ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) པྲཛྙཱ་པྲ་དཱི་པཾ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๐๐ · หน้า 231b
ངོ་བོ་ཉིད་མེད་པ་ཉིད་དུ་དམ་བཅས་པ་གྲུབ་པའོ། །ད་ནི་མེ་དང་བུད་ཤིང་དག་གི་གཅིག་པ་ཉིད་དང་གཞན་ཉིད་ལ་སོགས་པ་དག་ཅི་ལྟར་བཀག་པའི་རིམ་པ་དེ་དག་ཉིད་ཀྱིས་བདག་དང་ཉེ་བར་བླང་བ་དག་གི་དགག་པ་རིམ་པ་ཐམས་ཅད་ཀྱང་བུམ་པ་དང་སྣམ་བུ་ལ་སོགས་པ་དག་དང་ལྷན་ཅིག་ཏུ་མ་ལུས་པར་
རྣམ་པར་བཤད་པར་ཁོང་དུ་ཆུད་པར་བྱའོ་ཞེས་ཐམས་ཅད་འདྲ་བར་བསྟན་པའི་ཕྱིར། ཅི་ལྟར་མེ་དང་བུད་ཤིང་དག་གི་དེ་ཉིད་དང་གཞན་ཉིད་བཀག་པ་དེ་བཞིན་དུ། མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་བླང་བའི་རིམ་པ་ཀུན། །བུམ་སྣམ་ལ་སོགས་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་
བཤད། །ཅེས་བྱ་བ་སྨྲས་ཏེ། མེ་དང་བུད་ཤིང་དག་གིས་བདག་དང་ཉེ་བར་བླང་བ་དག་གི་གཅིག་པ་ཉིད་དང་གཞན་པ་ཉིད་དང་། ཕན་ཚུན་ལྟོས་པར་མི་འཐད་པའི་རིམ་པ་ཐམས་ཅད་བུམ་པ་དང་སྣམ་བུ་ལ་སོགས་པ་དག་དང་ལྷན་ཅིག་ཏུ་མ་ལུས་པར་རྣམ་པར་བཤད་པར་ཁོང་དུ་ཆུད་པར་
བྱ་སྟེ། བུམ་སྣམ་ལ་སོགས་ལྷན་ཅིག་ཏུ། །ཞེས་བྱ་བ་ནི་མེ་དང་བུད་ཤིང་དག་གིས་བདག་དང་ཉེ་བར་བླང་བ་དག་དགག་པའི་རིམ་པ་གང་དག་རྣམ་པར་བཤད་པ་དེ་དག་བུམ་པ་དང་སྣམ་བུ་ལ་སོགས་པ་དག་དང་ཡང་ལྷན་ཅིག་ཏུ་རྣམ་པར་བཤད་དེ། བདག་དང་ཉེ་བར་བླང་བ་དག་དང་བུམ་པ་
དང་སྣམ་བུ་ལ་སོགས་པ་དག་གི་དགག་པའི་རིམ་པ་ཐམས་ཅད་མ་ལུས་པར་རྣམ་པར་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་རེ་ཞིག་མེ་དང་བུད་ཤིང་དག་གིས་བདག་དང་ཉེ་བར་བླང་བ་དག་གི་དགག་པའི་རིམ་པ་ཐམས་ཅད་མ་ལུས་པར་རྣམ་པར་བཤད་པར་ཁོང་དུ་ཆུད་པར་བྱ་བ་བསྟན་པའི་
ཕྱིར། རིམ་པ་ཞེས་བྱ་བ་ནི་དགག་པའི་རྣམ་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཐམས་ཅད་མ་ལུས་པར་རྣམ་པར་བཤད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་བླང་བའི་རིམ་པ་ཀུན། །མ་ལུས་པར་ནི་རྣམ་པར་བཤད། །ཅེས་བྱ་བ་ལ་རིམ་པ་ཞེས་བྱ་བ་ནི་
དགག་པའི་རྣམ་པ་སྟེ། དེ་དག་ཐམས་ཅད་མ་ལུས་པར་རྣམ་པར་བཤད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལ་རེ་ཞིག་བདག་ཕྱོགས་སུ་བྱས་ནས་བདག་དང་ཉེ་བར་བླང་བ་དག་གཅིག་པ་ཉིད་དགག་པའི་རིམ་པ་བསྟན་པའི་ཕྱིར། དོན་དམ་པར་བདག་ནི་ཉེ་བར་བླང་བ་དང་གཅིག་པ་ཉིད་མ་ཡིན་ཏེ། བྱེད་པ་
เล่ม ๑๐๐ · หน้า 232a
པོ་དང་ལས་ཡིན་པའི་ཕྱིར་དཔེར་ན་གཅོད་པ་པོ་དང་གཅད་པ་དག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཅོད་པ་པོ་དང་གཅད་པ་དག་ནི་བྱེད་
པོ་དང་ལས་ཡིན་པའི་ཕྱིར་དོན་དམ་པར་གཅིག་པ་ཉིད་མ་ཡིན་པ་དེ་བཞིན་དུ་བདག་དང་ཉེ་བར་བླང་བ་དག་ཀྱང་བྱེད་པ་པོ་དང་ལས་ཡིན་པའི་ཕྱིར་དོན་དམ་པར་གཅིག་པ་ཉིད་མ་ཡིན་ནོ། །ད་ནི་བདག་ཕྱོགས་སུ་བྱས་ནས་བདག་དང་ཉེ་བར་བླང་བ་དག་གཞན་ཉིད་དགག་པའི་རིམ་པ་བསྟན་པའི་ཕྱིར།
དོན་དམ་པར་བདག་ནི་ཉེ་བར་བླང་བ་ལས་གཞན་ཉིད་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དང་དངོས་པོ་ཡིན་པའི་ཕྱིར་དཔེར་ན་ཉེ་བར་བླང་བའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་
རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཉེ་བར་བླང་བ་རང་གི་བདག་ཉིད་ནི་ལྟོས་པ་དང་བཅས་པའི་ཕྱིར་དང་། དངོས་པོ་ཡིན་པའི་ཕྱིར་དོན་དམ་པར་རང་གི་བདག་ཉིད་ལས་གཞན་ཉིད་མ་ཡིན་པ་དེ་བཞིན་དུ་བདག་ཀྱང་ལྟོས་པ་དང་བཅས་པའི་ཕྱིར་དང་དངོས་པོ་ཡིན་པའི་ཕྱིར་དོན་དམ་པར་ཉེ་བར་བླང་བ་ལས་
གཞན་ཉིད་མ་ཡིན་ནོ། །ད་ནི་ཉེ་བར་བླང་བ་ཕྱོགས་སུ་བྱས་ནས་གཅིག་པ་ཉིད་དང་གཞན་ཉིད་དགག་པའི་རིམ་པ་བསྟན་པའི་ཕྱིར། དེ་བཞིན་དུ་དོན་དམ་པར་ཉེ་བར་བླང་བ་ནི་བདག་དང་གཅིག་པ་ཉིད་མ་ཡིན་ཏེ། ལས་དང་བྱེད་པ་པོ་ཡིན་པའི་ཕྱིར་དཔེར་ན་གཅད་པ་དང་གཅོད་པ་པོ་དག་བཞིན་ནོ། །
དོན་དམ་པར་ཉེ་བར་བླང་བ་ནི་བདག་ལས་གཞན་ཉིད་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དང་དངོས་པོ་མ་ཡིན་པའི་ཕྱིར་དཔེར་ན་བདག་གི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དག་སྨྲས་ཏེ། དེ་དག་ནི་ཉེ་བར་བླང་བ་ཕྱོགས་སུ་བྱས་ནས་གཅིག་པ་ཉིད་དགག་པའི་རིམ་པ་ལ་དམ་བཅས་པའི་ཁྱད་
པར་ཡོད་པར་ཟད་ཀྱི། སྦྱོར་བའི་ཡན་ལག་ལྷག་མ་དག་ནི་སྔ་མ་བཞིན་ནོ། །ད་ནི་བདག་ཕྱོགས་སུ་བྱས་ནས་ཉེ་བར་ལེན་པ་པོ་དགག་པའི་རིམ་པ་བསྟན་པའི་ཕྱིར་དེ་བཞིན་དུ་དོན་དམ་པར་ལྷས་བྱིན་གྱི་བདག་ནི། ལྷས་བྱིན་གྱི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་དེ། ལྟོས་པ་དང་བཅས་པའི་
เล่ม ๑๐๐ · หน้า 232b
ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལྷས་བྱིན་ལས་གཞན་པ་མཆོད་སྦྱིན་གྱི་བདག་ནི་ལྟོས་པ་དང་བཅས་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་ཉེ་
བར་བླང་བ་ཉེ་བར་ལེན་པར་མི་བྱེད་པ་དེ་བཞིན་དུ། ལྷས་བྱིན་གྱི་བདག་ཀྱང་ལྟོས་པ་དང་བཅས་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་དོ། །ད་ནི་ཉེ་བར་བླང་བ་ཕྱོགས་སུ་བྱས་ནས་ཉེ་བར་བླང་བ་དགག་པའི་རིམ་པ་བསྟན་པའི་ཕྱིར། དོན་དམ་པར་ལྷས་བྱིན་གྱི་ཉེ་བར་བླང་བ་
ནི་ལྷས་བྱིན་གྱི་བདག་གི་ཉེ་བར་བླང་བ་མ་ཡིན་ཏེ། ཉེ་བར་བླང་བ་ཡིན་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་ཉེ་བར་བླང་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་
གྱི་ཉེ་བར་བླང་བ་ནི་ཉེ་བར་བླང་བ་ཡིན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་ཉེ་བར་བླང་བ་མ་ཡིན་པ་དེ་བཞིན་དུ་ལྷས་བྱིན་གྱི་ཉེ་བར་བླང་བ་ཡང་ཉེ་བར་བླང་བ་ཡིན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་ཉེ་བར་བླང་བ་མ་ཡིན་ནོ། །ད་ནི་བདག་ཕྱོགས་སུ་བྱས་ནས་ལྟོས་པ་དགག་པའི་རིམ་པ་བསྟན་པའི་ཕྱིར། དེ་
བཞིན་དུ་དོན་དམ་པར་ལྷས་བྱིན་གྱི་བདག་གྲུབ་པ་དང་མ་གྲུབ་པ་ནི་ལྷས་བྱིན་གྱི་ཉེ་བར་བླང་བ་ལ་ལྟོས་པར་མི་བྱེད་དེ། བདག་ཡིན་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་བདག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་
གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་གྱི་བདག་གྲུབ་པ་དང་མ་གྲུབ་པ་ནི་བདག་ཡིན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་ཉེ་བར་བླང་བ་ལ་ལྟོས་པར་མི་བྱེད་པ་དེ་བཞིན་དུ་ལྷས་བྱིན་གྱི་བདག་གྲུབ་པ་དང་མ་གྲུབ་པ་ཡང་བདག་ཡིན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་ཉེ་བར་བླང་བ་ལ་ལྟོས་པར་མི་
བྱེད་དོ། །ད་ནི་ཉེ་བར་བླང་བ་ཕྱོགས་སུ་བྱས་ནས་ལྟོས་པ་དགག་པའི་རིམ་པ་བསྟན་པའི་ཕྱིར། དོན་དམ་པར་ལྷས་བྱིན་གྱི་ཉེ་བར་བླང་བ་ནི་ལྷས་བྱིན་གྱི་བདག་གྲུབ་པ་དང་མ་གྲུབ་པའི་ལྟོས་པར་བྱ་བ་མ་ཡིན་ཏེ་ཉེ་བར་བླང་བ་ཡིན་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་ཉེ་བར་བླང་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་
เล่ม ๑๐๐ · หน้า 233a
ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་གྱི་ཉེ་བར་བླང་བ་ནི་ཉེ་བར་བླང་བ་ཡིན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་བདག་གྲུབ་པ་དང་མ་གྲུབ་པའི་ལྟོས་པར་བྱ་བ་མ་ཡིན་པ་དེ་
བཞིན་དུ་ལྷས་བྱིན་གྱི་ཉེ་བར་བླང་བ་ཡང་ཉེ་བར་བླང་བ་ཡིན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་བདག་གྲུབ་པ་དང་མ་གྲུབ་པའི་ལྟོས་པར་བྱ་བ་མ་ཡིན་ནོ། །འདིར་ཁ་ཅིག་གིས་སྨྲས་པ་ལྷས་བྱིན་གྱི་བདག་ལྷས་བྱིན་གྱི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་དེ་ཞེས་བྱ་བ་དེའི་དོན་གང་ཡིན། ཅི་
གཞན་ཉེ་བར་ལེན་པར་བྱེད་པ་ཡིན་ནམ། འོན་ཏེ་ཅི་ཡང་ཉེ་བར་ལེན་པར་མི་བྱེད་པ་ཡིན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་རྗེས་སུ་དཔག་པ་སྔ་མས། དོན་དམ་པར་ལྷས་བྱིན་གྱི་བདག་གྲུབ་པ་དང་མ་གྲུབ་པ་ནི་ལྷས་བྱིན་གྱི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་དོ་ཞེས་བྱ་བ་དེའི་དོན། ཅི་ལྷས་
བྱིན་གྱི་བདག་ལྷས་བྱིན་ཉིད་ཀྱི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་ན་དེས་གཞན་གྱི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་པ་ཡིན་ནམ། འོན་ཏེ་ཅི་ཡང་ཉེ་བར་ལེན་པར་མི་བྱེད་པ་ཡིན་ཞེས་གལ་གཉིས་སུ་རྟོག་པ་ཡིན་ནོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི་ཚུལ་དྲི་བ་ཡིན་ནོ། །དེའི་ལན་དུ། གལ་ཏེ་
གཞན་ཉེ་བར་ལེན་པར་བྱེད་པ་ཡིན་ན་ནི་ཕྱོགས་སྔ་མ་ལ་གནོད་དོ་ཞེས་བྱ་བ་ནི། དེ་ལྟ་ན་སྔར་དབུ་མ་པས་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་དགག་པར་དམ་བཅས་ལ། ད་འདིར་ལྷས་བྱིན་གྱི་ཉེ་བར་ལེན་པ་པོས་གཞན་གྱི་ཉེ་བར་བླང་བ་ཉེ་བར་ལེན་པར་བྱེད་པར་ཁས་བླངས་པས་སྔར་རང་གི་
དམ་བཅས་པའི་ཕྱོགས་སྔ་མ་ལ་གནོད་དོ། །ཅི་སྟེ་ཅི་ཡང་ཉེ་བར་ལེན་པར་མི་བྱེད་པ་ཡིན་ན་ནི་དཔེ་མེད་དོ། མཆོད་སྦྱིན་གྱི་བདག་ནི་རང་གི་ཉེ་བར་བླང་བ་ཉེ་བར་ལེན་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་དེ་ལྟ་ན་ཉེ་བར་ལེན་པ་པོས་ཅི་ཡང་ཉེ་བར་ལེན་པར་མི་བྱེད་པའི་དཔེ་སྔར་མཆོད་
སྦྱིན་ལས་བླངས་པ་དེ་མི་རུང་སྟེ། མཆོད་སྦྱིན་གཞན་གྱི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་ཀྱང་རང་གི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་པས་ཅི་ཡང་ཉེ་བར་ལེན་པར་མི་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་དབུ་མ་པའི་དཔེ་སྔ་མ་དག་བསྒྲུབ་པར་བྱ་བས་སྟོང་པས་མི་རུང་ངོ་ཞེས་
เล่ม ๑๐๐ · หน้า 233b
ཟེར་བ་ཡིན་ན། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ། ལན་བཏབ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བརྟག་པ་སྔ་མ་ལྟར་ཁས་མ་བླངས་པའི་ཕྱིར་ཕྱོགས་སྔ་མ་ལ་གནོད་པ་མེད་ལ་བརྟག་པ་ཕྱི་མ་ལ་ཡང་བདག་མཆོད་སྦྱིན་ཞེས་བྱ་བ་
ལྷས་བྱིན་གྱི་རྒྱུད་ཀྱི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་པ་ཉིད་དུ་གྲུབ་པ་ཉིད་དཔེ་ཉིད་དུ་ཉེ་བར་གཞག་པའི་ཕྱིར་དཔེ་མེད་པ་མ་ཡིན་ནོ་ཞེས་སྔར་ལན་བཏབ་ཟིན་པའི་ཕྱིར་ཀླན་ཀ་དེ་ནི་རིགས་པ་མ་ཡིན་ནོ། །དེ་ལྟར་དེ་དག་གིས་ནི་མེ་དང་བུད་ཤིང་དག་གིས་བདག་དང་ཉེ་བར་བླང་བ་དག་གི་གཅིག་པ་
ཉིད་དང་གཞན་ཉིད་དང་ལྟོས་པ་དགག་པའི་རིམ་པ་བརྒལ་བའི་ལན་དང་བཅས་པར་བསྟན་ཏོ། །ཅི་ལྟར་མེ་དང་བུད་ཤིང་དག་གི་སྐབས་སུ། མེ་ནི་གཞན་ལས་མི་འོང་སྟེ། །ཤིང་ལའང་མེ་ནི་ཡོད་མ་ཡིན། །སོང་དང་མ་སོང་བགོམ་པ་ཡིས། །དེ་བཞིན་ཤིང་ལ་ལྷག་མ་བསྟན། །ཤིང་ཉིད་མེ་ནི་
མ་ཡིན་ཏེ། །ཤིང་ལས་གཞན་ལ་མེ་ཡང་མེད། །མེ་ནི་ཤིང་དང་ལྡན་མ་ཡིན། །མེ་ལ་ཤིང་མེད་དེར་དེ་མེད། །ཅེས་བསྟན་པ་དེ་དག་ཐམས་ཅད་འདིར་བདག་དང་ཉེ་བར་བླང་བ་དགག་པའི་སྐབས་སུ་ཡང་ཅི་རིགས་པར་སྦྱར་ཏེ་བརྗོད་པར་བྱའོ། །རེ་ཞིག་དེ་དག་ནི། །མེ་དང་ཤིང་གིས་བདག་དང་ནི། །
ཉེ་བར་བླང་བའི་རིམ་པ་ཀུན། །མ་ལུས་པར་ནི་རྣམ་པར་བཤད། །ཅེས་བྱ་བའི་ཚུལ་བསྟན་པ་ཡིན་ནོ། །ད་ནི། བུམ་སྣམ་ལ་སོགས་ལྷན་ཅིག་ཏུ། མ་ལུས་པ་ནི་རྣམ་པར་བཤད། །ཅེས་བྱ་བའི་ཚིག་གི་དོན་དང་སྦྱར་ཏེ་དགག་པའི་རིམ་པ་བསྟན་པའི་ཕྱིར་མེ་དང་བུད་ཤིང་དེ་དག་གིས་བདག་དང་
ཉེ་བར་བླང་བ་དག་གི་རིམ་པ་གང་དག་རྣམ་པར་བཤད་པ་དེ་དག་བུམ་པ་དང་སྣམ་བུ་ལ་སོགས་པ་དག་དང་ཡང་ལྷན་ཅིག་ཏུ་རྣམ་པར་བཤད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མེ་དང་བུད་ཤིང་དག་གིས་བདག་དང་ཉེ་བར་བླང་བ་དག་གི་རིམ་པ་གང་དག་རྣམ་པར་བཤད་པ་དེ་དག་
བུམ་པ་དང་སྣམ་བུ་ལ་སོགས་པ་དག་དང་ཡང་ལྷན་ཅིག་ཏུ་རྣམ་པར་བཤད་དེ། བདག་དང་ཉེ་བར་བླང་བ་དག་དང་བུམ་པ་དང་སྣམ་བུ་ལ་སོགས་པ་དག་དགག་པའི་རིམ་པ་ཐམས་ཅད་མ་ལུས་པར་རྣམ་པར་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་བུམ་པ་དང་སྣམ་བུ་ལ་
เล่ม ๑๐๐ · หน้า 234a
སོགས་པ་དག་ནི་རྒྱུ་དང་འབྲས་བུར་གྱུར་པ་དང་། ཡན་ལག་དང་ཡན་ལག་ཅན་དུ་གྱུར་པ་དང་། ཡོན་ཏན་དང་ཡོན་ཏན་ཅན་དུ་གྱུར་པ་དང་། མཚན་ཉིད་དང་མཚན་ཉིད་ཀྱི་གཞིར་གྱུར་པ་རྣམ་པ་དེ་ལྟ་བུ་དག་ཏུ་ཤེས་པར་བྱའོ་ཞེས་བྱ་བ་ནི་བུམ་པ་དང་སྣམ་བུ་ལ་སོགས་
པའི་དངོས་པོ་རྣམས་ལ་འཇིག་རྟེན་ན་སྨྲ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་ཡོད་པ་དག་ལས། ཁ་ཅིག་ནི་དེ་དག་རྒྱུ་དང་འབྲས་བུར་གྱུར་པའོ་ཞེས་སྨྲ། ཁ་ཅིག་ནི་ཡན་ལག་དང་ཡན་ལག་ཅན་དུ་གྱུར་པའོ་ཞེས་སྨྲ། ཁ་ཅིག་ནི་ཡོན་ཏན་དང་ཡོན་ཏན་ཅན་དུ་གྱུར་པའོ་ཞེས་སྨྲ། ཁ་ཅིག་ནི་མཚན་
ཉིད་དང་མཚན་ཉིད་ཀྱི་གཞིར་གྱུར་པའོ་ཞེས་སྨྲ་ཞིང་དེ་དག་ལ་ཡང་ལ་ལ་ནི་གཅིག་པ་ཉིད་ཅེས་ཟེར། ལ་ལ་ནི་གཞན་ཉིད་ཅེས་ཟེར། ལ་ལ་ནི་ཕན་ཚུན་ལྟོས་སོ་ཞེས་ཟེར་བས། ད་འདི་མན་ཆད་མེ་དང་བུད་ཤིང་དག་གིས་དེ་དག་དགག་པའི་རིམ་པ་ཐམས་ཅད་མ་ལུས་པར་རྣམ་པར་
བཤད་པའི་ཚུལ་བསྟན་པར་བྱའོ། །དེ་ལ་དང་པོར་མེ་དང་བུད་ཤིང་དག་གིས་རྒྱུ་དང་འབྲས་བུར་གྱུར་པ་དག་གི་དགག་པའི་རིམ་པ་ཐམས་ཅད་མ་ལུས་པར་རྣམ་པར་བཤད་པའི་ཚུལ་བསྟན་པར་བྱ་སྟེ། དེ་ལ་རེ་ཞིག་འབྲས་བུ་ཕྱོགས་སུ་བྱས་ནས་གཅིག་པ་ཉིད་དགག་པའི་རྣམ་པ་བསྟན་
པའི་ཕྱིར། དེ་ལ་རེ་ཞིག་དོན་དམ་པར་བུམ་པ་ནི་འཇིམ་པ་དང་གཅིག་པ་ཉིད་མ་ཡིན་ཏེ། ལས་དང་བྱེད་པ་པོ་ཡིན་པའི་ཕྱིར་གཅད་པ་དང་གཅོད་པ་པོ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་
སྦྱར་ཏེ། དཔེར་ན་གཅད་པ་དང་། གཅོད་པ་པོ་དག་ནི་ལས་དང་བྱེད་པ་པོ་ཡིན་པའི་ཕྱིར་དོན་དམ་པར་གཅིག་པ་ཉིད་མ་ཡིན་པ་དེ་བཞིན་དུ་བུམ་པ་དང་འཇིམ་པ་དག་ཀྱང་། འབྲས་བུ་དང་རྒྱུའི་སྒོ་ནས་ལས་དང་བྱེད་པ་པོ་ཡིན་པའི་ཕྱིར་དོན་དམ་པར་གཅིག་པ་ཉིད་མ་ཡིན་ནོ། །ད་ནི་འབྲས་བུ་ཕྱོགས་སུ་
བྱས་ནས་གཞན་ཉིད་དགག་པའི་རིམ་པ་བསྟན་པའི་ཕྱིར། དོན་དམ་པར་བུམ་པ་ནི་འཇིམ་པ་ལས་གཞན་ཉིད་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དང་། འབྲས་བུ་ལ་སོགས་པ་ཡིན་པའི་གཏན་ཚིགས་དག་གི་ཕྱིར་དཔེར་ན་འཇིམ་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ།
เล่ม ๑๐๐ · หน้า 234b
དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འཇིམ་པའི་རང་གི་བདག་ཉིད་མི་ལྟོས་པ་དང་བཅས་པའི་ཕྱིར་དང་འབྲས་བུ་ཡིན་པའི་ཕྱིར་དང་གཟུགས་ཅན་ཡིན་པའི་ཕྱིར་དང་ཐོགས་པ་དང་བཅས་པ་ཡིན་པའི་ཕྱིར་
དང་། འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་དང་གཟུགས་ཀྱི་ཕུང་པོས་བསྡུས་པ་ལ་སོགས་པ་དག་ཡིན་པའི་ཕྱིར་དོན་དམ་པར་རང་གི་བདག་ཉིད་ལས་གཞན་ཉིད་མ་ཡིན་པ་དེ་བཞིན་དུ་བུམ་པ་ཡང་ལྟོས་པ་དང་བཅས་པའི་ཕྱིར་དང་གཟུགས་ཅན་ཡིན་པའི་ཕྱིར་དང་འབྲས་བུ་ཡིན་པའི་ཕྱིར་དང་
ཐོགས་པ་དང་བཅས་པ་ཡིན་པའི་ཕྱིར་དང་། འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་དང་གཟུགས་ཀྱི་ཕུང་པོས་བསྡུས་པ་ལ་སོགས་པ་དག་ཡིན་པའི་ཕྱིར་དོན་དམ་པར་འཇིམ་པ་ལས་གཞན་ཉིད་མ་ཡིན་ནོ། །དེ་བཞིན་དུ་འཇིམ་པའི་ཕྱོགས་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ་ཞེས་བྱ་བས་ནི་རྒྱུ་ཕྱོགས་སུ་
བྱས་ནས་གཅིག་པ་ཉིད་དང་གཞན་ཉིད་དགག་པའི་རྣམ་པས་སྦྱོར་བའི་ཚིག་གཉིས་བརྗོད་པར་བྱ་སྟེ། དོན་དམ་པར་འཇིམ་པ་ནི་བུམ་པ་དང་གཅིག་པ་ཉིད་མ་ཡིན་ཏེ་བྱེད་པ་པོ་དང་ལས་ཡིན་པའི་ཕྱིར་དཔེར་ན་གཅོད་པ་པོ་དང་གཅད་པ་དག་བཞིན་ནོ། །དོན་དམ་པར་འཇིམ་པ་ནི་བུམ་པ་ལས་གཞན་ཉིད་
མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་འབྲས་བུ་ལ་སོགས་པ་ཡིན་པའི་གཏན་ཚིགས་དག་གི་ཕྱིར་དཔེར་ན་བུམ་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བར་སྦྱར་ཏེ། དེ་དག་ཀྱང་དམ་བཅས་པའི་ཁྱད་པར་ཡོད་པར་ཟད་ཀྱི་སྦྱོར་བའི་ཡན་ལག་ལྷག་མ་དག་ནི་སྔ་མ་བཞིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་
ནི་རྒྱུ་ཕྱོགས་སུ་བྱས་ནས་རྒྱུ་དགག་པའི་རིམ་པ་དོན་དམ་པར་རྒྱུ་འཇིམ་པ་ནི་འབྲས་བུ་བུམ་པ་སྐྱེད་པར་བྱེད་པ་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བྱ་བ་དང་། འབྲས་བུ་ཕྱོགས་སུ་བྱས་ནས་འབྲས་བུ་དགག་པའི་རིམ་པ་དོན་དམ་པར་འབྲས་བུ་བུམ་པ་ནི་རྒྱུ་འཇིམ་པས་
བསྐྱེད་པར་བྱ་བ་མ་ཡིན་ཏེ། འབྲས་བུ་ཡིན་པའི་ཕྱིར་དཔེར་ན་སྣམ་བུ་བཞིན་ནོ་ཞེས་བྱ་བ་དང་། འབྲས་བུ་ཕྱོགས་སུ་བྱས་ནས་ལྟོས་པ་དགག་པའི་རིམ་པ་དོན་དམ་པར་འབྲས་བུ་བུམ་པ་གྲུབ་པ་དང་མ་གྲུབ་པ་ནི་རྒྱུ་འཇིམ་པ་ལ་ལྟོས་པར་མི་བྱེད་དེ། འབྲས་བུ་ཡིན་པའི་ཕྱིར་དཔེར་ན་སྣམ་བུ་བཞིན་ནོ་ཞེས་བྱ་
เล่ม ๑๐๐ · หน้า 235a
བ་དང་། རྒྱུ་ཕྱོགས་སུ་བྱས་ནས་ལྟོས་པ་དགག་པའི་རིམ་པ་དོན་དམ་པར་རྒྱུ་འཇིམ་པ་ནི་འབྲས་བུ་བུམ་པ་གྲུབ་པ་དང་མ་གྲུབ་པའི་ལྟོས་པར་བྱ་བ་མ་ཡིན་ཏེ། རྒྱུ་ཡིན་པའི་ཕྱིར་དཔེར་ན་རྒྱུ་སྤུན་དག་བཞིན་ནོ་ཞེས་བྱ་བ་དང་། ཅི་སྟེ་དམ་བཅས་པ་དེའི་དོན་གང་ཡིན། ཅི་རྒྱུ་འཇིམ་པས་
འབྲས་བུ་གཞན་སྐྱེད་པར་བྱེད་པ་ཡིན་ནམ། འོན་ཏེ་ཅི་ཡང་སྐྱེད་པར་མི་བྱེད་པ་ཡིན་གལ་ཏེ་གཞན་སྐྱེད་པར་བྱེད་པ་ཡིན་ན་ནི་ཕྱོགས་སྔ་མ་ལ་གནོད་དོ། །ཅི་སྟེ་ཅི་ཡང་སྐྱེད་པར་མི་བྱེད་པ་ཡིན་ན་ནི་དཔེ་མེད་དོ་ཞེས་རྒོལ་བ་ལ། དེའི་ལན་དུ་དེ་ནི་རིགས་པ་མ་ཡིན་ཏེ། བརྟག་པ་སྔ་མ་ལྟར་ཁས་མ་བླངས་པའི་
ཕྱིར་ཕྱོགས་སྔ་མ་ལ་གནོད་པ་མེད་ལ། བརྟག་པ་ཕྱི་མ་ལ་ནི་རྒྱུ་སྤུན་ལ་སོགས་པ་རྒྱུ་གང་དག་འབྲས་བུ་བུམ་པ་སྐྱེད་པར་བྱེད་པ་མ་ཡིན་པར་གྲུབ་པ་དག་དཔེ་ཉིད་དུ་ཉེ་བར་གཞག་པའི་ཕྱིར་དཔེ་མེད་པ་མ་ཡིན་ནོ་ཞེས་བྱ་བས་ལན་གདབ་པ་དག་བསྡུ་བར་བྱའོ། །གྲངས་ཅན་དག་ནི་སྒྲུབ་པའི་ཚུལ་གྱིས་བུམ་པ་ནི་
འཇིམ་པ་ལས་གཞན་ཉིད་མ་ཡིན་ཏེ། འཇིམ་པའི་བདག་ཉིད་དང་ཡོད་པ་ཉིད་དུ་རྒྱུ་དང་འབྲས་བུ་ཉིད་དང་སྤྱི་དང་ཁྱད་པར་དང་ལྡན་པ་ཉིད་དང་ཡུལ་ལ་སོགས་པ་གཅིག་པ་ཉིད་ཀྱི་ཕྱིར་དཔེར་ན་འཇིམ་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་ཟེར་རོ་ཞེས་བྱ་བས་ནི་སྔར་དབུ་མ་པས་རྒྱུ་དང་འབྲས་བུ་དག་གཅིག་
ཉིད་མ་ཡིན་པར་བཀག་པ་དེ་ལ། འདིར་གྲངས་ཅན་དག་དང་དངོས་པོ་ཐམས་ཅད་རང་བཞིན་གཅིག་པར་སྒྲུབ་པའི་ཚུལ་གྱིས་རྒྱུ་དང་འབྲས་བུ་དག་གཞན་ཉིད་མ་ཡིན་ཞིང་རང་བཞིན་གཅིག་པ་ཉིད་དུ་སྒྲུབ་པའི་གཞུང་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་
དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འཇིམ་པའི་རང་གི་བདག་ཉིད་ནི་འཇིམ་པའི་བདག་ཉིད་ཡིན་པའི་ཕྱིར་དང་། ཡོད་པ་ཉིད་ཡིན་པའི་ཕྱིར་དང་རྒྱུ་དང་འབྲས་བུ་ཉིད་ཡིན་པའི་ཕྱིར་དང་། འཇིམ་པའི་རྫས་སྤྱི་དང་ཁ་དོག་དང་དབྱིབས་ལ་སོགས་པ་ཁྱད་པར་དང་ལྡན་པ་ཉིད་ཀྱི་
ཕྱིར་དང་། ཡུལ་དང་དུས་དང་རང་བཞིན་གཅིག་པ་ཉིད་ཀྱི་ཕྱིར་རང་གི་བདག་ཉིད་ལས་གཞན་ཉིད་མ་ཡིན་པ་དེ་བཞིན་དུ་བུམ་པ་ཡང་འཇིམ་པའི་བདག་ཉིད་ཡིན་པའི་ཕྱིར་ཡོད་པ་ཉིད་ཡིན་པའི་ཕྱིར་དང་རྒྱུ་དང་འབྲས་བུ་ཉིད་ཡིན་པའི་ཕྱིར་དང་། འཇིམ་པའི་རྫས་སྤྱི་དང་ཁ་དོག་དང་དབྱིབས་ལ་
เล่ม ๑๐๐ · หน้า 235b
སོགས་པའི་ཁྱད་པར་དང་ལྡན་པ་ཉིད་ཀྱི་ཕྱིར་དང་། ཡུལ་དང་དུས་དང་རང་བཞིན་གཅིག་པ་ཉིད་ཀྱི་ཕྱིར་འཇིམ་པ་ལས་གཞན་ཉིད་མ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་གི་འཇིམ་པའི་བདག་ཉིད་དང་བུམ་པའི་བདག་ཉིད་རང་གི་བདག་
ཉིད་གཅིག་པ་ཉིད་དུ་དབུ་མ་སྨྲ་བ་རྣམས་ལ་མ་གྲུབ་པའི་ཕྱིར་དཔེ་མེད་དོ་ཞེས་བྱ་བ་སྨྲས་ཏེ། གྲངས་ཅན་དེ་དག་གི་འཇིམ་པའི་བདག་ཉིད་རང་གི་བདག་ཉིད་ལས་གཞན་ཉིད་མ་ཡིན་པར་དབུ་མ་པ་ལ་མ་གྲུབ་པའི་ཕྱིར་དཔེ་མེད་ལ། འཇིམ་པ་དང་བུམ་པ་དག་གཉི་ག་དོན་དམ་པར་མ་གྲུབ་པའི་ཕྱིར་ཆོས་
ཅན་ཡང་མ་གྲུབ་པས་རྒྱུ་དང་འབྲས་བུ་རང་བཞིན་གཅིག་པར་སྒྲུབ་པ་དེ་མ་གྲུབ་པོ། །དམ་བཅས་པའི་དོན་ཀྱང་རྣམ་པར་བརྟག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་སྔར་གྲངས་ཅན་དག་གིས་རྒྱུ་དང་འབྲས་བུ་དག་གཅིག་པ་ཉིད་དུ་དམ་བཅས་པ་དེའི་དོན་གང་ཡིན་ཞེས་བརྟག་པ་སྟོན་ཏོ། །གལ་ཏེ་རྒྱུ་དང་འབྲས་
བུ་དག་གཅིག་པ་ཉིད་ཅེས་བྱ་བ་དུས་གཅིག་ནའོ་ཞེ་ན་ནི་ཕྱོགས་སྔ་མ་ལ་གནོད་དོ་ཞེས་བྱ་བ་ནི་ཅི་གྲངས་ཅན་དག་གིས་རྒྱུ་དང་འབྲས་བུ་དག་གཅིག་པ་ཉིད་དུ་དམ་བཅས་པ་དེ་དུས་གཅིག་ན་གཅིག་པ་ཉིད་དུ་འདོད་དེ། གལ་ཏེ་གང་ཁོ་ནའི་དུས་ན་རྒྱུ་ཡིན་པ་དེ་ཁོ་ནའི་དུས་ན་འབྲས་བུ་ཡང་ཡིན་པར་དམ་འཆའ་ན་ནི་དེས་
ན་ཕྱོགས་སྔ་མ་ལ་གནོད་པར་འགྱུར་ཏེ། འདི་ལྟར་ཁྱེད་ཀྱི་གྲུབ་པའི་མཐའ་ལས་ཀྱང་རྒྱུ་དང་འབྲས་བུ་དག་དུས་ཐ་དད་པ་ཉིད་དུ་འདོད་པའི་ཕྱིར་རོ། །ཅི་སྟེ་རྒྱུའི་གསལ་བ་འབྲས་བུ་ལ་ཡོད་དོ་ཞེ་ན་ནི་གྲགས་པའི་གནོད་པར་འགྱུར་ཏེ། ཞོ་ལ་འོ་མ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་སྟེ་གྲངས་ཅན་དག་གིས་རྒྱུ་དང་འབྲས་
བུ་དག་གཅིག་པ་ཉིད་དུ་དམ་བཅས་པ་དེ་སྙིང་སྟོབས་ལ་སོགས་པའི་རང་བཞིན་གྱིས་རྒྱུ་དང་འབྲས་བུ་དག་ལ་འདྲ་བར་ཁྱབ་པས། རྒྱུའི་བསལ་བ་ཉིད་འབྲས་བུ་ལ་ཡང་ཡོད་པའི་ཕྱིར། རྒྱུ་དང་འབྲས་བུ་དག་གཅིག་པ་ཉིད་དུ་འདོད་ན་ནི་དེས་ན་གྲགས་པའི་གནོད་པར་འགྱུར་ཏེ། །འདི་ལྟར་
འཇིག་རྟེན་ན་ཞོ་ལ་འོ་མ་མེད་པར་གྲགས་པའི་ཕྱིར་རོ། །གལ་ཏེ་ཞོའི་གནས་སྐབས་ན་ཡང་དྲུག་ལྡན་ལ་སོགས་པའི་ཁྱད་པར་དང་བྲལ་བའི་སྒྲ་ལ་སོགས་པ་ཡོད་པའི་ཕྱིར་གྲགས་པའི་གནོད་པར་ཡང་མི་འགྱུར་ལ་ཁས་བླངས་པ་ལ་གནོད་པ་ཡང་མེད་དོ་ཞེ་ན་ཞེས་བྱ་བ་ནི་གྲངས་ཅན་དག་རྒྱུ་
เล่ม ๑๐๐ · หน้า 236a
དང་འབྲས་བུ་དག་རང་བཞིན་གཅིག་པ་ཉིད་ཡིན་ཡང་། གྲགས་པའི་གནོད་པ་དང་ཁས་བླངས་པ་ལ་གནོད་པའི་སྐྱོན་དུ་མི་འགྱུར་བར་སྒྲུབ་པའི་གཏན་ཚིགས་སྟོན་ཏེ། དེ་དག་ན་རེ་རྒྱུའི་རང་བཞིན་འབྲས་བུ་ལ་ཡང་ཡོད་དེ། འདི་ལྟར་འབྲས་བུ་ཞོའི་གནས་སྐབས་ན་གཟུགས་
དང་དྲི་དང་རོ་དང་རེག་དེ་ཙམ་དག་གི་སྤྱི་ཁྱད་པར་དང་བྲལ་བ་ཡོད་ལ། རྒྱུ་འོ་མ་ལ་ཡང་དེ་དག་ཡོད་པར་འདྲ་བའི་ཕྱིར་རོ་ཞེས་ཟེར་རོ། །དེ་ཡང་ཅི་ལྟ་བུ་ཞེ་ན། མེའི་སྒྲ་དང་རྔའི་སྒྲ་ཞེས་བྱ་བ་ནི་སྒྲའི་སྤྱི་ཡིན་ལ། སྒྲ་ལས་གླུ་དབྱངས་ཀྱི་སྣ་གྲངས་དྲུག་ལྡན་དང་། དྲང་སྲོང་བ་དང་། ས་འཛིན་པ་དང་།
བར་མ་པ་དང་། ལྔ་བ་དང་། བློ་གསལ་དང་། འཁོར་ཉན་ཞེས་བྱ་བ་དག་ནི་སྒྲའི་ཁྱད་པར་ཡིན་པས་འབྲས་བུ་ཞོའི་གནས་སྐབས་ན་སྒྲའི་སྤྱི་ཁྱད་པར་དང་བྲལ་བ་དང་གཟུགས་དང་དྲི་དང་རོ་དང་རེག་པའི་སྤྱི་ཁྱད་པར་དང་བྲལ་བའི་སྒྲ་དེ་ཙམ་དང་གཟུགས་དང་དྲི་དང་རོ་དང་རེག་དེ་ཙམ་དག་ཡོད་
ལ། རྒྱུ་འོ་མ་ལ་ཡང་དེ་དག་ཡོད་པར་འདྲ་བས་དེས་ན་ཞོའི་གནས་སྐབས་ན་ཡང་འོ་མའི་དེ་ཙམ་དག་ཡོད་ལ། འོ་མའི་གནས་སྐབས་ན་ཡང་ཞོའི་དེ་ཙམ་དག་ཡོད་པས་དེའི་ཕྱིར་གྲགས་པའི་གནོད་པར་ཡང་མི་འགྱུར་ལ། གང་གི་ཕྱིར་ཞོའི་གནས་སྐབས་ཁོ་ན་ན་འོ་མའི་བསལ་བ་ཉིད་མེད་པ་དེའི་ཕྱིར་
རྒྱུ་དང་འབྲས་བུ་དུས་གཅིག་ན་ཡོད་པར་མི་སྨྲ་བས་ཁས་བླངས་པའི་ཕྱོགས་སྔ་མ་ལ་གནོད་པ་ཡང་མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་ལ་འོ་མ་ཉིད་མི་འཐད་པའི་ཕྱིར་དེ་ནི་ལན་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྒྲ་དེ་ཙམ་ལ་སོགས་པ་དེ་དག་
ལ་འོ་མ་ཉིད་ཡོད་པར་མི་འཐད་པའི་ཕྱིར་དེ་ནི་ལན་མ་ཡིན་ཏེ། ཁྱེད་ཀྱི་ཞོ་དང་འོ་མ་དག་གཅིག་པ་ཉིད་དུ་སྨྲས་པས་ཞོའི་གནས་སྐབས་ཀྱི་དེ་ཙམ་དེ་དག་ལ་འོ་མ་མེད་པའི་ཕྱིར་རོ། །གལ་ཏེ་ཞོ་ལ་སྒྲ་དེ་ཙམ་ལ་སོགས་པ་དག་ཡོད་པའི་ཕྱིར་དེ་ལ་འོ་མ་ཡོད་པ་ཉིད་དུ་འདོད་ན་ནི་དེ་ལྟ་ན་བུམ་པ་དང་སྣམ་བུ་
ལ་སོགས་པ་དག་ལ་ཡང་སྒྲ་དེ་ཙམ་ལ་སོགས་པ་དག་ཡོད་པས་བུམ་པ་དང་སྣམ་བུ་ལ་སོགས་པ་དག་ཀྱང་། འོ་མའི་བྱ་བ་བྱེད་པར་འགྱུར་བ་ཞིག་ན་མི་བྱེད་པས་དེའི་ཕྱིར་གྲགས་པའི་གནོད་པ་དང་ཁས་བླངས་པ་ལ་གནོད་པ་དག་སོ་ན་གནས་སོ། །གཞན་མ་ཡིན་པ་ཉིད་དུ་རྗེས་སུ་དཔོག་པས་
เล่ม ๑๐๐ · หน้า 236b
རྒྱུ་མ་ཡིན་པ་ཉིད་ལ་སོགས་པས་དེ་དག་རྒྱུ་ཡིན་པ་ཉིད་ལ་སོགས་པ་བསལ་བའི་ཕྱིར། དམ་བཅས་པ་ལ་ཆོས་ཅན་གྱི་ངོ་བོ་ཉིད་དང་ཁྱད་པར་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བས་ནི་གྲངས་ཅན་དག་རྒྱུ་དང་འབྲས་བུ་གཞན་མ་ཡིན་པ་ཉིད་དུ་རྗེས་སུ་དཔོག་པས་རྒྱུ་དང་འབྲས་བུ་མ་ཡིན་པས་དེ་དག་རྒྱུ་དང་
འབྲས་བུ་ཡིན་པ་ཉིད་བསལ་བའི་ཕྱིར་དེ་དག་ནི་དམ་བཅས་པ་ལ་ཆོས་ཅན་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་དང་ཁྱད་པར་བསལ་བའི་སྐྱོན་ཡོད་པར་སྟོན་ཏོ། །འདི་སྐད་བསྟན་ཏེ་གཞན་ཉིད་མ་ཡིན་པར་རྗེས་སུ་དཔོག་པས་ཅི་ལྟར་ཞོ་ཉིད་ཞོ་ལས་གཞན་མ་ཡིན་པའི་ཕྱིར་ཞོ་ཉིད་ཞོའི་རྒྱུ་མ་ཡིན་པས་ཞོ་དེ་རྒྱུ་ཡིན་པ་ཉིད་
བསལ་བ་དེ་བཞིན་དུ་འོ་མ་ཡང་ཞོ་ལས་གཞན་མ་ཡིན་པའི་ཕྱིར་འོ་མ་ཞིང་ཀྱང་ཞོའི་རྒྱུ་མ་ཡིན་པས་འོ་མ་དེ་རྒྱུ་ཡིན་པ་ཉིད་བསལ་བའི་ཕྱིར་གྲངས་ཅན་དག་གི་གཞན་ཉིད་མ་ཡིན་པར་དམ་བཅས་པ་ལ་ཆོས་ཅན་འོ་མའི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་དོ། །དེ་བཞིན་དུ་ཆོས་ཅན་འོ་མའི་ཁྱད་པར་བསལ་
བའི་སྐྱོན་ཡང་ཡོད་དེ། འོ་མའི་ཁྱད་པར་ནི་སླ་བ་དང་མངར་བ་ལ་སོགས་པ་དག་ཡིན་ན་དེ་དག་ཀྱང་འོ་མ་ཞོའི་རང་གི་བདག་ཉིད་བཞིན་དུ་ཞི་ལས་གཞན་ཉིད་མ་ཡིན་པའི་ཕྱིར་འོ་མ་ལ་མེད་པས་དེ་ལྟར་འོ་མའི་ཁྱད་པར་སླ་བ་དང་མངར་བ་ལ་སོགས་པ་དག་བསལ་བའི་ཕྱིར་ཆོས་ཅན་འོ་མའི་ཁྱད་པར་
བསལ་བའི་སྐྱོན་ཡོད་པ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཆོས་ཅན་རྒྱུའི་ངོ་བོ་ཉིད་དང་ཁྱད་པར་བསལ་བའི་སྐྱོན་ཡོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཆོས་ཅན་འབྲས་བུའི་ངོ་བོ་ཉིད་དང་ཁྱད་པར་བསལ་བའི་སྐྱོན་ཡོད་པ་ཡང་བསྡུ་སྟེ། ཞོ་ཡང་འོ་མའི་རང་གི་བདག་ཉིད་བཞིན་དུ་འོ་མ་ལས་
གཞན་ཉིད་མ་ཡིན་པའི་ཕྱིར། ཞོ་འབྲས་བུ་མ་ཡིན་པ་ཉིད་ཀྱིས་ཞོ་དེ་འབྲས་བུ་ཡིན་པ་ཉིད་བསལ་བའི་ཕྱིར་ཆོས་ཅན་ཞོའི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་དོ། །དེ་བཞིན་ཆོས་ཅན་ཞོའི་ཁྱད་པར་བསལ་བའི་སྐྱོན་ཡང་ཡོད་དེ་ཞོའི་ཁྱད་པར་ནི་སྐ་བ་དང་སྐྱུར་བ་ལ་སོགས་པ་དག་ཡིན་ན་དེ་དག་
ཀྱང་ཞོ་འོ་མའི་རང་གི་བདག་ཉིད་བཞིན་དུ་འོ་མ་ལས་གཞན་ཉིད་མ་ཡིན་པའི་ཕྱིར་ཞོ་ལ་མེད་པས་དེ་ལྟར་ཞོའི་ཁྱད་པར་སྐ་བ་དང་སྐྱུར་བ་ལ་སོགས་པ་དག་གསལ་བའི་ཕྱིར་ཆོས་ཅན་ཞོའི་ཁྱད་པར་བསལ་བའི་སྐྱོན་ཡོད་པ་ཡང་ཡིན་ནོ། །ད་ལྟར་དང་འདས་པའི་རྒྱུ་ཕྱོགས་སུ་བྱེད་ན་ཡང་སྐྱོན་སྔ་མ་
เล่ม ๑๐๐ · หน้า 237a
བཞིན་ནོ་ཞེས་བྱ་བས་ནི་སྔར་གྲངས་ཅན་དག་གིས་སྒྲུབ་པའི་ཚུལ་གྱིས་བུམ་པ་ནི་འཇིམ་པ་ལས་གཞན་ཉིད་མ་ཡིན་ཏེ་ཞེས་དམ་བཅས་པ་དེའི་ཕྱོགས་སུན་དབྱུང་བ་སྟོན་ཏེ། སྔར་གྲངས་ཅན་དག་གིས་འབྲས་བུ་བུམ་པ་ཕྱོགས་སུ་བྱས་ཏེ། བུམ་པ་ལས་འཇིམ་པ་གཞན་ཉིད་མ་ཡིན་
པར་དམ་བཅས་པ་མ་གྲུབ་པས་ད་འདིར་གལ་ཏེ་རྒྱུ་འཇིམ་པ་ཕྱོགས་སུ་བྱེད་ཅིང་། འཇིམ་པ་ལས་བུམ་པ་གཞན་ཉིད་མ་ཡིན་པར་དམ་འཆའ་སྟེ། དེ་ལ་འབྲས་བུ་མ་སྐྱེས་པའི་ཚེ་ན་རྒྱུ་མ་འདས་པ་ད་ལྟར་ཡོད་པ་དེ་ཕྱོགས་སུ་བྱེད་ཅིང་འདི་སྐད་ཅེས་རྒྱུ་འཇིམ་པ་ད་ལྟར་ཡོད་པ་ནི་འབྲས་བུ་བུམ་པ་ལས་གཞན་
ཉིད་མ་ཡིན་ཏེ། འཇིམ་པའི་བདག་ཉིད་ཡིན་པའི་ཕྱིར་དཔེར་ན་འབྲས་བུའི་བདག་ཉིད་བཞིན་ནོ་ཞེས་སྒྲུབ་པར་བྱེད་ན་ནི་ཅི་ལྟར་སྔར་བྱེད་པ་པོ་དང་ལས་བརྟག་པའི་རབ་ཏུ་བྱེད་པའི་སྐབས་སུ། ད་ལྟར་གྱི་རྒྱུ་ཕྱོགས་སུ་བྱེད་ན་ནི་དཔེ་མེད་དེ་དེའི་འབྲས་བུ་མ་གྲུབ་པའི་ཕྱིར་ཞེས་བསྟན་པའི་སྐྱོན་སྔ་མ་དེ་ཉིད་དུ་འགྱུར་ཏེ་
ཅི་སྟེ་འབྲས་བུ་མ་སྐྱེས་པའི་ཚེ་ན་རྒྱུ་མ་འདས་པ་ད་ལྟར་ཡོད་པ་དེ་འབྲས་བུ་ལས་གཞན་ཉིད་མ་ཡིན་ཏེ་ཞེས་ཕྱོགས་སུ་བྱེད་ན་དཔེ་མ་གྲུབ་པའི་སྐྱོན་ཡོད་དེ། ད་ལྟར་གྱི་རྒྱུ་དེ་ཡོད་པའི་དུས་ན་དེའི་འབྲས་བུ་མ་གྲུབ་པའི་ཕྱིར་ཁྱོད་ཀྱི་དེ་གཞན་ཉིད་མ་ཡིན་པར་སྒྲུབ་པའི་དཔེ་འབྲས་བུའི་བདག་ཉིད་བཞིན་ནོ་ཞེས་གང་སྨྲས་
པ་དེ་མ་གྲུབ་པའི་སྐྱོན་ཡོད་པས་མི་རུང་ངོ་། །ཅི་སྟེ་འབྲས་བུ་སྐྱེས་པས་རྒྱུ་ཞེས་ཐ་སྙད་གདགས་པ་ཡིན་ལ། འབྲས་བུ་སྐྱེས་པ་དེའི་ཚེ་རྒྱུ་འདས་པ་ཡིན་པས་འདས་པའི་རྒྱུ་དེ་ཕྱོགས་སུ་བྱེད་ཅིང་འདི་སྐད་ཅེས། རྒྱུ་འཇིམ་པ་འདས་པ་ནི་འབྲས་བུ་བུམ་པ་ལས་གཞན་ཉིད་མ་ཡིན་ཏེ། འཇིམ་པའི་བདག་
ཉིད་ཡིན་པའི་ཕྱིར་དཔེར་ན་འབྲས་བུའི་བདག་ཉིད་བཞིན་ནོ་ཞེས་སྒྲུབ་པར་བྱེད་ན་ཡང་། ཅི་ལྟར་སྔར་བྱེད་པ་པོ་དང་ལས་བརྟག་པའི་རབ་ཏུ་བྱེད་པའི་སྐབས་སུ། འདིར་ཡང་འདས་པའི་རྒྱུ་ཕྱོགས་སུ་བྱེད་ན་ནི་གཞི་མ་གྲུབ་པ་ལ་སོགས་པའི་སྐྱོན་ཡོད་དོ་ཞེས་བསྟན་པའི་སྐྱོན་སྔ་མ་དེ་ཉིད་དུ་འགྱུར་ཏེ།
འདི་ལ་འབྲས་བུ་སྐྱེས་པས་རྒྱུ་ཞེས་ཐ་སྙད་གདགས་པ་ཡིན་ལ། འབྲས་བུ་སྐྱེས་པ་དེའི་ཚེ་ན་རྒྱུ་འདས་པ་ཡིན་པས་འདས་པའི་རྒྱུ་དེ་འབྲས་བུ་ལས་གཞན་ཉིད་མ་ཡིན་ཏེ་ཞེས་ཕྱོགས་སུ་བྱེད་ན་གཏན་ཚིགས་ཀྱི་གཞི་མ་གྲུབ་པའི་སྐྱོན་ཡོད་དེ། རྒྱུ་འདས་པ་ནི་ཞིག་ནས་མེད་པས་ཁྱོད་ཀྱི་དེ་འབྲས་བུ་ལས་
เล่ม ๑๐๐ · หน้า 237b
གཞན་ཉིད་མ་ཡིན་པར་སྒྲུབ་པའི་གཏན་ཚིགས་འཇིམ་པའི་བདག་ཉིད་ཡིན་པའི་ཕྱིར་ཞེས་གང་སྨྲས་པ་དེའི་གཞི་མ་གྲུབ་པ་དང་། དཔེར་ན་འབྲས་བུའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དག་ཀྱང་མ་གྲུབ་པའི་སྐྱོན་ཡོད་པས་མི་རུང་ངོ་། །རིགས་མཐུན་པ་དང་རིགས་མི་མཐུན་པ་མ་སྐྱེས་པ་དང་ཞིག་པ་དག་གིས་
མ་ངེས་པ་དང་གྲགས་པའི་གནོད་པར་འགྱུར་ཏེ་ཞེས་བྱ་བས་ནི། སྔར་གྲངས་ཅན་དག་གིས་སྒྲུབ་པའི་ཚུལ་གྱིས་བུམ་པ་ནི་འཇིམ་པ་ལས་གཞན་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་བདག་ཉིད་ཡིན་པའི་ཕྱིར་དཔེར་ན་འཇིམ་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་སྨྲས་པའི་གཏན་ཚིགས་དེ་མ་ངེས་པ་ཉིད་དང་
གྲགས་པའི་གནོད་པར་འགྱུར་བར་སྟོན་ཏེ། རིགས་མཐུན་པ་ཞེས་བྱ་བ་ནི་འཇིམ་པ་དང་བུམ་པ་ལྟ་བུ་རྒྱུ་དང་འབྲས་བུ་རིགས་མཐུན་པའོ། །རིགས་མི་མཐུན་པ་ཞེས་བྱ་བ་ནི་འཇིམ་པ་དང་སྣམ་བུ་ལྟ་བུ་རྒྱུ་དང་འབྲས་བུ་རིགས་མི་མཐུན་པའོ། །མ་སྐྱེས་པ་ཞེས་བྱ་བ་ནི་རྒྱུ་གང་གིས་འབྲས་བུ་མ་སྐྱེས་པའོ། །
ཞིག་པ་ཞེས་བྱ་བ་ནི་འབྲས་བུ་གང་གིས་རྒྱུ་ཞིག་པ་སྟེ། དེ་ལྟ་བུའི་རྒྱུ་དང་འབྲས་བུ་དེ་དག་གཞན་ཉིད་མ་ཡིན་ཏེ་རྒྱུ་དང་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་ཁྱེད་གྲངས་ཅན་དག་སྒྲུབ་པར་བྱེད་ན་ཁྱེད་ཉིད་ཀྱི་གཞུང་ལས་རང་བཞིན་དང་སྐྱེས་བུ་དག་རྒྱུ་དང་འབྲས་བུ་ཡིན་ཡང་གཞན་ཉིད་ཡིན་
པར་འདོད་པས་དེས་ན་ཅི་རེ་ཞིག་བུམ་པ་དང་འཇིམ་པ་དག་རྒྱུ་དང་འབྲས་བུ་ཉིད་ཡིན་པའི་ཕྱིར་དཔེར་ན་འཇིམ་པའི་རང་གི་བདག་ཉིད་བཞིན་དུ་གཞན་ཉིད་མ་ཡིན་པར་འགྱུར་རམ། འོན་ཏེ་རྒྱུ་དང་འབྲས་བུ་ཉིད་ཡིན་པའི་ཕྱིར་དཔེར་ན་རང་བཞིན་དང་སྐྱེས་བུ་དག་བཞིན་དུ་གཞན་ཉིད་ཡིན་པར་འགྱུར་བ་མ་
ངེས་པས་ཁྱེད་ཀྱི་གཏན་ཚིགས་རྒྱུ་དང་འབྲས་བུ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མི་རུང་ངོ་། །གྲངས་ཅན་དག་ཉིད་ཀྱི་གཞུང་ལས་རང་བཞིན་དང་སྐྱེས་བུ་དག་ཅི་ལྟར་རྒྱུ་དང་འབྲས་བུ་ཉིད་ཡིན་པའི་ཁུངས་བསྟན་པའི་ཕྱིར། སྐྱེས་བུ་ནི་སྒྲ་ལ་སོགས་པ་དམིགས་པར་བྱེད་པ་ན་ཕན་གདགས་པར་བྱ་བ་
ཡིན་པའི་ཕྱིར་དང་། རང་བཞིན་ནི་ཤེས་པ་ཡོད་པ་ཉིད་ནང་གི་བྱེད་པར་སྣང་བའི་རྒྱུ་ཡིན་པས་ཕན་འདོགས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གྲངས་ཅན་དག་ཉིད་ཀྱི་གཞུང་ལས་རང་བཞིན་ནི་བྱེད་པ་པོ་ཡིན་ལ་སྐྱེས་བུ་ནི་ཟ་བ་པོ་ཡིན་པའི་སྒོ་ནས་རང་བཞིན་ནི་རྒྱུ་ཡིན། སྐྱེས་
เล่ม ๑๐๐ · หน้า 238a
བུ་ནི་འབྲས་བུ་ཡིན་ཏེ། ལོང་བ་དང་གྲུམ་པོ་བཞིན་ནོ་ཞེས་འབྱུང་སྟེ། དཔེར་ན་ལོང་བའི་ཁུར་དུ་གྲུམ་པོ་ཁྱེར་ན་འགྲོ་བའི་ལས་ནི་ལོང་བས་བྱེད་ལ་མཐོང་བའི་ལས་ནི་གྲུམ་པོས་བྱེད་པས་བགྲོད་པ་དང་མཐོང་བར་བྱ་བ་གཉི་ག་འགྲུབ་པ་དེ་བཞིན་དུ་གང་གི་ཚེ་སྐྱེས་བུ་ཞེས་བྱ་བ་ཤེས་པ་ཡོད་
པ་དེ་ཡུལ་ལ་ལོངས་སྤྱོད་པར་འདོད་པའི་ཚེ་ན། རང་བཞིན་ཞེས་བྱ་བ་ཡོན་ཏན་གསུམ་ཆ་མཉམ་པ་དེས་ནང་གི་བྱེད་པ་ཞེས་བྱ་བ་བློ་རྣམས་ཕྱི་རོལ་གྱི་བྱེད་པ་ཞེས་བྱ་བ་དབང་པོ་རྣམས་དང་ཕྲད་པར་བྱེད་པ་དབང་པོ་རྣམས་ཀྱི་གཟུགས་ལ་སོགས་པ་དེ་ཙམ་ལྔ་པོ་དག་དམིགས་པ་ན་སྐྱེས་བུའི་རང་བཞིན་
ཤེས་པ་ཡོད་པ་དེ་ནང་གི་བྱེད་པ་དག་གི་རྣམ་པར་སྐྱེས་པས་ཡུལ་རྣམས་ཉམས་སུ་མྱོང་བར་བྱེད་པས་སྐྱེས་བུ་ནི་སྒྲ་ལ་སོགས་པ་དེ་ཙམ་ལྔ་པོ་དག་དམིགས་པར་བྱེད་པ་ན་རང་བཞིན་གྱིས་ཕན་གདགས་ཤིང་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་ཟ་བ་པོ་ཡིན་པས་འབྲས་བུ་སྟེ་གྲུམ་པོ་དང་འདྲའོ། །
རང་བཞིན་ནི་ཤེས་པ་ཡོད་པ་ཉིད་ནང་གི་བྱེད་པའི་རྣམ་པར་སྣང་བ་སྐྱེ་བའི་རྒྱུ་ཡིན་པས་ཕན་འདོགས་པར་བྱེད་པ་ཡིན་པའི་ཕྱིར་བྱེད་པ་པོ་ཡིན་པས་རྒྱུ་དེ་ལོང་བ་དང་འདྲའོ། །དེ་ལྟར་རང་བཞིན་དང་སྐྱེས་བུ་རྒྱུ་དང་འབྲས་བུ་ཉིད་ཡིན་པའི་ཕྱིར་གཞན་ཉིད་ཡིན་པར་འདོད་པས་བུམ་པ་དང་འཇིམ་
པ་རྒྱུ་དང་འབྲས་བུ་ཉིད་ཡིན་པའི་ཕྱིར་གཞན་ཉིད་མ་ཡིན་པར་འདོད་པ་དེའི་གཏན་ཚིགས་མ་ངེས་པ་ཉིད་དོ། །གཞན་ཡང་རྒྱུ་དང་འབྲས་བུ་ཉིད་ཡིན་ལ་གཞན་ཉིད་མ་ཡིན་པར་དམ་འཆའ་བ་ནི་འཇིག་རྟེན་ལ་གྲགས་པ་དང་འགལ་བའི་གནོད་པར་འགྱུར་བས་དེ་ནི་མི་རུང་ངོ་། །སྐྱེས་བུ་དག་
སྤྱི་དང་ཁྱད་པར་དང་ལྡན་པ་ཉིད་ཡིན་པའི་ཕྱིར་དེ་དག་གིས་མ་ངེས་པ་ཉིད་དེ་ཞེས་བྱ་བས་ནི་སྔར་གྲངས་ཅན་དག་གིས་སྒྲུབ་པའི་ཚུལ་གྱིས་བུམ་པ་ནི་འཇིམ་པ་ལས་གཞན་ཉིད་མ་ཡིན་ཏེ། སྤྱི་དང་ཁྱད་པར་དང་ལྡན་པ་ཉིད་ཡིན་པའི་ཕྱིར་དཔེར་ན་འཇིམ་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་
སྨྲས་པའི་གཏན་ཚིགས་དེ་མ་ངེས་པ་ཉིད་ཡིན་པར་སྟོན་ཏེ། སྐྱེས་བུ་ཞེས་བྱ་བ་དག་ལ་ཡང་སྤྱི་དང་ཁྱད་པར་དང་ལྡན་པའི་ཕྱིར་གཞན་ཉིད་ཡིན་པར་མཐོང་བས་དེས་ན་ཅི་རེ་ཞིག་བུམ་པ་དང་འཇིམ་པ་དག་སྤྱི་དང་ཁྱད་པར་དང་ལྡན་པ་ཉིད་ཡིན་པའི་ཕྱིར་དཔེར་ན་འཇིམ་པའི་རང་གི་བདག་ཉིད་བཞིན་དུ་
เล่ม ๑๐๐ · หน้า 238b
གཞན་ཉིད་མ་ཡིན་པར་འགྱུར་རམ། འོན་ཏེ་སྤྱི་དང་ཁྱད་པར་དང་ལྡན་པ་ཉིད་ཡིན་པའི་ཕྱིར་དཔེར་ན་སྐྱེས་བུ་དག་བཞིན་དུ་གཞན་ཉིད་ཡིན་པར་འགྱུར་བ་མ་ངེས་སོ། །སྐྱེས་བུ་དག་སྤྱི་དང་ཁྱད་པར་དང་ལྡན་པ་ཉིད་ཡིན་པའི་ཕྱིར་གཞན་ཉིད་ཡིན་པའི་ཁུངས་བསྟན་པའི་ཕྱིར་སྐྱེས་བུ་སྐྱེས་བུ་ཞེས་བྱ་བ་ནི་སྤྱི་
ཡིན་ལ། ལྷས་བྱིན་གྱི་བདག་དང་མཆོད་སྦྱིན་གྱི་བདག་ཅེས་བྱ་བ་དག་ནི་ཁྱད་པར་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ལྷས་བྱིན་དང་མཆོད་སྦྱིན་དག་སྤྱི་དང་ཁྱད་པར་ལྡན་པ་ཉིད་ཡིན་པའི་ཕྱིར་གཞན་ཉིད་ཡིན་པར་མཐོང་བས་བུམ་པ་དང་འཇིམ་པ་དག་གཞན་ཉིད་མ་ཡིན་ཏེ། སྤྱི་དང་ཁྱད་པར་དང་
ལྡན་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་མ་ངེས་པ་ཉིད་ཡིན་པས་མི་རུང་ངོ་། །འཇིམ་པའི་བདག་ཉིད་ཅེས་བྱ་བའི་གཏན་ཚིགས་ཀྱི་དོན་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་སྔར་གྲངས་ཅན་དག་གིས་བསྒྲུབ་པའི་ཚུལ་གྱིས་བུམ་པ་ནི་འཇིམ་པ་ལས་གཞན་ཉིད་མ་ཡིན་ཏེ། འཇིམ་པའི་བདག་
ཉིད་ཡིན་པའི་ཕྱིར་དཔེར་ན་འཇིམ་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་སྨྲས་པའི་གཏན་ཚིགས་དེའི་དོན་གང་ཡིན་ཞེས་བརྟག་པ་སྟོན་ཏོ། །འཇིམ་པ་ལས་གྱུར་པ་ཡིན་པར་རྟོག་ན་ནི་དཔེ་སྒྲུབ་པའི་ཆོས་དང་མི་ལྡན་ནོ་ཞེས་བྱ་བ་ནི་འཇིམ་པའི་བདག་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེའི་
དོན་གལ་ཏེ་འཇིམ་པའི་ངོ་བོ་ཉིད་ལ་མི་བྱའི་འཇིམ་པ་ལས་གྱུར་པ་ཡིན་པར་རྟོག་ན་ནི་དེ་ལྟ་ན་དཔེ་འཇིམ་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དེ་འཇིམ་པ་ལས་གྱུར་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་སྒྲུབ་པའི་ཆོས་དེ་དང་མི་ལྡན་པས་དཔེ་མེད་དེ་འདི་ལྟར་དཔེ་འཇིམ་པའི་རང་གི་བདག་ཉིད་ཅེས་བྱ་བ་
དེ་ནི་འཇིམ་པའི་ངོ་བོ་ཉིད་ཡིན་གྱི། འཇིམ་པ་ལས་གྱུར་པ་མ་ཡིན་པའི་ཕྱིར་རོ། །འཇིམ་པའི་ངོ་བོ་ཉིད་ཡིན་པར་རྟོག་ན་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་འཇིམ་པའི་བདག་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེའི་དོན་གལ་ཏེ་འཇིམ་པའི་ངོ་བོ་ཉིད་ཡིན་པར་རྟོག་ན་ནི་
དེ་ལྟ་ན་གཏན་ཚིགས་དེའི་དོན་མ་གྲུབ་པ་ཉིད་དེ། འདི་ལྟར་བུམ་པ་ལ་འཇིམ་པའི་ངོ་བོ་ཉིད་མེད་ལ། འཇིམ་པ་ལས་གྱུར་པ་ཡིན་པའི་ཕྱིར་རོ། །འབྲས་བུ་རྒྱུ་ལས་གཞན་ཉིད་མ་ཡིན་ཏེ། །ཞེས་བྱ་བ་དེའི་དོན་གང་ཡིན། ཅི་རང་གི་རྒྱུ་ལས་སམ་འོན་ཏེ་གཞན་གྱི་རྒྱུ་ལས་ཞེས་བྱ་བ་ནི་སྔར་གྲངས་ཅན་
เล่ม ๑๐๐ · หน้า 239a
དག་གིས་བསྒྲུབ་པའི་ཚུལ་གྱིས་བུམ་པ་ནི་འཇིམ་པ་ལས་གཞན་ཉིད་མ་ཡིན་ཏེ། དཔེར་ན་འཇིམ་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་སྨྲས་པའི་དམ་བཅས་པ་དེའི་དོན་གང་ཡིན། ཅི་འབྲས་བུ་བུམ་པ་རང་གི་རྒྱུ་འཇིམ་པ་ལས་གཞན་ཉིད་མ་ཡིན་ནམ་འོན་ཏེ་འབྲས་བུ་གཞན་སྣམ་བུའི་
རྒྱུ་རྒྱུ་སྤུན་དག་ལས་གཞན་ཉིད་མ་ཡིན་ཞེས་གལ་གཉིས་སུ་བརྟག་པ་སྟོན་ཏོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི་འདྲི་བའི་ཚིག་གོ། །དེའི་ལན་དུ་གལ་ཏེ་རང་གི་རྒྱུ་ལས་ན་ནི་དཔེ་མེད་དོ་ཞེས་བྱ་བ་ནི་གལ་ཏེ། དམ་བཅས་པ་དེའི་དོན་བུམ་པ་འཇིམ་པ་ཉིད་ལས་གཞན་ཉིད་མ་ཡིན་པར་སྒྲུབ་པ་ཡིན་ན་ནི་
དེས་ན་དཔེ་འཇིམ་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དེ་མི་རུང་སྟེ། འདི་ལྟར་འཇིམ་པའི་བདག་ཉིད་གང་ཁོ་ན་ཡིན་པ་དེ་ཉིད་དུ་བུམ་པ་ཡིན་པས་འཇིམ་པ་ཉིད་ཕྱོགས་སུ་བྱས་པས་དེ་ལ་འཇིམ་པ་ཉིད་དཔེར་མི་རུང་བའི་ཕྱིར་རོ། ཅི་སྟེ་གཞན་གྱི་རྒྱུ་ལས་ན་ནི་ཕྱོགས་སྔ་མ་ལ་གནོད་པ་དང་
གྲགས་པའི་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་དམ་བཅས་པ་དེའི་དོན་བུམ་པ་རྒྱུ་སྤུན་དག་ལས་གཞན་ཉིད་མ་ཡིན་པ་སྒྲུབ་པ་ཡིན་ན་ནི་དེས་ན་རང་གིས་ཁས་བླངས་པའི་ཕྱོགས་སྔ་མ་ལ་གནོད་པ་དང་། འཇིག་རྟེན་ལ་གྲགས་པ་དང་འགལ་བའི་གནོད་པར་འགྱུར་ཏེ། འདི་ལྟར་ཁྱོད་ཀྱི་གྲུབ་
པའི་མཐའ་ལས་གཞན་ཉིད་མེད་པར་དམ་བཅས་ལ་ད་འདིར་གཞན་གྱི་རྒྱུ་ཞེས་བརྗོད་པའི་ཕྱིར་དང་། བུམ་པ་རྒྱུ་སྤུན་དག་ལས་གཞན་ཉིད་ཡིན་པར་འཇིག་རྟེན་ལ་གྲགས་པའི་ཕྱིར་རོ། །གལ་ཏེ་གཞན་ཉིད་མ་ཡིན་པ་ནི་དེའི་ནུས་པས་མི་སྟོང་པའོ་ཞེ་ན་ཡང་དཔེ་མེད་དོ་ཞེས་བྱ་བ་ནི་གལ་ཏེ་དམ་
བཅས་པ་དེའི་དོན་འབྲས་བུ་བུམ་པ་ལ་རྒྱུ་འཇིམ་པའི་ནུས་པ་ཡོད་པ་ཉིད་ཡིན་པ་ལས་བུམ་པ་དང་འཇིམ་པ་ལས་གཞན་ཉིད་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་དཔེར་ན་འཇིམ་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དེ་དཔེར་མི་རུང་སྟེ། འདི་ལྟར་འབྲས་བུ་བུམ་པ་ལ་རྒྱུ་འཇིམ་པའི་ནུས་པ་
ཡོད་པ་ལྟར་རྒྱུ་འཇིམ་པ་ལ་ཡང་འཇིམ་པ་ཉིད་ཀྱི་ནུས་པ་ཡོད་དོ་ཞེས་བྱར་མི་རུང་བའི་ཕྱིར་རོ། །རྒྱུ་ཕྱོགས་སུ་བྱ་བའི་དུས་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་གལ་ཏེ་དམ་བཅས་པ་དེའི་དོན་རྒྱུ་འཇིམ་པ་ལ་འབྲས་བུ་བུམ་པའི་ནུས་པ་ཡོད་པ་ཉིད་ཡིན་པས་བུམ་པ་འཇིམ་པ་ལས་གཞན་ཉིད་མ་ཡིན་ནོ་ཞེ་ན།
เล่ม ๑๐๐ · หน้า 239b
དེ་ལྟ་ན་ཡང་དཔེར་ན་འཇིམ་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དེ་དཔེར་མི་རུང་སྟེ། འདི་ལྟར་རྒྱུ་འཇིམ་པ་ལ་འབྲས་བུ་བུམ་པའི་ནུས་པ་ཡོད་པ་ལྟར་རྒྱུ་འཇིམ་པ་ལ་འཇིམ་པ་ཉིད་ཀྱི་ནུས་པ་ཡོད་དོ་ཞེས་བྱར་མི་རུང་བའི་ཕྱིར་རོ། །དེ་ལྟར་དེ་དག་གིས་ནི་མེ་དང་བུད་ཤིང་དག་གིས་རྒྱུ་དང་འབྲས་བུ་དག་གི་གཅིག་
པ་ཉིད་དང་གཞན་པ་ཉིད་དང་ལྟོས་པ་དགག་པའི་རིམ་པ་འགལ་བའི་ལན་དང་བཅས་པར་བསྟན་ཏོ། །ཅི་ལྟར་མེ་དང་བུད་ཤིང་དག་གི་སྐབས་སུ། མེ་ནི་གཞན་ལས་མི་འོང་སྟེ། །ཤིང་ལའང་མེ་ནི་ཡོད་མ་ཡིན། །སོང་དང་མ་སོང་བགོམ་པ་ཡིས། །དེ་བཞིན་ཤིང་ལས་ལྷག་མ་བསྟན། །
ཤིང་ཉིད་མེ་ནི་མ་ཡིན་ཏེ། །ཤིང་ལས་གཞན་ལ་མེ་ཡང་མེད། །མེ་ནི་ཤིང་དང་ལྡན་པ་ཡིན། །མེ་ལ་ཤིང་མེད་དེར་དེ་མེད། །ཅེས་བསྟན་པ་དེ་དག་ཐམས་ཅད་འདིར་རྒྱུ་དང་འབྲས་བུ་དགག་པའི་སྐབས་སུ་ཡང་ཅི་རིགས་པར་སྦྱར་ཏེ་བརྗོད་པར་བྱའོ། །དེ་དག་ནི་ཕྱོགས་ཙམ་ཞིག་བསྟན་
པ་ཡིན་ཏེ་ཞེས་བྱ་བ་ནི་དེ་ལྟར་བུམ་པ་དང་སྣམ་བུ་ལ་སོགས་པ་དག་ནི་རྒྱུ་དང་འབྲས་བུར་གྱུར་པ་དག་ཡིན་ལ། དེ་དག་ཀྱང་གཅིག་པ་ཉིད་དང་། གཞན་པ་ཉིད་དང་། ལྟོས་པར་མི་འཐད་པར་དགག་པའི་རིམ་པ་མེད་ཅིང་བསྟན་པ་དེ་དག་ནི་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ནོ། །ཕྱོགས་དེས་དགག་
པའི་རིམ་པ་གཞན་གང་དག་མ་ལུས་པར་རྣམ་པར་བཤད་པ་ཤེས་པར་བྱ་ཞེ་ན། དེའི་ཕྱིར་ཕྱོགས་འདིས་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་ཆོས་རྣམས་ཀྱི་སྐད་མ་ཉིད་ལ་གནོད་པའི་ཕྱིར་གྲངས་ཅན་དག་གི་རྗེས་སུ་དཔག་པ་སྨྲས་པ་རྣམས་སུན་དབྱུང་བ་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཆོས་
གཟུགས་ཅན་ནི་ཡུལ་དང་དབང་པོ་རྣམས་སོ། །གཟུགས་ཅན་མ་ཡིན་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་རྣམས་ཀྱི་སྐད་ཅིག་མ་གང་དག་སངས་རྒྱས་པས་ཁས་བླང་བ་དག་ལ་གནོད་པ་བྱ་བའི་ཕྱིར་གྲངས་ཅན་དག་གི་རྗེས་སུ་དཔག་པ་དེ་དག་དང་མཐུན་པ་གཞན་གང་དག་སྨྲས་པ་དེ་དག་
ཐམས་ཅད་ཀྱང་ཕྱོགས་འདིས་འདྲ་བར་དགག་ཅིང་སུན་དབྱུང་བ་བརྗོད་པར་བྱའོ། །དེ་ལྟར་དེ་དག་ནི་མེ་དང་བུད་ཤིང་དག་གིས་རྒྱུ་དང་འབྲས་བུར་གྱུར་པ་དག་གི་དགག་པའི་རིམ་པ་ཐམས་ཅད་མ་ལུས་པར་རྣམ་པར་བཤད་པའི་ཚུལ་བསྟན་པ་ཡིན་ནོ།། །།བམ་པོ་བཞི་བཅུ་བརྒྱད་པ། ད་
เล่ม ๑๐๐ · หน้า 240a
ནི་མེ་དང་བུད་ཤིང་དག་གིས་ཡན་ལག་དང་ཡན་ལག་ཅན་དུ་གྱུར་པ་དག་གི་དགག་པའི་རིམ་པ་ཐམས་ཅད་མ་ལུས་པར་རྣམ་པར་བཤད་པའི་ཚུལ་བསྟན་པར་བྱ་སྟེ། དེ་ལ་རེ་ཞིག་ཡན་ལག་ཅན་ཕྱོགས་སུ་བྱས་ནས་གཅིག་པ་ཉིད་དང་གཞན་པ་ཉིད་དགག་པའི་རིམ་པ་བསྟན་
པའི་ཕྱིར་དེ་བཞིན་དུ་དོན་དམ་པར་ཡན་ལག་ཅན་སེང་ལྡེང་ནི་ཡན་ལག་སེང་ལྡེང་གི་རྩ་བ་དང་སྡོང་པོ་དང་ཡལ་ག་དང་ལོ་མ་ལ་སོགས་པ་དག་དང་གཅིག་པ་ཉིད་མ་ཡིན་ཏེ། དེ་དག་གི་ཕྱོགས་གཅིག་ཆད་ཀྱང་དེ་མི་ཆད་པའི་ཕྱིར་དཔེར་ན་རྒྱ་ཤུག་བཞིན་ནོ། །དོན་དམ་པར་ཡན་ལག་ཅན་སེང་ལྡེང་ནི་
ཡན་ལག་སེང་ལྡེང་གི་རྩ་བ་དང་སྡོང་པོ་དང་ཡལ་ག་དང་ལོ་མ་ལ་སོགས་པ་དག་ལས་གཞན་ཉིད་མ་ཡིན་ཏེ་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་སེང་ལྡེང་གི་ཡན་ལག་དག་གིས་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བར་སྦྱོར་བ་གཉིས་སྨྲས་ཏེ། ཡན་ལག་དག་ནི་སྔ་མ་བཞིན་ནོ། །ད་ནི་ཡན་ལག་
ཕྱོགས་སུ་བྱས་ནས་གཅིག་པ་ཉིད་དང་གཞན་ཉིད་དགག་པའི་རིམ་པ་བསྟན་པའི་ཕྱིར། དེ་བཞིན་དུ་དོན་དམ་པར་སེང་ལྡེང་གི་ཡན་ལག་དག་ནི་ཡན་ལག་ཅན་དང་གཅིག་པ་ཉིད་མ་ཡིན་ཏེ། དེའི་ཕྱོགས་གཅིག་ཆད་ཀྱང་དེ་དག་མི་ཆད་པའི་ཕྱིར་དཔེར་ན་རྒྱ་ཤུག་གི་ཡན་ལག་དག་
བཞིན་ནོ། །དོན་དམ་པར་སེང་ལྡེང་གི་ཡན་ལག་དག་ནི་ཡན་ལག་ཅན་ལས་གཞན་ཉིད་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་ཡན་ལག་ཅན་སེང་ལྡེང་གི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྦྱོར་བ་གཉིས་སྨྲས་ཏེ། ཡན་ལག་དག་ནི་སྔ་མ་བཞིན་ནོ། །ལྷག་མ་ནི་སྔ་མ་བཞིན་ནོ་ཞེས་བྱ་བས་
ནི་ཡན་ལག་ཕྱོགས་སུ་བྱས་ནས་ཡན་ལག་དགག་པའི་རིམ་པ་དོན་དམ་པར་སེང་ལྡེང་གི་ཡན་ལག་ནི་ཡན་ལག་ཅན་སེང་ལྡེང་རྩོམ་པར་བྱེད་པ་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བྱ་བ་དང་། ཡན་ལག་ཅན་ཕྱོགས་སུ་བྱས་ནས་ཡན་ལག་དགག་པའི་རིམ་པ།
དོན་དམ་པར་ཡན་ལག་ཅན་སེང་ལྡེང་ནི་སེང་ལྡེང་གི་ཡན་ལག་གིས་བརྩམ་པར་བྱ་བ་མ་ཡིན་ཏེ། ཡན་ལག་ཅན་ཡིན་པའི་ཕྱིར་དཔེར་ན་རྒྱ་ཤུག་བཞིན་ནོ་ཞེས་བྱ་བ་དང་། ཡན་ལག་ཅན་ཕྱོགས་སུ་བྱས་ནས་ལྟོས་པ་དགག་པའི་རིམ་པ་དོན་དམ་པར་ཡན་ལག་ཅན་སེང་ལྡེང་གྲུབ་པ་དང་མ་གྲུབ་པ་ནི་
เล่ม ๑๐๐ · หน้า 240b
སེང་ལྡེང་གི་ཡན་ལག་ལ་ལྟོས་པར་མི་བྱེད་དེ། ཡན་ལག་ཅན་ཡིན་པའི་ཕྱིར་དཔེར་ན་སྣམ་བུ་བཞིན་ནོ་ཞེས་བྱ་བ་དང་། ཡན་ལག་ཕྱོགས་སུ་བྱས་ནས་ལྟོས་པ་དགག་པའི་རིམ་པ་དོན་དམ་པར་སེང་ལྡེང་གི་ཡན་ལག་ནི་ཡན་ལག་ཅན་སེང་ལྡེང་གྲུབ་པ་དང་མ་གྲུབ་པའི་ལྟོས་པར་བྱ་བ་མ་ཡིན་ཏེ།
ཡན་ལག་ཡིན་པའི་ཕྱིར་དཔེར་ན་རྒྱུ་སྤུན་དག་བཞིན་ནོ་ཞེས་བྱ་བ་དང་། བརྒལ་བ་དང་ལན་ལ་སོགས་པ་ལྷག་མ་རྣམས་བརྗོད་པར་བྱ་བ་བསྟན་ཏོ། །ད་ནི་མེ་དང་བུད་ཤིང་དག་གི་ཡོན་ཏན་དང་ཡོན་ཏན་ཅན་དུ་གྱུར་པ་དག་གི་དགག་པའི་རིམ་པ་ཐམས་ཅད་མ་ལུས་པར་རྣམ་པར་བཤད་པའི་ཚུལ་བསྟན་པར་
བྱ་སྟེ། དེ་ལ་རེ་ཞིག་ཡོན་ཏན་ཅན་ཕྱོགས་སུ་བྱས་ནས་གཅིག་པ་ཉིད་དང་། གཞན་ཉིད་དགག་པའི་རིམ་པ་བསྟན་པའི་ཕྱིར་དེ་བཞིན་དུ་དོན་དམ་པར་སྣམ་བུ་ནི་རྒྱུ་སྤུན་གྱི་བདག་ཉིད་ཀྱི་གཟུགས་དག་དང་གཅིག་པ་ཉིད་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དང་རྫས་ཡིན་པའི་ཕྱིར་དཔེར་ན་
སབ་མ་བཞིན་ནོ། །དོན་དམ་པར་སྣམ་བུ་ནི་རྒྱུ་སྤུན་གྱི་བདག་ཉིད་ཀྱི་གཟུགས་དག་ལས་གཞན་ཉིད་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དང་དེ་ཞིག་ན་དེ་དག་ཀྱང་འཇིག་པའི་ཕྱིར་དཔེར་ན་རྒྱུ་སྤུན་དག་གི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྦྱོར་བ་གཉིས་སྨྲས་ཏེ། ཡན་ལག་དག་ནི་སྔ་མ་
བཞིན་ནོ། །ད་ནི་ཡོན་ཏན་ཕྱོགས་སུ་བྱས་ནས་གཅིག་པ་ཉིད་དང་གཞན་ཉིད་དགག་པའི་རིམ་པ་བསྟན་པའི་ཕྱིར་དེ་བཞིན་དུ་དོན་དམ་པར་རྒྱུ་སྤུན་གྱི་བདག་ཉིད་ཀྱི་གཟུགས་དག་ནི་སྣམ་བུ་དང་གཅིག་པ་ཉིད་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དང་རྫས་ཡིན་པའི་ཕྱིར་དཔེར་ན་རྩི་རྐྱང་བཞིན་ནོ། །
དོན་དམ་པར་རྒྱུ་སྤུན་གྱི་བདག་ཉིད་ཀྱི་གཟུགས་དག་ནི་སྣམ་བུ་ལས་གཞན་ཉིད་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དང་། དེ་ཞིག་ན་དེ་དག་ཀྱང་འཇིག་པའི་ཕྱིར་དཔེར་ན་སྣམ་བུའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྦྱོར་བ་གཉིས་སྨྲས་ཏེ། ཡན་ལག་ནི་སྔ་མ་བཞིན་ནོ། །ལྷག་མ་ནི་སྔ་མ་
བཞིན་ནོ་ཞེས་བྱ་བ་ནི་ཡོན་ཏན་ཕྱོགས་སུ་བྱས་ནས་ཡོན་ཏན་དགག་པའི་རིམ་པ་དོན་དམ་པར་ཡོན་ཏན་རྒྱུ་སྤུན་ནི་ཡོན་ཏན་ཅན་སྣམ་བུ་རྩོམ་པར་བྱེད་པ་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བྱ་བ་དང་། ཡོན་ཏན་ཅན་ཕྱོགས་སུ་བྱས་ནས་ཡོན་ཏན་ཅན་དགག་པའི་
เล่ม ๑๐๐ · หน้า 241a
རིམ་པ། དོན་དམ་པར་ཡོན་ཏན་ཅན་སྣམ་བུ་ནི་ཡོན་ཏན་ཅན་རྒྱུ་སྤུན་གྱིས་བརྩམ་པར་བྱ་བ་མ་ཡིན་ཏེ། ཡོན་ཏན་ཅན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་དང་། ཡོན་ཏན་ཅན་ཕྱོགས་སུ་བྱས་ནས་ལྟོས་པ་དགག་པའི་རིམ་པ། དོན་དམ་པར་ཡོན་ཏན་ཅན་སྣམ་བུ་གྲུབ་པ་དང་
མ་གྲུབ་པ་ནི་ཡོན་ཏན་རྒྱུ་སྤུན་ལ་ལྟོས་པར་མི་བྱེད་དེ། ཡོན་ཏན་ཅན་ཡིན་པའི་ཕྱིར་དཔེར་ན་སབ་མ་བཞིན་ནོ་ཞེས་བྱ་བ་དང་། ཡོན་ཏན་ཕྱོགས་སུ་བྱས་ནས་ལྟོས་པ་དགག་པའི་རིམ་པ། དོན་དམ་པར་ཡོན་ཏན་རྒྱུ་སྤུན་ནི་ཡོན་ཏན་ཅན་སྣམ་བུ་གྲུབ་པ་དང་མ་གྲུབ་པའི་ལྟོས་པར་བྱ་བ་མ་ཡིན་ཏེ། ཡོན་
ཏན་ཡིན་པའི་ཕྱིར་དཔེར་ན་རྩི་རྐྱང་བཞིན་ནོ་ཞེས་བྱ་བ་དང་། བརྒལ་བ་དང་ལན་ལ་སོགས་པ་ལྷག་མ་རྣམས་བརྗོད་པར་བྱ་བ་བསྟན་ཏོ། །ད་ནི་མེ་དང་བུད་ཤིང་དག་གི་མཚན་ཉིད་དང་མཚན་ཉིད་ཀྱི་གཞིར་གྱུར་པ་དག་གི་དགག་པའི་རིམ་པ་ཐམས་ཅད་མ་ལུས་པར་རྣམ་པར་བཤད་པའི་ཚུལ་བསྟན་པའི་
ཕྱིར། མཚན་ཉིད་དང་མཚན་ཉིད་ཀྱི་གཞི་དག་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། འདིར་མཚན་ཉིད་ནི་ལྐོག་ཤལ་ལ་སོགས་པའོ། །མཚན་ཉིད་ཀྱི་གཞི་ནི་བ་ལང་ལ་སོགས་པ་ཡིན་ནོ། །དེ་དག་ལ་ཡང་མཚན་ཉིད་ཀྱི་གཞི་ཕྱོགས་སུ་བྱས་ནས་གཅིག་པ་ཉིད་དང་གཞན་ཉིད་དགག་པའི་
རིམ་པ། དོན་དམ་པར་མཚན་ཉིད་ཀྱི་གཞི་བ་ལང་ནི་མཚན་ཉིད་ལྐོག་ཤལ་ལ་སོགས་པ་དང་གཅིག་པ་ཉིད་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་རྟའི་མཚན་ཉིད་བཞིན་ནོ། །དོན་དམ་པར་མཚན་ཉིད་ཀྱི་གཞི་བ་ལང་ནི་མཚན་ཉིད་ལྐོག་ཤལ་ལ་སོགས་པ་ལས་གཞན་ཉིད་མ་ཡིན་ཏེ།
ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་མཚན་ཉིད་ཀྱི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དག་དང་། མཚན་ཉིད་ཕྱོགས་སུ་བྱས་ནས་གཅིག་པ་ཉིད་དང་གཞན་ཉིད་དགག་པའི་རིམ་པ། དོན་དམ་པར་མཚན་ཉིད་ལྐོག་ཤལ་ལ་སོགས་པ་དག་ནི་མཚན་ཉིད་ཀྱི་གཞི་བ་ལང་དང་གཅིག་པ་ཉིད་མ་
ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དང་། རྫས་ཡིན་པའི་ཕྱིར་དཔེར་ན་རྩི་རྐྱང་བཞིན་ནོ། །དོན་དམ་པར་མཚན་ཉིད་ལྐོག་ཤལ་ལ་སོགས་པ་དག་ནི་མཚན་ཉིད་ཀྱི་གཞི་བ་ལང་ལས་གཞན་ཉིད་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དང་། དེ་ཞིག་ན་དེ་དག་ཀྱང་འཇིག་པའི་ཕྱིར་
เล่ม ๑๐๐ · หน้า 241b
དཔེར་ན་སྣམ་བུའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དག་དང་། མཚན་ཉིད་ཕྱོགས་སུ་བྱས་ནས་མཚན་ཉིད་ཀྱི་གཞི་དགག་པའི་རིམ་པ། དོན་དམ་པར་མཚན་ཉིད་ལྐོག་ཤལ་ལ་སོགས་པ་དག་ནི་མཚན་ཉིད་ཀྱི་གཞི་བ་ལང་མཚོན་པར་བྱེད་པ་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་
དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བྱ་བ་དང་མཚན་ཉིད་ཀྱི་གཞི་ཕྱོགས་སུ་བྱས་ནས་མཚན་ཉིད་ཀྱི་གཞི་དགག་པའི་རིམ་པ། དོན་དམ་པར་མཚན་ཉིད་ཀྱི་གཞི་བ་ལང་ནི་མཚན་ཉིད་ལྐོག་ཤལ་ལ་སོགས་པ་དག་གིས་མཚོན་པར་བྱ་བ་མ་ཡིན་ཏེ། མཚན་ཉིད་ཀྱི་གཞི་ཡིན་པའི་ཕྱིར་དཔེར་ན་
བུམ་པ་བཞིན་ནོ་ཞེས་བྱ་བ་དང་མཚན་ཉིད་ཀྱི་གཞི་ཕྱོགས་སུ་བྱས་ནས་ལྟོས་པ་དགག་པའི་རིམ་པ། དོན་དམ་པར་མཚན་ཉིད་ཀྱི་གཞི་བ་ལང་གྲུབ་པ་དང་མ་གྲུབ་པ་ནི་མཚན་ཉིད་ལྐོག་ཤལ་ལ་སོགས་པ་དག་ལ་ལྟོས་པར་མི་བྱེད་དེ། མཚན་ཉིད་ཀྱི་གཞི་ཡིན་པའི་ཕྱིར་དཔེར་ན་སབ་མ་བཞིན་
ནོ་ཞེས་བྱ་བ་དང་། མཚན་ཉིད་ཕྱོགས་སུ་བྱས་ནས་ལྟོས་པ་དགག་པའི་རིམ་པ། དོན་དམ་པར་མཚན་ཉིད་ལྐོག་ཤལ་ལ་སོགས་པ་དག་ནི་མཚན་ཉིད་ཀྱི་གཞི་བ་ལང་གྲུབ་པ་དང་མ་གྲུབ་པའི་ལྟོས་པར་བྱ་བ་མ་ཡིན་ཏེ། མཚན་ཉིད་ཡིན་པའི་ཕྱིར་དཔེར་ན་རྩི་རྐྱང་བཞིན་ནོ་ཞེས་བྱ་བ་དང་།
བརྒལ་བ་དང་ལན་ལ་སོགས་པ་ལྷག་མ་རྣམས་ཀྱང་བརྗོད་པར་བྱ་བ་བསྟན་ཏོ། །དེ་ལྟར་ན་མེ་དང་བུད་ཤིང་དག་གིས་བདག་དང་ཉེ་བར་བླང་བ་དག་གི་དགག་པའི་རིམ་པ་ཐམས་ཅད་བུམ་པ་དང་སྣམ་བུ་ལ་སོགས་པ་དག་དང་ལྷན་ཅིག་ཏུ་མ་ལུས་པར་རྣམ་པར་བཤད་པ་ཡིན་ནོ། །གལ་ཏེ་གཅིག་
པ་ཉིད་དགག་པའི་རྗེས་སུ་དཔག་པས་ནི་གཞན་ཉིད་དགག་པའི་རྗེས་སུ་དཔག་པ་ལ་གནོད་ལ། གཞན་ཉིད་དགག་པའི་རྗེས་སུ་དགག་པས་ཀྱང་གཅིག་པ་ཉིད་དགག་པའི་རྗེས་སུ་དཔག་པ་བསལ་བའི་ཕྱིར་གང་ཡང་རུང་བ་མི་འགྲུབ་པོ་ཞེ་ན་ཞེས་བྱ་བ་ནི། ཕ་རོལ་པོ་དག་ན་རེ་དབུ་མ་པའི་རྗེས་
སུ་དཔག་པ་དེ་གཉིས་ཀྱིས་གཅིག་གིས་གཅིག་བསལ་བས་གཉི་ག་མི་འགྲུབ་པོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གཉི་ག་བཀག་པས་འདོད་པ་འགྲུབ་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་དབུ་མ་པ་ནི་ཕྱོགས་དེ་
เล่ม ๑๐๐ · หน้า 242a
དག་གཉི་ག་དགག་པར་འདོད་པའི་ཕྱིར་རོ། །ད་ནི་དེ་ལྟར་མེ་དང་བུད་ཤིང་དག་གིས་བདག་དང་ཉེ་བར་བླང་བ་དང་། བུམ་པ་དང་སྣམ་བུ་ལ་སོགས་པ་དངོས་པོ་རྣམས་རྣམ་པ་དུ་མར་གཅིག་པ་ཉིད་དང་གཞན་ཉིད་དུ་མི་འཐད་པ་ན་སྨྲ་བ་པོ་རྟོག་པའི་རང་བཞིན་ཅན་མ་ཡིན་པ་མི་མཁས་
པ་བཞིན་དུ་མཁས་པར་རློམ་པའི་ང་རྒྱལ་ཅན་གང་དག་བདག་ཀྱང་ཉེ་བར་བླང་བ་དེ་དང་བཅས་པ་ཉིད་ན་བདག་ཡིན་ནོ་ཞེའམ། ཉེ་བར་བླང་བ་དེ་ལས་ཐ་དད་པ་ཉིད་ཡིན་ནོ་ཞེའམ། དངོས་པོ་རྣམས་ཀྱང་གང་གིས་དགག་པའི་རྒྱུ་དེ་དང་བཅས་པ་ཉིད་ཡིན་ནོ། དངོས་པོ་ཡིན་ནོ་ཞེའམ་དེ་ལས་ཐ་དད་པ་
ཉིད་དོ་ཞེས་གཅིག་པ་ཉིད་དང་གཞན་ཉིད་དུ་སྟོན་པ་དེ་དག་ནི། བདེ་བར་གཤེགས་པའི་བསྟན་པའི་དོན་ལ་མཁས་པ་ཡིན་པར་སློབ་དཔོན་གྱི་ཞལ་སྔ་ནས་མི་དགོངས་སོ་ཞེས་བསྟན་པའི་ཕྱིར་དེའི་ཕྱིར་དེ་ལྟར་དཔྱད་ན་དོན་དམ་པར་གཅིག་པ་ཉིད་དང་གཞན་ཉིད་མི་འཐད་དེ། མི་འཐད་དུ་ཟིན་ཀྱང་
བཅོམ་ལྡན་འདས་ཀྱིས་ཐ་སྙད་ཀྱི་དབང་གིས་འདུལ་བའི་སེམས་ཅན་རྣམས་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཡང་དག་པར་སྒྲུབ་པའི་ཕྱིར་དེ་དག་འཇིག་རྟེན་ལ་གྲགས་པ་དག་གིས་བཀའ་སྩལ་པ་ལ། ཁ་ཅིག་གིས་དེ་དག་ནི་དོན་དམ་པའོ་སྙམ་དུ་
རིག་ནས་ཆོས་རྣམས་དེ་ལྟར་སྤྲོས་པ་མེད་ཀྱང་སྤྲོས་པར་བྱེད་པ་དེ་ནི་རིགས་པ་མ་ཡིན་པར་སློབ་དཔོན་གྱིས་དགོངས་པ་ན། གང་དག་བདག་དང་དངོས་པོ་རྣམས། །དེ་བཅས་ཉིད་དང་ཐ་དད་པར། །སྟོན་པ་དེ་དག་བསྟན་དོན་ལ། །མཁས་སོ་སྙམ་དུ་མི་སེམས་སོ། །ཞེས་བྱ་བ་གསུངས་ཏེ་ཞེས་བྱ་བ་
སྨྲས་ཏེ། དེའི་ཕྱིར་དེ་ལྟར་མེ་དང་བུད་ཤིང་དག་གིས་དཔྱད་ན་དོན་དམ་པར་བདག་དང་ཉེ་བར་བླང་བ་དང་། བུམ་པ་དང་སྣམ་བུ་ལ་སོགས་པ་དངོས་པོ་རྣམས་གཅིག་པ་ཉིད་དང་གཞན་ཉིད་དུ་མི་འཐད་དོ། །དེ་ལྟར་དོན་དམ་པར་མི་འཐད་དུ་ཟིན་ཀྱང་ཐ་སྙད་ཀྱི་དབང་གིས་དགོས་པའི་དོན་གྱི་ཕྱིར་འཇིག་
རྟེན་ལ་གྲགས་པའི་བརྗོད་པ་དག་གིས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །སུས་བཀའ་སྩལ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཏེ་སྟོན་པ་ཐུགས་རྗེ་ཅན་གྱིས་སོ། །གང་གི་དབང་གིས་བཀའ་སྩལ་ཞེ་ན། ཐ་སྙད་ཀྱི་དབང་གིས་ཏེ་ཀུན་རྫོབ་ཀྱི་བདེན་པའི་ལུགས་རྣམ་པར་གཞག་པའི་དབང་གིས་སོ། །
เล่ม ๑๐๐ · หน้า 242b
དགོས་པའི་དོན་ཅིའི་ཕྱིར་བཀའ་སྩལ་ཞེ་ན། འདུལ་བའི་སེམས་ཅན་རྣམས་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཡང་དག་པར་སྒྲུབ་པའི་ཕྱིར་ཏེ། ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ནས་ལྷག་པའི་སེམས་སྐྱེ་ཞིང་ལྷག་པའི་སེམས་ལ་བརྟེན་ནས་ལྷག་
པའི་ཤེས་རབ་སྐྱེ་བ་ལ་སོགས་པའི་རིམ་གྱིས་ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་རྣམ་པར་དག་པའི་ལམ་རྣམས་ཀྱིས་བསྡུས་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཕྱིར་རོ། །གང་དག་བཀའ་སྩལ་ཞེ་ན། བདག་དང་ཉེ་བར་བླང་བ་དང་བུམ་པ་དང་སྣམ་བུ་ལ་
སོགས་པ་དངོས་པོ་རྣམས་གཅིག་པ་ཉིད་དང་གཞན་ཉིད་ཅེས་ཐ་སྙད་གདགས་པ་དེ་དག་གོ། །བརྗོད་པ་གང་དག་གིས་བཀའ་སྩལ་ཞེ་ན། འཇིག་རྟེན་ལ་གྲགས་པ་དག་གིས་བཀའ་སྩལ་ཏོ། །དེ་ལྟར་བཀའ་སྩལ་པ་ལ་ཁ་ཅིག་གིས་དེ་དག་ནི་དོན་དམ་པའོ་སྙམ་དུ་རིག་ནས་ཆོས་རྣམས་དེ་ལྟར་དོན་
དམ་པར་གཅིག་པ་ཉིད་དང་གཞན་ཉིད་ཅེས་བྱ་བ་ལ་སོགས་པའི་སྤྲོས་པ་མེད་ཀྱང་སྤྲོས་པར་བྱེད་པ་དེ་ནི་རིགས་པ་མ་ཡིན་པར་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་དགོངས་པ་ན་ཚིག་ལེའུར་བྱས་པ་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །ཚིག་ལེའུར་བྱས་པ་འདིའི་བསྡུས་པའི་དོན་ནི་སྨྲ་བ་
པོ་རྟོག་པའི་རང་བཞིན་ཅན་མ་ཡིན་པ་མི་མཁས་བཞིན་དུ་མཁས་པར་རློམ་པའི་ང་རྒྱལ་ཅན་གང་དག །བདག་དང་ཉེ་བར་བླང་བ་དེ་དང་བཅས་པ་ཉིད་ན་བདག་ཡིན་གྱི་འབའ་ཞིག་ནི་མ་ཡིན་ནོ་ཞེས་བདག་དང་ཉེ་བར་བླང་བ་དག་གཅིག་པ་ཉིད་དུ་སྟོན་པར་བྱེད་པ་དང་བདག་ལས་ཉེ་བར་བླང་བ་ཐ་དད་དོ་
ཞེས་བདག་དང་ཉེ་བར་བླང་བ་དག་གཞན་ཉིད་དུ་སྟོན་པར་བྱེད་པ་དང་། མེ་དང་བུད་ཤིང་དང་། རྒྱུ་དང་འབྲས་བུ་དང་། ཡན་ལག་དང་ཡན་ལག་ཅན་དང་། ཡོན་ཏན་དང་ཡོན་ཏན་ཅན་དང་། མཚན་ཉིད་དང་མཚན་ཉིད་ཀྱི་གཞིར་གྱུར་པའི་དངོས་པོ་རྣམས་ཀྱང་བུད་ཤིང་གང་གིས་མེར་གདགས་
པའི་བུད་ཤིང་དེ་དང་བཅས་པ་ཉིད་ན་མེ་ཡིན་གྱི་འབའ་ཞིག་ནི་མ་ཡིན་ནོ་ཞེས་མེ་དང་བུད་ཤིང་དག་གཅིག་པ་ཉིད་དུ་སྟོན་པར་བྱེད་པ་དང་། མེ་ལས་བུད་ཤིང་དག་ཐ་དད་དོ་ཞེས་མེ་དང་བུད་ཤིང་དག་གཞན་ཉིད་དུ་སྟོན་པར་བྱེད་པ་དང་། རྒྱུ་གང་གིས་འབྲས་བུར་གདགས་པའི་རྒྱུ་དེ་དང་
เล่ม ๑๐๐ · หน้า 243a
བཅས་པ་ཉིད་ན་འབྲས་བུ་ཡིན་གྱི་འབའ་ཞིག་ནི་མ་ཡིན་ནོ་ཞེས་རྒྱུ་དང་འབྲས་བུ་གཅིག་པ་ཉིད་དུ་སྟོན་པར་བྱེད་པ་དང་། འབྲས་བུ་ལས་རྒྱུ་ཐ་དད་དོ་ཞེས་རྒྱུ་དང་འབྲས་བུ་དག་གཞན་ཉིད་དུ་སྟོན་པར་བྱེད་པ་དང་། ཡན་ལག་གང་གིས་ཡན་ལག་ཅན་དུ་གདགས་པའི་ཡན་ལག་
དེ་དང་བཅས་པ་ཉིད་ན་ཡན་ལག་ཅན་ཡིན་གྱི། འབའ་ཞིག་ནི་མ་ཡིན་ནོ་ཞེས་ཡན་ལག་དང་ཡན་ལག་ཅན་དག་གཅིག་པ་ཉིད་དུ་སྟོན་པར་བྱེད་པ་དང་། ཡན་ལག་ཅན་ལས་ཡན་ལག་ཐ་དད་དོ་ཞེས་ཡན་ལག་དང་ཡན་ལག་ཅན་དག་གཞན་ཉིད་དུ་སྟོན་པར་བྱེད་པ་དང་། ཡོན་ཏན་གང་གིས་ཡོན་
ཏན་ཅན་དུ་གདགས་པའི་ཡོན་ཏན་དེ་དང་བཅས་པ་ཉིད་ནི་ཡོན་ཏན་ཅན་ཡིན་གྱི་འབའ་ཞིག་ནི་མ་ཡིན་ནོ་ཞེས་ཡོན་ཏན་དང་ཡོན་ཏན་ཅན་དག་གཅིག་པ་ཉིད་གདོན་པར་བྱེད་པ་དང་། ཡོན་ཏན་ཅན་ལས་ཡོན་ཏན་ཐ་དད་དོ་ཞེས་ཡོན་ཏན་དང་ཡོན་ཏན་ཅན་གཞན་ཉིད་དུ་སྟོན་པར་བྱེད་པ་དང་། མཚན་
ཉིད་གང་གིས་མཚན་ཉིད་ཀྱི་གཞིར་གདགས་པའི་མཚན་ཉིད་དེ་དང་བཅས་པ་ཉིད་ན་མཚན་ཉིད་ཀྱི་གཞི་ཡིན་གྱི། འབའ་ཞིག་ནི་མ་ཡིན་ནོ་ཞེས་མཚན་ཉིད་དང་མཚན་ཉིད་ཀྱི་གཞི་དག་གཅིག་པ་ཉིད་དུ་སྟོན་པར་བྱེད་པ་དང་། མཚན་ཉིད་ཀྱི་གཞི་ལས་མཚན་ཉིད་ཐ་དད་དོ་ཞེས་མཚན་ཉིད་དང་
མཚན་ཉིད་ཀྱི་གཞི་དག་གཞན་ཉིད་དུ་སྟོན་པར་བྱེད་པ་དེ་དག་ནི། བདེ་བར་གཤེགས་པའི་བསྟན་པའི་དོན་ལ་མཁས་པ་ཡིན་པར་ཁོ་བོ་མི་སེམས་སོ་ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚད་མ་དང་འགལ་བའི་ཆོས་གཞན་དག་ཁས་ལེན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་
སྨྲས་ཏེ། བདེ་བར་གཤེགས་པའི་བསྟན་པའི་དོན་ནི་གཅིག་པ་ཉིད་དང་གཞན་ཉིད་དུ་རྣམ་པར་རྟོག་པ་མང་པོའི་ལིང་ཏོག་དང་བྲལ་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་དམིགས་སུ་མེད་པ་ཡིན་ན་རང་དང་གཞན་གྱི་སྡེ་པ་གང་དག་དབུ་མ་པས་གཅིག་པ་ཉིད་དང་། གཞན་
ཉིད་མ་ཡིན་པར་འཐད་པས་སྒྲུབ་པའི་ཚད་མ་དང་འགལ་བའི་ཆོས་གཅིག་པ་ཉིད་དང་གཞན་ཉིད་ཅེས་བྱ་བ་དག་ཁས་ལེན་པའི་ཕྱིར་དེ་དག་ཤེས་རབ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་དགོངས་སོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་རབ་ཏུ་བྱེད་
เล่ม ๑๐๐ · หน้า 243b
པའི་དང་པོར་སྨྲས་པའི་སྒྲུབ་པ་དང་། དཔེ་མེད་པར་བསྟན་པས་རྟེན་ཅིང་འབྲེལ་པར་འབྱུང་བ་དོན་གཅིག་པ་མ་ཡིན་པ་དང་དོན་ཐ་དད་པ་མ་ཡིན་པའི་ཁྱད་པར་དང་ལྡན་པ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། མེ་དང་བུད་ཤིང་བརྟག་པའི་རབ་ཏུ་བྱེད་པ་
བཅུ་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་བལྟ་བ་ནི་ཕ་རོལ་པོས་སྔར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་དོན་དམ་པར་ཡོད་པར་བསྒྲུབ་པའི་ཕྱོགས་སྔ་མ་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། ཕན་ཚུན་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་མེ་དང་
བུད་ཤིང་བཞིན་ནོ་ཞེས་སྨྲས་པའི་སྒྲུབ་པ་དང་། དཔེ་མེད་པར་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དོན་གཅིག་པ་མ་ཡིན་པ་དང་དོན་ཐ་དད་པ་མ་ཡིན་པའི་ཁྱད་པར་དང་ལྡན་པ་བསྟན་པ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ་བསྟན་
པ་ལ་ཡོན་ཏན་ཅི་ཡོད་པ་དང་། དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ། ཞེས་ཟེར་བ་བསལ་བའི་ཕྱིར། འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱིས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་འཕགས་པ་ཚངས་པས་ཞུས་པའི་མདོ་ལས། ལུས་ལས་
གཞན་པའི་ཆོས་མི་མཐོང་ལ་ཆོས་ལས་གཞན་པའི་ལུས་མི་མཐོང་སྟེ། ཅི་ལྟར་གཉིས་མ་ཡིན་པ་དང་གཉིས་མ་ཡིན་པ་མ་ཡིན་པ་དེ་ལྟར་མཐོང་ངོ་། །དེ་ལྟར་མཐོང་བས་མངོན་སུམ་ཉིད་དུ་མཐོང་བ་ཡང་མི་མཐོང་ངོ་ཞེས་བྱ་བ་གསུངས་པ་དེ་དག་གྲུབ་པ་ནི་འདིའི་ཡོན་ཏན་དང་ཁུངས་ཡིན་ཏེ།
གཉིས་མ་ཡིན་པར་མཐོང་བ་ནི་གཞན་ཉིད་མ་ཡིན་ནོ། གཉིས་མ་ཡིན་པ་མ་ཡིན་པར་མཐོང་བ་ནི་གཅིག་པ་ཉིད་མ་ཡིན་པའོ། །དེ་སྐད་བཀའ་སྩལ་པ་ན། ཚངས་པས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ལྟར་མཐོང་བས་ཅི་ཞིག་མངོན་སུམ་ཉིད་དུ་མཐོང་ཞེས་ཞུས་པ་དང་། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་མཐོང་བས་མངོན་སུམ་ཉིད་དུ་མཐོང་བ་ཡང་མི་མཐོང་ངོ་ཞེས་གསུངས་པ་དེ་དག་གྲུབ་པ་ཡིན་ནོ། །དེ་དག་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་ཡས་པ་དག་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་
เล่ม ๑๐๐ · หน้า 244a
དད་པ་མ་ཡིན་པའི་ཁྱད་པར་དང་ལྡན་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི། གང་གི་ཕྱིར་དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་བསྟན་པའི་ཡོན་ཏན་དང་ཁུངས་ཡིན་ཏེ་དེའི་ཕྱིར་ཁོ་བོ་རང་གི་བསམ་པས་རྟོག་གེ་སྐོམ་པོ་ཙམ་
གྱིས་བསྒྲུབས་པ་མ་ཡིན་ཏེ། ལུང་དེ་དག་ཀྱང་ཡོད་དོ། །གང་གི་ཕྱིར་དེ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་ཡས་པ་དག་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་དད་པ་མ་ཡིན་པའི་ཁྱད་པར་དང་ལྡན་པ་བསྟན་པ་དེ་དག་བསྟན་བཅོས་འདིས་རྣམ་པར་
བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་སློབ་དཔོན་གྱི་ཞལ་སྔ་ནས་འགྲེལ་པ་བྱེད་པའི་མཁྱེན་རླབས་དང་མཁས་པ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། མེ་དང་བུད་ཤིང་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་
བྱེད་པ་བཅུ་པ་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།ད་ནི་དངོས་པོ་ངོ་བོ་ཉིད་མེད་པའི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་འཁོར་བ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་
གཅིག་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་ལྟ་སྟེ་ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་ད་ནི་
དངོས་པོ་ངོ་བོ་ཉིད་མེད་པའི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ཅད་བྱ་བ་མེད་པར་དམ་བཅས་པ་མཛད་པས་འདིར་ཡང་བསྟན་བཅོས་མཛད་པས་
ཅི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། དངོས་པོ་ངོ་བོ་ཉིད་མེད་པ་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བར་བྱེད་པའི་ཕྱོགས་ཡིན་ཏེ། འདི་ལྟ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ངོ་བོ་ཉིད་ཡོད་པ་ཉིད་
เล่ม ๑๐๐ · หน้า 244b
དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་པ་ཉིད་དུ་བསྒྲུབ་པའི་ཕྱོགས་སྔ་མ་ཉེ་བར་གཞག་པ་འོག་ནས་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མིང་དང་ཁྱད་པར་བསྟན་ནས་དེ་
ཟད་པར་བྱ་བའི་ཕྱིར་མན་ངག་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཕུང་པོ་ལ་སོགས་པ་ཡོད་པ་ཉིད་དུ་བསྒྲུབ་པའི་གཏན་ཚིགས་འཁོར་བ་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་དག་ཡིན་ནོ། །དེ་དགག་པས་ཞེས་བྱ་བ་ནི་དེ་དགག་པའི་དོན་གྱི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་བཅུ་
གཅིག་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས། འཁོར་བ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་གཅིག་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། འཁོར་བ་བརྟག་པའི་རབ་ཏུ་བྱེད་པ་བཅུ་
གཅིག་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་འཁོར་བ་དང་འཁོར་བ་པོ་དག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན་རྣམ་པ་གང་གིས་ནི་འབྲས་བུ་དེ་འཐོབ་ཅེ་ན། འཁོར་བ་ངོ་བོ་ཉིད་མེད་པ་ཉིད་
དུ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། དངོས་པོ་ངོ་བོ་ཉིད་མེད་པའི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འགྲེལ་པ་བྱེད་པས། རབ་ཏུ་བྱེད་པའི་མཚམས་སྦྱར་བའི་སྐབས་འདིར་ཐབས་དང་། ཐབས་ལས་བྱུང་བའི་འབྲས་བུ་དང་པོ་
ཁོ་ནར་བསྟན་ཏོ། །དངོས་པོ་ངོ་བོ་ཉིད་མེད་པའི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར་འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རང་གི་སྡེ་པ་དག་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། ཕན་ཚུན་ལྟོས་པ་དང་བཅས་པའི་ཕྱིར་དཔེར་
ན་མེ་དང་བུད་ཤིང་བཞིན་ནོ་ཞེས་ཟེར་བའི་སྒྲུབ་པ་དང་དཔེ་སུན་དབྱུང་བའི་ཞར་ལ་མེ་དང་བུད་ཤིང་བརྟག་པའི་རབ་ཏུ་བྱེད་པའི་སྐབས་སུ། མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་བླང་བའི་རིམ་པ་ཀུན། །བུམ་སྣམ་ལ་སོགས་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །ཅེས་
เล่ม ๑๐๐ · หน้า 245a
སྨྲས་པས། ཕུང་པོ་ལ་སོགས་པ་དངོས་པོ་ཐམས་ཅད་བཀག་ཏུ་ཟིན་ཀྱང་དེ་དག་ལ་མངོན་པར་ཞེན་པ་རང་གི་སྡེ་པ་དག་གིས་དེ་མི་བཟོད་པས་ཡང་དེ་དག་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་
ལྡན་འདས་ཀྱིས་མིང་དང་ཁྱད་པར་བསྟན་ནས་དེ་ཟད་པར་བྱ་བའི་ཕྱིར་མན་ངག་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་གང་མེད་པ་དེ་ལ་ནི་
མིང་དང་ཁྱད་པར་བསྟན་པ་དང་། དེ་ཟད་པར་བྱ་བའི་ཕྱིར་མན་ངག་བསྟན་པར་ཡང་མི་རིགས་ཏེ། དཔེར་ན་མགོ་གཉིས་པའི་མིག་གི་ནད་མེད་པར་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་ནོ། །དེ་དག་ལ་ནི་མིང་དང་ཁྱད་པར་བསྟན་ནས་དེ་ཟད་པར་བྱ་བའི་ཕྱིར་མན་ངག་
བསྟན་པ་འདི་ལྟ་སྟེ། དགེ་སློང་དག་འཁོར་བ་ཐོག་མ་དང་ཐ་མ་མེད་དེ། དམ་ཆོས་རྣམ་པར་མི་ཤེས་པའི། །བྱིས་པ་ལ་ནི་འཁོར་བ་རིང་། །ཞེས་བྱ་བ་དང་། དེ་བཞིན་དུ་དགེ་སློང་དག་དེ་ལྟ་བས་ན་ཁྱེད་ཀྱིས་འཁོར་བ་ཟད་པར་བྱ་བའི་ཕྱིར་ནན་ཏན་བྱའོ་ཞེས་དེ་ལྟར་བསླབ་པར་བྱའོ་ཞེས་
གསུངས་པ་དེ་དག་ཡོད་པས་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ཏེ། འཁོར་བ་ཞེས་བྱ་བས་ནི་ཕུང་པོ་ལ་སོགས་པ་དེ་དག་གི་མིང་བསྟན་ཏེ། འཁོར་བ་ནི་ཕུང་པོ་ལྔའི་བདག་ཉིད་དང་། འགྲོ་བ་ལྔའི་བདག་ཉིད་ལས་དང་ཉོན་མོངས་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །ཐོག་མ་
དང་ཐ་མ་མེད་དེ། དམ་ཆོས་རྣམ་པར་མི་ཤེས་པའི། །བྱིས་པ་ལ་ནི་འཁོར་བ་རིང་། །ཞེས་བྱ་བ་ནི་ཁྱད་པར་བསྟན་པ་ཡིན་ཏེ། འཁོར་བ་ནི་ཐོག་མ་དང་ཐ་མ་མེད་པའི་ཁྱད་པར་དང་ལྡན་པ་ཡིན་པའི་ཕྱིར་དང་། སྐྱེས་བུ་དམ་པ་རྣམས་ཀྱི་མཐོང་བའི་ཆོས་འཕགས་པའི་ལམ་རྣམ་པར་མི་ཤེས་
པའི་བྱིས་པ་རྣམས་ལ་འཁོར་བ་རིང་བའི་ཁྱད་པར་དང་ལྡན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་མིང་དང་ཁྱད་པར་བསྟན་ནས་དགེ་སློང་དག་དེ་ལྟ་བས་ན་ཁྱེད་ཀྱིས་འཁོར་བ་ཟད་པར་བྱ་བའི་ཕྱིར་ནན་ཏན་བྱའོ་ཞེས་དེ་ལྟར་བསླབ་པར་བྱའོ་ཞེས་གསུངས་པ་ནི་ཟད་པར་བྱ་བའི་ཕྱིར་མན་ངག་བསྟན་པ་
เล่ม ๑๐๐ · หน้า 245b
ཡིན་ཏེ། འཁོར་བ་ཟད་པར་བྱ་བའི་ཕྱིར་ཚོགས་ཀྱི་ལམ་ལ་ནན་ཏན་བྱ་ཞིང་། སྦྱོར་བའི་ལམ་དང་རྣམ་པར་དག་པའི་ལམ་རྣམས་ལ་བསླབ་པར་བྱའོ་ཞེས་གདམས་ངག་དང་རྗེས་སུ་བསྟན་པ་མཛད་པའི་ཕྱིར་རོ། །དེའི་ཕྱིར་གཏན་ཚིགས་ཅི་སྐད་སྨོས་པའི་མཐུས་ཕུང་པོ་ལ་སོགས་པ་དག་ཡོད་པ་
ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། འདི་ན་བཅོམ་ལྡན་འདས་ཀྱིས་མགོ་གཉིས་པའི་མིག་ལ་སོགས་པ་མེད་པ་གང་དག་གི་མིང་དང་། ཁྱད་པར་དང་། དེ་ཟད་པར་བྱ་བའི་ཕྱིར་མན་ངག་མ་བསྟན་པ་དེ་དག་ནི་དོན་དམ་པར་ཡོད་པ་མ་ཡིན་གྱི། ཕུང་པོ་ལ་
སོགས་པ་གང་དག་གི་མིང་དང་ཁྱད་པར་དང་། དེ་ཟད་པར་བྱ་བའི་ཕྱིར་མན་ངག་བསྟན་པ་དེ་དག་ནི་དོན་དམ་པར་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། འཇིག་རྟེན་གྱི་མགོན་པོས་སྐྱེ་བའི་རྒྱུན་ལས་དང་ཉོན་མོངས་
པས་བསྐྱེད་པ་སྒྱུ་མ་དང་སྨིག་རྒྱུ་ལྟ་བུ་སྐྱེ་བའི་གཉེན་པོ་མ་སྐྱེས་པ་རྒྱུན་མ་ཆད་པ་ལ་གཟིགས་ནས་བྱིས་པ་རྣམས་ཀྱི་འཁོར་བའི་རིང་ངོ་ཞེས་གསུངས་ཤིང་། སྐྱེ་བ་ནི་སྡུག་བསྔལ་རྣམ་པ་དུ་མའི་གླེང་གཞིར་གྱུར་པ་ཡིན་པས་འཁོར་བ་ཟད་པར་བྱ་བའི་ཕྱིར་གུས་པར་བྱ་བ་ཉིད་ལ་སྦྱར་བར་
བཞེད་པ་ནི་དེ་སྐད་གསུངས་པར་ཟད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་རྫོབ་ཀྱི་ཐ་སྙད་དུ་དེ་དག་གི་མིང་དང་། ཁྱད་པར་དང་། དེ་ཟད་པར་བྱ་བའི་ཕྱིར་མན་ངག་བསྟན་པར་ཟད་ཀྱི་དོན་དམ་པར་བསྟན་པ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཀུན་རྫོབ་ཀྱི་ཐ་སྙད་དུ་དེ་དག་སུས་བསྟན་
ཞེ་ན། འཇིག་རྟེན་གྱི་མགོན་པོས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སོ། །དེ་དག་གི་མིང་ཅི་སྐད་བསྟན་ཞེ་ན། སྐྱེ་བའི་རྒྱུན་ཞེས་བསྟན་ཏེ། དེས་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་བསྟན་ཏོ། །དེ་བྱེ་བྲག་ཏུ་བཤད་པའི་ཕྱིར་ལས་དང་ཉོན་མོངས་པས་བསྐྱེད་པ་ཞེས་བསྟན་
ཏེ། དེས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་རྒྱུ་ལས་བྱུང་བར་བསྟན་ཏོ། །དེའི་ངོ་བོ་ཉིད་བསྟན་པའི་ཕྱིར་སྒྱུ་མ་དང་སྨིག་རྒྱུ་ལྟ་བུ་ཞེས་བསྟན་ཏེ། དེས་ནི་མ་བརྟགས་ན་དགའ་བ་ཙམ་དུ་བསྟན་ཏོ། །དེའི་མཐའ་བསྟན་པའི་ཕྱིར། སྐྱེ་བའི་
เล่ม ๑๐๐ · หน้า 246a
གཉེན་པོ་མ་སྐྱེས་པ། །ཞེས་བསྟན་ཏེ། དེས་ནི་འཕགས་པའི་ལམ་མ་ཐོབ་པ་བསྟན་ཏོ། །དེ་ནི་རྒྱུན་བསྟན་པའི་ཕྱིར་རྒྱུན་མ་ཆད་པ་ཞེས་བསྟན་ཏེ། དེས་ནི་ཉོན་མོངས་པའི་ཐོབ་པ་མ་སྤངས་པ་བསྟན་ཏེ། །དེ་དག་གི་ཁྱད་པར་ཅི་སྐད་བསྟན་ཞེ་ན། བྱིས་པ་རྣམས་ཀྱི་འཁོར་བ་
རིང་། །ཞེས་གསུངས་ཏེ་འཕགས་པའི་ལམ་མ་ཐོབ་པ་རྣམས་ཀྱིའོ། །དེ་ཟད་པར་བྱ་བའི་ཕྱིར་མན་ངག་ཅི་སྐད་བསྟན་ཞེ་ན། སྐྱེ་བ་ནི་སྡུག་བསྔལ་རྣམ་པ་དུ་མའི་གླེང་གཞིར་གྱུར་པ་ཡིན་པས་འཁོར་བ་ཟད་པར་བྱ་བའི་ཕྱིར་གུས་པར་བྱ་བ་ཉིད་ལ་སྦྱར་བར་བཞེད་པ་ན་དེ་སྐད་གསུངས་པར་
ཟད་ཀྱི་ཞེས་བྱ་བ་སྨྲས་ཏེ། སྐྱེ་འདིའི་དོན་མེད་གང་ཕྱིར་སྐྱེ་བ་ཡོད་ན་རྒ་ཤི་དང་། །ནད་དང་སྡུག་བསྔལ་བསད་དང་བཅིང་ལ་སོགས་པའི་སྒྲ་དག་ཡོད། །གལ་ཏེ་འཇིགས་མང་སྐྱེ་བ་མེད་ན་དོན་མེད་དེ་མི་འབྱུང་། །ཤིང་སྐྱེས་མེད་ན་ནགས་མེད་རླུང་གིས་སྒྱེལ་བར་མི་འགྱུར་བཞིན། །ཞེས་
བྱ་བའི་ཚུལ་གྱིས་སྐྱེ་བ་ནི་སྡུག་བསྔལ་རྣམ་པ་དུ་མའི་གླེང་གཞིར་གྱུར་པ་ཡིན་ལ། དེ་ཟད་པ་ནི་ཉེ་བར་ཞི་བའི་བདེ་བ་ཡིན་པས་དེ་ཟད་པར་བྱ་བའི་ཕྱིར་གུས་པར་བྱ་བ་ཉིད་ལ་ཉན་ཐོས་རྣམས་སྦྱར་བར་བཞེད་པ་ན་དགེ་སློང་དག་དེ་ལྟ་བས་ན་ཁྱེད་ཀྱིས་འཁོར་བ་ཟད་པར་བྱ་བའི་ཕྱིར་ནན་ཏན་བྱའོ་
ཞེས་དེ་ལྟར་བསླབ་པར་བྱའོ་ཞེས་གསུངས་སོ། །ཅིའི་ཕྱིར་དེ་དོན་དམ་པར་གསུངས་པ་མ་ཡིན་ཞེ་ན། དེའི་ཕྱིར་རྟོག་པའི་རང་བཞིན་ཅན་རྣམས་ཀྱིས་ཡོངས་སུ་བརྟགས་ན་དོན་དམ་པར་འཁོར་བ་དང་མྱ་ངན་ལས་འདས་པ་དག་གི་ཁྱད་པར་འགའ་ཡང་དམིགས་སུ་མེད་པས། བཅོམ་
ལྡན་འདས་ཀྱིས་དོན་དམ་པར་གསུངས་པ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར་གལ་ཏེ་མིང་དང་ཁྱད་པར་བསྟན་ནས་དེ་ཟད་པར་བྱ་བའི་ཕྱིར་མན་ངག་བསྟན་པ་དེ་དོན་དམ་པ་པ་ཡིན་པར་འདོད་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །ཀུན་རྫོབ་པའི་གཏན་ཚིགས་ཡིན་པར་རྟོག་
ན་ནི་དོན་འགལ་བ་ཉིད་དང་དཔེ་མེད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དོན་དམ་པར་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །ཀུན་རྫོབ་ཏུ་སྒྲུབ་ན་ནི་ཁྱེད་དོན་དམ་པར་འདོད་པ་དང་འགལ་ཞིང་ཕུང་
เล่ม ๑๐๐ · หน้า 246b
པོས་བསྡུས་པ་ཐམས་ཅད་ཕྱོགས་སུ་བྱས་པས་ཆོས་མཐུན་པའི་དཔེ་མེད་པའི་སྐྱོན་ཡོད་དོ། །ད་ནི་བཅོམ་ལྡན་འདས་ཀྱིས་འཁོར་བ་ཐོག་མ་དང་ཐ་མ་མེད་དོ་ཞེས་གསུངས་པ་དེ་གང་གི་ཕྱིར་བཀའ་སྩལ་པ་དང་། དེ་ཀུན་རྫོབ་ཀྱི་ཐ་སྙད་དུ་གསུངས་པ་ཡིན་གྱི་དོན་དམ་པར་གསུངས་པ་
མ་ཡིན་པར་སློབ་དཔོན་གྱིས་ཚིག་ལེའུར་བྱས་པས་བཤད་པར་བསྟན་པའི་ཕྱིར། འཁོར་བ་ཐོག་མ་དང་ཐ་མ་མེད་དོ་ཞེས་གང་གསུངས་པ་ནི་འདི་ན་རྒྱུ་མེད་པར་སྨྲ་བ་བསལ་བའི་ཕྱིར་དངོས་པོ་རྒྱུ་ལས་སྐྱེའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུང་རབ་སྐྱེ་བ་བསྟན་པའི་ཕྱོགས་སུ་བཀའ་
སྩལ་པ་དེ་སུན་དབྱུང་བར་འདོད་པའི་མུ་སྟེགས་ཅན་དག་གིས་བཅོམ་ལྡན་འདས་ལ་ཅི་ལྟར་འཁོར་བའི་སྔོན་མཐའ་མངོན་ནམ་ཞེས་ཞུས་ཚེ། ཐུབ་པ་ཆེན་པོས་མིན་ཞེས་གསུངས། འཁོར་བ་ཐོག་མ་ཐ་མ་མེད། །དེ་ལ་སྔོན་དང་ཕྱི་མ་མེད། །ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། བཅོམ་ལྡན་
འདས་ཀྱིས་འཁོར་བ་ཐོག་མ་དང་ཐ་མ་མེད་དོ་ཞེས་གང་གསུངས་པ་ནི་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་འདི་ན་རྒྱུ་མེད་པར་སྨྲ་བ་བསལ་བའི་ཕྱིར་དངོས་པོ་རྒྱུ་ལས་སྐྱེའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུང་རབ་སྐྱེ་བ་བསྟན་པ་ཀུན་རྫོབ་ཀྱི་ཕྱོགས་སུ་བཀའ་སྩལ་པ་དེས། རྒྱུ་གཅིག་ནས་
གཅིག་ཏུ་བརྒྱུད་པ་དག་ལ་རྩོམ་པའི་དུས་ངེས་པ་མེད་པའི་ཕྱིར་འཁོར་བ་ལ་ཐོག་མ་མེད་ལ། སྐྱེ་བའི་གཉེན་པོ་འཕགས་པའི་ལམ་མ་ཤར་བ་དག་ལ་ཐ་མ་མ་གྲུབ་པའི་ཕྱིར་འཁོར་བ་ལ་ཐ་མ་མེད་པར་བསྟན་པས་འཇིག་རྟེན་གསུམ་པོ་དག་ལས་དང་ཉོན་མོངས་པ་ལ་སོགས་པའི་སྐྱོན་
མེད་པར་གློ་བུར་དུ་མི་སྐྱེ་བ་དང་། བྱེད་པ་པོ་དང་། འབྱིན་པ་པོ་ཚངས་པ་ལ་སོགས་པ་དག་ཀྱང་མེད་པར་བཀའ་སྩལ་པ་དེ་སུན་དབྱུང་བར་འདོད་པའི་མུ་སྟེགས་ཅན་དག་གིས་བཅོམ་ལྡན་འདས་ལ་འཁོར་བའི་སྔོན་གྱི་མཐའ་མངོན་ནམ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཐུབ་
པ་ཆེན་པོས་སྔོན་གྱི་མཐའ་མི་མངོན་ནོ་ཞེས་གསུངས་པས་འཁོར་བ་ཐོག་མ་དང་ཐ་མ་མེད་དེ། དེ་ལ་སྔོན་དང་ཕྱི་མ་མེད་དོ་ཞེས་བཀའ་སྩལ་ཏོ། །འདི་སྐད་བསྟན་ཏེ། རྫོགས་བྱེད་ལ་སོགས་པ་མུ་སྟེགས་ཅན་རྣམས་རྟོག་ཁང་དུ་འཁོད་ཅིང་མཐུན་པར་གྱུར་པ་ན་འདི་སྙམ་དུ་སེམས་
เล่ม ๑๐๐ · หน้า 247a
ཏེ། བདག་ཅག་སྔོན་གྱི་རྒྱལ་པོ་རྣམས་དང་། གྲོང་རྡལ་གྱི་མི་རྣམས་དང་། ལྗོངས་ཀྱི་མི་རྣམས་ཀྱི་བར་གྱིས་མཆོད་པར་གྱུར་ཅིང་ཆོས་གོས་དང་། བསོད་སྙོམས་ལ་སོགས་པ་དག་ཀྱང་རྙེད་པར་གྱུར་ན་གང་ཚུན་ཆད་ནས་དགེ་སྦྱོང་གཽ་ཏ་མ་འདི་བྱུང་བ་དེ་ཚུན་ཆད་ནས་བདག་
ཅག་རྒྱལ་པོ་རྣམས་དང་གྲོང་རྡལ་གྱི་མི་རྣམས་དང་ལྗོངས་ཀྱི་མི་རྣམས་ཀྱི་བར་གྱིས་མཆོད་པར་མ་གྱུར་ཅིང་ཆོས་གོས་དང་། བསོད་སྙོམས་ལ་སོགས་པ་དག་ཀྱང་རྙེད་པར་མ་གྱུར་གྱིས། དེའི་ཕྱིར་བདག་ཅག་དོང་ལ་དེ་འདི་ལྟར་སུན་དབྱུང་བར་བྱ་སྟེ། བདག་ཅག་གིས་དེ་ལ་འདི་སྐད་ཅེས། ཀྱེ་
གཽ་ཏ་མ་ཅི་འཁོར་བ་འདི་ལ་སྔོན་གྱི་མཐའ་མངོན་ནམ་ཞེས་དྲི་བར་བྱའོ། །དེ་སྐད་དྲིས་པ་ན་གལ་ཏེ་སྔོན་གྱི་མཐའ་མངོན་ནོ་ཞེས་ཟེར་ན་དེ་ལྟ་ན་འཁོར་བ་ལ་བྱེད་པ་པོ་དང་འབྱིན་པ་པོ་ཡོད་པར་འགྱུར་ཞིང་འཇིག་རྟེན་གསུམ་རྒྱུ་མེད་པ་ལས་བྱུང་བར་ཡང་གྱུར་པས་དེས་ན་དགེ་སྦྱོང་གཽ་ཏ་མ་འཁོར་བ་ལ་བྱེད་པ་པོ་
དང་འབྱིན་པ་པོ་མེད་པ་ཉིད་དུ་སྨྲ་བ་དང་། འཇིག་རྟེན་གསུམ་རྒྱུ་དང་རྐྱེན་ལས་བྱུང་བར་སྨྲ་བ་སུན་ཕྱིན་པར་འགྱུར་རོ། །ཅི་སྟེ་སྔོན་གྱི་མཐའ་མི་མངོན་ནོ་ཞེས་ཟེར་ན་ཡང་དེ་ལྟ་ན་ཡང་དེ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་ཀྱིས་སུན་ཕྱིན་པར་འགྱུར་རོ་སྙམ་ནས་དེ་ལྟར་བསམས་ཏེ་དོང་ནས།
བཅོམ་ལྡན་འདས་ལ་ཀྱེ་གཽ་ཏ་མ་ཅི་ལྟར་འཁོར་བའི་སྔོན་གྱི་མཐའ་མངོན་ནམ་ཞེས་ཞུས་པའི་ཚེ། ཐུབ་པ་ཆེན་པོས་མི་མངོན་ནོ་ཞེས་གསུངས་པས་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་དོ། །དེ་ལ་སྔོན་དང་ཕྱི་མ་མེད་དོ་ཞེས་བསྟན་ཏེ། དེའི་དོན་ནི་ཐོག་མ་མེད་པ་དང་ལྡན་པ་ལ། གཞན་གྱིས་ཐོག་
མ་དང་ལྡན་པར་ཡོངས་སུ་བརྟགས་པ་བསལ་བ་ཡིན་ཏེ། འདི་ལྟར་སྨྲ་བ་པོ་གཞན་དག་འཁོར་བ་ནི་ལས་དང་ཉོན་མོངས་པའི་རྒྱུ་མེད་པར་གློ་བུར་དུ་ལྟུང་བ་དང་། བྱེད་པ་པོ་དང་། འབྱིན་པ་པོ་ཚངས་པ་ལ་སོགས་པ་ཡོད་པར་འདོད་པ་དེ་གཉི་ག་བཅོམ་ལྡན་འདས་ཀྱིས་སྔོན་གྱི་མཐའ་མི་
མངོན་པར་བཀའ་སྩལ་པས་བསལ་བའི་ཕྱིར་སུན་དབྱུང་བའི་སྐབས་མི་རྙེད་དེ་གང་ལ་སྔོན་གྱི་མཐའ་མི་མངོན་པ་དེ་ལ་ཕྱི་མའི་མཐའ་མི་མངོན་པས་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་དོ་ཞེས་བཀའ་སྩལ་ཏོ། །དེ་ལ་འཁོར་བ་ནི་ཀུན་ཏུ་འགྲོ་བ་སྟེ་སྐྱེ་བ་དང་རྒ་ཤིའི་དཔྱང་ཐག་
เล่ม ๑๐๐ · หน้า 247b
གི་རྒྱུན་མ་ཆད་པའོ་ཞེས་བྱ་བས་ནི། འཁོར་བ་ཞེས་བྱ་བའི་ཚིག་གི་དོན་བསྟན་ཏོ། །ཐོག་མ་དང་ཐ་མ་མེད་དེ། ཐོག་མ་དང་ཐ་མ་ནི་ཐོག་མ་དང་ཐ་མ་དག་སྟེ། དེ་ལ་ཐོག་མ་དང་ཐ་མ་དག་མེད་པའི་ཕྱིར་སྔོན་དང་ཕྱི་མ་མེད་པར་གསུངས་ཏེ་ཞེས་པས་ནི་ཐོག་མ་དང་ཐ་མ་ཞེས་བྱ་བ་དང་། དེ་ལ་ཐོག་མ་
དང་ཐ་མ་མེད་པ་ཞེས་བྱ་བའི་ཚིག་གི་དོན་བསྟན་ཏོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཁོར་བ་ན་ཐོག་མ་དང་ཐ་མ་མེད་པར་གསུངས་ཤེ་ན། རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དག་ལས་རྩོམ་པའི་དུས་ངེས་པ་མེད་པའི་ཕྱིར་དང་། གཉེན་པོ་མ་ཤར་བ་དག་ལ་ཐ་མ་མ་གྲུབ་པའི་ཕྱིར་
ཞེས་བྱ་བ་སྨྲས་ཏེ་གོ་རིམས་བཞིན་ནོ། །དེ་ལྟར་འཁོར་བ་ཞེས་བྱ་བའི་མིང་དང་ཁྱད་པར་བསྟན་པ་དེ་ཡང་ཐ་སྙད་དུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་གྱི། དེའི་ཕྱིར་ཕ་རོལ་པོ་དག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །དེའི་ཕྱིར་དེ་ནི་ལན་གདབ་པའི་ཚིག་ཡིན་ནོ་ཞེས་བྱ་བ་ནི་འཁོར་
བ་ཐོག་མ་དང་ཐ་མ་མེད་དེ། དེ་ལ་སྔོན་དང་ཕྱི་མ་མེད་དོ་ཞེས་བྱ་བ་དེ་ནི་རྫོགས་བྱེད་ལ་སོགས་པས་དྲིས་པ་ལ་ལན་གདབ་པའི་ཚིག་ཡིན་གྱི། ཕུང་པོ་ལ་སོགས་པ་དག་རྫས་སུ་ཡོད་པ་ཉིད་དུ་སྟོན་པའི་ཚིག་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ལ་
ལོག་པ་མི་གསུང་བ་ཉིད་དུ་ཡིད་ཆེས་པ་ཡང་དག་པར་སྐྱེས་པ་རྣམས་ལ་ནི་དེ་ལ་ཡིད་ཆེས་པར་འགྱུར་གྱི་ཚད་མ་ལྟར་སྣང་བས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་གཞན་དག་ནི་ཡིད་ཆེས་པར་མི་འགྱུར་ལ། ཐུབ་པའི་དབང་པོའི་གསུང་རབ་འདི་ཡང་སློབ་དཔོན་གྱི་དཔེ་མཁྱུད་དང་བྲལ་བ་ཡིན་པས་
དེའི་ཕྱིར་དོན་འདི་གཞན་ལ་བསྟན་པར་ནུས་པའི་རྗེས་སུ་དཔག་པ་བརྗོད་པར་བྱ་སྟེ་ཞེས་བྱ་བས་ནི་དེ་ལྟར་བཅོམ་ལྡན་འདས་ཀྱིས་འཁོར་བའི་མིང་དང་། ཁྱད་པར་དང་། དེ་ཟད་པར་བྱ་བའི་ཕྱིར་མན་ངག་བསྟན་པ་དག་ཐ་སྙད་དུ་ཡིན་གྱི་དོན་དམ་པར་མ་ཡིན་པས་ཕ་རོལ་པོའི་གཏན་ཚིགས་
ཀྱི་དོན་མ་གྲུབ་པ་ཉིད་ལ་སོགས་པ་དག་ཉན་པའི་སྐྱེ་བོ་གང་དག་བཅོམ་ལྡན་འདས་ནི་ལོག་པ་མི་གསུང་བ་ཡང་དག་པ་ཉིད་དུ་གསུང་བའོ་ཞེས་བཅོམ་ལྡན་འདས་ལ་ཡིད་ཆེས་པ་ཡང་དག་པར་སྐྱེས་པ་རྣམས་ནི་བཅོམ་ལྡན་འདས་ཀྱི་ལུང་དེ་ལ་ཡིད་ཆེས་པར་འགྱུར་བས་དེ་དག་ལ་ནི་
เล่ม ๑๐๐ · หน้า 248a
ཡིད་ཆེས་པའི་ལུང་གི་ཚད་མས་བསྒྲུབས་པས་ཆོག་པའི་ཕྱིར་རྗེས་སུ་དཔག་པའི་ཚད་མས་སྒྲུབ་མི་དགོས་སོ། །ཉན་པའི་སྐྱེ་བོ་གང་དག་ལྷ་ཆེན་པོ་དང་། ཁྱབ་འཇུག་དང་། དབྱིག་གི་སྙིང་པོ་དང་། སེར་སྐྱ་དང་། གཟེགས་ཟན་དང་། རྐང་མིག་དང་། འཕེལ་བ་
ལ་སོགས་པས་སྨྲས་པ། ཚད་མ་མ་ཡིན་པར་ཚད་མ་ལྟར་སྣང་བས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་གཞན་དག་ནི་བཅོམ་ལྡན་འདས་ཀྱིས་ལུང་དེ་ལ་ཡིད་ཆེས་པར་མི་འགྱུར་བས་དེ་དག་ལ་ནི་རྗེས་སུ་དཔག་པའི་ཚད་མས་ཀྱང་བསྒྲུབ་དགོས་ལ། ཐུབ་པའི་དབང་པོ་སངས་རྒྱས་བཅོམ་
ལྡན་འདས་ཀྱི་གསུང་རབ་འདི་ཡང་སློབ་དཔོན་གྱི་དཔེ་མཁྱུད་དང་བྲལ་བ་ཡིན་པས་འགྲེལ་པ་བྱེད་པ་ཡང་གཞན་ལ་དོན་འདི་བསྟན་པ་ལ་དབྲི་བཀོལ་མི་བྱེད་པས་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཁོར་བའི་མིང་དང་། ཁྱད་པར་བསྟན་པ་དང་། དེ་ཟད་པར་བྱ་བའི་ཕྱིར་མན་ངག་བསྟན་
པ་དེ་དག་ཐ་སྙད་དུ་ཡིན་གྱི་དོན་དམ་པར་མ་ཡིན་པས་ཕ་རོལ་པོའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ལ་སོགས་པའི་དོན་འདི་གཞན་ལ་བསྟན་པར་ནུས་པའི་རྗེས་སུ་དཔག་པ་བརྗོད་པར་བྱའོ་ཞེས་བསྟན་ཏོ། །དེའི་བསྐལ་པ་དང་པོའི་ལུས་ཅན་རྣམས་ཀྱི་ལུས་དང་། དབང་པོ་དང་། བློའི་ཚོགས་
གང་ཡིན་པ་དེ་ནི་ཚེ་རབས་གཞན་དག་ཏུ་ཉེ་བར་བསགས་པའི་ལས་དགེ་བ་དང་མི་དགེ་བའི་རྒྱུ་ཅན་ཡིན་པར་ཤེས་པར་བྱ་སྟེ། བདེ་བ་དང་། སྡུག་བསྔལ་བ་དང་། ཆོས་དང་། ཆོས་མ་ཡིན་པ་ལ་སོགས་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་དཔེར་ན་དེང་སང་གི་ལུས་དང་། དབང་པོ་དང་། བློའི་
ཚོགས་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དེང་སང་གི་ལུས་ཅན་རྣམས་ཀྱི་ལུས་དང་། དབང་པོ་དང་། བློའི་ཚོགས་གང་ཡིན་པ་དེ་ནི་བདེ་བ་དང་སྡུག་བསྔལ་
དང་། ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཚེ་རབས་སྔ་མ་གཞན་དག་ཏུ་ཉེ་བར་བསགས་པའི་ལས་དགེ་བ་དང་། མི་དགེ་བའི་རྒྱུ་ཅན་ཡིན་པར་ཤེས་པར་བྱ་བ་དེ་བཞིན་དུ་བསྐལ་པ་དང་པོའི་ལུས་ཅན་རྣམས་ཀྱི་ལུས་དང་དབང་པོ་དང་། བློའི་ཚོགས་གང་
เล่ม ๑๐๐ · หน้า 248b
ཡིན་པ་དེ་ཡང་བདེ་བ་དང་སྡུག་བསྔལ་བ་དང་། ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཚེ་རབས་སྔ་མ་གཞན་དག་ཏུ་ཉེ་བར་བསགས་པའི་ལས་དགེ་བ་དང་། མི་དགེ་བའི་རྒྱུ་ཅན་ཡིན་པར་ཤེས་པར་བྱ་སྟེ། དེས་ནི་འཁོར་བའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དག་ལ་
རྩོམ་པའི་དུས་ངེས་པ་མེད་པའི་ཕྱིར་ཐོག་མ་མེད་པ་དང་། གཉེན་པོ་མ་ཤར་བ་དག་ལ་ཐ་མ་མ་གྲུབ་པའི་ཕྱིར་ཐ་མ་མེད་པར་ཤེས་པར་བྱའོ། །དེ་བཞིན་དུ་ཐུན་མོང་མ་ཡིན་པར་དམིགས་པའི་རྒྱུ་ཉིད་དང་། ཕན་གདགས་པར་བྱ་བ་ཉིད་དང་། ཕན་འདོགས་པར་བྱེད་པ་ཉིད་དང་།
དགའ་བ་དང་ཡོངས་སུ་གདུང་བའི་རྒྱུ་ཉིད་དང་། རྣམ་པར་འཇིག་པའི་ཆོས་ཅན་ཉིད་ལ་སོགས་པའི་གཏན་ཚིགས་དག་དང་། དམ་བཅས་པ་དང་། དཔེ་ཅི་སྐད་བསྟན་པ་དག་གི་རྗེས་སུ་དཔག་པར་རྒྱས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པར་སྒྲུབ་
པའི་གཏན་ཚིགས་བདེ་བ་དང་སྡུག་བསྔལ་དང་། ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མཚན་ཉིད་ཀྱི་སྒྲའི་ཚུལ་ཉེ་བར་གཟུང་བའི་ཕྱིར་མཚོན་པ་ཙམ་དུ་ཟད་ཀྱི་དམ་བཅས་པ་དང་། དཔེ་སྔ་མའི་གཏན་ཚིགས་ནི་འདི་དག་ཀྱང་ཡིན་པར་སྦྱར་རོ། །
ལྷག་མ་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་དམ་བཅས་པ་དང་དཔེ་ནི་སྔ་མ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །འདིར་མུ་སྟེགས་ཅན་དག་གིས་སྨྲས་པ་ཞེས་བྱ་བ་ལ་སོགས་པས་ནི་འདིར་ཕ་རོལ་པོ་དག་འཁོར་བ་ལ་ཐ་མ་ཡོད་པའི་གཏན་ཚིགས་ཀྱིས་ཐོག་མ་ཡང་ཡོད་པར་སྒྲུབ་པའི་ལྟག་ཆོད་ཅུང་ཞིག་
སྟོན་ཏོ། །དེའི་ཕྱིར་འཁོར་བ་ནི་ཐོག་མ་ཡོད་པར་གཟུང་བར་བྱ་སྟེ། ཐ་མ་ཡོད་པའི་ཕྱིར་རོ། །གང་ལ་ཐ་མ་ཡོད་པ་དེ་ལ་ནི་ཐོག་མ་ཡང་ཡོད་པར་མཐོང་སྟེ་དཔེར་ན་བུམ་པ་བཞིན་ནོ། །དེ་བཞིན་དུ་ཡང་དག་པའི་ཤེས་པ་སྐྱེས་པའི་འཁོར་བ་ལ་ཡང་ཐ་མ་ཡོད་པས་དེའི་ཕྱིར་གཏན་ཚིགས་ཅི་སྐད་སྨོས་
པའི་མཐུས་འཁོར་བ་ནི་ཐོག་མ་ཡོད་པར་གཟུང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་
เล่ม ๑๐๐ · หน้า 249a
ན་བུམ་པ་གང་ལ་ཐ་མ་གྱོ་མོ་ཡོད་པ་དེ་ལ་ཐོག་མ་འཇིམ་པ་ཡང་ཡོད་པ་དེ་བཞིན་དུ་རྣལ་འབྱོར་པ་ཡང་དག་པའི་ཤེས་པ་སྐྱེས་པའི་འཁོར་བ་གང་ལ་ཐ་མ་རྣམ་པར་གྲོལ་བ་དང་མྱ་ངན་ལས་འདས་པ་ཡོད་པ་དེ་ལ་ཡང་ཐོག་མ་རྩོམ་པ་ཡོད་པར་གཟུང་བར་བྱའི་ཞེས་ཟེར་རོ། །དེ་སྐད་
ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ལ་འདིར། འཁོར་བ་འབའ་ཞིག་སྔོན་གྱི་མཐའ། །ཡོད་མ་ཡིན་པ་མ་ཡིན་གྱི། །དངོས་རྣམས་ཐམས་ཅད་ཉིད་ལ་ཡང་། །སྔོན་གྱི་མཐའ་ནི་ཡོད་མ་ཡིན། །ཞེས་འོག་ནས་སྟོན་པར་འགྱུར་བའི་ཕྱིར་བུམ་པ་ལ་སོགས་པ་ཐོག་མ་
མེད་པའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་བྱུང་བ་དག་ལ་ཡང་། ཐོག་མ་ཡོད་པ་ཉིད་དུ་མ་གྲུབ་པའི་ཕྱིར་སྒྲུབ་པ་དཔེ་མ་ཚང་བའི་སྐྱོན་ཡོད་དོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོའི་ཚིག་དེ་ནི་ལྷག་ཆོད་པ་ཡིན་གྱི་སུན་འབྱིན་པ་མ་ཡིན་ནོ་ཞེས་བག་ཚ་བ་མེད་པར་ལན་གདབ་པར་བྱའོ། །འདི་
སྐད་བསྟན་ཏེ་རབ་ཏུ་བྱེད་པ་འདི་ཉིད་ཀྱི་མཇུག་ནས། འཁོར་བ་འབའ་ཞིག་སྔོན་གྱི་མཐའ། །ཡོད་མ་ཡིན་པ་མ་ཡིན་གྱི། །དངོས་རྣམས་ཐམས་ཅད་ཉིད་ལ་ཡང་། །སྔོན་གྱི་མཐའ་ནི་ཡོད་མ་ཡིན། །ཞེས་འབྱུང་བས་གང་གི་ཕྱིར་དེ་ལྟར་ཡང་དག་པ་ཅི་ལྟ་བ་བཞིན་དུ་བརྟགས་ནས་དངོས་པོ་
ཐམས་ཅད་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་པ་དེའི་ཕྱིར་འཁོར་བ་འབའ་ཞིག་ལ་སྔོན་གྱི་མཐའ་ཡོད་པ་མ་ཡིན་པར་མ་ཟད་ཀྱི། དངོས་པོར་འདོད་པ་ཐམས་ཅད་ལ་ཡང་སྔོན་གྱི་མཐའ་ཡོད་པ་མ་ཡིན་པས་བུམ་པ་ལ་སོགས་པ་ཐོག་མ་མེད་པའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་
ལས་ཐོག་མ་ཡོད་པ་ཉིད་དུ་མ་གྲུབ་སྟེ། སློབ་དཔོན་འཕགས་པ་ལྷས་ཀྱང་། བུམ་པ་རྒྱུ་ལས་གྲུབ་ཡིན་ན། །རྒྱུ་ཡང་གཞན་ལས་གྲུབ་པ་ཡིན། །གང་ལ་རང་ལས་གྲུབ་མེད་པ། །དེ་ཡིས་གཞན་ནི་ཅི་ལྟར་སྐྱེད། །ཅེས་ཅི་སྐད་གསུངས་པ་ལྟ་བུ་སྟེ། དེའི་ཕྱིར་ཕ་རོལ་པོ་དག་འཁོར་བ་
ཐོག་མ་ཡོད་པར་བསྒྲུབ་པའི་དཔེ་བུམ་པ་བཞིན་ནོ་ཞེས་བྱ་བ་དེ་བསྒྲུབ་པར་བྱ་བ་ཆོས་དང་མི་ལྡན་པས་དཔེ་མ་ཚང་བའི་སྐྱོན་ཡོད་དོ། །ཐ་མ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་ཀྱང་མ་གྲུབ་པ་ཉིད་དེ། འཁོར་བ་ནི་མཐའ་དང་ལྡན་པ་ཉིད་ལ་སོགས་པའི་དབྱེ་བས་ལུང་དུ་མ་
เล่ม ๑๐๐ · หน้า 249b
བསྟན་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་ཕ་རོལ་པོ་འཁོར་བ་ཐོག་མ་ཡོད་པར་སྒྲུབ་པའི་གཏན་ཚིགས་ཐ་མ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་མ་གྲུབ་པ་ཉིད་དུ་སྟོན་ཏེ། ཅིའི་ཕྱིར་མ་གྲུབ་ཅེ་ན། བཅོམ་ལྡན་འདས་ཀྱིས་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་བཀའ་སྩལ་པ་ལས།
འཇིག་རྟེན་རྟག་པ་དང་འཇིག་རྟེན་མི་རྟག་པ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་དང་། འཇིག་རྟེན་མཐའ་ཡོད་པ་དང་། འཇིག་རྟེན་མཐའ་ཡོད་པ་མ་ཡིན་པ་དང་། མཐའ་ཡོད་ཀྱང་ཡོད་ལ། མཐའ་མེད་ཀྱང་མེད་
པ་དང་། མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་པ་དང་། བདག་ཤི་ནས་ཡོད་པ་དང་། བདག་ཤི་ནས་མེད་པ་དང་། བདག་ཤི་ནས་ཡོད་ཀྱང་ཡོད་ལ། མེད་ཀྱང་མེད་པ་དང་། བདག་ཤི་ནས་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དང་། སྲོག་དེ་ལུས་
ཡིན་ཞེས་བྱ་བ་དང་། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞེས་ལུང་དུ་བསྟན་པར་མི་བྱའོ་ཞེས་གསུངས་པས་འཁོར་བ་ཡང་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར། ཕ་རོལ་པོའི་གཏན་ཚིགས་དེའི་དོན་སྒྲ་ལ་མིག་གི་གཟུང་བ་ཡོད་པའི་ཕྱིར་ཞེས་བྱ་བ་བཞིན་དུ་མ་གྲུབ་པ་ཉིད་དོ། །གཞན་
དག་ན་རེ་གལ་ཏེ་འཁོར་བ་ཐོག་མ་མེད་པར་འདོད་ན་འོ་ན་དེ་ལྟ་ན་ཞེས་བྱ་བ་ལ་སོགས་པས་ནི། ཕ་རོལ་པོ་དག་གལ་ཏེ་འཁོར་བ་ལ་ཐོག་མ་མེད་ན་ཐ་མ་ཡང་མེད་པར་འགྱུར་བས་དེ་ལྟ་ན་རྣལ་འབྱོར་པ་ཡང་དག་པའི་ཤེས་པ་སྐྱེས་པ་དག་ལ་ཡང་འཁོར་བ་ཟད་པའི་མཐའ་མེད་པར་འགྱུར་
རོ་ཞེས་ཟེར་བའི་གཞུང་སྟོན་ཏོ། །དེའི་ཕྱིར་དེ་ལ་ཟད་པ་མེད་པར་ཡང་ཤེས་པར་བྱ་སྟེ། ཐོག་མ་མེད་པ་དང་ལྡན་པའི་ཕྱིར་དཔེར་ན་སྐྱེས་བུའམ། ནམ་མཁའ་བཞིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་།
དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྐྱེས་བུ་དང་། ནམ་མཁའ་ནི་ཐོག་མ་མེད་པ་དང་ལྡན་པའི་ཕྱིར་དེ་དག་ཟད་པའི་མཐའ་ཡང་མེད་པ་དེ་བཞིན་དུ། འཁོར་བ་ཡང་ཐོག་མ་མེད་པ་དང་ལྡན་པའི་ཕྱིར་དེ་ལ་ཟད་པའི་མཐའ་ཡང་མེད་པར་ཤེས་པར་བྱའོ་ཞེས་ཟེར་རོ། །
เล่ม ๑๐๐ · หน้า 250a
དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། སྐྱེས་བུའམ་གཞན་ཡང་རུང་སྟེ། མ་སྐྱེས་པ་ནི་ཐ་སྙད་དུ་ཡང་ཁས་མ་བླངས་པའི་ཕྱིར་དཔེའི་ཆོས་ཅན་མ་གྲུབ་པའི་སྐྱོན་ཡོད་དོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་དག་གིས་བརྟགས་པའི་སྐྱེས་བུ་དང་ནམ་
མཁའ་རྫས་སུ་འདོད་པ་དག་ཁོ་བོ་ཅག་དབུ་མ་པ་ལ་ཀུན་རྫོབ་ཏུ་ཡང་རྫས་སུ་ཡོད་པར་མ་སྐྱེས་པས་ཐ་སྙད་དུ་ཡང་ཁས་མ་བླངས་ན་དོན་དམ་པར་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེས་ན་ཁྱེད་ཀྱི་དཔེ་སྐྱེས་བུའམ་ནམ་མཁའ་བཞིན་ནོ་ཞེས་བྱ་བའི་ཆོས་ཅན་མ་གྲུབ་པའི་སྐྱོན་ཡོད་དོ། །ཀུན་རྫོབ་
ཀྱི་ཕྱོགས་ལ་ཡང་འབྲུ་ལ་སོགས་པ་ཐོག་མ་མེད་པ་དག་ལ་གཉེན་པོ་བྱུང་བས་མཐའ་མཐོང་བའི་ཕྱིར་དོན་འགལ་བ་ཉིད་དོ་ཞེས་བྱ་བས་ནི་ཕ་རོལ་པོས་འཁོར་བ་ཐོག་མ་མེད་པ་དེ་ལ་ཟད་པའི་མཐའ་མེད་པར་ཡང་ཤེས་པར་བྱ་སྟེ་ཞེས་དམ་བཅས་པ་དེ་ཀུན་རྫོབ་ཀྱི་ཕྱོགས་ལ་ཡང་དོན་འགལ་བ་ཉིད་དུ་སྟོན་
ཏེ། འབྲུ་ལ་སོགས་པ་ཐོག་མ་མེད་པ་དག་ལ་མེ་ལ་སོགས་པ་གཉེན་པོ་བྱུང་བས་ཚིག་པ་ལ་སོགས་པའི་མཐའ་ཡོད་པར་མཐོང་བའི་ཕྱིར་དེས་ན་ཅི་རེ་ཞིག་འཁོར་བ་ཐོག་མ་མེད་པ་དང་ལྡན་པའི་ཕྱིར་དཔེར་ན་སྐྱེས་བུའམ། ནམ་མཁའ་བཞིན་དུ་ཟད་པ་མེད་པར་འགྱུར་རམ། འོན་ཏེ་འབྲུ་ལ་སོགས་
པ་ཐོག་མ་མེད་པ་དག་ལ་གཉེན་པོ་བྱུང་བས་མཐའ་མཐོང་བ་བཞིན་དུ་ཟད་པར་འགྱུར་བ་མ་ངེས་པས་དོན་འགལ་བ་ཉིད་དོ། །མཁས་པའི་ང་རྒྱལ་ཅན་ཉེ་བར་འཁྲུལ་པ་གཞན་དག་ན་རེ་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོ་བདག་ཉིད་ཐམས་ཅད་ཤེས་པ་མ་ཡིན་པར་ཐམས་ཅད་ཤེས་པར་བསྙེམས་
པའི་ང་རྒྱལ་ཅན་ཐམས་ཅད་མཁྱེན་པ་སུན་འབྱིན་པའི་ཉེ་བར་འཁྲུལ་པ་དང་ལྡན་པ་གཞན་དག་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་མ་ཡིན་པར་བསྒྲུབ་པའི་སྒོ་ནས་འཁོར་བ་ལ་ཐོག་མ་ཡོད་པར་སྨྲ་བ་སྟོན་ཏོ། །དེའི་ཕྱིར། བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ་འཁོར་བའི་
སྔོན་གྱི་མཐའ་མི་མངོན་ནོ་ཞེས་ཟེར་བས་རང་ཉིད་མི་ཤེས་པར་ཁས་བླངས་པའི་ཕྱིར་དཔེར་ན་མི་ཕལ་པ་སྲོག་ཆགས་ཤི་བ་གར་སོང་མི་ཤེས་སོ་ཞེས་ཟེར་བ་བཞིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་
เล่ม ๑๐๐ · หน้า 250b
པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མི་ཕལ་པ་བླུན་པོ་དག་ན་རེ་སྲོག་ཆགས་ཤི་བ་གར་སོང་མི་ཤེས་སོ་ཞེས་ཟེར་བས་རང་ཉིད་མི་ཤེས་པར་ཁས་བླངས་པའི་ཕྱིར་དེ་དག་ཐམས་ཅད་མཁྱེན་པ་མ་ཡིན་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་འཁོར་བའི་སྔོན་གྱི་མཐའ་མི་མངོན་ནོ་ཞེས་
ཟེར་བས། རང་ཉིད་མི་ཤེས་པར་ཁས་བླངས་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་ནོ། །ཅི་སྟེ་ཐམས་ཅད་མཁྱེན་པ་ཉིད་ཡིན་ན་ནི་འཁོར་བའི་སྔོན་གྱི་མཐའ་ཡང་མཁྱེན་པས་དེས་ན་འཁོར་བ་ལ་ཡང་སྔོན་གྱི་མཐའ་ཡོད་པར་གྲུབ་བོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་
དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ། གཞན་གྱི་འཁོར་བ་ཐོག་མ་ཡོད་པ་ཉིད་དུ་ཡོངས་སུ་བརྟགས་པ་བསལ་བའི་ཕྱིར་སྔོན་གྱི་མཐའ་མི་མངོན་ནོ་ཞེས་གསུངས་པ་དེ་ནི་འཁོར་བ་ཐོག་མ་མེད་པ་ཉིད་དུ་བསྟན་པའི་ཚིག་གི་དོན་ཡིན་པའི་ཕྱིར་འཁོར་བ་ལ་ཐོག་མ་མེད་
པ་ཉིད་ཡིན་པས་མི་མངོན་པ་ཉིད་དུ་མཁྱེན་པའི་ཕྱིར་དང་། འཁོར་བ་ཐོག་མ་མེད་པ་ཉིད་དུ་བསྟན་པས་བཅོམ་ལྡན་འདས་ནི་དེ་ལ་ཐོགས་པ་མི་མངའ་བའི་ཕྱིར་དེ་ནི་མ་བརྟགས་པར་སྨྲ་བ་གཞན་གྱི་འབྱོར་པ་ཆེན་པོ་ལ་ཕྲག་དོག་བྱེད་པ་རྣམས་ཀྱི་རྒྱུ་མཐུན་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བཅོམ་
ལྡན་འདས་ཀྱིས་འཁོར་བའི་སྔོན་གྱི་མཐའ་མི་མངོན་ནོ་ཞེས་བཀའ་སྩལ་པ་ནི་གཞན་གྱིས་འཁོར་བ་ཐོག་མ་ཡོད་པ་ཉིད་དུ་ཡོངས་སུ་བརྟགས་པ་བསལ་བའི་ཕྱིར་གསུངས་པ་ཡིན་ཏེ། དེ་ནི་འཁོར་བ་ཐོག་མ་ཡོད་པ་ལས་མི་མཁྱེན་ཏེ། སྔོན་གྱི་མཐའ་མི་མངོན་ནོ་ཞེས་གསུངས་པ་མ་ཡིན་
གྱི་འཁོར་བ་ལ་ཐོག་མ་མེད་པ་ཉིད་དུ་བསྟན་པའི་ཚིག་གི་དོན་ཡིན་པའི་ཕྱིར་འཁོར་བ་ལ་ཐོག་མ་མེད་པ་ཉིད་ཡིན་པས། བཅོམ་ལྡན་འདས་ཀྱིས་ཀྱང་འཁོར་བའི་སྔོན་གྱི་མཐའ་མི་མངོན་པ་ཉིད་དུ་མཁྱེན་པའི་ཕྱིར་རང་ཉིད་མི་མཁྱེན་པར་ཞལ་གྱིས་བཞེས་པ་མ་ཡིན་ལ། འཁོར་བ་ཐོག་མ་
མེད་པ་ཉིད་ཀྱི་ཆོས་དང་ལྡན་པ་དེ་ཉིད་དེ་བཞིན་དུ་མཁྱེན་ཏེ་བཅོམ་ལྡན་འདས་ནི་འཁོར་བའི་སྔོན་གྱི་མཐའ་མེད་པ་དེ་ལ་མཁྱེན་པ་ཐོགས་པ་མི་མངའ་བའི་ཕྱིར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་མ་ཡིན་ཏེ་ཞེས་ཟེར་བའི་སྒྲུབ་པ་དེ་ནི་སྐྱེ་བོ་ངན་པ་མ་བརྟགས་པར་སྨྲ་བ་གཞན་གྱི་
เล่ม ๑๐๐ · หน้า 251a
འབྱོར་པ་ཆེན་པོ་ལ་ཕྲག་དོག་བྱེད་པ་རྣམས་ཀྱི་རྒྱུ་མཐུན་པའི་ཚིག་ཡིན་པས་རིགས་པ་མ་ཡིན་ནོ། །དེས་ན་བཅོམ་ལྡན་འདས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་ལ། འཁོར་བ་ལ་ཡང་ཐོག་མ་མེད་པར་ཤེས་པར་བྱའོ། །དམ་བཅས་པའི་དོན་རྒྱས་པར་ནི་དེ་བཞིན་
གཤེགས་པ་བརྟག་པའི་རབ་ཏུ་བྱེད་པ་ལས་རྟོག་པར་འགྱུར་རོ་ཞེས་བྱ་བ་ནི་འཁོར་བ་ལ་སོགས་པ་དངོས་པོ་ཐམས་ཅད་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་པས་དངོས་པོར་སྣང་བ་སྒྱུ་མ་ལྟ་བུར་སྒྲུབ་པའི་དམ་བཅས་པའི་དོན་རྒྱས་པར་ནི་དེ་བཞིན་གཤེགས་པ་བརྟག་པའི་སྐབས་
ནས་སྟོན་ཏོ། །དཔྱད་པ་འཕྲོས་པས་ཆོག་གིས་སྐབས་གཉིས་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་དང་པོའི་སྐབས་འདིའོ། །འདིར་ཚིགས་སུ་བཅད་པ་འདིས་འཁོར་བའི་ཆོས་ནི་ཐོག་མ་དང་ཐ་མ་མེད་པ་ཉིད་ཡིན་པར་བསྟན་ཏེ་ཞེས་བྱ་བ་ནི། འདིར། སྔོན་མཐའ་མངོན་
ནམ་ཞེས་ཞུས་ཚེ། །ཐུབ་པ་ཆེན་པོས་མིན་ཞེས་གསུངས། །འཁོར་བ་ཐོག་མ་ཐ་མེད་དེ། །དེ་ལ་སྔོན་དང་ཕྱི་མ་མེད། །ཅེས་བྱ་བའི་ཚིག་ལེའུར་བྱས་པ་འདིས་འཁོར་བའི་སྔོན་དང་ཕྱི་མའི་མཐའ་མི་མངོན་པར་དམ་བཅས་པའི་སྒྲུབ་པའི་ཆོས་གཏན་ཚིགས་ནི་ཐོག་མ་དང་ཐ་མ་མེད་པ་ཉིད་
ཡིན་པར་བསྟན་ཏོ། དེའི་ཕྱིར་རྗེས་སུ་དཔག་པ་ནི་དོན་དམ་པར་ཕུང་པོ་རྣམས་ཅི་ལྟར་སྣང་བ་དེ་ལྟར་ཡོད་པ་མ་ཡིན་ཏེ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་
པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་ལ་ནི་ཐོག་མ་དང་ཐ་མ་མེད་པའི་ཕྱིར་ཅི་ལྟར་སྣང་བ་དེ་ལྟར་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཕུང་པོ་རྣམས་ཀྱང་ཐོག་མ་དང་ཐ་མ་མེད་པའི་ཕྱིར་ཅི་ལྟར་སྣང་བ་དེ་ལྟར་ཡོད་པ་མ་ཡིན་ཏེ།
དེས་ན་དངོས་པོ་འདོད་པ་ཐམས་ཅད་ལ་སྔ་ཕྱི་དང་། ལྷན་ཅིག་གི་རིམ་པ་དག་མི་འཐད་པས་དངོས་པོར་སྣང་བ་ནི་སྒྱུ་མ་ལ་སོགས་པ་བཞིན་དུ་གྲུབ་པར་སྟོན་ཏོ། །འདིར་མཁས་སུ་རེ་བའི་བློ་ཅན་ཁ་ཅིག་ན་རེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་ལ་ཡང་ཤེས་པར་རྣམ་པར་རྟོག་པ་མེད་
เล่ม ๑๐๐ · หน้า 251b
པའི་ཡུལ་གཟུགས་ལ་སོགས་པ་གང་དག་ཡོད་པ་དེ་དག་དུས་ཕྱི་མར་ཡང་དེ་བཞིན་དུ་ཡོད་པའི་ཕྱིར་དཔེར་བསྒྲུབ་པར་བྱ་བ་ཆོས་དང་མི་ལྡན་པས་མེད་དོ་ཞེས་ཟེར་རོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་དཔེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་བཞིན་ནོ་ཞེས་བྱ་བ་དེ་བསྒྲུབ་པར་བྱ་བ་ཆོས་དང་།
མི་ལྡན་པས་མི་རུང་ངོ་ཞེས་ཟེར་བའི་ཚིག་ཡིན་ཏེ། དེ་དག་ན་རེ་རྩྭ་དང་ལོ་མ་ལ་སོགས་པ་གང་དག་གིས་སྒྱུ་མའི་སྐྱེས་བུ་བསྐྱེད་པའི་རྩྭ་དང་ལོ་མ་ལ་སོགས་པ་དེ་དག་ལ་གཟུགས་དང་། རོ་དང་དྲི་དང་རེག་པ་གང་དག་ཡོད་པ་དེ་དག་སྐྱེས་བུར་སྣང་བའི་སྤྲུལ་པའི་དུས་ན་ཡང་མིག་ལ་
སོགས་པའི་ཤེས་པ་ཉེ་བར་གནས་པ་ལས་བྱུང་བ་ཤེས་པ་རྣམ་པར་རྟོག་པ་མེད་པ་དག་གི་མངོན་སུམ་གྱིས་གཟུང་བར་ཡོད་པ་ཡིན་ལ། སྐྱེས་བུར་སྣང་བའི་སྤྲུལ་པ་བསྡུས་པའི་དུས་ཕྱི་མའི་ཚེ་ཡང་རྩྭ་དང་ལོ་མ་ལ་སོགས་པ་དེ་དག་གཟུགས་ལ་སོགས་པར་གང་དག་ཡོད་པ་དེ་དག་མིག་ལ་
སོགས་པའི་ཤེས་པ་རྣམ་པར་རྟོག་པ་མེད་པ་དེ་དག་གི་མངོན་སུམ་གྱིས་གཟུང་བ་དེ་བཞིན་དུ་ཡོད་པའི་ཕྱིར། དེས་ན་དབུ་མ་པས་ཕུང་པོ་རྣམས་ཅི་ལྟར་སྣང་བ་དེ་ལྟར་ཡོད་པ་མ་ཡིན་ཏེ་ཞེས་གང་སྨྲས་པའི་བསྒྲུབ་པར་བྱ་བ་དེ་དཔེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་ཞེས་བྱ་བ་དེ་ལ་མེད་པས་
དཔེ་བསྒྲུབ་པར་བྱ་བ་ཆོས་དང་མི་ལྡན་པས་མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་ལོག་པར་སྣང་བ་ཉིད་དཔེ་ཉིད་དུ་འདོད་པའི་ཕྱིར་དང་ཤེས་པ་རྣམ་པར་རྟོག་པ་མེད་པའི་སྤྱོད་
ཡུལ་གྱི་གཟུགས་ལ་སོགས་པ་དག་ལ་ཡང་སྐྱེས་བུའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་དཔེ་གྲུབ་པས་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོས་རྩྭ་དང་ལོ་མ་ལ་སོགས་པ་གང་དག་གིས་སྒྱུ་མའི་སྐྱེས་བུ་བསྐྱེད་པ་དེ་དག་ལ་ཤེས་པ་རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་གཟུགས་ལ་སོགས་པ་གང་
དག་ཡོད་པ་དེ་དག་ཕྱིས་སྒྱུ་མ་བསྡུས་པའི་དུས་ན་ཡང་དེ་བཞིན་དུ་ཡོད་པ་དེ་དག་དགག་པའི་དཔེར་སྒྱུ་མའི་སྐྱེས་བུ་ཉེ་བར་མ་བཞག་གི །སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུར་སྣང་བ་དེ་ལོག་པར་སྣང་བས་དེ་ལ་སྐྱེས་བུའི་ངོ་བོ་ཉིད་མེད་པར་གྲུབ་པ་དེ་ཕུང་པོ་རྣམས་ཀུན་རྫོབ་ཏུ་ཇི་ལྟར་སྣང་
เล่ม ๑๐๐ · หน้า 252a
བ་དེ་ལྟར་དོན་དམ་པར་ཡོད་པ་མ་ཡིན་པའི་དཔེ་ཉིད་དུ་འདོད་པའི་ཕྱིར་དང་། རྩྭ་དང་ལོ་མ་ལ་སོགས་པ་གང་དག་གིས་སྒྱུ་མའི་སྐྱེས་བུ་བསྐྱེད་པ་དེ་དག་ལ་ཤེས་པ་རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་གཟུགས་ལ་སོགས་པ་གང་དག་ཡོད་པ་དེ་དག་ལ་ཡང་སྐྱེས་བུའི་ངོ་བོ་
ཉིད་ཀྱིས་སྟོང་པའི་ཕྱིར་དེ་ཕུང་པོ་རྣམས་ཀུན་རྫོབ་ཏུ་ཅི་ལྟར་སྣང་བ་དེ་ལྟར་དོན་དམ་པར་ཡོད་པ་མ་ཡིན་པའི་དཔེ་ཉིད་དུ་གྲུབ་པའི་ཕྱིར་ཁོ་བོས་སྒྲུབ་པ་ལ་དཔེ་མ་ཚང་བའི་སྐྱོན་མེད་དོ། །དེ་ལྟ་བས་ན་འཁོར་བ་ཡོད་པ་ཉིད་དུ་མ་གྲུབ་པའི་ཕྱིར་མིང་དང་ཁྱད་པར་བསྟན་ནས་དེ་ཟད་པར་བྱ་བའི་
ཕྱིར་མན་ངག་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་ཕ་རོལ་པོའི་གཏན་ཚིགས་ཀྱི་དོན་མ་གྲུབ་པའི་ཕྱིར་དབུ་མ་པས་དངོས་པོ་ངོ་བོ་ཉིད་མེད་པའི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་
པས་འཁོར་བ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པར་དམ་བཅས་པ་གྲུབ་པོ། །འདིར་སྨྲས་པ། དོན་དམ་པར་ཕུང་པོའི་རྒྱུད་ཅེས་བྱ་བའི་འཁོར་བ་ཡོད་པ་ཁོ་ན་ཡིན་ཏེ། དེའི་དབུས་ཡོད་པའི་ཕྱིར་རོ། །འདི་ལ་གང་མེད་པ་དེ་ལ་ནི་དབུས་དམིགས་སུ་མེད་དེ། དཔེར་ན་རི་བོང་གི་རྭ་
བཞིན་ནོ། །འཁོར་བ་ལ་ནི་གང་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་ཡོད་པའི་དབུས་ཡོད་པས་དེའི་ཕྱིར་འཁོར་བ་ཡོད་པ་ཁོ་ན་ཡིན་ནོ། །དེས་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་འགལ་བ་ཉིད་མེད་པས་འདོད་པའི་དོན་འགྲུབ་པོ་ཞེས་བྱ་བ་ནི་ཕ་རོལ་པོ་
དག་འཁོར་བ་ལ་དབུས་ཡོད་པའི་གཏན་ཚིགས་ཀྱིས་འཁོར་བ་ཡོད་པར་བསྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་དང་ཚད་མའི་
འབྲས་བུ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདིར་ན་རི་བོང་གི་རྭ་ལྟ་བུ་གང་མེད་པ་དེ་ལ་ནི་དབུས་དམིགས་སུ་མེད་ཀྱི་འཁོར་བ་ལ་ནི་གང་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་ཡོད་པའི་དབུས་ཡོད་པས་དེའི་ཕྱིར་ཕུང་པོའི་རྒྱུད་ཅེས་བྱ་བའི་འཁོར་བ་ཡོད་དེ།
เล่ม ๑๐๐ · หน้า 252b
དེས་ན་ཁོ་བོ་ཅག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། འགལ་བ་ཉིད་མེད་པས་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ་ཞེས་དམ་བཅས་པའི་འདོད་པའི་དོན་འགྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་
བཤད་པ། གང་ལ་ཐོག་མ་ཐ་མེད་པ། །དེ་ལ་དབུས་ནི་ག་ལ་ཡོད། །དེ་ལ་དབུས་ཡོད་པ་ཉིད་མ་ཡིན་ནོ་ཞེས་ཟེར་བའི་ཚིག་གི་དོན་ཏེ། སྒྱུ་མ་བྱས་པའི་སྐྱེས་བུའི་རྒྱུད་ལ་དབུས་མེད་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དཔེར་ན་སྒྱུ་མ་བྱས་པའི་སྐྱེས་
བུའི་རྒྱུད་གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ལ་དབུས་མེད་པ་དེ་བཞིན་དུ་ཕུང་པོའི་རྒྱུད་ཅེས་བྱ་བའི་འཁོར་བ་གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ལ་ཡང་དབུས་མེད་དེ། འདི་ལྟར་ཐོག་མ་དང་ཐ་མ་ལ་ལྟོས་ནས་དབུས་འགྲུབ་པར་འགྱུར་བ་ཡིན་ན་དེ་ལ་ཐོག་མ་དང་ཐ་མ་དེ་ཡང་མེད་དེ། དེ་མེད་
པའི་ཕྱིར་དེའི་དབུས་ཡོད་པར་ག་ལ་འགྱུར་ཞེས་བྱ་བར་དགོངས་སོ། །སློབ་དཔོན་འཕགས་པ་ལྷས་ཀྱང་། ཐོག་མ་དབུས་དང་ཐ་མ་རྣམས། །སྐྱེ་བའི་སྔ་རོལ་མི་སྲིད་དེ། །གཉིས་གཉིས་དག་ནི་མ་གཏོགས་པར། །རེ་རེས་རྩོམ་པར་ཅི་ལྟར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ཐོག་
མ་དང་ཐ་མ་མ་གྲུབ་པའི་ཕྱིར་དང་། དཔེ་མེད་པའི་ཕྱིར་ཅི་སྐད་བསྟན་པའི་སྐྱོན་ལྡོག་པར་མི་འཐད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་སྟེ། ཐོག་མ་དང་ཐ་མ་མེད་པའི་ཕྱིར་ཞེས་བྱ་བ་ནི་དབུ་མ་པའི་གཏན་ཚིགས་ཡིན་ནོ། །དཔེ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཕ་རོལ་པོའི་སྒྲུབ་པ་ལ་དཔེར་ན་མགོ་
གཉིས་པའི་མིག་གི་ནད་མེད་པར་བྱ་བ་བཞིན་ནོ་ཞེས་བྱ་བ་དང་དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་བྱ་བ་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དེ་དག་ལས་བཟློག་པ་ཆོས་དབེན་པའི་དཔེ་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བ་མེད་དེ། དེའི་ཕྱིར་ཅི་སྐད་བསྟན་པའི་སྐྱོན་ལོག་པར་མི་འཐད་དོ། །དེའི་ཕྱིར་
དེ་ལྟར་བརྟགས་ན་འཁོར་བ་ངོ་བོ་ཉིད་མེད་པ་དེའི་ཕྱིར་དེ་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་མི་འཐད་དོ། །སྐྱེ་བ་དང་རྒ་ཤི་དག་གིའོ་ཞེས་བྱ་བ་ནི་དེ་ལྟར་གང་གི་ཕྱིར་འཁོར་བ་ལ་ཐོག་མ་དང་དབུས་དང་ཐ་མ་དག་མེད་པ་དེའི་ཕྱིར་འཁོར་བ་མེད་པས་འཁོར་བ་དེ་ལ་འཁོར་བ་པོའི་སྐྱེ་བ་
เล่ม ๑๐๐ · หน้า 253a
དང་རྒ་ཤི་དག་གི་སྔ་ཕྱི་དང་། ལྷན་ཅིག་དག་གི་རིམ་པ་དག་མི་འཐད་པར་དམ་བཅའ་བ་ཡིན་ནོ། །དེ་ལ་སྨྲ་བ་གང་དག་ན་རེ་འཁོར་བ་ནི་ངོ་བོ་ཉིད་ཡོད་དེ་སྐྱེ་བ་དང་རྒ་ཤི་དང་ལྡན་པའི་ཕྱིར་རོ། །མོ་གཤམ་གྱི་བུ་མེད་པ་ནི་སྐྱེ་བ་དང་རྒ་ཤི་དང་ལྡན་པར་མི་རིགས་སོ་ཞེས་ཟེར་བ་དེ་
དག་ལ་ཡང་སྐྱེ་བ་དང་རྒ་ཤི་དག་གི་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མ་གྲུབ་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། དོན་དམ་པར་སྐྱེ་བ་ལ་སོགས་པ་དང་ལྡན་པ་གང་ཡང་ངོ་བོ་ཉིད་ཡོད་པ་ཉིད་དུ་མ་གྲུབ་པའི་ཕྱིར་དཔེ་མེད་པ་དང་། དོན་འགལ་བ་ཉིད་དུ་ཡང་འགྱུར་རོ་ཞེས་བྱ་བ་ནི་
དེ་ལྟར་འཁོར་བ་ལ་ཐོག་མ་དང་དབུས་དང་ཐ་མ་མེད་པས་འཁོར་བ་མེད་པའི་ཕྱིར་འཁོར་བ་པོའི་སྐྱེ་བ་དང་། རྒ་ཤི་དག་གི་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་པས་དེ་ལ་ཆོས་འདི་པ་ལ་སོགས་པས་སྨྲ་བ་གང་དག་འཁོར་བ་ངོ་བོ་ཉིད་ཡོད་པར་དམ་འཆའ་བའི་གཏན་ཚིགས་སྐྱེ་བ་དང་རྒ་
ཤི་དང་ལྡན་པའི་ཕྱིར་རོ་ཞེས་ཟེར་བ་དེ་དག་གི་གཏན་ཚིགས་དེ་དོན་དམ་པར་བསྒྲུབ་ན་ནི་དོན་མ་གྲུབ་པ་ཉིད་དང་། དཔེ་མེད་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་བསྒྲུབ་ན་ནི་དོན་འགལ་བ་ཉིད་དུ་ཡང་འགྱུར་བས་མི་རུང་བར་བསྟན་ཏོ། །ཅི་ལྟར་སྐྱེ་བ་ལ་སོགས་པ་དག་གི་སྔ་ཕྱི་དང་ལྷན་ཅིག་གི་རིམ་
པ་དག་མི་འགྲུབ་པ་དེ་ལྟར། འདི་བརྟག་པར་བྱ་སྟེ་ཞེས་བྱ་བ་ནི་དེ་ལྟར་བརྟག་པ་རྣམ་པ་གསུམ་གྱི་དམ་བཅའ་བའི་སྤྱི་བསྟན་ཏོ་དེ་ལ་རེ་ཞིག་བརྟག་པ་དང་པོ་བསྟན་པའི་ཕྱིར། གལ་ཏེ་སྐྱེ་བ་སྔ་གྱུར་ལ། །རྒ་ཤིའི་ཕྱི་བ་ཡིན་ན་ནི། །གལ་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་རོ་ཞེས་བྱ་བ་ལ་སོགས་
པ་སྨྲས་སོ། །དེ་ལྟ་ན་གླགས་ཡོད་པའི་ཚིག་ཅིར་འགྱུར་ཞེ་ན། དེའི་ཕྱིར་དེ་ལྟ་ན། སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །ཞེས་བྱ་བ་སྨྲས་སོ། །དེ་ལ་རེ་ཞིག་སྐྱེ་བ་རྒ་ཤི་མེད་པར་འགྱུར་བ་བསྟན་པའི་ཕྱིར་དེ་ལྟ་ན་སྐྱེ་བ་ལ་རྒ་ཤིའི་ངོ་བོ་ཉིད་མེད་པར་འགྱུར་ཏེ། རྒ་ཤི་
མེད་པར་ཡང་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར་གང་ཞིག་གང་མེད་པར་སྐྱེས་པ་དེ་ལ་དེའི་ངོ་བོ་ཉིད་མེད་དེ་དཔེར་ན་བ་ལང་རྟ་མེད་པར་སྐྱེས་པ་དེ་ལ་དེའི་ངོ་བོ་ཉིད་མེད་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སྐྱེ་བ་སྔ་བར་
เล่ม ๑๐๐ · หน้า 253b
གྱུར་ལ་རྒ་ཤི་འཕྱི་བར་གྱུར་ན་སྐྱེ་བ་དེ་ལ་རྒ་ཤིའི་ངོ་བོ་ཉིད་མེད་པར་འགྱུར་ཏེ། སྐྱེ་བ་ལ་རྒ་ཤི་མེད་ན་དེ་ལ་ཕྱིས་ཀྱང་རྒ་ཤི་འོང་བར་མི་འགྱུར་རོ། །ཅི་སྟེ་འོང་ན་ནི་རྒ་ཤི་གཞི་མེད་པར་འགྱུར་རོ། །ཅི་སྟེ་འོངས་སུ་ཟིན་ན་ཡང་སྐྱེ་བ་དེ་ལ་རྒ་ཤི་ཅི་ཡང་བྱར་མེད་དེ། དེ་ལ་ངོ་བོ་ཉིད་ཀྱིས་རྒ་ཤི་
མེད་པའི་ཕྱིར་རོ། །ད་ནི་མ་ཤི་བར་ཡང་སྐྱེ་བར་འགྱུར་བ་བསྟན་པའི་ཕྱིར་ཡང་གཞན་ཡང་མ་ཤི་བར་ཡང་སྐྱེ་བར་འགྱུར་ཏེ། སྔར་གཞན་དུ་མ་ཤི་བ་ཁོ་ནར་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་སྐྱེ་བ་སྔ་བར་བརྟགས་ན་སྐྱེ་བ་དེར་སྔར་གཞན་དུ་མ་ཤི་བར་སྐྱེས་པར་ཐལ་བར་འགྱུར་
རོ། །དེ་ལྟ་ན་འཁོར་བ་ཐོག་མ་དང་ལྡན་པར་འགྱུར་བས་དེ་ཡང་མི་འཐད་དོ། །དེ་དག་ནི་མི་འདོད་དོ་ཞེས་བྱ་བ་ནི། སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །ཞེས་བྱ་བ་ནི་དེ་དག་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་མི་འདོད་དོ། །སྐྱེ་བ་དང་རྒ་བ་དང་འཆི་བ་ཞེས་བྱ་བ་དག་
གི་མཚན་ཉིད་བསྟན་པའི་ཕྱིར། དེ་ལ་སྐྱེ་བ་ནི་བསྐྱེད་པ་དེ་མ་བྱུང་བ་ལས་འབྱུང་བའོ། །རྒ་བ་ནི་ལུས་ཡོངས་སུ་གྱུར་པའོ། །འཆི་བ་ནི་སྲོག་གི་དབང་པོ་འགག་པའོ་ཞེས་བྱ་བ་སྨྲས་སོ། །དེ་ལ་འདིར་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་གླགས་ཡོད་པ་ལས་བཟློག་པས་རྗེས་སུ་དཔག་པ་མངོན་ཏེ་
ཞེས་བྱ་བ་ནི། སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །ཞེས་བྱ་བ་དེ་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་དེ་ལས་བཟློག་པས་སྐབས་ཀྱི་དོན་བསྟན་པའི་རྗེས་སུ་དཔག་པ་ནི་འདི་ལྟར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར། སྐྱེ་བ་ནི་རྒ་ཤི་བས་སྔ་བ་མ་ཡིན་ཏེ་དེའི་བདག་
ཉིད་ཡིན་པའི་ཕྱིར་དཔེར་ན་མེ་ཚ་བ་བས་སྔ་བ་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མེ་ནི་ཚ་བ་དེའི་བདག་ཉིད་ཡིན་པའི་ཕྱིར་ཚ་བ་བས་སྔ་མ་ཡིན་པ་དེ་བཞིན་དུ་
སྐྱེ་བ་ཡང་རྒ་ཤི་དེའི་བདག་ཉིད་ཡིན་པའི་ཕྱིར་རྒ་ཤི་བས་སྔ་བ་མ་ཡིན་ནོ། །བརྟག་པ་གཉིས་པ་བསྟན་པའི་ཕྱིར་ཅི་སྟེ་སྐྱོན་དེར་གྱུར་ན་མི་རུང་ངོ་སྙམ་པས་རྒ་ཤི་སྔ་བར་འདོད་ན་དེ་ལྟ་ན་ཡང་། གལ་ཏེ་སྐྱེ་བ་འཕྱི་གྱུར་ལ། །རྒ་ཤི་སྔ་བ་ཡིན་ན་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལྟ་ན་སྐྱོན་
เล่ม ๑๐๐ · หน้า 254a
ཅིར་འགྱུར་ཞེ་ན། དེའི་ཕྱིར་དེ་ལྟ་ན། སྐྱེ་བ་མེད་པའི་རྒ་ཤི་ནི། །རྒྱུ་མེད་པར་ནི་ཅི་ལྟར་འགྱུར། །སྨྲ་བ་གཞན་དག་ཀྱང་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བར་འདོད་པས་དེ་མེད་ན་སྐྱེ་བ་མེད་པའི་རྒ་ཤི་རྐྱེན་མེད་པར་ཅི་ལྟར་འབྱུང་བར་འགྱུར་ཏེ། སྐྱེ་བ་མེད་པའི་རྒ་ཤི་ནི་ཡོད་པ་
མ་ཡིན་པ་ཁོ་ན་སྟེ། མ་སྐྱེས་པས་གཞི་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །དེའི་ཚད་མ་བསྟན་པའི་ཕྱིར་འདིར་རྗེས་སུ་དཔག་པ་ནི་རྒ་ཤི་ནི་སྐྱེ་བ་བས་སྔ་བར་མི་རིགས་ཏེ། དེ་ཡོད་ན་འབྱུང་བའི་ཕྱིར་དཔེར་ན་གནས་པ་བཞིན་ནོ་ཞེས་བྱ་བར་སྨྲས་ཏེ། དེ་དག་
ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གནས་པ་ནི་སྐྱེ་བ་དེ་ཡོད་ན་འབྱུང་བའི་ཕྱིར་སྐྱེ་བ་བས་སྔ་བར་མི་རིགས་པ་དེ་བཞིན་དུ་རྒ་ཤི་ཡང་སྐྱེ་བ་དེ་ཡོད་ན་འབྱུང་བའི་ཕྱིར་སྐྱེ་བ་བས་སྔ་བར་མི་རིགས་སོ། །
བརྟག་པ་གསུམ་པ་བསྟན་པའི་ཕྱིར། གལ་ཏེ་སྐྱེ་བ་ནི་རྒ་ཤི་དང་རྗེས་སུ་འབྲེལ་བཞིན་ཁོ་ནར་ཡོད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། སྐྱེ་བ་དང་ནི་རྒ་ཤི་དག །ལྷན་ཅིག་རུང་བ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལྟ་ན་སྐྱོན་ཅི་འགྱུར་ཞེ་ན། དེའི་ཕྱིར། གང་གི་ཕྱིར་དེ་
ལྟར་རྟོག་ན། །སྐྱེ་བཞིན་པ་ན་འཆི་འགྱུར་ཞིང་། །གཉི་ག་རྒྱུ་མེད་ཅན་དུ་འགྱུར། །དེ་གཉིས་ནི་དགག་པ་མི་མཐུན་པ་ཡིན་པས་སྐྱེ་བ་ཞེས་བྱ་བ་ཉིད་དུ་ཡང་མི་འགྱུར་ཏེ། སྐྱེ་བཞིན་པ་ཉིད་ན་འཆི་བའི་ཕྱིར་རོ། །དེ་ལྟར་སྐྱེ་བ་མེད་ན་སྔ་མ་བཞིན་དུ་སྐྱེ་བ་དང་རྒ་ཤི་གཉི་ག་རྒྱུ་མེད་པ་ཅན་
དུ་འགྱུར་ཏེ། ལྷན་ཅིག་ཏུ་འབྱུང་བའི་ཕྱིར་དཔེར་ན་སྐྱེ་བའི་རྒྱུ་རྒ་ཤི་མ་ཡིན་པ་དེ་བཞིན་དུ་དེ་གཉིས་ཀྱི་རྒྱུ་ཡང་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སྐྱེ་བ་དང་རྒ་ཤི་དག་ལྷན་ཅིག་ཏུ་གྱུར་ན་དེ་ལྟ་ན་དེ་སྐྱེ་བཞིན་པ་ཉིད་ན་འཆི་བར་འགྱུར་བས་དེ་ཡང་མི་འཐད་
དེ། འདི་ལྟར་སྐྱེ་བ་དང་འགག་པ་མི་མཐུན་པ་གཉིས་གཅིག་ལ་དུས་གཅིག་ཏུ་ཅི་ལྟར་འབྱུང་བར་འགྱུར། ཡང་གཞན་ཡང་གཉི་ག་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། ལྷན་ཅིག་ཏུ་འབྱུང་བའི་ཕྱིར་ཕན་ཚུན་ལྟོས་པ་མེད་པས་གཅིག་གི་རྒྱུར་གཅིག་མི་འགྱུར་བས་དེ་དག་ཀྱང་མི་འདོད་
เล่ม ๑๐๐ · หน้า 254b
དེ། སློབ་དཔོན་འཇིག་བྱེད་ཀྱིས་ཀྱང་། གལ་ཏེ་ལས་ལས་ལུས་སྐྱེས་ལ། །ལུས་མ་གཏོགས་པར་ལས་མེད་ན། །སྔོན་ལུས་ལས་ལས་མ་སྐྱེས་པ། །གང་གི་རྒྱུས་ནི་སྐྱེས་པར་གྱུར། །ཞེས་གསུངས་སོ། །གལ་ཏེ་ལྷན་ཅིག་སྐྱེས་པ་རྣམས་ཀྱང་རྒྱུ་ཉིད་ཡིན་ཏེ། མཚན་དང་དཔེ་བྱད་དང་སྐྱེས་བུ་
ཆེན་པོ་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པས་སྐྱེ་བ་དང་རྒ་ཤི་དག་ལྷན་ཅིག་ཉིད་དུ་རྟོག་པ་གཉི་ག་རྒྱུ་མེད་པ་ཅན་དུ་འགྱུར་རོ་ཞེས་བཤད་པ་དེ་མ་ངེས་པར་སུན་འབྱིན་པའི་ཚིག་ཡིན་ཏེ། དེ་དག་ན་རེ་དཔེར་ན་མཚན་ཉིད་མཚན་དང་དཔེ་བྱད་བཟང་པོ་དག་དང་། མཚན་ཉིད་ཀྱི་གཞི་
སྐྱེས་བུ་ཆེན་པོ་དག་ལྷན་ཅིག་ཏུ་བྱུང་བ་ཡིན་ཡང་མཚན་ཉིད་དང་མཚན་ཉིད་ཀྱི་གཞིའི་ཚུལ་གྱིས་ཕན་ཚུན་རྒྱུ་ཉིད་ཡིན་པར་མཐོང་བས་དེས་ན་ཅི་རེ་ཞིག་ལྷན་ཅིག་ཏུ་འབྱུང་བའི་ཕྱིར་སྐྱེ་བ་དང་། རྒ་ཤི་གཉི་ག་རྒྱུ་མེད་པ་ཅན་དུ་འགྱུར་རམ། འོན་ཏེ་ལྷན་ཅིག་ཏུ་བྱུང་བའི་ཕྱིར་དཔེར་ན་མཚན་ཉིད་
དང་། མཚན་ཉིད་ཀྱི་གཞི་དག་བཞིན་དུ་ཕན་ཚུན་རྒྱུ་ཉིད་དུ་འགྱུར་བ་མ་ངེས་པས་དབུ་མ་པའི་སྒྲུབ་པ་དེ་ནི་འགྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་ལན་མ་ཡིན་ཏེ། དགག་པ་སྔར་བསྟན་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སྔར། འདོད་
ཆགས་དང་ནི་ཆགས་པ་དག །ལྷན་ཅིག་ཉིད་དུ་སྐྱེ་མི་རིགས། །འདི་ལྟར་འདོད་ཆགས་ཆགས་པ་དང་། །ཕན་ཚུན་ལྟོས་པ་མེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་དག་གིས་ལྷན་ཅིག་འབྱུང་བའི་རྒྱུ་དགག་པའི་སྐབས་སུ་བསྟན་ཟིན་ཏོ། །དེའི་ཕྱིར་ཡང་སྐྱེ་བ་དང་རྒ་ཤི་དག་ལ་ལྷན་ཅིག་ཉིད་མི་
སྲིད་དོ་ཞེས་བྱ་བ་ནི་བརྟག་པ་གསུམ་པའི་མཇུག་བསྡུ་བའོ། །དེའི་ཕྱིར་དེ་ལྟར་བརྟག་ན། གང་ལ་སྔ་ཕྱི་ལྷན་ཅིག་གི །རིམ་པ་དེ་དག་མི་སྲིད་པའི། །སྐྱེ་བ་དེ་དང་རྒ་ཤི་དེ། །ཅི་ཡི་ཕྱིར་ན་སྤྲོས་པར་བྱེད། །དོན་དམ་པར་དེ་དག་སྤྲོས་པར་བྱ་བ་མི་རིགས་པ་ཁོ་ན་སྟེ། དེ་དག་མ་སྐྱེས་པའི་ཕྱིར་
རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་བརྟག་པ་གསུམ་ཆར་གྱི་མཇུག་བསྡུ་བ་སྟེ། འདི་ལྟར་རིགས་པ་སྔོན་དུ་བཏང་སྟེ་བརྟགས་ནས་སྐྱེ་བ་གང་དང་རྒ་ཤི་གང་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་སྲིད་ཅིང་མེད་པ་དེ་ལ་ཁྱོད་སྐྱེ་བ་ནི་དེ་ཡིན། རྒ་ཤི་ནི་དེ་ཡིན་ཞེས་ཅིའི་ཕྱིར་སྤྲོས་པར་
เล่ม ๑๐๐ · หน้า 255a
བྱེད་ཅིང་རྗོད་པར་བྱེད་དེ། དོན་དམ་པར་དེ་དག་སྤྲོས་པར་བྱ་བར་མི་རིགས་པ་ཁོ་ན་སྟེ་དེ་དག་མ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་འཁོར་བ་བསྒྲུབ་པའི་གཏན་ཚིགས་སྐྱེ་བ་དང་རྒ་ཤི་དང་ལྡན་པ་ཉིད་མ་གྲུབ་པའི་ཕྱིར་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་སྨྲས་
པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་གྱི་ལན་གདབ་པར་དཀའོ་ཞེས་བྱ་བ་ནི་སྤྱིའི་ཚད་མའི་འབྲས་བུ་ཡིན་ཏེ། ད་ནི་སློབ་དཔོན་གྱིས་སྐྱེ་བ་ལ་སོགས་པ་དག་གི་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་ཡོད་པར་མི་འཐད་པ་བཞིན་དུ་དངོས་པོ་ལྷག་མ་རྣམས་ལ་ཡང་འདྲ་བར་བསྟན་པར་
བཞེད་ནས་བཤད་པ། རྒྱུ་དང་འབྲས་བུ་ཉིད་དང་ནི། །མཚན་ཉིད་དང་ནི་མཚན་གཞི་ཉིད། །ཚོར་དང་ཚོར་པོ་ཉིད་དང་ནི། །དོན་ཡོད་གང་དག་ཅི་ཡང་རུང་། །ཞེས་བྱ་བས་ནི་ཅི་ལྟར་བརྟགས་ན་སྐྱེ་བ་དང་རྒ་ཤི་དག་གི་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་པ་དེ་བཞིན་དུ། རྒྱུ་དང་འབྲས་
བུ་དང་། མཚན་ཉིད་དང་མཚན་ཉིད་ཀྱི་གཞི་དང་། ཚོར་བ་དང་ཚོར་བ་པོ་དང་། ཕ་རོལ་པོ་དག་གིས་དོན་གཞན་གང་དག་ཡོད་པར་བརྟགས་པ་དེ་དག་ཐམས་ཅད་ལ་ཡང་སྔ་ཕྱི་དང་། ལྷན་ཅིག་གི་རིམ་པ་དག་མི་འཐད་པར་འདྲ་བར་བསྟན་པ་ཡིན་ནོ། །དོན་ཡོད་གང་དག་ཅི་ཡང་
རུང་། །ཞེས་བྱ་བ་བསྟན་པའི་ཕྱིར། ཚད་མ་དང་། གཞལ་བྱ་དང་། ཤེས་པ་དང་ཤེས་བྱ་དང་། གྲོལ་བ་དང་ཐར་པའི་མཚན་ཉིད་དག་གོ་ཞེས་བྱ་བ་སྨྲས་སོ། །དེ་དག་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་པར་འདྲ་བར་བསྟན་པའི་ཕྱིར། འཁོར་བ་འབའ་ཞིག་སྔོན་གྱི་མཐའ། །
ཡོད་མ་ཡིན་པ་མ་ཡིན་གྱི། །དངོས་རྣམས་ཐམས་ཅད་ཉིད་ལ་ཡང་། སྔོན་གྱི་མཐའ་ནི་ཡོད་མ་ཡིན། །ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་དེ་ལྟར་ཡང་དག་པ་ཅི་ལྟ་བ་བཞིན་དུ་བརྟགས་ན་དངོས་པོ་ཐམས་ཅད་ལ་སྔ་ཕྱི་དང་། ལྷན་ཅིག་གི་རིམ་པ་དག་མི་འཐད་པ་དེའི་ཕྱིར་འཁོར་བ་འབའ་
ཞིག་ལ་སྔོན་གྱི་མཐའ་ཡོད་པ་མ་ཡིན་པར་མ་ཟད་ཀྱི་དངོས་པོར་འདོད་པ་ཐམས་ཅད་ལ་སྔོན་གྱི་མཐའ་ཡོད་པ་མ་ཡིན་པས་དངོས་པོར་སྣང་བ་ནི་སྒྱུ་མ་དང་སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། གཟུགས་བརྙན་བཞིན་དུ་མ་གྲུབ་པར་བསྟན་ཏོ། །དེ་ལ་རེ་ཞིག་འདིར་རྒྱུ་དང་འབྲས་བུ་
เล่ม ๑๐๐ · หน้า 255b
དང་མཚན་ཉིད་དང་མཚན་ཉིད་ཀྱི་གཞིའི་དབང་དུ་བྱས་ནས་ཕྱོགས་ཙམ་ཞིག་བཤད་པར་བྱ་སྟེ་ཞེས་བྱ་བས་ནི་དེ་དག་ལ་སྔ་ཕྱི་དང་། ལྷན་ཅིག་གི་རིམ་པ་དག་མི་འཐད་པར་སྟོན་ཏོ། །དོན་དམ་པར་འབྲུ་ནི་མྱུ་གུའི་སྔ་ན་ཡོད་པ་མ་ཡིན་པར་ཤེས་པར་བྱ་སྟེ། འབྲས་བུ་ཡིན་པའི་ཕྱིར་དཔེར་ན་
མྱུ་གུའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བས་ནི་རྒྱུ་དང་འབྲས་བུའི་སྔ་རོལ་ན་མེད་པར་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མྱུ་གུ་ནི་འབྲས་བུ་ཡིན་པའི་ཕྱིར་རང་གི་བདག་ཉིད་ཀྱི་སྔ་ན་
ཡོད་པ་མ་ཡིན་པ་དེ་བཞིན་དུ་ས་བོན་འབྲུ་ཡང་ས་ལ་སོགས་པ་རྐྱེན་གཞན་གྱི་འབྲས་བུ་ཡིན་པའི་ཕྱིར་མྱུ་གུའི་སྔ་ན་ཡོད་པ་མ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་རྒྱུད་ཐ་དད་པའི་འབྲས་བུ་དུས་སྔར་བྱུང་བ་དག་གིས་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག །དབུ་མ་པའི་གཏན་ཚིགས་
འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་དུ་སྐྱོན་འདོགས་པའི་ཚིག་ཡིན་ཏེ། དེ་དག་ནས་འཇིག་རྟེན་ན་རྒྱུ་སེའུ་འབྲུ་ལ་སོགས་པའི་ས་བོན་རྒྱུད་ཐ་དད་པ་དག་འབྲས་བུ་ནས་ཀྱི་མྱུ་གུའི་སྔ་རོལ་ན་ཡོད་པར་མཐོང་བས་དེས་ན་ཅི་རེ་ཞིག་འབྲས་བུ་ཡིན་པའི་ཕྱིར་དཔེར་ན་མྱུ་གུའི་རང་གི་བདག་
ཉིད་བཞིན་དུ་ས་བོན་འབྲུ་མྱུ་གུའི་སྔ་ན་ཡོད་པ་མ་ཡིན་པར་འགྱུར་རམ། འོན་ཏེ་འབྲས་བུ་ཡིན་པའི་ཕྱིར་དཔེར་ན་རྒྱུད་ཐ་དད་པའི་འབྲས་བུ་དུས་སྔར་བྱུང་བ་དག་བཞིན་དུ་འབྲས་བུ་སྔ་ན་ཡོད་པར་འགྱུར་བ་མ་ངེས་པས་དབུ་མ་པའི་གཏན་ཚིགས་དེ་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་
དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་ཀྱང་དོན་དམ་པར་དེ་བཞིན་དུ་བཀག་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རྒྱུད་ཐ་དད་པའི་རྒྱུ་དེ་དག་ཀྱང་དོན་དམ་པར་འབྲས་བུའི་སྔ་རོལ་དུ་མེད་པར་བཀག་པའི་ཕྱིར་མི་མཐུན་པའི་
ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ། །ཅི་སྟེ་འབྲས་བུ་རྒྱུ་བས་སྔ་བར་འདོད་ན་ཡང་དོན་དམ་པར་འབྲས་བུ་རྒྱུ་བས་སྔ་བར་འདོད་པར་མི་བྱ་སྟེ། རྒྱུ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བས་ནི་འབྲས་བུ་རྒྱུའི་སྔ་རོལ་ན་མེད་པར་སྟོན་ཏེ། །གལ་ཏེ་འབྲས་བུ་རྒྱུ་བས་སྔ་བར་
เล่ม ๑๐๐ · หน้า 256a
གྱུར་ན་འབྲས་བུ་རྒྱུ་མེད་པ་ཅན་དུ་འགྱུར་བ་དང་། འབྲས་བུ་ཡོད་ན་ཡང་རྒྱུས་ཅི་བྱ་སྟེ་རྒྱུར་བརྟགས་པ་དོན་མེད་པ་ཉིད་དུ་ཡང་ཐལ་བར་འགྱུར་རོ། །གང་དག་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་ཉིད་གསལ་བར་བྱེད་དོ་ཞེས་ཟེར་བ་དེ་དག་ལ་ཡང་ཞེས་བྱ་བ་ལ་སོགས་པས་
ནི་གྲངས་ཅན་དག་རྒྱུ་ལ་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་རྐྱེན་རྣམས་ཀྱིས་ཕྱིས་གསལ་བར་བྱེད་དོ་ཞེས་ཟེར་བའི་གཞུང་འགོག་པར་བྱེད་དོ། །དེའི་ཕྱིར་འབྲས་བུ་རྐྱེན་རྣམས་ཀྱིས་གསལ་བར་བྱེད་པར་མི་འཐད་དེ་དེ་དག་ཞིག་པས་དེ་འཇིག་པར་འགྱུར་བའི་ཕྱིར་དཔེར་ན་
འཇིམ་པ་ལ་སོགས་པ་ཞིག་པས་བུམ་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འབྲས་བུ་བུམ་པ་ནི་རྐྱེན་འཇིམ་པ་ལ་སོགས་པ་དག་ཞིག་ཅིང་མེད་ན་
འཇིག་ཅིང་མི་འབྱུང་བའི་ཕྱིར་རྐྱེན་རྣམས་ཀྱིས་གསལ་བར་བྱེད་པ་མ་ཡིན་པ་དེ་བཞིན་དུ་འབྲས་བུ་མྱུ་གུ་ཡང་རྐྱེན་ས་བོན་ལ་སོགས་པ་ཞིག་ཅིང་མེད་ན་འཇིག་ཅིང་མི་འབྱུང་བའི་ཕྱིར་རྐྱེན་རྣམས་ཀྱིས་གསལ་བར་བྱེད་པར་མི་འཐད་དོ། །གང་ཞིག་གང་གིས་གསལ་བར་བྱེད་པ་དེ་ནི་
དེ་ཞིག་པས་འཇིག་པར་མི་འགྱུར་ཏེ། དཔེར་ན་ཉི་མ་དང་། ནོར་བུ་དང་། མར་མེ་དང་། སྨན་གྱི་འོད་ཞིག་པས་གསལ་བར་བྱ་བ་ཁྲིའུ་དང་། གཏན་པ་དག་ཞིག་པར་མི་འགྱུར་བ་བཞིན་ནོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བས་ནི་གསལ་བར་བྱེད་པའི་རྐྱེན་ཉི་མ་ལ་སོགས་པའི་འོད་དག་
ཞིག་ཅིང་མེད་པས་ནི་གསལ་བར་བྱ་བའི་འབྲས་བུ་ཁྲིའུ་དང་། གཏན་པ་ལ་སོགས་པ་དག་འཇིག་ཅིང་མེད་པར་མི་འགྱུར་ལ། རྐྱེན་ས་བོན་ལ་སོགས་པ་དག་ཞིག་ཅིང་མེད་པས་ནི་འབྲས་བུ་མྱུ་གུ་ལ་སོགས་པ་དག་འཇིག་ཅིང་མེད་པར་འགྱུར་བས་འབྲས་བུ་རྐྱེན་རྣམས་
ཀྱིས་གསལ་བར་མི་བྱེད་པར་མངོན་པའི་དཔེ་བསྟན་ཏོ། །གསལ་བ་ཡང་སྔོན་མ་བྱུང་བ་ལས་འབྱུང་བའི་ཕྱིར་འབྲས་བུ་སྔ་ན་མེད་པར་སྨྲ་བ་ཡིན་ནོ་ཞེས་བྱ་བ་ནི་གྲངས་ཅན་རྒྱུ་ལ་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་ཕྱིས་རྐྱེན་རྣམས་ཀྱིས་གསལ་བར་བྱེད་པས་འབྲས་
เล่ม ๑๐๐ · หน้า 256b
བུ་སྔ་ན་ཡོད་པ་ཡིན་ནོ་ཞེས་ཟེར་བའི་གཞུང་སུན་དབྱུང་བ་སྟོན་ཏེ། འབྲས་བུ་གསལ་བ་ཞེས་བྱ་བའི་ངོ་བོ་ཉིད་རྒྱུ་ལ་སྔ་ན་མེད་པ་ལས་ཕྱིས་རྐྱེན་གྱི་མཐུས་བྱུང་བའི་ཕྱིར་དེས་ན་ཁྱེད་འདོད་པ་ལྟར་འབྲས་བུ་སྔ་ན་ཡོད་པ་མ་ཡིན་གྱི། སངས་རྒྱས་པ་དག་འདོད་པ་ལྟར་འབྲས་བུ་སྔོན་མ་བྱུང་བ་ལས་ཕྱིས་
རྐྱེན་གྱི་མཐུས་བྱུང་བར་སྨྲ་བའི་གཞུང་ལྟར་འགྱུར་རོ། །རྒྱུ་དང་འབྲས་བུ་དག་དུས་མཉམ་པ་ཉིད་དོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་གྲངས་ཅན་དག་ན་རེ་གང་གི་དུས་ཁོ་ནའི་ཚེ་རྒྱུ་ལ་འབྲས་བུ་ནུས་པའི་ཚུལ་དུ་ཡོད་པ་ཁོ་ནའི་དུས་ན་རྐྱེན་རྣམས་ཀྱིས་གསལ་བར་བྱེད་པ་དེས་ན་
རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་བཞིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དུས་མཉམ་པ་ཉིད་མི་འཐད་པའི་ཕྱིར་རོ། །ཅི་སྟེ་ལྷན་ཅིག་ཏུའོ་ཞེ་ན། དེ་ལྟ་ན་ཡང་དོན་དམ་པར་འབྲུ་དང་མྱུ་གུ་ལྷན་ཅིག་ཏུ་འབྱུང་བ་དག །རྒྱུ་དང་འབྲས་བུའི་དངོས་པོར་མི་རུང་སྟེ་ལྷན་ཅིག་ཏུ་བྱུང་བའི་ཕྱིར་
དཔེར་ན་བ་ལང་གི་རྭ་དག་བཞིན་ནོ་ཞེས་བྱ་བས་ནི་རྒྱུ་དང་འབྲས་བུ་ལྷན་ཅིག་ཏུ་འབྱུང་བ་དགག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བ་ལང་གི་རྭ་དག་ལྷན་ཅིག་ཏུ་བྱུང་བའི་ཕྱིར་རྒྱུ་དང་
འབྲས་བུའི་དངོས་པོར་མི་རུང་བ་དེ་བཞིན་དུ་འབྲུ་དང་མྱུ་གུ་དག་ཀྱང་ལྷན་ཅིག་ཏུ་བྱུང་བའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོར་མི་རུང་སྟེ། ཅི་སྟེ་རྒྱུ་དང་འབྲས་བུ་དག་ལྷན་ཅིག་ཏུ་འགྱུར་ན་གཉི་ག་རྒྱུ་མེད་པ་ཅན་ཉིད་དུ་འགྱུར་བ་དང་། རྒྱུ་འབྲས་བུ་ལ་མི་ལྟོས་པ་ཁོ་ནར་རང་ལས་རབ་ཏུ་གྲུབ་པར་
འགྱུར་བ་དང་འབྲས་བུ་ཡང་རྒྱུ་ལ་མི་ལྟོས་པ་ཁོ་ནར་རང་ལས་རབ་ཏུ་གྲུབ་པར་འགྱུར་བས། དེ་ཡང་མི་འཐད་དོ། །དེ་བཞིན་དུ་ལྐོག་ཤལ་ལ་སོགས་པའི་མཚན་ཉིད་ཀྱང་མཚན་ཉིད་ཀྱི་གཞི་བས་སྔ་བར་མི་འདོད་དེ་གཞི་མེད་པའི་ཕྱིར་དཔེར་ན་རི་མོ་རྩིག་པ་བས་སྔ་བ་མ་ཡིན་པ་བཞིན་ནོ་
ཞེས་བྱ་བས་ནི་མཚན་ཉིད་སྔ་བ་མ་ཡིན་པར་སྟོན་ཏོ། །དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རི་མོ་རྩིག་པ་བས་སྔ་བར་གྱུར་ན་གཞི་མེད་པའི་ཕྱིར་རྩིག་པ་བས་སྔ་བ་མ་ཡིན་པ་དེ་བཞིན་དུ་
เล่ม ๑๐๐ · หน้า 257a
ལྐོག་ཤལ་ལ་སོགས་པ་མཚན་ཉིད་ཀྱང་མཚན་ཉིད་ཀྱི་གཞི་བས་སྔ་བར་གྱུར་ན་གཞི་མེད་པའི་ཕྱིར་མཚན་ཉིད་ཀྱི་གཞི་བས་སྔ་བ་མ་ཡིན་ནོ། །དེ་བཞིན་དུ་མཚན་ཉིད་ཀྱི་གཞི་ཡང་མཚན་ཉིད་ཡིན་པས་སྔ་བར་མི་རིགས་ཏེ། ལྐོག་ཤལ་ལ་སོགས་པའི་མཚན་ཉིད་ཀྱི་གཞི་ཡིན་
པའི་ཕྱིར་དཔེར་ན་སྐྱེས་བུ་ཆེན་པོ་ཉིད་སྐྱེས་བུ་ཆེན་པོའི་མཚན་རྣམས་པས་སྔ་བར་མི་རིགས་པ་དང་། ས་ཉིད་སྲ་བ་བས་སྔ་བར་མི་རིགས་པ་བཞིན་ནོ་ཞེས་བྱ་བས་ན་མཚན་ཉིད་ཀྱི་གཞི་སྔ་བ་མ་ཡིན་པར་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་།
དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྐྱེས་བུ་ཆེན་པོ་ཉིད་དང་། ས་ཉིད་ནི་མཚན་ཉིད་ཀྱི་གཞི་ཡིན་པའི་ཕྱིར་མཚན་ཉིད་པས་སྔ་བར་མི་རིགས་པ་དེ་བཞིན་དུ། མཚན་ཉིད་ཀྱི་གཞི་བ་ལང་ཡང་། མཚན་ཉིད་ཀྱི་གཞི་ཡིན་པའི་ཕྱིར་མཚན་ཉིད་ལྐོག་ཤལ་ལ་སོགས་པ་དག་
པས་སྔ་བར་མི་རིགས་སོ། །མཚན་ཉིད་དང་མཚན་ཉིད་ཀྱི་གཞི་ལྷན་ཅིག་ཏུ་བྱུང་བ་དག་ཀྱང་མཚན་ཉིད་དང་མཚན་ཉིད་ཀྱི་གཞི་ཉིད་དུ་མི་འདོད་དེ་ལྷན་ཅིག་ཏུ་བྱུང་བའི་ཕྱིར་དཔེར་ན་དྲི་དང་རོ་ལྷན་ཅིག་ཏུ་བྱུང་བ་དག་བཞིན་ནོ་ཞེས་བྱ་བས་ནི་མཚན་ཉིད་དང་མཚན་ཉིད་ཀྱི་གཞི་དག་ལྷན་ཅིག་
ཉིད་དུ་མི་འཐད་པར་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དྲི་དང་རོ་ལྷན་ཅིག་ཏུ་བྱང་བ་དག་ནི་ལྷན་ཅིག་ཏུ་བྱུང་བའི་ཕྱིར་མཚན་ཉིད་དང་མཚན་ཉིད་ཀྱི་གཞི་ཉིད་དུ་མི་འདོད་པ་དེ་
བཞིན་དུ་མཚན་ཉིད་དང་མཚན་ཉིད་ཀྱི་གཞི་ལྷན་ཅིག་ཏུ་བྱུང་བ་དག་ཀྱང་ལྷན་ཅིག་ཏུ་འབྱུང་བའི་ཕྱིར། མཚན་ཉིད་དང་མཚན་ཉིད་ཀྱི་གཞི་ཉིད་དུ་མི་འདོད་དེ། མཚན་ཉིད་དང་མཚན་ཉིད་ཀྱི་གཞི་དག་ལྷན་ཅིག་ཏུ་གྱུར་ན་གཉི་ག་རྒྱུ་མེད་པ་ཅན་དུ་འགྱུར་བ་དང་། མཚན་ཉིད་ཀྱང་མཚན་
ཉིད་ཀྱི་གཞི་ལ་མི་ལྟོས་པ་ཁོ་ནར་རང་ལས་རབ་ཏུ་གྲུབ་པར་འགྱུར་བ་དང་། མཚན་ཉིད་ཀྱི་གཞི་ཡང་མཚན་ཉིད་ལ་མི་ལྟོས་པ་ཁོ་ནར་རང་ལས་རབ་ཏུ་གྲུབ་པར་འགྱུར་བས་དེ་ཡང་མི་འཐད་དོ། །རྒྱས་པར་ནི་སྔ་མ་བཞིན་ནོ་ཞེས་བྱ་བས་ནི་ཚོར་བ་དང་ཚོར་བ་པོ་དང་། ཚད་མ་དང་།
เล่ม ๑๐๐ · หน้า 257b
གཞལ་བྱ་དང་། ཤེས་པ་དང་། ཤེས་བྱ་དང་། གྲོལ་བ་དང་། ཐར་པ་དག་སྔ་ཕྱི་དང་ལྷན་ཅིག་ཏུ་མི་འཐད་པ་ཡང་སྔ་མ་བཞིན་དུ་སྦྱར་བར་བསྟན་ཏོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་སྨྲས་པའི་སྒྲུབ་པའི་སྐྱོན་བརྗོད་པས་འཁོར་བ་ངོ་བོ་ཉིད་མེད་པ་
ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། འཁོར་བ་བརྟག་པའི་རབ་ཏུ་བྱེད་པ་བཅུ་གཅིག་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་བལྟ་བ་ནི་ཕ་རོལ་པོས་ཕུང་པོ་ལ་སོགས་པ་དག་ཡོད་པ་ཉིད་དུ་སྒྲུབ་པའི་ཕྱིར་རབ་ཏུ་བྱེད་པ་འདིའི་
དང་པོར་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མིང་དང་ཁྱད་པར་བསྟན་ནས་དེ་ཟད་པར་བྱ་བའི་ཕྱིར་མན་ངག་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་པའི་སྒྲུབ་པའི་སྐྱོན་བརྗོད་པས་འཁོར་བ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །འཁོར་
བ་ལ་སོགས་པའི་དངོས་པོ་ཐམས་ཅད་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་པར་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་དང་། དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར། འདིར་ཡིད་ཆེས་པའི་ལུང་
གི་ཁུངས་ཀྱིས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་ཐེག་པ་ཆེན་པོའི་མདོ་སྡེའི་མཐའ་གཞན་དག་ལས་དེ་བཞིན་དུ་འདི་ལ་འགའ་ཡང་འཁོར་བར་མི་འགྱུར། མྱ་ངན་ལས་འདའ་བར་མི་འགྱུར། ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་
པ་གསུངས་པ་དང་། དེ་བཞིན་དུ་འཕགས་པ་ཚངས་པས་ཞུས་པའི་མདོ་ལས། ཚངས་པ་ངས་འཁོར་བ་ཡང་མ་དམིགས། མྱ་ངན་ལས་འདས་པ་ཡང་མ་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་འཁོར་བ་འདོགས་པར་མཛད་ཀྱང་དེར་འགའ་ཡང་འཁོར་
བར་མི་འགྱུར་ཞིང་། དེ་བཞིན་གཤེགས་པས་མྱ་ངན་ལས་འདས་པ་འདོགས་པར་མཛད་ཀྱང་དེར་འགའ་ཡང་མྱ་ངན་ལས་འདའ་བར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། དེ་བཞིན་དུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด