི་ལས་གཞན་དུ་གནས་བརྟན་རབ་འབྱོར་འཁོར་དེ་ལ་ཕྱིར་མི་ལྡོག་པ་ཉིད་འདོད་པའི་བྱང་
ཆུབ་སེམས་དཔའ་རྣམས་ཀྱི་དོན་མཛད་པའི་ཕྱིར་དང་མ་འོངས་པའི་སྐྱེ་བོའི་ཚོགས་རྗེས་སུ་གཟུང་བའི་དོན་དུ་དྲི་བ་བརྒྱ་ཕྲག་མང་པོས་ཟབ་ཅིང་ཟབ་པའི་གནས་རྣམས་ལ་དྲི་བར་བྱེད་ཅིང་བཅོམ་ལྡན་འདས་ཀྱིས་ཀྱང་ལུང་བསྟན་པར་མཛད་པ་ནི་དེའི་སླད་དུ་ཞེས་བྱ་བ་ལ་སོགས་པ་དྲི་བ་དང་
པོའོ། །དེའི་སླད་དུ་ཞེས་བྱ་བ་ནི་རྣམ་པ་དང་རྟགས་དང་མཚན་མ་ཐམས་ཅད་ཀྱིས་བསྟན་པར་བྱེད་མི་ནུས་པ་གང་གི་ཕྱིར་དེ་བས་ན་ཟབ་ཅིང་ཟབ་པའི་རེ་ཞིག་གནས་རྣམས་ཀྱིས་བསྟན་པར་གྱིས་ཤིག །ཟབ་མོའི་གནས་ལ་ཐེ་ཚོམ་མེད་པ་ཉིད་ཀྱི་གཙོ་བོ་ཕྱིར་མི་ལྡོག་པའི་རྟགས་གཞན་དེ་ཉིད་
ཀྱི་ཕྱིར་འདོད་པ་མ་ཡིན་ཞེས་བྱ་བའི་དགོངས་པའོ། །ཐམས་ཅད་ཟབ་པ་ཞེས་བྱ་བ་ནི་ལན་གཉིས་ཀྱི་དོན་ཏོ། །གནས་ཞེས་བྱ་བ་ནི་རྟོགས་པ་འདི་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་མི་ལྡོག་པ་ཉིད་གནས་པའི་ཕྱིར་གནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་
པའི་རྣམ་པར་རྟོག་པ་རྣམས་ལ་ཕ་རོལ་ཏུ་སོང་བ་ཉིད་ཀྱི་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ་ལམ་གྱི་ངོ་བོ་དེའི་དོན་ཡིན་པའི་ཕྱིར་རོ། །དེ་ལ་སོ་སོར་ལྡན་པ་ནི་སོ་སོར་འབྲེལ་པ་སྟེ་དེའི་རྟེན་ཅན་ཞེས་བྱ་བའི་དོན་ཏོ། །བསྟན་དུ་གསོལ་ཞེས་བྱ་བ་ནི་མཚོན་པར་གསོལ་བའོ། །མཚོན་པར་བྱ་བ་
เล่ม ๙๔ · หน้า 226b
ཞེས་བྱ་བའི་འདོན་པ་ལ་ཡང་མཚོན་པར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ། །ཤེས་པར་བྱ་བར་འདོད་པ་ཞེས་བྱ་བ་ནི་ལྷག་མ་མེད་པར་སྟོན་པར་འདོད་པའོ། །ད་ནི་བཅོམ་ལྡན་འདས་ཟབ་མོའི་གནས་ཉེ་བར་སྟོན་པར་མཛད་པ་ནི་ཟབ་མོ་ཞེས་བྱ་བ་ལ་སོགས་པས་སོ། །ཆོས་ཐམས་ཅད་ལ་ཀུན་
བརྟགས་དང་གཞན་དབང་གི་ངོ་བོ་དག་གིས་མེད་པ་དང་ཡོངས་སུ་གྲུབ་པའི་ངོ་བོས་ཡོད་པ་ནི་སྟོང་པ་ཉིད་དོ། །དེ་ཉིད་ནི་མཚན་མ་མེད་པ་སྟེ་དེ་རིགས་པ་ལ་མཚན་མ་འགག་པའི་ཕྱིར་རོ། །དེ་ཉིད་སྨོན་པ་མེད་པ་སྟེ་དེ་རིགས་པ་རྣམས་ལ་ཁམས་གསུམ་པ་ལ་སྨོན་པ་མེད་པའི་ཕྱིར་རོ། །དེ་ཉིད་ནི་
མངོན་པར་འདུ་མི་བྱེད་པ་སྟེ་དེ་རྣམས་ལ་སླར་སྲིད་པ་གཞན་གྱི་ཕྱིར་ལས་མི་བྱེད་པས་སོ། །དེ་ཉིད་ནི་མ་སྐྱེས་པ་སྟེ་དེ་རྣམས་ལ་རང་བཞིན་གྱིས་མ་སྐྱེས་པ་ཉིད་ཤེས་པའི་ཕྱིར་རོ། །དེ་ཉིད་ནི་དངོས་པོ་མེད་པ་སྟེ་རྫས་སུ་མེད་པའི་ཕྱིར་རོ། །དེ་ཉིད་ནི་འདོད་ཆགས་དང་བྲལ་བ་སྟེ་དེ་རྣམས་ལ་
ཉོན་མོངས་པ་དང་བག་ལ་ཉལ་རྩ་བ་ནས་འདོན་པའི་ཕྱིར་རོ། །དེ་ཉིད་ནི་འགོག་པ་སྟེ་དེ་རྣམས་ལ་སྲིད་པ་གཞན་འགག་པའི་ཕྱིར་རོ། །དེ་ཉིད་ནི་མྱ་ངན་ལས་འདས་པ་སྟེ་དེ་རྣམས་ལ་བག་ཆགས་རྩ་བ་ནས་འདོན་པའི་ཕྱིར་རོ། །དེ་ཉིད་ནི་བྲལ་བར་གྱུར་པ་སྟེ་དེ་རྣམས་ལ་ཟག་པ་དང་
བཅས་པའི་ཕུང་པོ་ཟད་པའི་ཕྱིར་ཞེས་བྱ་བའོ། །དེ་དག་ཅེས་བྱ་བ་ལ་སོགས་པས་དྲི་བ་གཉིས་པའོ། །རབ་འབྱོར་གཟུགས་ནི་ཟབ་པོ་ཞེས་བྱ་བ་ནི་གཟུགས་ཀྱི་དེ་བཞིན་ཉིད་འདིར་ནི་གཟུགས་སུ་བརྗོད་པ་ཡིན་ཏེ་དེ་ལ་ཡོངས་སུ་གྲུབ་པའི་གཟུགས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་
ཀུན་བརྟགས་ཀྱི་གཟུགས་ལ་ཡང་གཟུགས་ཉིད་ཀྱི་ཕྱིར་དེ་ལ་ཡང་བྱིས་པ་རྣམས་ཀྱི་སྤྱོད་ཡུལ་ཉིད་ཀྱིས་ཅི་ལྟར་ཟབ་པ་ཉིད་ཅེས་དོགས་པ་ལ། །དེ་བཞིན་ཉིད་ཅི་ལྟ་བ་དེ་བཞིན་དུ་གཟུགས་ཟབ་པོ་ཞེས་བྱ་བ་གསུངས་སོ། །གང་གི་དེ་བཞིན་ཉིད་ཅེ་ན་གསུངས་པ། རབ་འབྱོར་དེ་ལ་ཞེས་བྱ་
བ་ལ་སོགས་པ་གསུངས་ཏེ། འོན་ཏེ་དེ་བཞིན་ཉིད་ཅེས་བྱ་བ་ནི་རྣམ་པ་མེད་པ་གཟུགས་ལ་སོགས་པའི་མཚན་ཉིད་དམ་གཟུགས་ལ་སོགས་པ་ལ་རག་ལས་པ་མ་ཡིན་ཏེ། གཟུགས་ཀྱི་དེ་བཞིན་ཉིད་དང་ཚོར་བའི་དེ་བཞིན་ཉིད་ཅེས་བྱ་བ་གཟུགས་ལ་སོགས་པའི་སྒྲ་རྣམས་ཀྱིས་ཅི་ལྟར་
เล่ม ๙๔ · หน้า 227a
མངོན་པར་བརྗོད་ཅེས་བྱ་བར་དོགས་པ་ལ་གསུངས་པ་ནི་རབ་འབྱོར་གང་ལ་གཟུགས་མེད་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གང་ལ་གཟུགས་མེད་པ་ཞེས་བྱ་བ་ནི་ཀུན་བརྟགས་སམ་གཞན་དབང་ངོ་། །འདི་ནི་གཟུགས་ཀྱི་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་ཀྱི་ངོ་
བོ་ཉིད་ཟབ་པ་ཉིད་དོ། །དགོངས་པ་ནི་འདི་ཡིན་ཏེ་གང་ཞིག་ཀུན་བརྟགས་དང་གཞན་དབང་གི་གཟུགས་སྤངས་ནས་དེ་དག་ལ་སོ་སོར་གྱུར་པ་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་དོ། །དེ་རྣམ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་གཟུགས་ལ་སོགས་པའི་སྒྲ་རྣམས་ཀྱིས་བརྗོད་པར་མི་ནུས་པའོ། །གང་
ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཀུན་བརྟགས་ཀྱི་གཟུགས་ལ་སོགས་པ་རྣམས་ཀྱིས་དེ་ཉིད་དང་གཞན་ཉིད་ཀྱིས་བརྗོད་པར་བྱ་བ་མ་ཡིན་པ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དེ་གནས་སྐབས་དེ་ལ་ཉེ་བར་མཚོན་པའི་དོན་དུ་གཟུགས་ལ་སོགས་པའི་སྒྲ་རྣམས་ཀྱིས་སྒྲོ་བཏགས་ཤིང་ཐ་
སྙད་བྱེད་པ་ཞེས་བྱ་བའོ། །ཡང་དག་པའི་བསྟན་པས་དགའ་བར་བྱས་པའི་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ངོ་མཚར་ཏོ་ཞེས་བྱ་བ་ལ་སོགས་པ་སྟེ། །ཞིབ་མོས་ཞེས་བྱ་བ་ནི་མཁས་པ་རྣམས་ཀྱིས་རིག་པར་བྱ་བས་སོ། །གཟུགས་ལས་ཀྱང་བཟློག་ལ་མྱ་ངན་ལས་
འདས་པ་ཡང་བསྟན་པ་དང་ཞེས་བྱ་བ་ནི་གཟུགས་ནི་ཟབ་བོ་ཞེས་བྱ་བ་འདིས་ཀུན་བརྟགས་དང་གཞན་དབང་གི་གཟུགས་ལས་བཟློག་ལ་ཆོས་ཉིད་ཀྱི་གཟུགས་མྱ་ངན་ལས་འདས་པ་ཡང་བསྟན་ཞེས་བྱ་བའོ། །འདི་དག་ཅེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་སྟོང་པ་ཉིད་ལ་སོགས་
པ་རྣམས་སོ། །འདི་དག་གང་ཞིག་སེམས་པར་འགྱུར་འཇལ་བར་འགྱུར་ངེས་པར་རྟོགས་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །སེམས་པར་འགྱུར་ཞེས་བྱ་བ་ནི་དམིགས་པ་ལ་བཀུར་སྟིར་བྱས་ཏེ་རྟག་ཏུ་དཔྱོད་པ་ནི་བསམ་པས་སོ། །སེམས་ལ་མཉམ་པར་བྱེད་པ་ནི་འཇལ་བའོ། །
ཡོངས་སུ་དཔྱོད་པ་ནི་ངེས་པར་རྟོག་པའོ། །ཅི་ལྟར་ཞེ་ན་དེའི་ཕྱིར་གསུངས་པ་ནི་བདག་གིས་དེ་བཞིན་དུ་གནས་པར་བྱ་ཞེས་བྱ་བ་སྟེ། གནས་པར་བྱ་ཞེས་བྱ་བ་ནི་བྱེད་པ་ལ་མཐའ་གཅིག་ཏུ་ངེས་པའི་ཕྱིར་རོ། །བསླབ་པར་བྱའོ་ཞེས་བྱ་བ་ནི་དེ་ལྟ་དེ་ལྟར་རྗེས་སུ་བསྒྲུབ་པའི་ཕྱིར་རོ། །བསྒྲུབ་པར་
เล่ม ๙๔ · หน้า 227b
བྱའོ་ཞེས་བྱ་བ་ནི་བསླབ་པ་ལ་མཐར་ཕྱིན་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཅི་ལྟར་བཤད་པའི་རིམ་པས་སོ། །སྒྲུབ་པར་བྱེད་པ་ནི་ཞི་གནས་ཀྱིས་སོ། །ངེས་པར་རྟོག་པ་ནི་ལྷག་མཐོང་གིས་སོ། །ཡོངས་སུ་རྟོག་པ་ནི་གཉི་ག་དག་གིས་སོ། །རབ་ཏུ་སྦྱོར་བར་བྱེད་པ་ནི་ཞི་གནས་ཀྱི་བརྩོན་འགྲུས་ཀྱིས་སོ། །
རྩོལ་བ་ནི་ལྷག་མཐོང་གི་བརྩོན་འགྲུས་ཀྱིས་སོ། །འབད་པར་བྱེད་པ་ནི་གཉི་ག་དག་གིས་སོ། །བཅོམ་ལྡན་འདས་རང་ཉིད་ཀྱིས་དྲི་བར་བྱེད་པ་ནི་ལས་ཅི་ཙམ་བྱེད་པར་འགྱུར་ཞེ་ན་ཞེས་བྱ་བ་སྟེ། ལན་རང་ཉིད་ཀྱིས་གསུངས་པ་ནི། འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པས་སོ། །
འདིར་བུད་མེད་དང་སོ་སོར་ཡང་དག་པར་ལྡན་པའི་རྣམ་པར་རྟོག་པ་འཇུག་པའི་རྒྱུ་རྣམས་ནི་འདོད་ཆགས་ལ་སྤྱོད་པ་ཉིད་དང་བུད་མེད་གཟུགས་བཟང་བ་ཉིད་དང་ལྷན་ཅིག་ཏུ་དུས་བཏབ་པའོ། །དེ་མེད་པས་ཤིན་ཏུ་ཡང་དག་པར་སྦྱོར་བ་དང་ཕྲད་པར་འདོད་པ་དང་མྱུར་དུ་འགྲོ་བར་འདོད་པ་དང་
མྱུར་དུ་དེར་འོང་བ་ལ་དེ་ལ་དམིགས་པའི་འདོད་པའི་རྒྱུན་མེད་པའི་ཕྱིར་རོ། །མཛེས་པ་ཞེས་བྱ་བ་ནི་མཛེས་པའི་ཕྱིར་འབྱུང་བས་ན་མཛེས་པའི་ཡོན་ཏན་རྣམས་སོ། །ལྡན་པའི་དོན་ལ་ཨ་ཙའོ། །དབང་མེད་ན་ཞེས་བྱ་བ་ནི་ནུས་པ་མེད་པའོ། །འདི་ལྟར་སྤྱད་པར་བྱའོ་ཞེས་བྱ་བ་ནི་མདོར་
བསྟན་པའོ། །རྩེ་བར་བྱ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པའོ། །དེ་ལ་བསྐུལ་བ་དང་ཁྲོས་པས་རྐང་པ་ལ་འདུད་པ་དང་ཡོངས་སུ་ཚིམ་པར་བྱེད་པ་ནི་རྩེ་བའོ། །འཁྱུད་པ་དང་འོ་བྱེད་པ་ལ་སོགས་པ་ནི་དགའ་བའོ། །མེ་ཐུ་ནའི་ཕྱིར་བསྟེན་པ་ནི་རབ་ཏུ་རྣམ་པར་སྤྱད་པར་བྱ་
བའོ། །འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་པ་ཞེས་བྱ་བ་ནི་མ་འོངས་པའི་སྐྱེ་བའི་རྒྱུན་ལས་སོ། །ཕྱིར་ཕྱོགས་པར་བྱེད་པ་ནི་འདོར་བར་བྱེད་པའོ། །རྒྱབ་ཀྱིས་ཞེས་བྱ་བ་ནི་མ་འོངས་པ་ལས་འོངས་པ་མེད་པའི་ཕྱིར་རོ། །འགའ་ཞིག་ཏུ་ཕྱིས་བྱེད་པར་འགྱུར་ཞེས་བྱ་བ་ནི་འདོན་པ་
སྟེ་དེ་ལ་ཡང་དོན་ནི་འདི་ཉིད་དོ། །མཐར་འབྱིན་པར་བྱེད་པ་ཞེས་བྱ་བ་ནི་ཕྱི་མའི་མཐའ་ལས་སྔོན་གྱི་མཐའ་ལ་ཁྲིད་པར་བྱེད་པའོ། །གཞག་པ་དང་ཞེས་བྱ་བ་ནི་གཞུང་ཐོས་པར་བྱེད་པ་ལས་སོ། །བཤད་པ་ནི་དོན་ཤེས་པར་བྱེད་པའི་ཕྱིར་རོ། །ཉེ་བར་བསྟན་པ་ནི་ཇི་ལྟར་བསྒོམ་པར་བྱ་བ་དེ་ལྟར་
เล่ม ๙๔ · หน้า 228a
ཉེ་བར་བསྟན་པའི་ཕྱིར་རོ། །ཇི་ལྟར་བསྟན་པ་དང་ཅི་ལྟར་བཤད་པ་ཞེས་བྱ་བ་ནི་མདོར་བསྟན་པ་དང་རྒྱས་པར་བཤད་པ་དག་གིས་བཤད་པའི་ཕྱིར་རོ། །གནས་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རབ་འབྱོར་དེ་ལྟར་ཞེས་བྱ་བ་ནི་
གསུངས་པའི་རིམ་པས་སོ། །རྣལ་འབྱོར་ལ་རྩོམ་པར་བྱེད་པ་ནི་ཏིང་ངེ་འཛིན་སྒྲུབ་པར་བྱེད་པའོ། །ཉེས་པ་དེ་དག་ཅེས་བྱ་བ་ནི་ཐེག་པ་དམན་པ་ལ་སེམས་བསྐྱེད་པ་ལ་སོགས་པ་རྣམས་སོ། །ཉེས་པ་གང་དག་གིས་ལྡོག་པར་འགྱུར་བ་ཞེས་བྱ་བ་སྟེ། འདིས་ནི་ཕྱིར་ལྡོག་
པའི་རྒྱུ་སྐྱོན་ཡོངས་སུ་སྤངས་པས་ཟབ་པའི་གནས་ངེས་པར་དཔྱོད་པ་ལ་ཕྱིར་མི་ལྡོག་པ་ཉིད་ཀྱི་འབྲས་བུ་གསུངས་པ་ནི་ལས་དེ་སྙེད་བྱེད་དོ་ཞེས་བྱ་བ་སྟེ། བསྐལ་པ་ཤིན་ཏུ་མང་བ་མཐར་བྱེད་པ་དང་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་བྱེད་པའི་སྐྱོན་རྣམ་པར་
སྤོང་བའོ། །དེ་བས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་སྦྱིན་པ་ལ་དམིགས་པ་ཅན་གྱི་སྦྱིན་པ་པོ་ལས་འདི་ཉིད་ཁྱད་པར་དུ་འཕགས་ཏེ། བསོད་ནམས་ཆེས་མང་བ་ཉིད་ཀྱིས་ཁྱད་པར་དུ་འཕགས་པར་འགྱུར་རོ། །གང་ཡིན་ཞེ་ན། གསུངས་པ་གང་ཞེས་བྱ་བ་ལ་སོགས་པ་སྟེ་
དུས་རིང་པོར་སོ་སོར་ལེན་པའི་ཁྱད་པར་གྲུབ་པ་ཡང་སྦྱིན་པ་ཉི་མ་གཅིག་ཡོངས་སུ་བསྒོམ་པའི་ཅི་སྐད་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དང་འདྲ་བ་མ་ཡིན་ཞེས་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། སྦྱིན་པར་བྱེད་པ་ནི་གཏོང་བ་ལས་སོ། །རབ་ཏུ་འཇོག་
པ་ནི་ཕྱི་ནས་འགྱོད་པ་མེད་པ་ལས་དེ་རྟག་ཏུ་རྗེས་སུ་འབྲེལ་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱིས་ལྷག་པའི་ཡང་སྦྱིན་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྦྱིན་པ་ཉིད་ལེགས་པར་ཞེས་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། རྫོགས་པར་བྱེད་པར་འགྱུར་བ་
ཞེས་བྱ་བ་ནི་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་རྣམས་ལས་ལྡོག་པའི་ཕྱིར་རོ། །དེ་བཞིན་དུ་བཟོད་པ་ལ་སོགས་པ་རྣམས་ཀྱིས་ལྷག་པའི་ཡང་སྦྱིན་པ་ལས་ཞེས་བྱ་བ་ལ་སོགས་པའི་འགྲེས་རྣམས་ལྷག་ཅིང་ལྷག་པའི་བསོད་ནམས་ཀྱི་རྒྱུ་རྗོད་པར་བྱེད་པ་འདོན་པ་ཡིན་ནོ། །འགའ་
เล่ม ๙๔ · หน้า 228b
ཞིག་ཏུ་འགྲེས་འདི་རྣམས་མི་འདོན་ཏེ་དེ་བས་ན་བསྒོམ་པའི་ལམ་རྣམ་པ་དགུ་བསྟན་པའི་ཕྱིར་བསྣན་པ་ཞེས་ཁ་ཅིག་གོ། །དྲི་བ་གསུམ་པ་ནི་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི། །འདིར་བསོད་ནམས་ཆེས་མང་དུ་བསྐྱེད་ཅེས་བྱ་བ་གསུངས་སོ། །དེ་བས་
ན་རབ་འབྱོར་གྱི་དྲི་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་འབྲལ་བའི་བྱང་ཆུབ་སེམས་དཔའི་གང་མངོན་པར་འདུ་བྱེད་པ་བསོད་ནམས་ཀྱི་བདག་ཉིད་ཅན་དེ་ཀུན་དུ་རྟོག་པ་ཞེས་བྱ་བ་དེའི་ཕྱིར་དེས་བསོད་ནམས་ཆེས་མང་དུ་སྐྱེད་པར་མི་འགྱུར་རོ་ཞེས་རིགས་པ་ཡིན་ཞེས་བྱ་བའི་
དགོངས་པའོ། །གང་པོ་ཏི་རྙིང་པ་རྣམས་ལ་འགྲེས་འདི་མེད་དེ་འབྲི་མཁན་རྣམས་ནི་བག་མེད་པ་ཉིད་ཀྱིས་འཕེལ་བ་ཉེ་བར་སོང་བའོ། །གཞན་དུ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ལ་འབྲེལ་པར་འགྱུར་རོ། །རབ་འབྱོར་དེ་ཡང་ཞེས་བྱ་བ་
ལ་སོགས་པས་བཅོམ་ལྡན་འདས་ཀྱི་ལན་ནོ། །བདག་ཅག་ནི་མངོན་པར་འདུ་བྱེད་པ་རྣམ་པར་སྦྱངས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་ཡོངས་སུ་གཏི་མུག་གི་ངོ་བོ་ཉིད་ཀྱིས་ཆེར་མང་བའི་བསོད་ནམས་སྐྱེ་བར་མི་སྨྲའོ། །འོ་ན་གང་ཞིག་བྱང་ཆུབ་སེམས་དཔའ་ལ་
སྐྱེས་པའི་བསོད་ནམས་མངོན་པར་འདུ་བྱེད་པ་དུས་རྟག་ཏུ་རྣམ་པ་ཐམས་ཅད་དུ་སྟོང་པ་ཞེས་བྱ་བ་དང་། གསོག་ཅེས་བྱ་བ་དང་། གསོབ་ཅེས་བྱ་བ་ཇི་ལྟར་སོ་སོར་རྟོག་པར་བྱེད། དེ་ལྟར་སོ་སོར་རྟོགས་པར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་འབྲལ་བའི་ཕྱིར་གཞལ་དུ་མེད་
པ་དང་གྲངས་མེད་པའི་བསོད་ནམས་སྐྱེ་བ་ཞེས་སྨྲའོ། །དེ་ལ་ཀུན་བརྟགས་དང་གཞན་དབང་གི་ངོ་བོ་དག་གིས་མེད་པའི་ཕྱིར་སྟོང་པའོ། །བྱིས་པ་རྣམས་ཀྱིས་མི་ཤེས་པའི་ཕྱིར་མི་ཤེས་པའི་དོན་ལ་ཀའི་རྐྱེན་ནོ། །ཁོ་ནར་སྣང་བ་ནི་བརྗོད་པའོ། །རྗེ་བོ་མེད་པའི་ཕྱིར་གསོག་གོ། །གཟུང་
བར་བྱ་བ་མ་ཡིན་པའི་ཕྱིར་གསོབ་པོ། །འཛིན་པར་བྱེད་པ་མེད་པའི་ཕྱིར་སྙིང་པོ་མེད་པའོ། །འདི་ལྟར་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པ་རྣམས་ཀྱིས་སོ། །ཅི་ཞིག་ཐ་དད་དུ་བགྱི་བ་ཅི་མཆིས་བྱེ་བྲག་ཅི་མཆིས་ཞེས་གནས་སྐབས་ཀྱིས་འོངས་པའི་ཕྱིར་དྲི་བ་བཞི་པ་གསུངས་པ་ནི་
เล่ม ๙๔ · หน้า 229a
བྱེ་བྲག་སྟེ་མཆོག་ཡང་ངོ་། །ཐ་དད་དུ་བྱ་བ་ནི་གཅོད་པ་ཡང་ངོ་། །དེ་དག་རྣམ་པར་བཅད་པས་ཕན་ཚུན་དུ་ངེས་པར་བྱ་བའི་ཕྱིར་ཐ་དད་པ་ཉིད་ཇི་ལྟར་རྟོགས་པ་དེ་བས་ན་གཉི་ག་བླངས་པའོ། །ཚད་མ་ཞེས་བྱ་བ་ནི་རྒྱ་ཆེ་བ་ཡོངས་སུ་གཅོད་པ་རྣམས་སོ། །
དེ་རྣམས་མེད་པའི་ཕྱིར་གཞལ་བར་མི་ནུས་པས་ན་གཞལ་དུ་མེད་པའོ། །བགྲང་བས་ཞེས་བྱ་བ་ནི་གཅིག་ལ་སོགས་པའི་ངག་ཏུ་བགྲང་བ་ཉིད་ཀྱིས་སོ། །ཟད་པར་ཞེས་བྱ་བ་ནི་མཐར་ཐུག་པར་ཁྲིད་པ་ཉིད་དུའོ། །བཅོམ་ལྡན་འདས་རྣམ་གྲངས་མཆིས་སམ་ཞེས་བྱ་བ་ལ་སོགས་
པས་དྲི་བ་ལྔ་པ་གསུངས་པ་སྟེ། གཟུགས་ཀྱང་གཞན་དུ་མ་མཆིས་ཞེས་བྱ་བ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་གྲུབ་པ་ལ་དགོངས་ནས་གསུངས་སོ། །གང་གི་ཚིག་ཅེས་བྱ་བ་ལ་སོགས་པས་དྲི་བ་དྲུག་པ་གསུངས་སོ། །ལྷག་པའི་ཚིག་ནི་ཚིག་བླ་དགས་ཏེ། གཙོ་བོ་རྗོད་
བྱེད་ཅེས་བྱ་བའི་དོན་ཏོ། །བསོད་ནམས་གཞལ་དུ་མེད་པ་གསུངས་ཏེ། དེ་བས་ན་ཅི་ལྟར་གཟུགས་ལ་སོགས་པ་རྣམས་ལ་གཞལ་དུ་མེད་པ་ཉིད་ཅེས་བྱ་བའི་དགོངས་པའོ། །སྟོང་པ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། སྟོང་པ་ཉིད་ཀྱི་ཞེས་བྱ་བའི་འབྲེལ་པ་ཅན་གྱི་མཚན་མ་མེད་པ་
ཉིད་ཀྱིས་བསོད་ནམས་གཞལ་དུ་མེད་པ་ཞེས་གསུངས་སོ། །གཟུགས་ལ་སོགས་པ་རྣམས་ནི་སྟོང་པ་ཉིད་ཀྱི་བདག་ཉིད་དེ་དེའི་ངོ་བོ་ཉིད་ཀྱང་བསོད་ནམས་ཞེས་དགོངས་པའོ། །འདི་ཉིད་ནི་ཅི་སྟོང་པ་ཉིད་འབའ་ཞིག་གི་ཞེས་བྱ་བ་སྟེ། དྲི་བ་བདུན་པ་ཡོད་པ་ལ་བཅོམ་ལྡན་འདས་ཀྱིས་གསལ་
བར་མཛད་དེ། འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པས་སོ། །ཆོས་ཐམས་ཅད་ལ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ཀྱང་དུས་གཞན་ལ་འཇིག་པར་འགྱུར་ཞེས་གསུངས་པ་ནི་མི་ཟད་པ་ཡང་ཡིན་ལ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་མི་འདོར་བའི་ཕྱིར་
ནམ་མཁའ་བཞིན་དུ་ཞེས་བྱ་བའི་དགོངས་པའོ། །གཞལ་དུ་མེད་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་ནམ་མཁའ་ལྟར་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཆོས་འདི་དག་ཅེས་བྱ་བ་ནི་མི་ཟད་པ་དང་གཞལ་དུ་མེད་པ་དང་སྟོང་པ་ཉིད་དང་མཚན་མ་མེད་པ་ལ་སོགས་པ་རྣམས་ལའོ། །འོན་ཏེ་སྒྲ་རྣམས་
เล่ม ๙๔ · หน้า 229b
ཀྱང་རྣམ་པ་སྣ་ཚོགས་པ་སྟེ་ཇི་ལྟར་དོན་གཅིག་ལ་རྣམ་པར་གཅད་པ་ཐ་དད་པའི་ཆ་ལས་ཞེས་བྱ་བའི་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འདི་ནི་བསྟན་པ་མངོན་པར་བསྒྲུབ་པ་བཤད་པ་ཞེས་བྱ་བ་ནི་གང་ཞིག་འདི་སྙིང་རྗེ་ཆེན་པོ་ལ་རབ་ཏུ་སྦྱོར་བ་མོས་པ་སྣ་ཚོགས་པའི་སེམས་ཅན་རྣམས་
ལ་བཅོམ་ལྡན་འདས་ཀྱི་སྒོ་སྣ་ཚོགས་པའི་བསྟན་པ་མངོན་པར་སྒྲུབ་པའོ། །དེའི་བཤད་པ་འདིས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བསྟན་པ་རྒྱུ་མཐུན་པ་ཞེས་བྱ་བའི་དོན་ཏོ། །ངོ་མཚར་ཏོ་ཞེས་བྱ་བ་ནི་ཆོས་ཉིད་ནི་དེ་ཁོ་ན་ཉིད་ལས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དོ། །བརྗོད་པར་བྱ་བ་མ་ཡིན་པ་ཉིད་ལ་ཡང་སྣ་ཚོགས་
པའི་བརྗོད་པ་འཇུག་པ་ཡང་དག་པར་བསྟན་པའི་ཕྱིར་རོ། །དེ་ལྟ་ན་ཡང་བརྗོད་པར་བྱ་བ་མེད་པ་ཉིད་ལ་མི་གནོད་པའི་ཕྱིར་བརྒྱུད་ནས་ཀྱང་དོན་དམ་པ་དང་འབྲེལ་པའི་བརྡའི་དབང་གིས་བརྗོད་པར་བྱ་བ་མེད་པ་དེ་ཉིད་རྟོགས་པའི་ཕྱིར་རོ། །གལ་ཏེ་བརྗོད་པ་མེད་པར་གྱུར་ན་བརྗོད་པར་བྱ་བ་ཆོས་རྣམས་
ཀྱི་བརྗོད་པར་བྱ་བ་མེད་པ་དེ་ཉིད་རྟོགས་པར་མི་འགྱུར་ཞེས་བྱ་བ་ངོ་མཚར་བའི་དོན་ཏོ། །བདག་གིས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྟེ། སྔར་གྱི་ཆོས་ཉིད་ཁོ་ན་ལ་བརྗོད་དུ་མ་མཆིས་པ་གསུངས་སོ། །ད་ནི་ཆོས་ཉིད་དེ་དང་ཐ་མི་དད་
པའི་ཆོས་རྣམས་ཐམས་ཅད་ཉིད་ཀྱི་བརྗོད་དུ་མ་མཆིས་པ་བསྟན་པར་བྱེད་པ་ནི་རྗེས་སུ་རློམ་སེམས་སུ་མཛད་ཅིང་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། དྲི་བ་བརྒྱད་པ་གསུངས་པ་ནི། ཡང་ཅི་ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་
ཡང་ཅི་ཞེས་བྱ་བ་ནི་བརྗོད་པར་བྱ་བ་མེད་པ་ཉིད་ཀྱིས་སྟོང་པ་ཉིད་བརྗོད་པའི་ཕྱིར་དང་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་པའི་ཕྱིར་དང་དཀར་པོའི་ཆོས་ཀྱི་དབང་གིས་འཕེལ་བ་མེད་པ་དང་ནག་པོའི་དབང་གིས་ཡོངས་སུ་འགྲིབ་པ་མེད་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡང་དོན་དམ་པར་སྟོང་
པ་ཉིད་ཀྱི་ཕྱིར་འཕེལ་བ་དང་ཡོངས་སུ་འགྲིབ་པ་དག་མེད་དོ། །དེ་ལྟར་ཡོད་པ་ན་རྒྱུ་གང་གིས་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་འཕེལ་བའི་དབང་གིས་དེའི་སྟོབས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའམ་
เล่ม ๙๔ · หน้า 230a
ཇི་ལྟར་ཉེ་བར་འགྱུར་བ་ཞེས་བྱ་བའོ། །དྲི་བ་དགུ་པ་གསུངས་པ་ནི། དེ་ལྟར་ཞུས་པའི་བཅོམ་ལྡན་འདས་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་རབ་འབྱོར་གྱི་ཚིག་ལ་རྗེས་སུ་གནང་ནས་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ཐབས་ལ་མཁས་པ་དང་ཡོངས་སུ་བསྔོ་བའི་
སྟོབས་ཀྱིས་ཞེས་བྱ་བ་སྟོན་པར་བྱེད་དེ། ཕ་རོལ་ཏུ་ཕྱིན་པའི་དོན་ལ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱི་དོན་ལ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་འཕེལ་བ་དང་འགྲིབ་པ་དག་མེད་དོ། །འདི་ལྟར་རློམ་སེམས་སུ་བྱེད་དེ་རྣམ་པ་གཉིས་ཀྱིས་བྱང་ཆུབ་མི་ཐོབ་པར་འགྱུར་ཏེ་གལ་ཏེ་སྦྱིན་
པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་དམིགས་པའི་ལྟ་བ་ཅན་དུ་འགྱུར་བའམ་ཡང་ན་དོན་དམ་པར་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་འདི་རྣམས་ལ་རློམ་སེམས་སུ་བྱེད་ཅིང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྣམས་ལ་མི་འཇུག་པ་འམ་ཡང་ན་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་སྔོ་བར་མི་
བྱེད་པ་སྟེ་འདི་གཉི་ག་ཡང་མེད་དོ། །དེ་ལ་ཕྱོགས་དང་པོ་ལ་མེད་པ་གསུངས་པ་ནི་འདི་ནི་མིང་ཙམ་མོ་ཞེས་བྱ་བ་སྟེ། གཉིས་པ་མེད་པ་གསུངས་པ་ནི། དེ་སྦྱིན་པ་སྦྱིན་པར་བྱེད་ཅིང་ཞེས་བྱ་བ་ལ་སོགས་པས་སོ། །ཡིད་ལ་བྱེད་པ་དེ་དག་དང་སེམས་བསྐྱེད་པ་དེ་དག་ཅེས་བྱ་བ་ནི་གང་
རྣམས་ཀྱིས་སྦྱིན་པ་སྦྱིན་པའོ། །དགེ་བའི་རྩ་བ་དེ་དག་ཅེས་བྱ་བ་ནི་སེམས་བསྐྱེད་པ་དེ་རྣམས་དང་ཡང་དག་པར་ལྡན་པའོ། །བྱང་ཆུབ་ཅི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོའོ་ཞེས་བྱ་བ་ནི་གཞན་དུ་ན་ཡོངས་སུ་བསྔོ་བ་དེ་ནི་བྱང་ཆུབ་ཀྱི་ཕྱིར་མི་འགྱུར་རོ། །དེ་བཞིན་དུ་འོག་
མ་རྣམས་ལ་ཡང་བལྟ་བར་བྱའོ། །དྲི་བ་བཅུ་པ་གསུངས་པ་ནི། འདི་ཡང་གང་ལགས་ཞེས་བྱ་བ་སྟེ། རྫོགས་པའི་བྱང་ཆུབ་ལ་ཡང་དོན་དམ་པ་གཟུགས་ལ་སོགས་པ་དང་ཐ་མི་དད་པའི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་སྙིང་པོར་བྱ་བའི་ཕྱིར་དྲི་བར་བྱེད་པ་ནི་རྒྱུན་མི་འཆད་པར་ནི་ཡང་དང་ཡང་
དུའོ། །མང་དུ་ཞེས་བྱ་བ་ནི་རྒྱུན་གྱིས་སོ། །རབ་འབྱོར་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བའོ། །སྟོང་པ་ཉིད་གཙོ་བོར་བྱས་པའི་ལེའུ་ནི་སྟོང་པ་ཉིད་ཀྱི་ལེའུ་སྟེ་ལེའུ་བཅོ་བརྒྱད་པའོ།། །།ཟབ་མོའི་གནས་ཀྱི་གནས་སྐབས་ཉིད་ལས་དྲི་བ་བཅུ་གཅིག་པ་
เล่ม ๙๔ · หน้า 230b
གསུངས་པ་ནི་ཡང་ཅི་ཞེས་བྱ་བ་ལ་སོགས་པ་སྟེ། དགེ་བའི་རྩ་བ་ཉེ་བར་བསགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ནོ། །དེ་ལ་ཇི་ལྟར་ཉེ་བར་བསགས་པར་བརྗོད། རེ་ཞིག་བྱང་ཆུབ་སེམས་དཔའ་འདི་བསྐལ་པ་གྲངས་མེད་
པ་གསུམ་ལས་སྔ་རོལ་དུ་གང་ཞིག་སེམས་བསྐྱེད་པ་དང་པོ་དེའི་སྟོབས་ཀྱིས་ཅི་ཞིག་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རམ་འོན་ཏེ་གཉིས་པའམ་གསུམ་པས་སོ། །འོན་ཏེ་གང་ཞིག་འདི་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་ཐམས་ཅད་ཀྱི་ཐ་མའི་སེམས་བསྐྱེད་པ་དེའི་སྟོབས་
ཀྱིས་ཅི་ཞིག་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །དེ་ལ་སེམས་རྩེ་གཅིག་གིས་རྫོགས་པའི་བྱང་ཆུབ་ཐོབ་པ་མ་ཡིན་ཏེ་དེ་ལ་དེ་ལྟ་བུའི་ནུས་པ་མེད་པའི་ཕྱིར་དང་ཡོངས་སུ་ལྷག་པའི་བསོད་ནམས་ཀྱི་ཚོགས་དོན་མེད་པར་ཐལ་བའི་ཕྱིར་རོ། །ཐམས་ཅད་ཀྱིས་ཀྱང་མ་ཡིན་ཏེ་
སྐད་ཅིག་མས་ཐ་དད་པར་གྱུར་པ་དེ་རྣམས་ལ་ཉེ་བར་བསགས་པ་མེད་པའི་ཕྱིར་ཞེས་བྱ་བར་སྟོན་པར་བྱེད་པ་ནི་དེ་ལ་བཅོམ་ལྡན་འདས་མར་མེའི་སྙིང་པོས་བཀའ་སྩལ་པར་གྱུར་ཏོ། །འབྲུ་མར་གྱི་མར་མེ་ནི་མར་མེའོ། །དང་པོ་ཕོག་པས་ཞེས་བྱ་བ་ནི་དེ་ཉིད་ཀྱིས་ལྷག་མའི་སྙིང་པོ་ཚིག་པ་
ནི་མ་ཡིན་ཏེ་རང་གི་ཚིག་པར་བྱ་བ་ཙམ་ཉིད་ལ་ཚིག་པའི་ཕྱིར་རོ། །དེ་བཞིན་དུ་མེ་ལྕེ་ཕྱི་མ་ཕོག་པ་ལ་ཡང་སྦྱར་བར་བྱའོ། །འདི་ཉིད་ནི་རབ་འབྱོར་གྱིས་གསལ་བར་བྱེད་པ་ནི་དེ་མ་ལགས་སོ་ཞེས་བྱ་བ་ལ་སོགས་པས་སོ། །ལྷག་མ་མེད་པའི་སྙིང་པོ་ཚིག་པ་ལ་རང་གི་ཆའི་རིམ་
པས་མེ་ལྕེ་ཐམས་ཅད་ཕོག་པས་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས་གཙོ་བོ་སྦྱོར་བར་བྱེད་པ་ནི་རབ་འབྱོར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་སོ། །ཇི་ལྟར་མར་མེའི་སྙིང་པོ་ཚིག་པར་གྱུར་པ་སྐད་ཅིག་མ་ཐ་དད་པ་ཉིད་ཀྱིས་མར་མེའི་སྐད་ཅིག་མ་ཐམས་ཅད་ཀྱི་སྟོབས་
ཀྱིས་ཚིག་པ་ཞེས་བརྗོད་དོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སྟོབས་ཀྱིས་མངོན་པར་རྫོགས་པའི་བྱང་ཆུབ་ཀྱང་ཞེས་སྟོན་པར་བྱེད་དེ་སྐད་ཅིག་མ་ཉིད་ཡོད་པ་ལ་ཡང་འདུ་བྱེད་ཀྱི་བག་ཆགས་གཏད་པའི་རིགས་པས་འགྱུར་ཞེས་བྱ་བའི་དོན་ཏོ། །སེམས་བསྐྱེད་པ་དེ་དག་གིས་ཀྱང་
เล่ม ๙๔ · หน้า 231a
མ་ཡིན་ཞེས་བྱ་བ་ནི་སོ་སོར་ནུས་པ་མེད་པའི་ཕྱིར་རོ། །དེ་རྣམས་ལ་ནུས་པ་མེད་པ་ཉིད་མ་ཡིན་ཞེས་གསུངས་པ་ནི། སེམས་བསྐྱེད་པ་དེ་དག་ལས་གཞན་པས་ཀྱང་མངོན་པར་རྫོགས་པར་འཚང་མི་རྒྱ་བ་སྟེ་ཞེས་བྱ་བ་སྟེ། ཡང་ཟབ་པའི་གནས་གཞན་སྟོན་
པར་བྱེད་པ་ནི་སེམས་གང་འགག་པ་དེའི་ཕྱིར་འབྱུང་བར་འགྱུར་རམ་ཞེས་བྱ་བ་སྟེ། འགག་པ་ཞེས་བྱ་བ་ནི་རང་བཞིན་གྱིས་འགག་པ་འདུས་མ་བྱས་པ་རི་བོང་གི་རྭ་དང་མཚུངས་པ་བརྗོད་པ་ཡིན་ནོ། །དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་རི་བོང་གི་རྭ་ལ་སྐྱེ་བའི་དོན་ནི་གང་ལགས། ཅི་སེམས་གང་
འབྱུང་བ་དེ་འགག་པའི་ཆོས་ཅན་ཡིན་ནམ་ཞེས་བྱ་བ་སྟེ། འདུས་བྱས་ཀྱི་སེམས་བརྗོད་པ་ནི་གང་ཞིག་འགག་པའི་ཆོས་ཅན་དེ་འགག་པར་འགྱུར་ཞེས་བྱ་བ་འགག་པ་གཉིས་པ་མེད་པའི་ཕྱིར་སེམས་གང་བྱུང་བ་དེ་འགག་པའི་ཆོས་ཅན་ཡིན་ནམ་ཞེས་བྱ་བ་བརྗོད་པ་ཡིན་ནོ། །གང་
ཞིག་ཡང་དག་པར་བྱུང་བའི་སེམས་དེ་གང་གི་ཚེ་མ་འོངས་པ་ཉིད་ཀྱི་ཕྱིར་མ་སྐྱེས་པ་དེའི་ཚེ་ཅི་ཞིག་འགག་པའི་ཆོས་ཅན་ཞེས་དྲི་བར་བྱེད་པ་དེ་ནི་མ་ལགས་སོ་ཞེས་བྱ་བ་སྟེ། མ་སྐྱེས་པ་ལ་ཆོས་གང་གིས་ཀྱང་འབྲེལ་པ་མེད་པའི་ཕྱིར་གསུངས་པ། གང་གི་ཚེ་དེ་ལ་འགག་པའི་
ཆོས་ཉིད་དེའི་ཚེ་འགག་པ་ཡང་མེད་ཅེས་གསུངས་པ་ནི། དེ་ནི་མ་ལགས་སོ་ཞེས་བྱ་བ་སྟེ། ཅི་སེམས་གང་མི་འབྱུང་མ་འགགས་པའི་ཆོས་ཅན་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཉིད་ཀྱི་སེམས་གསུངས་ཏེ་དེ་ཡང་འགག་པར་འགྱུར་བ་མ་ཡིན་ཏེ། སེམས་ལ་རྟག་
ཆད་དང་བྲལ་བའི་ཕྱིར་རོ། །ཅི་ཆོས་གང་རང་བཞིན་གྱིས་ངོ་བོ་ཉིད་འགག་པ་ཉིད་ཅེས་བྱ་བ་ནི་གང་ཞིག་སྔར་འདུས་མ་བྱས་པའི་རི་བོང་གི་རྭ་དང་མཉམ་པའོ། །སེམས་གང་ཞིག་འགག་པ་ཞེས་བྱ་བ་སྔར་གསུངས་པ་དེ་ལ་སྔར་སྐྱེ་བ་བཞིན་དུ་ད་ལྟར་འགག་པའི་སླད་དུ་བརྗོད་པ་ནི། དེ་ནི་
མ་ལགས་སོ་ཞེས་བྱ་བ་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་དོ། །སྟོང་པ་ཉིད་གཡོ་བ་མེད་པ་ནི་དངོས་པོ་རྣམས་ཀྱི་རང་བཞིན་ཏེ། དེ་ནི་ཇི་ལྟར་འགག་པར་འགྱུར། འོ་ན་འགག་པ་མེད་པ་ལ་གནས་པ་དུས་ཐམས་ཅད་དུ་འགྱུར་རོ་ཞེ་ན། གསུངས་པ་ནི། འདི་
เล่ม ๙๔ · หน้า 231b
ཅི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་སྟེ། རབ་འབྱོར་གྱིས་གསོལ་པ། དེ་བཞིན་ཉིད་ཅི་ལྟ་བ་དེ་ཁོ་ན་དེ་བཞིན་དུ་གནས་པར་འགྱུར་ཞེས་བྱ་བ་སྟེ། ཆོས་ཉིད་དང་སྟོང་པ་ཉིད་དང་དེ་བཞིན་ཉིད་ཅེས་བྱ་བ་འདི་དག་རྣམ་གྲངས་སོ་ཞེས་བྱ་བའི་དོན་ཏོ། །ཐེར་ཟུག་མ་ཡིན་པར་མི་
འགྱུར་ཞེས་བྱ་བ་ནི་འོ་ན་སྐྱེ་བ་དང་འགག་པ་མེད་པ་ལ་དུས་ཐམས་ཅད་དུ་ཡོད་པར་འགྱུར་བའི་ཆོས་ཉིད་ཐེར་ཟུག་པ་ནི་རྟག་པར་འགྱུར་རོ། །གསོལ་པ། དེ་ནི་མ་ལགས་སོ་ཞེས་བྱ་བ་སྟེ། གལ་ཏེ་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་དུས་ཐམས་ཅད་དུ་ཡང་དག་པར་
བྱུང་བ་དེ་ཤེས་བཞིན་དུ་ཆད་པའི་མཐར་འགྱུར་རོ། །ཇི་སྐད་དུ་གསུངས་པ། གཉིས་མེད་དངོས་པོ་མེད་པའོ། །ཡོད་པ་སྟོང་པའི་མཚན་ཉིད་དོ། །ཞེས་བྱ་བའོ། །དེ་ལྟར་ན་ཡང་རྫས་ཀྱི་ངོ་བོ་མ་ཡིན་པ་དེའི་ཕྱིར་ཐེར་ཟུག་ཏུ་གནས་པ་རྟག་པ་བརྗོད་པ་མ་ཡིན་ནོ། །འོན་ཏེ་དོན་
དམ་པར་ཡོད་པ་ཡང་ཡིན་ལ་རྫས་ཀྱང་མ་ཡིན་པ་ཞེས་ཇི་ལྟར་བརྗོད་ཅེ་ན། བརྗོད་པ་རྫས་ཡོད་ཅིང་གང་ཞིག་འདི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་དེ་རྣམས་ལས་གཞན་དུ་འགྱུར་རམ་འདི་ཡང་དེ་རྣམས་ལས་གཞན་ཞེས་ཅི་ལྟར་རྫས་སུ་འགྱུར།
དེ་བས་ན་རྫས་མ་ཡིན་པའི་རང་བཞིན་གྱི་ཕྱིར་ཐེར་ཟུག་པ་ཞེས་བརྗོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྟག་ཆད་དང་བྲལ་བ་དོན་དམ་པར་བརྗོད་པ་ཡིན་ནོ། །འོ་ན་ཇི་ལྟར་འཕགས་པའི་ཚིག་སྟེ། དེ་ནི་དེ་ཉིད་དོན་དམ་ཡང་། །དེ་བཞིན་ཉིད་ནི་རྫས་སུ་འདོད། །བདེན་པ་དེ་ནི་
མི་སླུ་བ། །དེ་རྟོགས་པ་ལ་སངས་རྒྱས་བརྗོད། །ཅེས་བྱ་བའོ། །རྣམ་པ་ཐམས་ཅད་དུ་དེ་བཞིན་ཉིད་ཤེས་བཞིན་དུ་འབྱུང་བར་སྨྲ་བ་རྣམས་ལ་དོན་དམ་པར་ཡོད་པ་བསྟན་པའི་དོན་དུ་དེ་གསུངས་སོ། །ཡུལ་གང་གི་སྒྲ་དེ་ནི་སྒྲའི་དོན་ཞེས་བྱ་བའི་རིགས་པས་སོ། །འདི་
ཙམ་གྱིས་ཕུང་པོ་ལ་སོགས་པ་ལས་གཞན་ཉིད་འདི་ལ་བདག་ཏུ་བྱས་པ་མ་ཡིན་པ་དེ་བས་ན་ཅི་ལྟར་རྫས་སུ་ཡོད་པར་འགྱུར། དེ་ཉིད་ཀྱི་ཕྱིར་ཀུན་བརྟགས་ཀྱི་ངོ་བོ་ཉིད་ནི་ཐ་སྙད་དུ་ཡོད་པ་དང་གཞན་དབང་ནི་རྫས་སུ་ཡོད་པའོ། །གཉི་ག་ཀུན་རྫོབ་ཏུ་ཡོད་པའོ། །ཡོངས་སུ་གྲུབ་པ་ནི་དོན་
เล่ม ๙๔ · หน้า 232a
དམ་པར་ཡོད་པ་སྟེ་རྫས་སུ་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་དྲི་བ་རྣམ་པར་ངེས་པའི་བསྟན་བཅོས་ལས་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱིས་སོ། །དེ་བཞིན་ཉིད་ཟབ་པ་མ་ཡིན་ནམ་ཞེས་བྱ་བ་ནི་དྲི་མ་དང་བཅས་པའི་གནས་སྐབས་ལ་གཟུགས་ལ་སོགས་
པ་རྣམས་ལས་གཞན་ནམ་གཞན་མ་ཡིན་པ་ཞེས་བྱ་བ་བརྗོད་པར་མི་ནུས་པ་དེ་བས་ན་ཟབ་པའོ། །དེ་བཞིན་ཉིད་ལ་སེམས་ཡོད་དམ་ཞེས་བྱ་བ་ནི་གང་ཞིག་འདུས་བྱས་པའི་སེམས་དེ་ལ་ནི་དེ་བཞིན་ཉིད་དང་ལྷན་ཅིག་ཏུ་རྟེན་དང་བརྟེན་པའི་ངོ་བོ་ཅི་ཞིག་ཡོད་ཅེས་དྲི་བར་བྱེད་པ་ནི། དེ་ནི་མ་
ལགས་སོ་ཞེས་བྱ་བ་སྟེ། ཀུན་བརྟགས་དང་ཡོངས་སུ་གྲུབ་པ་དག་ལ་རྟེན་དང་བརྟེན་པའི་ངོ་བོ་ཡོད་པ་མ་ཡིན་ཞེས་བརྗོད་པ་ཡིན་ནོ། །སེམས་དེ་བཞིན་ཉིད་ཡིན་ནམ་ཞེས་བྱ་བ་ནི་འདུས་བྱས་ཀྱི་སེམས་ནི་ཅི་ཞིག་དེ་བཞིན་ཉིད་ཀྱི་རང་བཞིན་ཞེས་དྲི་བར་བྱེད་པ་ནི། དེ་ནི་མ་ལགས་སོ་
ཞེས་བྱ་བ་སྟེ། དྲི་མ་དང་བཅས་པའི་ཕྱིར་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཁོ་ན་མ་ཡིན་ཞེས་སོ་སོར་ལན་བཏབ་པའོ། །དེ་བཞིན་ཉིད་ལས་གཞན་ན་ཞེས་བྱ་བ་ནི་འདུས་བྱས་ཀྱི་སེམས་དེ་དེ་བཞིན་ཉིད་ལས་གཞན་ཡིན་ནམ་ཞེས་དྲི་བར་བྱེད་དེ་དེ་ནི་མ་ལགས་ཞེས་བྱ་བ་ནི་ཀུན་བརྟགས་ནི་ཡོངས་སུ་གྲུབ་
པ་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་སོ་སོར་ལན་བཏབ་པ་ཡིན་ནོ། །ཁྱོད་ཀྱིས་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ་བ་ནི་སེམས་དེས་ཆོས་རྣམས་ཐམས་ཅད་ལ་ཡང་དག་པར་རྗེས་སུ་མཐོང་ཞེས་བྱ་བ་རློམ་སེམས་སུ་བྱེད་ཅིང་དྲི་བར་བྱེད་པ་ནི་དེ་མ་
ལགས་སོ་ཞེས་བྱ་བ་སྟེ། དེ་བཞིན་ཉིད་ཀྱི་གནས་སྐབས་དེ་ལ་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ངོ་བོ་མེད་པའི་ཕྱིར་སོ་སོར་ལན་བཏབ་པའོ། །ཟབ་མོ་ལ་སྤྱོད་དམ་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་དེ་བཞིན་ཉིད་ཀྱི་སྤྱོད་པ་ཟབ་པ་ཉིད་རིགས་པས་ཐོབ་པ་ཞེས་བྱ་བའི་དོན་ཏོ། །དེ་ཅི་
ལ་ཡང་མི་སྤྱོད་དོ་ཞེས་བྱ་བ་ནི་དེ་ལ་སྤྱོད་པ་མེད་ཅེས་བྱ་བ་བསྟན་པར་བྱེད་དེ། ཀུན་དུ་སྤྱོད་པ་ནི་དམིགས་པའི་ཡུལ་དུ་མཚན་མ་རྣམས་སོ། །མི་འཇུག་པ་ནི་མི་འགྱུར་བའོ། །ཀུན་དུ་སྤྱོད་པ་མེད་པ་ཞེས་བྱ་བ་ནི་སྣང་བ་མ་ཡིན་པའོ། །འོན་ཏེ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བས་ཅི་
เล่ม ๙๔ · หน้า 232b
ནས་ཀྱང་འགའ་ཞིག་ཏུ་སྤྱོད་པར་བྱ་བ་སྟེ་གཞན་དུ་ན་ཚོགས་གཉིས་ཡོངས་སུ་མ་རྫོགས་པས་རྫོགས་པའི་བྱང་ཆུབ་མི་ཐོབ་ཅེས་གསུངས་པ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞེས་བྱ་བ་ལ་སོགས་པ་སྟེ། དོན་དམ་པ་ལ་སྤྱོད་དོ་ཞེས་བྱ་བ་ལ་སོགས་པས་
སོ། །འོན་ཏེ་དེ་གང་དུ་ཡང་མི་སྤྱོད་ཅེས་བྱ་བ་རབ་འབྱོར་གྱིས་དེ་མ་ཐག་པར་གསུངས་པ་དེ་བས་ཇི་ལྟར་དོན་དམ་པ་ལ་སྤྱོད་ཅེས་བྱ་བ་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ་དོན་དམ་པ་ལ་སྤྱོད་ཅིང་ཡོད་པ་ཞེས་བྱ་བའམ་མེད་པ་ཞེས་བྱ་བ་གཉིས་ལ་ཡང་དག་པར་སྤྱོད་པ་མེད་པ་དེ་ལྟར་
སྤྱོད་ཅིང་གཉིས་ལ་ཡང་དག་པར་སྤྱོད་པ་མེད་པའི་ཕྱིར་གང་དུ་ཡང་མི་སྤྱོད་ཅེས་བརྗོད་པ་ཡིན་ནོ། །གཉིས་ལ་ཡང་དག་པར་སྤྱོད་པ་མེད་པ་ལ་འབད་པ་དུ་མས་བསྒྲུབ་པར་བྱ་བའི་ཕྱིར་དོན་དམ་པ་ལ་སྤྱོད་ཅེས་བྱ་བ་ཡང་བརྗོད་པ་དེ་བས་ན་སྐྱོན་མེད་དོ། །གཉིས་སུ་མེད་པའི་ངོ་བོ་འདི་ཉིད་
དོན་དམ་པའི་སྤྱོད་པ་ལ་གསལ་བའི་ཕྱིར་གསུངས་པ་ནི། དོན་དམ་པ་ལ་སྤྱོད་པ་དེ་མཚན་མ་ལ་སྤྱོད་དམ་ཞེས་བྱ་བ་སྟེ། གཉིས་ཀྱི་མཚན་མའམ་གཉིས་མེད་པའི་མཚན་མ་ལའོ། །དེ་ནི་མ་ལགས་ཞེས་བྱ་བ་ནི་གཉིས་ཀྱི་མཚན་མ་ལ་ནི་མ་ཡིན་གཉིས་མེད་པའི་མཚན་མ་ལ་ཡང་མ་ཡིན་ནོ། །
མཚན་མ་དེ་ཞེས་བྱ་བ་ནི་གཉིས་དང་གཉིས་མེད་པའི་མཚན་མའོ། །རྣམ་པར་བཤིག་གམ་ཞེས་བྱ་བ་ནི་རྣམ་པར་འཇིག་པར་བྱས་པས་ཅི་ཞིག་འགྱུར་རམ་ཞེས་དྲི་བར་བྱེད་པ་ནི་གང་དུ་ཡང་མ་བཤིག་པ་ཞེས་བྱ་བའི་འདོན་པ་དེ་ལ་ཡང་རྣམ་པར་མ་བཤིག་གམ་ཅི་ཞིག་གིས་རྣམ་པར་མ་བཤིག་པ་
ཞེས་བྱ་བ་དོན་འདི་ཉིད་དོ། །འགའ་ཞིག་ཏུ་དེའི་མཚན་མ་ཤིན་ཏུ་བཤིག་པ་ཞེས་བྱ་བ་འདོན་པ་སྟེ། དེ་ལ་ཡང་མཚན་མ་ལ་འདི་ཉིད་ནི་ཤིན་ཏུ་བཤིག་པ་ཉིད་གང་ཞིག་དངོས་པོ་མེད་པར་བྱེད་པ་ཞེས་བྱ་བ་དེའི་དོན་ལ་གོམས་པ་ནི་མ་ཡིན་ནོ། །དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་མཚན་མ་རྣམ་པར་
བཤིག་པར་འགྱུར་ཞེས་བྱ་བ་སྟེ། དེ་ལྟ་བུའི་རྣམ་པར་རྟོག་པ་ལ་ཀུན་དུ་སྤྱོད་པ་མེད་པའི་ཕྱིར་སོ་སོར་ལན་བཏབ་པའོ། །དེ་ལྟར་མཚན་མ་རྣམ་པར་བཤིག་པ་ཞེས་དེ་ལྟ་བུའི་རྣམ་པར་རྟོག་པ་དང་ཀུན་དུ་སྤྱོད་པ་མེད་པས་ཡང་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རང་ཉིད་ཀྱི་མཚན་མ་
เล่ม ๙๔ · หน้า 233a
ལ་ཀུན་དུ་མི་སྤྱོད་ཅེས་བྱ་བ་གང་ཞིག་གནས་བརྟན་རབ་འབྱོར་གྱིས་དེ་ནི་མ་ལགས་ཞེས་བྱ་བས་དགག་པར་བྱེད་ཅིང་སྙིང་ལ་གནས་པ་དེ་གསལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་སྟེ། མཚན་མ་
རྣམ་པར་བཤིག་པ་ནི་རྣམ་པར་འཇིག་པར་བྱེད་པར་ཅི་ལྟར་འགྱུར། མཚན་མ་རྣམ་པར་བསྒོམ་ཞེས་བྱ་བ་གལ་ཏེ་འདིའི་རྣམ་པར་རྟོག་པ་ཀུན་ཏུ་སྤྱོད་པ་ཞེས་བྱ་བའི་དགོངས་པའོ། །བྱང་ཆུབ་སེམས་དཔའ་འདི་ལྟར་མི་སྦྱོར་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དགོངས་པ་ནི་འདི་ཡིན་ཏེ། མཚན་མ་
རྣམ་པར་བསྒོམ་པར་བྱ་ཞེས་བྱ་བ་ལ་རྣམ་པར་རྟོག་པ་ལ་ཀུན་དུ་སྤྱོད་པས་ཡང་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་སྟོབས་ཉིད་ཀྱིས་མཚན་མ་ལ་མི་སྤྱོད་དེ་གྲངས་མེད་པ་གསུམ་གྱིས་ངེས་པར་འབྱུང་བའི་ཚོགས་གཉིས་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་ལ་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་
རྣམས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡང་དག་པར་བསྡུས་པའི་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་ལ་ཡང་མཚན་མ་ཀུན་ཏུ་སྤྱོད་པ་མེད་དེ་འོན་ཀྱང་འདི་རྣམ་པ་ཐམས་ཅད་དུ་མཚན་མ་སྤང་བ་མ་ཡིན་ཏེ་རྗེས་ལ་སྐྱེས་པའི་ཡེ་ཤེས་ལ་ཀུན་དུ་སྤྱོད་པའི་ཕྱིར་རོ། །གལ་ཏེ་སླར་ཡང་ཚོགས་རྫོགས་
པའི་བྱང་ཆུབ་སེམས་དཔའ་གྲངས་མེད་པ་དང་པོ་ལ་ངེས་པར་འབྱུང་བར་ཡང་མི་འགྱུར་ཏེ། དེ་ཡང་སྐྱེ་བ་འདི་ཉིད་ལ་རྣམ་པ་ཐམས་ཅད་དུ་མཚན་མ་སྤངས་པའི་ཕྱིར་འབད་པར་བྱེད་པར་འགྱུར་བ་ཉན་ཐོས་ཀྱི་བྱང་ཆུབ་ལ་ལྟུང་བ་ནི་ཡིན་གྱི་འདི་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ག་ལ་
འགྱུར་ཞེས་བྱ་བ་སྟེ། འདི་ཡང་ས་མ་ཐོབ་པའི་སོ་སོའི་སྐྱེ་བོའི་བྱང་ཆུབ་སེམས་དཔའ་ལ་དགོངས་ནས་གསུངས་སོ། །འཕགས་པ་ནི་ས་དང་པོ་ཉིད་ལ་ཉན་ཐོས་ཀྱི་བྱང་ཆུབ་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་སོགས་པའི་ཕུན་སུམ་ཚོགས་པ་དང་མི་ལྡན་པ་རྣམས་ལས་ཡང་དག་པར་
འདའ་བར་འགྱུར་ཞེས་བྱ་བ་ས་བཅུ་པ་ལ་སོགས་པ་འདོན་པ་ཡིན་ནོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་པའོ། །སེམས་གང་ཡིན་པ་དེ་ཞེས་བྱ་བ་ནི་སེམས་ཀྱི་དམིགས་པའི་ཡུལ་ལོ། །མཚན་མ་གང་ལགས་པ་ཞེས་བྱ་བ་ནི་འགའ་ཞིག་ཏུ་འདོན་པའོ། །དེ་ལ་ཡང་དོན་
เล่ม ๙๔ · หน้า 233b
ནི་འདི་ཉིད་དོ། །མཚན་ཉིད་གང་ལགས་པ་ཞེས་བྱ་བ་ནི་རང་གི་ངོ་བོ་གང་ལགས་པའོ། །མཚན་མ་གང་ལགས་པ་ནི་དེའི་རྒྱུ་ཅན་ནོ། །དེ་ཐམས་ཅད་ཅེས་མཚན་མ་མེད་པ་ལ་ཡོངས་སུ་འདྲིས་པ་ནི་གོམས་པ་ཙམ་བྱེད་ཅེས་བྱ་བའོ། །རྨི་ལམ་ན་བསྒོམ་ཞེས་བྱ་བ་ལ་སོགས་པས་
ཟབ་མོའི་གནས་ལ་གནས་སྐབས་སུ་བྱེད་པར་གྱུར་པའི་གནས་སྐབས་གཉིས་པོ་གཙོ་བོར་བྱས་པའི་ཏིང་ངེ་འཛིན་ཉིད་ལ་སྟོན་པར་བྱེད་པའོ། །གལ་ཏེ་ཡང་སྔར་མཚན་མ་མེད་པའི་ཏིང་ངེ་འཛིན་གཙོ་བོར་བྱས་པ་དེ་ལྟར་ན་ཡང་མེད་ན་མི་འབྱུང་བ་ཉིད་ཀྱིས་སྟོང་པ་ཉིད་དང་སྨོན་པ་མེད་
པའི་ཏིང་ངེ་འཛིན་དག་རྙེད་པའོ། །གལ་ཏེ་ཆོས་རྣམས་ཐམས་ཅད་མེད་ན་དེ་ལྟ་ན་ཡང་སྒོམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕེལ་བར་འགྱུར་བ་དེའི་ཚེ་བྱང་ཆུབ་སེམས་དཔའ་གང་ཞིག་རྨི་ལམ་དུ་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་ཞུགས་པ་དེ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་རྣམ་པར་འཕེལ་བར་འགྱུར་རོ། །གལ་ཏེ་ཡང་རྨི་ལམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་བར་མི་འགྱུར་ན་འོན་ཀྱང་སད་པ་ཉིད་ལ་དེ་ཡོད་པར་འགྱུར། དེ་ལྟར་ཡོད་པ་ལ་རྨི་ལམ་དང་སད་པ་དག་ལ་ཆོས་རྣམས་ཀྱི་ཡོད་པ་ཉིད་དང་མེད་པ་ཉིད་ལ་ཁྱད་པར་འགའ་ཞིག་
ཡོད་པར་འགྱུར་བ་ཞེས་བྱ་བ་རློམ་སེམས་ཤིང་འདྲི་བར་བྱེད་དེ། དེ་བས་ན་གནས་བརྟན་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པས་རྨི་ལམ་དང་སད་པ་དག་ལ་མཉམ་པ་ཉིད་སྟོན་པར་བྱེད་པ་ནི་འདིར་བྱང་ཆུབ་སེམས་དཔའི་སད་པ་དང་རྨི་ལམ་དུ་ཡང་ཆོས་རྣམས་ཀྱི་མི་དམིགས་པ་འདྲ་བའོ། །
དེ་བས་ན་རྨི་ལམ་ཞེས་བྱ་བ་དང་ཉིན་གཅིག་ཅེས་བྱ་བ་ཐ་སྙད་ཙམ་འདི་ཡིན་ནོ། །དེ་ལྟར་ན་ཉིན་པར་དང་རྨི་ལམ་དག་ལ་མཚུངས་པ་ཉིད་དུ་ཡོད་པ་ལ་གལ་ཏེ་གཉིད་སད་པའི་ཏིང་ངེ་འཛིན་ལ་ཤེས་རབ་རྣམ་པར་འཕེལ་བར་འགྱུར་ན་རྨི་ལམ་དུ་ཡང་ཏིང་ངེ་འཛིན་ལ་ཤེས་རབ་རྣམ་པར་འཕེལ་བ་
ཡོད་པར་འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་མི་རྟོག་པ་ཞེས་བྱ་བ་སྟེ། རྣམ་པར་རྟོག་པ་ནི་ཁྱད་པར་རོ། །རྣམ་པར་མི་རྟོག་པ་ནི་ཁྱད་པར་མེད་པའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་གནས་བརྟན་ཤཱ་རིའི་བུའི་དགོངས་
เล่ม ๙๔ · หน้า 234a
པའོ། །གལ་ཏེ་ཉིན་པར་དང་རྨི་ལམ་དུ་ཡང་ཆོས་རྣམས་མཚུངས་པ་ཡིན་ན་དེའི་ཚེ་གང་ཞིག་རྨི་ལམ་དུ་ཡང་དགེ་བ་སྦྱིན་པ་ལ་སོགས་པ་དང་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བྱེད་པ་ཡང་དགེ་བའི་ལས་དེ་ལ་སོགས་པ་ནི་འཕེལ་བ་མཐོ་རིས་ལ་སོགས་པ་ཐོབ་པར་བྱེད་
པའི་ནུས་པར་ཅི་ཞིག་འགྱུར་རམ། ཉེ་བར་སོགས་པའམ་མི་དགེ་བའི་ལས་ཀྱིས་དམྱལ་བ་ལ་སོགས་པ་སྦྱིན་པར་ནུས་པ་འདིར་ཉེ་བར་བསགས་པར་ཅི་ཞིག་འགྱུར་རམ། སྐྱེས་བུ་དེས་ཉེ་བར་བསགས་པའི་ཕྱིར་རོ། །ཉིན་པར་དང་རྨི་ལམ་དག་ལ་ཆོས་རྣམས་མཚུངས་པ་ཉིད་ཀྱིས་དགེ་བ་
བྱེད་པ་པོའི་ཉེ་བར་བསགས་པ་མཐོ་རིས་ལ་སོགས་པའི་མཚན་ཉིད་ཅན་ཡོད་པར་འགྱུར་རོ། །མི་དགེ་བའི་ཟད་པ་ནི་དམྱལ་བ་ལ་སོགས་པའི་མཚན་ཉིད་ཅན་ནོ། །དེས་ན་གཉིས་སུ་གསུངས་པའོ། །པོ་ཏི་འགའ་ཞིག་ལ་སོགས་པ་དང་ཟད་པ་ཞེས་བྱ་བ་དུམ་བུའི་རྣམ་པའམ་ཨ་ཡིག་དུམ་བུར་
སོང་བ་འདྲི་མཁན་རྣམས་ཀྱི་བག་མེད་པས་ཨོ་ཡིག་ཏུ་ཉེ་བར་སོང་བ་འདོན་པ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཅི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ། དོན་ནི་འདི་ཡིན་ཏེ། བསགས་པ་དང་ཟད་པ་ཞེས་བྱ་བ་ནི་དངོས་པོ་ཡོད་པ་ལ་ཡོད་
པར་འགྱུར་རོ། །ཅི་ལྟར་ཆོས་ཐམས་ཅད་རྨི་ལམ་ལྟ་བུའོ། །དེ་བཞིན་ཉིད་དུ་ཉིན་པར་དང་སད་པ་ལ་ཡང་ལས་དེ་དང་བྱེད་པ་པོ་དེ་ཡང་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ན་ཅིའི་ཕྱིར་དེ་ལ་བསགས་པའམ་ཟད་པ་ཁྱོད་སྨྲ་ཞེས་བྱ་བའོ། །གལ་ཏེ་སུ་ཞིག་རྨི་ལམ་དུ་ཡང་ཆུ་ཀླུང་ཆུས་གང་བ་མཐོང་བའམ་
རྒྱ་མཚོ་སྐམས་པ་མཐོང་སྟེ་འོན་ཀྱང་དེ་ལ་ཡང་སོགས་པ་དང་ཉེ་བར་ཟད་པ་དག་ཏུ་འགྱུར་རོ། །དེ་ལྟར་རེ་ཞིག་ཡོངས་སུ་གྲུབ་པའི་བྱང་ཆུབ་སེམས་དཔའ་ལ་ཉིན་པར་དང་རྨི་ལམ་དག་འདྲ་བར་མཐོང་བ་ལ་ཁྱད་པར་མེད་ཅེས་བསྟན་ཟིན་ཏོ། །དེ་ཡང་ཞེས་བྱ་བ་ལ་སོགས་པས་ཉིན་པར་དང་རྨི་
ལམ་དག་ལ་ཐ་དད་ལ་བསྟན་པའི་ཕྱིར་གསར་པའི་སླད་དུ་གསུངས་པ། སྐྱེས་བུ་དེ་ཞེས་བྱ་བ་ནི་གང་ཞིག་ཉིན་པར་སྲོག་གཅོད་པ་བྱས་པ་དེའོ། །སད་ནས་ཞེས་བྱ་བ་ནི་རྨི་ལམ་དུ་སྲོག་གཅོད་པ་བྱས་ནས་སད་པ་ཡོད་བཞིན་དུ་རྟག་ཏུ་གཉི་ག་ལ་རྗེས་སུ་ཡི་རང་བར་བྱེད་པ་ནི་ངས་བསད་དོ་
เล่ม ๙๔ · หน้า 234b
ཞེས་བྱ་བའོ། །དེའི་ཚེ་ཉིན་པར་བྱས་པའི་རྗེས་སུ་ཡི་རང་བ་ལ་ཅི་ཞིག་བསགས་པ་དང་རྨི་ལམ་དུ་བྱས་པ་ལ་ཅི་ཞིག་ཟད་པར་འགྱུར་རམ། གལ་ཏེ་ཡོད་པར་འགྱུར་ན་རྨི་ལམ་དང་སད་པ་དག་ལ་ཁྱད་པར་གྱིས་ཡོད་པར་བྱ་བ་ཞེས་བྱ་བའི་དགོངས་པའོ། །བསད་པའི་འདུ་ཤེས་ཉིད་རྒྱས་
པར་བསྟན་པར་བྱེད་པ་ནི། ཅི་ལྟར་ཞེས་བྱ་བ་ལ་སོགས་པས་སོ། །ཨ་ལ་ལ་བསད་དོ་ཞེས་བྱ་བ་ནི་ཨ་ལ་ལ་ཞེས་བྱ་བ་ངོ་མཚར་བ་ལའོ། །དེ་ལྟར་ཤིན་ཏུ་བསྲུང་བ་ཡང་ཞེས་བྱ་བ་བདག་གིས་བསད་ཅེས་བྱ་བར་ངོ་མཚར་བའོ། །ལེགས་པར་བསད་དོ་ཞེས་བྱ་བ་ནི་ལེགས་པར་དེ་བྱས་
གང་ཞིག་བསད་པ་ཞེས་བྱ་བའོ། །ཤིན་ཏུ་བསད་དོ་ཞེས་བྱ་བ་ནི་ཤིན་ཏུ་བསད་པ་འདི་བྱས་པ་ཅི་ལྟར་ཡང་འཚོ་བ་མ་ཡིན་པར་རོ། །གང་གིས་དེ་ལྟར་བྱས་ཤེ་ན། གསུངས་པ་ནི་ངས་བསད་དོ་ཞེས་བྱ་བའོ། །གནས་བརྟན་ཤཱ་རིའི་བུས་གནས་བརྟན་རབ་འབྱོར་གྱིས་གསུངས་པ་ཉིད་གསར་པ་
མ་གྲུབ་པའི་བྱང་ཆུབ་སེམས་དཔའི་ཕྱིར་རྣམ་པར་རྟོག་པའི་དབང་གིས་རྨི་ལམ་དང་སད་པ་དག་གི་ཁྱད་པར་རྗེས་སུ་རློམ་སེམས་སུ་བྱེད་ཅིང་གསུངས་པ་ནི་ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པས་སོ། །སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་སླར་འདི་
ལྟར་གསུངས་སོ། །གལ་ཏེ་རྣམ་པར་རྟོག་པའི་དབང་གིས་གསར་པ་ལ་རྨི་ལམ་དང་སད་པ་དག་གི་ཁྱད་པར་གལ་ཏེ་ཡིན་ན་དེ་ལྟར་ན་ཡང་བྱང་ཆུབ་སེམས་དཔའ་ཡོངས་སུ་གྲུབ་པ་ཡོད་མོད། སངས་རྒྱས་བཅོམ་ལྡན་འདས་ལ་ཡང་རྣམ་པར་རྟོག་པའི་དབང་གིས་རྨི་ལམ་དང་སད་
པ་དག་ལ་ཁྱད་པར་ཡོད་པར་འགྱུར་ཞེས་བྱ་བའོ། །ཟད་པའི་འདུ་ཤེས་ཞེས་བྱ་བ་ནི་བདག་ལ་སྐྱོན་ཟད་དོ་ཞེས་བྱ་བའི་ཟད་པའི་ཤེས་པའོ། །དེའི་ཡང་ཞེས་བྱ་བ་ནི་ལས་ཀྱིའོ། །ཉིན་པར་བྱས་པའི་རྣམ་པར་རྟོག་པའི་དབང་གིས་ཉེ་བར་བསགས་པ་དང་རྨི་ལམ་དུ་བྱས་པའི་ཟད་པར་འགྱུར་
བ་བྱང་ཆུབ་སེམས་དཔའ་གསར་བ་བཞིན་དུ་ཞེས་བྱ་བ་རློམ་སེམས་སུ་བྱེད་དོ། །དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་མི་དམིགས་པ་གཟིགས་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པའི་བཅོམ་ལྡན་འདས་སོ། །དེ་ལ་ཅི་ལྟར་རྣམ་པར་རྟོག་པའི་དབང་
เล่ม ๙๔ · หน้า 235a
གིས་རྨི་ལམ་དང་སད་པ་དག་ལ་ཁྱད་པར་བྱང་ཆུབ་སེམས་དཔའ་གསར་པ་བཞིན་དུ་ཁྱོད་རློམ་སེམས་སུ་བྱེད། དེ་བཞིན་དུ་ཡོངས་སུ་གྲུབ་པའི་བྱང་ཆུབ་སེམས་དཔའ་ལ་ཡང་ཆོས་ཐམས་ཅད་ལ་མི་དམིགས་པ་མཐོང་བ་རྣམ་པར་མི་རྟོག་པ་ཉིད་དོ། །དེའི་དབང་དུ་
བྱས་ནས་རྨི་ལམ་དང་སད་པ་དག་ལ་ཁྱད་པར་མེད་པར་སྨྲ་ཞེས་བྱ་བའོ། །ཅི་ལྟར་ཡང་འདི་འཐད་པར་འགྱུར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པའི་སླད་དུ་རྨི་ལམ་དང་སད་པ་དག་ལ་ཁྱད་པར་མེད་པ་སྟེ་རྣམ་པར་རྟོག་པ་ལ་སྤྱོད་པས་སར་པའི་སླད་དུ་ཁྱད་པར་ཞེས་འཐད་པ་བྱེད་ཅིང་
གསུངས་པ་ནི། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་ཞེས་བྱ་བ་ནི་གསུངས་པའི་རིམ་པས་སོ། །པོ་ཏི་འགའ་ཞིག་ལ་ཡང་ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་ཞེས་བྱ་བ་ལ་སོགས་པ་འགྲེས་འདོན་པ་མ་ཡིན་ནོ། །འདི་ལྟར་འདོན་པ་སྟེ་དེའི་
ལས་ལ་སོགས་པའམ་ཟད་པར་འགྱུར་རོ། །དེ་མ་ཐག་ཏུ་རབ་འབྱོར་ཉིད་ཀྱི་ཚིག་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་དོན་གསལ་བ་ཉིད་དོ། །དམིགས་པ་མེད་པ་ལས་མི་སྐྱེ་དམིགས་པ་མེད་པར་སེམས་མི་སྐྱེ་སྟེ་ཞེས་བྱ་བ་ནི་སེམས་དང་སེམས་པ་དང་བློ་དང་
རྣམ་པར་རྟོག་པ་ཞེས་བྱ་བ་དོན་གཅིག་གོ། །དགོངས་པ་ནི་འདི་ཡིན་ཏེ་རྨི་ལམ་དུ་བྱས་པའི་སྲོག་གཅོད་པ་མེད་པའི་བདག་ཉིད་ཅན་གྱི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པ་མི་དམིགས་པ་མཐོང་བ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཀྱང་སོ་སོའི་སྐྱེ་བོས་རྨི་ལམ་མེད་པའི་བདག་ཉིད་ཅན་ཉིད་ཀྱིས་
ཤེས་པའི་ཕྱིར་དེ་མི་དམིགས་པའི་སེམས་པ་དངོས་པོ་མེད་པའི་དམིགས་པ་ཅན་དུ་འགྱུར་རོ། །དེ་བས་ན་དེར་རྣམ་པར་སྨིན་པ་ལྷག་པ་ཡོད་པ་མ་ཡིན་ནོ། །ཉིན་པར་བྱས་པའི་སྲོག་གཅོད་པ་ནི་སོ་སོའི་སྐྱེ་བོའི་བྱེད་པ་པོས་དངོས་པོ་མེད་པ་ཉིད་དུ་བྱས་པ་མ་ཡིན་ནོ། །དེ་བས་ན་དེ་དང་དམིགས་
པའི་ཡུལ་གྱི་སེམས་པ་ནི་དངོས་པོའི་དམིགས་པ་ཉིད་བྱེད་པ་པོའི་དགོངས་པའི་དབང་གིས་དེ་བས་ན་དེ་ལ་འབྲས་བུ་ལྷག་པར་འགྱུར་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ཡིན་ན་རྨི་ལམ་གྱིས་བྱས་པ་ནི་དམིགས་པའི་ཡུལ་མེད་པར་འགྱུར་བ་དང་སད་པའི་དུས་སུ་བྱས་པ་ནི་དམིགས་པའི་ཡུལ་དང་
เล่ม ๙๔ · หน้า 235b
བཅས་པར་འགྱུར་རོ། །དེ་བས་ན་རྨི་ལམ་དང་སད་པ་དག་ལ་ཁྱད་པར་ཡོད་པར་འགྱུར་ཏེ། དེ་ལྟར་ཡོད་པ་ལ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཞེས་པ་ཉམས་པ་ཡིན་ཞེས་བྱ་བའོ། །འདི་བཟློག་པའི་དོན་དུ་གསུངས་པ་ནི་མཐོང་བ་དང་ཐོས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དམིགས་པའི་
སྤྱོད་པ་ཅན་གསར་པ་རྣམས་ལ་དངོས་པོའི་དོན་དམ་པར་ཡོད་པ་དང་མེད་པ་ཉིད་ལ་མ་ལྟོས་པར་རྨི་ལམ་དང་སད་པ་ལ་ཡང་མཐོང་བ་དང་ཐོས་པ་དང་རྟོགས་པ་དང་རྣམ་པར་ཤེས་པའི་རྗེས་སུ་འབྲངས་ནས་བློ་འཇུག་སྟེ། དེ་དེ་ལྟར་འཇུག་པར་འགྱུར་བ་བློ་ཁ་ཅིག་ནི་འབྲས་བུ་མེད་པར་འགྱུར་རོ། །
འགའ་ཞིག་ནི་འབྲས་བུ་ཆུང་བ་འགའ་ཞིག་ནི་ཀུན་ནས་ཉོན་མོངས་པ་ལ་ཡོངས་སུ་འཛིན་པར་བྱེད་པ་འགའ་ཞིག་ནི་རྣམ་པར་བྱང་བ་ལ་ཞེས་བྱ་བའོ། །ཅི་ཞིག་བརྗོད་པར་འགྱུར་ཞེ་ན། འགྲོ་བ་དང་དུས་དང་སྦྱོར་བའི་ལུས་རྣམས་ལ་ཕུན་སུམ་ཚོགས་པ་དང་བྲལ་བ་ལ་རྨུགས་པ་ལ་སོགས་པའི་འགལ་
རྐྱེན་གྱི་དབང་གིས་ཤེས་པ་ཅུང་ཟད་མཐོང་བ་ལ་སོགས་པའི་ཡུལ་ཉིད་ཀྱིས་སྐྱེ་བར་འགྱུར་རོ། །ཅི་ལྟར་འབྲས་བུ་མེད་པའམ་འབྲས་བུ་ཆུང་བར་འགྱུར་ཞེས་བྱ་བའོ། །ཚེ་དང་ལྡན་པ་རབ་འབྱོར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྟེ། དགོངས་པ་ནི་འདི་ཡིན་ནོ། །ཆོས་ཐམས་ཅད་རང་བཞིན་གྱིས་
དབེན་པ་ཞེས་བྱ་བའི་ཚིག་ལས་ལས་ལ་དམིགས་པ་སེམས་པའི་ཡུལ་རང་བཞིན་མེད་པ་ཉིད་ལས་རྣམ་པར་དབེན་པའོ། །དེ་ལ་དམིགས་པ་དང་བཅས་པ་ཉིད་དམ་དམིགས་པ་མེད་པ་ཉིད་ཇི་ལྟར་གདགས་པར་བྱ། དེ་བས་ན་དབེན་པ་ཞེས་བྱ་བ་ནི་རང་བཞིན་མེད་པའོ། །རབ་འབྱོར་གྱིས་སྨྲས་པ།
མཚན་མར་བྱས་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དགོངས་པ་ནི་འདི་ཡིན་ནོ། །འདིར་ནི་མི་དམིགས་པ་མཐོང་བ་བྱང་ཆུབ་སེམས་དཔའ་ཆེན་པོ་སྐབས་ལས་འགྱུར་བ་མ་ཡིན་ནོ། །དམིགས་པ་ལ་སྤྱོད་པ་ནི་འདིར་རབ་ཏུ་སྐབས་པའོ། །དེ་བས་ན་དེ་དང་མི་རྟོག་པའི་དབང་གིས་དམིགས་པ་དང་བཅས་
པ་དང་དམིགས་པ་མེད་པ་ངེས་པར་བསྟན་པ་ཞེས་བྱ་བའོ། །མཚན་མ་ཡང་ཞེས་བྱ་བ་ནི་དམིགས་པའི་ཡུལ་ཞེས་བྱ་བའོ། །དེ་ལ་གང་ཞིག་ཡོངས་སུ་མ་ཤེས་པ་དེ་ནི་ཀུན་ནས་ཉོན་མོངས་པའི་ཕྱིར་དང་གང་ཡང་ཡོངས་སུ་ཤེས་པ་དེ་ནི་རྣམ་པར་བྱང་བའི་ཕྱིར་རོ། །དེ་ལྟར་ན་མ་རིག་པ་ལ་
เล่ม ๙๔ · หน้า 236a
སོགས་པ་རྣམས་ལ་ཇི་ལྟར་ཡོངས་སུ་རྟོག་པ་མེད་པར་གྱུར་པ་ཉིད་དེ་ཁོ་ན་ཉིད་ལས་ཞེས་གསུངས་པ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འཁྲུལ་པའི་བློ་ནི་མེད་པ་ཉིད་ཚད་མར་བྱས་ནས་དམིགས་པའི་ཡུལ་དུ་བྱེད་ཅེས་བྱ་བའི་
དོན་ཏོ། །འཇིག་རྟེན་གྱི་ཐ་སྙད་ལ་བརྟེན་ནས་སྐྱེ་བར་འགྱུར་ཞེས་བྱ་བའོ། །ཐ་སྙད་ཅེས་བྱ་བ་ནི་དོན་དམ་པ་ལ་མི་ལྟོས་པ་ཉིད་དོ། །སྐྱེའོ་ཞེས་བྱ་བ་ནི་དམིགས་པའི་ཡུལ་དང་བཅས་པ་ཉིད་ཀྱི་སེམས་དང་བ་ལས་སྐྱེའོ་ཞེས་བྱ་བའོ། །གཞན་ཡང་གནས་བརྟན་ཤཱ་རིའི་བུས་ཕྱོགས་སྔ་མ་གཞན་
གསུངས་པ་ནི་ཚེ་དང་ལྡན་པ་རབ་འབྱོར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པས་སོ། །དགོངས་པ་ནི་འདི་ཡིན་ཏེ་རེ་ཞིག་སར་པ་བྱང་ཆུབ་སེམས་དཔའ་ལྟ་ཞོག །གང་ཞིག་རྒྱུད་ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་གལ་ཏེ་རྨི་ལམ་ན་སྦྱིན་པ་སྦྱིན་པར་བྱེད་ཅིང་དེའི་རྨི་ལམ་དང་སད་པ་དག་འདྲ་
བའི་ཕྱིར་སད་པ་ལྟར་ན་རྨི་ལམ་དུ་སྦྱིན་པ་ལ་སོགས་པ་དང་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བ་ལ་སོགས་པ་རྣམས་ལེགས་པར་བྱས་པར་འགྱུར་ཞེས་བྱ་བའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ཞེས་བྱ་བ་ལ་སོགས་པས་སོ། །དེའི་དུས་དང་ཉེ་བའི་བྱམས་པས་གདུལ་བར་བྱ་བའི་སྐྱེ་བོ་རྗེས་སུ་གཟུང་བའི་
དོན་ནི་བདག་ཉིད་དང་ལྷན་ཅིག་ཏུ་དེའི་དགོངས་པ་གསུངས་པ་ཉིད་ཤེས་པའི་དོན་དུ་འཕགས་པ་བྱམས་པས་ཕྱོགས་སྔ་མ་དེ་དོར་བར་བྱེད་པའོ། །ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བྱ་བ་ནི་འགོག་པ་ལ་སྙོམས་པར་ཞུགས་པའི་འཕགས་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བརྗོད་པ་ཡིན་ནོ། །
སེམས་ཀྱི་འབད་པ་མེད་པས་ལུས་ཉིད་ཀྱིས་ཏིང་ངེ་འཛིན་དེ་མངོན་སུམ་དུ་བྱས་པའི་ཕྱིར་རོ། །དེ་ལྟར་ས་བརྒྱད་པ་ནས་བརྩམས་ཏེ་བྱང་ཆུབ་སེམས་དཔའ་སྣང་བ་མེད་པ་མཚན་མ་མེད་པ་རྒྱུ་མཚན་མ་མེད་པའི་ཏིང་ངེ་འཛིན་དུ་འགྱུར་རོ། །དེ་ནས་སེམས་ཀྱི་འབད་པ་མེད་པས་ལུས་ཡོད་
པ་ཙམ་གྱིས་དེ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གནས་པ་དུས་ཐམས་ཅད་དུ་ཞེས་བྱང་ཆུབ་སེམས་དཔས་ལུས་མངོན་སུམ་དུ་བྱས་པ་ཞེས་བརྗོད་པ་ཡིན་ནོ། །དོན་འདིའི་ལན་ལྡོན་པར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་འདིའོ། །ལན་ལྡོན་པར་འགྱུར་ཞེས་བྱ་བ་ནི་ཡོངས་སུ་སྤོང་བར་
เล่ม ๙๔ · หน้า 236b
འགྱུར་རོ། །མ་ཕམ་པ་ཞེས་བྱ་བ་ནི་བྱམས་པ་ཉིད་ཀྱི་མཚན་གཞན་ནོ། །ཚེ་དང་ལྡན་པ་རབ་འབྱོར་ཅི་ཞེས་བྱ་བ་ལ་སོགས་པས་འདི་གསུངས་པ་ཡིན་ནོ། །མི་དམིགས་པ་མཐོང་བའི་རྒྱུད་ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའི་རྨི་ལམ་དང་སད་པ་དག་ལ་ཡང་སྦྱིན་པ་ལ་སོགས་
པ་རྣམས་དང་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བ་ལ་སོགས་པ་རྣམས་ངོ་བོ་ཉིད་དུ་ཡང་དག་པར་ཡོད་པ་མ་ཡིན་ནོ། །དེ་བས་ན་མེད་པ་ཉིད་ཀྱིས་ཤེས་བཞིན་དུ་ཕྱོགས་སྔ་མ་བྱེད་པར་འགྱུར་ཞེས་དོན་དམ་པར་སྟོང་པ་ཉིད་མངོན་དུ་བྱེད་དོ། །གང་ཟག་གམ་ཆོས་མེད་པ་ལ་བྱམས་པ་འདིས་
དོན་འདིའི་ལན་ལྡོན་ཏམ་ཞེས་བྱ་བ་ཅི་ཞིག་ལ་དགོངས་ནས་ཁྱོད་སྨྲ། གློ་བུར་བའི་མིང་ཙམ་བཟུང་ནས་ཁྱེད་ཅི་ཞིག་སྨྲའམ། འོན་ཏེ་གཟུགས་ལ་སོགས་པ་རྣམས་སམ་སྟོང་པ་ཉིད་ལན་ལྡོན་པར་འགྱུར་ཞེས་སྨྲ། ཐམས་ཅད་དུ་ལན་ལྡོན་པར་མི་འགྱུར་ཞེས་བྱ་བས་ལན་ལྡོན་པར་མི་
འགྱུར་ཞེས་བྱ་བའི་དོན་རྟོགས་པར་བྱའོ། །འདི་ཉིད་མགོ་ལྕོགས་ཀྱིས་ཐོབ་པའི་དོན་གཅིག་ཏུ་ཉེ་བར་མཚོན་པའི་དོན་དུ་གསུངས་པ་ནི་སྟོང་པ་ཉིད་གང་ཡིན་པ་དེས་ནི་ལན་ལྡོན་མི་ནུས་སོ་ཞེས་བྱ་བ་སྟེ། ཆོས་གང་ལན་ལྡོན་པར་བྱེད་པ་ཞེས་བྱ་བ་ནི་བྱམས་པའོ། །ཆོས་གང་ལ་ལན་གླན་
པར་བྱ་བའི་ཞེས་བྱ་བ་ནི་དྲི་བའོ། །ཆོས་གང་གིས་ལན་གླན་པར་བྱ་བ་ཞེས་བྱ་བ་ནི་ཤཱ་རིའི་བུའིའོ། །ཆོས་གང་ཞེས་བྱ་བ་ནི་ངག་གིས་སོ། །ཁྱོད་ཀྱིས་ཆོས་འདི་དག་དེ་བཞིན་དུ་ཁྱོད་ཀྱིས་མངོན་སུམ་དུ་བྱས་སམ་ཞེས་བྱ་བ་ནི་གནས་བརྟན་ཤཱ་རིའི་བུས་འདི་བརྗོད་པ་གལ་ཏེ་ཁྱོད་ཀྱིས་འདི་
དག་དེ་བཞིན་དུ་མངོན་སུམ་དུ་བྱས་པ་དེ་ལྟར་ཡོད་པ་ལ་མངོན་དུ་བྱ་བ་དང་མངོན་སུམ་བྱ་བ་ཞེས་ཐ་དད་པ་ཉེ་བར་དམིགས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་བྱམས་པས་བདག་གིས་མ་ཡིན་ཞེས་བྱ་བ་སོ་སོར་རྗོད་པ་ཡིན་ནོ། །མངོན་སུམ་དུ་བྱེད་པའི་དུས་སུ་ཆོས་རྣམས་འདི་དག་
ཉེ་བར་དམིགས་པ་མ་ཡིན་ནོ། །དེ་རྣམས་ནི་བརྗོད་པར་བྱ་བ་མ་ཡིན་པ་སྟེ་དེ་བས་ན་ཅི་ལྟར་དེ་བཞིན་ཉིད་དུ་དེ་རྣམས་ངག་གིས་བརྗོད་པར་འགྱུར་ཞེས་སྟོན་པར་བྱེད་པ་ནི་ཅི་ལྟར་ཚིག་གིས་བརྗོད་པའི་ཆོས་དེ་དག་ཀྱང་ཞེས་བྱ་བ་ནི་དེ་མ་ཐག་པར་བརྗོད་པའི་དགག་པའི་སྒོ་ནས་ཀྱང་ཆོས་འདི་
เล่ม ๙๔ · หน้า 237a
རྣམས་མི་ཤེས་བྱ་བ་དང་འབྲེལ་ཏོ། །འོ་ན་དེ་ལྟར་ཁྱོད་ལ་ཆོས་རྟོགས་པ་མེད་ན་གསུངས་པ་ནི། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་མེད་པའི་ཕྱིར་རང་བཞིན་མེད་པའོ་ཞེས་བྱ་བ་ནི་བདག་གིས་མངོན་དུ་དེ་ཉིད་ལས་ཞེས་བྱ་བ་གཙོ་བོ་
ཉིད་ལ་ལྟོས་པའོ། །ངོ་བོ་ཉིད་མེད་པའི་ཕྱིར་ཞེས་བྱ་བ་ནི་རིག་པ་དང་ཚིག་དང་ཡིད་ལ་བྱེད་པ་རྣམས་མེད་པའི་ཕྱིར་རོ། །སྤྱད་པ་ལྟར་སྟོན་ཞེས་བྱ་བ་ནི་བླ་ན་མེད་པའི་ཤེས་རབ་ཀྱི་ཁྱད་པར་གྱི་གོམས་པ་མེད་པར་དེ་ལྟ་བུར་གྱུར་པའི་མཚན་མ་མེད་པ་བསྟན་པ་མི་འཐད་པའི་ཕྱིར་རོ། །དགྲ་བཅོམ་པ་
ཞེས་རབ་ཏུ་དབྱེ་བའི་ཆོས་དེ་ཡང་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ་བ་གསུངས་པ་ལ། དགྲ་བཅོམ་པ་ཉིད་ཅེས་བྱ་བ་གནས་ཡོངས་སུ་གྱུར་པ་ཙམ་ལས་གཞན་དུ་ཆོས་གཞན་ཅུང་ཟད་མ་ཡིན་ཞེས་བྱ་བ་རློམ་སེམས་སུ་སྤྱོད་ཅིང་དེ་ནི་མ་ལགས་སོ་ཞེས་བྱ་བ་སོ་སོར་བརྗོད་པ་ཡིན་
ནོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་ཁྱོད་ལ་དགྲ་བཅོམ་པ་ཉིད་ཀྱི་ཆོས་མི་དམིགས་པ་དེ་བཞིན་དུ་སྐྱེ་བ་གཅིག་དང་སོ་སོར་འབྲེལ་པའི་བྱང་ཆུབ་སེམས་དཔའ་ལུང་བསྟན་པ་ལ་སོགས་པ་དང་ལྷན་ཅིག་པར་གྱུར་པའི་ཆོས་རྣམས་མི་དམིགས་པའོ། །གལ་ཏེ་ཆོས་རྣམས་ཐམས་ཅད་མི་དམིགས་
པ་ཡིན་ན་གང་རྣམས་ཀྱི་དོན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་བྱ་བའི་དོགས་པ་བསལ་བའི་དོན་དུ་བཅོམ་ལྡན་འདས་སེམས་ཅན་ཡོངས་སུ་འཛིན་པའི་དུས་སུ་སྙིང་རྗེའི་དབང་གིས་བྱང་ཆུབ་སེམས་དཔའ་རྣམས་ཀུན་རྫོབ་ཏུ་དམིགས་པའི་འདུ་ཤེས་ཅན་དུ་འགྱུར་ཞེས་བྱ་བ་སྟོན་
པར་མཛད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟོན་པར་མཛད་པ་ནི་དེ་ལྟར་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེ་བཞིན་པའི་དངང་བ་ནི་དངང་བའོ། ཡང་དག་པར་འབྱུང་བའི་སྐྲག་པ་ནི་ཀུན་ཏུ་སྐྲག་པའོ། །དེའི་རྒྱུན་ནི་ཀུན་དུ་སྐྲག་པ་དང་ལྡན་པའོ། །སྟོབས་བསྐྱེད་པ་རྙེད་པའི་ཕྱིར་ཞེས་བྱ་བ་
ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་མི་བརྫི་བའི་ཤེས་རབ་དང་སྙིང་རྗེའི་སྟོབས་ཀྱི་བག་ཆགས་བརྟས་པས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་མཐོང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཤེས་རབ་དང་སྙིང་རྗེའི་སྟོབས་ལས་རང་གི་ལམ་
เล่ม ๙๔ · หน้า 237b
དངང་བ་དང་མི་དངང་བ་མི་འབྱུང་སྟེ་གཅན་གཟན་གྱི་དགོན་པ་ལ་སོགས་པ་རྣམས་ལ་གང་ལ་ཡང་དངང་བ་མི་འབྱུང་ངོ་། །གཅན་གཟན་གྱི་དགོན་པ་ཁྱད་པར་དུ་ཁྱབ་པ་ཉིད་གང་ཞིག་མཐོང་བ་དེ་ལ་བདག་གི་སངས་རྒྱས་ཀྱི་ཞིང་ལ་རྣམ་པ་ཐམས་ཅད་དུ་དེ་ལྟར་མ་གྱུར་ཅིག་ཅེས་བྱ་བ་སྨོན་ལམ་དུ་བྱེད་པ་དེ་ནི་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་དེ་ནི་སྟོབས་བསྐྱེད་པ་རྙེད་པ་ཞེས་སྟོན་པར་བྱེད་པ་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པས་སོ། །དད་པ་ལ་སོགས་པ་དགག་པ་གསུངས་པ་བརྗོད་པ་དང་ད་ལྟར་བརྗོད་པར་བྱ་བ་སྟེ། དེ་ལ་ལྟོས་པས་གཞན་ཡང་གི་སྒྲའོ། །བགྲོད་པར་དཀའ་བའི་
ས་ཕྱོགས་ནི་དགོན་པའོ། །གཅན་གཟན་རྣམས་ཀྱི་དགོན་པ་ནི་གཅན་གཟན་རྣམས་ཀྱི་དགོན་པའོ། །འདི་ལྟར་ངེས་ཞེས་བྱ་བ་ལ་སོགས་པས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བས་ཉེ་བར་བསྡུས་པར་བྱས་པའི་སྟོབས་གཞན་གསུངས་པ་ནི་མི་འབྱུང་ཞེས་བྱ་བ་སྟེ་མི་སྐྱེད་པའི་ཕྱིར་རོ། །ཤེས་པར་མི་
འགྱུར་ཞེས་བྱ་བ་ནི་མིང་ལ་སོགས་པ་རྣམས་ཀྱང་མི་ཐོས་པའི་ཕྱིར་རོ། །བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་རྩ་བ་ཞེས་བྱ་བ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཉིད་ནི་དགེ་བ་སྟེ་དེ་ལ་མངོན་པར་དགའ་བའོ། །ལུས་ཀྱང་རབ་ཏུ་བོར་ཞིང་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་
དང་ཆོས་ཡོངས་སུ་ཚོལ་བའི་རྒྱུ་མཚན་དུ་ལུས་ཀྱང་ཡོངས་སུ་གཏོང་བའི་ཕྱིར་རོ། །ཡོ་བྱད་ནི་ཅི་ནས་ཀྱང་བསྐྱེད་པར་བྱ་བའི་ཆོས་གོས་ལ་སོགས་པ་རྣམས་སོ། །གཞན་ནི་ཉེ་བར་མཁོ་བ་རྣམས་སོ། །སྦྱིན་པ་དེ་ནི་བྱིན་པར་གྱུར་ཅིག་ཅེས་བྱ་བ་ནི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་བདག་
གི་དོན་འགའ་ཞིག་ཉེ་བར་མཁོ་བ་འདིས་མངོན་པར་འདོད་པའོ། །དེ་བས་ན་གལ་ཏེ་དེ་རྣམས་ལ་འདི་ཉིད་ཀྱིས་དོན་དུ་གཉེར་བ་ཉིད་དེ་བས་ན་འདི་ཉིད་སྦྱིན་པ་བྱིན་པར་གྱུར་ཅིག་ཅེས་བྱ་བའོ། །གནོད་སེམས་ནི་སེམས་ཅན་རྣམས་ལ་སྡང་བའོ། །ཁྲོ་བ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་
པའི་ཡུལ་ཅན་རྣམས་ལ་གནོད་པའོ། །ཞེ་སྡང་ནི་སེམས་ལ་འཇོག་པ་དང་འབྲེལ་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་ལུས་ལ་སོགས་པ་གཏོང་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཞན་ལ་མི་གནོད་པའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་གནོད་པ་བྱེད་པ་རྣམས་
เล่ม ๙๔ · หน้า 238a
ལ་མི་ཁྲོ་བའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་གྱི་དོན་ཉིད་ལ་དགེ་བའི་ཆོས་ཡིད་ལ་བྱེད་པའི་ཕྱིར་དང་རྣམ་པ་ཐམས་ཅད་དུ་འགྲོ་བ་ལ་ཕན་པའི་སྨོན་ལམ་དུ་བྱེད་པའི་ཕྱིར་རོ། །གནས་འདི་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགའ་ཞིག་
ཏུ་འདོན་པ་མ་ཡིན་ནོ། །ཉེ་བར་འགྱུར་བ་ཞེས་བྱ་བ་ནི་བྱང་ཆུབ་ཐོབ་པ་དང་རྗེས་སུ་མཐུན་པ་སྦྱིན་པ་ལ་སོགས་པའི་མཐུས་ཚོགས་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཆུས་དགོན་པར་གྱུར་པ་ཞེས་བྱ་བ་ནི། ཆུས་སྤངས་པའི་དགོན་པ་ནི་ཆུའི་དགོན་པའོ། །ཀུན་དུ་མི་སྐྲག་པའི་ཆོས་ཅན་ཞེས་བྱ་
བ་ནི་བརྟན་པའི་ཁྱད་པར་གྱི་སྦྱོར་བ་དང་ལྡན་པ་རྣམས་ཀྱི་འགྲོ་བ་ཐམས་ཅད་སྐྱོབ་པ་ལ་དབང་བྱེད་པའི་ཕྱིར་རོ། །སྲིད་པ་ཐམས་ཅད་བཅད་པའི་ཕྱིར་ཞེས་བྱ་བ་ནི་ཁམས་གསུམ་པའི་འདོད་ཆགས་སྤངས་པའི་ཕྱིར་རོ། །དེ་ལ་ཆུའི་དགོན་པ་ཞེས་བྱ་བ་འདི་ཅི་ཞིག་ཅེས་བརྗོད་པར་བྱ་ཞེས་བྱ་བའི་
དགོངས་པའོ། །སྐོམ་པས་འཆི་བའི་དུས་བྱེད་པར་གྱུར་ན་ཞེས་བྱ་བ་ནི་སྲོག་འགག་པའི་དུས་ན་ཡང་བདག་གིས་རང་གི་སྡུག་བསྔལ་དང་བདེ་བ་ཡིད་ལ་མི་བྱ་བ་སྟེ་འོན་ཀྱང་དེ་དང་དེའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་སྨོན་ལམ་བྱའོ་ཞེས་བྱ་བའི་དགོངས་པའོ། །ཡི་དགས་ཀྱི་འཇིག་
རྟེན་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེ་བའི་ཡང་དག་པར་གྲུབ་པར་བྱ་བའི་ལས་གང་ལ་ཡོད་པ་དེ་ལ་དེའི་ལས་ལ་སྲེད་པས་འཆི་བའི་དུས་སུ་ལྷན་ཅིག་བྱེད་པ་བླངས་ནས་འབྲས་བུ་སྟེར་བ་ལ་མངོན་པར་ཕྱོགས་པར་འགྱུར་ཞེས་བྱ་བ་རྗོད་པར་བྱེད་པ་ནི་ཡན་ལག་བརྒྱད་དང་ལྡན་
པའི་ཆུ་ཞེས་བྱ་བ་སྟེ། བསིལ་དང་ཡང་དང་འཇམ་དང་ཞིམ། །དྲི་མི་ཞིམ་སྤངས་དང་བ་དང་། །འཐུངས་དང་འཐུང་བར་འགྱུར་བ་ནི། །ལྟོ་བ་མགྲིན་པ་ལ་མི་གནོད། །ཅེས་བྱ་བའོ། །སྐྱིད་པ་དང་ཞེས་བྱ་བ་ནི་མདོར་བསྟན་པའོ། །བདེ་བ་དང་ལྡན་པ་ནི་བདེ་བ་དང་སྦྱོར་བ་ཅན་ནོ། །བདེ་བ་ཐམས་ཅད་
དང་ཕྲད་པར་འགྱུར་བ་འདི་རྣམས་ལ་ཡོད་པས་ན་བདེ་བ་ཐམས་ཅད་དང་ཕྲད་པར་འགྱུར་བ་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །འགྲུབ་པར་འགྱུར་ཞེས་བྱ་བ་ནི་དུས་གཅིག་པ་རྣམ་པ་ཐམས་ཅད་དུ་འགྲུབ་པ་སྐྱེད་པའི་ཕྱིར་རོ། །འབྱུང་བར་བྱའོ་ཞེས་བྱ་བ་ནི་རིམ་གྱིས་རྫོགས་པ་ཉིད་རྙེད་པའི་ཕྱིར་རོ། །
เล่ม ๙๔ · หน้า 238b
ཐམས་ཅད་ཅེས་བྱ་བ་ནི་ཐམས་ཅད་དུའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཉོན་མོངས་པ་ལྔ་ལ་སོགས་པ་སྤངས་པས་བསམ་གཏན་དང་པོ་ལ་སོགས་པ་ཐོབ་པའི་ཕྱིར་རོ། །ནད་ཀྱི་དགོན་པར་ཞེས་བྱ་བ་ནི་ནད་ཀྱིས་ཉེ་བར་འཚེ་བའོ། །མོས་པས་སྤྱོད་པའི་ས་ལ་ཞུགས་པས་གྲངས་
མེད་པ་གསུམ་དུ་ཅི་ནས་ཀྱང་འཁོར་བའི་ཕྱིར་དུས་རིང་པོ་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་རྣམ་པར་རྟོག་པ་ཡང་མི་བྱ་ཞེས་གསུངས་པ་ནི་དང་བར་མི་བྱ་བ་ལ་སོགས་པ་སྟེ། དུས་རིང་པོར་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་རྣམ་པར་རྟོག་པ་ཡང་དག་པར་འོས་པ་ཉིད་ཅི་ལྟར་མི་བྱ་ཞེས་དེ་ཅིའི་ཕྱིར་ཞེ་ན་
ཞེས་དོགས་ནས་གསུངས་པ་ནི་སེམས་ཀྱི་སྐད་ཅིག་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་འདི་ཡིན་ཏེ་ཀུན་རྫོབ་ཏུ་ཡང་སེམས་ཀྱི་སྐད་ཅིག་རྒྱུན་ལས་ཐ་དད་པ་དུས་ཞེས་བྱ་བ་འགའ་ཞིག་ཡོད་པ་མ་ཡིན་ཏེ་སེམས་ཀྱི་སྐད་ཅིག་མ་རྣམས་ཀྱང་རེ་རེར་སྐྱེས་པ་ཙམ་ཉིད་རྣམ་པར་འཇིག་པས་གཡོ་བར་བྱེད་པ་དེ་
བས་ན་སུ་ཞིག་ལ་རིང་བ་ཉིད་ཅེས་བྱ་བའོ། །འདི་ཙམ་པ་ཞེས་བྱ་བ་ནི་སེམས་ཀྱི་སྐད་ཅིག་མའི་ཚད་དོ། །སྔོན་མེད་པ་ཞེས་བྱ་བ་ནི་གང་ལ་བདག་གིས་འཁོར་བར་བྱ་བའོ། །མཐའ་མེད་པའོ་ཞེས་བྱ་བ་ནི་ཆ་དང་བྲལ་བའི་སྐད་ཅིག་མ་ལ་མཐའ་ཡོད་པ་མ་ཡིན་ནོ། །དེ་ལྟར་རིམ་པ་འདིས་དུས་རིང་པོ་བསྒྲུབ་པར་བྱ་
བ་ཉིད་ཀྱིས་དཀའ་བའི་འདུ་ཤེས་བསྐྱེད་པར་མི་བྱ་བ་རྒྱུ་གང་གིས་ཤེ་ན། གསུངས་པ་ནི་མང་ཞིང་ཡུན་རིང་བའོ། །སྔོན་མེད་པའི་ཐ་མ་འདི་ནི་ཞེས་བྱ་བ་སྟེ། སྔོན་མེད་པ་ཞེས་བྱ་བ་ནི་མ་འོངས་པའོ། །ཅིའི་ཕྱིར་རིང་བ་ཞེས་བྱ་བ་ནི་འདུ་ཤེས་སྐྱེ་བར་མི་བྱ་ཞེ་ན་གསུངས་པ་ནི་སེམས་ཀྱི་སྐད་ཅིག་མ་གཅིག་ཅེས་བྱ་བ་ལ་
སོགས་པ་སྟེ། སེམས་ཀྱི་སྐད་ཅིག་མ་རེ་རེ་ཙམ་ལས་ཐ་དད་པ་ཅུང་ཟད་ཡོད་པ་མ་ཡིན་ཏེ། གང་ཞིག་རིང་བ་སྔོན་མེད་པའི་མཐའ་ཞེས་བརྗོད་པ་ཡིན་ནོ། །དེ་ཉིད་གསུངས་པ་ནི་འདི་ལྟ་སྟེ་མཐའ་མེད་པའོ་ཞེས་བྱ་བ་སྟེ། སྔ་མ་བཞིན་དུ་བཤད་པར་བྱའོ། །དེ་ལྟར་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །འཇིགས་
པ་མི་བཟད་པ་ཞེས་བྱ་བ་ལ་གཏན་དུ་བའི་འཇིགས་པའི་རྒྱུ་རྣམས་འཇིགས་པ་མི་བཟད་པའོ། །ཅི་ལྟར་དེ་བཞིན་གཤེགས་པས་གསུངས་པ་སྨྲ་བར་འགྱུར་ཞེས་བྱ་བ་ནི་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་པར་མཛད་ཅིང་སྨོན་ལམ་རྣམས་ཀྱང་
เล่ม ๙๔ · หน้า 239a
མཛད་པ་དེ་ལྟར་བདག་ཀྱང་བྱེད་ཅེས་དེའི་ཕྱིར་གསུངས་པ་སྨྲ་བར་འགྱུར་བའོ། །དེ་བཞིན་དུ་བྱ་བས་སྒྲུབ་པའི་ཕྱིར་ཅི་ལྟར་གསུངས་པ་བཞིན་དུ་བྱེད་པའོ། །འཆལ་བའི་ཤེས་རབ་ཀྱི་མཚན་མ་དང་ཀློག་པ་ཉེ་བར་བསྡུས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་
རྫོགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་འདི་ཐམས་ཅད་ལ་འབྱུང་བ་ཡིན་ཏེ་འོན་ཀྱང་དགོངས་པ་སྣ་ཚོགས་པ་ཉིད་ཀྱིས་སྨོན་ལམ་སྣ་ཚོགས་པར་འགྱུར་རོ། །འགའ་ཞིག་ནི་རྣམ་པ་ཐམས་ཅད་དུ་ཡང་སྨོན་ལམ་བྱེད་པ་ཕྱིས་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ཅུང་ཟད་
འགྲུབ་པ་དང་ཅུང་ཟད་མི་འགྲུབ་པར་འགྱུར་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་བསྟན་པ་དེ་ལ་གང་ཞིག་འབྱུང་བར་འགྱུར་བ་དེ་ཉིད་གསུངས་པ་ནི། འཛུམ་པ་ཞེས་བྱ་བ་སྟེ། ཡན་ལག་དང་ཉིང་ལག་ཐམས་ཅད་ལས་འོད་ཟེར་ངེས་པར་ཕྱུང་བ་ནི་འདིར་འཛུམ་པ་ཞེས་སྨྲའོ། །དེ་ཉིད་
ཀྱི་ཕྱིར་གསེར་གྱི་ཁ་དོག་ལྟ་བུའོ་ཞེས་བྱ་བའི་ཁྱད་པར་རོ། །འདི་ལྟ་སྟེ་དབབ་པས་འཛུམ་པའི་སྒྲའི་དོན་གླིང་བཞི་ལས་བཤད་པ་ཁོ་ནའོ། །ཆགས་པ་མེད་པར་ཞེས་བྱ་བ་ནི་སྦྱར་བ་མེད་པའོ། །བར་སྣང་གི་ནམ་མཁའ་ལ་ཞེས་བྱ་བ་ནི་ནམ་མཁའ་གཅིག་པུ་ཉིད་ལའོ། །གང་གི་ཚེ་བཅོམ་ལྡན་
འདས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ལུང་བསྟན་པར་བཞེད་པར་འགྱུར་བ་དེའི་ཚེ་སྤྱི་བོར་འོད་ཟེར་རྣམས་མི་སྣང་བར་འགྱུར་ཞེས་བྱ་བའོ། །མཚན་མར་གཟུང་བར་བྱ་བའི་ཕྱིར་འཕགས་པ་ཀུན་དགའ་བོ་དྲི་བར་བྱེད་པ་ནི་རྒྱུ་གང་ལགས་རྐྱེན་གང་ལགས་ཞེས་བྱ་བ་ལ་སོགས་པ་སྟེ།
རྫོགས་པའི་བྱང་ཆུབ་ཐོབ་པའི་སྔ་རོལ་དུ་ཡང་ལུང་བསྟན་པར་མཛད་ཅིང་གསུངས་པ་ནི། སྲིང་མོ་གང་གཱའི་ལྷ་མོ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་འདུས་པ་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་ལུང་བསྟན་པ་ཐོབ་པའི་ཕྱིར་མི་ལྡོག་པ་ཉིད་ལ་དེར་སྐྱེས་པའི་ཕྱིར་རོ། །
འདམ་ལས་བརྒལ་བ་ཡིན་ཏེ་ཞེས་བྱ་བ་ནི་མ་རིག་པའི་འདམ་ལས་བརྒལ་བའི་ཕྱིར་གཉེན་པོའི་ཁྱད་པར་ཐོབ་པའོ། །བྱང་ཆུབ་ཡོངས་སུ་འགྲུབ་པ་ལ་ཉེ་བར་སོན་པ་ཞེས་བྱ་བ་ནི་ཡོངས་སུ་འགྲུབ་པ་དང་འདྲ་བར་ཡོངས་སུ་གྲུབ་པ་སྟེ་དབང་བྱེད་པའི་ངོ་བོའོ། །ཚད་ཡོད་པར་མི་འགྱུར་ཞེས་བྱ་
เล่ม ๙๔ · หน้า 239b
བ་ནི་ཚད་ཡོད་པ་ནི་ཚད་ཀྱི་ངེས་པའོ། །མ་ལེགས་པར་འགྱུར་བའི་དགོན་པ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་དགོན་པ་རྣམས་སོ། །མི་འབྱུང་ཞིང་ཞེས་བྱ་བ་ནི་འབྲས་བུ་སྨོན་ལམ་ལ་རག་ལས་པའི་ཕྱིར་ཞེས་བྱ་བའི་དགོངས་པའོ། །ཡོངས་སུ་སྦྱང་བར་བགྱིས་ཤིང་ཞེས་བྱ་བ་ནི་ལུང་བསྟན་པ་ཐོབ་
པའི་ཆེད་དུ་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་ལ་སོགས་པ་བྱེད་པའི་ཕྱིར་རོ། །མཐར་ཕྱིན་པར་བགྱིས་པ་ནི་ཕྱིར་མི་ལྡོག་པ་ཉིད་ཐོབ་པས་མ་དག་པའི་འཁོར་བ་མཐར་བྱས་པའི་ཕྱིར་རོ། །སྲིང་མོ་གང་གཱའི་ལྷ་མོས་ཉེ་བར་མཚོན་པའི་ལེའུ་ནི་དེའི་ལེའུ་སྟེ་ལེའུ་བཅུ་དགུ་པའོ།། །།
ད་ནི་གནས་བརྟན་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ཡོངས་སུ་སྤངས་ནས་ཅི་ལྟར་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་སྒོམ་པར་བྱེད་ཅེས་བྱ་བ་དྲི་བར་བྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ལ་སོགས་པས་སོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདིར་སྟོང་པ་ཉིད་དུ་རྟོགས་པ་ཆོས་ཀྱི་སྐུའི་རང་བཞིན་ནོ། །བདུན་པ་འདི་ཡང་མཚན་མ་ལ་སྟེ་དེའི་དོན་དམ་དེ་ཐོབ་པའི་རྟགས་ནི་སྟོང་པ་ཉིད་ལ་སྤྱོད་ཅིང་ཞེས་བྱ་བ་སྟེ། ཀུན་བརྟགས་དང་གཞན་དབང་མེད་པའི་རང་བཞིན་ཅན་ལའོ། །ཡོངས་སུ་འདྲིས་པར་
ཞེས་བྱ་བ་ནི་སོ་སོར་རྟོགས་པ་དང་རྗེས་སུ་མཐུན་པ་ལ་དབང་བ་ཉིད་དོ། །གཟུགས་སྟོང་པའོ་སྙམ་དུ་སོ་སོར་བརྟག་པར་བྱ་སྟེ་ཞེས་བྱ་བ་ནི་སྟོང་པ་ཉིད་ནི་ལྷག་མཐོང་སྟེ་མངོན་པར་འཕེལ་བའི་དུས་སུ་དེ་ལྟར་སོ་སོར་བརྟག་པར་བྱ་ཞིང་གཡེང་བ་མེད་པའི་སེམས་ཀྱི་རྒྱུད་ཀྱིས་ཞེས་བྱ་བ་སྟོང་པ་
ཉིད་ཀྱི་ཏིང་ངེ་འཛིན་གྱི་དུས་སོ། །སེམས་ཀྱི་རྒྱུད་ནི་སེམས་ཀྱི་རྒྱུན་ནོ། །གཟུགས་ཞེས་བྱ་བ་ནི་ཆོས་ཉིད་ཀྱིས་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་སོ་སོ་རྟོགས་པ་དང་འདྲ་བའི་ཡོངས་སུ་འདྲིས་པར་བྱ་བ་ཐོབ་པའི་དུས་སོ། །ཆོས་ཉིད་དེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་
རང་བཞིན་ཅན་གྱི་ཆོས་ཀྱི་རང་བཞིན་ནོ། །ཆོས་ཉིད་ཀྱིས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དངོས་པོར་གྱུར་པའི་ཆོས་ཀྱི་ངོ་བོ་ཉིད་ཀྱིས་སོ། །ཆོས་ཉིད་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། ཡོངས་སུ་འདྲིས་པའི་ཤེས་པ་ཉིད་འདི་ལྟ་བུ་སྟེ་གང་གིས་སྟོང་པ་ཉིད་
เล่ม ๙๔ · หน้า 240a
གཟུགས་ལ་སོགས་པའི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བའོ། །དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་བས་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་དེ་མ་ཐག་ཏུ་གསུངས་པ་གཟུགས་ལ་
སོགས་པའི་ཆོས་ཉིད་མི་མཐོང་ངོ་། །དེ་ལྟར་ན་ཡོངས་སུ་འདུས་པའི་ཤེས་པ་ཉིད་ཀྱིས་ཆོས་རྣམས་ཐམས་ཅད་ལ་འདི་ཡང་དག་པར་མཐོང་བ་འཇུག་པ་གང་གིས་ཀུན་ནས་ཉོན་མོངས་པ་མ་ཡིན་པ་འདི་མཚན་མ་དང་དངོས་པོར་འཛིན་པས་འཁོར་བར་འཁོར་བར་འགྱུར་རོ། །ཀུན་ནས་ཉོན་མོངས་
པ་མེད་པའི་བྱང་ཆུབ་སེམས་དཔའ་འཁོར་ཞིང་བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་སེམས་ཅན་རྣམས་ཀྱང་འདུལ་བར་བྱེད་པའོ། །ཉོན་མོངས་པའི་སེམས་འཁོར་བར་གྱུར་པ་ན་འདི་གཉིས་ཀྱང་གྲུབ་པར་མི་འགྱུར་རོ། །ཡང་དག་པའི་མཐའ་མངོན་སུམ་
དུ་མི་བྱེད་ཅེས་བྱ་བ་ནི་ཚོགས་ཡོངས་སུ་རྫོགས་པར་འབྱུང་ཞིང་དབང་མ་ཐོབ་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཤད་པར་གྱུར་པ་འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་གྱི་མངོན་དུ་བྱ་བའི་དུས་ནི་མ་ཡིན་ཞེས་བྱ་བའོ། །འོན་ཏེ་ཡང་དག་པའི་མཐའ་མངོན་དུ་བྱེད་པ་ལ་སྐྱོན་ཅི་ཞིག་འགྱུར།
ཉན་ཐོས་བཞིན་དུ་ཡང་དག་པའི་མཐའ་འདིས་མངོན་དུ་བྱས་པ་དེའི་ཕྱིར་དེའི་རྣམ་པར་གྲོལ་བ་ཇི་ལྟར་སྔར་བསྟན་པར་ཐལ་བར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ཡོངས་སུ་མ་རྫོགས་པ་ནི་ཉན་ཐོས་སུ་འགྱུར་རོ། །འོན་ཏེ་ཉན་ཐོས་ནི་གང་ཟག་གི་བདག་མེད་བསྒོམ་པ་ལ་མངོན་པར་དགའ་བ་ཇི་ལྟར་
ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡང་དག་པའི་མཐའ་ལ་མངོན་དུ་བྱེད་བྱང་ཆུབ་སེམས་དཔའ་ཡང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་བསྒོམ་པ་ལ་མངོན་པར་བརྩོན་པ་ཚོགས་མི་ཚང་ཡང་ཇི་ལྟར་གང་ཟག་གི་བདག་མེད་པ་ལ་མངོན་དུ་བྱ་བས་བསྡུས་པ་ཉན་ཐོས་ཀྱི་བྱང་ཆུབ་ལ་རྟོགས་པར་
འགྱུར་རོ། །ཚོགས་པ་མ་ཚང་བ་ལ་ཇི་ལྟར་འབྲུའི་ས་བོན་ལས་མྱུ་གུ་སྐྱེ་བར་མི་འགྱུར་རོ། །དགོངས་པ་ནི་འདི་ཡིན་གལ་ཏེ་བྱང་ཆུབ་སེམས་དཔའ་འདི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་རྫོགས་པ་ཡང་དག་པའི་མཐའ་ལ་མངོན་དུ་བྱེད་པར་འགྱུར་བ་དེའི་ཚེ་འདི་ཡོངས་སུ་མ་རྫོགས་པའི་སྨོན་ལམ་དང་
เล่ม ๙๔ · หน้า 240b
ཚོགས་མ་རྫོགས་པའི་ཏིང་ངེ་འཛིན་དེ་ལས་ལྡང་བ་ཡོད་པ་མ་ཡིན་ནོ། །དེ་བས་ན་འདི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་མི་སྲིད་པས་གཅིག་ཏུ་ཆོས་ཀྱི་སྐུ་ཐོབ་པས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པའི་མཚན་ཉིད་སྐུ་གསུམ་གྱི་ངོ་བོ་ཉིད་རྫོགས་པའི་བྱང་
ཆུབ་ཐོབ་པར་མི་འགྱུར་རོ། །དེ་བས་ན་འཁོར་བ་ཇི་སྲིད་པར་འགྲོ་བའི་དོན་གྱི་བྱ་བ་འདི་ལ་མི་འགྱུར་རོ། །འགྲོ་བའི་དོན་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྒྲུབ་པར་བྱ་བ་མཆོག་ཡིན་ཏེ། དེ་རྣམས་ནི་གཞན་གྱི་སྡུག་བསྔལ་གྱིས་འཇིགས་པ་འགྲོ་བའི་དོན་དུ་གཞན་ཅུང་ཟད་ལ་གུས་
པར་བྱེད་པ་མ་ཡིན་ཏེ། དེ་བས་ན་འདི་རྣམས་ལ་དེ་ཁོ་ན་ཉིད་མངོན་དུ་བྱེད་པ་ཡང་སྲིད་པ་དང་ཞི་བ་ལ་རབ་ཏུ་མི་གནས་པའི་རང་བཞིན་སྐུ་གསུམ་གྱི་མཚན་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་ཐོབ་པ་ཁོ་ནར་འགྱུར་རོ། །གང་གི་ཕྱིར་དེ་ཁོ་ན་ཉིད་ནི་གཞན་ཁོ་ན་སྟེ་བསྒྲུབ་པར་བྱ་བ་ནི་གཞན་ནོ། །
ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལས་སྟོང་པ་ཉིད་ནི་གཅིག་པུ་དེ་ཁོ་ན་ཉིད་ཀུན་རྫོབ་དང་དོན་དམ་ཐ་མི་དད་པ་སྐུ་གསུམ་གྱི་རང་བཞིན་འཁོར་བ་ཇི་སྲིད་འགྲོ་བའི་དོན་བྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་བསྒྲུབ་པར་བྱ་བའོ། །བསྒྲུབ་པར་བྱ་བ་དགོངས་པ་ཉིད་ཀྱིས་གཞན་དུ་གསུངས་
པ། ཀྱེ་མ་དད་པའི་ཤུགས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ཆུད་ཟོས་པའོ། །བྱང་ཆུབ་ནི་རྣམ་པ་དང་བྲལ་བའོ་ཞེས་བྱ་བ་དེ་ལྟར་མ་སྨྲ་ཤིག །དོན་ནི་འདི་ཡིན་ན་དེ་དད་པའི་ཤུགས་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དེ་ཁོ་ན་ཉིད་མཐོང་བ་ཉིད་ལ་དེ་ལ་རྩེ་གཅིག་པ་ཉིད་དོ། །དད་པའི་ཤུགས་
དེས་ཆུད་ཟོས་པ་ནི་སྐུ་གསུམ་གྱི་ངོ་བོ་ཉིད་འགྲོ་བའི་དོན་བྱེད་པ་རྫོགས་པའི་བྱང་ཆུབ་ལས་ཉམས་པའོ། །བྱང་ཆུབ་ནི་རྣམ་པ་དང་བྲལ་བའོ་ཞེས་དེ་ལྟར་མ་སྨྲ་ཤིག །བྱང་ཆུབ་ནི་སྔ་མ་བཞིན་དུ་བསྒྲུབ་པར་བྱ་བའི་ངོ་བོ་བདེན་པ་གཉིས་དང་ཐ་མི་དད་པའི་ངོ་བོ་ཞེས་བྱ་བ་སྟེ་ལོངས་སྤྱོད་རྫོགས་པ་
ལ་སོགས་པའི་ངོ་བོ་ཡང་ཀུན་རྫོབ་ཀྱི་རྣམ་པ་རྣམས་ཡོད་པའི་ཕྱིར་རྣམ་པ་དང་བྲལ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་མ་ཐག་པར་གསུངས་པ། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །ཁྱབ་བདག་དཔེ་བྱད་བརྒྱད་ཅུ་ལྡན། །མི་འདྲ་བ་ཡི་རྒྱུ་རྣམས་ཀྱིས། །ཅི་ལྟར་བསྒྲུབ་པར་བྱ་བ་ཡིན། །
เล่ม ๙๔ · หน้า 241a
ཞེས་བྱ་བ་མཚན་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་སྐུ་བསྒྲུབ་པར་བྱ་བ་ཉིད་དུ་གསུངས་ཏེ། དེ་ཁོ་ན་ཉིད་ནི་མ་ཡིན་ནོ། །སྟོང་པ་ཉིད་ནི་རྣམ་པ་དང་བྲལ་བ་ཡོད་པ་ཁོ་ན་སྟེ་ཡོད་པ་དང་མེད་པ་དང་ཤེས་པ་དང་རྟག་པ་དང་ཆད་པ་དང་སྐྱེ་བ་དང་འགག་པ་ལ་སོགས་པའི་སྤྲོས་པའི་
རྣམ་པས་སྟོང་པའི་ཕྱིར་རོ། །དེ་ལྟར་ན་ཡང་དེ་ཁོ་ན་ཉིད་དང་བསྒྲུབ་པར་བྱ་བ་དག་ལ་ཐ་དད་པ་མི་ཤེས་ཤིང་གནས་དང་གནས་མ་ཡིན་པ་རྣམས་ལ་བསྒྲུབ་པར་བྱ་བའི་དབང་གིས་བཀའ་ལས་གསུངས་པ། དེ་བཞིན་དུ་འཕགས་པ་དང་སློབ་དཔོན་རྣམས་ཀྱི་གཞུང་རྣམས་དེ་ཁོ་ན་ཉིད་ལ་སྦྱར་
ཞིང་རྣམ་པར་རྨོངས་པས་ལམ་ལོག་པ་ལ་ལྟུང་བར་འགྱུར་ཞེས་བྱ་བ་ངེས་པར་བྱའོ། །གལ་ཏེ་དེ་ལྟར་ཡིན་ན་བྱང་ཆུབ་སེམས་དཔའ་ནི་ཚོགས་ཡོངས་སུ་རྫོགས་པ་ཡང་ཆོས་ཀྱི་བདག་མེད་ཀྱིས་རབ་ཏུ་བསྒོམ་པར་བྱས་པའི་དེ་ལྟར་ཡང་དག་པའི་མཐའ་མངོན་སུམ་དུ་བྱས་པ་དེ་བས་ན་འདི་བྱང་ཆུབ་
གཞན་ཉིད་ཅུང་ཟད་ཡོད་པར་འགྱུར་བ་དེ་བས་ན་ཅིའི་ཕྱིར་འདི་ལ་ཉན་ཐོས་ཀྱི་བྱང་ཆུབ་བོ། །དགོངས་པ་ནི་འདི་ཡིན་ཏེ་ཉན་ཐོས་ཀྱང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ཁམས་ལ་ཞུགས་པ་ཀུན་བརྟགས་དང་གཞན་དབང་གི་ངོ་བོ་ཉིད་ཀྱི་སྤྲོས་པ་རྣམས་ནུབ་པས་སྟོང་པ་ཉིད་ཙམ་དོན་དམ་
པའི་རང་བཞིན་མཐོང་བར་ཡང་དག་པར་སྒྲུབ་པའོ། །ཅི་ལྟར་རྒྱས་པར་དེ་ཁོ་ན་ཉིད་རྣམ་པར་ངེས་པ་བསྡུས་པ་ལས་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱིས་རྣམ་པར་གཞག་པའོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་གསུངས་པ། སྐྱེ་མེད་ཐེག་པ་ཆེན་པོ་ལས། །
སྟོང་ཉིད་གཞན་ནི་ཟད་པ་སྟེ། །ཟད་དང་སྐྱེ་མེད་དང་གཅིག་པ། །དོན་ལས་འདི་ནི་བཟོད་པར་གྱིས། །ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་ཀུན་བརྟགས་དང་གཞན་དབང་དག་ལ་རང་བཞིན་མེད་པའི་ཕྱིར་དེ་མེད་པ་མངོན་དུ་བྱེད་པ་ན་བྱང་ཆུབ་སེམས་དཔའ་ལ་ཡང་དག་པའི་མཐའ་མཐོང་བའོ། །ཉན་
ཐོས་ལ་ནི་སྡུག་བསྔལ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཀུན་བརྟགས་དང་གཞན་དབང་དག་ལ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་རྩ་བ་མེད་པའི་དངོས་པོ་མེད་པར་བྱེད་པ་ལ་མཉམ་པས་མཉམ་པའི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ངོ་བོས་གནས་པ་སྟོང་པ་ཉིད་གཅིག་པུ་མཐོང་བ་
เล่ม ๙๔ · หน้า 241b
ཡང་དག་པའི་མཐའ་མངོན་དུ་བྱས་པའི་ཡེ་ཤེས་དོན་གྱིས་འགྲུབ་པའོ། །རང་བཞིན་གྱིས་རྟོགས་པའི་སྟོང་པ་ཉིད་ལ་སྤྲོ་བར་བྱེད་པ་ནི་འདི་ནུས་པ་མ་ཡིན་ནོ། །དེ་ཡང་ཉན་ཐོས་རྣམས་ཀྱི་རྣམ་པར་གྲོལ་བའི་སྐུ་ཞེས་བརྗོད་པ་ཡིན་ནོ། །ཇི་སྐད་དུ་གསུངས་པ། བདེ་བ་རྣམ་གྲོལ་སྐུ་འདི་ནི། །ཆོས་
ཞེས་བྱ་བ་ཐུབ་ཆེན་གྱི། །ཞེས་བྱ་བ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་གནས་སྐབས་དེ་ལུང་དུ་མ་བསྟན་པ་ཞེས་བྱེ་བྲག་སྨྲ་བ་པ་རྣམས་སོ། །གནས་སྐབས་དེ་ཡང་ཀུན་རྫོབ་པའི་སྐུ་གཉིས་དང་བྲལ་བའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པའི་མཚན་ཉིད་ཡང་དག་པར་རྫོགས་པའི་བྱང་
ཆུབ་པོ། །ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་དེ་རྣམས་ཀྱིས་ཆོས་ཀྱི་བདག་མཐོང་བ་མེད་པ་སྟེ་ཞེས་བྱ་བ་རྟོགས་པར་བྱའོ། །སླར་ཡང་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པ་ཇི་ལྟར་སྟོང་པ་ཉིད་མངོན་དུ་མི་བྱེད་ཅེས་བྱ་བ་གནས་བརྟན་འདྲི་བར་བྱེད་
པའི་དོན་ནི་འདི་ཡིན་ཏེ་སྟོང་པ་ཉིད་ཅེས་སོ་སོར་རྟོག་པར་བྱ་ཞེས་བྱ་བས་སྟོང་པ་ཉིད་ལ་གནས་པ་གསུངས་སོ། །ཡང་དག་པའི་མཐའ་ནི་མངོན་དུ་མི་བྱ་ཞེས་བྱ་བ་ནི་མངོན་དུ་མི་བྱེད་པར་བརྗོད་པ་ཡིན་ནོ། །དེ་ལ་གནས་ཏེ་དེ་ལ་ཡང་མངོན་དུ་མི་བྱེད་ཅེས་བྱ་བ་ཅི་ལྟར་རིགས་ཞེས་དྲི་བར་བྱེད་དེ། དེ་
བས་ན་བཅོམ་ལྡན་འདས་སྔོན་གྱི་དགོངས་པའི་དབང་གིས་འདི་ལྟར་འབྱུང་བ་ཞེས་བསྟན་པར་བྱེད་དེ། ཉན་ཐོས་ལ་ནི་འགོག་པ་མངོན་དུ་བྱེད་པར་འགྱུར་ཞེས་བྱ་བའི་དགོངས་པ་ལྟར་བྱང་ཆུབ་སེམས་དཔའ་འདིའི་སྟོང་པ་ཉིད་མངོན་དུ་བྱེད་པར་འགྱུར་ཞེས་བྱ་བའི་དགོངས་པ་ཡོད་པ་མ་ཡིན་ནོ། །
སྟོང་པ་ཉིད་ནི་བསྒོམ་པར་བྱ་འཕེལ་བར་བྱ་ཞེས་བྱ་བའི་དགོངས་པ་འདི་ཉིད་ལས་འབྱུང་ངོ་། །དེ་བས་ན་ཕྱིས་ཀྱང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སོགས་པ་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའི་སྒོམ་པ་ཉིད་འབའ་ཞིག་མངོན་སུམ་དུ་བྱེད་པ་འབྱུང་བ་ཞེས་བྱ་
བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཡོངས་སུ་འདྲིས་པར་ཤེས་པ་ཉིད་ཀྱི་ནུས་པ་འདི་ཡིན་ཏེ། གང་གི་ཕྱིར་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་ཀྱི་མངོན་དུ་བྱེད་པ་ནི་མ་ཡིན་ཞེས་བྱ་བའོ། །མཉམ་
เล่ม ๙๔ · หน้า 242a
པར་མ་བཞག་པ་ཉིད་དུ་དམིགས་པ་ལ་སེམས་ཉེ་བར་འདོགས་པར་བྱེད་ཅེས་བྱ་བ་ནི་ཡོངས་སུ་འདྲིས་པ་དང་ཤེས་པའི་དུས་ལ་མཐའ་གཅིག་ཏུ་མཉམ་པར་བཞག་པའི་བྱང་ཆུབ་སེམས་དཔའི་སེམས་ནི་མ་ཡིན་ནོ། །དེ་བས་ན་དེའི་སྐད་ཅིག་མ་ལ་ཞི་གནས་ཡོད་པ་
མ་ཡིན་ནོ། །ཞི་གནས་མེད་པས་འཇིག་རྟེན་ལས་འདས་པའི་ལམ་ཉེ་བར་སྐྱེད་པ་མ་ཡིན་ཞེས་སྟོན་པར་བྱེད་པ་ནི་བར་སྐབས་དེ་ཞེས་བྱ་བ་སྟེ། ཇི་སྲིད་སངས་རྒྱས་ཀྱི་ཆོས་འདི་ལ་ཡོངས་སུ་སྨིན་པ་མེད་པའོ། །འདི་ལ་ཞེས་བྱ་བ་ནི་སྟོང་པ་ཉིད་ལའོ། །རྣམ་པར་ཐར་པའི་སྒོ་སྟོང་
པ་ཉིད་བཞིན་དུ་མཚན་མ་མེད་པ་དང་སྨོན་པ་མེད་པ་དག་ལ་ཡང་ཡོངས་སུ་འདྲིས་པར་བྱེད་ཅེས་གསུངས་པ་ནི་གང་གི་ཚེ་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཞེས་བྱ་བ་ནི་ཡོངས་སུ་འདྲིས་པའི་དོན་ལ་ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་ཅེས་བྱ་བ་དང་འབྲེལ་ཏོ། །བསྟན་པ་ཞེས་བྱ་བ་ནི་
ཉེ་བར་ཐོབ་པའི་དགེ་བའི་རྩ་བ་རྣམས་དང་ཡང་དག་པར་ལྡན་པའོ། །འགའ་ཞིག་ཏུ་བསྟན་པ་ཁོ་ན་འདོན་པ་ཡིན་ནོ། །གསུངས་པའི་དོན་དེ་བསྟན་པར་བྱ་བའི་དོན་དུ་དཔེ་ནི་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པས་སོ། །དཔའ་བ་ནི་འཇིགས་པ་དང་བྲལ་བའོ། །བརྩོན་འགྲུས་ནི་སྤྲོ་བའོ། །
གནས་པར་གྱུར་པ་ནི་བརྟན་པའོ། །གཟུགས་བཟང་བ་ཞེས་བྱ་བ་ནི་གང་དུ་དེ་བཞིན་ནི་དེ་ལ་ཡོན་ཏན་གནས་ཞེས་བྱ་བའི་དགོངས་པའོ། །སྤོབས་པ་ནི་ཐོགས་པ་མེད་པར་མངོན་པར་རྟོགས་པའོ། །སྒྲུབ་པ་ནི་རྗེས་སུ་བསྒྲུབ་པའོ། །དུས་ལ་སོགས་པ་གང་ལ་གང་ཞིག་རིགས་པ་དེ་ཤེས་པའི་ཕྱིར་
དུས་ལ་སོགས་པ་ཤེས་པར་གྱུར་པའོ། །ཕྱིན་པ་ནི་ལུས་དང་ངག་དང་སེམས་ལས་སུ་རུང་བ་ཉིད་དོ། །དེ་ཐོབ་པར་གྱུར་པ་ནི་ཐོབ་པའོ། །མཚོན་ཆ་རྣམས་བཟློག་པ་ནི་གོ་ཆ་ལ་སོགས་པའོ། །དྲན་པ་ནི་དྲན་པར་བྱེད་པའོ། །བློ་གྲོས་ནི་མངོན་པར་རྟོགས་པའོ། །རྟོགས་པ་ནི་ཤེས་པའོ། །
མོས་པ་ནི་འཛིན་པའོ། །ལུགས་ནི་ཚུལ་ཤེས་པའོ། །འཇིགས་པ་མེད་པ་ནི་མཁས་པའོ། །དེ་དེའི་གཞི་ལས་ཞེས་བྱ་བ་ནི་ལུས་དང་ཡིད་ལས་བྱུང་བ་ལྷན་ཅིག་སྐྱེས་པ་ཡོན་ཏན་རྣམས་ཀྱིས་མངོན་པར་འདུས་བྱས་པ་ལས་བྱུང་བའི་བཟོ་ལ་སོགས་པ་ཁོང་དུ་ཆུད་པའི་ནོར་དང་གྲོགས་ལ་
เล่ม ๙๔ · หน้า 242b
སོགས་པ་རྙེད་པའི་ཕུན་སུམ་ཚོགས་པས་སོ། །ཕ་མ་དང་ཞེས་བྱ་བ་ལ་སོགས་པས་ཤིན་ཏུ་མཉེས་གཤིན་བསམ་པ་བརྟན་པ་ཉིད་ཀྱིས་ཚོགས་པ་ཚང་བའི་ཡོངས་སུ་མི་འདོར་བའི་རྒྱུ་གསུངས་པ་ནི་འཇིགས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་སོ། །གནས་ལ་འཇིགས་པའི་རྒྱུ་ཉིད་ཡོངས་
སུ་མི་འདོར་བའི་རྒྱུ་གཉིས་པ་གསུངས་པ་ནི་འཇིགས་པ་ཞེས་བྱ་བ་སྟེ། དེ་ལ་གནས་པའི་སེང་གེ་ལ་སོགས་པ་རྣམས་ལ་འཇིགས་པའི་ཕྱིར་རོ། །སྡིག་མོར་རུང་བ་ནི་རང་གི་ངོ་བོས་གཏིང་དཔག་དཀའ་བ་ལ་སོགས་པས་སྐྲག་པ་བསྐྱེད་པའི་ཕྱིར་རོ། །སྤུ་ཟིང་ཞེས་བྱེད་པ་ནི་རྣམ་པ་
གཉིས་ཀྱིས་ཀྱང་འཇིགས་པ་སྐྱེད་པར་བྱེད་པ་གཏན་དུ་བ་གསུངས་སོ། །དེ་ལྟར་འཇིགས་པ་སྐྱེད་པར་བྱེད་པ་གང་ཞིག་སྤུ་ཟིང་བ་ཡང་བྱེད་དེ། ཕྱིར་རྒོལ་བ་ནི་གཉེན་པོར་གྱུར་པ་དོན་དུ་གཉེར་བ་རྣམས་སོ། །མི་མཛའ་བ་ནི་ནོར་བཟུང་བར་འདོད་པའི་དགྲ་རྣམས་གསོད་པ་ལ་བརྩོན་པ་ནི་མི་མཛའ་
བའོ། །ཤིན་ཏུ་མཉེས་གཤིན་པ་ནི་བྱམས་པ་དང་ལྡན་པའི་ཕྱིར་རོ། །མཛངས་པ་ནི་སྙིང་རྗེ་དང་ལྡན་པའི་ཕྱིར་རོ། །དེ་མ་སྣད་པ་ནི་མཚོན་ཆ་ཕོག་པ་མེད་པའི་ཕྱིར་རོ། །མ་སྨས་པ་ནི་དེ་ལས་གཞན་པའི་ཉེ་བར་འཚེ་བ་མེད་པའི་ཕྱིར་རོ། །དཔེའི་དོན་གནས་སྐབས་སུ་བྱ་བ་ལ་སྦྱར་བར་
བྱེད་པ་རབ་འབྱོར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། ཅི་ལྟར་སྐྱེས་བུ་འདི་ཕ་མ་ལ་སོགས་པ་དོར་ནས་འབྲོག་དགོན་པ་ལས་གཅིག་པུ་བྱུང་སྟེ་མི་འགྲོའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་དོར་ནས་གཅིག་པུ་འཁོར་བ་ལས་ངེས་པར་འབྱུང་བ་མ་ཡིན་
ཞེས་བྱ་བ་ནི་དཔེའི་དོན་ཏོ། །ཐབས་མཁས་པ་ནི་སྐྱེས་བུའི་བྱ་བ་དང་བཅས་པ་ཚད་མེད་པ་བཞི་ལ་སྦྱོར་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་འདྲིས་པའི་དོན་དུ་གོམས་པར་གྱུར་པ་ལམ་གྱི་ངོ་བོའོ། །འདིར་བྱམས་པས་སྦྱོར་བའི་གཙོ་བོ་ཉིད་ཀྱི་དབང་དུ་མཛད་ནས་
གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྟེ། ཉེ་བར་འབྲེལ་པ་ཞེས་བྱ་བ་ནི་ཕྱོགས་བཅུ་ལ་འཇུག་པའི་སེམས་ཅན་སྤྲོ་བའི་ཕྱིར་རོ། །ཏིང་ངེ་འཛིན་དེ་ལ་ཞེས་བྱ་བ་ནི་བྱམས་པ་ཡོངས་སུ་བསྒོམ་པ་ལའོ། །ཕ་རོལ་ཏུ་ཕྱིན་པ་མཆོག་ཐོབ་པ་ལའོ། །དེ་ཉིད་བསྟན་པར་བྱེད་པ་ནི་གང་གི་ཚེ་ཞེས་བྱ་བ་
เล่ม ๙๔ · หน้า 243a
ལ་སོགས་པས་སོ། །ད་ནི་མཚན་མ་མེད་པ་ཞེས་བྱ་བ་ནི་ཅི་སྐད་གསུངས་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཉིད་ཀྱིས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་ཡང་འགུགས་པའི་ཕྱིར་ཅི་ཞིག་དེ་ལ་ཡང་ཡོངས་སུ་འདྲིས་པའི་དོན་དུ་གོམས་པ་མངོན་དུ་བྱེད་པའི་ཕྱིར་ནི་མ་
ཡིན་ནོ་ཞེས་གསུངས་པ་ནི་དེས་མ་ཡིན་ནོ་ཞེས་བྱ་བ་སྟེ། ཁ་ཅིག་ཡང་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་མི་གནས་ཏེ་ཞེས་བྱ་བ་དགག་ཚིག་གཉིས་པས་སྟོང་པ་འདོན་པ་དང་བཤད་པའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཉིད་ཀྱིས་མཚན་མ་ཡོངས་སུ་སྤོང་བ་འགྲུབ་པ་ལ་མཚན་མ་མེད་པའི་སྒོ་
གཞན་གྱིས་དགོས་པ་མ་ཡིན་ཞེས་བྱ་བའོ། །འདིར་ཡང་ལྷག་པའི་ཡོན་ཏན་འདིའོ། །དེས་མ་ཡིན་ནོ་ཞེས་བྱ་བ་སྟེ་བཤད་པ་འདི་ཡང་ཤིན་ཏུ་མ་འབྲེལ་པས་དེའི་ཕྱིར་སྔ་མ་ནི་སྐྱོན་དང་བྲལ་བའོ། །འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུ་ཡང་ཞེས་བྱ་བ་ནི་འགྲོ་བའོ། །ས་ལ་མི་ལྟུང་ཞིང་ཞེས་བྱ་བ་ནི་
ལྟུང་བ་བཀག་པ་སྟེ་གནས་པའོ། །གནས་ཅི་ལ་ཡང་མི་བརྟེན་པར་འདུག་སྟེ་ཞེས་བྱ་བས་རབ་ཏུ་གནས་པར་དགག་པའོ། །བརྟེན་ནས་ཞེས་བྱ་བ་ནི་འདུག་པར་བྱས་ནས་སོ། །གནས་པ་ཞེས་བྱ་བ་ནི་གནས་པའོ། །དེ་ལ་ཡང་ཞེས་བྱ་བ་ནི་གནས་ལའོ། །བརྟེན་པ་མ་ཡིན་པ་སྟེ་དེ་བས་ན་གནས་པ་མ་ཡིན་
ནོ། །སྟོང་པ་ཉིད་ལ་མི་ལྟུང་ངོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མངོན་དུ་མི་བྱེད་པའོ། །དུས་ཐམས་ཅད་དུ་ཅི་ཞིག་ཡིན་ནམ་ཞེས་གསུངས་པ་ནི། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་མ་རྫོགས་པར་ཞེས་བྱ་བ་སྟེ། ཇི་སྲིད་དུ་སྐུ་གསུམ་གྱི་བདག་ཉིད་འཁོར་བ་དང་མྱ་ངན་ལས་འདས་པ་ལ་
རབ་ཏུ་མི་གནས་པའི་མཚན་ཉིད་མྱ་ངན་ལས་འདས་པ་ཡོངས་སུ་ཐོབ་པར་བྱེད་པའི་ཚོགས་གཉིས་རྫོགས་པ་འདི་ལ་མི་འབྱུང་བའོ། །འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པས་དཔེ་གཞན་གསུངས་སོ། །འཛིན་ཏེ་ཞེས་བྱ་བ་ལ་ནམ་མཁའ་ཉིད་ལ་གནས་པར་བྱེད་པའོ། །
ལྟུང་དུ་མི་སྟེར་བ་ཞེས་བྱ་བ་ནི་ལྟུང་བའི་ཕྱིར་མི་སྟེར་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་སྟེང་དུ་འཕངས་པའི་མདའ་གཞན་རྣམས་ཀྱིས་ཡུན་རིང་པོར་མི་ལྟུང་བའི་དོན་དུ་འཕོང་གི་སློབ་དཔོན་གྱིས་འབིགས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་བར་དུ་སེམས་ལ་མངོན་
เล่ม ๙๔ · หน้า 243b
དུ་མི་བྱ་བའི་ཕྱིར་སེམས་ལ་སེམས་གཞན་རྣམས་ཀྱིས་སོ་སོར་མངོན་དུ་བྱེད་ཅེས་བྱ་བའོ། །ཡང་དག་པའི་མཐའ་དམ་པ་མངོན་སུམ་བྱེད་དོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་དང་ས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་པ་ལ་ཡང་དག་པའི་མཐའ་མངོན་དུ་བྱེད་པ་ཉིད་དོ། །
འོན་ཀྱང་མངོན་དུ་བྱ་བ་དེ་གཞན་དབང་གིས་སྒྲིབ་པར་བྱེད་དོ། །དེ་ནས་སངས་རྒྱས་ཀྱི་སས་བསྡུས་པའི་ཡང་དག་པའི་མཐའ་དམ་པ་ཞེས་བརྗོད་དོ། །དེ་ལ་གཞན་དབང་གིས་སླར་མི་འདོར་བའི་ཕྱིར་རོ། །འོ་ན་ཇི་ལྟར་ལོངས་སྤྱོད་དང་སྤྲུལ་པ་དག་ཡང་དག་པར་འབྱུང་། དེ་བཞིན་
གཤེགས་པ་རྣམས་ཀྱི་སྔོན་གྱི་སྨོན་ལམ་གྱིས་གདུལ་བྱ་རྣམས་ལ་སྐལ་བ་ཅི་ལྟ་བར་འདི་སྣང་བའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་ཀུན་དུ་སྤྱོད་པ་ཤིན་ཏུ་ཕྲ་བ་ཡང་གཞན་དབང་གི་ངོ་བོ་སྒྲོ་བཏགས་པ་མི་སྲིད་པའི་ཕྱིར་སྟོང་པ་ཉིད་ལ་དཔེ་ཡོངས་སུ་དོར་བ་མ་ཡིན་ཞེས་བྱ་བ་རྗོད་པར་
བྱེད་དོ། །ཅི་ལྟར་སྒྱུ་མ་མཁན་གྱིས་རང་ཉིད་ཀྱི་ཤིང་ལ་སོགས་པ་རྣམས་ལ་སྔགས་དང་རྒྱུད་ལ་སོགས་པས་ཀུན་ནས་བསྐོར་བ་ལ་གླང་པོ་ཆེ་ལ་སོགས་སྣང་བ་འབྱུང་ཡང་གླང་པོ་ལ་སོགས་པའི་སྒྲོ་འདོགས་ཤིན་ཏུ་ཕྲ་བ་ཡང་ཡོད་པ་མ་ཡིན་ནོ། །ཅི་ལྟར་ཡང་ཐང་སྟོང་ལ་རྒྱང་རིང་པོ་ནས་སའི་
དུམ་བུ་ལ་སོགས་པ་ཆུང་ཡང་རི་ལ་སོགས་པའི་ངོ་བོར་མ་མཐོང་ནས་དེའི་དྲུང་དུ་ཉེ་བར་སོང་སྟེ་རང་གི་ངོ་བོས་སའི་དུམ་བུ་མཐོང་ཞིང་སླར་ལོག་པ་ལ་ཡང་གལ་ཏེ་རི་ལ་སོགས་པའི་ངོ་བོ་ཀུན་དུ་སྤྱོད་པ་ཡོད་པ་རིའི་སྒྲོ་འདོགས་པ་ཆུང་ཡང་ཡང་དག་པར་འབྱུང་བ་མ་ཡིན་ནོ། །དེ་བཞིན་དུ་འདི་ལ་
ཡང་རིགས་པས་བལྟ་བར་བྱའོ། །དོན་གཉིས་པོ་འདི་ཡང་བཀའ་མདོ་སྡེ་ཐ་དད་པ་ལས་མཐོང་བ་ཡིན་ནོ། །འཕགས་པ་དང་སློབ་དཔོན་རྣམས་ཀྱི་ཡང་འདི་དགོངས་པའི་དབང་གིས་གསུངས་པ་འདི་ནི་འདིར་དོན་དམ་པ་ཞེས་འདིར་ངེས་པར་འབྲེལ་པ་མི་མཐོང་ཞེས་རེ་ཞིག་འདུག་པར་ཟད་དོ། །ཡོངས་
སུ་སྨིན་པ་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་སོ། །ཤིན་ཏུ་སྨིན་པ་ཞེས་བྱ་བ་ནི་ཁྱད་པར་གྱི་ལམ་གྱིས་སོ། །སོ་སོར་བརྟག་ཅིང་ནི་ཤེས་རབ་ཀྱིས་སོ། །ཉེ་བར་བསམ་པར་བྱ་བ་ནི་ཡང་ནས་ཡང་དུ་ངེས་པར་བརྟགས་པའི་ཕྱིར་རོ། །སྤྱོད་པ་ནི་སྦྱོར་བའི་གནས་སྐབས་ལ་ལྷག་མཐོང་གིས་སོ། །
เล่ม ๙๔ · หน้า 244a
གནས་དགུ་པ་ནི་ཏིང་ངེ་འཛིན་སྐྱེད་པ་ལའོ། །ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ནི་རྒྱུད་ལ་གནས་པ་ལའོ། །ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བགྱིད་ཅེས་བྱ་བ་ནི་ཏིང་ངེ་འཛིན་འདི་ལ་ལྷག་མཐོང་གཙོ་བོ་ཉིད་ཀྱིས་དེ་ལྟ་བུའི་ཞི་གནས་མེད་པའི་ཕྱིར་བླ་ན་མེད་
པའི་ལམ་མི་བསྐྱེད་པའི་ཕྱིར་རོ། །དེ་ནི་ངོ་མཚར་ཏོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་མཐོང་བ་རྣམས་ཀྱི་བར་དུ་སེམས་ལ་ཞུམ་པའི་རྒྱུ་ཏིང་ངེ་འཛིན་གསུམ་སྒོམ་པས་ཉན་ཐོས་ཀྱི་བྱང་ཆུབ་ལ་ལྟུང་བར་མི་འགྱུར་ཞེས་བྱ་བ་ངོ་མཚར་བའོ། །ཡང་དེ་ནི་ཤིན་ཏུ་ངོ་མཚར་ཆེའོ་ཞེས་
བྱ་བ་ནི་ངོ་མཚར་བས་འཛིན་པའི་སེམས་ཉིད་བདག་ཉིད་ཀྱིས་སྟོན་པར་བྱེད་པ་ནི་རབ་འབྱོར་འདི་ལྟར་ཞེས་བྱ་བ་ལ་སོགས་པས་སོ། །འདིར་བཅོམ་ལྡན་འདས་ཀྱིས་སེམས་ཞུམ་པ་མེད་པ་ལ་རྒྱུ་མང་བ་སྟོན་པར་བྱེད་དེ། །སེམས་ཅན་ཐམས་ཅད་བདག་གིས་མ་བཏང་སྟེ་ཞེས་བྱ་བ་ནི་སྙིང་
རྗེས་མངོན་པར་འཕེལ་བར་གྱུར་པས་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ཡོངས་སུ་མི་འདོར་བའི་ཡིད་ལ་བྱེད་པའི་རྒྱུ་ལས་བར་དུ་ཞུམ་པར་མི་བྱེད་ཅིང་ཡང་དག་པའི་མཐའ་ཡང་མངོན་དུ་བྱེད་པ་མ་ཡིན་ཞེས་བྱ་བ་རྒྱུ་དང་པོ་དང་གཉིས་པ་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་
ལ་སོགས་པས་སོ། །ཡུན་རིང་པོར་སེམས་ཅན་འདི་རྣམས་སེམས་ཅན་གྱི་འདུ་ཤེས་ཀྱིས་དམིགས་པའི་ལྟ་བ་ལ་སྤྱོད་པའོ། །དེ་རྣམས་ཀྱི་ལྟ་བ་དེ་བདག་གིས་གཏོང་བར་བྱེད་དུ་བཅུག་པ་དང་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་སྟོན་པས་སེམས་བསྐྱེད་པའི་དབང་གིས་ཞུམ་པར་མི་
འགྱུར་ཞེས་བྱ་བའོ། །དེ་ལ་སེམས་ཅན་ནི་བདག་དང་སྐྱེས་བུའོ། །དད་པ་ལ་སོགས་པ་ནི་དབང་པོ་ལྔ་དང་སྟོབས་ཀྱང་ལྔ་ཉིད་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། གསུམ་པའི་རྒྱུ་གསུངས་པ་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པས་སོ། །
ཆོས་ཀྱི་འདུ་ཤེས་ནི་ཕུང་པོ་དང་ཁམས་ལ་སོགས་པའི་འདུ་ཤེས་སོ། །འགྲེས་འདི་ནི་སྔོན་གྱི་པོ་ཏི་རྣམས་ལ་ཡོད་པ་མ་ཡིན་ཏེ་མངོན་རྟོགས་དང་སྦྱར་བའི་དོན་དུ་བསྣན་པ་ཞེས་བྱ་བ་སྨྲ་བའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་རྒྱུ་བཞི་པ་གསུངས་སོ། །བུད་མེད་དང་སྐྱེས་པ་ལ་
เล่ม ๙๔ · หน้า 244b
སོགས་པའི་མཚན་མ་རྣམས་ལ་སྤྱོད་ཅིང་དེ་རྣམས་ཀྱིས་དེ་སྤང་བའི་དོན་དུ་ཞེས་བྱ་བ་ལ་སོགས་པས་སྔ་མ་བཞིན་ནོ། །རྒྱུ་ལྔ་པ་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པས་སོ། །ལྷ་དང་བརྒྱ་བྱིན་དང་འཁོར་ལོས་སྒྱུར་བར་གྱུར་ཅིག་ཅེས་བྱ་བའི་སྲིད་པའི་ལོངས་སྤྱོད་འདོད་པ་ནི་
སྨོན་པ་ཉིད་དོ། །དེ་ལ་ཕྱིན་ཅི་ལོག་རྣམས་ནི་རྩ་བ་སྟེ་དེ་བས་ན་ཕྱིན་ཅི་ལོག་བཞི་སྤང་བའི་དོན་དུ་ཞེས་བྱ་བ་སྔ་མ་བཞིན་ནོ། །དེ་ལ་མི་རྟག་པ་ལ་སོགས་པ་ཉན་ཐོས་ཀྱི་ལུགས་ཀྱིས་རབ་ཏུ་གྲགས་པ་ཉིད་དེ་ཐེག་པ་ཆེན་པོའི་ལུགས་ཀྱིས་བསྟན་པར་བྱའོ། །དེ་ལ་ངོ་བོ་ཉིད་གསུམ་གྱི་དབྱེ་བས་མི་
རྟག་པའི་རྣམ་པ་གསུམ་སྟེ་ཀུན་བརྟགས་ཀྱི་ངོ་བོ་ཉིད་ནི་རྟག་ཏུ་ཡོད་པ་མ་ཡིན་ཏེ་དེ་བས་ན་མི་རྟག་པའོ། །སྐད་ཅིག་མ་རེ་རེར་སྐྱེ་བ་དང་འཇིག་པ་དང་ལྡན་པའི་ཕྱིར་གཞན་དབང་ཡང་མི་རྟག་པའོ། །སྔར་ནི་འཁོར་བའི་གནས་སྐབས་ལ་དྲི་མ་དང་བཅས་པའི་རྣམ་པར་གྲོལ་བ་དྲི་མ་དང་
བྲལ་བ་དེའི་ཕྱིར་ཡོངས་སུ་གྲུབ་པ་ཡང་མི་རྟག་པའོ། །དེ་ལྟར་ན་ཡང་གསུངས་པ། མེད་པའི་དོན་ནི་མི་རྟག་དོན། །སྐྱེ་དང་འཇིག་པའི་མཚན་ཉིད་ཅན། །དྲི་བཅས་དྲི་མ་མེད་པའི་དོན། །རྩ་བའི་དེ་ཉིད་གོ་རིམས་བཞིན། །ཞེས་བྱ་བའོ། །ངོ་བོ་ཉིད་གསུམ་ནི་རྩ་བའི་དེ་ཁོ་ན་
ཉིད་དེ་ཀུན་བརྟགས་ཀྱི་ངོ་བོ་ཉིད་ནི་སྡུག་བསྔལ་དེ་གང་ཟག་དང་ཆོས་ལ་མངོན་པར་ཞེན་པ་སྐྱེད་པའི་ཕྱིར་རོ། །ཀུན་བརྟགས་ཀྱི་ངོ་བོ་ནི་རང་ཉིད་ཀྱིས་མེད་པའི་ཕྱིར་གལ་ཏེ་ཡང་རང་གི་ངོ་བོས་སྡུག་བསྔལ་བར་བྱེད་པ་མ་ཡིན་པ་དེ་ལྟ་ན་ཡང་གང་ཟག་དང་ཆོས་ལ་མངོན་པར་ཞེན་པས་གང་
ཞིག་ཀུན་བརྟགས་ཀྱི་ཡོངས་སུ་འཛིན་པ་དེ་གནོད་པར་བྱེད་པ་དེ་བས་ན་དེའི་སྡུག་བསྔལ་ཉིད་བརྗོད་པ་ཡིན་ནོ། །གཞན་དབང་གི་ངོ་བོ་ཉིད་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་ཡོངས་སུ་འགྱུར་བའི་སྡུག་བསྔལ་ཉིད་དང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཅེས་བྱ་བ་རྣམ་པ་གསུམ་གྱི་སྡུག་
བསྔལ་གྱི་རང་བཞིན་ཉིད་དོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་སྡུག་བསྔལ་གསུམ་པོ་ཉིད་དང་འབྲེལ་བའི་ཕྱིར་སྡུག་བསྔལ་བའོ། །ཅི་ལྟར་སྔོན་པོ་ལ་སོགས་པ་རྟེན་དང་འབྲེལ་པས་ཤེས་ཀྱི་སྔོན་པོ་ལ་སོགས་པ་ཉིད་ཀུན་བརྟགས་ཀྱི་ངོ་བོ་ཉིད་ལ་གང་ཞིག་བྱིས་པ་རྣམས་ཀྱིས་གང་
เล่ม ๙๔ · หน้า 245a
ཟག་གི་མཚན་ཉིད་དམ་ཆོས་ཀྱི་མཚན་ཉིད་ཡོངས་སུ་བརྟགས་པར་བྱེད་པ་དེ་ཉིད་མེད་པ་ཞེས་བྱ་བ་དེའི་ཕྱིར་མཚན་ཉིད་མེད་པ་ཉིད་འདིའི་བདག་མེད་པ་ཉིད་དོ། །གཞན་དབང་ལ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྱུ་མ་དང་མཚུངས་པ་འཁྲུལ་པ་ཙམ་དེའི་
མཚན་ཉིད་ཡོད་དེ། །ཅི་ལྟར་བྱིས་པ་རྣམས་ཀྱིས་གཟུང་བ་དང་འཛིན་པ་ལ་སོགས་པའི་ངོ་བོས་ཇི་ལྟར་ཡོངས་སུ་བརྟགས་པ་དེ་བས་ན་དེའི་བདག་ཉིད་ཀྱི་བྲལ་བ་ཉིད་འདིའི་བདག་མེད་པ་ཉིད་དོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་བདག་མེད་པ་ཁོ་ན་སྟེ་གཉིས་མེད་པའི་མཚན་ཉིད་
ཀྱི་ཕྱིར་རོ། །དེ་བཞིན་དུ་ཀུན་བརྟགས་ཀྱི་ངོ་བོ་ཉིད་ནི་མངོན་པར་ཞེན་པ་བཟློག་པའི་རྒྱུ་ཉིད་ཀྱིས་མི་གཙང་བའོ། །གཞན་དབང་ནི་རང་གི་ངོ་བོ་ཉིད་ཀྱིས་སོ། །ཡོངས་སུ་གྲུབ་པ་ནི་དེ་དང་འབྲེལ་པའི་ཕྱིར་རོ། །འདི་ནི་མཚོན་པ་ཙམ་སྟེ། དབུས་དང་མཐའ་རྣམ་པར་འབྱེད་པ་ལ་
སོགས་པའི་བསྟན་བཅོས་རྣམས་ལས་བཤད་པ་བསྟན་ཏེ། དེ་ཉིད་དུ་འདི་རྒྱས་པའོ། །གང་ལ་ལ་ཞེས་བྱ་བ་ལ་སོགས་པས་སྔར་གསུངས་པ་ཉིད་ཀྱི་རྒྱུ་རྣམས་ཀྱི་དོན་མངོན་པར་བསྡུས་ཏེ། མངོན་པར་འདུ་མི་བྱེད་པ་ལ་སོགས་པ་ལྷག་པའི་རྒྱུ་དོན་ཡོད་པ་ཉིད་སྤྱོད་པས་སྟོན་
པར་བྱེད་པ་ནི་མངོན་པར་འདུ་མི་བྱེད་པར་ལྟུང་བ་འམ་ཞེས་བྱ་བ་ནི་དམན་པའི་བྱང་ཆུབ་ལའོ། །ཁམས་གསུམ་པ་ཞེས་བྱ་བ་ནི་འཁོར་བས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའི་ཡོངས་སུ་དྲི་བ་དང་ལན་
ཤེས་པ་ཉིད་དོ། །ཕྱིར་མི་ལྡོག་པ་ཞེས་བྱ་བ་རྒྱུ་བདུན་པ་གསུངས་པ་ནི་གལ་ཏེ་བྱང་ཆུབ་སེམས་དཔའི་དྲི་བ་ལ་ཡང་བརྗོད་པར་གྱུར་པ་སྟོང་པ་ཉིད་ལ་སོགས་པ་ཉིད་བསྒོམ་པར་གྱིས་ཤིག །དེ་ལ་ཡོངས་སུ་འདྲིས་པར་གྱིས་ཤིག །སླར་མངོན་དུ་བྱེད་པ་ནི་མ་བྱེད་ཅིག །དེ་ལ་ཐབས་ནི་སེམས་
ཅན་ཐམས་ཅད་ཡོངས་སུ་དོར་བའི་སེམས་པ་ལ་སོགས་པ་དེ་བས་ན་ལུང་བསྟན་པ་ཞེས་རིག་པར་བྱའོ། །གལ་ཏེ་ཡང་དེ་ལྟར་དྲིས་པ་ལ་གཞན་དུ་ལུང་བསྟན་པ་ནི་ལུང་མ་བསྟན་པ་ཞེས་རིག་པར་བྱའོ། །ས་དེ་མི་གནོན་པའི་ཕྱིར་ཕྱིར་མི་ལྡོག་པའི་ས་གང་ཡིན་པ་ཞེས་བྱ་བ་ལ་ས་བརྒྱད་པ་ནི་
เล่ม ๙๔ · หน้า 245b
ཕྱིར་མི་ལྡོག་པའི་སའོ། །རྣམ་གྲངས་གང་གིས་མཆིས་སམ་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་ཡང་འདིས་ས་བརྒྱད་པ་མ་ཐོབ་པ་དེ་ལྟ་ན་ཡང་ཅི་ཞིག་ཕྱིར་མི་ལྡོག་པར་འགྱུར་ཞེས་དྲི་བར་བྱེད་དེ། གལ་ཏེ་ཡང་དག་པར་ཡོངས་སུ་འདྲིས་པར་བྱས་ཏེ་ཕྱིར་མི་ལྡོག་པའི་ལན་དུ་བྱེད་པའི་
ཕྱིར་མི་ལྡོག་པའི་མཚན་ཉིད་ཡང་དག་པར་ལྡན་པའི་ཕྱིར་མི་ལྡོག་པར་འགྱུར་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་ལྟར་ལན་ལྡོན་པ་ནི་ཉུང་ངོ་ཞེས་བྱ་བ་སྟེ། གལ་ཏེ་ཡང་མང་བ་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་གང་དག་ས་བརྒྱད་པ་མ་ཐོབ་པ་ཡང་ཡོངས་སུ་འདྲིས་པ་ཡང་
དག་པར་བསྒོམས་པའི་བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་ལན་ལྡོན་པ་དེ་དག་ནི་ཉུང་བ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱང་དྲི་བའི་ལན་འདེབས་པས་ཕྱིར་མི་ལྡོག་པ་ཤེས་པར་འགྱུར་བ་དེ་བས་ན། ཅི་ཞིག་གཞན་ཡང་ཕྱིར་མི་ལྡོག་པའི་མཚན་
ཉིད་ཡོད་དམ་ཞེས་ཕ་རོལ་རྣམས་ཀྱིས་ཤེས་པར་འདོད་པ་ལ་སླར་གནས་སྐབས་ཡིན་པས་ཕྱིར་མི་ལྡོག་པའི་མཚན་ཉིད་གསུངས་པ་ནི་རབ་འབྱོར་ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱིར་མི་ལྡོག་པའི་རྟགས་འདི་རྣམས་ཤེས་པར་སླ་བ་ཉིད་དེ་གཞན་ཡང་དམྱལ་བ་པའི་སེམས་ཅན་
རྣམས་མཐོང་བ་ན་ཞེས་བྱ་བ་ནས་ཅི་སྲིད་ངན་སོང་རྣམ་པར་དག་པའི་མཚན་ཉིད་དུ་རིག་པར་བྱ་སྟེ་ཞེས་བྱ་བའི་བར་དུའོ། །འགྲེས་འདི་ནི་པོ་ཏི་འགའ་ཞིག་ལ་མ་མཐོང་སྟེ་དེ་ནི་འདྲི་མཁན་རྣམས་ཀྱི་བག་མེད་པ་ཉིད་དོ། །གཞན་དུ་ན་ཅི་ལྟར་ཤེས་ཤེ་ན་ཞེས་བྱ་བ་འབྲེལ་པ་མེད་པར་འགྱུར་རོ། །
ཉེ་བར་ཞི་བར་གྱུར་ཅིག་ཅེས་བྱ་བ་ནི་ཚིག་པར་བྱ་བ་ལྷག་པར་མ་ཁྱབ་པའི་ཕྱིར་རོ། །བསིལ་བར་གྱུར་ཅིག་ཅེས་བྱ་བ་ནི་གང་ན་ཡོད་པ་དེ་ལ་ཡང་དེ་ཞི་བར་རྩོམ་པའི་ཕྱིར་རོ། །མེད་པར་གྱུར་ཅིག་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་ལོག་པའི་ཕྱིར་རོ། །རབ་འབྱོར་ཡང་། གལ་ཏེ་མེས་ཚིག་
པ་དེ་ཁྱིམ་དུ་ཞེས་བྱ་བ་ནི། ཅུང་ཟད་ཞི་བར་འགྱུར་ཅུང་ཟད་ཞི་བར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་ཆོས་སྤོང་བ་དང་མཐུན་པའི་ལས་ཞེས་བྱ་བ་ཆོས་སྤོང་བ་ལ་དགེ་བ་ཐམས་ཅད་ཉམ་ཆུང་བར་བྱེད་པའི་ནུས་པ་ཡོད་པའི་ཕྱིར་རོ། །དེ་བས་ན་འདིའི་རྣམ་པ་ཐམས་
เล่ม ๙๔ · หน้า 246a
ཅད་དུ་སྨོན་ལམ་དོན་ཡོད་པ་ཉིད་མ་ཡིན་ནོ། །འོན་ཀྱང་མཐོང་བའི་ཆོས་ཉིད་ལ་ལྷག་མ་དང་བཅས་པའི་རྣམ་པར་སྨིན་པར་འགྱུར་ཞེས་བྱ་བའོ། །སྨོན་ལམ་ཅུང་ཟད་འབྲས་བུ་དང་བཅས་པར་འགྱུར་བ་དང་ཅུང་ཟད་མ་ཡིན་པ་ཞེས་བྱ་བའོ། །མ་མཁྱེན་པ་ཞེས་
བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །མ་གཟིགས་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །ཐུགས་སུ་མ་ཆུད་པ་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱིས་སོ། །མངོན་སུམ་དུ་མ་མཛད་པ་ནི་ལྷའི་སྤྱན་གྱིས་སོ། །མངོན་པར་རྫོགས་
པར་སངས་རྒྱས་པ་ནི་ཤེས་རབ་ཀྱི་སྤྱན་གྱིས་སོ། །མི་མ་ཡིན་པའི་གདོན་གྱིས་བཟུང་བ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པའོ། །ནོན་པ་ཞེས་བྱ་བ་ནི་ནང་དུ་ཞུགས་པའི་ཕྱིར་རོ། །ཐབས་མཁས་པ་རྣམས་ལ་སྤྱོད་པ་ནི་ཡོངས་སུ་ཤེས་པ་སྟེ་དེའི་དོན་གྱི་ལེའུ་ནི་ལེའུ་ཉི་ཤུ་པའོ།། །།
འདི་ནི་བདེན་པའི་བྱིན་གྱི་རླབས་ཀྱིས་བསྡུས་པར་གྱུར་པ་མི་མ་ཡིན་པ་ཞུགས་པ་ལོག་པའི་རྟགས་ཏེ། བདུད་ཀྱིས་བྱིན་གྱིས་བརླབས་པས་བྱས་པ་ཡང་ཡོད་པ་ཡིན་ནོ། །དེ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བར་ཆད་ཆེན་པོའི་རྒྱུའོ། །དེ་བས་ན་བྱང་ཆུབ་སེམས་དཔས་ཡང་དག་
པར་ཉེ་བར་མཚོན་པ་པོས་ཡོད་པར་འགྱུར་བ་སྟེ། འོན་ཀྱང་གང་གི་སླད་དུ་ཞེས་བྱ་བའི་དགོངས་པས་ཉེ་བར་སྟོན་ཅིང་གསུངས་པ་ནི། རབ་འབྱོར་ཡང་དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཞེས་བྱ་བ་ནི་དེ་མ་ཐག་པར་གསུངས་པའི་བདེན་པའི་བྱིན་གྱིས་བརླབས་པ་ལའོ། །
བརྩོན་པར་བྱེད་པ་ཞེས་བྱ་བ་ནི་སྐབས་ཐོབ་པ་ལ་རང་གི་ལས་བྱེད་པའི་དོན་སྤྲོ་བའོ། །སྟོབས་ནི་སྤྲོ་བའི་ནུས་པའོ། །གཟི་བརྗིད་ནི་མཐུའི་ནུས་པའོ། །གཟི་བརྗིད་ཀྱིས་ཆེར་འབར་བ་ནི་ཤིན་ཏུ་གཟི་བརྗིད་དང་ལྡན་པ་ཞེས་བྱ་བ་ཁ་ཅིག་གོ། །སེམས་དཔའ་ཆེན་པོས་ཞེས་བྱ་བ་ནི་འཇིག་
རྟེན་པའི་དོན་དུ་སྨོན་ལམ་ཙམ་བྱས་པའི་ཕྱིར་རོ། །དེ་བརྩོན་པ་དེ་ཙམ་ཞིག་བྱེད་པར་འགྱུར་ཏེ་ཞེས་བྱ་བ་ནི་ནུས་པས་སྟོང་པའི་ཚིག་ཙམ་ལས་དེ་མ་ཐག་ཏུ་བདུད་ཀྱིས་བྱས་པའི་མི་མ་ཡིན་གྱི་འགྲོ་བས་སོ། །བརྩོན་པ་ཞེས་བྱ་བ་ནི་བདག་ཉིད་ལ་ང་རྒྱལ་མང་བས་གཞན་སྨོད་པ་ལ་
เล่ม ๙๔ · หน้า 246b
སོགས་པ་སྤྲོ་བའོ། །བརྙས་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། བརྙས་པ་ནི་གུས་པ་མེད་པའོ། །སྔན་ཆད་ནི་ཁྱོད་ཅག་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ཡིན་ན་ཅི་ཞིག་མི་མ་ཡིན་གྱིས་འགྲོ་བ་ལ་སོགས་པ་ཁྱེད་ཅག་ཀྱང་ཅི་སྟེ་མི་བྱེད་ཅེས་བྱ་
བ་བཞད་གད་དང་བཅས་པའི་ཚིག་གོ། །སྟིང་བར་བྱེད་པ་ནི་ཡིད་ཀྱིས་དོར་བར་བྱས་པའོ། །འཕྱ་བར་བྱེད་པ་ནི་སྐྱོན་མཐོང་བ་ཉིད་དོ། །སྨོད་པར་བྱེད་པ་ནི་སྐྱོན་སྨྲ་བ་ཉིད་དོ། །ང་རྒྱལ་སྐྱེད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེད་པ་ནི་སྐྱེད་པར་བྱེད་པའོ། །འཕེལ་བར་བྱེད་པ་ནི་
མངོན་དུ་བྱས་པའོ། །སྟོན་པར་བྱེད་པ་ནི་བསྟན་པར་བྱས་པའོ། །རྒྱས་པར་བྱས་པ་ནི་ཡོངས་སུ་རྒྱས་པའོ། །ཁྱད་པར་དང་ལྡན་པའི་ཡོངས་སུ་རྒྱས་པ་ནི་ཉེ་བར་རྒྱས་པའོ། །འབྱུང་བར་བྱེད་པ་ནི་རིང་དུ་ཁྱེར་བའོ། །ང་རྒྱལ་ངེས་ཞེས་བྱ་བ་ལ་སོགས་པ་སྟེ་གཞན་རྣམས་ལས་ལྷག་པ་
ཉིད་ཀྱིས་སེམས་ཀྱི་མཐོ་བ་ནི་ཕྱིར་ང་རྒྱལ་ཏེ་དེ་ནི་སྔར་གསུངས་སོ། །འདི་ནི་དེའི་ཁྱད་པར་བརྗོད་པ་ཡིན་ནོ། །གང་ཞིག་དེའི་དམན་པ་ལས་མཐོ་བ་དེ་ནི་ང་རྒྱལ་ལོ། །གང་ཞིག་འདྲ་བ་ཉིད་ལས་དེ་ཤིན་ཏུ་ང་རྒྱལ་ལོ། །གང་ཞིག་ཡང་མཆོག་ལས་དེ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །ཕྱིར་མི་ལྡོག་
པ་ཉིད་མ་ཐོབ་པ་ལ་བདག་གིས་ཐོབ་ཅེས་བྱ་བ་གང་ཞིག་སེམས་ཀྱི་མཐོ་བ་དེ་ནི་མངོན་པའི་ང་རྒྱལ་ལོ། །གང་ཞིག་ཡང་མི་བདེན་པ་ཕྱིར་མི་ལྡོག་པའི་ཡོན་ཏན་རྣམས་ཀྱིས་བདག་ནི་ཡོན་ཏན་དང་ལྡན་པ་ཞེས་བྱ་བ་དེ་ནི་ལོག་པའི་ང་རྒྱལ་ལོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་ནང་གི་བདག་
ཉིད་དང་ཐུན་མོང་བའི་མངོན་པར་ཤེས་པ་དང་ཐུན་མོང་མ་ཡིན་པའི་མ་འདྲེས་པ་ལ་སོགས་པའི་ཆོས་རྣམས་ལ་མ་རྨོངས་པའི་མཚན་ཉིད་དོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བ་ནི་མ་ལུས་པའི་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་དག་ལ་རྣམ་པ་ཀུན་དུ་ཡོངས་སུ་ཤེས་པའོ། །
དེ་ལྟ་བུའི་ཚུལ་གྱིས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མཐོང་ན་ཞེས་བྱ་བ་གཞན་དང་འབྲེལ་ཏོ། །ལྷག་མ་ནི་དེ་རྣམས་ཉིད་ཀྱི་ཁྱད་པར་རོ། །མི་བསྙེན་པ་ཞེས་བྱ་བ་ནི་མཐོ་བས་ཉེ་བར་མི་འགྲོ་བའི་ཕྱིར་རོ། །མི་བསྟེན་ཞེས་བྱ་བ་ནི་ཉེ་བར་འགྲོ་བ་ཡོད་ན་དེ་ལ་མངོན་
เล่ม ๙๔ · หน้า 247a
པར་མི་དགའ་བའི་ཕྱིར་རོ། །འདི་ལ་བྷ་ཛེ་ཞེས་བྱ་བ་བསྙེན་པ་ལ་ཨེ་ཊ་དགག་པ་མི་འབྱུང་ངོ་། །མིང་དང་སྔོན་དུ་འགྲོ་བ་ཅན་གྱི་འགྲུབ་པ་ལ་མི་རྟག་པའི་ཕྱིར་རོ། །བསྙེན་བཀུར་མི་བྱེད་ཅེས་བྱ་བ་ནི་དེ་ལ་བསྙེན་བཀུར་ཉེ་བར་མི་གནས་པའི་ཕྱིར་རོ། །མི་འདྲི་བ་ཞེས་བྱ་
བ་ནི་བྱང་ཆུབ་ཀྱི་ལམ་རང་ཉིད་ཀྱིས་མཁས་པར་མངོན་པར་རློམ་པའི་ཕྱིར་རོ། །བདུད་ཀྱིས་འཆིང་བ་ཞེས་བྱ་བ་ནི་མེད་པའི་ཡོན་ཏན་ཡང་དག་པར་འབྱུང་བས་བྱས་པའི་ང་རྒྱལ་ལོ། །རིག་པར་བྱ་བ་ནི་གལ་ཏེ་འདི་སྡིག་པ་ཉིད་ཀྱིས་བཤགས་པར་མི་བྱེད་པ་དེའི་ཚེ་མྱ་ངན་ལས་འདས་པའི་
རིགས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོད་ཀྱང་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྐྱེས་པ་ཡོད་པ་མ་ཡིན་ནོ། །ཤིན་ཏུ་མྱ་ངན་ལས་འདས་པ་འདོད་པ་ཅན་ལ་ཡང་ཉན་ཐོས་ཀྱི་བྱང་ཆུབ་དང་རང་སངས་རྒྱས་ཀྱི་བྱང་ཆུབ་མེད་པ་ཞེས་བྱ་བའོ། །བདུད་ཀྱི་ལས་ཀྱི་སྐབས་སུ་གཞན་ཡང་བདུད་
ཀྱི་ལས་སྟོན་པར་བྱེད་པ་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། མིང་སྟོན་པ་ནི་མིང་བརྗོད་པའོ། །བདག་ནི་ལུང་བསྟན་པ་ཞེས་བྱ་བ་ནི་ཁྱོད་ཀྱིས་ཅི་ལྟར་ཤེས་ཞེས་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་དོགས་ནས་གསུངས་པ་ནི། དེ་ལྟར་ཁྱོད་ཀྱི་མིང་ཞེས་བྱ་བ་ལ་སོགས་
པ་སྟེ། མངོན་པར་བསྟོད་པ་མེད་པ་ལ་ཞེས་པའི་ཁྱད་པར་མེད་པར་བྱང་ཆུབ་སེམས་དཔའ་དང་མ་ལ་སོགས་པའི་མིང་ཡོངས་སུ་ཤེས་པ་མི་སྲིད་པས་ཞེས་བྱ་བའི་དགོངས་པའོ། །རྟུལ་བ་ནི་དབང་པོ་རྟུལ་བའོ། །དགོན་པ་ལ་སོགས་པ་སྦྱངས་པའི་ཡོན་ཏན་ནི་བཅུ་གཉིས་ཏེ། དགོན་
པ་ལ་གནས་པ་ཡོད་པས་ན་དགོན་པ་སྟེ། དེ་རིང་ནས་བརྩམས་ཏེ་གྲོང་གི་ནང་དུ་གནས་པ་ཡོངས་སུ་གཏོང་བར་བྱ་ཞིང་དགོན་པ་ལ་གནས་པར་བྱ་ཞེས་བྱ་བའི་གཉེན་པོས་འཕངས་པའི་ཕྱིར་རོ། །གྲོང་ལས་ཕྱི་རོལ་དུ་གང་དུ་ཁྱིམ་ན་གནས་པའི་ཁྱིམ་པ་དང་རབ་ཏུ་བྱུང་བ་འབྲེལ་པ་མེད་
པ་དང་སྣ་ཚོགས་པའི་སིལ་སྙན་དང་གླུ་ལ་སོགས་པ་མི་ཐོས་པ་དེ་ནི་དགོན་པའོ། །བསོད་སྙོམས་ལ་སོགས་པའི་དོན་དུ་གྲོང་དུ་མི་ཞུགས་པར་དགོན་པ་ལ་གནས་ཤིང་ཡང་དག་པར་བླངས་པ་ལ་མགྲོན་དུ་བོས་པ་སྤངས་ཤིང་བསོད་སྙོམས་ལ་སྦྱར་བས་ན་བསོད་སྙོམས་པའོ། །བསོད་སྙོམས་པ་
เล่ม ๙๔ · หน้า 247b
ཞེས་བྱ་བ་ནི་མི་འབྱུང་སྟེ། འཕེལ་བ་ལ་མི་རྟག་པའི་ཕྱིར་ཞེས་བྱ་བ་ནི་སློབ་དཔོན་རྣམས་སོ། །པིཎྜ་ནི་ཟས་ཀྱི་ཕུང་པོ་དང་འཚོ་བ་དང་སློང་མོ་ཞེས་བྱ་བའི་དོན་ཏོ། །པཱ་ཏ་ནི་བཏུང་བར་བྱེད་པ་དང་རྙེད་པ་ཐོབ་པ་ཞེས་བྱ་བའི་དོན་ཏོ། །བསོད་སྙོམས་དེ་དམན་པ་དང་འབྲིང་དང་མཆོག་གི་རིགས་
ལ་སློང་བ་ཞེས་བྱ་བའི་དོན་ཏོ། །བསོད་སྙོམས་ཀྱི་དོན་དུ་ལྟུང་བ་ལ་སྤྱོད་པའི་བརྟུལ་ཞུགས་འདི་ལ་ཡོད་པས་ན་བསོད་སྙོམས་པ་སྟེ། ཨེ་ཀ་ནི་བྱས་པས་བསོད་སྙོམས་པའོ། །ཡི་དམ་སྔོན་དུ་འགྲོ་བས་ཕྱག་དར་ཁྲོད་པ་འཛིན་པའི་ངང་ཚུལ་འདི་ལ་ཡོད་པས་ན་ཕྱག་དར་ཁྲོད་པའོ། །གྲོང་
དང་དུར་ཁྲོད་ལ་སོགས་པའི་ཕྱག་དར་རྣམས་བྱེད་པ་མཐར་ཐུག་པའི་གནས་གང་གིས་ཀྱང་ཡོངས་སུ་མི་འཛིན་པ་འདི་ལ་ཡོད་པས་ན་ཕྱག་དར་ཁྲོད་པའོ། །ཕྱག་དར་བཞིན་དུ་སྨད་ཅིང་འཇིག་རྟེན་ན་འགྲོ་བས་ན་ཕྱག་དར་ཁྲོད་པ་སྟེ་ལམ་ལ་སོགས་པ་ན་ལྟུང་བའི་གོས་
ཡོངས་སུ་བཟུང་བའོ། །ཕྱིས་ཡང་ཟས་མི་ཟ་བའི་ངང་ཚུལ་ཅན་ནི་ཟས་ཕྱིས་མི་ལེན་པའོ། །ལྷག་པའི་ཟས་ལྡོག་པ་དེ་སྤོང་བས་ན་ཟས་ཕྱིས་མི་ལེན་པའོ། །ཁ་ལུ་ཞེས་བྱ་བའི་སྒྲ་ནི་འདིར་འགག་པའི་དོན་ཏེ། མི་སྨྲ་བར་བྱས་པ་དང་མ་བྱས་པ་ཞེས་བྱ་བ་བཞིན་དུའོ། །བཟའ་
བ་ཐམས་ཅད་དུས་གཅིག་ཉིད་དུ་ལེན་ཅིང་ཕྱིས་ཟ་བ་སྟེ། ཟ་ཞིང་བླངས་པ་ནི་ཟ་བར་བྱེད་ལ་བཟའ་བ་གཞན་ནི་མི་ལེན་པའོ། །ཡི་དམ་གྱི་དབང་གིས་སྟན་གཉིས་པ་ཟ་བའི་དུས་སུ་སྤངས་ཤིང་སྟན་གཅིག་ལ་བཟའ་བའི་ཕྱིར་ངང་ཚུལ་འདི་ལ་ཡོད་པས་ན་སྟན་གཅིག་པའོ། །སྟན་
གཅིག་ལ་འདུག་ནས་ཅི་སྲིད་ཡོངས་སུ་ལོངས་སྤྱད་པར་བྱ་བ་དེ་སྲིད་དུ་ཡོངས་སུ་ལོངས་སྤྱོད་པར་བྱེད་ཅིང་སྟན་དེ་ལས་ལངས་ཤིང་ཡོངས་སུ་ལོངས་སྤྱོད་པ་མ་ཡིན་ནོ། །གཞི་ཇི་བཞིན་པ་ལ་གནས་པའི་ངང་ཚུལ་འདི་ལ་ཡོད་པས་ན་གཞི་ཇི་བཞིན་པའོ། །ཇི་ལྟར་རྙེད་པའི་སོག་མ་
ལ་སོགས་པ་ལ་ལན་ཅིག་ཇི་ལྟ་བ་ཉིད་དུ་ཡང་དག་པར་གནས་པས་འབྱུང་བ་དེ་ཉིད་དུ་མ་ལ་རྟག་པར་བྱེད་ཅིང་ཡང་ནས་ཡང་དུ་མངོན་པར་འདུ་བྱ་བའི་ཕྱིར་རྟག་པར་བྱེད་པ་མ་ཡིན་ནོ། །ཆོས་གོས་གསུམ་འཛིན་པའི་ངང་ཚུལ་འདི་ལ་ཡོད་པས་ན་ཆོས་གོས་གསུམ་པ་སྟེ་སྣམ་སྦྱར་
เล่ม ๙๔ · หน้า 248a
དང་བླ་གོས་དང་མཐང་གོས་རྣམས་སྤངས་ཏེ་གྲོགས་པོའི་རྣམ་པར་རྟོག་པ་ལས་ཀྱང་ཆོས་གོས་གཞན་འཛིན་པ་སོ་སོར་སྤངས་པའོ། །དུར་ཁྲོད་ལ་གནས་པའི་ཕྱིར་ངང་ཚུལ་འདི་ལ་ཡོད་པས་ན་དུར་ཁྲོད་པའོ། །རོ་རྣམས་ཀྱི་གནས་མལ་ནི་དུར་ཁྲོད་
དེ་དེ་དང་ཉེ་བ་ཉིད་དུ་གནས་པའི་ཕྱིར་རོ། །ཤིང་གི་རྩ་བར་གནས་པའི་ཕྱིར་ངང་ཚུལ་འདི་ལ་ཡོད་པས་ན་ཤིང་དྲུང་པའོ། །ལོགས་ལ་ལྟུང་བ་སོ་སོར་བཏང་ཞིང་འདུག་ནས་ལྷག་པར་གནས་པའི་ངང་ཚུལ་འདི་ལ་ཡོད་པས་ན་ཅོག་པུ་པའོ། །ཀུན་ནས་ཀུན་དུ་གོ་སྐབས་མ་བཀབ་པ་ནི་
བླ་གབ་མེད་པའོ། །དེར་གནས་པའི་ཕྱིར་ངང་ཚུལ་འདི་ལ་ཡོད་པས་ན་བླ་གབ་མེད་པའོ། །གང་ཞིག་སྦྱངས་པའི་ཡོན་ཏན་བཅུ་གཉིས་འཛིན་པ་དེ་གཞལ་ཡས་ཁང་ལ་སོགས་པའི་གནས་སོ་སོར་སྤངས་པ་འབྱུང་ཞིང་ངེས་པ་མེད་པར་དུར་ཁྲོད་དང་ཤིང་དྲུང་ངམ་བླ་གབ་མེད་པ་ལ་གནས་
ཤིང་མིང་རྣམ་པ་གསུམ་ཐོབ་པ་ཞེས་སྨྲའོ། །བལ་གྱི་རང་བཞིན་གྱི་གོས་ནི་ཕྱིང་པ་སྟེ། དེ་འཛིན་པའི་ངང་ཚུལ་འདི་ལ་ཡོད་པས་ན་ཕྱིང་པ་པའོ། །འདོད་པ་ཉུང་བ་ཞེས་བྱ་བ་ནི་ཡོན་ཏན་ཅི་སྙེད་པ་རྣམས་དང་ཡང་དག་པར་ལྡན་པ་འབྱུང་བ་འདོད་པ་ཉུང་བ་ཉིད་དང་པོར་བྱས་ནས་དེ་རྣམས་ཀྱིས་ཅི་ཞིག་དེ་
ལྟ་བུའི་ཡོན་ཏན་དང་ལྡན་པ་ཞེས་ཕ་རོལ་པོ་རྣམས་ཀྱིས་ཤེས་པར་མ་གྱུར་ཅིག་ཅེས་དེ་རྣམས་ཀྱིས་གཞན་ལས་ཤེས་པ་ཡང་དག་པར་རྗེས་སུ་ཚོལ་བ་མ་ཡིན་ནོ། །ཆོག་ཤེས་པ་ཞེས་བྱ་བ་ནི་གཞན་ལས་གཞན་གྱི་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་རྣམས་ཀྱིས་ཆོག་ཤེས་པའི་ཕྱིར་རོ། །རབ་ཏུ་དབེན་པ་ཞེས་བྱ་
བ་ནི་སྐྱེ་བོ་རྣམས་དང་བྲལ་བའི་དགོན་པར་གནས་པ་ལ་སོགས་པ་ལ་མངོན་པར་དགའ་བའོ། །རྐང་པ་སྐུད་པ་དང་བྲལ་ཞེས་བྱ་བ་ནི་འདི་ནི་ཡང་དག་པར་བླངས་པ་མ་ཡིན་ཏེ། འོན་ཀྱང་འདོད་པ་ཆུང་བའི་ཕྱིར་གཞན་དུ་ཡང་ལུས་གནས་པས་འདི་ལ་རྐང་པ་སྐུད་པའི་ངེས་པ་དང་བྲལ་བའོ། །འགའ་ཞིག་ཏུ་
འཆབ་པ་དང་བྲལ་བ་ཞེས་བྱ་བའི་འདོན་པའོ། །འཆབ་པ་ནི་རང་གི་སྐྱོན་རབ་ཏུ་སྒྲིབ་པའོ། །དེ་ནི་ཤིན་ཏུ་ཡང་མ་འབྲེལ་ཏེ། ཉོན་མོངས་པ་རྣམས་ཀྱི་གནས་སྐབས་མ་ཡིན་པའི་ཕྱིར་རོ། །འཇམ་པོར་སྨྲ་བ་ནི་མཉེས་གཤིན་པའི་ཚིག་བརྗོད་པའི་ཕྱིར་རོ། །མཐོང་བའི་ཆོས་ལ་སྐྱེ་བ་འདི་
เล่ม ๙๔ · หน้า 248b
ཉིད་ལ་འབྱུང་བ་ནི་ཚེ་འདིའོ། །དེས་བསྟན་པར་འགྱུར་བའོ། །ཅི་ལྟ་ཞེ་ན། གསུངས་པ་ནི་སྔོན་ཡང་ཞེས་བྱ་བ་སྟེ། སྦྱངས་པའི་ཡོན་ཏན་འདི་དག་དང་ལྡན་པར་གྱུར་ཏོ་ཞེས་བྱ་བ་ནི་བལ་ལམ་རས་བལ་དུས་གང་གི་ཚེ་མ་སྦྱངས་པར་གྱུར་པ་དང་ཡང་དག་པར་སྦྱངས་པར་གྱུར་པ་མ་ཡིན་པ་
དང་། དེའི་ཚེ་ཡང་དག་པར་བགོས་པ་འཇམ་པ་མ་ཡིན་པ་སྤུན་མངོན་པར་འགྲུབ་པ་ལ་སོགས་པ་ལས་སུ་མི་རུང་བ་གང་གི་ཚེ་ཡང་སྦྱངས་པ་དང་རྣམ་པར་སྦྱངས་པ་དེའི་ཚེ་ལས་སུ་རུང་བར་འགྱུར་བ་དེ་བཞིན་དུ་གྱ་ནོམ་པ་དང་མང་བའི་ཟས་དང་ཆོས་གོས་དང་མལ་ཆ་དང་སྟན་ལ་སོགས་པ་རྣམས་ལ་གང་གི་
སེམས་ཆགས་པར་འགྱུར་བ་དེ་སྦྱངས་པ་འདི་རྣམས་ཀྱིས་ཚངས་པར་སྤྱོད་པ་ལ་གནས་པའི་ཕྱིར་རྣམ་པར་སྦྱོང་བར་བྱེད་པ་དེས་ན་སྦྱངས་པའི་ཡོན་ཏན་རྣམས་བརྗོད་པ་ཡིན་ནོ། །མིང་ལ་བརྟེན་པ་ནི་མིང་དུ་བྱས་པས་སོ། །སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ནི་འཚོ་བའི་ཡོ་བྱད་ཆུང་བའོ། །དེས་
རློམ་སེམས་བསྐྱེད་པར་འགྱུར་ཏེ། རློམ་སེམས་སུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཡོན་ཏན་འདི་དག་ནི་བདག་ལ་ཡོད་དོ་སྙམ་པ་ནི་སྲིད་པར་སྐྱེས་པ་ལ་བསྟན་པར་བྱེད་པའི་དོན་དུ་སླར་བདུད་ཀྱི་ཚིག་སྟོན་པར་བྱེད་པ་ནི་དེ་ལས་བདུད་སྡིག་ཅན་ཞེས་བྱ་བ་ལ་སོགས་པས་སོ། །
སླར་རྣམ་པ་གང་གིས་བདུད་འདི་སྐད་དུ་ཁྱོད་ནི་ཕྱིར་མི་ལྡོག་པ་ཞེས་སྨྲ་བ་ནི་ཡང་དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། བདུད་ཡང་དག་པར་འབྱུང་བ་བཟློག་པའི་དོན་དུ་གསུངས་པ་ནི། དགེ་སློང་གི་ཆ་བྱད་དུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་གཞན་གྱིས་ཞེས་བྱ་བ་ནི་ཅི་ལྟར་གསུངས་པའི་ལམ་ལ་རབ་ཏུ་
གནས་པ་རྣམས་ཀྱིས་སོ། །མིང་གི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ལ། མིང་ནི་ཕྱིར་མི་ལྡོག་པའི་སྒྲ་དང་དེའི་ཕྱིར་ཡོན་ཏན་གྱི་སྒྲའོ། །བདུད་ཀྱིས་བྱིན་གྱིས་བརླབས་པའོ་ཞེས་བྱ་བ་ནི་འགའ་ཞིག་ཏུ་འདོན་པ་སྟེ་གོ་སླ་བ་ཉིད་དོ། །ཁེངས་པས་ཟིལ་གྱིས་ནོན་པ་ཞེས་བྱ་བ་ལ་ཁེངས་པ་ནི་ཡོན་ཏན་
ལྷག་པ་རྣམས་ལ་མ་གུས་པའོ། །ཡང་གཙོ་བོའི་དོན་ཕུན་སུམ་ཚོགས་པ་བསྟན་པས་བདུད་ཀྱི་ལས་དོན་དུ་གསུངས་པ་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། མིང་དེ་གང་ཡིན་པ་ཞེས་དེའི་ཕྱིར་གསུངས་པ། དེས་གང་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། དེས་ཞེས་བྱ་བ་
เล่ม ๙๔ · หน้า 249a
ནི་བྱང་ཆུབ་སེམས་དཔས་སོ། །རྗེས་སུ་འབྲང་བ་ཞེས་བྱ་བ་ནི། རྗེས་སུ་རྣམ་པར་བསམ་པའོ། །འདི་ཉིད་ལ་འོག་མ་དག་གིས་རྒྱས་པར་བཤད་པ་ནི་རྗེས་སུ་བརྟགས་ཤིང་ཞེས་བྱ་བ་སྟེ། ཅི་ཞིག་བདག་ལ་དེ་ལྟ་དེ་ལྟར་མི་འབྱུང་བར་འགྱུར་ཞེས་བྱ་བའོ། །རྗེས་སུ་
དཔྱད་པ་ནི་བདག་ལ་མིང་འདིར་འགྱུར་ཞེས་བྱ་བའོ། །ལུང་སྟོན་ཏོ་ཞེས་བྱ་བ་ནི་བརྗོད་པར་འགྱུར་བའོ། །མཚུངས་སོ་ཞེས་བྱ་བ་ནི་ཡང་དག་པར་གོ་བའོ། །གང་གིས་གང་མཚུངས་པར་བྱེད་ཅེ་ན། གསུངས་པ་ནི་མིང་ཞེས་བྱ་བ་སྟེ་མིང་གིས་མིང་ངོ་། །དེ་བས་ན་ཅི་ཞིག་ཅེ་ན། གསུངས་པ་ནི་ལུང་
བསྟན་ཏོ་ཞེས་བྱ་བ་སྟེ། སྦྱངས་ཤིང་དུལ་བར་གྱུར་ནས་ཞེས་བྱ་བ་ནི་ངན་འགྲོ་དེ་དང་དེ་རྣམས་ལས་བསྐྱོད་ནས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལ་ཞེས་བྱ་བ་ནི་སྐྱེ་བ་གཞན་ལའོ། །དེ་ཡང་སྐྱེ་བ་གཞན་ལ་འབྱུང་བའི་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་ཉིད་དུས་ཤིན་ཏུ་རིང་
བ་དང་དཀའ་བས་མངོན་པར་འདོད་པའི་དོན་ཡང་དག་པར་སྒྲུབ་པར་བྱེད་པར་འགྱུར་རོ། །གལ་ཏེ་སྐྱེ་བ་དེ་ཉིད་ལ་བྱས་པའི་ལས་དེ་ཉིད་དུ་གཉེན་པོ་བསྟེན་པ་བྱས་པར་འགྱུར་ཞེས་གསུངས་པ་ནི། བདག་གིས་དངོས་པོ་ཐོབ་པ་དེ་ཉིད་ཀྱིས་ཞེས་བྱ་བ་སྟེ། སེམས་བསྐྱེད་པ་དེ་དག་ཅེས་བྱ་བ་ནི་ང་རྒྱལ་
ལ་སོགས་པས་བརྒྱན་པ་རྣམས་སོ། །རྣམ་པ་སྨོད་པར་འགྱུར་བ་ནི་སྨོད་པའི་གཉེན་པོས་སོ། །བྱང་བར་བྱེད་པར་འགྱུར་བ་ནི་ཀུན་དུ་སྤྱོད་པའི་གཉེན་པོས་སོ། །གནོང་བར་འགྱུར་བ་ནི་རང་དང་གཞན་ལ་ལྟོས་པའི་ངོ་ཚ་བས་སོ། །འདོར་བར་འགྱུར་བ་ནི་རྟེན་གྱི་སྟོབས་ཀྱིས་སོ། །སོ་སོར་འཆགས་
པར་འགྱུར་བ་ནི་སླར་མི་བྱེད་པའི་སྡོམ་པ་ལ་སོགས་པ་འཛིན་པས་སོ། །རྙེད་པར་དཀའ་ཞེས་བྱ་བ་ནི་སྡུག་བསྔལ་བས་ཐོབ་པར་བྱ་བ་སྟེ་ཡང་མི་ཐོབ་པ་ཉིད་ནི་མ་ཡིན་ནོ། །རྣམ་པ་མང་བའི་གཉེན་པོ་རྗེས་སུ་ཚོལ་བ་དང་ལན་ཅིག་གཉེན་པོ་ཉེ་བར་ལྟུང་བ་ཅི་ཞིག་ནུས་པ་མེད་པ་ཡིན་ནམ་ཞེ་ན། བདེན་མོད་ཀྱི། ཐབས་
ཆུང་བ་ལ་ནུས་པ་ཤིན་ཏུ་ཆེ་བ་ལ་ནི་མ་ཡིན་ཞེས་གསུངས་པ་ནི། དེ་སྲིད་དུ་ཆེས་ལྕི་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། ཉན་ཐོས་ཀྱི་ཐེག་པ་ཅན་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ཉིད་ལ་སོ་སོར་ཐར་པའི་སྡོམ་པ་རྣམ་པ་བདུན་ལས་ལྡང་བའི་ཆོ་ག་དང་དེ་རྣམ་པར་དག་པའི་ཆོ་ག་དང་ཉམས་པའི་ཆོ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด