ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) པྲཛྙཱ་པྲ་དཱི་པཾ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐๐ · หน้า 1b

༄༅༅། །དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་པ། བམ་པོ་ཉི་ཤུ་བརྒྱད་པ། ད་ནི་སྐྱེ་བ་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་སྐྱེ་མཆེད་རྣམས་ངོ་བོ་ཉིད་མེད་

པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་གསུམ་པ་བརྩམ་མོ། །ཡང་ན་འགྲོ་བ་མི་མཐུན་པའི་ཕྱོགས་དགག་པས་སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་གསུམ་པ་

བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ནི་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟའོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་

རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་སྐྱེ་བ་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་སོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས། སྐྱེ་མཆེད་རྣམས་ངོ་བོ་ཉིད་

མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་གསུམ་པ་བརྩམ་མོ་ཞེས་བྱ་བ་སྨྲས་སོ། །ཡང་ན་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་འགྲོ་བ་མི་མཐུན་པའི་ཕྱོགས་དགག་པས་

เล่ม ๑๐๐ · หน้า 2a

ཞེས་བྱ་བ་སྨྲས་སོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས། སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་གསུམ་པ་བརྩམ་མོ་ཞེས་བྱ་བ་སྨྲས་སོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ད་

ནི་སྐྱེ་བ་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་དེ་ཇི་ལྟར་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་པ་ཡིན་ཞེ་ན། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་

ཅད་སྐྱེ་བ་མེད་པར་དམ་བཅའ་བ་མཛད་པས། འདིར་རབ་ཏུ་བྱེད་པ་གསུམ་པ་བརྩམ་པའི་སྐབས་སུ་ཡང་འགྲེལ་པ་བྱེད་པས་ཀྱང་སྔར་བསྟན་བཅོས་མཛད་པས་ཇི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་སྐྱེ་

བ་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། སྐྱེ་བ་ཉིད་སྐྱེ་བ་མེད་པའི་མི་མཐུན་པའི་ཕྱོགས་ཡིན་པས་སྐྱེ་བ་མི་མཐུན་པའི་ཕྱོགས་ཞེས་བྱའོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་འོག་ནས་དོན་དམ་པར་ནང་གི་སྐྱེ་

མཆེད་རྣམས་སྐྱེ་བ་ཁོ་ནར་གཟུང་བར་བྱ་སྟེ། ཡུལ་སོ་སོར་ངེས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཕྱོགས་སྔ་མ་ཉེ་བར་བཞག་པ་འབྱུང་བ་དག་ཡིན་ནོ། །དེ་དགག་པས་ཞེས་བྱ་བ་ནི་སྐྱེ་བ་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དེ་དགག་པའི་དབང་དུ་

เล่ม ๑๐๐ · หน้า 2b

བྱས་ནས་རབ་ཏུ་བྱེད་པ་གསུམ་པ་བརྩམ་མོ་ཞེས་བྱ་བར་སྦྱར་ཏེ། འདི་ལྟར་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་སྐྱེ་བ་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་རབ་ཏུ་བྱེད་པ་གསུམ་པ་བརྩམས་ན་འདོད་པའི་དོན་འགྲུབ་པར་འགྱུར་བའི་ཕྱིར་རོ། །སྐྱེ་མཆེད་རྣམས་ངོ་བོ་ཉིད་མེད་

པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་གསུམ་པ་བརྩམ་མོ་ཞེས་བྱ་བ་དེ་ཇི་ལྟར་གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་པ་ཡིན་ཞེ་ན། སྐྱེ་མཆེད་བརྟག་པའི་རབ་ཏུ་བྱེད་པ་གསུམ་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་སྐྱེ་མཆེད་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་

པ་ཡིན་པས་འདིར་རབ་ཏུ་བྱེད་པ་གསུམ་པ་བརྩམ་པའི་སྐབས་སུ་ཡང་འགྲེལ་པ་བྱེད་པས་གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དེའི་དབང་དུ་བྱས་ནས་སྐྱེ་མཆེད་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་གསུམ་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་ཐེག་པ་ཆེན་

པོའི་མདོ་ལས། མིག་དང་རྣ་བ་སྣ་དང་ནི། །ལྕེ་དང་ལུས་དང་དེ་བཞིན་ཡིད། །དེ་དག་ངོ་བོ་ཉིད་སྟོང་པར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་ཀྱང་གསུངས་ལ། གཞན་ཡང་མིག་ནི་མིག་གི་ངོ་བོ་ཉིད་ཀྱིས་སྟོང་ངོ་། །དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ནི་ཡིད་ཀྱི་ངོ་བོ་

ཉིད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ངོ་བོ་ཉིད་དེ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་དེ་དག་བསྒྲུབ་པའི་ཕྱིར་རབ་ཏུ་བྱེད་པ་གསུམ་པ་བརྩམ་མོ། །འདི་སྐད་བསྟན་ཏེ། སྔར་སྐྱེ་བ་མེད་པ་བསྒྲུབ་པའི་དོན་དེ་བསྟན་པར་བྱ་བའི་ཕྱིར་དང་། ལུང་ལས་སྐྱེ་མཆེད་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་

གསུངས་པ་དེ་དག་བསྒྲུབ་པའི་ཕྱིར་རབ་ཏུ་བྱེད་པ་གསུམ་པ་བརྩམ་མོ་ཞེས་བསྟན་ཏོ། །ཡང་ན་འགྲོ་བ་མི་མཐུན་པའི་ཕྱོགས་དགག་པས་ཞེས་བྱ་བ་དེ་ཇི་ལྟར་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་པ་ཡིན་ཞེ་ན། བསྟན་བཅོས་མཛད་པས་འགྲོ་བ་བརྟག་པའི་རབ་ཏུ་བྱེད་པ་དང་

པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ཅད་ལ་འགྲོ་བ་མེད་པར་དམ་བཅའ་བ་མཛད་པས། འདིར་རབ་ཏུ་བྱེད་པ་གསུམ་པ་བརྩམ་པའི་སྐབས་སུ་ཡང་འགྲེལ་པ་བྱེད་པས་སྔར་བསྟན་བཅོས་མཛད་པས་ཇི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ཡང་ན་འགྲོ་བ་མི་མཐུན་

เล่ม ๑๐๐ · หน้า 3a

པའི་ཕྱོགས་དགག་པས་ཞེས་བྱ་བ་སྨྲས་ཏེ། འགྲོ་བ་ཉིད་འགྲོ་བ་མེད་པའི་མི་མཐུན་པའི་ཕྱོགས་ཡིན་པས་འགྲོ་བ་མི་མཐུན་པའི་ཕྱོགས་ཞེས་བྱའོ། །དེ་དགག་པས་ཞེས་བྱ་བ་ནི་འགྲོ་བ་མི་མཐུན་པའི་ཕྱོགས་དེ་དགག་པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་གསུམ་པ་བརྩམ་མོ་

ཞེས་བྱ་བར་སྦྱར་ཏེ། འདི་ལྟར་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། འགྲོ་བ་མི་མཐུན་པའི་ཕྱོགས་དགག་པས་རབ་ཏུ་བྱེད་པ་གསུམ་པ་བརྩམས་ན་འདོད་པའི་དོན་འགྲུབ་པར་འགྱུར་བའི་ཕྱིར་རོ། །སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་གསུམ་པ་བརྩམ་མོ་ཞེས་

བྱ་བ་དེ་ཇི་ལྟར་གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་པ་ཡིན་ཞེ་ན། སྐྱེ་མཆེད་བརྟག་པའི་རབ་ཏུ་བྱེད་པ་གསུམ་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་བསྟན་པ་ཡང་ཡིན་པས་འདིར་རབ་ཏུ་བྱེད་པ་གསུམ་པ་བརྩམ་པའི་སྐབས་སུ་ཡང་འགྲེལ་པ་བྱེད་པས་

གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དེའི་དབང་དུ་བྱས་ནས་སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་གསུམ་པ་བརྩམ་མོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། སྔར་འགྲོ་བ་མེད་པ་བསྒྲུབ་པའི་དོན་དེ་བསྟན་པར་བྱ་བའི་ཕྱིར་དང་། ལུང་ལས་སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་གསུངས་པ་དེ་དག་བསྒྲུབ་

པའི་ཕྱིར་རབ་ཏུ་བྱེད་པ་གསུམ་པ་བརྩམ་མོ་ཞེས་བསྟན་ཏོ། །གང་གི་ཚེ་དང་པོ་ལྟར་བརྟག་པ་དེའི་ཚེ་མི་མཐུན་པའི་ཕྱོགས་ཉེ་བར་གཞག་པ་ཞེས་བྱ་བ་ནི་ད་ནི་སྐྱེ་བ་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་སྐྱེ་མཆེད་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་གསུམ་པ་བརྩམ་

མོ་ཞེས་བྱ་བས་སྔར་སྐྱེ་བ་མེད་པ་བསྒྲུབ་པའི་དོན་དེ་བསྟན་པར་བྱ་བའི་ཕྱིར་དང་། ལུང་ལས་སྐྱེ་མཆེད་རྣམས་ངོ་བོ་ཉིད་ཀྱིས་སྟོང་པར་གསུངས་པ་དེ་དག་བསྒྲུབ་པའི་ཕྱིར་རབ་ཏུ་བྱེད་པ་གསུམ་པ་བརྩམ་མོ་ཞེས་བཤད་པ་དང་པོ་ཞེས་དེ་ལྟར་བརྟག་པ་དེའི་ཚེ་མི་མཐུན་པའི་ཕྱོགས་སྔ་མ་ཉེ་བར་གཞག་པ་ནི།

ཕ་རོལ་པོས་འོག་ནས་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་སྐྱེ་བ་ཁོ་ནར་གཟུང་བར་བྱ་སྟེ། ཡུལ་སོ་སོར་ངེས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཕྱོགས་སྔ་མ་ཉེ་བར་གཞག་པ་འབྱུང་བ་དག་ཡིན་ཏེ། འདི་ལྟར་ཕྱོགས་སྔ་མ་ཉེ་བར་སྦྱར་བ་བཀག་ནས་བསྟན་བཅོས་མཛད་པའི་བཞེད་པ་འགྲུབ་པའི་ཕྱིར་འདིར་འགྲེལ་

เล่ม ๑๐๐ · หน้า 3b

པ་བྱེད་པས་ཕྱོགས་སྔ་མ་ཉེ་བར་གཞག་པ་བྱས་སོ། །དེའི་ཕྱིར་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་སྐྱེ་བ་ཁོ་ནར་གཟུང་བར་བྱ་སྟེ། ཡུལ་སོ་སོར་ངེས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་མི་མཐུན་པའི་ཕྱོགས་ཀྱི་

དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །འདི་ན་གང་སྐྱེ་བ་མེད་པ་དེ་ལ་ནི་ཡུལ་སོ་སོར་ངེས་པ་མེད་དེ། དཔེར་ན་མོ་གཤམ་གྱི་བུའི་སྐྱེ་མཆེད་རྣམས་ལ་ཡུལ་སོ་སོར་ངེས་པ་མེད་པ་བཞིན་ནོ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་ནོ། །ནང་གི་སྐྱེ་མཆེད་རྣམས་ལ་ནི་ཡུལ་སོ་སོར་ངེས་པ་འདི་ལྟ་

བུ་ཡོད་དེ། འདི་ལྟ་སྟེ་ལྟ་བ་དང་ཉན་པ་དང་སྣོམ་པ་དང་། མྱོང་བར་བྱེད་པ་དང་། རེག་པར་བྱེད་པ་དང་ཡིད་རྣམས་ཀྱི་ཡུལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་ཡིན་པར་གོ་རིམས་བཞིན་ནོ་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པས་ནང་

གི་སྐྱེ་མཆེད་རྣམས་སྐྱེ་བ་ཁོ་ནར་གཟུང་བར་བྱའོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །གང་གི་ཚེ་གཉིས་པ་ལྟར་བརྟག་པ་དེའི་ཚེ་ནི་ཞེས་བྱ་བ་ནི། ཡང་ན་འགྲོ་བ་མི་མཐུན་པའི་ཕྱོགས་དགག་པས་སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་གསུམ་པ་

བརྩམ་མོ་ཞེས་བྱ་བས་སྔར་འགྲོ་བ་མེད་པ་བསྒྲུབ་པའི་དོན་དེ་བསྟན་པར་བྱ་བའི་ཕྱིར་དང་། ལུང་ལས་སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་གསུངས་པ་དེ་དག་བསྒྲུབ་པའི་ཕྱིར་རབ་ཏུ་བྱེད་པ་གསུམ་པ་བརྩམ་མོ། །ཞེས་བཤད་པ་གཉིས་པ་ཤོས་དེ་ལྟར་བརྟག་པ་དེའི་ཚེ་མི་མཐུན་པའི་ཕྱོགས་སྔ་

མ་ཉེ་བར་གཞག་པ་ནི་འདི་ལྟར་བྱའོ་ཞེས་བྱ་བར་སྦྱར་རོ། །དེའི་ཚེ་མི་མཐུན་པའི་ཕྱོགས་སྔ་མ་ཉེ་བར་བཞག་པ་ནི་འདི་ལྟར་བྱ་སྟེ། སྔར་འགྲོ་བ་བརྟག་པའི་རབ་ཏུ་བྱེད་པ་གཉིས་པའི་མཇུག་ཏུ། དེའི་ཕྱིར་འགྲོ་དང་འགྲོ་པོ་དང་། །བགྲོད་པར་བྱ་བའང་ཡོད་མ་ཡིན། །ཞེས་བཤད་

པའི་ཕྱིར་འགྲོ་བ་སྨྲ་བ་དག་གིས་དེ་མི་བཟོད་པས་དེའི་ཕྱིར་ཕ་རོལ་པོ་དག་ན་རེ་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་འགྲོ་བ་ཡོད་པ་ཉིད་དུ་ཤེས་པར་བྱ་སྟེ། བྱ་བའི་འབྲས་བུ་ཡིན་པའི་ཕྱིར་གཟུགས་ལ་ལྟ་བ་ལ་སོགས་པ་བཞིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་

เล่ม ๑๐๐ · หน้า 4a

ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ་དཔེར་ན་མིག་ལ་སོགས་པ་ནི་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་ཡོད་པ་ཉིད་དུ་ཤེས་པར་བྱ་བ་དེ་བཞིན་དུ་འགྲོ་བ་ཡང་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་ཡོད་པ་ཉིད་དུ་ཤེས་

པར་བྱའོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཕྱོགས་གཉི་གའི་ལན་དུ་བཤད་པ། ལྟ་དང་ཉན་དང་སྣོམ་པ་དང་། །མྱོང་བར་བྱེད་དང་རེག་བྱེད་ཡིད། །དབང་པོ་དྲུག་པོ་དེ་དག་གི། །སྤྱོད་ཡུལ་བལྟ་བར་བྱ་ལ་སོགས། །ཞེས་བྱ་བ་ལ་སོགས་པ་སྨྲས་

སོ། །ལྟ་ཞེས་བྱ་བ་ནི་ལྟ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྟ་བར་བྱེད་པ་པོ་ནང་གི་སྐྱེས་བུ་གཞན་ནི་མེད་དེ། མིག་གི་དབང་པོ་ཉིད་གཟུགས་ལ་ལྟ་བར་བྱེད་པའི་ཕྱིར་མིག་ཅེས་བྱའོ། །གཞན་དུ་ན་འདིས་ལྟ་བར་བྱེད་པའི་ཕྱིར་རོ་ཞེས་སྨོས་པར་འགྱུར་བ་ཞིག་ན་དེ་སྐད་མ་སྨོས་སོ། །ལྷག་མ་རྣམས་ལ་

ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། ཉན་པ་དང་སྣོམ་པ་དང་མྱོང་བར་བྱེད་པ་དང་རེག་པར་བྱེད་པ་དང་ཡིད་རྣམས་ལ་ཡང་སྒྲ་ཉན་པར་བྱེད་པའི་ཕྱིར་རྣ་བ་ཡིན། དྲི་སྣོམ་པར་བྱེད་པའི་ཕྱིར་སྣ་ཡིན། རོ་མྱོང་བར་བྱེད་པའི་ཕྱིར་ལྕེ་ཡིན། རེག་བྱ་རེག་པར་བྱེད་པའི་ཕྱིར་ལུས་ཡིན། ཆོས་རྣམས་

སེམས་པར་བྱེད་པའི་ཕྱིར་ཡིད་ཡིན་ཏེ། ཉན་པར་བྱེད་པ་ལ་སོགས་པའི་བྱེད་པ་པོ་ནང་གི་སྐྱེས་བུ་གཞན་མེད་པར་དེ་བཞིན་དུ་སྦྱར་རོ། །དྲུག་པོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་གཟུང་བའི་ཕྱིར་ཚོགས་དེ་ལ་དབང་པོ་དང་བདག་པོ་ཉིད་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དབང་པོ་ཞེས་བྱ་

བའི་ཚིག་གི་དོན་བཤད་པ་སྟེ། གཟུགས་ལ་སོགས་པ་ཡུལ་དྲུག་པོ་དག་གཟུང་བའི་ཕྱིར་དབང་པོ་དང་། ཡུལ་དང་སྣང་བ་དང་། ནམ་མཁའ་དང་། དེ་དང་འབྱུང་བའི་ཡིད་ལ་བྱེད་པའི་ཚོགས་ཅི་རིགས་པར་དེ་དག་ལས་དབང་པོ་ནི་ཚོགས་ལྷག་མ་དེ་དག་ལ་གཙོ་ཆེར་དབང་བ་ཉིད་དང་།

བདག་པོ་ཉིད་བྱེད་པའི་ཕྱིར་དབང་པོ་ཞེས་བྱའོ། །དྲུག་པོ་ཞེས་བྱ་བ་ནི་སོ་སོའི་མིང་སྨོས་པ་ཉིད་ཀྱིས་གྲངས་ཀྱང་རབ་ཏུ་འགྲུབ་མོད་ཀྱི། དེ་ངེས་པར་གཟུང་བ་ནི་ཐ་སྙད་དུ་ཡང་དེ་དག་ལས་གཞན་པ་གཟུགས་ལ་སོགས་པ་ལ་དམིགས་པར་བྱེད་པའི་བྱེད་པ་པོ་མེད་པར་ཤེས་པར་བྱ་བའི་ཕྱིར་རོ་

เล่ม ๑๐๐ · หน้า 4b

ཞེས་བྱ་བ་ནི། ལྟ་དང་ཉན་དང་སྣོམ་པ་དང་། །མྱོང་བར་བྱེད་དང་རེག་བྱེད་ཡིད། །ཅེས་དབང་པོ་སོ་སོའི་མིང་སྨོས་པ་ཉིད་ཀྱིས་གྲངས་དྲུག་ཡིན་པར་ཡང་རབ་ཏུ་འགྲུབ་མོད་ཀྱི་དྲུག་པོ་ཞེས་བྱ་བའི་གྲངས་དེ་ངེས་པར་གཟུང་བ་ནི་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་དྲུག་པོ་དེ་དག་ལས་གཞན་པ་གཟུགས་ལ་སོགས་པ་

ལ་དམིགས་པར་བྱེད་པའི་བྱེད་པ་པོ་ནང་གི་སྐྱེས་བུ་གཞན་མེད་པར་ཤེས་པར་བྱ་བའི་ཕྱིར་རོ། །དེ་དག་གི་ཞེས་བྱ་བ་ནི་དབང་པོ་དྲུག་པོ་དེ་དག་གིའོ་ཞེས་བྱ་བ་ནི་དེ་དག་གི་སྤྱོད་ཡུལ་གང་ཞེ་ན་ཞེས་བྱ་བར་སྦྱར་རོ། །སྤྱོད་ཡུལ་ཞེས་བྱ་བ་ནི་ཡུལ་ཏེ་དེ་དག་ལ་མཐུ་ཡོད་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ་ཞེས་

བྱ་བ་ནི་སྤྱོད་ཡུལ་ཞེས་བྱ་བའི་ཚིག་གི་དོན་བཤད་པ་སྟེ། སྤྱོད་ཡུལ་ནི་ཡུལ་ཏེ། ཡུལ་དེ་དག་ལ་དབང་པོ་རྣམས་སྤྱོད་པའི་མཐུ་ཡོད་པ་ཉིད་ཅེས་བྱ་བའི་ཚིག་གོ། །བལྟ་བར་བྱ་བ་ལ་སོགས་པ་ཞེས་བྱ་བ་ནི་བལྟ་བར་བྱ་བ་དང་། མཉན་པར་བྱ་བ་དང་། བསྣམ་པར་བྱ་བ་དང་། མྱང་བར་བྱ་བ་དང་།

རེག་པར་བྱ་བ་དང་། བསམ་པར་བྱ་བ་དག་གོ་ཞེས་བྱ་བ་ནི་དབང་པོ་དྲུག་པོ་དེ་དག་གི་སྤྱོད་ཡུལ་ནི། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཡིན་ཏེ། བལྟ་བར་བྱ་བ་ལ་སོགས་པ་དེ་དག་དང་གོ་རིམས་བཞིན་ནོ། །ཡུལ་ཅན་དང་ཡུལ་སོ་སོར་ངེས་པ་དེ་ཡང་ཐ་སྙད་པ་

ཡིན་གྱི་དོན་དམ་པ་པ་ནི་མ་ཡིན་པས་གཏན་ཚིགས་མི་མཐུན་པའི་ཕྱོགས་འབའ་ཞིག་ལ་ཡོད་པའི་ཕྱིར་དོན་འགལ་བ་ཉིད་དོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་གཉི་གའི་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་དུ་འགྲུབ་པ་ཡིན་ཏེ། ཕྱོགས་སྔ་མ་སྨྲ་བ་དག་གི་གཏན་ཚིགས་ཡུལ་སོ་སོར་ངེས་པའི་ཕྱིར་རོ་ཞེས་བྱ་

བ་དང་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་གཟུགས་ལ་ལྟ་བ་ལ་སོགས་པ་བཞིན་ནོ་ཞེས་སྨོས་པའི་དབང་པོ་ཡུལ་ཅན་དང་། གཟུགས་ལ་སོགས་པ་ཡུལ་སོ་སོར་ངེས་པ་དེ་ཡང་ཀུན་རྫོབ་ཀྱི་ཐ་སྙད་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་པས་ཕྱོགས་སྔ་མ་སྨྲ་བའི་གཏན་ཚིགས་དེ་ནི་དོན་དམ་པར་ཡོད་པར་

བསྒྲུབ་པའི་མི་མཐུན་པའི་ཕྱོགས་ཀུན་རྫོབ་འབའ་ཞིག་ལ་ཡོད་པའི་ཕྱིར་དོན་དམ་པར་ཡོད་པར་བསྒྲུབ་པ་དང་། དོན་འགལ་བ་ཉིད་ཡིན་པས་མ་གྲུབ་པོ་ཞེས་བསྟན་ཏོ། །དོན་དམ་པར་ཇི་ལྟར་མིག་ལ་སོགས་པ་ཡུལ་ཅན་དང་ཡུལ་གྱི་དངོས་པོར་མི་འཐད་པ་དེ་ལྟར་འདི་བཤད་པར་བྱ་སྟེ་

เล่ม ๑๐๐ · หน้า 5a

ཞེས་བྱ་བས་ནི་དོན་སྔ་མ་གསལ་བར་བྱ་བའི་ཕྱིར་ཚིག་ལེའུར་བྱས་པ་འོག་མ་དག་གི་མགོ་འདྲེན་པར་བྱེད་དོ། །རེ་ཞིག་མིག་གི་དབང་པོ་གཅིག་པུའི་དབང་དུ་མཛད་ནས། ལྟ་བ་རང་གི་བདག་ཉིད་ན། །དེ་ཡིས་དེ་ནི་མི་མཐོང་ཉིད། །ཅེས་བྱ་བ་ནི་དོན་དམ་པར་མིག་ལ་

སོགས་པའི་དབང་པོ་དྲུག་དང་། གཟུགས་ལ་སོགས་པ་ཡུལ་དྲུག་པོ་དག་ཡུལ་ཅན་དང་། ཡུལ་གྱི་དངོས་པོར་མི་འཐད་པར་སྟོན་པའི་སྐབས་ལས། རེ་ཞིག་དང་པོར་མིག་གི་དབང་པོ་དང་གཟུགས་ཡུལ་ཅན་དང་ཡུལ་གྱི་དངོས་པོས་མི་འཐད་པའི་དབང་དུ་བྱས་ཏེ་སྟོན་ཏོ། །ལྟ་བ་ཞེས་བྱ་བ་ནི་ལྟ་

བར་བྱེད་པའི་ཕྱིར་ཏེ་མིག་གི་དབང་པོ་ཞེས་བྱ་བའོ་ཞེས་བྱ་བས་ནི་ཀུན་རྫོབ་ཏུ་མིག་གི་སྐྱེ་མཆེད་ཀྱི་མཚན་ཉིད་བསྟན་ཏེ་གང་གི་ཕྱིར་མིག་གི་དབང་པོས་ནི་གཟུགས་ལ་ལྟ་བར་བྱེད་པ་སྟེ་དེའི་ཕྱིར་ལྟ་བ་ཞེས་བྱའོ། །རང་གི་བདག་ཉིད་ན་ཞེས་བྱ་བ་ནི་རང་གི་ངོ་བོ་ཉིད་ཡིན་ནའོ་ཞེས་བྱ་བ་ནི་མིག་གི་དབང་པོ་དེ་

དོན་དམ་པར་གཟུགས་ཀྱི་རང་གི་ངོ་བོ་ཉིད་ཡིན་ནའོ། །དེ་ཡིས་དེ་ནི་མི་མཐོང་ཉིད། །ཅེས་བྱ་བ་ལ་ཅིའི་ཕྱིར་མི་མཐོང་བ་ཉིད་ཡིན་ཞེ་ན། ཕྱོགས་དེ་ནི་ཚིག་གི་དོན་འོག་ནས་འབྱུང་བས་གསལ་བར་བྱེད་དོ་ཞེས་བྱ་བར་ནི་མིག་གི་དབང་པོ་དེས་མིག་གི་དབང་པོ་དེ་ནི་མི་མཐོང་བ་དེ་ཉིད་ཡིན་ཏེ། དེ་ཅིའི་ཕྱིར་

ཞེ་ན། ཕྱོགས་དེ་ནི་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་ཤོས་ཀྱིས་གསལ་བར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། དེས་དེ་མི་མཐོང་བའི་ཕྱིར་ཏེ། དེ་ནི་གྲགས་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་ཅིའི་ཕྱིར་མིག་གི་དབང་པོ་དེས་མིག་གི་དབང་པོ་དེ་མི་མཐོང་ཞེ་ན། དེ་རང་

གིས་རང་མི་མཐོང་བ་ཉིད་ཀྱི་ཕྱིར་ཏེ། དེ་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་ཡིན་པས་བསྒྲུབ་མི་དགོས་སོ་ཞེས་བྱ་བར་སློབ་དཔོན་གྱིས་དགོངས་སོ། །ཉིད་ཅེས་བྱ་བའི་སྒྲ་ནི་ངེས་པར་འབྱུང་བའི་དོན་ཏོ། །དེར་མི་མཐོང་བ་ཉིད་ཅེས་བྱ་བར་བལྟ་བར་བྱའི། གཞན་དུ་ན་མཐོང་བ་ཞེས་བྱ་བར་

ཤེས་པར་འགྱུར་རོ་ཞེས་བྱ་བ་ནི། དེ་ཡིས་དེ་ནི་མི་མཐོང་ཉིད། །ཅེས་བྱ་བ་ཚིག་ལེའུར་བྱས་པ་དེའི་སྐབས་ནས་ཉིད་ཅེས་བྱ་བའི་སྒྲ་སྨོས་པ་ནི་མི་མཐོང་བ་ཉིད་ཅེས་བྱ་བར་ངེས་པར་བཟུང་བའི་དོན་ཡིན་གྱི། དེས་ནི་དེ་ཉིད་མི་མཐོང་སྟེ། །ཞེས་བྱ་བ་ལྟར་སྒྲ་ཇི་བཞིན་དུ་ངེས་པར་བཟུང་ན་དེས་དེ་ཉིད་མི་

เล่ม ๑๐๐ · หน้า 5b

མཐོང་ན་ཡུལ་གཞན་མཐོང་ངོ་ཞེས་བྱ་བར་ཤེས་པར་འགྱུར་བས་དེ་ནི་མི་རུང་ངོ་། །ཇི་སྟེ་དེ་ལྟ་ན་ཁྱོད་ཀྱིས་ཅི་ཞིག་བསྒྲུབས་པར་གྱུར་ཏེ། གང་གི་ཚེ་མིག་རང་གི་བདག་ཉིད་མི་མཐོང་ངོ་ཞེས་སྨྲས་པ་དེའི་ཚེ་གཞན་དུ་གྱུར་པ་དེའི་གཟུགས་མཐོང་ངོ་ཞེས་ཁས་ལེན་ཏོ་ཞེ་ན་ཞེས་བྱ་བ་ནི་ཅི་སྟེ་

ཕ་རོལ་པོས་འདི་སྐད་ཅེས་ཁྱེད་དབུ་མ་པས། ལྟ་བ་རང་གི་བདག་ཉིད་ན། །དེ་ཡིས་དེས་ནི་མི་མཐོང་ཉིད། །ཅེས་བཤད་པ་དེ་ལྟ་ན་ཁྱེད་དབུ་མ་པས་ཅི་ཞིག་བསྒྲུབས་པར་གྱུར་ཏེ། གང་གི་ཚེ་མིག་གིས་རང་གི་བདག་ཉིད་མི་མཐོང་ངོ་ཞེས་བྱ་བ་སྨྲས་པའི་ཚེ། ཁོ་བོ་ཅག་མིག་གིས་གཞན་དུ་གྱུར་

པ་གཟུགས་མཐོང་ངོ་ཞེས་ཁས་ལེན་པས་དེས་ན་ཁོ་བོ་ཅག་གི་འདོད་པ་ཉམས་པར་མི་འགྱུར་རོ་སྙམ་དུ་སེམས་ཤིང་དེ་སྐད་ཅེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བའི་ལེན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཁྱོད་འདོད་པ་གང་ཡིན་པ་དེ་ཡང་། གང་ཚེ་བདག་ཉིད་མི་མཐོང་བ། །དེ་ཡིས་གཞན་ནི་ཇི་

ལྟར་མཐོང་། །མིག་ལ་གཟུགས་མཐོང་བའི་མཐུ་ཉིད་མེད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་མིག་གིས་གཞན་དུ་གྱུར་པ་གཟུགས་མཐོང་བར་འདོད་པ་གང་ཡིན་པ་དེ་ཡང་ཁོ་བོས་མི་མཐོང་བ་ཉིད་དུ་བསྒྲུབས་ཟིན་ཏེ། ཇི་ལྟར་ཞེ་ན། དེའི་ཕྱིར། གང་ཚེ་བདག་ཉིད་མི་མཐོང་

བ། །དེ་ཡིས་གཞན་ནི་ཇི་ལྟར་མཐོང་། །ཞེས་བྱ་བ་སྨྲས་ཏེ་ཚིག་ལེའུར་བྱས་པ་དེའི་དོན་ནི་མིག་ལ་གཟུགས་མཐོང་བའི་མཐུ་ཉིད་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་འདིར་ཚིག་ལེའུར་བྱས་པའི་ཕྱེད་གོང་མས་ནི་མིག་གིས་རང་གི་བདག་ཉིད་མི་མཐོང་བའི་ཆོས་བསྟན་ལ་ཞེས་བྱ་བ་ནི། ལྟ་བ་

རང་གི་བདག་ཉིད་ན། །དེ་ཡིས་དེ་ནི་མི་མཐོང་ཉིད། །ཅེས་བྱ་བ་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་དེས་ནི་མིག་གིས་གཟུགས་མི་མཐོང་བ་ཉིད་དུ་སྒྲུབ་པའི་ཆོས་ནི་རང་གི་བདག་ཉིད་མི་མཐོང་བ་ཡིན་པར་བསྟན་ཏོ། །ཕྱེད་འོག་མས་ནི་བསྒྲུབ་པར་བྱ་བ་ཆོས་གཟུགས་མི་མཐོང་བ་བསྟན་ཏོ་

ཞེས་བྱ་བ་ནི། གང་ཚེ་བདག་ཉིད་མི་མཐོང་བ། །དེ་ཡིས་གཞན་ནི་ཇི་ལྟར་མཐོང་། །ཞེས་བྱ་བའི་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་དེས་ནི་ཆོས་ཅན་མིག་ལ་བསྒྲུབ་པར་བྱ་བ་ཆོས་ནི་གཟུགས་མི་མཐོང་བ་ཉིད་ཡིན་པར་བསྟན་ཏོ། །དཔེ་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་ཀྱི་

เล่ม ๑๐๐ · หน้า 6a

དབང་གིས་གཉི་ག་ལ་གྲགས་པའི་ཆོས་ཅན་རྣམས་རྣ་བ་ལ་སོགས་པ་ཡིན་པར་སྦྱར་རོ། །དེའི་ཕྱིར་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་ཉེ་བར་གཞག་པས་སྦྱོར་བའི་ཚིག་ཏུ་འདོད་པ་ནི་ཞེས་བྱ་བ་ནི་འོག་ནས་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་

ཆོས་དང་། དཔེ་ཉེ་བར་སྦྱར་བ་རྣམས་ཡིན་པར་སྦྱར་རོ། །དེའི་ཕྱིར་དོན་དམ་པར་མིག་གི་དབང་པོས་ནི་གཟུགས་མི་མཐོང་བ་ཉིད་དེ། རང་གི་བདག་ཉིད་མི་མཐོང་བའི་ཕྱིར། དཔེར་ན་རྣ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་

དང་། སྒྲུབ་པའི་ཆོས་དང་དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྣ་བ་ལ་སོགས་པ་ནི་རང་གི་བདག་ཉིད་མི་མཐོང་བའི་ཕྱིར། དེ་དག་གིས་གཟུགས་མི་མཐོང་བ་ཉིད་ཡིན་པ་དེ་བཞིན་དུ་མིག་གི་དབང་པོ་ཡང་རང་གི་བདག་ཉིད་མི་མཐོང་བའི་ཕྱིར་དེས་གཟུགས་མི་མཐོང་བ་ཉིད་ཡིན་ཏེ།

རྗེས་སུ་དཔག་པ་དེས་ནི་མིག་གི་དབང་པོས་གཟུགས་མི་མཐོང་བ་ཉིད་བསྟན་ཏོ། །ཡང་ན་ཕྱེད་གོང་མས་ནི་མིག་གི་དབང་པོ་གཟུང་བ་ཉིད་མ་ཡིན་པར་བསྟན་ནས། མིག་གི་དབང་པོ་རང་གི་བདག་ཉིད་ཆོས་མཐུན་པའི་དཔེ་ཉིད་དུ་ཉེ་བར་གཞག་ལ་ཞེས་བྱ་བ་ནི་ཡང་ན། ལྟ་བ་རང་གི་བདག་ཉིད་ན། །དེ་

ཡིས་དེ་ནི་མི་མཐོང་ཉིད། །ཅེས་བྱ་བ་ཚིག་ལེའུར་བྱས་པའི་ཚིག་གོང་མ་དེས་ནི་མིག་གི་དབང་པོ་ཉིད་མིག་གི་དབང་པོའི་གཟུང་བའི་ཡུལ་ཉིད་མ་ཡིན་པར་བསྟན་ནས། མིག་གི་དབང་པོས་རང་གི་བདག་ཉིད་གཟུགས་མིག་གི་དབང་པོ་ཡུལ་མ་ཡིན་པའི་ཆོས་མཐུན་པའི་དཔེ་ཉིད་དུ་ཉེ་བར་གཞག་གོ། །

ཕྱེད་འོག་མས་ནི་མིག་གི་དབང་པོས་གཟུགས་མི་མཐོང་བར་བསྟན་པས་བསྒྲུབ་པར་བྱ་བ་ཆོས་གཟུགས་མིག་གི་དབང་པོའི་ཡུལ་མ་ཡིན་པ་ཉིད་དུ་བསྟན་ཏོ་ཞེས་བྱ་བ་ནི། གང་ཚེ་བདག་ཉིད་མི་མཐོང་བ། །དེ་ཡིས་གཞན་ནི་ཇི་ལྟར་མཐོང་། །ཞེས་བྱ་བ་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་དེས་ནི་མིག་

གི་དབང་པོས་གཟུགས་མི་མཐོང་བར་བསྟན་པས། ཆོས་ཅན་གཟུགས་ལ་བསྒྲུབ་པར་བྱ་བ་ཆོས་མིག་གི་དབང་པོའི་ཡུལ་མ་ཡིན་པ་ཉིད་དུ་བསྟན་ཏོ། །འདིར་དེའི་དབང་གིས་སྦྱོར་བའི་ཚིག་ནི་ཞེས་བྱ་བ་ནི་འདིར་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་དང་། ཆོས་མཐུན་པའི་དཔེ་དེའི་དབང་

เล่ม ๑๐๐ · หน้า 6b

གིས་སྦྱོར་བའི་ཚིག་ཏུ་གྱུར་པ་ནི་འོག་ནས་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཉེ་བར་སྦྱར་བ་རྣམས་ཡིན་པར་སྦྱར་རོ། །དེའི་ཕྱིར་དོན་དམ་པར་གཟུགས་མིག་གི་དབང་པོའི་ཡུལ་མ་ཡིན་ཏེ། བསགས་པའི་ཕྱིར་དཔེར་ན་མིག་གི་དབང་པོའི་བདག་ཉིད་

བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མིག་གི་དབང་པོའི་བདག་ཉིད་ནི་བསགས་པའི་ཕྱིར་མིག་གི་དབང་པོའི་ཡུལ་མ་ཡིན་པ་དེ་བཞིན་དུ་གཟུགས་ཀྱང་བསགས་པའི་

ཕྱིར་མིག་གི་དབང་པོའི་ཡུལ་མ་ཡིན་ཏེ། རྗེས་སུ་དཔག་པ་དེས་ནི་གཟུགས་མིག་གི་དབང་པོའི་ཡུལ་མ་ཡིན་པར་བསྟན་ཏོ། །རང་གི་བདག་ཉིད་མི་མཐོང་བ་དང་བསགས་པ་ནི་མཚན་ཉིད་ཀྱི་སྒྲའི་ཚུལ་ཉེ་བར་གཟུང་བའི་ཕྱིར་ཏེ། གཏན་ཚིགས་ཐོགས་པ་དང་བཅས་པ་ཉིད་དང་འབྱུང་བ་ལས་གྱུར་པ་ཉིད་དང་

རྒྱུར་བྱས་པའི་གཟུགས་ཉིད་དང་གཟུགས་ཀྱི་ཕུང་པོར་གཏོགས་པ་ཉིད་ལ་སོགས་པ་དག་གི་ཕྱིར་རོ་ཞེས་ཀྱང་ཕྱོགས་གཉིས་ཀ་ལ་རྗེས་སུ་དཔག་པ་དག་བརྗོད་པར་བྱའོ་ཞེས་བྱ་བ་ནི། ལྟ་བ་རང་གི་བདག་ཉིད་ན། །དེ་ཡིས་དེ་ནི་མི་མཐོང་ཉིད། །གང་ཚེ་བདག་ཉིད་མི་མཐོང་བ། །དེ་ཡིས་གཞན་ནི་ཇི་

ལྟར་མཐོང་། །ཞེས་བྱ་བས་མིག་གི་དབང་པོས་གཟུགས་མི་མཐོང་བའི་གཏན་ཚིགས་རང་གི་བདག་ཉིད་མི་མཐོང་བ་ཞེས་བྱ་བ་དང་། གཟུགས་མིག་གི་དབང་པོའི་ཡུལ་མ་ཡིན་པའི་གཏན་ཚིགས་བསགས་པའི་ཕྱིར་ཞེས་བྱ་བ་ནི་མཚན་ཉིད་ཀྱི་སྒྲའི་ཚུལ་ཙམ་ཉེ་བར་གཟུང་བའི་ཕྱིར་མཚོན་པ་ཙམ་

དུ་ཟད་ཀྱི་ཕྱོགས་དེ་གཉིས་ཀྱི་གཏན་ཚིགས་ནི་ཐོགས་པ་དང་བཅས་པ་ཉིད་ལ་སོགས་པ་དག་ཀྱང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་ཁྭ་དག་ལས་ཞུན་མར་བསྲུང་བར་བྱའོ་ཞེས་སྨྲས་ན་ཁྱི་དག་ལས་མི་བསྲུང་བར་བྱ་བ་མ་ཡིན་པ་དེ་བཞིན་དུ། འདིར་ཡང་རང་གི་བདག་ཉིད་མི་མཐོང་བ་

ཞེས་བྱ་བ་དང་། བསགས་པ་ཞེས་བྱ་བ་དེ་གཉིས་གཏན་ཚིགས་སུ་སྨོས་པས་ཐོགས་པ་དང་བཅས་པ་ཉིད་ལ་སོགས་པ་དག་གཏན་ཚིགས་སུ་མི་རུང་བ་མ་ཡིན་ནོ། །འདི་སྐད་བསྟན་ཏེ། དོན་དམ་པར་མིག་གི་དབང་པོས་ནི་གཟུགས་མི་མཐོང་བ་ཉིད་དེ། ཐོགས་པ་དང་བཅས་པ་ཉིད་ཀྱི་

เล่ม ๑๐๐ · หน้า 7a

ཕྱིར་རམ། འབྱུང་བ་ལས་གྱུར་པ་ཉིད་ཀྱི་ཕྱིར་རམ། རྒྱུར་བྱས་པའི་གཟུགས་ཉིད་ཀྱི་ཕྱིར་རམ། གཟུགས་ཀྱི་ཕུང་པོར་གཏོགས་པ་ཉིད་ལ་སོགས་པ་དག་གི་ཕྱིར་དཔེར་ན་རྣ་བ་ལ་སོགས་པ་བཞིན་ནོ་ཞེའམ། དོན་དམ་པར་གཟུགས་ནི་མིག་གི་དབང་པོའི་ཡུལ་མ་

ཡིན་ཏེ། ཐོགས་པ་དང་བཅས་པ་ཉིད་ཀྱི་ཕྱིར་རམ། འབྱུང་བ་ལས་གྱུར་པ་ཉིད་ཀྱི་ཕྱིར་རམ། རྒྱུར་བྱས་པའི་གཟུགས་ཉིད་ཀྱི་ཕྱིར་རམ། གཟུགས་ཀྱི་ཕུང་པོར་གཏོགས་པ་ཉིད་ལ་སོགས་པ་དག་གི་ཕྱིར་དཔེར་ན་མིག་གི་དབང་པོའི་བདག་ཉིད་བཞིན་ནོ་ཞེས་ཚད་མ་སྔར་བསྟན་པའི་ཕྱིར་ཕྱོགས་གཉི་

ག་ལ་རྗེས་སུ་དཔག་པ་དག་བརྗོད་པར་བྱའོ། །འདིར་ཁ་ཅིག་ན་རེ་མིག་གིས་རང་གི་བདག་ཉིད་མི་མཐོང་བ་ནི་བསྟན་དུ་མེད་པ་ཡིན་པའི་ཕྱིར་རུང་མོད་ཀྱི། གཟུགས་ནི་བསྟན་དུ་ཡོད་པ་ཡིན་པས་དེའི་ཕྱིར་དེ་མཐོང་ངོ་ཞེས་ཟེར་རོ་ཞེས་བྱ་བ་ནི་འདིར་སྡེ་པ་གཞན་དག་དབུ་མ་པས་གཟུགས་མིག་གི་དབང་

པོའི་ཡུལ་མ་ཡིན་ཏེ་ཞེས་བཤད་པ་དེ་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་རྒོལ་བ་ཡིན་ནོ། །དེ་དག་འདི་སྐད་ཅེས་དབུ་མ་པས་དོན་དམ་པར་མིག་གི་དབང་པོས་ནི་གཟུགས་མི་མཐོང་བ་ཉིད་དེ། རང་གི་བདག་ཉིད་མི་མཐོང་བའི་ཕྱིར་དཔེར་ན་རྣ་བ་ལ་སོགས་པ་བཞིན་ནོ་ཞེས་བཤད་པར་གཏན་

ཚིགས། རང་གི་བདག་ཉིད་མི་མཐོང་བ། །ཞེས་བྱ་བ་ནི་རུང་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་། གཟུགས་ནི་རྣམ་པ་གསུམ་སྟེ་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་དང་བསྟན་དུ་མེད་ལ་ཐོགས་པ་མེད་པ་དང་། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ། །དེ་ལ་

བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་ནི་གཟུགས་ཀྱི་སྐྱེ་མཆེད་དོ། །བསྟན་དུ་མེད་ལ་ཐོགས་པ་མེད་པ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་ནི་མིག་ལ་སོགས་པ་དབང་པོ་ལ་སོགས་པ་ལྔའོ་ཞེས་གསུངས་པས་མིག་གིས་རང་གི་

བདག་ཉིད་མི་མཐོང་བ་ནི་བསྟན་དུ་མེད་པ་ཡིན་པའི་ཕྱིར་རུང་མོད་ཀྱི། ཁྱེད་ཀྱིས་དོན་དམ་པར་གཟུགས་མིག་གི་དབང་པོའི་ཡུལ་མ་ཡིན་ཏེ། བསགས་པའི་ཕྱིར་དཔེར་ན་མིག་གི་དབང་པོའི་བདག་ཉིད་བཞིན་ནོ་ཞེས་བཤད་པས་མིག་གི་དབང་པོས་གཟུགས་མི་མཐོང་ངོ་ཞེས་བསྒྲུབས་པ་

เล่ม ๑๐๐ · หน้า 7b

དེ་ནི་མི་རུང་སྟེ། གཟུགས་ཀྱི་སྐྱེ་མཆེད་ནི་སྔར་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་ཡིན་པས་དེའི་ཕྱིར་དེ་མཐོང་ངོ་ཞེས་གསུངས་བཞིན་དུ་དེ་མི་མཐོང་ངོ་ཞེས་བསྒྲུབ་པ་ནི་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བའི་ལེན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ལ་

རྒྱུ་གཞན་དེས་ཁོ་བོ་ཅག་གིས་སྨྲས་པའི་གཏན་ཚིགས་དང་དཔེ་བསྒྲུབ་པའི་ཕྱིར་གནོད་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། དེ་ལ་ཁྱེད་ན་རེ་མིག་གིས་རང་གི་བདག་ཉིད་མི་མཐོང་བ་ནི་བསྟན་དུ་མེད་པ་ཡིན་པའི་ཕྱིར་རུང་མོད་ཀྱི་ཞེས་ཟེར་བའི་བྱེད་རྒྱུ་གཞན་དེས་ཁོ་བོ་ཅག་གིས་དོན་དམ་པར་མིག་གི་དབང་

པོས་ནི་གཟུགས་མི་མཐོང་བ་ཉིད་དེ་རང་གི་བདག་ཉིད་མི་མཐོང་བའི་ཕྱིར་ཞེས་སྨྲས་པའི་གཏན་ཚིགས་དང་དོན་དམ་པར་གཟུགས་མིག་གི་དབང་པོའི་ཡུལ་མ་ཡིན་ཏེ། བསགས་པའི་ཕྱིར་དཔེར་ན་མིག་གི་དབང་པོའི་བདག་ཉིད་བཞིན་ནོ་ཞེས་སྨྲས་པའི་དཔེ་བསྒྲུབ་པའི་ཕྱིར་ཁོ་བོ་ཅག་གི་རྗེས་

སུ་དཔག་པ་དེ་ཁས་བླངས་པ་ལ་གནོད་པ་མེད་དོ། །ཆོས་མངོན་པ་པ་དག་ན་རེ་གལ་ཏེ་ཁྱད་པར་མེད་པ་དག་མིག་གིས་གཟུགས་རྣམས་མི་མཐོང་བ་ཉིད་ཅེས་ཟེར་ན་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཕྱོགས་ནི་དེ་དང་མཚུངས་པའི་མིག་གིས་མི་མཐོང་བ་ཡིན་པའི་ཕྱིར་རོ། །འོན་ཏེ་མིག་

གིས་གཟུགས་རྣམས་མི་མཐོང་བ་རྟེན་པ་མཚུངས་པ་ལ་བྱའོ་ཞེས་ཟེར་ན་ནི་དེ་ལྟ་ན་ཁས་བླངས་པ་ལ་གནོད་པར་འགྱུར་ཏེ། ཆོས་མངོན་པ་ལས། རྟེན་མཚུངས་མིག་གིས་གཟུགས་རྣམས་མཐོང་། །དེར་བརྟེན་རྣམ་པར་ཤེས་པས་མིན། །ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་

བྱ་བ་ནི་སྔར་སྡེ་པ་གཞན་དག་ལ་དབུ་མ་པས་ལན་བཏབ་པ་དང་། འདིར་ཆོས་མངོན་པ་པ་དག་དབུ་མ་པ་ལ་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་དང་། ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་རྒོལ་བ་ཡིན་ནོ། །དེ་དག་འདི་སྐད་ཅེས་དབུ་མ་པས་དོན་དམ་པར་མིག་གི་དབང་པོས་ནི་གཟུགས་

མི་མཐོང་བ་ཉིད་དེ་ཞེས་བཤད་པ་གང་ཡིན་པ་དེ་གལ་ཏེ་དེ་དང་མཚུངས་པའི་མིག་གིས་མི་མཐོང་བ་ལ་བྱའོ་ཞེས་ཟེར་ན་ནི་མི་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་ཏེ། དེ་དང་མཚུངས་པའི་མིག་གིས་གཟུགས་མི་མཐོང་བ་ནི་ངེད་ཀྱི་ཕྱོགས་ལ་ཡང་གྲུབ་པའི་ཕྱིར་རོ། །འོན་ཏེ་རྟེན་པ་མཚུངས་

เล่ม ๑๐๐ · หน้า 8a

པའི་མིག་གིས་མི་མཐོང་བ་ལ་བྱའོ་ཞེས་ཟེར་ན་ནི་ཁས་བླངས་པ་ལ་གནོད་པར་འགྱུར་ཏེ། ཆོས་མངོན་པ་ལས། རྟེན་པ་མཚུངས་པའི་མིག་གིས་གཟུགས་རྣམས་མཐོང་གི། དེ་ལ་བརྟེན་པའི་རྣམ་པར་ཤེས་པས་ནི་མི་མཐོང་ངོ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་

ཟེར་ན་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འདིར་རྟེན་པ་མཚུངས་པའི་མིག་ཉིད་ཕྱོགས་སུ་བྱས་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཡང་མ་ཡིན་ལ་ཁས་བླངས་པ་ལ་གནོད་པར་ཡང་མི་འགྱུར་ཏེ། མིག་གིས་གཟུགས་ནི་མི་མཐོང་ཞིང་། །ཡིད་ཀྱིས་ཆོས་རྣམས་མི་ཤེས་ཏེ། །གང་ལ་

འཇིག་རྟེན་མི་འཇུག་གོ། །དེ་ནི་དམ་པའི་བདེན་པའོ། །ཞེས་གསུངས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིར་ངེད་དབུ་མ་པས་རྟེན་པ་མཚུངས་པའི་མིག་ཉིད་ཕྱོགས་སུ་བྱས་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཡང་མ་ཡིན་ཏེ། ཁྱེད་ལ་རྟེན་པ་མཚུངས་པའི་མིག་གིས་གཟུགས་མི་མཐོང་

བར་མ་གྲུབ་པའི་ཕྱིར་རོ། །ཁས་བླངས་པ་ལ་གནོད་པར་ཡང་མི་འགྱུར་ཏེ། ཆོས་མངོན་པ་ལས། རྟེན་མཚུངས་མིག་གིས་གཟུགས་རྣམས་མཐོང་། །དེར་བརྟེན་རྣམ་པར་ཤེས་པས་མིན། །ཞེས་གསུངས་པ་ནི་ངེད་ཀྱང་ཁས་ལེན་མོད་ཀྱི་དེ་ནི་ཀུན་རྫོབ་ཏུ་གསུངས་པ་ཡིན་ཏེ། དེ་ཅིའི་ཕྱིར་

ཞེ་ན། བཅོམ་ལྡན་འདས་ཀྱིས་འཕགས་པ་སྲིད་པ་འཕོ་བའི་མདོ་ལས། མིག་གིས་གཟུགས་ནི་མཐོང་ངོ་ཞེས། །ཐམས་ཅད་མཁྱེན་པས་གང་གསུངས་པ། །ལོག་པའི་ང་རྒྱལ་འཇིག་རྟེན་ལ། །དེ་ནི་ཀུན་རྫོབ་བདེན་པར་བསྟན། །ཞེས་གསུངས་པའི་ཕྱིར་རོ། །དེ་ཀུན་རྫོབ་ཏུ་

གསུངས་པ་ཡིན་གྱི་དོན་དམ་པར་གསུངས་པ་མ་ཡིན་པར་ཅི་ལྟར་ངེས་པར་ཤེས་ཤེ་ན། འཕགས་པ་སྲིད་པ་འཕོ་བའི་མདོ་དེ་ཉིད་ལས། མིག་གིས་གཟུགས་ནི་མི་མཐོང་ཞིང་། །ཡིད་ཀྱིས་ཆོས་རྣམས་མི་ཤེས་ཏེ། །གང་ལ་འཇིག་རྟེན་མི་འཇུག་པ། །དེ་ནི་དམ་པའི་བདེན་

པའོ། །ཞེས་གསུངས་པའི་ཕྱིར་ཁོ་བོ་ཅག་རྟེན་པ་མཚུངས་པའི་མིག་གིས་ཀུན་རྫོབ་ཏུ་གཟུགས་མཐོང་བར་ཁས་བླངས་པ་དེ་དོན་དམ་པར་མི་མཐོང་བར་བསྒྲུབས་པས་དེའི་ཕྱིར་ཁས་བླངས་པ་ལ་གནོད་པར་མི་འགྱུར་རོ། །དོན་དམ་པར་མིག་གིས་གཟུགས་མཐོང་བར་ཁས་མ་བླངས་པའི་ཕྱིར་

เล่ม ๑๐๐ · หน้า 8b

དང་། རྗེས་སུ་དཔག་པ་བརྒྱད་པ་ཇི་སྐད་བསྟན་པའི་ཕྱིར་དེ་གྲུབ་པས་ཞེས་བྱ་བས་ནི་རྟེན་པ་མཚུངས་པའི་མིག་གིས་གཟུགས་མི་མཐོང་བ་དེ་གྲུབ་པས་དེའི་ཕྱིར་ཡང་ཁས་བླངས་པ་ལ་གནོད་པར་མི་འགྱུར་བར་སྟོན་ཏོ། །དེའི་ཕྱིར་དོན་དམ་པར་རྟེན་པ་མཚུངས་པའི་མིག་གིས་གཟུགས་མི་མཐོང་

སྟེ། མིག་གི་དབང་པོ་ཡིན་པའི་ཕྱིར་ན་དེ་དང་མཚུངས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དེ་དང་མཚུངས་པའི་མིག་ནི་མིག་གི་དབང་པོ་ཡིན་པའི་ཕྱིར། གཟུགས་

མི་མཐོང་བ་དེ་བཞིན་དུ་རྟེན་པ་མཚུངས་པའི་མིག་ཀྱང་མིག་གི་དབང་པོ་ཡིན་པའི་ཕྱིར་གཟུགས་མི་མཐོང་ངོ་། །ཡང་ན་དབང་པོ་གཟུགས་ཅན་ཡིན་པའི་ཕྱིར་རྣ་བ་བཞིན་ནོ་ཞེས་བཀག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡང་ན་རྗེས་སུ་དཔག་པ་དང་གཏན་ཚིགས་དང་དཔེ་འདི་ལྟར་ཡང་སྦྱར་ཏེ། དོན་དམ་པར་

རྟེན་པ་མ་ཚངས་པའི་མིག་གིས་གཟུགས་མི་མཐོང་སྟེ། དབང་པོ་གཟུགས་ཅན་ཡིན་པའི་ཕྱིར་དཔེར་ན་རྣ་བ་བཞིན་ནོ། །དེ་ལྟར་རྗེས་སུ་དཔག་པ་དེ་དག་གིས་དོན་དམ་པར་རྟེན་པ་མཚུངས་པའི་མིག་གིས་གཟུགས་མི་མཐོང་བ་བཀག་པའི་ཕྱིར་ཡང་ཁས་བླངས་པ་ལ་གནོད་པར་མི་འགྱུར་རོ། །

འདིར་གལ་ཏེ་གཞན་དག་ན་རེ་འཇིག་རྟེན་ལ་མིག་གིས་གཟུགས་མཐོང་བར་གྲགས་པ་སེལ་བར་བྱེད་པ་ནི་གྲགས་པའི་གནོད་པར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་འབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་གྲགས་པའི་གནོད་པར་ཡང་མི་འགྱུར་ཏེ་ཞེས་བྱ་བ་སྨྲས་སོ། །

ཇི་ལྟར་ཞེ་ན། དེའི་ཕྱིར་དམ་བཅས་པ་ཁྱད་པར་ཅན་ཉེ་བར་བཟུང་བ་ཉིད་ཀྱིས་དེ་མ་སྤངས་པའི་ཕྱིར་དང་། ལན་བཏབ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་མིག་གིས་གཟུགས་མི་མཐོང་ངོ་ཞེས་དམ་བཅས་པ་ཁྱད་པར་ཅན་ཉེ་བར་བཟུང་བ་ཉིད་ཀྱིས་འཇིག་རྟེན་ལ་མིག་གིས་གཟུགས་

མཐོང་བར་གྲགས་པ་དེ་མ་སྤངས་པའི་ཕྱིར་དང་སྔར་སྐྱེ་བ་མེད་པ་བསྟན་པའི་སྐབས་སུ་ཀུན་རྫོབ་ཏུ་སྐྱེ་བ་ཡོད་ན་དོན་དམ་པར་སྐྱེ་བ་མེད་དོ་ཞེས་ལན་བཏབ་པ་ཉིད་ཀྱིས་འདིར་ཡང་ཀུན་རྫོབ་ཏུ་མིག་གིས་གཟུགས་མཐོང་ལ་དོན་དམ་པར་མི་མཐོང་བར་བསྟན་པས་གྲགས་པའི་གནོད་པར་འགྱུར་བའི་

เล่ม ๑๐๐ · หน้า 9a

སྐྱོན་མེད་དོ། །ཁ་ཅིག་དག་ན་རེ་མིག་གིས་མཐོང་བ་ཉིད་དེ། ལྟ་བའི་བྱ་བའི་བྱེད་པ་པོ་ཡིན་པའི་ཕྱིར་རོ་ཞེའོ་ཞེས་བྱ་བ་ནི་འདིར་ཁ་ཆེའི་བྱེ་བྲག་ཏུ་སྨྲ་བ་དག་ན་རེ་དབུ་མ་པས་མིག་གིས་གཟུགས་མི་མཐོང་ངོ་ཞེས་བཤད་པ་དེ་མི་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། མིག་གིས་

གཟུགས་མཐོང་བ་ཉིད་དོ། །ལྟ་བའི་བྱ་བའི་བྱེད་པ་པོ་ཡིན་པའི་ཕྱིར་རོ་ཞེས་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་ཡིན་ཏེ། མིག་ནི་ལྟ་བའི་བྱ་བའི་བྱེད་པ་པོ་ཡིན་པའི་ཕྱིར་གཟུགས་མཐོང་བ་ཉིད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ།

འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཁ་ཅིག་ན་རེ་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁ་ཅིག་ན་རེ་ཞེས་བྱ་བ་འགྲེལ་པ་བྱེད་པ་ཉིད་ན་རེ་ཁ་ཆེ་བ་དག་གིས་སྨྲས་པ་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་ཟེར་བར་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་

པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། ཁ་ཆེ་དག་གི་གཏན་ཚིགས་ལྟ་བའི་བྱ་བའི་བྱེད་པ་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ནི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པས་མ་གྲུབ་པའི་ཕྱིར་ཏེ། མིག་གིས་མཐོང་བ་ཉིད་དེ་ཞེས་དམ་བཅས་པ་དེ་ནི་ལྟ་བའི་བྱ་བ་བྱེད་པའི་དོན་ཡིན་པས་དེ་བསྒྲུབ་པའི་

གཏན་ཚིགས་ལྟ་བའི་བྱ་བའི་བྱེད་པ་པོ་ཡིན་པའི་ཕྱིར་རོ་ཞེས་སྨོས་པ་ནི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་མ་གྲུབ་པོ། །གཞན་ཡང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཡང་རིགས་པ་མ་ཡིན་ཏེ། ཁ་ཆེ་དག་གི་རྗེས་སུ་དཔག་པའི་ཕྱོགས་དེ་ལ་དཔེ་མེད་པའི་ཕྱིར་རོ། །གཞན་ཡང་

དགག་པ་སྨྲས་ཟིན་པའི་ཕྱིར་ཡང་རིགས་པ་མ་ཡིན་ཏེ། རྗེས་སུ་དཔག་པ་སྔར་བསྟན་མ་ཐག་པ་དག་གིས་མིག་གིས་གཟུགས་མི་མཐོང་བ་ཉིད་དུ་དགག་པ་སྨྲས་ཟིན་པའི་ཕྱིར་ཁ་ཆེ་དག་གིས་སྨྲས་པ་དེ་ནི་རིགས་པ་མ་ཡིན་ནོ་ཞེས་འགྲེལ་པ་བྱེད་པ་ཉིད་ཟེར་རོ། །གཞན་དག་ན་རེ་ཁ་ཆེ་དག་གིས་

སྨྲས་པ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་དེ་བ་ཤར་མས་ཁ་ཆེ་དག་གིས་སྨྲས་པའི་ཕྱོགས་དེ་རིགས་པ་མ་ཡིན་པར་སུན་འབྱིན་པའི་ཚིག་ཡིན་ནོ། །ཅིའི་ཕྱིར་རིགས་པ་མ་ཡིན་ཞེ་ན། སྐད་ཅིག་མར་སྨྲ་བ་རྣམས་ལ་ནི་སྐད་ཅིག་མ་ཡིན་པས་བྱ་བ་མི་འཐད་པའི་ཕྱིར་རོ། །

เล่ม ๑๐๐ · หน้า 9b

ཞེས་བྱ་བ་སྨྲས་ཏེ། གང་དག་སྐད་ཅིག་མར་སྨྲ་བ་རྣམས་ཀྱི་ཕྱོགས་ལ་ནི་ཆོས་ཐམས་ཅད་སྐད་ཅིག་མ་ཡིན་པས་དེ་དག་ལ་ནི་ཁ་ཆེ་དག་གི་གཏན་ཚིགས་ལྟ་བའི་བྱ་བའི་བྱེད་པ་པོ་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་དེ་མི་འཐད་པའི་ཕྱིར་ཏེ། མིག་གིས་ལྟ་བའི་བྱ་བ་བྱེད་པ་གང་ཡིན་པ་དེ་གལ་ཏེ་སྐད་

ཅིག་མ་ཉིད་ཡིན་ན་དེའི་ཕྱིར་དེ་སྐྱེས་མ་ཐག་ཁོ་ནར་འཇིག་པས་ལྟ་བའི་བྱ་བ་བྱེད་པ་མི་འཐད་པའི་ཕྱིར་རོ། །གཞན་ཡང་སྐད་ཅིག་མ་མ་ཡིན་པར་སྨྲ་བ་རྣམས་ལ་ཡང་དེ་ཉིད་དེ་ལས་གཞན་པ་ཉིད་དུ་མི་འཐད་པའི་ཕྱིར་ཡང་རིགས་པ་མ་ཡིན་ཏེ། གང་དག་སྐད་ཅིག་མ་མ་ཡིན་པར་སྨྲ་བ་རྣམས་

ཀྱི་ཕྱོགས་ལ་ཡང་ཆོས་ཐམས་ཅད་སྐད་ཅིག་མར་མི་འདོད་པས་དེ་དག་ལ་ཡང་ཁ་ཆེ་དག་གི་གཏན་ཚིགས་ལྟ་བའི་བྱ་བའི་བྱེད་པ་པོ་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་དེ་མི་འཐད་པའི་ཕྱིར་ཏེ། མིག་གིས་ལྟ་བའི་བྱ་བ་བྱེད་པ་གང་ཡིན་པ་དེ་གལ་ཏེ་སྐད་ཅིག་མ་ཉིད་མ་ཡིན་ན་དེའི་ཕྱིར་མིག་སྔ་ན་ལྟ་བའི་བྱ་

བ་བྱེད་པ་མ་ཡིན་པ་དེ་ཉིད་ཕྱིས་དེ་ལས་གཞན་པའི་ལྟ་བའི་བྱ་བ་བྱེད་པ་ཉིད་དུ་འགྱུར་བར་མི་འཐད་པའི་ཕྱིར་ཁ་ཆེ་དག་གིས་སྨྲས་པ་དེ་ནི་རིགས་པ་མ་ཡིན་ནོ་ཞེས་སློབ་དཔོན་དེ་བ་ཤར་མས་རང་གི་དབུ་མ་རྩ་བའི་འགྲེལ་པ་དཀར་པོ་འཆར་བ་ཞེས་བྱ་བ་ལས་བཤད་དོ། །མདོ་སྡེ་པ་དག་ན་རེ་འདུ་

བྱེད་རྣམས་ལ་བྱ་བ་མེད་པའི་ཕྱིར་མིག་གིས་ཀྱང་མ་མཐོང་ལ་གཞན་གྱིས་ཀྱང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། མདོ་སྡེ་ལས་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་གསུངས་པས། ཁྱེད་མིག་གིས་མི་མཐོང་ངོ་ཞེས་ཟེར་བ་ནི་གྲུབ་པ་ཁོ་ན་ལ་སྒྲུབ་པ་ཡིན་ནོ་

ཞེའོ་ཞེས་བྱ་བ་ནི་མདོ་སྡེ་པ་དག་ན་རེ་ལུས་བྱ་བ་འདུ་བྱེད་རྣམས་ལ་བྱ་བ་དང་། གཡོ་བ་དང་སྤྱོད་པ་མེད་པའི་ཕྱིར་མིག་གིས་ཀྱང་གཟུགས་མི་མཐོང་ལ། ནང་གི་སྐྱེས་བུ་ལ་སོགས་པ་བདག་གི་རྫས་གཞན་གྱིས་ཀྱང་གཟུགས་མཐོང་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མདོ་སྡེ་ལས་མིག་དང་

གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་གསུངས་པས་བདག་ཅག་གི་ལུང་དེ་ལས་མིག་དང་གཟུགས་ལ་སོགས་པའི་རྐྱེན་དེ་དག་གིས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་གསུངས་པར་ཟད་ཀྱི། མིག་གིས་གཟུགས་མཐོང་བར་མ་གསུངས་པས། ཁྱེད་དབུ་མ་པ་

เล่ม ๑๐๐ · หน้า 10a

དག་གི་རྗེས་སུ་དཔག་པའི་སྦྱོར་བ་ཇི་སྐད་སྨྲས་པ་དག་གིས་མིག་གིས་གཟུགས་མི་མཐོང་བ་ཉིད་དོ་ཞེས་སྒྲུབ་པ་གང་ཡིན་པ་དེ་ནི་གྲུབ་པ་ཁོ་ན་ལ་སྒྲུབ་པ་ཡིན་པས་མི་རུང་ངོ་ཞེས་བྱ་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། སྐྱེ་

བ་བཀག་པ་ཁོ་ནས་མིག་གི་རྣམ་པར་ཤེས་པ་མི་འཐད་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོས་རྐྱེན་བརྟག་པའི་རབ་ཏུ་བྱེད་པར་དངོས་པོ་རྣམས་བདག་དང་གཞན་དང་གཉིས་དང་། རྒྱུ་མེད་པ་ལས་སྐྱེ་བ་བཀག་པ་ཁོ་ནས་དོན་དམ་པར་མིག་གི་རྣམ་པར་ཤེས་

པ་སྐྱེ་བ་མི་འཐད་པའི་ཕྱིར་དེ་ཁྱེད་ལ་མ་གྲུབ་པས་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ། །གལ་ཏེ་མདོ་སྡེ་པ་དག་འདི་སྐད་ཅེས་མདོ་སྡེ་ལས་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་གསུངས་པ་བཞིན་དུ་ཁྱེད་སྐྱེ་བ་དགག་པ་ཁོ་ནས་མིག་གི་རྣམ་པར་ཤེས་པ་

སྐྱེ་བར་མི་འཐད་དོ་ཞེས་ཟེར་བ་ནི་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་འབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཁས་བླངས་པ་ལ་གནོད་པར་ཡང་མི་འགྱུར་ཏེ། ཐ་སྙད་ཀྱི་བདེན་པ་དང་རྗེས་སུ་མཐུན་པའི་མདོ་སྡེའི་དོན་ཁས་བླངས་

པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། མདོ་སྡེ་ལས་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་གསུངས་པ་ནི་ཐ་སྙད་ཀྱི་བདེན་པར་བཀའ་སྩལ་པ་ཡིན་ལ། ཐ་སྙད་ཀྱི་བདེན་པ་དང་རྗེས་སུ་མཐུན་པའི་མདོ་སྡེའི་དོན་དེ་ཁོ་བོ་ཅག་གིས་ཁས་བླངས་པའི་ཕྱིར་ཁས་

བླངས་པ་ལ་གནོད་པར་ཡང་མི་འགྱུར་རོ། །གལ་ཏེ་མདོ་སྡེའི་དོན་དེ་དོན་དམ་པར་གསུངས་པ་ཡིན་ནོ་ཞེས་ཟེར་བ་དེའི་ལན་དུ། དོན་དམ་པར་མདོ་སྡེའི་དོན་ལ་རིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། མདོ་སྡེའི་དོན་དེ་དོན་དམ་པར་གསུངས་པ་ཡིན་ནོ་ཞེས་བྱ་བ་དེ་ལ་རིགས་པ་དང་

ལུང་མེད་པའི་ཕྱིར་ཏེ། ཁོ་བོས་རྗེས་སུ་དཔག་པ་དག་གིས་དོན་དམ་པར་སྐྱེ་བ་བཀག་པའི་ཕྱིར་དང་། ལུང་ལས་ཀྱང་། གཟུགས་ཀྱི་སྐྱེ་བ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །མིག་དང་གཟུགས་ཀྱི་སྐྱེ་མཆེད་ཀྱི་སྐྱེ་བ་བཀག་པའི་ཕྱིར་

เล่ม ๑๐๐ · หน้า 10b

དང་། མིག་དང་གཟུགས་དག་གི་ལྟ་བ་པོ་དང་ལྟ་བ་ཉིད་བཀག་པའི་ཕྱིར་དེའི་ཁྱད་པར་མི་སྲིད་པས་ཆོག་མོད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པ་སྔ་མ་དེ་ཉིད་ཡང་རྣམ་པ་གཞན་དུ་བཤད་པའི་དོན་འོག་ནས་འབྱུང་བ་དག་གི་མགོ་འདྲེན་པར་བྱེད་དོ། །དེ་ལ་བྱེ་བྲག་པ་དག་མིག་

གིས་གཟུགས་མཐོང་སྟེ། ཡུལ་མ་ཕྲད་པ་འཛིན་པར་བྱེད་དོ་ཞེས་རྟོག་པ་དང་གྲངས་ཅན་དག་མིག་གིས་གཟུགས་མཐོང་སྟེ། ཡུལ་ཕྲད་པ་འཛིན་པར་བྱེད་དོ་ཞེས་རྟོག་པར་བྱེད་པ་དེ་དག་ཀྱང་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མིག་དང་གཟུགས་ཀྱི་སྐྱེ་མཆེད་ཀྱི་སྐྱེ་བ་བཀག་པའི་ཕྱིར་མིག་

གིས་གཟུགས་མ་ཕྲད་པ་ཡང་འཛིན་པར་མི་བྱེད་ལ་ཕྲད་པ་ཡང་འཛིན་པར་མི་བྱེད་པའི་ཕྱིར་དང་། མིག་དང་གཟུགས་དག་གི་ལྟ་བ་པོ་དང་། བལྟ་བར་བྱ་བ་ཉིད་བཀག་པའི་ཕྱིར་མིག་ཀྱང་ལྟ་བ་པོ་ཉིད་མ་ཡིན་ལ་གཟུགས་ཀྱང་བལྟ་བར་བྱ་བ་ཉིད་མ་ཡིན་པས་མིག་གིས་གཟུགས་མ་ཕྲད་པ་ཡང་མི་འཛིན་

ལ་ཕྲད་པ་ཡང་མི་འཛིན་པའི་ཕྱིར་བྱེ་བྲག་པ་དང་གྲངས་ཅན་དག་གིས་བརྟགས་པ་མ་ཕྲད་པ་འཛིན་པ་དང་ཕྲད་པ་འཛིན་པ་ཞེས་བྱ་བ་དེའི་ཁྱད་པར་མི་སྲིད་པས་དེ་དག་ཡང་དགག་པར་བྱ་མི་དགོས་ཏེ། ཆོག་མོད་ཀྱི་འོན་ཀྱང་ཉན་པའི་སྐྱེ་བོའི་བློ་གྲོས་དབྱེ་བར་འདོད་པས་ཕྱོགས་ཙམ་ཞིག་བཤད་པར་

བྱའོ་ཞེས་བྱ་བ་སྨྲས་ཏེ། འོན་ཀྱང་ཀུན་རྫོབ་ཏུ་སྐྱེ་མཆེད་རྣམས་ཀྱི་སྐྱེ་བ་ཁས་བླངས་ནས་ཉན་པའི་སྐྱེ་བོའི་བློ་གྲོས་ཀྱི་ཁ་དབྱེ་ཞིང་བྱེ་བྲག་ཏུ་རྟོགས་པར་བྱ་བར་འདོད་པས་མིག་གིས་གཟུགས་མ་ཕྲད་པ་འཛིན་པ་དང་ཕྲད་པ་འཛིན་པར་འདོད་པ་དག་གི་ཕྱོགས་བསལ་བའི་ཕྱིར་ཡང་འདིར་ཕྱོགས་ཙམ་

ཞིག་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ལྟ་བ་རང་གི་བདག་ཉིད་ན། །དེ་ཡིས་དེ་ནི་མི་མཐོང་ཉིད། །ཅེས་བྱ་བས་སྔ་མ་བཞིན་དུ་རང་གི་བདག་ཉིད་མི་མཐོང་བ་ཉིད་ཕྱོགས་ཀྱི་ཆོས་སུ་བསྟན་ནས་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་དེས་སྔར་དོན་དམ་པར་མིག་གི་དབང་པོས་ནི་

གཟུགས་མི་མཐོང་བ་ཉིད་དེ། རང་གི་བདག་ཉིད་མི་མཐོང་བའི་ཕྱིར་དཔེར་ན་རྣ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བས་རང་གི་བདག་ཉིད་མི་མཐོང་བ་ཉིད་ཕྱོགས་ཀྱི་ཆོས་སུ་བསྟན་པ་དང་། དེ་བཞིན་དུ་དོན་དམ་པར་གཟུགས་མིག་གི་དབང་པོའི་ཡུལ་མ་ཡིན་ཏེ། བསགས་པའི་ཕྱིར་དཔེར་ན་

เล่ม ๑๐๐ · หน้า 11a

མིག་གི་དབང་པོའི་བདག་ཉིད་བཞིན་ནོ་ཞེས་བྱ་བས་བསགས་པ་ཉིད་ཕྱོགས་ཀྱི་ཆོས་སུ་བསྟན་པ་དེ་བཞིན་དུ་འདིར་ཡང་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདིས་རང་གི་བདག་ཉིད་མི་མཐོང་བ་ཉིད་དང་། འབྱུང་བ་ལས་གྱུར་པ་ཉིད་ཕྱོགས་ཀྱི་ཆོས་སུ་བསྟན་ནས་རྗེས་སུ་དཔག་

པ་འོག་མ་དག་བསྒྲུབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གང་ཚེ་བདག་ཉིད་མི་མཐོང་བ། །དེ་ཡིས་གཞན་ནི་ཇི་ལྟར་མཐོང་། །ཞེས་བྱ་བ་འདི་བསྒྲུབ་པར་བྱ་བ་ཆོས་ཉེ་བར་གཞག་པའི་ཕྱིར་ཞེས་བྱ་བ་ཡང་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་དེས་སྔར་དོན་དམ་པར་མིག་གི་དབང་པོས་ནི་གཟུགས་མི་མཐོང་

བ་ཉིད་དེ། རང་གི་བདག་ཉིད་མི་མཐོང་བའི་ཕྱིར་དཔེར་ན་རྣ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བས་གཟུགས་མི་མཐོང་བ་ཉིད་བསྒྲུབ་པར་བྱ་བ་ཆོས་སུ་ཉེ་བར་གཞག་པ་དང་། དེ་བཞིན་དུ་དོན་དམ་པར་གཟུགས་མིག་གི་དབང་པོའི་ཡུལ་མ་ཡིན་ཏེ། བསགས་པའི་ཕྱིར་དཔེར་ན་མིག་གི་དབང་པོའི་བདག་

ཉིད་བཞིན་ནོ་ཞེས་བྱ་བས་མིག་གི་དབང་པོའི་ཡུལ་མ་ཡིན་པར་བསྒྲུབ་པར་བྱ་བ་ཆོས་སུ་ཉེ་བར་གཞག་པ་དེ་བཞིན་དུ་འདིར་ཡང་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་འདིས་ཡུལ་མ་ཕྲད་པ་འཛིན་པ་མ་ཡིན་པ་ཉིད་དང་། མིག་གི་དབང་པོ་ཡུལ་ལ་ཕྲད་པ་འཛིན་པའི་གཟུང་བ་མ་ཡིན་པ་ཉིད་བསྒྲུབ་པར་བྱ་

བ་ཆོས་སུ་ཉེ་བར་གཞག་པའི་ཕྱིར་རྗེས་སུ་དཔག་པ་འོག་མ་དག་བསྒྲུབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གཞན་གྱིས་ཡོངས་སུ་བརྟགས་པའི་རྣམ་པར་རྟོག་པ་གཞན་བསལ་བར་འདོད་པས་སྦྱོར་བའི་ཚིག་དག་བྱའོ་ཞེས་བྱ་བ་ནི་བྱེ་བྲག་པ་དག་གིས་མིག་གིས་གཟུགས་མཐོང་སྟེ། ཡུལ་མ་ཕྲད་པ་

འཛིན་པར་བྱེད་དོ་ཞེས་ཡོངས་སུ་བརྟགས་པ་དང་། གྲངས་ཅན་དག་གིས་མིག་གིས་གཟུགས་མཐོང་སྟེ། ཡུལ་ཕྲད་པ་འཛིན་པར་བྱེད་དོ་ཞེས་ཡོངས་སུ་བརྟགས་པའི་རྣམ་པར་རྟོག་པ་གཞན་བསལ་བར་འདོད་པས་འདི་མན་ཆད་རིམ་བཞིན་དུ་སྦྱོར་བའི་ཚིག་དག་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་གང་

དག་མིག་ནི་མ་ཕྲད་པར་འཛིན་པའོ་ཞེས་ཟེར་བ་དེ་དག་གི་ཕྱིར་མཐོང་བ་ནི་ཤེས་པའི་དོན་ཡིན་པའི་ཕྱིར་དཔེར་ན་རྒྱལ་པོ་དེ་དག་གིས་རྟོག་ཆེན་དག་ལས་ཤེས་པ་བཞིན་ཏེ། རང་གི་བདག་ཉིད་མི་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་བྱེ་བྲག་པ་དག་ན་རེ་མིག་གིས་གཟུགས་མཐོང་སྟེ། ཡུལ་མ་ཕྲད་པ་འཛིན་

เล่ม ๑๐๐ · หน้า 11b

པར་བྱེད་དོ་ཞེས་ཟེར་བ་དེ་དག་གི་ཕྱིར་དབུ་མ་པས་མིག་གིས་ཡུལ་མ་ཕྲད་པ་འཛིན་པར་མི་བྱེད་པར་སྒྲུབ་པའི་ཚིག་ཡིན་ནོ། །དེ་ལ་གང་དག་ཅེས་བྱ་བ་ནི་བྱེ་བྲག་པ་དག་གོ། །མིག་ནི་མ་ཕྲད་པ་འཛིན་པའོ་ཞེས་བྱ་བ་ནི་མིག་གིས་གཟུགས་མཐོང་སྟེ་དེ་ཡང་མིག་གི་དབང་པོ་རང་གི་གནས་ན་

གནས་པ་ཉིད་ཀྱིས་ཡུལ་ཕྱི་རོལ་ན་གནས་པ་ཐག་ཉེ་བའམ་རིང་བ་ཡང་རུང་སྟེ། མ་ཕྲད་པ་ཁོ་ན་འཛིན་པར་བྱེད་དོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེ་དག་གི་ཕྱོགས་དགག་པའི་ཕྱིར་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་མཐོང་བ་ནི་ཤེས་པའི་དོན་ཡིན་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། མཐོང་བ་

ཞེས་བྱ་བའི་སྐད་ཀྱི་བྱིངས་ནི་འཛིན་པའི་དོན་མ་ཡིན་གྱི་ཤེས་པའི་དོན་ཡིན་པའི་ཕྱིར་མིག་གིས་གཟུགས་མ་ཕྲད་པ་འཛིན་པར་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དཔེར་ན་རྒྱལ་པོ་དག་གིས་རྟོག་ཆེན་དག་ལས་ཤེས་པ་བཞིན་ཏེ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་རྒྱལ་པོ་དག་གིས་

རྟོག་ཆེན་པ་དག་དང་། བྱ་མ་རྟ་དང་། ཉན་རྣ་བ་དག་གི་ཚིག་ལས་ཕ་རོལ་གྱི་ཡུལ་འཁོར་གྱི་རྒྱུས་ཤེས་པ་ཞེས་བྱ་བ་དེ་ནི་མཐོང་བའམ་འཛིན་པའི་དོན་མ་ཡིན་གྱི་ཤེས་པའི་དོན་ཡིན་ལ་དེ་ཡང་རྟོག་ཆེན་ལ་སོགས་པ་བརྒྱུད་པ་ལས་ཉེ་བར་གདགས་པ་ཙམ་དུ་ཟད་ཀྱི་དངོས་སུ་ཤེས་པ་ཉིད་མ་ཡིན་པ་དེ་བཞིན་

དུ་མིག་གིས་གཟུགས་མ་ཕྲད་པ་འཛིན་པ་ཞེས་བྱ་བ་དེ་ཡང་མཐོང་བའམ་འཛིན་པའི་དོན་མ་ཡིན་གྱི་ཤེས་པའི་དོན་ཡིན་ལ། དེ་ཡང་རྐྱེན་གཞན་དག་ལ་སོགས་པ་བརྒྱུད་པ་ལས་ཉེ་བར་གདགས་པ་ཙམ་དུ་ཟད་ཀྱི་དངོས་སུ་ཤེས་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་གི་བདག་ཉིད་མི་མཐོང་

བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། མིག་གི་དབང་པོས་རང་གི་བདག་ཉིད་མི་མཐོང་བའི་ཕྱིར་ཡུལ་མ་ཕྲད་པ་གཞན་མི་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་བདག་ཉིད་མི་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེའི་དོན་གང་ཞེ་ན། དེའི་ཕྱིར་གཏན་ཚིགས་ཀྱི་དོན་ནི་རང་གི་བདག་ཉིད་མི་

ཤེས་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། མཐོང་བ་ཞེས་བྱ་བའི་སྐད་ཀྱི་བྱིངས་ནི་ཤེས་པའི་དོན་ཡིན་པའི་ཕྱིར་མིག་གི་དབང་པོས་རང་གི་བདག་ཉིད་མི་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་ནི་རང་གི་བདག་ཉིད་མི་ཤེས་པ་ཡིན་པས་རང་གི་བདག་ཉིད་མི་ཤེས་པ་དེས་ཡུལ་མ་ཕྲད་པ་འཛིན་པར་

เล่ม ๑๐๐ · หน้า 12a

མི་བྱེད་དོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་དོན་དམ་པར་མིག་ནི་ཡུལ་མ་ཕྲད་པ་འཛིན་པ་མ་ཡིན་ཏེ། རང་གི་བདག་ཉིད་མི་མཐོང་བའི་ཕྱིར་དཔེར་ན་སྣ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་།

སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྣ་ལ་སོགས་པ་ནི་རང་གི་བདག་ཉིད་མི་མཐོང་བའི་ཕྱིར་ཡུལ་མ་ཕྲད་པ་འཛིན་པ་མ་ཡིན་པ་དེ་བཞིན་དུ་མིག་ཀྱང་རང་གི་བདག་ཉིད་མི་མཐོང་བའི་ཕྱིར་ཡུལ་མ་ཕྲད་པ་འཛིན་པ་མ་ཡིན་ཏེ། རྗེས་སུ་དཔག་པ་དེས་ནི་

མིག་གི་དབང་པོ་ཡུལ་མ་ཕྲད་པ་འཛིན་པ་མ་ཡིན་པར་བསྟན་ཏོ། །དེ་བཞིན་དུ་དོན་དམ་པར་གཟུགས་ནི་མིག་གི་དབང་པོ་ཡུལ་མ་ཕྲད་པ་འཛིན་པའི་གཟུང་བ་མ་ཡིན་ཏེ་འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་དཔེར་ན་དྲི་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་

བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དྲི་ལ་སོགས་པ་ནི་འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་མིག་གི་དབང་པོ་ཡུལ་མ་ཕྲད་པ་འཛིན་པའི་གཟུང་བ་མ་ཡིན་པ་དེ་བཞིན་དུ་གཟུགས་ཀྱང་འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་མིག་གི་དབང་པོ་ཡུལ་

མ་ཕྲད་པ་འཛིན་པའི་གཟུང་བ་མ་ཡིན་ཏེ། རྗེས་སུ་དཔག་པ་དེས་ནི་གཟུགས་མིག་གི་དབང་པོ་ཡུལ་མ་ཕྲད་པ་འཛིན་པའི་གཟུང་བ་མ་ཡིན་པར་བསྟན་ཏོ། །རང་གི་བདག་ཉིད་མི་མཐོང་བ་དང་འབྱུང་བ་ལས་གྱུར་པ་ནི་མཚན་ཉིད་ཀྱི་སྒྲའི་ཚུལ་ཉེ་བར་བཟུང་བའི་ཕྱིར་ཏེ། གཏན་ཚིགས་ཐོགས་པ་དང་

བཅས་པ་ཉིད་ལ་སོགས་པ་དག་གི་ཕྱིར་རོ་ཞེས་ཀྱང་ཕྱོགས་གཉི་ག་ལ་རྗེས་སུ་དཔག་པ་དག་བརྗོད་པར་བྱ་ཞིང་སྦྱོར་བའི་ཚིག་ཅི་རིགས་པར་རྒྱས་པར་བྱའོ་ཞེས་བྱ་བ་ཡང་། ལྟ་བ་རང་གི་བདག་ཉིད་ན། །དེ་ཡིས་དེ་ནི་མི་མཐོང་ཉིད། །གང་ཚེ་བདག་ཉིད་མི་མཐོང་བ། །དེ་ཡིས་གཞན་ནི་ཇི་ལྟར་

མཐོང་། །ཞེས་བྱ་བས་མིག་གི་དབང་པོ་ཡུལ་མ་ཕྲད་པ་འཛིན་པ་མ་ཡིན་པའི་གཏན་ཚིགས་རང་གི་བདག་ཉིད་མི་མཐོང་བ་ཞེས་བྱ་བ་དང་། གཟུགས་མིག་གི་དབང་པོ་ཡུལ་མ་ཕྲད་པ་འཛིན་པའི་གཟུང་བ་མ་ཡིན་པའི་གཏན་ཚིགས་འབྱུང་བ་ལས་གྱུར་པ་ཞེས་བྱ་བ་ནི་མཚན་ཉིད་ཀྱི་སྒྲའི་ཚུལ་ཉེ་བར་

เล่ม ๑๐๐ · หน้า 12b

གཟུང་བའི་ཕྱིར་མཚོན་པ་ཙམ་དུ་ཟད་ཀྱི་ཕྱོགས་དེ་གཉིས་ཀྱི་གཏན་ཚིགས་ནི་ཐོགས་པ་དང་བཅས་པ་ཉིད་ལ་སོགས་པ་དག་ཀྱང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་ཁྭ་དག་ལས་ཞུན་མར་བསྲུང་བར་བྱའོ་ཞེས་སྨྲས་ན་ཁྱི་དག་ལས་མི་བསྲུང་བར་བྱ་བ་མ་ཡིན་པ་དེ་བཞིན་དུ་འདིར་ཡང་རང་གི་

བདག་ཉིད་མི་མཐོང་བ་ཞེས་བྱ་བ་དང་། འབྱུང་བ་ལས་གྱུར་པ་ཞེས་བྱ་བ་དེ་གཉིས་གཏན་ཚིགས་སུ་སྨོས་པས་ཐོགས་པ་དང་བཅས་པ་ཉིད་ལ་སོགས་པ་དག་གཏན་ཚིགས་སུ་མི་རུང་བ་མ་ཡིན་ནོ། །འདི་སྐད་བསྟན་ཏེ་དོན་དམ་པར་མིག་གི་ནི་ཡུལ་མ་ཕྲད་པ་འཛིན་པ་མ་ཡིན་ཏེ། ཐོགས་

པ་དང་བཅས་པ་ཉིད་ཀྱི་ཕྱིར་རམ། བསགས་པ་ཉིད་ཀྱི་ཕྱིར་རམ། རྒྱུར་བྱས་པའི་གཟུགས་ཉིད་ཀྱི་ཕྱིར་རམ། གཟུགས་ཀྱི་ཕུང་པོར་གཏོགས་པ་ཉིད་ལ་སོགས་པ་དག་གི་ཕྱིར་དཔེར་ན་སྣ་ལ་སོགས་པ་བཞིན་ནོ་ཞེའམ། དེ་བཞིན་དུ་དོན་དམ་པར་གཟུགས་ནི་མིག་གི་དབང་པོ་ཡུལ་མ་ཕྲད་པ་འཛིན་

པའི་གཟུང་བ་མ་ཡིན་ཏེ། ཐོགས་པ་དང་བཅས་པ་ཉིད་ཀྱི་ཕྱིར་རམ། བསགས་པ་ཉིད་ཀྱི་ཕྱིར་རམ། རྒྱུར་བྱས་པའི་གཟུགས་ཉིད་ཀྱི་ཕྱིར་རམ། གཟུགས་ཀྱི་ཕུང་པོར་གཏོགས་པ་ཉིད་ལ་སོགས་པ་དག་གི་ཕྱིར་དཔེར་ན་དྲི་ལ་སོགས་པ་བཞིན་ནོ་ཞེས་ཚད་མ་སྔར་བསྟན་པའི་ཕྱོགས་གཉི་ག་ལ་རྗེས་སུ་

དཔག་པ་དག་བརྗོད་པར་བྱ་ཞིང་སྦྱོར་བའི་ཚིག་དེ་བཞིན་དུ་ཅི་རིགས་པར་རྒྱས་པར་བྱ་བ་ཡིན་ནོ། །ཡང་ན་དོན་དམ་པར་མིག་ནི་ཡུལ་མ་ཕྲད་པ་འཛིན་པར་མི་འདོད་དེ་ད་ལྟར་གྱི་ཡུལ་མངོན་སུམ་པ་ཡིན་པའི་ཕྱིར་དཔེར་ན་སྣ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་མིག་གི་དབང་པོ་ཡུལ་མ་ཕྲད་པ་འཛིན་པ་མ་ཡིན་པའི་

གཏན་ཚིགས་གཞན་བསྟན་པའི་ཚད་མ་རྣམ་པ་གཞན་ཡིན་ནོ། །དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྣ་ལ་སོགས་པ་ནི་ད་ལྟར་གྱི་ཡུལ་མངོན་སུམ་པ་ཡིན་པའི་ཕྱིར་ཡུལ་མ་ཕྲད་པ་འཛིན་པ་ཡིན་

པར་མི་འདོད་པ་དེ་བཞིན་དུ་མིག་ཀྱང་ད་ལྟར་གྱི་ཡུལ་མངོན་སུམ་པ་ཡིན་པའི་ཕྱིར་ཡུལ་མ་ཕྲད་པ་འཛིན་པར་མི་འདོད་དོ། །ཅི་སྟེ་མིག་ནི་ཡུལ་མ་ཕྲད་པ་འཛིན་པ་ཡིན་ཏེ། གཟུགས་བར་དུ་ཆོད་པ་འཛིན་པའི་ཕྱིར་དང་། རྩོལ་བ་ཐ་དད་པ་མེད་པའི་ཕྱིར་དང་། དུས་ཐ་དད་པ་མེད་པར་འཛིན་པའི་ཕྱིར་

เล่ม ๑๐๐ · หน้า 13a

དང་རང་ལས་ལྷག་པའི་ཡུལ་འཛིན་པའི་ཕྱིར་དཔེར་ན་ཡིད་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་བྱེ་བྲག་པ་དག་མིག་གི་དབང་པོ་ཡུལ་མ་ཕྲད་པ་འཛིན་པ་ཡིན་པར་བསྒྲུབ་པའི་ཚད་མ་རྣམ་པ་གསུམ་སྟོན་པ་ཡིན་ཏེ། དེ་ལ་བྱེ་བྲག་པ་དག་འདི་སྐད་ཅེས་མིག་ནི་ཡུལ་མ་ཕྲད་པ་འཛིན་པ་ཡིན་ཏེ།

གཟུགས་བར་དུ་ཆོད་པ་འཛིན་པའི་ཕྱིར་དཔེར་ན་ཡིད་བཞིན་ནོ་ཞེས་ཟེར་བ་ནི་ཚད་མ་གཅིག་སྟེ་དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཡིད་ནི་གཟུགས་བར་དུ་ཆོད་པ་འཛིན་པའི་ཕྱིར་ཡུལ་མ་ཕྲད་པ་འཛིན་པ་ཡིན་

པ་དེ་བཞིན་དུ་མིག་ཀྱང་གཟུགས་ནམ་མཁས་བར་དུ་ཆོད་པ་འཛིན་པའི་ཕྱིར་ཡུལ་མ་ཕྲད་པ་འཛིན་པ་ཡིན་ནོ་ཞེས་ཟེར་རོ། །ཡང་ན་མིག་ནི་ཡུལ་མ་ཕྲད་པ་འཛིན་པ་ཡིན་ཏེ། རྩོལ་བ་ཐ་དད་པ་མེད་པ་དང་། དུས་ཐ་དད་པ་མེད་པར་འཛིན་པའི་ཕྱིར་དཔེར་ན་ཡིད་བཞིན་ནོ་ཞེས་ཟེར་བ་ནི་ཚད་མ་གཉིས་པ་སྟེ། དེ་

དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཡིད་ནི་རྩོལ་བ་ཐ་དད་པ་མེད་པ་དང་། དུས་ཐ་དད་པ་མེད་པར་ཡུལ་འཛིན་པའི་ཕྱིར་ཡུལ་མ་ཕྲད་པ་འཛིན་པ་ཡིན་པ་དེ་བཞིན་དུ་མིག་ཀྱང་རྩོལ་བ་ཐ་དད་པ་མེད་པ་དང་དུས་ཐ་དད་

པ་མེད་པ་དང་དུས་ཐ་དད་པ་མེད་པར་ཡུལ་འཛིན་པའི་ཕྱིར་ཡུལ་མ་ཕྲད་པ་འཛིན་པ་ཡིན་ཏེ། གལ་ཏེ་མིག་དང་ཡིད་དག་ཡུལ་ཕྲད་པ་འཛིན་པ་ཡིན་པར་གྱུར་ན་ཡུལ་ལ་ཕྱོགས་པའི་རྩོལ་བ་ལས་ཡུལ་ཀྱི་གན་དུ་འགྲོ་བའི་རྩོལ་བ་ཐ་དད་པ་ཡང་དམིགས་པར་འགྱུར་ལ། རྩོལ་བ་ཐ་དད་པ་ཡོད་ན་དུས་ཇི་སྲིད་དུ་ཡུལ་གྱི་གན་དུ་

འགྲོ་བའི་དུས་དེ་སྲིད་དུ་མི་འཛིན་ལ། གང་གི་ཚེ་ཡུལ་དང་ཕྲད་པ་དེའི་ཚེ་ན་འཛིན་པའི་དུས་ཐ་དད་པར་དམིགས་པར་འགྱུར་ཏེ། དེ་ལྟ་ན་ཡིད་ལ་བསམས་མ་ཐག་ཏུ་མི་དྲན་ཞིང་མིག་ཕྱེ་མ་ཐག་ཏུ་མི་མཐོང་གི། གང་གི་ཚེ་ཡིད་དང་མིག་གིས་ཡུལ་གྱི་གན་དུ་ཕྱིན་པ་དེའི་ཚེ་ན་གདོད་ཤེས་ཤིང་མཐོང་

བར་འགྱུར་བ་ཞིག་ན་དེ་ལྟ་མ་ཡིན་ཏེ་རྩོལ་བ་ཐ་དད་པ་མེད་པར་འཛིན་པ་དང་། དུས་ཐ་དད་པ་མེད་པར་འཛིན་པའི་ཕྱིར་ཡུལ་མ་ཕྲད་པ་འཛིན་པ་ཡིན་ནོ་ཞེས་ཟེར་རོ། །ཡང་ན་མིག་ནི་ཡུལ་མ་ཕྲད་པ་འཛིན་པ་ཡིན་ཏེ། རང་ལས་ལྷག་པའི་ཡུལ་འཛིན་པའི་ཕྱིར་དཔེར་ན་ཡིད་བཞིན་ནོ་ཞེས་ཟེར་བ་ནི་

เล่ม ๑๐๐ · หน้า 13b

ཚད་མ་གསུམ་པ་སྟེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཡང་ནི་རང་ལས་ལྷག་པའི་ཡུལ་འཛིན་པའི་ཕྱིར་ཡུལ་མ་ཕྲད་པ་འཛིན་པ་ཡིན་པ་དེ་བཞིན་དུ། མིག་ཀྱང་རང་ལས་ལྷག་པའི་ཡུལ་འཛིན་

པའི་ཕྱིར་ཡུལ་མ་ཕྲད་པ་འཛིན་པ་ཡིན་ཏེ། གལ་ཏེ་ཡིད་དང་མིག་དག་ཡུལ་ཕྲད་པ་འཛིན་པ་ཡིན་པར་གྱུར་ན་རང་ལས་ལྷག་པའི་ཡུལ་འཛིན་པར་མི་འགྱུར་ཏེ། དེ་ལྟ་ན་ཡིད་ཀྱི་དབང་པོས་ཀྱང་རང་གི་དེ་མ་ཐག་པའི་སྐད་ཅིག་གཅིག་ལས་ལྷག་པའི་ཡུལ་སྐད་ཅིག་མ་རྒྱུན་དང་དུས་གསུམ་དང་རང་དང་གཞན་གྱི་

ཡུལ་འཛིན་པར་མི་འགྱུར་ལ། མིག་གི་དབང་པོས་ཀྱང་རང་གི་ཚད་ལས་ལྷག་པའི་ཡུལ་རྒྱང་གྲགས་དང་དཔག་ཚད་ལ་སོགས་པའི་ཁྱོན་ཆེན་པོ་དག་འཛིན་པར་མི་འགྱུར་བ་ཞིག་ན་དེ་ལྟ་མ་ཡིན་ཏེ། རང་ལས་ལྷག་པའི་ཡུལ་འཛིན་པའི་ཕྱིར་ཡུལ་མ་ཕྲད་པ་འཛིན་པ་ཡིན་ནོ་ཞེས་ཟེར་རོ། །

དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ཡང་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བྱེ་བྲག་པ་དག་སྨྲས་པའི་ཚད་མ་གསུམ་པོ་དེ་དག་ནི་བཟང་པོ་མ་ཡིན་ཏེ་ཞེས་སུན་འབྱིན་པར་བྱེད་དོ། །དེ་ལ་གཟུགས་བར་དུ་ཆོད་པ་འཛིན་པའི་ཕྱིར་ཞེས་བྱ་བ་དེ་ཇི་ལྟར་

བཟང་པོ་མ་ཡིན་ཞེ་ན། དེའི་ཕྱིར་འདི་ལ་མ་ཕྲད་པ་འཛིན་པ་ནི་གཟུགས་བར་དུ་ཆོད་པ་འཛིན་པའི་དོན་ཡིན་ལ། གཟུགས་བར་དུ་ཆོད་པ་འཛིན་པའི་ཕྱིར་ཞེས་བྱ་བའི་དོན་ཀྱང་དེ་ཉིད་ཡིན་པས། དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། འདི་ལ་ཡུལ་མ་ཕྲད་པ་

འཛིན་པ་ཡིན་ཏེ་ཞེས་དམ་བཅས་པ་དེའི་དོན་ནི་གཟུགས་བར་དུ་ཆོད་པ་འཛིན་པ་ཉིད་ཡིན་ལ། དེ་སྒྲུབ་པའི་གཏན་ཚིགས་སུ་གཟུགས་བར་དུ་ཆོད་པ་འཛིན་པའི་ཕྱིར་ཞེས་སྨོས་པ་ནི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པས་དེ་ནི་བཟང་པོ་མ་ཡིན་ནོ། །རྩོལ་བ་ཐ་དད་པ་

མེད་པ་དང་། དུས་ཐ་དད་པ་མེད་པར་འཛིན་པའི་ཕྱིར་ཞེས་བྱ་བ་དེ་ཇི་ལྟར་བཟང་པོ་མ་ཡིན་ཞེ་ན། དེའི་ཕྱིར་རྩོལ་བ་ཐ་དད་པ་མེད་པ་དང་། དུས་ཐ་དད་པ་མེད་པར་འཛིན་པའི་ཕྱིར་ཞེས་བྱ་བ་ཡང་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་ལུས་དང་དབང་པོ་དང་བློ་ལ་སོགས་པ་ཆོས་ཐམས་ཅད་ནི་

เล่ม ๑๐๐ · หน้า 14a

སྐད་ཅིག་ལས་ལྷག་པར་མི་སྡོད་པས་དེའི་ཕྱིར་སེམས་པ་དང་ལྟ་བར་འདོད་པས་ཇི་སྲིད་དུ་ཡུལ་ལ་འཛིན་པར་མི་བྱེད་པ་དེའི་བར་སྐབས་སུ་ཡང་རྩོལ་བའི་སྐད་ཅིག་མ་དང་འཛིན་པའི་སྐད་ཅིག་མའི་དུས་ཐ་དད་པ་དུ་མ་འགག་པར་འགྱུར་བས་རྩོལ་བ་ཐ་དད་པ་མེད་པ་དང་དུས་ཐ་དད་

པ་མེད་པར་འཛིན་པ་མ་གྲུབ་པའི་ཕྱིར་དེ་ཡང་བཟང་པོ་མ་ཡིན་ནོ། །རང་ལས་ལྷག་པའི་ཡུལ་འཛིན་པའི་ཕྱིར་ཞེས་བྱ་བ་དེ་ཇི་ལྟར་བཟང་པོ་མ་ཡིན་ཞེ་ན། དེ་ནི། ལྟ་བ་རང་གི་བདག་ཉིད་ན། །དེ་ཡིས་དེ་ནི་མི་མཐོང་ཉིད། །གང་ཚེ་བདག་ཉིད་མི་མཐོང་བ། །དེ་ཡིས་གཞན་ནི་ཇི་ལྟར་མཐོང་། །ཞེས་བཤད་

པའི་རིགས་པ་ཉིད་ཀྱིས་རང་གི་བདག་ཉིད་མི་མཐོང་བས། གཞན་མི་མཐོང་བར་བསྒྲུབས་ཟིན་པས་རང་ལས་ལྷག་པའི་ཡུལ་འཛིན་པ་མེད་པའི་ཕྱིར། དེ་ཡང་བཟང་པོ་མ་ཡིན་ནོ། །གཏན་ཚིགས་གྲུབ་ཏུ་ཟིན་ན་ཡང་རྗེས་སུ་འགྲོ་བ་མི་འགྲུབ་སྟེ་ཞེས་བྱ་བ་ནི་བྱེ་བྲག་པ་ལ་སོགས་པ་མཉམ་པར་མ་བཞག་པ་

དག་གིས་སྐད་ཅིག་མའི་རྒྱུན་ཆ་ཕྲ་མོས་དུས་ཐ་དད་པར་རྣམ་པར་གཞག་པ་དག་མི་རྟོག་པས་ཁྱེད་ལ་རྩོལ་བ་ཐ་དད་པ་མེད་པ་དང་དུས་ཐ་དད་པ་མེད་པར་འཛིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་གྲུབ་ཏུ་ཟིན་ན་ཡང་ཁྱེད་ཀྱིས་རྗེས་སུ་དཔག་པའི་ཕྱོགས་དེ་ལ་རྗེས་སུ་འགྲོ་བའི་དཔེ་མི་འགྲུབ་པས་དེའི་ཕྱིར་ཡང་

བཟང་པོ་མ་ཡིན་ནོ། །ཅིའི་ཕྱིར་རྗེས་སུ་འགྲོ་བའི་དཔེ་མི་འགྲུབ་ཅེ་ན། དེའི་ཕྱིར་དོན་དམ་པར་ཡིད་ཀྱང་མ་ཕྲད་པ་འཛིན་པ་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་ཁོ་བོས་དོན་དམ་པར་མིག་ཀྱང་ཡུལ་མ་ཕྲད་པ་འཛིན་པ་མ་ཡིན་ལ། གཟུགས་ཀྱང་མིག་གི་དབང་པོའི་ཡུལ་མ་ཕྲད་པ་འཛིན་

པའི་གཟུང་བ་མ་ཡིན་ནོ་ཞེས་བཀག་པ་དེ་བཞིན་དུ་དོན་དམ་པར་ཡིད་ཀྱང་ཆོས་མ་ཕྲད་པ་འཛིན་པ་ཉིད་དུ་མ་གྲུབ་ལ་ཆོས་ཀྱང་ཡིད་ཀྱི་དབང་པོ་ཡུལ་མ་ཕྲད་པ་འཛིན་པའི་གཟུང་བ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་འདི་སྐད་ཅེས་ཁྱེད་དབུ་མ་པ་ལ་ཡང་ཀུན་རྫོབ་ཏུ་ཡིད་ནི་ཡུལ་མ་ཕྲད་པ་འཛིན་པ་ཉིད་དུ་མ་གྲུབ་

ལ་ངེད་ལ་ཡང་མ་གྲུབ་པས་དེའི་ཕྱིར་ངེད་ཀྱི་དཔེ་མ་གྲུབ་པ་མ་ཡིན་ནོ་ཞེས་ཟེར་ན་ཡང་དེའི་ལན་དུ། ཡང་ན་དོན་འགལ་བ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་དོན་དམ་པར་དཔེ་མ་གྲུབ་པ་མི་འདོད་པས་ཡང་ན་ཀུན་རྫོབ་ཏུ་བསྒྲུབས་ན་ནི་དོན་དམ་པར་མི་འགྲུབ་པས་ཁྱེད་དོན་དམ་པར་སྒྲུབ་པ་དང་དོན་འགལ་བ་ཉིད་ཀྱང་

เล่ม ๑๐๐ · หน้า 14b

ཡིན་པས་དེ་ཡང་བཟང་པོ་མ་ཡིན་ནོ།། །།བམ་པོ་ཉི་ཤུ་དགུ་པ། དེ་ལྟར་རེ་ཞིག་བྱེ་བྲག་པ་དག་གིས་མིག་ནི་ཡུལ་མ་ཕྲད་པ་འཛིན་པའོ་ཞེས་ཡོངས་སུ་བརྟགས་པའི་རྣམ་པར་རྟོག་པ་བསལ་ནས། ད་ནི་གྲངས་ཅན་དག་གིས་མིག་ནི་ཡུལ་ཕྲད་པ་འཛིན་པའོ་ཞེས་ཡོངས་སུ་བརྟགས་པའི་རྣམ་པར་རྟོག་

པ་བསལ་བར་འདོད་པས་གྲངས་ཅན་དག་མིག་ནི་ཡུལ་མ་ཕྲད་པ་འཛིན་པ་མ་ཡིན་ཏེ་ཞེས་བྱ་བ་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་ཟེར་ན་ཞེས་བྱ་བ་སྨྲས་ཏེ། གྲངས་ཅན་དག་ནི་མིག་གཟུགས་ལ་ལྟ་བར་བྱེད་དེ་ཕྲད་པར་འཛིན་ཏོ་ཞེས་བྱ་བར་ཡོངས་སུ་རྟོག་པས་དེའི་ཕྱིར་དེ་དག་ན་རེ་སྔར་དབུ་མ་པས་དོན་དམ་པར་

མིག་ནི་ཡུལ་མ་ཕྲད་པ་འཛིན་པ་མ་ཡིན་ཏེ། རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་ཕྱིར་དཔེར་ན་སྣ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་དོན་དམ་པར་གཟུགས་ནི་མིག་གི་དབང་པོ་ཡུལ་མ་ཕྲད་པ་འཛིན་པའི་གཟུང་བ་མ་ཡིན་ཏེ། འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་དཔེར་ན་དྲི་ལ་སོགས་པ་བཞིན་

ནོ་ཞེས་རྗེས་སུ་དཔག་པ་དག་བྱས་པ་དེ་ནི་ཁོ་བོ་ཅག་གི་ཕྱོགས་ལ་མིག་ནི་ཡུལ་ཕྲད་པ་འཛིན་པ་ཡིན་པར་གྲུབ་པས་སྒྲུབ་པ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་མིག་ཡུལ་མ་ཕྲད་པ་འཛིན་པ་ཉིད་ཀྱི་ཆོས་ཀྱིས་སྟོང་པ་ཉིད་དུ་བསྟན་པས་ཡུལ་ཕྲད་པ་འཛིན་པ་ཡིན་ནོ་

ཞེས་སྒྲུབ་པའི་ཚུལ་གྱིས་མ་བསྟན་པའི་ཕྱིར་གནས་མ་ཡིན་པ་ལ་དབུགས་འབྱིན་ཏོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོས་བྱེ་བྲག་པ་དག་ཡུལ་མ་ཕྲད་པ་འཛིན་པར་འདོད་པའི་ཕྱོགས་མེད་པར་དགག་པའི་ཚུལ་གྱིས་དགག་པར་བསྟན་པས་གྲངས་ཅན་དག་ཡུལ་ཕྲད་པ་འཛིན་པར་འདོད་པའི་

ཕྱོགས་མ་ཡིན་པར་དགག་པས་སྒྲུབ་པའི་ཚུལ་གྱིས་མ་བསྒྲུབས་པའི་ཕྱིར་གྲངས་ཅན་དག་གི་རང་གི་ཕྱོགས་གནས་མ་ཡིན་པ་ལ་ཕྲད་པ་འཛིན་པ་འགྲུབ་ཏུ་རེ་ཞིང་དབུགས་འབྱིན་པར་བྱེད་དོ་ཞེས་བརྗོད་པར་བྱའོ། །དེ་ལྟ་ཡིན་མོད་ཀྱི་ཚིག་ཙམ་གྱིས་དམ་བཅས་པའི་དོན་མི་འགྲུབ་པས་འདིར་ཡང་སྦྱོར་

བའི་ཚིག་དག་བྱ་དགོས་པས་དེའི་ཕྱིར་གཞན་ཡང་མིག་ནི་ཡུལ་ཕྲད་པ་འཛིན་པ་ཡིན་པར་མི་འདོད་དེ་དབང་པོ་ཡིན་པའི་ཕྱིར་དཔེར་ན་ཡིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ།

เล่ม ๑๐๐ · หน้า 15a

དཔེར་ན་ཡིད་ནི་དབང་པོ་ཡིན་པའི་ཕྱིར་ཡུལ་ཕྲད་པ་འཛིན་པ་ཡིན་པར་མི་འདོད་པ་དེ་བཞིན་དུ་མིག་ཀྱང་དབང་པོ་ཡིན་པའི་ཕྱིར་ཡུལ་ཕྲད་པ་འཛིན་པ་ཡིན་པར་མི་འདོད་དོ། །འདིར་གལ་ཏེ་ཕ་རོལ་པོ་དག་ན་རེ་དབུ་མ་པའི་གཏན་ཚིགས་ཀྱི་དོན་དབང་པོ་ཡིན་པའི་ཕྱིར་ཞེས་བྱ་བ་

དེ་ཅི་རེ་ཞིག་དབང་པོ་ཡིན་པའི་ཕྱིར་དཔེར་ན་ཡིད་ཀྱི་དབང་པོ་བཞིན་དུ་ཡུལ་ཕྲད་པ་འཛིན་པ་མ་ཡིན་པར་འགྱུར་རམ། འོན་ཏེ་དབང་པོ་ཡིན་པའི་ཕྱིར་དཔེར་ན་སྣ་ལ་སོགས་པའི་དབང་པོ་བཞིན་དུ་ཡུལ་ཕྲད་པ་འཛིན་པ་ཡིན་པར་འགྱུར་ཏེ། དེས་ན་ཁྱེད་ཀྱི་གཏན་ཚིགས་ཀྱི་དོན་མ་ངེས་པ་ཡིན་པས་མ་

གྲུབ་པོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་འབྱུང་བ་དེའི་ལན་དུ་ནི་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་སྣ་ལ་སོགས་པ་དག་གིས་མ་ངེས་པ་ཉིད་ཀྱང་མ་ཡིན་ཏེ། དེ་དག་ཀྱང་འོག་ནས་དེ་དང་འདྲ་བ་ཁོ་ནར་སྟོན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སྣ་ལ་སོགས་པ་དེ་དག་ཀྱང་སྐྱེ་མཆེད་བརྟག་པའི་རབ་ཏུ་བྱེད་པ་

འདི་ཉིད་ཀྱི་མཇུག་ནས། ལྟ་བས་ཉན་དང་སྣོམ་པ་དང་། །མྱོང་བར་བྱེད་དང་རེག་བྱེད་ཡིད། །ཉན་པ་པོ་དང་ཉན་ལ་སོགས། །རྣམ་པར་བཤད་པར་ཤེས་པར་བྱ། །ཞེས་འབྱུང་བས་མིག་གི་ཡུལ་མ་ཕྲད་པ་ཡང་མི་འཛིན་ལ། ཕྲད་པ་ཡང་མི་འཛིན་པ་དེ་དང་འདྲ་བ་ཁོ་ནར་སྟོན་པའི་ཕྱིར་མ་ངེས་པ་ཉིད་

མ་ཡིན་ནོ། །ཕྲད་པ་འཛིན་པ་ཞེས་བྱ་བའི་དོན་ཀྱང་གང་གིས་ཡིན་ཞེས་བྱ་བ་ནི། དབུ་མ་པས་གྲངས་ཅན་དག་ལ་དྲི་བའི་ཚིག་ཡིན་ནོ། །གལ་ཏེ་གནས་ནས་ཡུལ་གྱི་ཕྱོགས་སུ་སོང་སྟེ་འཛིན་པར་བྱེད་པའོ་ཞེ་ན་ཞེས་བྱ་བ་ནི་གྲངས་ཅན་དག་མིག་ནི་མིག་གི་དབང་པོ་རང་གི་གནས་མིག་གི་འབྲས་

བུའི་ཕྱོགས་ནས་ཡུལ་གཟུགས་ཀྱི་ཕྱོགས་སུ་སོང་སྟེ། གཟུགས་འཛིན་པར་བྱེད་པར་འདོད་པས་གལ་ཏེ་གྲངས་ཅན་དག་དེ་སྐད་ཅེས་ཟེར་ནའོ། །དེ་སྐད་ཅེས་ཟེར་ན་དེ་ཡང་མི་རུང་སྟེ། དེའི་ཕྱིར་དོན་དམ་པར་མིག་གི་འཇུག་པ་ནི་མིག་གི་རྣམ་པར་ཤེས་པའི་རྣམ་གྲངས་ཀྱི་གནས་ནས་ཕྱི་རོལ་

དུ་མི་འགྲོ་སྟེ། འཇུག་པ་ཡིན་པའི་ཕྱིར་དཔེར་ན་སྣ་ལ་སོགས་པའི་དབང་པོའི་འཇུག་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྣ་ལ་སོགས་པའི་དབང་པོའི་འཇུག་པ་ནི་འཇུག་

เล่ม ๑๐๐ · หน้า 15b

པ་ཡིན་པའི་ཕྱིར། སྣ་ལ་སོགས་པའི་རྣམ་པར་ཤེས་པའི་རྣམ་གྲངས་ཀྱི་གནས་ནས་ཕྱི་རོལ་དུ་མི་འགྲོ་བ་དེ་བཞིན་དུ་མིག་གི་འཇུག་པ་ཡང་འཇུག་པ་ཡིན་པའི་ཕྱིར་མིག་གི་རྣམ་པར་ཤེས་པའི་རྣམ་གྲངས་ཀྱི་གནས་ནས་ཕྱི་རོལ་དུ་མི་འགྲོའོ། །གལ་ཏེ་མིག་གི་དབང་པོ་ཡུལ་འཛིན་པར་བྱེད་པའི་

འཇུག་པ་དེ་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་རྣམ་གྲངས་ཀྱི་གནས་མིག་གི་འབྲས་བུའི་ཕྱོགས་ནས་ཕྱི་རོལ་གཟུགས་ཀྱི་ཕྱོགས་སུ་འགྲོ་ཞིང་ཡུལ་འཛིན་པར་བྱེད་པར་འགྱུར་ན་ཇི་སྲིད་དུ་གནས་ནས་ཡུལ་གྱི་ཕྱོགས་སུ་འགྲོ་བ་དེ་སྲིད་དུ། དུས་ཐ་དད་པ་དམིགས་པར་འགྱུར་བའི་སྐྱོན་དུ་འགྱུར་ཏེ།

འདི་ལྟར་ཐག་རིང་པོར་འགྲོ་བ་ནི་ཡུན་རིང་པོ་ནས་ཕྱིན་པར་འགྱུར་ཏེ། ཆོས་དེ་ནི་འགྲོ་བ་དང་ལྡན་པ་ཡིན་པའི་ཕྱིར་རོ། །དེས་ན་ཉི་མ་དང་ཟླ་བ་ལ་སོགས་པ་ཐག་རིང་པོ་ན་འདུག་པ་ལ་ལྟ་བས་ནི་ཡུན་རིང་པོས་མཐོང་བར་འགྱུར་ལ། ཤིང་ལྗོན་པའི་རྩེ་མོ་ལ་སོགས་པའི་ཐག་ཉེ་བ་ན་འདུག་པ་ལ་ལྟ་བས་

ནི་དུས་ཉེ་བས་མཐོང་བར་འགྱུར་བ་ཞིག་ན་དེ་ལྟ་མ་ཡིན་ཏེ། ཉི་ཟླ་དང་ཤིང་ལྗོན་པའི་རྩེ་མོ་དག་མཐོང་བ་ལ་དུས་སྔ་ཕྱི་མེད་པས་དེའི་ཕྱིར་མིག་ནི་ཡུལ་ཕྲད་པ་འཛིན་པ་མ་ཡིན་ནོ། །གལ་ཏེ་ཡུལ་ཕྲད་པ་འཛིན་པ་ཡིན་པར་འགྱུར་ན་ཡུལ་མིག་གི་འབྲས་བུའི་ཁྱོན་ཙམ་ཞིག་མཐོང་ཞིང་དེ་ལས་ལྷག་པ་མི་

མཐོང་བར་ཡང་འགྱུར་རོ། །གལ་ཏེ་མིག་ཡུལ་ཕྲད་པ་འཛིན་ཅིང་གནས་ནས་ཡུལ་གྱི་ཕྱོགས་སུ་འགྲོ་བ་ཡིན་ན་ལྟ་བ་པོ་ལྷས་བྱིན་ལོང་བར་འགྱུར་ཞིང་གདོང་བཀབ་པས་ཀྱང་གཟུགས་མཐོང་བའི་སྐྱོན་དུ་ཡང་འགྱུར་རོ། །དོན་དེ་ཉིད་ཚད་མ་ཀུན་ལས་བཏུས་པ་དང་། དབུ་མའི་ཚིག་ལེའུར་

བྱས་པ་བརྒྱ་པ་དག་ལས་ཀྱང་། མིག་ནི་གནས་ནས་ཕྱི་རོལ་དུ། །ཡུལ་ལ་རྟོག་པའི་མཐུ་མེད་དེ། །ཕྲད་ནས་ཤེས་པ་ཡིན་གྱུར་ན། །བར་ཆད་ཅན་དང་ལྷག་འཛིན་མིན། །ཞེས་བཤད་པ་ཡིན་ཏེ། དེས་ནི་མིག་གི་དབང་པོ་ཡུལ་ཕྲད་པ་འཛིན་པ་མ་ཡིན་པར་བསྟན་པ་ཡིན་ནོ། །དེ་བཞིན་

དུ་དོན་དམ་པར་གཟུགས་ནི་མིག་གི་དབང་པོ་ཡུལ་ཕྲད་པ་འཛིན་པའི་གཟུང་བ་མ་ཡིན་ཏེ་རྒྱུ་ཅན་ཡིན་པའི་ཕྱིར་དཔེར་ན་སྒྲ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་གཟུགས་མིག་གི་དབང་པོ་ཡུལ་ཕྲད་པ་འཛིན་པའི་གཟུང་བ་མ་ཡིན་པར་བསྟན་པ་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་

เล่ม ๑๐๐ · หน้า 16a

བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྒྲ་ལ་སོགས་པ་ནི་རྒྱུ་ཅན་ཡིན་པའི་ཕྱིར་མིག་གི་དབང་པོ་ཡུལ་ཕྲད་པ་འཛིན་པའི་གཟུང་བ་མ་ཡིན་པ་དེ་བཞིན་དུ་གཟུགས་ཀྱང་རྒྱུ་ཅན་ཡིན་པའི་ཕྱིར་མིག་གི་དབང་པོ་ཡུལ་ཕྲད་པ་

འཛིན་པའི་གཟུང་བ་མ་ཡིན་ནོ། །ཅི་ཕྱོགས་གཉི་གར་བསྟན་པའི་རྗེས་སུ་དཔག་པ་བརྒྱད་པ་དག་གིས་ཕྱོགས་གཅིག་གིས་གཅིག་བསལ་བའི་ཕྱིར་གང་ཡང་རུང་བ་ལ་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་ཕ་རོལ་པོ་དག །དབུ་མ་པ་ལ་འདི་སྐད་ཅེས་ཁྱེད་དབུ་མ་པས་བྱེ་བྲག་པ་དག་ཡུལ་མ་ཕྲད་པ་འཛིན་

པར་འདོད་པ་དགག་པའི་རྗེས་སུ་དཔག་པ་དག་གིས་ཡུལ་མ་ཕྲད་པ་འཛིན་པ་ཡང་བསལ་ལ། གྲངས་ཅན་དག་ཡུལ་ཕྲད་པ་འཛིན་པར་འདོད་པ་དགག་པའི་རྗེས་སུ་དཔག་པ་དག་གིས་ཡུལ་ཕྲད་པ་འཛིན་པ་ཡང་བསལ་བས་དེས་ན་ཁྱེད་དབུ་མ་པ་ལ་མིག་ཡུལ་མ་ཕྲད་པ་འཛིན་པ་ཡང་མ་གྲུབ་ལ།

ཡུལ་ཕྲད་པ་འཛིན་པར་ཡང་མ་གྲུབ་པས་དེའི་ཕྱིར་ཁྱེད་ཀྱི་འདོད་པ་མ་གྲུབ་པོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་གཉི་ག་མེད་པའི་ཕྱིར་མི་སྒྲུབ་པར་འདོད་པ་གྲུབ་པོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་བྱེ་བྲག་པ་དག་ཡུལ་མ་ཕྲད་པ་འཛིན་པར་འདོད་པ་དང་།

གྲངས་ཅན་དག་ཡུལ་ཕྲད་པ་འཛིན་པར་འདོད་པའི་ཕྱོགས་གཉི་ག་མེད་པའི་ཕྱིར་ངེད་དབུ་མ་པ་མཐའ་གཉིས་པོ་དེ་དག་མི་སྒྲུབ་པར་འདོད་པའི་འདོད་པ་སྒྲུབ་པོ། །གང་དག་ལ་མིག་གི་འོད་ཟེར་ཡུལ་གྱི་ཕྱོགས་སུ་སོང་སྟེ་ཡུལ་འཛིན་པར་བྱེད་དོ་སྙམ་པའི་བློ་གྲོས་ཡོད་པ་དེ་དག་ལ་ཡང་འདི་སྐད་ཅེས་བརྗོད་པར་

བྱ་སྟེ་ཞེས་བྱ་བ་ནི་དཔྱོད་པ་ཅན་དག་གི་གཞུང་ལས་མིག་གི་དབང་པོ་ནི་འོད་ཟེར་དང་བཅས་པ་ཡིན་པས་མིག་གི་འོད་ཟེར་ཡུལ་གྱི་ཕྱོགས་སུ་སོང་སྟེ་ཡུལ་འཛིན་པར་བྱེད་དོ་ཞེས་འབྱུང་བས་དེས་ན་དེ་དག་ལ་མིག་ནི་ཡུལ་ཕྲད་པ་འཛིན་པར་བྱེད་དོ་སྙམ་པའི་བློ་གྲོས་ཡོད་

པས་དེ་དག་ལ་ཡང་འགྲེལ་པ་བྱེད་པ་ཉིད་ཀྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བར་སྦྱར་ཏེ། ཐ་སྙད་དུ་ཡང་མིག་གི་དབང་པོ་ནི་འོད་ཟེར་དང་བཅས་པ་མ་ཡིན་པར་ཤེས་པར་བྱ་སྟེ། གཟུགས་དམིགས་པའི་བྱེད་རྒྱུ་ཡིན་པའི་ཕྱིར་དཔེར་ན་གཟུགས་བཞིན་ནོ་ཞེས་བྱ་བ་ཡང་ཆོས་ཅན་དང་།

เล่ม ๑๐๐ · หน้า 16b

བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མར་མེའི་སྙིང་པོའི་གཟུགས་ནི་བུམ་པའི་གཟུགས་དམིགས་པའི་མར་མེའི་བྱེད་རྒྱུ་ཡིན་པའི་ཕྱིར་འོད་ཟེར་དང་བཅས་པ་མ་ཡིན་པར་ཤེས་པར་བྱ་བ་དེ་བཞིན་དུ་མིག་གི་དབང་པོ་ཡང་གཟུགས་

དམིགས་པའི་མིག་གི་རྣམ་པར་ཤེས་པའི་བྱེད་རྒྱུ་ཡིན་པའི་ཕྱིར་འོད་ཟེར་དང་བཅས་པ་མ་ཡིན་པར་ཤེས་པར་བྱ་སྟེ། གང་བསྟན་དུ་ཡོད་པའི་གཟུགས་ནི་འོད་ཟེར་དང་བཅས་པ་ཡིན་ཏེ། དཔེར་ན་ཉི་མའི་གཟུགས་ལྟ་བུ་ཡིན་ནོ། །མིག་གི་དབང་པོ་ནི་བསྟན་དུ་མེད་པའི་གཟུགས་ཡིན་པའི་ཕྱིར་འོད་ཟེར་དང་

བཅས་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་མིག་གི་དབང་པོ་ནི་འོད་ཟེར་དང་བཅས་པ་ཁོ་ན་ཡིན་ཏེ། མིག་གི་དབང་པོ་ཡིན་པའི་ཕྱིར་དཔེར་ན་བྱི་བ་ལ་སོགས་པ་མཚན་མོ་རྒྱུ་བའི་མིག་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི། དཔྱོད་པ་ཅན་དག་དབུ་མ་པས་མིག་གི་དབང་པོ་ནི་འོད་ཟེར་དང་བཅས་པ་མ་ཡིན་པར་

ཤེས་པར་བྱ་སྟེ་ཞེས་བཤད་པ་དེ་ལ་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་པར་སྐྱོན་འདོགས་པ་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བྱི་བ་ལ་སོགས་པ་མཚན་མོ་རྒྱུ་བའི་མིག་ནི་མིག་གི་

དབང་པོ་ཡིན་པའི་ཕྱིར་འོད་ཟེར་དང་བཅས་པ་ཁོ་ན་ཡིན་པ་དེ་བཞིན་དུ་མིག་གི་དབང་པོ་ཡང་མིག་གི་དབང་པོ་ཡིན་པའི་ཕྱིར་འོད་ཟེར་དང་བཅས་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཅིའི་

ཕྱིར་དེ་རིགས་པ་མ་ཡིན་ཞེ་ན། མིག་གི་དབང་པོ་ནི་བསྟན་དུ་མེད་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། གང་བསྟན་དུ་ཡོད་པའི་གཟུགས་ནི་འོད་ཟེར་དང་བཅས་པ་ཡིན་ཏེ། དཔེར་ན་ཉི་མའི་གཟུགས་ལྟ་བུ་ཡིན་ནོ། །མིག་གི་དབང་པོ་ནི་བསྟན་དུ་མེད་པའི་གཟུགས་ཡིན་པའི་ཕྱིར་འོད་ཟེར་དང་བཅས་

པ་མ་ཡིན་པས་དཔེ་བསྒྲུབ་པར་བྱ་བ་ཆོས་ཀྱིས་སྟོང་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །གལ་ཏེ་ཕ་རོལ་པོ་ན་རེ་མིག་གི་དབང་པོའི་གནས་མིག་གི་འབྲས་བུ་འོད་ཟེར་དང་བཅས་པ་ཉིད་ཡིན་པས་དཔེ་བསྒྲུབ་པར་བྱ་བ་ཆོས་ཀྱིས་སྟོང་པ་མ་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་འབྱུང་བ་དེའི་ལན་

เล่ม ๑๐๐ · หน้า 17a

དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེའི་གནས་འོད་ཟེར་དང་བཅས་པ་ཉིད་ཡིན་དུ་ཟིན་ན་ཡང་དཔེ་མ་གྲུབ་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། མིག་གི་དབང་པོ་དེའི་གནས་མིག་གི་འབྲས་བུ་འོད་ཟེར་དང་བཅས་པ་ཉིད་ཡིན་དུ་ཟིན་ན་ཡང་བྱི་བ་ལ་སོགས་པའི་མཚན་མོ་རྒྱུ་བའི་མིག་

འོད་ཟེར་དང་བཅས་པ་དེ་དོན་དམ་པར་མ་སྐྱེས་པས་ཁྱེད་ཀྱི་དཔེ་མ་གྲུབ་པའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ། །འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་པའི་ཕྱིར་ཡང་དེ་རིགས་པ་མ་ཡིན་ཏེ། འདི་ལྟར་ཁྱེད་ལ་དཔེ་བསྒྲུབ་པའི་

རྗེས་སུ་དཔག་པ་ཡོད་པ་དེ་བཞིན་དུ་ཁོ་བོ་ལ་ཡང་ཁྱེད་ཀྱི་དཔེ་སུན་འབྱུང་བའི་རྗེས་སུ་དཔག་པ་ཡོད་པའི་ཕྱིར་རོ། །དཔྱད་པ་རྣམ་པར་འཕྲོས་པས་ཆོག་གི་སྐབས་ཉིད་ཀྱི་དབང་དུ་བྱའོ་ཞེས་བྱ་བ་ནི་བྱེ་བྲག་པ་དང་གྲངས་ཅན་དག་ཡུལ་མ་ཕྲད་པ་དང་ཕྲད་པ་འཛིན་པར་ཡོངས་སུ་རྟོག་པའི་རྣམ་པར་རྟོག་པ་

བསལ་བའི་དཔྱད་པ་རྣམ་པར་འཕྲོས་པས་ཆོག་གི་ད་ནི་ལྟ་བ་གཟུགས་ལ་ལྟ་བར་མི་བྱེད་པའི་སྐབས་དེ་ཉིད་ཀྱི་དབང་དུ་བྱས་ཏེ་བཤད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལྟ་བ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཚེ་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བྱ་བ་འདི་ལ་ཁ་

ཅིག་ན་རེ་འདི་ལ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ནི་རང་གི་བདག་ཉིད་ལ་མཐོང་ན་དེ་དང་ལྡན་པས་གཞན་གྱི་བདག་ཉིད་ལ་ཡང་དམིགས་པར་འགྱུར་ཏེ། དཔེར་ན་ཆུ་ལ་རླན་མཐོང་ན་དེ་དང་ལྡན་པས་ས་ལ་ཡང་དམིགས་པ་དང་། མེ་ལ་ཚ་བ་མཐོང་ན་དེ་དང་ལྡན་པས་ཆུ་ལ་ཡང་དམིགས་པ་དང་། སྣ་མའི་

མེ་ཏོག་ལ་དྲི་ཞིམ་པ་ཉིད་མཐོང་ན་དེ་དང་ལྡན་པས་གོས་ལ་ཡང་དམིགས་པ་ལྟ་བུ་ཡིན་ན་དངོས་པོ་གང་རང་གི་བདག་ཉིད་ལ་མི་སྣང་བ་དེ་གཞན་གྱི་བདག་ཉིད་ལ་ཇི་ལྟར་དམིགས་པར་འགྱུར་ཏེ། འདི་ལྟར་སྣ་མའི་མེ་ཏོག་ལ་དྲི་ང་བ་ཉིད་མ་མཐོང་ན་གོས་ལ་ཡང་དམིགས་པར་མི་འགྱུར་བ་ལྟ་བུའོ། །

དེའི་ཕྱིར་གལ་ཏེ་ལྟ་བ་རང་གི་བདག་ཉིད་ལ་ལྟ་བར་བྱེད་ན་ནི་དེས་ན་གཟུགས་ལ་ལྟ་བར་བྱེད་པས་ལྟ་བ་ཞེས་བྱ་བ་དེ་འཐད་པར་འགྱུར་བ་ཞིག་ན་ལྟ་བ་ནི་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་དོ། །ད་གང་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་དེ་གཞན་དག་ལ་ཇི་ལྟར་ལྟ་བར་བྱེད་དེ། །དེ་བས་ན་གཟུགས་ལ་ལྟ་བར་བྱེད་པས་ལྟ་བ་

เล่ม ๑๐๐ · หน้า 17b

ཞེས་བྱ་བ་དེ་མི་འཐད་དོ། །སློབ་དཔོན་འཕགས་པ་ལྷས་ཀྱང་། དངོས་པོ་ཀུན་གྱི་རང་བཞིན་ནི། །ཐོག་མར་བདག་ལ་སྣང་འགྱུར་ན། །མིག་ཉིད་ལ་ཡང་མིག་ཉིད་ནི། །ཅི་ཡི་ཕྱིར་ན་འཛིན་མི་འགྱུར། །ཞེས་གསུངས་སོ་ཞེས་ཟེར་རོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་གནས་བརྟན་བུད་དྷ་པཱ་ལི་ཏ་ནི་ཚིག་ལེའུར་བྱས་པ་དེའི་དོན་འདི་སྐད་

དུ་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལ་འདིར་རང་གི་སྡེ་པ་དག་ན་རེ་ལྟ་བ་གཟུགས་དམིགས་པ་དེ་གལ་ཏེ་ཇི་ལྟར་མིག་ལ་མེད་པ་དེ་བཞིན་དུ་གཟུགས་ལ་ཡང་མེད་དོ་ཞེ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། དེ་ལྟར་ཡང་། དེ་ནི་མིག་དང་གཟུགས་ལ་མེད། །དེ་གཉིས་བར་ནའང་ཡོད་

མ་ཡིན། །གང་དུ་དེ་ནི་གནས་གྱུར་པ། །དེ་ཡོད་མ་ཡིན་དེ་མེད་མིན། །ཞེས་གསུངས་པའི་ཕྱིར་རོ་ཞེའོ་ཞེས་བྱ་བ་ནི་རང་གི་སྡེ་པ་གཞན་དག་གིས་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་སུན་འབྱིན་པར་བྱེད་པ་ཡིན་ཏེ། འདི་ལ་མིག་གཟུགས་ལ་ལྟ་བར་བྱེད་པས་ལྟ་བའོ་ཞེས་བྱ་བ་

ཇི་ལྟར་ཤེས་ཤེ་ན། ལྟ་བ་གཟུགས་དམིགས་པ་ཞེས་བྱ་བ་གཟུགས་ཀྱི་རྣམ་པའི་མིག་གི་རྣམ་པར་ཤེས་པའི་སྐྱེས་པས་མིག་གཟུགས་ལ་ལྟ་བར་བྱེད་དོ་ཞེས་བྱ་བར་ཤེས་པ་ཡིན་ན་ལྟ་བ་གཟུགས་དམིགས་པ་ཞེས་བྱ་བ་གཟུགས་ཀྱི་རྣམ་པའི་མིག་གི་རྣམ་པར་ཤེས་པ་དེ་ནི་ཇི་ལྟར་མིག་ལ་མེད་པ་

དེ་བཞིན་དུ་གཟུགས་ལ་ཡང་མེད་པས་མིག་གཟུགས་ལ་ལྟ་བར་མི་བྱེད་པར་རང་གི་སྡེ་པ་དག་གི་གཞུང་ལས་ཡང་གྲུབ་པ་ཡིན་ན་དེ་ལ་གལ་ཏེ་གནས་བརྟན་བུད་དྷ་པཱ་ལི་ཏ་ལྟ་བ་གཟུགས་ལ་དམིགས་པ་ཞེས་བྱ་བ་གཟུགས་ཀྱི་རྣམ་པའི་མིག་གི་རྣམ་པར་ཤེས་པ་དེ་ཇི་ལྟར་མིག་ལ་མེད་པ་དེ་བཞིན་དུ་

གཟུགས་ལ་ཡང་མེད་པས། མིག་གཟུགས་ལ་ལྟ་བར་མི་བྱེད་དོ་ཞེས་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། དེ་ལྟར་ཡང་རང་གི་སྡེ་པ་སྤྱིའི་གྲུབ་པའི་མཐའ་ལས། དེ་ནི་མིག་དང་གཟུགས་ལ་མེད། །དེ་གཉིས་བར་ནའང་ཡོད་མ་ཡིན། །གང་དུ་དེ་ནི་གནས་གྱུར་པ། །དེ་ཡོད་མ་ཡིན་དེ་མེད་

མིན། །ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་སུན་འབྱིན་པར་བྱེད་པ་ཡིན་ཏེ། ཁ་ཅིག་ཅེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཡིན་ནོ། །ཅི་སྟེ་རང་གི་བདག་ཉིད་ལ་ལྟ་བར་བྱེད་

เล่ม ๑๐๐ · หน้า 18a

པའི་ནུས་པ་མེད་དོ་ཞེ་ན་ནི་ཞེས་བྱ་བ་ནི་ཅི་སྟེ་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་མིག་རང་གི་བདག་ཉིད་ལ་ལྟ་བར་བྱེད་པའི་ནུས་པ་མེད་པས་གཟུགས་ལ་ལྟ་བར་མི་བྱེད་དོ་ཞེས་བྱ་བར་སྒྲུབ་ན་ནིའོ། །དེ་ལྟ་ན་སྣ་མའི་མེ་ཏོག་དེའི་དཔེར་མི་རུང་སྟེ་ཞེས་བྱ་བ་ནི་ལྟ་

བ་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་ཆོས་མི་མཐུན་པའི་དཔེ་སྣ་མའི་མེ་ཏོག་ལ་དྲི་ཞིམ་པ་ཉིད་མཐོང་ན་དེ་དང་ལྡན་པས་གོས་ལ་ཡང་དམིགས་པ་ལྟ་བུ་ཡིན་ན་ཞེས་སྨོས་པ་དེ་མི་རུང་ངོ་། །ཅིའི་ཕྱིར་མི་རུང་ཞེ་ན། སྣ་མའི་མེ་ཏོག་དག་ལ་ཚོགས་པའི་དབང་གིས་དྲི་ཞིམ་པ་ཉིད་དག་འབྱུང་བའི་

ཕྱིར་མེ་ཏོག་དང་ཕྲད་པས་འབྲུ་མར་དྲི་ཞིམ་པ་ཉིད་དུ་འགྱུར་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། སྣ་མའི་མེ་ཏོག་དག་ལ་རང་གི་བདག་ཉིད་ཀྱིས་དྲི་ཞིམ་པ་ཡོད་པ་མ་ཡིན་གྱི་ས་བོན་དང་ས་ལ་སོགས་པ་ཚོགས་པའི་དབང་གིས་དྲི་ཞིམ་པ་ཉིད་དག་གློ་བུར་དུ་འབྱུང་ཞིང་དེ་དང་ཕྲད་པས་གོས་ལ་སོགས་པ་

གཟུགས་གཞན་དག་ལ་ཡང་དྲི་ཞིམ་པ་ཉིད་དམིགས་པར་འགྱུར་ཏེ། དཔེར་ན་འབྲུ་མར་དག་ལ་རང་གི་བདག་ཉིད་ཀྱིས་དྲི་ཞིམ་པ་ཉིད་ཡོད་པ་མ་ཡིན་གྱི་མེ་ཏོག་དྲི་ཞིམ་པོ་དང་ཕྲད་པའི་དབང་གིས་འབྲུ་མར་དྲི་ཞིམ་པ་ཉིད་དུ་འགྱུར་བ་བཞིན་ཏེ། དེ་བས་ན་ལྟ་བ་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་

ཆོས་མི་མཐུན་པའི་དཔེར་སྣ་མའི་མེ་ཏོག་དག་མི་རུང་བས་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་ནོ། །གཟུགས་ལ་ལྟ་བར་བྱེད་པའི་བྱ་བ་ཡང་སུས་ཀྱང་ཁས་མ་བླངས་པས་དེ་འགོག་པ་ཡང་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་ནི་གནས་བརྟན་བུད་དྷ་པཱ་ལི་ཏས་ལྟ་བ་རང་གི་

བདག་ཉིད་ལ་ལྟ་བར་མི་བྱེད་པས་གཞན་དག་ལ་ཡང་ལྟ་བར་མི་བྱེད་དོ་ཞེས་འགོག་པར་བྱེད་པ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་འགའ་ཞིག་གིས་མིག་ལ་རང་གི་བདག་ཉིད་ལ་ལྟ་བར་བྱེད་པའི་ནུས་པ་ཡོད་ཅིང་དེ་དང་ལྡན་པས་གཟུགས་ལ་ལྟ་བར་བྱེད་པའི་བྱ་བ་ཡོད་པར་ཁས་བླངས་ན་ནི་དེ་འགོག་

པ་ཡང་འཐད་གྲང་ན། སུས་ཀྱང་དེ་སྐད་ཁས་མ་བླངས་བཞིན་དུ་དེ་འགོག་པར་བྱེད་པ་ཡང་མི་འཐད་པའི་ཕྱིར་རོ། །ཅི་སྟེ་བདག་ཉིད་ལ་འཛིན་པར་མི་བྱེད་པ་བཞིན་དུ་གཞན་དག་ལ་ཡང་འཛིན་པར་མི་བྱེད་པར་སྒྲུབ་ན་ནི་དེ་ལྟ་ན་ཡང་དཔེས་མི་ནུས་ཏེ། མེ་དང་སྣ་མའི་མེ་ཏོག་དག་རང་དང་གཞན་གྱི་

เล่ม ๑๐๐ · หน้า 18b

བདག་ཉིད་ལ་འཛིན་པར་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་སྟེ་གནས་བརྟན་བུད་དྷ་པཱ་ལི་ཏ་མིག་བདག་ཉིད་ལ་འཛིན་པར་མི་བྱེད་པ་བཞིན་དུ་གཟུགས་གཞན་དག་ལ་ཡང་འཛིན་པར་མི་བྱེད་པར་སྒྲུབ་ན་ནི་དེ་ལྟ་ན་ཡང་དེའི་ཆོས་མི་མཐུན་པའི་ཆོས་མེ་ལ་ཚ་བ་མཐོང་ན་དེ་དང་ལྡན་པས་ཆུ་ལ་ཡང་དམིགས་པ་

དང་། སྣ་མའི་མེ་ཏོག་ལ་དྲི་ཞིམ་པ་ཉིད་མཐོང་ན་དེ་དང་ལྡན་པས་གོས་ལ་ཡང་དམིགས་པ་ལྟ་བུ་ཡིན་ན་ཞེས་སྨོས་པ་དེས་མི་ནུས་ཏེ། དོན་དམ་པར་མེ་ནི་རང་ལ་སྲེག་པར་མི་བྱེད་ཅིང་གཞན་ཡང་སྲེག་པར་མི་བྱེད་ལ། སྣ་མའི་མེ་ཏོག་ཀྱང་རང་ལ་ཡང་དྲི་ཞིམ་པ་ཉིད་དུ་མི་བྱེད་ལ་གཞན་ཡང་དྲི་

ཞིམ་པ་ཉིད་དུ་མི་བྱེད་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ནི་རིགས་པ་མ་ཡིན་ནོ་ཞེའོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ན་རེ་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར་མིག་ལྟ་བར་མ་གྲུབ་པས་སྐྱེ་བ་ཡང་མ་གྲུབ་འགྲོ་བ་ཡང་མ་གྲུབ་སྟེ། དཔེ་

མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེའི་ཕྱིར་དེ་ལྟར་རིགས་པས་དཔྱད་ན་མིག་ལྟ་བར་མ་གྲུབ་པས་སྔར་ཕྱོགས་སྔ་མ་ཉེ་བར་གཞག་པའི་སྐབས་སུ་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་སྐྱེ་བ་ཁོ་ནར་གཟུང་བར་བྱ་སྟེ། ཡུལ་སོ་སོར་ངེས་པའི་ཕྱིར་རོ། །འདི་

ན་གང་སྐྱེ་བ་མེད་པ་དེ་ལ་ནི་ཡུལ་སོ་སོར་ངེས་པ་མེད་དེ། དཔེར་ན་མོ་གཤམ་གྱི་བུའི་སྐྱེ་མཆེད་རྣམས་ལ་ཡུལ་སོ་སོར་ངེས་པ་མེད་པ་བཞིན་ནོ་ཞེས་སྨོས་པའི་སྐྱེ་བ་དེ་ཡང་མ་གྲུབ་ལ། འགྲོ་བ་ཡོད་པ་ཉིད་དུ་ཤེས་པར་བྱ་སྟེ། བྱ་བའི་འབྲས་བུ་ཡིན་པའི་ཕྱིར་གཟུགས་ལ་ལྟ་བ་ལ་

སོགས་པ་བཞིན་ནོ་ཞེས་སྨོས་པའི་འགྲོ་བ་དེ་ཡང་མ་གྲུབ་སྟེ། ཅིའི་ཕྱིར་ཞེ་ན། སྔར་ཕྱོགས་སྔ་མ་ཉེ་བར་གཞག་པའི་སྐབས་སུ་ནང་གི་སྐྱེ་མཆེད་རྣམས་ལ་ནི་ཡུལ་སོ་སོར་ངེས་པ་འདི་ལྟ་བུ་ཡོད་དེ། འདི་ལྟ་སྟེ་ལྟ་བ་དང་ཉན་པ་དང་སྣོམ་པ་དང་མྱོང་བར་བྱེད་པ་དང་རེག་པར་བྱེད་པ་དང་། ཡིད་

རྣམས་ཀྱི་ཡུལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་ཡིན་པར་གོ་རིམས་བཞིན་ནོ་ཞེས་སྨོས་པའི་དཔེ་དེ་དག་མེད་པའི་ཕྱིར་རོ། །ཡང་ན་གཏན་ཚིགས་འགལ་བ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་ནི། ཅི་སྟེ་ཕ་རོལ་པོ་དག་ཀུན་རྫོབ་ཏུ་ལྟ་བ་གཟུགས་ལ་ལྟ་བར་བྱེད་པར་སྒྲུབ་ན་ནི་དེ་དག་དོན་

เล่ม ๑๐๐ · หน้า 19a

དམ་པར་སྒྲུབ་པ་དང་གཏན་ཚིགས་འགལ་བ་ཉིད་ཡིན་པས་དེ་ཡང་མི་རུང་ངོ་། །འདིར་སྨྲས་པ། ཁྱོད་སྒྲུབ་པའི་དོན་སྒྲོ་བཏགས་ནས་མིག་གཟུགས་ལ་ལྟ་བར་མི་བྱེད་དེ། རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་ཕྱིར་རོ་ཞེས་ཟེར་བས་ནི་འདི་སྐད་ཅེས་གལ་ཏེ་དེ་ལ་རང་གི་བདག་ཉིད་

ལ་ནུས་པ་མེད་ན་དེ་ལ་གཞན་གྱི་བདག་ཉིད་ལ་ཡང་དེ་མེད་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་སྐྱེ་བར་སྨྲ་བ་དག་དབུ་མ་པས། ལྟ་བ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཚེ་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བཤད་པའི་གཏན་ཚིགས་ཀྱི་དོན་དེ་མ་ངེས་

པ་ཉིད་དུ་སྒྲུབ་པའི་ཚིག་ཡིན་ནོ། །འདི་སྐད་བསྟན་ཏེ་དབུ་མ་པ་ཁྱོད་རང་གི་སྒྲུབ་པའི་དོན་ཡང་དག་པ་མ་ཡིན་པ་སྒྲོ་བཏགས་ནས་མིག་གཟུགས་ལ་ལྟ་བར་མི་བྱེད་དེ། རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་ཕྱིར་རོ་ཞེས་ཟེར་བས་ནི་དོན་དུ་ན་འདི་སྐད་ཅེས་གལ་ཏེ་མིག་དེ་ལ་རང་གི་བདག་ཉིད་ལ་འཛིན་

པར་བྱེད་པའི་ནུས་པ་མེད་ན་མིག་དེ་ལ་གཞན་གྱི་བདག་ཉིད་ལ་ཡང་འཛིན་པར་བྱེད་པའི་ནུས་པ་མེད་པར་བསྟན་པ་ཡིན་ནོ། །དེ་ལྟ་ན་ཅི་ཉེས་ཤེ་ན། དེའི་ཕྱིར་དེ་ལྟ་ན་ཡང་མ་ངེས་པ་ཉིད་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། དེ་ལྟ་ན་ཁྱོད་ཀྱིས་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་ཆགས་པ་ཡིན་ནོ། །ཅིའི་ཕྱིར་

ཞེ་ན། མེ་ལ་རང་གི་བདག་ཉིད་ལ་སྲེག་པར་བྱེད་པའི་ནུས་པ་ཉིད་མེད་དུ་ཟིན་ཀྱང་། གཞན་གྱི་བདག་ཉིད་ལ་སྲེག་པར་བྱེད་པའི་ནུས་པ་ཉིད་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཅི་རེ་ཞིག་མིག་ལ་རང་གི་བདག་ཉིད་ལ་འཛིན་པར་བྱེད་པའི་ནུས་པ་མེད་པས་གཞན་དག་ལ་འཛིན་པར་མི་བྱེད་པ་

ལྟ་བུར་འགྱུར་རམ་འོན་ཏེ་མེ་ལ་རང་གི་བདག་ཉིད་ལ་སྲེག་པར་བྱེད་པའི་ནུས་པ་ཉིད་མེད་དུ་ཟིན་ཀྱང་གཞན་གྱི་བདག་ཉིད་ལ་སྲེག་པར་བྱེད་པའི་ནུས་པ་ཉིད་ཡོད་པ་ལྟ་བུར་འགྱུར་བ་མ་ངེས་པའི་ཕྱིར་རོ། །དེས་ན་མེ་བཞིན་དུ་ལྟ་བ་ལ་སོགས་པ་འགྲུབ་སྟེ། དཔེར་ན་མེ་ནི་སྲེག་པར་བྱེད་པ་ཡིན་ཡང་

གཞན་དག་སྲེག་པར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་སྲེག་པར་བྱེད་པ་ཉིད་མ་ཡིན་ནོ། །དེ་བཞིན་དུ་ལྟ་བ་ཡང་ལྟ་བར་བྱེད་པ་ཡིན་ཡང་གཞན་དག་ལ་ལྟ་བར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་ལ་ལྟ་བར་བྱེད་པ་ནི་མ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་

เล่ม ๑๐๐ · หน้า 19b

བཤད་པ། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །མིག་ནི་ལྟ་བའི་ངོ་བོ་ཉིད། །ཡིན་ནོ་ཞེས་བྱ་བའི་དོན་དེ་རབ་ཏུ་བསྒྲུབ་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་བརྗོད་པས་ཏེ་ཞེས་བྱ་བ་ནི་སྐྱེ་བར་སྨྲ་བ་དག་གིས་མིག་ནི་ལྟ་བའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་

དོན་དེ་རབ་ཏུ་བསྒྲུབ་པའི་ཕྱིར་མེ་ལ་རང་གི་བདག་ཉིད་སྲེག་པར་བྱེད་པའི་ནུས་པ་ཉིད་མེད་དུ་ཟིན་ཀྱང་། གཞན་གྱི་བདག་ཉིད་སྲེག་པར་བྱེད་པའི་ནུས་པ་ཉིད་ཡོད་པའི་ཕྱིར་རོ་ཞེས་མེའི་དཔེས་དབུ་མ་པའི་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་བརྗོད་པ་གང་ཡིན་པ་དེས་ནི་ལྟ་བ་རབ་ཏུ་བསྒྲུབ་པར་ནུས་

པ་མ་ཡིན་ཏེ། དཔེ་དེས་མི་ཆོག་པ་དང་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། དོན་དམ་པར་མེ་ནི་སྲེག་པར་བྱེད་པ་ཉིད་དུ་མ་གྲུབ་པའི་ཕྱིར་དང་། ཐ་སྙད་དུ་ཡང་ལྟ་བའི་ངོ་བོ་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ངེད་དབུ་མ་པའི་ཕྱོགས་ལ་དོན་

དམ་པར་མེ་ནི་སྲེག་པར་བྱེད་པ་ཉིད་དུ་མ་གྲུབ་པའི་ཕྱིར་ཁྱེད་ན་རེ་མེ་ལ་རང་གི་བདག་ཉིད་སྲེག་པར་བྱེད་པའི་ནུས་པ་ཉིད་མེད་དུ་ཟིན་ཀྱང་གཞན་གྱི་བདག་ཉིད་སྲེག་པར་བྱེད་པའི་ནུས་པ་ཉིད་ཡོད་པའི་ཕྱིར་རོ་ཞེས་ཟེར་བའི་དཔེ་དེ་མ་གྲུབ་པའི་ཕྱིར་དང་ཐ་སྙད་དུ་ཡང་མིག་རང་གི་བདག་ཉིད་ལ་ལྟ་བའི་ངོ་བོ་ཉིད་

དུ་མ་གྲུབ་པས་གཞན་གྱི་བདག་ཉིད་ལ་ལྟ་བའི་ངོ་བོ་ཉིད་དུ་ཡང་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ། །ཡང་ན། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །གཏན་ཚིགས་ཀྱི་སྐྱོན་བརྗོད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ཡང་ན། ལྟ་བ་རབ་ཏུ་བསྒྲུབ་པའི་

ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །ཞེས་བྱ་བ་ནི་འདི་ལ་ཁ་ཅིག་ལྟ་བ་གཟུགས་ལ་ལྟ་བར་བྱེད་གཏན་ཚིགས་སུ་མེ་ནི་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པའི་ཕྱིར་རོ་ཞེས་ཟེར་བ་དེའི་སྐྱོན་དབུ་མ་པས་བརྗོད་པའི་ཕྱིར་ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར་མེའི་དཔེས་ནུས་པ་མ་ཡིན་ནོ། །

ཅིའི་ཕྱིར་ཞེ་ན། མེའི་ངོ་བོ་ཉིད་རང་དང་གཞན་གྱི་བདག་ཉིད་སྣང་བར་བྱེད་པ་དེ་ནི་གཞན་གྱི་ཕྱོགས་ལ་ཡང་མེད་པའི་ཕྱིར་དང་། ཐ་སྙད་དུ་ཡང་སྲེག་པར་བྱེད་པའི་ངོ་བོ་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། མེའི་ངོ་བོ་ཉིད་རང་དང་གཞན་གྱི་བདག་ཉིད་སྣང་བར་

เล่ม ๑๐๐ · หน้า 20a

བྱེད་པ་དེ་ནི་ཁོ་བོ་ཅག་གི་ཕྱོགས་དང་གཞན་གྱི་ཕྱོགས་ལ་ཡང་མེད་དེ། དེ་ལ་མུན་པ་མེད་པའི་ཕྱིར་དང་། ཐ་སྙད་དུ་ཡང་མེ་རང་གི་བདག་ཉིད་སྲེག་པར་བྱེད་པའི་ངོ་བོ་ཉིད་དུ་མ་གྲུབ་པས་གཞན་གྱི་བདག་ཉིད་སྲེག་པར་བྱེད་པའི་ངོ་བོ་ཉིད་དུ་ཡང་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་

མདོ་མཛད་པས་དགོངས་སོ། །དེས་ན་མེ་དེ་ཅི་སྟེ་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པ་ཡིན་ན། །དེ་རང་དང་གཞན་གྱི་བདག་ཉིད་དག་སྲེག་པར་འགྱུར་བའི་ཡང་རིགས་ན་དེ་ལྟ་མ་ཡིན་ནོ། །འོན་ཀྱང་གཞན་དག་སྲེག་པར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་སྲེག་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན།

དེ་ལྟ་ན་ཡང་མེས་ཇི་ལྟར་གཞན་དག་སྲེག་པར་བྱེད་ཀྱི་རང་གི་བདག་ཉིད་སྲེག་པར་མི་བྱེད་པ་དེ་བཞིན་དུ་ལྟ་བ་ཡང་གཞན་དག་ལ་ལྟ་བར་བྱེད་ཀྱི་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་དོ་ཞེས་བྱ་བ་དེ་ཇི་ལྟར་རུང་སྟེ། མེ་ཇི་ལྟར་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པ་དེ་བཞིན་དུ། ལྟ་

བ་ཡང་གལ་ཏེ་ལྟ་བ་ཡིན་ན་རང་དང་གཞན་གྱི་བདག་ཉིད་དག་ལ་ལྟ་བར་བྱེད་དོ་ཞེས་བྱ་བ་དེ་ལྟ་བུར་ཡང་འགྱུར་བ་ཞིག་ན་མི་འགྱུར་བ་དེའི་ཕྱིར་ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར་མེའི་དཔེས་ནུས་པ་མ་ཡིན་ནོ། །ཀུན་རྫོབ་ཏུ་ཡང་མེའི་ངོ་བོ་ཉིད་ནི་ཚ་བ་ཉིད་ཡིན་གྱི་སྲེག་པར་བྱེད་པ་ཉིད་ནི་མ་ཡིན་པས་

དེའི་ཕྱིར་སྲེག་པ་ཞེས་བྱ་བ་ཡང་མེས་བྱས་པའི་བུད་ཤིང་འགྱུར་བ་ཡིན་པས་དེའི་ཕྱིར་མེའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྲེག་པ་ཞེས་བྱ་བ་ནི་མེའི་མཐུས་བུད་ཤིང་གཞན་དུ་འགྱུར་བ་ཡིན་གྱི་མེའི་ངོ་བོ་ཉིད་ནི་མ་ཡིན་པས་ཁྱོད་སོང་ལ་མེ་ལ་རང་གི་བདག་ཉིད་སྲེག་པར་བྱེད་པའི་ནུས་པ་ཉིད་མེད་

དུ་ཟིན་ཀྱང་གཞན་གྱི་བདག་ཉིད་སྲེག་པར་བྱེད་པའི་ནུས་པ་ཉིད་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་དཔེ་དེས་ལྟ་བ་རབ་ཏུ་བསྒྲུབ་པར་མི་ནུས་སོ། །གཞན་ཡང་། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །ཞེས་བྱ་བ་ནི་སོང་བ་དང་མ་སོང་བ་དང་བསྒོམ་པ་དང་བརྟག་པ་དག་

གིས་མེའི་དཔེ་དེ་ལྟ་བ་དང་བཅས་པའི་ལན་བཏབ་ཟིན་པའི་ཕྱིར་ནུས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར། སོང་དང་མ་སོང་བསྒོམ་པ་ཡིས། །དེ་ནི་ལྟར་བཅས་ལན་བཏབ་བོ། །ལྟར་བཅས་ཞེས་བྱ་བ་ནི་ལྟ་བ་དང་བཅས་པའོ། །གང་ཞེ་ན་མེའི་དཔེ་དེའོ། །ཅི་ཞིག་བྱས་ཤེ་ན་ལན་བཏབ་

เล่ม ๑๐๐ · หน้า 20b

པོ། །གང་གི་ཞེ་ན་སོང་བ་དང་མ་སོང་བ་དང་བསྒོམ་པ་དག་གིས་ཏེ། ཇི་ལྟར་སྔར་དོན་དམ་པར་སོང་བ་དང་མ་སོང་བ་དང་བསྒོམ་པ་དག་ལ་འགྲོ་བ་མེད་དེ། སོང་ཟིན་པའི་ཕྱིར་དང་མ་སོང་བའི་ཕྱིར་དང་སོང་བ་དང་མ་སོང་བ་མ་གཏོགས་པར་བསྒོམ་པ་ཤེས་པར་མི་འགྱུར་བའི་ཕྱིར་རོ་ཞེས་བཤད་པ་དེ་

བཞིན་དུ་དོན་དམ་པར་མེས་ཀྱང་བུད་ཤིང་བསྲེགས་པ་དང་། བསྲེག་བཞིན་པ་དག་སྲེག་པར་མི་བྱེད་དེ། བསྲེགས་པའི་ཕྱིར་དང་། མ་བསྲེགས་པའི་ཕྱིར་དང་། བསྲེགས་པ་དང་མ་བསྲེགས་པ་མ་གཏོགས་པར་བསྲེག་པ་ཤེས་པར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་དང་། དེ་བཞིན་དུ་དོན་

དམ་པར་མིག་ཀྱང་གཟུགས་བལྟས་པ་དང་མ་བལྟས་པ་དང་ལྟ་བ་དག་ལ་ལྟ་བར་མི་བྱེད་དེ། བལྟས་པའི་ཕྱིར་དང་མ་བལྟས་པའི་ཕྱིར་དང་བལྟས་པ་དང་མ་བལྟས་པ་མ་གཏོགས་པར་ལྟ་བ་ཤེས་པར་མི་འགྱུར་བའི་ཕྱིར་རོ་ཞེས་གོ་རིམས་བཞིན་དུ་སྦྱོར་བའི་ཚིག་དག་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ།

དེ་ལྟར་མེ་ཡང་སྲེག་པར་མི་བྱེད་ལ་ལྟ་བ་ཡང་ལྟ་བར་མི་བྱེད་ན་ཅི་ཞིག་གང་གི་དཔེར་འགྱུར་ཏེ། དེའི་ཕྱིར་ཡང་ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར་མེའི་དཔེས་ནུས་པ་མ་ཡིན་ནོ། །འདི་ལ་གཞན་དག་ནི་ཕ་རོལ་པོས་མེ་བཞིན་དུ་ལྟ་བ་ལ་སོགས་པ་འགྲུབ་སྟེ། དཔེར་ན་མེ་ནི་སྲེག་པར་བྱེད་པ་ཡིན་ཡང་གཞན་དག་

སྲེག་པར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་སྲེག་པར་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ལྟ་བ་ཡང་ལྟ་བར་བྱེད་པ་ཡིན་ཡང་གཞན་དག་ལ་ལྟ་བར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་ལ་ལྟ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་སྨྲས་པའི་ལན་དུ། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་

ཡིན། །སོང་དང་མ་སོང་བསྒོམ་པ་ཡིས། །དེ་ནི་ལྟར་བཅས་ལན་བཏབ་པོ། །དེ་ཡང་གཞན་སྲེག་པར་མི་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་གསུམ་པ་འདི་ལ་འགྲེལ་པ་བྱེད་པ་གནས་བརྟན་བུད་དྷ་པཱ་ལི་ཏ་ནི་འདི་སྐད་ཅེས་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བར་སྦྱར་རོ། །

དེ་ཡང་སྔར། ལྟ་བ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཚེ་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བཤད་པ་དེ་ལ་ཕ་རོལ་པོ་ལྟ་བའི་ངོ་བོ་ཉིད་སྨྲ་བ་དག་གིས་མེ་བཞིན་དུ་ལྟ་བ་ལ་སོགས་པ་འགྲུབ་སྟེ། དཔེར་ན་མེ་ནི་སྲེག་པར་བྱེད་པ་ཡིན་ཡང་གཞན་

เล่ม ๑๐๐ · หน้า 21a

དག་སྲེག་པར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་སྲེག་པར་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ལྟ་བ་ཡང་ལྟ་བར་བྱེད་པ་ཡིན་ཡང་གཞན་དག་ལ་ལྟ་བར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་ལ་ལྟ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་མེའི་དཔེས་གཏན་ཚིགས་མ་ངེས་པ་

ཉིད་ཀྱི་སྐྱོན་སྨྲས་པ་དེ་བསལ་བའི་ལན་དུ་གནས་བརྟན་བུད་དྷ་པཱ་ལི་ཏས་ཚིག་ལེའུར་བྱས་པ་གསུམ་པ་འདི་བཤད་དེ་ལྟ་བ་དེ་ཡང་གཞན་ལ་ལྟ་བར་མི་བྱེད་ལ་མེ་དེ་ཡང་གཞན་སྲེག་པར་མི་བྱེད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་མེད་དོ་ཞེས་ཟེར་བ་ཡིན་ནོ། །གཞན་དག་ན་རེ་དེ་ནི་

རིགས་པ་མ་ཡིན་ཏེ། དཔེ་ཙམ་གྱིས་ཕྱོགས་སྔ་མ་ཤིན་ཏུ་སྙིང་པོ་མ་ཡིན་པས་དེ་འགོག་པ་རིགས་པ་མ་ཡིན་པའི་ཕྱིར་རོ་ཞེའོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་པར་སུན་འབྱིན་པའི་ཚིག་ཡིན་ནོ། །ཅིའི་ཕྱིར་དེ་རིགས་པ་

མ་ཡིན་ཞེ་ན། ཕ་རོལ་པོ་ལྟ་བའི་ངོ་བོ་ཉིད་དག་གིས་མེ་བཞིན་དུ་ལྟ་བ་ལ་སོགས་པ་འགྲུབ་སྟེ། དཔེར་ན་མེ་ནི་སྲེག་པར་བྱེད་པ་ཡིན་ཡང་གཞན་དག་སྲེག་པར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་སྲེག་པར་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ལྟ་བ་ཡང་ལྟ་བར་བྱེད་པ་ཡིན་ཡང་གཞན་

དག་ལ་ལྟ་བར་བྱེད་པ་ཉིད་ཡིན་གྱི། རང་གི་བདག་ཉིད་ལ་ལྟ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་སྨྲས་པའི་ཕྱོགས་སྔ་མ་དེ་ནི་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་སྦྱོར་བ་མེད་དེ། དཔེ་ཙམ་ཞིག་བརྗོད་པར་ཟད་པའི་ཕྱིར་ཤིན་ཏུ་སྙིང་པོ་མ་ཡིན་པས་དེ་ལ་ཡན་ལག་མ་ཚང་བ་ཉིད་ཙམ་གྱི་སྐྱོན་བརྗོད་པས་

ཆོག་ན་གནས་བརྟན་བུད་དྷ་པཱ་ལི་ཏས་འདི་སྐད་ཅེས་ཁྱོད་ཀྱིས་ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར་མེའི་དཔེ་བྱས་པ་གང་ཡིན་པ་དེས་ནི་ལྟ་བ་རབ་ཏུ་བསྒྲུབ་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། འདི་ལ་བུད་ཤིང་སྲེག་གོ་ཞེས་བྱ་མོད་ཀྱི་བུད་ཤིང་ལས་མེ་གུད་ན་མེད་པའི་ཕྱིར་ཏེ། དེ་བས་ན་མེ་ནི་རང་གི་བདག་

ཉིད་སྲེག་པར་བྱེད་པ་ཉིད་ཡིན་གྱི་གཞན་དག་སྲེག་པར་བྱེད་པ་ནི་མ་ཡིན་ནོ། །ཅི་སྟེ་གཞན་པ་ཉིད་མ་ཡིན་དུ་ཟིན་ཀྱང་བུད་ཤིང་ནི་བསྲེག་པར་བྱ་བའོ། །མེ་ནི་སྲེག་པར་བྱེད་པའོ་ཞེས་རྟོག་ན་ཁོ་བོས་ཀྱང་བུད་ཤིང་ནི་སྲེག་པར་བྱེད་པའོ། །མེ་ནི་བསྲེག་པར་བྱ་བའོ་ཞེས་སྨྲ་ལ་རག་གོ །ཡང་

เล่ม ๑๐๐ · หน้า 21b

ན་ཁྱད་པར་གྱི་གཏན་ཚིགས་བསྟན་པ་བརྗོད་དགོས་སོ། །སློབ་དཔོན་འཕགས་པ་ལྷས་ཀྱང་། མེས་ནི་ཚ་བ་ཉིད་སྲེག་སྟེ། །ཚ་བ་མ་ཡིན་ཇི་ལྟར་སྲེག །དེས་ན་བུད་ཤིང་ཞེས་བྱ་མེད། །དེ་མ་གཏོགས་པར་མེ་ཡང་མེད། །ཅེས་གསུངས་སོ། །དེ་ལྟ་བས་ན་མེའི་དཔེས་ནུས་པ་མ་ཡིན་

ནོ་ཞེས་ཕྱོགས་སྔ་མ་དེས་འགོག་པ་རིགས་པ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་གིས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ཉིད་རང་གི་རིགས་པས་ལྟ་བ་མ་གྲུབ་ནས་འདིར་བརྡ་སྤྲོད་པ་པའི་ཐམ་ལག་གི་རྗེས་སུ་ཞུགས་ཏེ་མིག་ལྟ་བའི་བྱ་བ་ཡོད་པར་སྒྲུབ་པ་ཡིན་ནོ། །

མིག་ལ་ལྟ་བའི་བྱ་བ་ཡོད་པ་ཁོ་ན་ཡིན་ཏེ། སྒྲའི་བསྟན་བཅོས་ལས་དེ་ལྟར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །འདི་ན་སྒྲའི་བསྟན་བཅོས་ལས་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་ལྟ་བར་བྱེད་པས་ལྟ་

བ་ཞེས་བྱ་སྟེ། དེར་གང་ཇི་སྐད་བསྟན་པ་དེ་ནི་དེ་བཞིན་ཏེ་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ཏེ། འདི་ན་བརྡ་སྤྲོད་པའི་བསྟན་བཅོས་ལས་བྱེད་པ་པོ་གང་ཡིན་པ་ལ་བྱ་བ་བྱེད་པའི་ཚིག་གི་རྐྱེན་ལྷས་བྱིན་ལས་བྱེད་པས་བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་དང་། མིག་གཟུགས་ལ་ལྟ་བར་བྱེད་པས་

ལྟ་བ་པོ་ཡིན་ནོ་ཞེས་བརྗོད་པ། དེས་ན་མིག་གིས་གཟུགས་ལ་ལྟ་བར་བྱེད་པས་ལྟ་བ་ཞེས་བྱ་སྟེ། སྒྲའི་བསྟན་བཅོས་དེས་གང་ཇི་སྐད་བསྟན་པ་དེ་ནི་དེ་བཞིན་ཏེ། གཞན་དུ་གྱུར་པ་མ་ཡིན་པས་དེའི་ཕྱིར་ལྟ་བ་པོ་མིག་ལ་ལྟ་བའི་བྱ་བ་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དཔེར་ན་བྱེད་པ་པོ་

ལ་བྱ་བའི་རྐྱེན་བརྗོད་ནས་ཐུགས་སུ་ཆུད་པར་མཛད་པ་འམ་ཐུགས་སུ་ཆུད་པར་གྱུར་པས་སངས་རྒྱས་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་ཆོས་མཐུན་པའི་དཔེ་ཡིན་ཏེ། དཔེར་ན་སངས་རྒྱས་པ་དག་གི་གཞུང་ལས་བྱེད་པ་པོ་གང་ཡིན་པ་ལ་བྱ་བ་བྱེད་པའི་ཚིག་གམ་རྐྱེན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་

ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པར་མཛད་པའམ། ཐུགས་སུ་ཆུད་པར་གྱུར་པས་སངས་རྒྱས་ཞེས་བརྗོད་པ་དེས་ན་སངས་རྒྱས་ནི་པདྨ་རང་གིས་རང་ཉིད་ཁ་འབྱེད་པར་བྱེད་པས་པདྨ་ལ་ཁ་འབྱེད་པའི་བྱ་བ་ཡོད་པ་བཞིན་དུ་ཉིད་ཀྱིས་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པར་མཛད་པས་སངས་རྒྱས་

เล่ม ๑๐๐ · หน้า 22a

བཅོམ་ལྡན་འདས་ཤེས་བྱ་ཐུགས་སུ་ཆུད་པར་མཛད་པའི་བྱ་བ་མངའ་བ་དེ་བཞིན་དུ་མིག་ཀྱང་གཟུགས་ལ་ལྟ་བར་བྱེད་པས་མིག་ལ་ཡང་ལྟ་བའི་བྱ་བ་ཡོད་པ་ཁོ་ན་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ་བསྒྲུབ་པ་དེ་ཐ་སྙད་ཀྱི་བདེན་

པའི་ཁོངས་སུ་ནི་ཡོད་མོད་ཀྱི་དོན་དམ་པར་ནི་མེད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བརྡ་སྤྲོད་པ་པའི་ཐམ་ལག་གི་རྗེས་སུ་ཞུགས་ནས། མིག་ལ་ལྟ་བའི་བྱ་བ་ཡོད་པར་སྒྲུབ་པ་དེ་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་པས་དོན་དམ་པར་མེད་དོ། །ཇི་ལྟར་ཞེ་

ན། འདི་ཉིད་དུ་མིག་ལྟ་བ་བཀག་པའི་ཕྱིར་དང་། དེའི་སྐྱེ་བ་བཀག་པའི་ཕྱིར་ལྟ་བ་དང་བྲལ་བ་ཡིན་པས། གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །གང་གི་ཚེ་གཏན་པའམ་ཁྲིའུ་འམ་ཅུང་ཟད་ལ་ཡང་ལྟ་བར་མི་བྱེད་པ་དེའི་ཚེ་ལྟ་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྐྱེ་

མཆེད་བརྟག་པའི་རབ་ཏུ་བྱེད་པ་འདི་ཉིད་དུ་མིག་ལྟ་བ་བཀག་པའི་ཕྱིར་དང་། རྐྱེན་བརྟག་པ་དང་། འགྲོ་བ་བརྟག་པའི་རབ་ཏུ་བྱེད་པའི་སྐབས་སུ་ལྟ་བ་དེའི་སྐྱེ་བ་བཀག་པའི་ཕྱིར་མིག་ནི་ལྟ་བའི་བྱ་བ་དང་བྲལ་བ་ཡིན་པས་དེ་ལྟར་གང་གི་ཚེ་མིག་ལྟ་བའི་བྱ་བ་དང་བྲལ་བ་ཡུལ་གཏན་པ་འམ་ཁྲིའུ་

ལ་སོགས་པ་ཅུང་ཟད་ལ་ཡང་ལྟ་བར་མི་བྱེད་པ་དེའི་ཚེ་ལྟ་བར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར། ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་རིགས་པར་འགྱུར། །ལྟ་བས་ལྟ་བར་བྱེད་ཅེས་བྱ་བ་དེ་ཇི་ལྟར་རིགས་པར་འགྱུར་ཏེ། དེ་ནི་མི་རིགས་པ་ཁོ་ནའོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་

བས་ནི་ལྟ་བས་ལྟ་བར་བྱེད་དོ་ཞེས་བྱ་བའི་སྒྲུབ་པ་དེ་ཐ་སྙད་ཀྱི་བདེན་པའི་ཁོངས་སུ་ནི་ཡོད་མོད་ཀྱི་དོན་དམ་པར་ནི་མེད་དོ་ཞེས་བསྟན་ཏོ། །དེའི་ཕྱིར། ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ཞེས་བྱ་བ་ནི། གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་

རིགས་པར་འགྱུར། །ཞེས་ཇི་སྐད་བཤད་པའི་རིགས་པ་དེའི་ཕྱིར་ལྟ་བས་ལྟ་བར་བྱེད་པ་ཉིད་མ་ཡིན་ནོ། །ཅི་སྟེ་ལེགས་པར་མ་ཟིན་པའི་གདོན་གྱིས་བརླམས་པས་ལྟ་བ་མ་ཡིན་པས་ལྟ་བར་བྱེད་པ་ཉིད་དོ་ཞེ་ན། དེའི་ཕྱིར། ལྟ་བ་མིན་པ་མི་ལྟ་ཉིད། །ལྟ་བའི་ནུས་པས་སྟོང་པའི་ཕྱིར། །བོང་

เล่ม ๑๐๐ · หน้า 22b

བ་ལ་སོགས་པ་བཞིན་ནོ། །ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ལྟ་བ་མ་ཡིན་པ་ནི་བོང་བ་ལ་སོགས་པ་བཞིན་དུ་ལྟ་བའི་ནུས་པས་སྟོང་པའི་ཕྱིར་དེར་ཡང་ལྟ་བར་མི་བྱེད་པ་ཉིད་དེ། དེ་ནི་དམ་བཅས་པའི་ཚིག་ཡིན་ནོ། །དེས་ན་དོན་དམ་པར་སྒྲའི་བསྟན་བཅོས་ལས་ལྟ་བའི་སྒྲ་དང་

སངས་རྒྱས་ཀྱི་སྒྲ་བསྟན་པ་མི་རུང་བ་ཁོ་ན་སྟེ། དཔེ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་ལྟ་བ་ཡང་ལྟ་བར་བྱེད་པ་ཉིད་མ་ཡིན་ལ། ལྟ་བ་མ་ཡིན་པ་ཡང་ལྟ་བར་བྱེད་པ་ཉིད་མ་ཡིན་པའི་རིགས་པ་དེས་ན་ཕྱོགས་སྔ་མ་སྨྲ་བ་དག་གིས་མིག་ལྟ་བའི་

བྱ་བ་ཡོད་པ་ཁོ་ན་ཡིན་ཏེ། སྒྲའི་བསྟན་བཅོས་ལས་དེ་ལྟར་བསྟན་པའི་ཕྱིར་རོ། །འདི་ན་སྒྲའི་བསྟན་བཅོས་ལས་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་མཐོང་བར་བྱེད་པས་ལྟ་བ་ཞེས་བྱ་སྟེ། དེར་གང་ཇི་སྐད་བསྟན་པ་དེ་ནི་དེ་བཞིན་ཏེ། དཔེར་ན་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་ཐུགས་སུ་

ཆུད་པར་མཛད་པ་འམ། ཐུགས་སུ་ཆུད་པར་གྱུར་པས་སངས་རྒྱས་ཞེས་བྱ་བ་བཞིན་ནོ་ཞེས་སྒྲའི་བསྟན་བཅོས་ཀྱི་ཐམ་ལག་བསྟན་པ་དེ་ནི་མི་རུང་བ་ཁོ་ན་སྟེ། དོན་དམ་པར་སངས་རྒྱས་ཞེས་བྱ་བའི་དཔེ་མེད་པའི་ཕྱིར་རོ། །དཔེ་མེད་པའི་ཕྱིར་རོ་ཞེས་བཤད་པ་དེ་མཛད་པའི་མཐའ་དང་མི་འགལ་

ལམ་ཞེ་ན། དེའི་ཕྱིར་མཛད་པའི་མཐའ་དང་ཡང་མི་འགལ་ཏེ་དོན་དམ་པར་བཅོམ་ལྡན་འདས་ཀྱང་ངོ་བོ་ཉིད་མེད་པའི་ཕྱིར་དང་། དེ་བཞིན་གཤེགས་པ་བརྟག་པའི་རབ་ཏུ་བྱེད་པ་ལས་འོག་ནས་ཀྱང་། དེ་བཞིན་གཤེགས་པའི་རང་བཞིན་གང་། །དེ་ནི་འགྲོ་འདིས་རང་བཞིན་ནོ། །དེ་བཞིན་

གཤེགས་པ་རང་བཞིན་མེད། །འགྲོ་བ་འདི་ཡང་རང་བཞིན་མེད། །ཅེས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །ཡང་ན་གཞན་དུ་བརྟག་སྟེ་ཞེས་བྱ་བ་ལ་སོགས་པས་ནི། གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །ལྟ་བས་མཐོང་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་རིགས་

པར་འགྱུར། །ཞེས་བྱ་བའི་ཚིག་ལེའུར་བྱས་པ་དེའི་དོན་གཞན་དུ་བརྟག་པ་སྟོན་ཏོ། །འདི་ལ་དེ་ལྟ་བ་ཡིན་པ་ལ་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་ལྟ་བར་བྱེད་པས་ལྟ་བ་ཞེས་བྱ་བའམ། ལྟ་བ་མ་ཡིན་པ་ལ་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་ལྟ་བར་བྱེད་པས་ལྟ་བ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ།

เล่ม ๑๐๐ · หน้า 23a

མིག་དེ་ལྟ་བའི་ངོ་བོ་ཉིད་ཡིན་པ་ལ་སྒྲའི་བསྟན་བཅོས་ལས། བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་བྱེད་པ་པོ་ཉིད་དུ་གྲུབ་པའི་ཕྱིར་ལྟ་བར་བྱེད་པས་ལྟ་བ་ཞེས་བྱ་བའམ། འོན་ཏེ་མིག་དེ་ལྟ་བའི་ངོ་བོ་ཉིད་མ་ཡིན་པ་ལ་སྒྲའི་བསྟན་བཅོས་ལས་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་

བྱེད་པ་པོ་ཉིད་དུ་གྲུབ་པའི་ཕྱིར་ལྟ་བར་བྱེད་པས་ལྟ་བ་ཞེས་གལ་གཉིས་སུ་བརྟག་པ་ཡིན་ནོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི་ཕ་རོལ་པོ་ན་རེ་དེས་སྐྱོན་ཅིར་འགྱུར་ཞེས་འདྲི་བ་ཡིན་ནོ། །གལ་ཏེ་དེ་ལྟ་བ་ཡིན་པ་ལ་བྱ་བ་ནི་ཞེས་བྱ་བ་ནི་གལ་ཏེ་བརྟག་པ་སྔ་མ་ལྟར་འདོད་ནའོ། །དེས་ཅིར་འགྱུར་ཞེ་ན།

གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལྟ་བ་ཉིད་ལྟ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་མིག་དེ་ཅུང་ཟད་ལ་ཡང་མི་ལྟ་བ་དེའི་ཚེ་ན་དེ་ལྟ་བར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ལྟ་བུ་ཡིན་ཞེ་ན། གང་གི་ཚེ་ལྟ་བ་ཉིད་ན་ལྟ་བར་བྱེད་པ་ཡིན་ནོ། །དེས་ཅིར་འགྱུར་ཞེ་

ན། དེས་ན་མིག་ལྟ་བའི་བྱ་བ་སྐྱེས་པས་ལྟ་བར་བྱེད་དེ་ཞེས་བྱ་བ་སྨྲས་ཏེ། དེས་ན་མིག་ལ་ལྟ་བའི་བྱ་བ་ཡོད་ཅིང་ལྟ་བའི་ངོ་བོ་ཉིད་ཡིན་པས་ལྟ་བར་འགྱུར་རོ། །དེ་ལྟ་ན་སྐྱོན་ཅི་ཡོད་ཅེ་ན། དེ་ལྟ་ན་གཏན་ཚིགས་དང་དཔེའི་སྐྱོན་དེ་ཉིད་ཡོད་དོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟ་ན་སྔར་མིག་ལ་ལྟ་བའི་བྱ་

བ་ཡོད་པ་ཁོ་ན་ཡིན་ཏེ། སྒྲའི་བསྟན་བཅོས་ལས་དེ་ལྟར་བསྟན་པའི་ཕྱིར་རོ་ཞེས་ཕྱོགས་སྔ་མ་ཉེ་བར་གཞག་པའི་གཏན་ཚིགས་དང་དཔེའི་སྐྱོན་དོན་དམ་པར་སྒྲའི་བསྟན་བཅོས་ལས། ལྟ་བའི་སྒྲ་དང་སངས་རྒྱས་ཀྱི་སྒྲ་བསྟན་པ་མི་རུང་བ་ཁོ་ན་སྟེ། དཔེ་མེད་པའི་ཕྱིར་རོ་ཞེས་ཇི་སྐད་བསྟན་པ་དེ་

ཉིད་ཡོད་པས་མི་རུང་ངོ་། །གལ་ཏེ་དེ་ལྟ་བའི་བྱ་བའི་བྱེད་པ་པོ་ཡིན་པའི་ཕྱིར་ལྟ་བ་ཉིད་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་ན་རེ་མིག་གི་དབང་པོ་མ་གཏོགས་པར་ལྟ་བའི་བྱ་བ་གཞན་མེད་པས་དེས་ན་མིག་དེ་ལྟ་བའི་བྱ་བ་བྱེད་པ་པོ་ཡིན་པའི་ཕྱིར་མིག་ཉིད་ལྟ་བ་ཉིད་ཡིན་ནོ་ཞེས་ཟེར་ནའོ། །དེ་

སྐད་ཅེས་ཟེར་བ་དེའི་ལན་དུ་དེའི་ཚེ་དེ་ལྟ་བ་ཡིན་ན་ལྟ་བའི་བྱ་བ་དོན་མེད་པ་ཉིད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེའི་ཚེ་མིག་དེ་ལྟ་བ་ཡིན་ན་དེ་ལ་ལྟ་བའི་བྱ་བ་གཉིས་པ་སྐྱེ་བ་དོན་མེད་པ་ཉིད་དོ། །དེའི་ཕྱིར། ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་རིགས་པར་འགྱུར། །མི་རིགས་པ་

เล่ม ๑๐๐ · หน้า 23b

ཁོ་ན་ཡིན་ཏེ། ལྟ་བའི་བྱ་བ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་ནི་མིག་དེ་ལྟ་བའི་ངོ་བོ་ཉིད་ཡིན་ན། སྔ་ནས་ལྟ་བའི་བྱ་བ་དང་ལྡན་པའི་ཕྱིར་དེ་ལ་ལྟ་བའི་བྱ་བ་གཞན་དོན་མེད་པ་ཉིད་དེ་ལྟ་བའི་ངོ་བོ་ཉིད་ཡིན་པ་ལ་སྒྲའི་བསྟན་བཅོས་ལས་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་བྱེད་པ་པོ་ཉིད་དུ་གྲུབ་པའི་

ཕྱིར་ལྟ་བ་ཞེས་བྱ་བ་དེ་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་དེ་ལྟ་བ་མ་ཡིན་པ་ལ་བྱ་ན་ཡང་ཞེས་བྱ་བ་ནི་ཅི་སྟེ་བརྟག་པ་ཕྱི་མ་ལྟར་འདོད་ན་ཡང་ངོ་། །དེས་ཅིར་འགྱུར་ཞེ་ན། གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །དེའི་ཚེ་དེ་ལྟ་བའི་ངོ་བོ་ཉིད་མ་ཡིན་ན་བོང་བ་ལ་སོགས་པ་བཞིན་དུ་ལྟ་བའི་བྱ་བ་དང་

བྲལ་བ་ཡིན་པས་ལྟ་བ་མ་ཡིན་པ་ཡང་ལྟ་བར་བྱེད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ལྟ་བའི་ངོ་བོ་ཉིད་མ་ཡིན་པ་ལ་སྒྲའི་བསྟན་བཅོས་ལས་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་བྱེད་པ་པོ་ཉིད་དུ་གྲུབ་པའི་ཕྱིར་ལྟ་བར་བྱེད་པས་ལྟ་བ་ཞེས་བྱ་བ་དེ་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་དེ་ལྟར་གཉི་ག་ཡང་

ལྟ་བའི་བྱ་བ་དང་མི་ལྡན་པའི་ཕྱིར། ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ལྟ་བ་མིན་པ་མི་ལྟ་ཉིད། །ཅེས་བྱ་བ་ནི་བརྟག་པ་སྔ་མ་གཉི་གའི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །ཅི་སྟེ་དགག་པ་གཉིས་ཡོད་ན་སྐབས་ཀྱི་དོན་གོ་བས་དེའི་ཕྱིར་མིག་ལྟ་བའི་བྱ་བ་སྐྱེས་པས་མཐོང་ངོ་ཞེ་ན་ཞེས་བྱ་བ་ནི་ཅི་སྟེ་ཕ་

རོལ་པོ་དག་ན་རེ་ཁྱེད་དབུ་མ་པས། ལྟ་བ་མིན་པ་མི་ལྟ་ཉིད། །ཅེས་བཤད་པའི་ཚིག་ལེའུར་བྱས་པ་དེ་ལ་དགག་པ་གཉིས་ཡོད་ན་སྐབས་ཀྱི་དོན་གོ་བས་འདིར་ཁོ་བོ་ཅག་འདོད་པའི་སྐབས་ཀྱི་དོན་ནི་ལྟ་བས་ལྟ་བ་ཉིད་ཡིན་ན་དེའི་ཕྱིར་ཁྱེད་ཀྱིས། ལྟ་བ་མིན་པ་མི་ལྟ་ཉིད། །ཅེས་བཤད་པ་དེས་ན་མིག་ལྟ་བའི་

བྱ་བ་སྐྱེས་པས་ལྟ་བས་ཁྱེད་རང་གིས་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་དེ་ཉིད་བཟང་པོ་མ་ཡིན་ཏེ་ཡོད་པ་དང་མེད་པའི་རྐྱེན་དགག་པ་བཞིན་དུ་ཡོད་པ་དང་མེད་པའི་བྱེད་རྒྱུ་ཉིད་བཀག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཀླན་ཀ་དེ་ནི་བཟང་པོ་མ་ཡིན་

ཏེ། སྔར་རྐྱེན་བརྟག་པའི་རབ་ཏུ་བྱེད་པའི་སྐབས་སུ། མེད་དམ་ཡོད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །མེད་ན་གང་གི་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་བཤད་པས་ཡོད་པ་དང་མེད་པའི་རྐྱེན་དགག་པ་བཞིན་དུ་འདིར་ཡང་ལྟ་བའི་བྱ་བ་ཡོད་པ་དང་མེད་

เล่ม ๑๐๐ · หน้า 24a

པ་གཉི་གས་ལྟ་བའི་བྱེད་རྒྱུ་ཉིད་བཀག་པའི་ཕྱིར་ལྟ་བ་མ་ཡིན་པ་ལྟ་བར་མི་བྱེད་པ་ཉིད་དོ་ཞེས་མེད་པར་དགག་པའི་ཚུལ་བསྟན་པས་ལྟ་བ་ལྟ་བར་བྱེད་པ་ཉིད་ཡིན་ནོ་ཞེས་མ་ཡིན་པར་དགག་པའི་ཚུལ་མ་བསྒྲུབས་པའི་ཕྱིར་རང་གིས་ཁས་བླངས་པ་ལ་གནོད་པར་མི་འགྱུར་རོ། །ཕྱིས་འབྱུང་

བའི་ཚུལ་གྱིས་ལྟ་བ་ཉིད་དུ་ཉེ་བར་བརྟགས་ནས་དེ་ལྟ་བ་ཡིན་པར་རྟོག་ན་ནི་ཞེས་བྱ་བ་ནི་ཕ་རོལ་པོ་དག་འདི་སྙམ་དུ་ད་ལྟར་ལྟ་བའི་ངོ་བོ་ཉིད་ལ་ལྟ་བའི་བྱ་བ་མེད་པས་དེ་ལྟ་བ་མ་ཡིན་དུ་ཟིན་ཀྱང་མིག་ནི་ཕྱིས་གཟུགས་ལ་ལྟ་བར་གདོན་མི་ཟ་བར་འགྱུར་བས་དེས་ན་ཕྱིས་འབྱུང་བའི་ཚུལ་གྱིས་ལྟ་བ་ཉིད་དུ་ཉེ་བར་

བརྟགས་ནས་མིག་དེ་ལྟ་བ་ཡིན་པའི་ཐ་སྙད་དུ་འགྱུར་བས་རྟོག་ཅིང་དེ་སྐད་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་ན་དེའི་ལན་དུ་ཐ་སྙད་ཀྱི་བདེན་པ་རབ་ཏུ་བསྒྲུབ་པའི་ཕྱིར་འདོད་པ་ཉམས་སོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་ནི་ད་ལྟར་ལྟ་བའི་ངོ་བོ་ཉིད་ཀྱིས་ལྟ་བའི་ཚུལ་གྱིས་དོན་དམ་པར་སྒྲུབ་པ་ཡིན་ན་ཕྱིས་འབྱུང་བའི་

ཚུལ་གྱིས་ལྟ་བ་ཉིད་དུ་ཉེ་བར་བརྟགས་ནས་དེ་ལྟ་བ་ཡིན་པར་རྟོག་པས་ནི་ཐ་སྙད་ཀྱི་བདེན་པ་རབ་ཏུ་བསྒྲུབ་པའི་ཕྱིར་ཁྱེད་རང་གི་འདོད་པ་ཉམས་ཤིང་གཞི་མ་གྲུབ་པ་ཡིན་པས་དེ་ཡང་མི་རུང་ངོ་། །ཡང་ན་ཕ་རོལ་པོ་ན་རེ་མིག་ལྟ་བའི་བྱ་བ་སྐྱེས་པས་ལྟ་བར་བྱེད་པར་སྨྲ་སྟེ། བྱ་བའི་ཐ་སྙད་ཡོད་པའི་ཕྱིར་རོ། །

གང་ལ་ལྟ་བའི་བྱ་བ་མ་སྐྱེས་པ་དེས་ནི་ལྟ་བའི་བྱ་བ་བྱེད་དོ་ཞེས་མི་བརྗོད་དེ་དཔེར་ན་རྣ་བ་བཞིན་ནོ། །མིག་ལ་ནི་ལྟ་བའི་བྱ་བ་ཡོད་པས་མིག་གིས་ལྟ་བར་བྱེད་དོ་ཞེས་ཐ་སྙད་འདོགས་སོ་ཞེས་ཟེར་བ་ལ་སློབ་དཔོན་གྱིས་བཤད་པ་ཞེས་བྱ་བས་ནི། ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ལྟ་བ་མིན་པ་མི་ལྟ་ཉིད། །ཅེས་བྱ་

བའི་ཚིག་ལེའུར་བྱས་པ་དེའི་ཕྱེད་གོང་མ་འདི་ནི་ཡང་ན་ཕ་རོལ་པོ་དག་ན་རེ་འཇིག་རྟེན་ན་མིག་ལྟ་བར་བྱེད་དོ་ཞེས་བྱ་བའི་ཐ་སྙད་ཡོད་པའི་སྒོ་ནས་དཔགས་ན་མིག་ལ་ལྟ་བའི་བྱ་བ་ཡོད་པས་ལྟ་བ་གཟུགས་ལ་ལྟ་བར་བྱེད་དོ་ཞེས་ཟེར་བ་ལ། སློབ་དཔོན་གྱིས་དེ་དགག་པའི་ཕྱིར་བཤད་པ་ཡིན་ནོ་ཞེས་སྟོན་

ཏོ། །ཕ་རོལ་པོའི་ཚིག་དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་དཔེ་དང་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལྟ་ན། ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ཕ་རོལ་པོས་དོན་དམ་པར་ལྟ་བ་པོ་འགའ་ཞིག་ལ་ལྟ་བའི་བྱ་བ་

เล่ม ๑๐๐ · หน้า 24b

སྐྱེས་པར་མ་བསྟན་པའི་ཕྱིར་དང་ལྟ་བ་ལ་ལྟ་བའི་བྱ་བ་སྐྱེས་པའི་སྔོན་རོལ་ན་ལྟ་བ་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་དེ་སྐད་ཅེས་ཟེར་བ་ལྟ་ན་དེ་ཡང་མི་རུང་སྟེ། ལྟ་བས་ལྟ་བར་བྱེད་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕ་རོལ་པོས་དོན་དམ་པར་ལྟ་བ་པོས་

ལྷས་བྱིན་ལྟ་བུ་འགའ་ཞིག་ལ་ལྟ་བའི་བྱ་བ་སྐྱེས་པར་རྗེས་སུ་དཔག་པ་གང་གི་སྒོ་ནས་ཀྱང་མ་བསྟན་པའི་ཕྱིར་དང་། ལྟ་བ་ལ་ལྟ་བའི་བྱ་བ་སྐྱེས་པའི་སྔོན་རོལ་ན་མ་སྐྱེས་པའི་དུས་ན་ལྟ་བ་ཉིད་དུ་མ་གྲུབ་པའི་ཕྱིར་འཇིག་རྟེན་ན་མིག་ལྟ་བར་བྱེད་དོ་ཞེས་བྱ་བར་ཐ་སྙད་ཡོད་པའི་སྒོ་ནས་དཔགས་ན། མིག་ལ་

ལྟ་བའི་བྱ་བ་ཡོད་པས། ལྟ་བ་གཟུགས་ལ་ལྟ་བར་བྱེད་དོ་ཞེས་བྱར་མི་རུང་བར་སློབ་དཔོན་གྱིས་དགོངས་སོ། །སྔོན་ལྟ་བ་མ་ཡིན་པ་ལས་ཕྱིས་ལྟ་བའི་བྱ་བ་དང་ལྡན་པར་འགྱུར་བ་ནི་བསྟན་དཀའ་བའི་ཕྱིར། ལྟ་བ་མིན་པ་མི་ལྟ་ཉིད། །ཅེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་ན་རེ་ལྟ་བ་ལྟ་བའི་བྱ་བ་མ་

སྐྱེས་པའི་སྔོན་རོལ་ན་ལྟ་བ་མ་ཡིན་ཡང་ཕྱིས་ལྟ་བའི་བྱ་བ་སྐྱེས་པའི་དུས་ན་ལྟ་བ་ཡིན་པར་འགྱུར་ཞེ་ན། དེ་ནི་རྗེས་སུ་དཔག་པ་གང་གི་སྒོ་ནས་ཀྱང་བསྟན་དཀའ་བའི་ཕྱིར་ལྟ་བ་མ་ཡིན་པས་ཀྱང་ལྟ་བར་མི་བྱེད་པ་ཉིད་དོ། །དེ་ལྟར་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དམ། དོན་འགལ་བ་ཉིད་ཡིན་

པས་དམ་བཅས་པ་ཉམས་སོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་དཔྱད་ན་དོན་དམ་པར་སྒྲུབ་ན་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ལ་ཀུན་རྫོབ་ཏུ་སྒྲུབ་ན་ནི་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཡིན་པས་ཕ་རོལ་པོ་ན་རེ་མིག་ལྟ་བའི་བྱ་བ་སྐྱེས་པས་ལྟ་བར་བྱེད་པ་

སྨྲས་ཏེ། བྱ་བའི་ཐ་སྙད་ཡོད་པའི་ཕྱིར་རོ། །གང་ལ་ལྟ་བའི་བྱ་བ་མ་སྐྱེས་པ་དེས་ནི་ལྟ་བར་བྱེད་དོ་ཞེས་མི་བརྗོད་དེ། དཔེར་ན་རྣ་བ་བཞིན་ནོ། །མིག་ལ་ནི་ལྟ་བའི་བྱ་བ་ཡོད་པས་མིག་གིས་ལྟ་བར་བྱེད་དོ་ཞེས་ཐ་སྙད་འདོགས་སོ་ཞེས་ཟེར་བའི་དམ་བཅས་པ་ཉམས་སོ། །དེ་ཡན་ཆད་ཀྱིས་ནི་མིག་ཉིད་ལྟ་བ་པོ་

ཡིན་པར་འདོད་པ་དག་གི་ཕྱོགས་བཀག་གོ། །འདིར་གྲངས་ཅན་དང་བྱེ་བྲག་པ་དག་གིས་སྨྲས་པ་ཞེས་བྱ་བ་ལ་སོགས་པས་ནི་བདག་ལྟ་བ་པོ་ཡིན་ལ་མིག་ལྟ་བའི་བྱ་བའི་བྱེད་པ་ཡིན་ཏེ། བདག་དེ་མིག་དེས་གཟུགས་ལ་ལྟ་བར་བྱེད་དོ་ཞེས་ཟེར་བ་དག་གི་ཕྱོགས་དགག་པ་སྟོན་ཏོ། །དེའི་ཕྱིར་དེ་

เล่ม ๑๐๐ · หน้า 25a

དག་གི་གཞུང་བསྟན་པའི་ཕྱིར་འདིས་ལྟ་བར་བྱེད་པས་ལྟ་བ་སྟེ། བྱེད་པ་ལ་བྱ་བའི་རྐྱེན་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ལྟ་བ་པོ་བདག་དེ་ལྟ་བའི་བྱེད་པ་མིག་འདིས་གཟུགས་ལ་ལྟ་བར་བྱེད་པས་མིག་ནི་ལྟ་བ་ཞེས་བྱ་སྟེ། བྱེད་པ་མིག་ལ་འདིས་ལྟ་བར་

བྱེད་པས་ལྟ་བའོ་ཞེས་ལྟ་བར་བྱེད་པ་ལ་བྱ་བའི་རྐྱེན་བརྗོད་པའི་ཕྱིར་རོ། །བྱེད་པ་དེ་གང་ཡིན་པ་དེ་ནི་ལྟ་བ་པོ་སྟེ་དེ་ཡང་དེས་ལྟ་བར་བྱེད་དོ་ཞེས་བྱ་བ་ནི་ལྟ་བའི་བྱེད་པ་མིག་དེ་བྱེད་པ་པོ་བདག་གང་གི་ཡིན་པའི་བདག་དེ་ནི་ལྟ་བ་ཞེས་བྱ་སྟེ། ལྟ་བ་པོ་དེ་ཡང་མིག་དེས་གཟུགས་ལ་ལྟ་བར་བྱེད་དོ། །དཔེར་ན་གཅོད་

པ་པོས་སྟ་རེས་གཅད་པར་བྱ་བ་ཤིང་གཅོད་པར་བྱེད་ཀྱི་སྟ་རེ་ཉིད་ཀྱིས་གཅོད་པར་མི་བྱེད་པ་བཞིན་ཏེ་ཞེས་བྱ་བ་ནི་དཔེར་ན་གཅོད་པ་པོ་ལྷས་བྱིན་གྱིས་གཅོད་པར་བྱེད་པའི་སྟ་རེས་གཅོད་པར་བྱ་བ་ཤིང་གཅོད་པར་བྱེད་ཀྱི་གཅོད་པའི་བྱེད་པ་སྟ་རེ་ཉིད་ཀྱིས་གཅད་པར་བྱ་བ་ཤིང་གཅོད་པར་མི་བྱེད་པ་དེ་

བཞིན་དུ་ལྟ་བ་པོ་བདག་གིས་ཀྱང་ལྟ་བའི་བྱེད་པ་མིག་གིས་བལྟ་བར་བྱ་བ་གཟུགས་ལ་ལྟ་བར་བྱེད་ཀྱི་ལྟ་བའི་བྱེད་པ་མིག་ཉིད་ཀྱིས་བལྟ་བར་བྱ་བ་གཟུགས་ལ་ལྟ་བར་མི་བྱེད་དོ། །དེས་ན་མིག་གིས་ལྟ་བར་མི་བྱེད་དོ་ཞེས་བྱ་བ་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་ལྟ་བ་པོ་བདག་དེ་ལྟ་བའི་

བྱེད་པ་མིག་དེས་བལྟ་བར་བྱ་བ་གཟུགས་ལ་ལྟ་བར་བྱེད་ཀྱི། ལྟ་བའི་བྱེད་པ་མིག་ཉིད་ཀྱིས་བལྟ་བར་བྱ་བ་གཟུགས་ལ་ལྟ་བར་མི་བྱེད་པའི་རིགས་པ་དེས་ན་ཁྱེད་དབུ་མ་པས། ལྟ་བ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཚེ་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བཤད་

པས་མིག་གཟུགས་ལ་ལྟ་བར་མི་བྱེད་དོ་ཞེས་བསྒྲུབས་པ་དེ་ནི་ཁོ་བོ་ཅག་གི་གཞུང་ལ་ཡང་གྲུབ་པས་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་ནོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། བྱེད་པ་དག་ལ་བྱེད་པ་པོ་ཡོད་དེ་བྱེད་པ་ཡིན་པའི་ཕྱིར་དཔེར་ན་སྟ་རེ་ལ་སོགས་པ་དག་ལ་གཅོད་པ་པོ་ཡོད་པ་བཞིན་ནོ་ཞེས་

བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཅོད་པའི་བྱེད་པ་སྟ་རེ་ལ་སོགས་པ་དག་ནི་གཅོད་པའི་བྱེད་པ་ཡིན་པའི་ཕྱིར་དེ་དག་ལ་གཅོད་པའི་བྱེད་པ་པོ་མི་ཡོད་པས་གཅོད་པའི་བྱེད་པ་པོ་མི་དེ་གཅོད་

เล่ม ๑๐๐ · หน้า 25b

པའི་བྱེད་པ་སྟ་རེ་ལ་སོགས་པས་གཅད་པར་བྱ་བ་ཤིང་གཅོད་པར་བྱེད་པ་དེ་བཞིན་དུ་ལྟ་བའི་བྱེད་པ་མིག་ཀྱང་ལྟ་བའི་བྱེད་པ་ཡིན་པའི་ཕྱིར་དེ་ལ་ལྟ་བའི་བྱེད་པ་པོ་བདག་ཡོད་པས་ལྟ་བའི་བྱེད་པ་པོ་བདག་དེ་ལྟ་བའི་བྱེད་པ་མིག་གིས་བལྟ་བར་བྱ་བ་གཟུགས་ལ་ལྟ་བར་བྱེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་

ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། ལྟ་བ་ཉིད་ཀྱིས་ལྟ་བ་པོའི་རྣམ་པར་བཤད་པར་ཤེས་པར་བྱ་བ་ནི་ལན་བཏབ་པར་ཤེས་པར་བྱའོ། །གང་གིས་ཤེ་ན་ལྟ་བ་ཉིད་ཀྱིས་སོ། །གང་ཞེ་ན་ལྟ་བ་པོའི་སྟེ་ལྟ་བ་པོ་ཉིད་དུ་རྣམ་པར་རྟོག་པ་དགག་པ་ཡང་འདྲ་བའི་ཕྱིར་རོ་ཞེས་བྱ་བར་

དགོངས་སོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔར་ལྟ་བ་དགག་པའི་སྐབས་སུ་གཏན་ཚིགས་དང་དཔེ་གང་དག་བསྟན་པ་དེ་དག་ཉིད་འདིར་ལྟ་བ་པོ་དགག་པའི་སྐབས་སུ་ཡང་སྦྱར་བར་བྱའོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་ཇི་ལྟར་དེར་མིག་གི་ཆོས་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་ཡིན་

པ་དེ་བཞིན་དུ། འདིར་བདག་གི་ཆོས་ཀྱང་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། སྔར་ལྟ་བ་དགག་པའི་སྐབས་སུ། ལྟ་བ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཚེ་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བཤད་པས་ལྟ་བ་

གཟུགས་ལ་ལྟ་བར་མི་བྱེད་པའི་སྒྲུབ་པའི་ཆོས་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་ཡིན་པར་བསྟན་པ་དེ་བཞིན་དུ་འདིར་ལྟ་བ་པོ་དགག་པའི་སྐབས་སུ་ཡང་། ལྟ་བ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཚེ་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བྱ་བར་

སྦྱར་ཏེ་ལྟ་བ་པོ་བདག་གཟུགས་ལ་ལྟ་བར་མི་བྱེད་པའི་སྒྲུབ་པའི་ཆོས་ཀྱང་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བདག་རང་གི་བདག་ཉིད་མཐོང་བར་མི་འཐད་དེ། རང་གི་བདག་ཉིད་ལ་འཇུག་པར་འགལ་བའི་ཕྱིར་རོ་ཞེས་སྨྲས་སོ། །ཕྱོགས་ཀྱི་ཆོས་རང་གི་

བདག་ཉིད་ལ་ལྟ་བར་མི་བྱེད་པ་དེ་སྒྲུབ་པའི་དོན་དུ་འཇིག་པའི་དཔེ་བསྟན་པའི་ཕྱིར་འདི་ལྟར་རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་གཅོད་པར་མི་བྱེད་པ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར་དེ་ལྟར་རྗེས་སུ་དཔག་པ་ནི་དོན་དམ་པར་བདག་ཀྱང་ལྟ་བ་པོ་མ་ཡིན་ཏེ། རང་གི་བདག་

เล่ม ๑๐๐ · หน้า 26a

ཉིད་ལ་ལྟ་བར་མི་བྱེད་པའི་ཕྱིར་དཔེར་ན་རྣ་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྣ་བ་ནི་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་ཕྱིར་ལྟ་བ་པོ་མ་

ཡིན་པ་དེ་བཞིན་དུ། བདག་ཀྱང་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་ཕྱིར་ལྟ་བ་པོ་མ་ཡིན་ནོ། །གལ་ཏེ་ཕ་རོལ་པོ་ན་རེ་བདག་གིས་བདག་ལ་ལྟ་བར་བྱེད་པ་སྲིད་པ་དེས་ན་ཁྱེད་ཀྱི་གཏན་ཚིགས་ཀྱི་དོན་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་ཕྱིར་ཞེས་བྱ་བ་དེ་མ་གྲུབ་པ་ཉིད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་

ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཕ་རོལ་པོས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་དོགས་པའི་དུག་གིས་བསླད་དུ་ཡང་མི་རུང་ངོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་བདག་ལྟ་བ་པོར་སྨྲ་བས་དབུ་མ་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་དོགས་པ་དུག་དང་འདྲ་བ་དེས་

བསླད་ཅིང་སྦག་ཏུ་ཡང་མི་རུང་ངོ་། །གལ་ཏེ་ཕ་རོལ་པོ་ན་རེ་རང་དང་གཞན་གྱི་གྲུབ་པའི་མཐའ་དག་ཏུ་བདག་གིས་བདག་ལ་ལྟ་བར་བྱེད་དོ་ཞེས་ཀྱང་བཤད་པས་གཏན་ཚིགས་མ་གྲུབ་པ་ཉིད་དུ་དོགས་པའི་དུག་གིས་བསླད་པར་བྱའོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་

པ་བྱེད་པ་ཉིད་ཀྱིས། གང་ལ་ལར་བདག་གིས་བདག་ལ་ལྟ་བར་བྱེད་དོ་ཞེས་བཤད་པ་དེས་ནི་ཡིད་ཕན་འདོགས་པ་ཡིན་པའི་ཕྱིར་བདག་གིས་ཞེས་བྱ་བའི་སྒྲར་སྒྲོ་བཏགས་ནས་ཐ་སྙད་དུ་དེ་སྐད་བཤད་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རང་དང་གཞན་གྱི་གྲུབ་པའི་མཐའ་གང་ལ་ལར་བདག་གིས་བདག་ལ་ལྟ་

བར་བྱེད་དོ་ཞེས་བཤད་པ་དེས་ནི་ཡིད་ནི་བདག་ཅེས་བྱ་བའི་ཐ་སྙད་ལ་ཕན་འདོགས་ཤིང་དེ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་ཡིད་ཀྱིས་ཞེས་བྱ་བའི་དོན་ལ་བདག་གིས་ཞེས་བྱ་བའི་སྒྲར་སྒྲོ་བཏགས་ནས་ཀུན་རྫོབ་ཀྱི་ཐ་སྙད་དུ་བདག་གིས་བདག་ལ་ལྟ་བར་བྱེད་དོ་ཞེས་དེ་སྐད་བཤད་པ་ཡིན་ཏེ། དོན་དུ་

ན་ཡིད་ཀྱིས་བདག་མེད་པར་ལྟ་བར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །འདིར་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་ནི་མཚན་ཉིད་ཀྱི་སྒྲའི་ཚུལ་ཉེ་བར་གཟུང་བའི་ཕྱིར་ཏེ། གཏན་ཚིགས་དངོས་པོ་ཉིད་དང་ཤེས་བྱ་ཉིད་དང་བརྗོད་པར་བྱ་བ་ཉིད་ལ་སོགས་པ་དག་གི་ཕྱིར་རྣ་བ་ལ་སོགས་པ་བཞིན་ནོ་ཞེའམ་

เล่ม ๑๐๐ · หน้า 26b

སྒྲ་ལ་སོགས་པ་བཞིན་ནོ་ཞེའམ། བདག་གི་བདག་ཉིད་བཞིན་ནོ་ཞེས་གཏན་ཚིགས་དང་དཔེའི་རྗེས་སུ་དཔག་པ་དག་ཀྱང་རྒྱས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི། ལྟ་བ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཚེ་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བྱ་

བས་ལྟ་བ་པོ་བདག་གཟུགས་ལྟ་བར་མི་བྱེད་པའི་གཏན་ཚིགས་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་ཞེས་བྱ་བ་ནི་མཚན་ཉིད་ཀྱི་སྒྲའི་ཚུལ་ཉེ་བར་གཟུང་བའི་ཕྱིར་མཚོན་པ་ཙམ་དུ་ཟད་དེ། ཕྱོགས་དེའི་གཏན་ཚིགས་ནི་དངོས་པོ་ཉིད་དང་ཤེས་བྱ་ཉིད་དང་བརྗོད་པར་བྱ་བ་ཉིད་ལ་སོགས་པ་དག་

ཀྱང་ཡིན་ལ། དཔེ་ཡང་རྣ་བ་དང་སྒྲ་དང་བདག་གི་བདག་ཉིད་ལ་སོགས་པ་དག་ཀྱང་ཡིན་པས་གཏན་ཚིགས་དང་དཔེ་དེ་དག་གིས་ཀྱང་རྗེས་སུ་དཔག་པ་རྒྱས་པར་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྗེས་སུ་དཔག་པ་རྒྱས་པ་དེ་དག་ཉིད་བསྟན་པའི་ཕྱིར་དེ་ལྟར་ན་དོན་དམ་པར་བདག་ནི་གཟུགས་

ལ་ལྟ་བར་མི་བྱེད་དེ་དངོས་པོ་ཡིན་པའི་ཕྱིར་དཔེར་ན་རྣ་བ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་དོན་དམ་པར་བདག་ནི་གཟུགས་ལ་ལྟ་བར་མི་བྱེད་དེ་ཤེས་བྱ་ཡིན་པའི་ཕྱིར་དཔེར་ན་སྒྲ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་དོན་དམ་པར་བདག་ནི་གཟུགས་ལ་ལྟ་བར་མི་བྱེད་དེ་བརྗོད་པར་བྱ་བ་ཡིན་པའི་

ཕྱིར་དཔེར་ན་བདག་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དག་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། རྗེས་སུ་དཔག་པ་དེ་དག་གིས་ནི་ལྟ་བ་པོ་བདག་གཟུགས་ལ་ལྟ་བར་མི་བྱེད་པ་ཉིད་བསྟན་ཏོ། །གཟུགས་

ལ་ཡང་དེ་བཞིན་དུ་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བས་ནི་གཟུགས་ལྟ་བ་པོ་བདག་གི་ཡུལ་མ་ཡིན་པར་སྟོན་ཏེ། དོན་དམ་པར་གཟུགས་བདག་གི་ཡུལ་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དཔེར་ན་རྣ་བ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་དོན་དམ་པར་གཟུགས་བདག་གི་ཡུལ་མ་

ཡིན་ཏེ། ཤེས་བྱ་ཡིན་པའི་ཕྱིར་དཔེར་ན་སྒྲ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་དོན་དམ་པར་གཟུགས་བདག་གི་ཡུལ་མ་ཡིན་ཏེ། བརྗོད་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་བདག་གི་བདག་ཉིད་བཞིན་ནོ་ཞེས་བྱ་བར་སྦྱར་ཏེ་རྗེས་སུ་དཔག་པ་དེ་དག་གིས་ནི་གཟུགས་ལྟ་བ་པོའི་བདག་གི་ཡུལ་

เล่ม ๑๐๐ · หน้า 27a

མ་ཡིན་པར་བསྟན་ཏོ། །གལ་ཏེ་ཕ་རོལ་པོ་ན་རེ་དབུ་མ་པ་ལ་དོན་དམ་པར་ཐ་སྙད་མེད་པའི་ཕྱིར་དང་རང་ལ་མ་གྲུབ་པའི་བདག་ཕྱོགས་སུ་བྱས་པས་ཕྱོགས་མ་གྲུབ་པའི་ཕྱིར་དང་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་གཞི་མ་གྲུབ་པའི་ཕྱིར་དང་།

བདག་གི་བདག་ཉིད་བཞིན་ནོ་ཞེས་བརྗོད་པའི་དཔེའི་ཆོས་ཅན་ཡང་མ་གྲུབ་པའི་ཕྱིར་དབུ་མ་པའི་དམ་བཅས་པ་དང་། ཕྱོགས་དང་ཕྱོགས་ཀྱི་ཆོས་དང་དཔེ་མ་གྲུབ་པའི་སྐྱོན་ཡོད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དམ་བཅས་པ་ལ་སོགས་པའི་སྐྱོན་ཡང་

མེད་དེ་ཐ་སྙད་ཀྱི་བདེན་པའི་དབང་དུ་བྱས་པའི་ཕྱིར་དང་། སྤྱིས་ཁས་བླངས་པའི་བདག་ཕྱོགས་སུ་བྱས་པའི་ཕྱིར་དང་། དེའི་ཆོས་བསྟན་པའི་ཕྱིར་དང་། དཔེ་ཉིད་དུ་ཡང་དེ་ཉེ་བར་གཞག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་ན་དོན་དམ་པར་སྟ་རེ་ལ་སོགས་པ་མ་གྲུབ་པས་དཔེ་ཡང་མེད་པའི་

ཕྱིར་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ་སྔར་ཕ་རོལ་པོས་ཕྱོགས་སྔ་མ་ཉེ་བར་གཞག་པའི་སྐབས་སུ་དཔེར་ན་གཅོད་པ་པོས་སྟ་རེས་གཅད་པར་བྱ་བ་ཤིང་གཅོད་པར་བྱེད་ཀྱི་སྟ་རེ་ཉིད་ཀྱིས་གཅོད་པར་མི་བྱེད་པ་བཞིན་ཏེ། དེས་ན་མིག་གིས་ལྟ་བར་

མི་བྱེད་དོ་ཞེས་བྱ་བ་དེ་ནི་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ་ཞེས་སྨྲས་པ་སྟེ། དེ་ལྟར་རིགས་པས་དཔྱད་ན་དོན་དམ་པར་གཅོད་པ་པོ་བདག་དང་གཅོད་པའི་བྱེད་པ་སྟ་རེ་དང་གཅད་པར་བྱ་བ་ཤིང་མ་གྲུབ་པས་ཁྱེད་ཀྱི་དཔེ་མེད་པའི་ཕྱིར་ཁོ་བོ་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ།། །།བམ་པོ་སུམ་ཅུ་པ།

འདིར་ཁ་ཅིག་ན་རེ་ལྟ་བ་པོ་ལྟ་བར་མི་བྱེད་དོ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་དོན་དེ་ལ་སྐུར་པ་བཏབ་པའི་ཕྱིར་དམ་བཅས་པའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་བདག་ཏུ་སྨྲ་བ་དག་རིགས་པ་ཅན་གྱི་སྒྱུ་ཐབས་ཀྱིས་དབུ་མ་པའི་སྒྲུབ་པ་སྔ་མ་དེ་རང་གི་ཚིག་དང་འགལ་བར་སྒྲུབ་པ་ཡིན་ཏེ། དཔེར་ན་འགའ་

ཞིག་ན་རེ་ཁོ་བོའི་མ་མོ་གཤམ་ཡིན་ནོ་ཞེས་ཟེར་བའི་ཚིག་དེ་ཉིད་ཀྱིས་དོན་དེ་ལ་སྐུར་པ་བཏབ་པའི་ཕྱིར་རང་གི་དམ་བཅས་པ་དང་འགལ་བའི་སྐྱོན་དུ་འགྱུར་བ་དེ་བཞིན་དུ། ཁྱེད་དབུ་མ་པས་ལྟ་བ་པོ་ལྟ་བར་མི་བྱེད་དོ་ཞེས་སྨྲས་པའི་ཚིག་དེ་ཉིད་ཀྱིས་ཀྱང་དོན་དེ་ལ་སྐུར་པ་བཏབ་པའི་ཕྱིར་རང་གི་དམ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด