ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) པྲཛྙཱ་པྲ་དཱི་པཾ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๐๐ · หน้า 284a
པ་གཏན་ཚིགས་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་པས་ཁྱོད་དབུ་མ་པའི་འདོད་པའི་དོན་ནང་གི་དངོས་པོ་རྣམས་ངོ་བོ་ཉིད་སྟོང་པ་ཡིན་ཏེ་ཞེས་དམ་བཅས་པ་དེ་མི་འགྲུབ་པོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། གལ་ཏེ་སླུ་ཆོས་
གང་ཡིན་པ། །དེ་བརྫུན་དེ་ལ་ཅི་ཞིག་སླུ། །ཞེས་བྱ་བ་སྨྲས་ཏེ། སྔར་ཁོ་བོས་འདུས་བྱས་གང་ཡིན་པ་དེ་ནི་བརྫུན་པ་སྟེ། སླུ་བའི་ཆོས་ཡིན་པའི་ཕྱིར་རོ་ཞེས་བྱ་བས་འདུས་བྱས་ཞེས་བྱ་བ་ནི་ནང་གི་དངོས་པོ་རྣམས་སོ། །བརྫུན་པ་ཞེས་བྱ་བ་ནི་ངོ་བོ་ཉིད་སྟོང་པ་སྟེ། རྣམ་པར་བརྟག་པའི་ངོ་བོ་ཉིད་
སྟོང་པ་ཉིད་དོ། །སླུ་བའི་ཆོས་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ལོག་པར་སྣང་བའི་ཕྱིར་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་བཞིན་ནོ་ཞེས་འདུས་བྱས་བརྫུན་པར་དམ་བཅས་པ་སྒྲུབ་པའི་གཏན་ཚིགས་སླུ་བའི་ཆོས་ཡིན་པའི་ཕྱིར་རོ་ཞེས་བཤད་པ་དེ་ལ་འདིར་ཁྱེད་ན་རེ་བརྫུན་པ་ཞེས་བྱ་
བ་ནི་ངོ་བོ་ཉིད་སྟོང་པ་སྟེ། མེད་པའི་དོན་ཡིན་ལ། སླུ་བའི་ཆོས་ཡིན་པའི་ཕྱིར་ཞེས་བྱ་བ་ཡང་བརྫུན་པ་དང་མེད་པའི་དོན་ཡིན་པས་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་བསྒྲུབ་པ་གཏན་ཚིགས་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་པས་འདོད་པའི་དོན་མི་འགྲུབ་པོ་ཞེས་ཟེར་བ་ནི་དེ་ལྟ་མ་ཡིན་ཏེ།
གལ་ཏེ་ཁོ་བོའི་གཏན་ཚིགས་སླུ་བའི་ཆོས་ཞེས་སྨོས་པ་གང་ཡིན་པ་དེ་བརྫུན་པ་དང་མེད་པའི་དོན་ཡིན་ན་ནི་བརྫུན་པ་མེད་པ་དེ་ལ་ཅི་ཞིག་སླུ་བར་འགྱུར་ཏེ། སླུ་བའི་ཆོས་ཞེས་བྱ་བའི་ཐ་སྙད་ཀྱང་མེད་པ་ཞིག་ན་ཁོ་བོའི་གཏན་ཚིགས་སླུ་བའི་ཆོས་ཞེས་སྨོས་པ་གང་ཡིན་པ་དེ་ནི་བརྫུན་པ་དང་མེད་པའི་
དོན་མ་ཡིན་ཏེ། ལོག་པར་སྣང་བའི་དོན་ཡིན་པས་དེས་ན་འདུས་བྱས་རྣམས་ནི་རྣམ་པར་བརྟག་པའི་ངོ་བོ་ཉིད་སྟོང་པ་སྟེ། ལོག་པར་སྣང་བའི་ཕྱིར་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་བཞིན་ནོ་ཞེས་བསྟན་པའི་གཏན་ཚིགས་དེ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་མ་ཡིན་པའི་ཕྱིར་
སྒྲུབ་པ་གཏན་ཚིགས་མ་ཚང་བ་ཉིད་ཀྱི་སྐྱོན་མེད་པས་འདོད་པའི་དོན་འགྲུབ་པོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་གལ་ཏེ་དམ་བཅས་པའི་གཏན་ཚིགས་དེའི་དོན་མེད་པ་ཉིད་ཡིན་ན་དེ་ལ་ཅི་ཞིག་སླུ་བར་འགྱུར། ཅུང་ཟད་ཀྱང་སླུ་བར་མི་འགྱུར་ཏེ་མེད་པའི་ཕྱིར་དཔེར་ན་རི་བོང་གི་རྭ་
เล่ม ๑๐๐ · หน้า 284b
བཞིན་པས་འདུས་བྱས་བརྫུན་པ་ཞེས་གསུངས་པའི་ཚིག་ཉིད་ཀྱང་མེད་དོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཁོ་བོས་དོན་དམ་པར་ནང་གི་དངོས་པོ་རྣམས་ནི་ངོ་བོ་ཉིད་སྟོང་པ་ཡིན་ཏེ་ཞེས་དམ་བཅས་པའི་གཏན་ཚིགས་སླུ་བའི་ཆོས་ཡིན་པའི་ཕྱིར་ཞེས་བྱ་བ་དེའི་དོན་ཁྱེད་ཟེར་
བ་ལྟར་བརྫུན་པ་དང་མེད་པ་ཉིད་ཡིན་ན་དེ་ལ་ཅི་ཞིག་སླུ་བར་འགྱུར། ཅུང་ཟད་ཀྱང་སླུ་བར་མི་འགྱུར་ཏེ་མེད་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་པས་དེ་ལྟ་ན། བཅོམ་ལྡན་འདས་ཀྱིས་འདུས་བྱས་བརྫུན་པ་ཞེས་གསུངས་པའི་ཚིག་ཉིད་ཀྱང་མེད་དོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ་ཞེས་
བྱ་བར་སྦྱར་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བས་གླགས་ཡོད་པའི་ཚིག་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རི་བོང་གི་རྭ་ནི་མེད་པའི་ཕྱིར་དེ་ལ་ཅུང་ཟད་ཀྱང་སླུ་བ་ཡོད་པར་མི་འགྱུར་བས་རི་བོང་གི་
རྭ་ལོག་པར་སྣང་ངོ་ཞེས་བྱ་བའི་ཚིག་ཉིད་ཀྱང་མེད་པ་དེ་བཞིན་དུ་གལ་ཏེ་ཁོ་བོའི་དམ་བཅས་པའི་གཏན་ཚིགས་དེའི་དོན་ཀྱང་ཁྱེད་ཟེར་བ་ལྟར་མེད་པ་ཉིད་ཡིན་ན་མེད་པའི་ཕྱིར་དེ་ལ་ཅུང་ཟད་ཀྱང་སླུ་བ་ཡོད་པར་མི་འགྱུར་བས་འདུས་བྱས་བརྫུན་པ་ཞེས་གསུངས་པའི་ཚིག་ཉིད་ཀྱང་མེད་པ་ཞིག་ན་དེ་
ལྟ་མ་ཡིན་པས་གླགས་ཡོད་པའི་ཚིག་དེ་དག་ལས་བཟློག་པ་སྐབས་ཀྱི་དོན་ཉིད་བསྟན་པར་བྱའོ། །དེ་ལྟར་གླགས་ཡོད་པའི་ཚིག་དེ་དག་ལས་བཟློག་པས་སྐབས་ཀྱི་དོན་ཉིད་བསྟན་པའི་ཕྱིར། དེ་ལྟ་བས་ན་བརྫུན་པ་དང་སླུ་བའི་ཆོས་ཞེས་གསུངས་པའི་དོན་ནི་མེད་པ་ཉིད་མ་ཡིན་ཏེ། འོ་ན་ཅི་ཞེ་ན།
དེ་གཉིས་ཀྱི་དོན་ནི་རྣམ་པར་བརྟགས་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། ལོག་པར་སྣང་བ་ཡིན་པས་དམ་བཅས་པའི་དོན་ནི་ཕྱོགས་གཅིག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བཅོམ་ལྡན་འདས་ཀྱིས་འདུས་བྱས་རྣམས་བརྫུན་པ་དང་སླུ་བའི་ཆོས་ཡིན་ནོ་ཞེས་གསུངས་པའི་དོན་ནི་ཕ་རོལ་པོ་
དག་ཟེར་བ་ལྟར་གཏན་མེད་པ་ཉིད་མ་ཡིན་ཏེ། བརྫུན་པ་ཞེས་བྱ་བའི་དོན་ནི་ངོ་བོ་ཉིད་སྟོང་པ་སྟེ། རྣམ་པར་བརྟགས་པའི་ངོ་བོ་ཉིད་སྟོང་པ་ཉིད་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་ལྟ་བུ་ཡིན་ལ་སླུ་བ་ཞེས་བྱ་བའི་དོན་ནི་ལོག་པར་སྣང་བ་སྟེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་
เล่ม ๑๐๐ · หน้า 285a
ཀྱི་ལུས་ལོག་པར་སྣང་བ་ལྟ་བུ་ཡིན་པས་ཁོ་བོས་དོན་དམ་པར་ནང་གི་དངོས་པོ་རྣམས་ནི་ངོ་བོ་ཉིད་སྟོང་པ་ཡིན་ཏེ་ཞེས་དམ་བཅས་པའི་གཏན་ཚིགས་སུ་སླུ་བའི་ཆོས་ཡིན་པའི་ཕྱིར་ཞེས་སྨོས་པ་དེ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཉིད་མ་ཡིན་ནོ། །དམ་བཅས་པའི་དོན་གྱི་
ཕྱོགས་གཅིག་ཉིད་མེ་ཡིན་པའི་གཏན་ཚིགས་དེ་ཡང་རྒོལ་བ་དང་། ཕྱིར་རྒོལ་བའི་ཕྱོགས་གཉི་ག་ལ་གྲགས་པས་གཏན་ཚིགས་ཉིད་དུ་གྲུབ་པས་དབུ་མ་པའི་འདོད་པའི་དོན་འགྲུབ་པར་བསྟན་པའི་ཕྱིར། ལོག་པར་སྣང་བ་ཡང་ཕྱོགས་གཉི་ག་ལ་གྲགས་པའི་ཕྱིར་དེས་ན་གཏན་ཚིགས་
མ་ཚང་བ་ཉིད་མེད་པའི་ཕྱིར་འདོད་པའི་དོན་གྲུབ་པོ་ཞེས་བྱ་བ་སྨྲས་སོ། །གཞན་ཡང་། བཅོམ་ལྡན་འདས་ཀྱིས་དེ་གསུངས་པ། །སྟོང་ཉིད་ཡོངས་སུ་སྟོན་པ་ཡིན། །ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་ཀྱིས་སླུ་བའི་ཆོས་ཞེས་བྱ་བ་དེ་གསུངས་པ་ན་སྟོང་པ་ཉིད་ཀྱི་དོན་སྟོན་པར་བྱེད་
པ་ཡིན་གྱི། དངོས་སུ་སྟོང་པ་ཉིད་བསྟན་པ་མ་ཡིན་པས་དེའི་ཕྱིར་ཡང་ཁོ་བོས་དོན་དམ་པར་ནང་གི་དངོས་པོ་རྣམས་ནི་ངོ་བོ་ཉིད་སྟོང་པ་ཡིན་ཏེ་ཞེས་དམ་བཅས་པ་དེའི་གཏན་ཚིགས་སུ་སླུ་བའི་ཆོས་ཡིན་པའི་ཕྱིར་ཞེས་སྨོས་པས་དེ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་མ་ཡིན་ནོ་ཞེས་སྟོན་ཏོ། །
དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྩ་བ་དང་བཅས་པ་མ་ལུས་པར་དྲུངས་ཕྱུང་བས་སླུ་བའི་ཆོས་ཞེས་བྱ་བ་དེ་གསུངས་པ་ནི་སྟོང་པ་ཉིད་ཡོངས་སུ་སྟོན་པར་བྱེད་པ་ཡིན་ཏེ། སླུ་བའི་ཆོས་ཞེས་གསུངས་པ་ནི་དེ་མེད་ན་མི་འབྱུང་བའི་ཕྱིར་
དཔེར་ན་སྨྲ་བ་པོས་ཕྱོགས་འདི་དུ་བ་དང་བཅས་པ་ཡིན་ནོ་ཞེས་སྨྲས་པས་དེ་མེ་དང་བཅས་པ་ཉིད་ཡིན་པར་སྟོན་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྨྲ་བ་པོ་འབའ་ཞིག་
གིས་ས་ཕྱོགས་འདི་དུ་བ་དང་བཅས་པ་ཡིན་ནོ་ཞེས་སྨྲས་པ་ན། དུ་བ་ནི་མེ་དེ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་ཚིག་དེས་ཕྱོགས་དེ་མེ་དང་བཅས་པ་ཉིད་ཡིན་པར་སྟོན་པ་ཡིན་པ། དེ་བཞིན་དུ་བཅོམ་ལྡན་འདས་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པས་འདུ་
เล่ม ๑๐๐ · หน้า 285b
བྱེད་རྣམས་སླུ་བའི་ཆོས་ཡིན་ནོ་ཞེས་གསུངས་པ་ཡང་སླུ་བའི་ཆོས་ཞེས་བྱ་བ་ནི་ངོ་བོ་ཉིད་སྟོང་པ་ཉིད་དེ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་སླུ་བའི་ཆོས་ཞེས་གསུངས་པ་དེ་སྟོང་པ་ཉིད་ཡོངས་སུ་སྟོན་པར་བྱེད་པ་ཡིན་པས་དེས་ན་ཁོ་བོ་དོན་དམ་པར་ནང་གི་དངོས་པོ་རྣམས་ནི་ངོ་བོ་ཉིད་སྟོང་པ་ཉིད་
ཡིན་ཏེ་ཞེས་དམ་བཅས་པ་དེའི་གཏན་ཚིགས་སུ་སླུ་བའི་ཆོས་ཡིན་པའི་ཕྱིར་ཞེས་སྨོས་པ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་མ་ཡིན་པའི་ཕྱིར་སྒྲུབ་པ་གཏན་ཚིགས་མ་ཚང་བ་ཉིད་ཀྱི་སྐྱོན་མེད་པས་ཁོ་བོའི་འདོད་པའི་དོན་གྲུབ་པོ། །འདིར་སྨྲས་པ། བརྫུན་པ་ཞེས་གསུངས་པ་དེ་ནི་ཡོད་
མོད་ཀྱི་འོན་ཀྱང་མེད་པའི་དོན་ཀྱང་མ་ཡིན་ལ་ཆོས་བདག་མེད་པ་ཡོངས་སུ་སྟོན་པར་བྱེད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི། ཕ་རོལ་པོ་དག་ན་རེ་བཅོམ་ལྡན་འདས་ཀྱིས་འདུ་བྱེད་རྣམས་བརྫུན་པ་ཞེས་གསུངས་པའི་ལུང་དེ་ནི་ཡོད་མོད་ཀྱི། འོན་ཀྱང་དེའི་དོན་ནི་མེད་པ་ཉིད་ཀྱང་མ་ཡིན་ལ་
དེས་ཆོས་བདག་མེད་པ་ཡོངས་སུ་སྟོན་པར་བྱེད་པ་ཡང་མ་ཡིན་ཏེ། དེས་ནི་དངོས་པོ་རྣམས་ལ་གང་ཟག་ངོ་བོ་ཉིད་མེད་དེ། སྐད་ཅིག་མ་རེ་རེ་ལ་གནས་སྐབས་གཞན་དུ་འགྱུར་བར་སྣང་བའི་ཕྱིར་རོ། །དེ་ལྟ་བས་ན་ཆོས་བདག་མེད་པའི་དངོས་པོ་ནི་མི་སྲིད་པས་ཁྱེད་དབུ་མ་པས་དོན་དམ་པར་ནང་
གི་དངོས་པོ་རྣམས་ནི་ངོ་བོ་ཉིད་སྟོང་པ་ཡིན་ཏེ་སླུ་བའི་ཆོས་ཡིན་པའི་ཕྱིར་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་བཞིན་ནོ་ཞེས་བྱ་བས་འདུ་བྱེད་རྣམས་རྣམ་པ་ལས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་དེ་ཁོ་ནའི་དོན་བསྟན་པ་མི་རུང་ངོ་ཞེས་ཟེར་བའི་གཞུང་སྟོན་ཏོ། དེ་ཉིད་
བསྟན་པའི་ཕྱིར་འདི་ལྟར་བཅོམ་ལྡན་འདས་ཀྱིས་བརྫུན་པ་ཞེས་གསུངས་པས་ནི། དངོས་རྣམས་ངོ་བོ་ཉིད་མེད་དེ། །གཞན་དུ་འགྱུར་བ་སྣང་ཕྱིར་རོ། །ཞེས་བསྟན་ཏེ་གཞན་དུ་འགྱུར་བ་ཉིད་སྣང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། བཅོམ་ལྡན་འདས་ཀྱིས་བརྫུན་པ་ཞེས་གསུངས་
པས་ནི་དངོས་པོ་རྣམས་ལ་གང་ཟག་ངོ་བོ་ཉིད་མེད་དོ། །འདི་ལྟར་དངོས་པོ་རྣམས་སྐད་ཅིག་མ་རེ་རེ་ལ་གནས་སྐབས་གཞན་དུ་འགྱུར་བ་སྣང་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ཉིད་བསྣན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བརྫུན་པ་ཞེས་གསུངས་པས་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་ནི་
เล่ม ๑๐๐ · หน้า 286a
ངེས་པར་མི་གནས་པའི་ངོ་བོ་ཉིད་ཡིན་པར་བསྟན་ཏོ་ཞེས་བྱ་བ་སྨྲས་ཏེ། བརྫུན་པ་ཞེས་གསུངས་པའི་དོན་ནི་དངོས་པོ་རྣམས་ལ་གང་ཟག་ངོ་བོ་ཉིད་མེད་པ་ཉིད་དེ། དེ་ཡང་སྐད་ཅིག་མ་རེ་རེ་ལ་གནས་སྐབས་གཞན་དུ་འགྱུར་ཞིང་ངེས་པར་མི་གནས་པའི་ངོ་བོ་ཉིད་ཡིན་པར་བསྟན་ཏོ། །
འདི་ལྟར་བརྟག་པར་རིགས་ཏེ། ངོ་བོ་ཉིད་མེད་དངོས་མེད་དེ། །ཞེས་བྱ་བས་ནི་ཆོས་ཀྱི་ངོ་བོ་ཉིད་མེད་པའི་དངོས་པོ་ནི་མི་སྲིད་པས་གང་ཟག་ངོ་བོ་ཉིད་མེད་པ་ཉིད་དུ་བརྟག་པར་རིགས་སོ་ཞེས་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར་འོ་ན་ཇི་ལྟ་བུ་ཞེ་ན། ངོ་བོ་ཉིད་དམ་བཅས་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཆོས་
ཀྱི་ངོ་བོ་ཉིད་ནི་ཡོད་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱེད་ཀྱི་ལུགས་ལྟར་ན་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་འགྱུར་བས་དེ་ནི་མི་རིགས་ཏེ་ཞེས་བྱ་བས་ནི་ཁྱེད་དབུ་མ་པས་ཆོས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་དེ་ནི་ཆད་པའི་མཐར་འགྱུར་བས་མི་རིགས་སོ་ཞེས་ཟེར་བའི་གཞུང་
བསྟན་ཏོ། །ཅིའི་ཕྱིར་དེ་མི་རིགས་ཤེ་ན། གང་ཕྱིར་དངོས་རྣམས་སྟོང་པ་ཉིད། །གང་གི་ཕྱིར་དངོས་པོ་རྣམས་བདག་དང་བདག་གི་ཉིད་དང་བྲལ་བ་དེའི་ཕྱིར་སྟོང་པ་ཉིད་ཅེས་བྱའི། དངོས་པོ་མེད་པ་ནི་མ་ཡིན་པས་དེའི་ཕྱིར་དངོས་པོ་ཡོད་པར་ཤེས་པར་བྱའོ་ཞེས་བྱ་བ་སྨྲས་སོ། །ཅི་སྟེ་དེ་ལྟར་མི་འདོད་
ན། གལ་ཏེ་ངོ་བོ་ཉིད་མེད་ན། །གཞན་དུ་འགྱུར་བ་གང་གི་ཡིན། །ཞེས་བྱ་བ་ནི་ཅི་སྟེ་ཆོས་ཀྱི་ངོ་བོ་ཉིད་ཡོད་པར་མི་འདོད་དེ་ཆོས་ཀྱི་ངོ་བོ་ཉིད་མེད་ན་བྱིས་པ་དང་། གཞོན་ནུ་དང་། ལོང་ཚོ་དང་། བར་མ་དང་། གནས་བརྟན་ལ་སོགས་པའི་གནས་སྐབས་གཞན་དུ་འགྱུར་བར་མཐོང་བ་དག་དངོས་
པོ་གང་གི་ཡིན་པར་བརྟག་སྟེ། གཞན་དུ་འགྱུར་བ་དེ་དག་ཀྱང་མེད་པའི་སྐྱོན་དུ་འགྱུར་རོ། །དེ་ཡང་མཐོང་བས་ཞེས་བྱ་བས་ནི་གཞན་དུ་འགྱུར་བ་དེ་ཡང་མཐོང་བས་སོ། །དེའི་ཕྱིར་དངོས་པོ་རྣམས་ལ་གཞན་དུ་འགྱུར་བ་ཡོད་པ་ནི་སྒྲུབ་པའི་ཆོས་ཡིན་པས་རྗེས་སུ་དཔག་པར་ནུས་ཏེ་ཞེས་བྱ་བས་
ནི་གཞན་དུ་འགྱུར་བ་ནི། གང་ཟག་བདག་མེད་པ་དང་ཆོས་བདག་ཡོད་པར་བསྒྲུབ་པའི་གཏན་ཚིགས་ཡིན་པས་འདིར་དེའི་རྗེས་སུ་དཔག་པ་འདི་ལྟར་བྱའོ་ཞེས་སྟོན་ཏོ། །དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་དེ་གཞན་དུ་འགྱུར་བའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་ནི་གཞན་
เล่ม ๑๐๐ · หน้า 286b
དུ་འགྱུར་བ་མེད་དེ་དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །ནང་གི་དངོས་པོ་རྣམས་ལ་ནི་གཞན་དུ་འགྱུར་བ་ཡོད་པས་དེའི་ཕྱིར་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་དོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་
སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་མོ་གཤམ་གྱི་བུ་ལྟ་བུ་གང་དག་མེད་པ་དེ་དག་ལ་ནི་གཞན་དུ་འགྱུར་བ་མེད་ཀྱི། ནང་གི་དངོས་པོ་རྣམས་ལ་ནི་གཞན་དུ་འགྱུར་བ་ཡོད་པས་དེའི་ཕྱིར་ནང་གི་དངོས་པོ་རྣམས་དོན་དམ་པར་ངོ་བོ་ཉིད་ཡོད་དོ། །དེས་ན་ཆོས་
བདག་མེད་པའི་དངོས་པོ་མི་སྲིད་པས་ཁྱེད་དབུ་མ་པས་སྔར་རྗེས་སུ་དཔག་པས་འདུ་བྱེད་རྣམས་རྣམ་པ་ལས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་དེ་ཁོ་ནའི་དོན་བསྟན་པ་དེ་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། གལ་
ཏེ་ངོ་བོ་ཉིད་ཡོད་ན། ཇི་ལྟ་བུར་ན་གཞན་དུ་འགྱུར། །ངོ་བོ་ཉིད་ཡོད་པ་ལ་གཞན་དུ་འགྱུར་བ་ཉིད་མི་རིགས་ཏེ། ངོ་བོ་ཉིད་ནི་ཉམས་པར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕ་རོལ་པོ་དག་གི་ལུགས་ལ་གླགས་ཡོད་པའི་ཚིག་གིས་བསྟན་ཏོ། །གླགས་ཡོད་པའི་ཚིག་དེ་ལས་བཟློག་པས་
སྐབས་ཀྱི་དོན་ཉིད་བསྟན་པའི་ཕྱིར་གཞན་དུ་འགྱུར་བ་ནི་མཐོང་སྟེ། དེ་ཡང་ངོ་བོ་ཉིད་མེད་པ་ཉིད་མེད་ན་མི་འབྱུང་བས་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དངོས་པོ་རྣམས་གཞན་དུ་འགྱུར་བ་ཉིད་མཐོང་སྟེ། གཞན་དུ་འགྱུར་བ་དེ་ཡང་ངོ་བོ་ཉིད་མེད་པ་ཉིད་མེད་ན་མི་
འབྱུང་བས་དེའི་ཕྱིར་ཕ་རོལ་པོ་དག་ན་རེ་དོན་དམ་པར་དངོས་པོའི་ངོ་བོ་ཉིད་ཡོད་དེ་གཞན་དུ་འགྱུར་བའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་དེའི་དོན་འགལ་བ་ཉིད་ཡིན་པས། ཆོས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པོ།། །།བམ་པོ་ལྔ་བཅུ་གཅིག་པ། གཞན་དག་གིས་
སྨྲས་པ། སླུ་བའི་ཆོས་ཞེས་བྱ་བའི་དོན་ནི་ལོག་པར་སྣང་བའི་དོན་ཡིན་མོད་ཀྱི་དངོས་པོ་མེད་པའི་དོན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་སྔར་དབུ་མ་པས་བརྫུན་པ་ཞེས་བྱ་བ་ནི་རྣམ་པར་བརྟགས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ལ། དེ་ནི་ལོག་པར་སྣང་བ་ཡིན་པས་སླུ་བའི་ཆོས་ཡིན་
เล่ม ๑๐๐ · หน้า 287a
པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཡིན་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་བཞིན་ནོ་ཞེས་བྱ་བར་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་སྟོང་པས་ཆོས་རྣམས་བདག་མེད་པའི་དེ་ཁོ་ན་བསྟན་པ་དེ་ལ། འདིར་སྡེ་པ་གཞན་དག་ན་རེ་ཁྱེད་དབུ་མ་པས་འདུས་བྱས་
རྣམས་རྣམ་པར་བརྟགས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་པས་བརྫུན་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཡིན་ཏེ་ཞེས་དམ་བཅས་པ་དེའི་གཏན་ཚིགས་སུ་དེ་ལོག་པར་སྣང་བ་ཡིན་པས་སླུ་བའི་ཕྱིར་ངོ་བོ་ཉིད་སྟོང་པ་ཡིན་ནོ་ཞེས་སྨོས་པ་ལ་སླུ་བའི་ཆོས་ཞེས་བྱ་བའི་དོན་ནི་ལོག་པར་སྣང་བའི་དོན་ཡིན་
མོད་ཀྱི། དངོས་པོ་མེད་པའི་དོན་མ་ཡིན་ཏེ་འདི་ལྟར་གང་ཟག་བདག་དང་བདག་གི་མེད་པ་ཉིད་ལས་བདག་དང་བདག་གིར་ལོག་པར་སྣང་བས་སླུ་བའི་ཆོས་ཡིན་པ་དེ་ནི་བདེན་ནོ། །ཁྱོད་ཀྱིས་ཆོས་རྣམས་ངོ་བོ་ཉིད་མེད་པས་དངོས་པོ་མེད་པར་བཤད་པ་ནི་རི་བོང་གི་རྭ་བཞིན་དུ་མེད་པ་ཉིད་
ཡིན་པས་དེའི་ཕྱིར་སླུ་བའི་ཆོས་ཞེས་བྱ་བའི་དོན་དངོས་པོ་མེད་པའི་དོན་ནི་མ་ཡིན་ནོ་ཞེས་ཟེར་བའི་གཞུང་སྟོན་ཏོ། །ཅིའི་ཕྱིར་སླུ་བའི་ཆོས་ཞེས་བྱ་བའི་དོན་ལོག་པར་སྣང་བའི་དོན་ཡིན་གྱི་དངོས་པོ་མེད་པའི་དོན་མ་ཡིན་ཞེ་ན། དེའི་ཕྱིར་བརྫུན་པ་ཞེས་གསུངས་པ་དེས་ནི་དངོས་པོ་རྣམས་
ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་བ་བདག་མེད་པ་ཉིད་བསྟན་ཏེ། ངོ་བོ་ཉིད་ཅེས་བྱ་བའི་སྒྲ་ནི་བདག་གི་ཚིག་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སླུ་བའི་ཆོས་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེས་བསྒྲུབ་པར་བྱ་བ་ཆོས་ནི་འདུས་བྱས་གང་ཡིན་པ་དེ་ནི་བརྫུན་པ་སྟེ་ཞེས་བྱ་བ་ཡིན་
ལ། བརྫུན་པ་ཞེས་གསུངས་པ་དེས་ནི་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་ལ། ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་བ་ནི་བདག་མེད་པ་ཉིད་ཡིན་ཏེ། ངོ་བོ་ཉིད་ཅེས་བྱ་བའི་སྒྲ་ནི་བདག་གི་ཚིག་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དབུ་མ་པས་ཅིའི་ཕྱིར་དངོས་པོ་རྣམས་ལ་གང་
ཟག་བདག་མེད་ཅེས་དྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ་ཕ་རོལ་པོ་དག་ཉིད་ཀྱིས་སྔར་སྨྲས་པའི་ཚིག་ལེའུར་བྱས་པའི་རྩ་བ། གཞན་དུ་འགྱུར་བ་སྣང་ཕྱིར་རོ། །ཞེས་བྱ་བ་འདི་སྨྲས་སོ། །དེ་ཉིད་བསྟན་པའི་ཕྱིར། གཞན་དུ་འགྱུར་བ་ཉིད་སྣང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་
เล่ม ๑๐๐ · หน้า 287b
སྨྲས་ཏེ། དངོས་པོ་རྣམས་གཞན་དུ་འགྱུར་བ་ཉིད་སྣང་བའི་ཕྱིར་གང་ཟག་བདག་མེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར་དེ་ལྟ་བས་ན་བརྫུན་པ་ཞེས་གསུངས་པ་ནི་བདག་མེད་པ་ཉིད་མེད་ན་མི་འབྱུང་བའི་ཕྱིར་བདག་མེད་པ་ཉིད་སྟོན་པ་ཡིན་གྱི་
སྟོང་པ་ཉིད་སྟོན་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། །གང་ཟག་བདག་མེད་པ་ཉིད་སྟོན་པ་ཡིན་གྱི་ཆོས་བདག་མེད་པ་ཉིད་བསྟན་པ་མ་ཡིན་ནོ་ཞེས་བྱེ་བྲག་ཏུ་བཤད་པ་སྟོན་ཏོ། །དེ་ལྟར་གང་ཟག་བདག་མེད་པའི་དོན་དེ་ལ་ཅིའི་ཕྱིར་བརྫུན་པ་ཞེས་བྱ་བའི་སྒྲར་གསུངས་ཤེ་ན། དེའི་ཕྱིར་འདི་ལྟར་
འཕགས་པའི་ལམ་མ་སྐྱེས་པས་འཇིག་ཚོགས་ལ་ལྟ་བའི་རིའི་དྲུངས་མ་ཕྱུང་བ་དག་ལ་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་རྣམས་བདག་དང་བདག་གིར་རྣམ་པར་སྣང་ལ། འཕགས་པའི་ལམ་ཡང་དག་པར་སྐྱེས་པ་རྣམས་ལ་ནི་དེ་ལྟར་ཡུལ་གྱི་དངོས་པོར་མི་འགྱུར་བས་དེ་ལྟར་བདག་དང་
བདག་གིར་ལོག་པར་སྣང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བརྫུན་པ་ཞེས་གསུངས་སོ་ཞེས་བྱ་བ་སྨྲས་སོ། །དེ་ལ་གལ་ཏེ་ངོ་བོ་ཉིད་མེད་པ་དག་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་བདག་གིས་བདག་མེད་དོ་ཞེས་བྱ་བར་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བས་ནི་དེ་ལྟར་ན་ངོ་བོ་ཉིད་
མེད་པ་ཞེས་བྱ་བས་ནི་གང་ཟག་བདག་དང་བདག་གི་ངོ་བོ་ཉིད་མེད་པ་དག་ཡིན་པས་དེ་ལ་གལ་ཏེ་ཁྱེད་དབུ་མ་པས་ངོ་བོ་ཉིད་མེད་པ་དེ་དག་གཞན་དུ་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་བདག་མེད་པས་བདག་དང་བདག་གི་མེད་དོ་ཞེས་བྱ་བར་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པའི་སྐྱོན་
ཆགས་པ་ཡིན་ཏེ། ཁོ་བོ་ཅག་གི་ཕྱོགས་ལ་ཡང་དེ་མེད་པར་གྲུབ་པའི་ཕྱིར་རོ། །ཅི་སྟེ་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བར་སྒྲུབ་ན་ནི་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་བཞིན་ནོ་ཞེས་བྱ་བ་ལ། ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་དངོས་པོ་མེད་པའི་མཚན་ཉིད་མེད་པས་དེས་ན་གཏན་ཚིགས་མི་
མཐུན་པའི་ཕྱོགས་འབའ་ཞིག་ལ་ཡོད་པའི་ཕྱིར་དོན་འགལ་བ་ཉིད་དོ་ཞེས་བྱ་བས་ནི་ཅི་སྟེ་ཁྱེད་དབུ་མ་པས་ངོ་བོ་ཉིད་མེད་པ་དེ་དག་གིས་ཐེག་པ་ཆེན་པོ་པས་ཆོས་རྣམས་ངོ་བོ་ཉིད་སྟོང་པ་ཉིད་ཅེས་དམ་བཅས་པ་དེ་སྒྲུབ་པ་ཡིན་ན་ནི་ཁྱེད་ཀྱི་དཔེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་བཞིན་
เล่ม ๑๐๐ · หน้า 288a
ནོ་ཞེས་བྱ་བ་དེ་ལ་ཁྱོད་ཀྱི་བསྒྲུབ་པར་བྱ་བ་ཆོས་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་དངོས་པོ་མེད་པའི་མཚན་ཉིད་དེ་མེད་དེ། འདི་ལྟར་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་ལ་བུད་མེད་ཀྱི་དངོས་པོ་མེད་ཀྱང་། རྩྭ་དང་ཤིང་ལ་སོགས་པ་སྒྱུ་མའི་ཡོ་བྱད་རྣམས་ཀྱི་དངོས་པོ་
མེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །དེས་ན་ཁྱེད་ཀྱི་ཆོས་རྣམས་ངོ་བོ་ཉིད་སྟོང་པ་ཉིད་དུ་སྒྲུབ་པའི་གཏན་ཚིགས་སླུ་བའི་ཆོས་ཡིན་པའི་ཕྱིར་ཞེས་སྨོས་པ་དེ་ཁྱེད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཁོ་བོ་ཅག་གི་ཕྱོགས་འབའ་ཞིག་ལ་ཡོད་པའི་ཕྱིར། ཁྱེད་ཆོས་རྣམས་ངོ་བོ་ཉིད་སྟོང་པར་
བསྒྲུབ་པ་དང་དོན་འགལ་བ་ཉིད་ཡིན་པས་མ་གྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། ཁྱེད་ངོ་བོ་ཉིད་མེད་པ་དག་གི་རི་བོང་གི་རྭ་བཞིན་དུ་ངོ་བོ་ཉིད་མེད་པ་ཉིད་དུ་སྒྲོ་བཏགས་ནས་ཀུན་དུ་སྐྲག་པར་གྱུར་པ་ནི་དཔེར་ན་བྱིས་པ་དག་
མཚན་མོ་རང་གི་གྲིབ་མ་ལ་འདྲེ་ཉིད་དུ་སྒྲོ་བཏགས་ནས་སྐྲག་པའི་སྐད་འབྱིན་པ་དང་འདྲའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁྱེད་སྡེ་པ་གཞན་དག་ཁོ་བོས་ཆོས་བདག་མེད་པ་བསྟན་པ་དེའི་ཕྱིར་རི་བོང་གི་རྭ་བཞིན་དུ་གཏན་མེད་པར་སེམས་ཤིང་སྟོང་པ་ཉིད་ཀྱིས་སྐྲག་སྟེ། གྱ་ཚོམ་དུ་དེ་
སྐད་རྒོལ་བ་ནི་དཔེ་དེ་དང་འདྲའོ། །དེ་ལ་གལ་ཏེ་ངོ་བོ་ཉིད་མེད་པ་དག་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་བདག་གིས་བདག་མེད་དོ་ཞེས་བྱ་བར་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་སྒྲས་བསྡུ་བ་ཅི་སྟེ་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བར་སྒྲུབ་ན་ནི་སྒྱུ་མ་
མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་བཞིན་ནོ་ཞེས་བྱ་བ་ལ། ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་དངོས་པོ་མེད་པའི་མཚན་ཉིད་མེད་པས་དེས་ན་གཏན་ཚིགས་མི་མཐུན་པའི་ཕྱོགས་འབའ་ཞིག་ལ་ཡོད་པའི་ཕྱིར་དོན་འགལ་བ་ཉིད་དོ་ཞེས་ཁྱེད་ཁོ་བོ་ལ་གལ་གཉིས་པོ་དེ་དག་བརྗོད་
མོད་ཀྱི། འོན་ཀྱང་དེ་དག་ཁོ་བོའི་ཕྱོགས་ལ་མི་གནོད་ཀྱི་རིགས་པ་ཉོན་ཅིག་ཅེས་བྱ་བར་སྦྱར་རོ། །དེ་ལ་ཁྱེད་གལ་ཏེ་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་བདག་ནི་ཕུང་པོ་ལ་སོགས་པ་དེ་དག་ལས་གཞན་ན་ཡང་མེད་ལ་རང་ཉིད་ཀྱང་མ་ཡིན་པས་ཕུང་པོ་ལ་སོགས་པ་དེ་དག་
เล่ม ๑๐๐ · หน้า 288b
ལ་བདག་མེད་པའི་དངོས་པོ་བདག་མེད་པ་ཉིད་ཅེས་བྱ་བ་དེ་བརྫུན་པ་ཞེས་གསུངས་པ་ཉིད་ཀྱིས་བསྟན་པར་བྱ་བ་ཡིན་ནོ་ཞེས་ཟེར་ན་དེ་ལྟར་གྱུར་ཀྱང་བླ་སྟེ་ཞེས་དབུ་མ་པས་ཁས་བླང་བར་བྱའོ། །ཅི་ལྟར་བླང་ཞེ་ན། དེའི་ཕྱིར་གལ་ཏེ་དངོས་པོ་རྣམས་ངོ་བོ་ཉིད་སྟོང་པ་ཉིད་དུ་བསྟན་པའི་
ཕྱིར་སླུ་བའི་ཆོས་ཡིན་པའི་ཕྱིར་ཞེས་ཁོ་བོས་གཏན་ཚིགས་སྦྱར་བས་གང་ཟག་བདག་མེད་པ་ཉིད་ཀྱང་གཏན་ཚིགས་དེ་མེད་ན་མི་འབྱུང་བའི་ཕྱིར་གཏན་ཚིགས་དེས་གང་ཟག་བདག་མེད་པ་ཉིད་སྟོན་པར་བྱེད་ན་ཡང་གྲུབ་པ་ལ་སྒྲུབ་པའི་སྐྱོན་དུ་མི་འགྱུར་ཏེ། དཔེར་ན་མི་རྟག་པ་
ཉིད་བསྟན་པའི་ཕྱིར་བྱས་པ་ཉིད་ཅེས་བྱ་བའི་གཏན་ཚིགས་སྦྱར་བས་སྡུག་བསྔལ་ལ་སོགས་པ་དག་ཀྱང་གཏན་ཚིགས་དེ་མེད་ན་མི་འབྱུང་བའི་ཕྱིར། གཏན་ཚིགས་དེས་སྡུག་བསྔལ་ལ་སོགས་པ་སྟོན་པར་བྱེད་པ་ལ་གྲུབ་པ་ལ་སྒྲུབ་པའི་སྐྱོན་མེད་པ་དང་འདྲ་ལ་སླུ་བའི་ཆོས་ཡིན་པའི་
ཕྱིར་ཞེས་བྱ་བའི་གཏན་ཚིགས་དེས། ཆོས་བདག་མེད་པ་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་སྟོན་པར་བྱེད་པ་ཉིད་ཡིན་པས་ཁོ་བོ་ཅག་ལ་ཅི་གནོད་ཅེས་བྱ་བར་སྦྱར་ཏེ་རེ་ཞིག་དེ་དག་གིས་ནི་སྔར་ཕ་རོལ་པོ་དག་ན་རེ་དེ་ལ་གལ་ཏེ་ངོ་བོ་ཉིད་མེད་པ་དག་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་བདག་
གིས་བདག་མེད་དོ་ཞེས་བྱ་བར་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་ཟེར་བའི་ལན་བཏབ་པོ། སླུ་བའི་ཆོས་ཉིད་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་དེ་མེད་ན་མི་འབྱུང་བའི་ཕྱིར་ཁོ་བོའི་དཔེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་བཞིན་ནོ་ཞེས་བྱ་བ་དེ་ཡང་ངོ་བོ་ཉིད་སྟོང་པ་ཉིད་
ཡིན་པས་དེས་ན་ཁོ་བོའི་གཏན་ཚིགས་སླུ་བའི་ཆོས་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ཕྱོགས་གཉི་ག་ལ་ཡོད་པའི་ཕྱིར་དོན་འགལ་བ་ཉིད་མ་ཡིན་ཏེ། འགལ་བ་ལྟར་སྣང་བ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། དེས་ནི་སྔར་ཕ་རོལ་པོ་དག་ན་རེ་ཅི་སྟེ་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བར་སྒྲུབ་ན་ནི་སྒྱུ་མ་མཁན་
གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་བཞིན་ནོ་ཞེས་བྱ་བ་ལ། ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་དངོས་པོ་མེད་པའི་མཚན་ཉིད་མེད་པ་དེས་ན་གཏན་ཚིགས་མི་མཐུན་པའི་ཕྱོགས་འབའ་ཞིག་ལ་ཡོད་པའི་ཕྱིར་དོན་འགལ་བ་ཉིད་དོ་ཞེས་ཟེར་བའི་ལན་བཏབ་པོ། །དེ་ནི་སྔར་ཕ་རོལ་པོ་དག་ན་རེ་བརྫུན་
เล่ม ๑๐๐ · หน้า 289a
པ་ཞེས་གསུངས་པ་དེས་ནི་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་བ་བདག་མེད་པ་ཉིད་བསྟན་ཏེ། ངོ་བོ་ཉིད་ཅེས་བྱ་བའི་སྒྲ་ནི་བདག་གི་ཚིག་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། གཞན་དུ་འགྱུར་བ་སྣང་ཕྱིར་རོ། །ཞེས་ཟེར་བའི་གཏན་ཚིགས་དེ་མ་གྲུབ་པར་སྟོན་པའི་
རྗེས་སུ་དཔག་པར་བསྟན་པར་བྱ་སྟེ། དེའི་ཕྱིར་འདུ་བྱེད་རྣམས་ལ་གཞན་དུ་འགྱུར་བ་ཉིད་མེད་དེ། ལྟ་བ་པོའི་ཡང་དག་པ་དང་ལོག་པའི་ཤེས་པ་སྐྱེ་བའི་དུས་ན་ཤེས་བྱའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པའི་ཕྱིར་དཔེར་ན་ཐག་པ་ལ་ལྟ་བ་པོས་ཐག་པའམ་སྦྲུལ་དུ་མཐོང་བ་ན་ཐག་པའི་
ངོ་བོ་ཉིད་ཡོངས་སུ་མ་སྤངས་པ་བཞིན་པས་བདག་དང་བདག་གིར་སྣང་བའི་འདུ་བྱེད་རྣམས་ལ་གཞན་དུ་འགྱུར་བ་མེད་དོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་ཡིན་པར་གོ་རིམས་བཞིན་
དུ་སྦྱར་ཏེ། དཔེར་ན་ཐག་པ་ལས་ལྟ་བ་པོས་ཐག་པའམ། སྦྲུལ་དུ་མཐོང་བ་ན་སེམས་གཡེངས་པའམ། མིག་ཡོར་རམ། ནམ་མཁའ་མི་གསལ་བ་ལ་སོགས་པའི་རྐྱེན་གཞན་གྱིས་ཐག་པའམ་སྦྲུལ་དུ་སྣང་བའི་ཤེས་པ་སྐྱེ་བར་ཟད་ཀྱི། ཐག་པའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་
ཤིང་གཞན་དུ་འགྱུར་བ་ཉིད་མེད་པ་དེ་བཞིན་དུ། འདུ་བྱེད་རྣམས་ལྟ་བ་པོས་བདག་དང་བདག་མེད་པར་མཐོང་ན་ཡང་སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང་། དམ་པ་མ་ཡིན་པའི་ཆོས་ཐོས་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པའི་རྐྱེན་གཞན་གྱིས་བདག་
དང་བདག་མེད་པར་སྣང་བ་ཡང་དག་པ་དང་ལོག་པའི་ཤེས་པ་སྐྱེ་བར་ཟད་ཀྱི། ཤེས་བྱའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་ཤིང་གཞན་དུ་འགྱུར་བ་ཉིད་མེད་པས་དེའི་ཕྱིར་བདག་དང་བདག་གིར་སྣང་བའི་འདུ་བྱེད་རྣམས་ལ་གཞན་དུ་འགྱུར་བ་ཉིད་མེད་དེ། ཕྱི་ནང་གི་དངོས་པོ་རྣམས་
ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྱུ་མ་དང་། རྨི་ལམ་དང་། དྲི་ཟའི་གྲོང་ཁྱེར་བཞིན་དུ་གནས་པས་ཤེས་པའི་དབང་གིས་ཤེས་བྱ་གཞན་དུ་འགྱུར་བ་མ་ཡིན་པའི་ཕྱིར་ཕ་རོལ་པོ་དག་གི་གཏན་ཚིགས། གཞན་དུ་འགྱུར་བ་སྣང་ཕྱིར་རོ། །ཞེས་བྱ་བ་དེ་མ་གྲུབ་པོ། །དེ་ལྟར་
เล่ม ๑๐๐ · หน้า 289b
བདག་དང་བདག་གིར་སྣང་བའི་འདུ་བྱེད་རྣམས་ལ་གཞན་དུ་འགྱུར་བ་ཉིད་མེད་པས་ཤེས་པའི་དབང་གིས་ཤེས་བྱ་གཞན་དུ་འགྱུར་བ་མ་ཡིན་མོད་ཀྱི་གློ་བུར་གྱི་རྐྱེན་གྱིས་ཤེས་པ་འཁྲུལ་པའི་དབང་གིས་ཤེས་བྱ་གཞན་དུ་སྣང་བ་ན་འདུ་བྱེད་རྣམས་འཁྲུལ་པ་ཡིན་ནོ་ཞེས་ཉེ་བར་གདགས་
པའི་ཐ་སྙད་ཡོད་པར་བསྟན་པའི་ཕྱིར། འོན་ཀྱང་རབ་རིབ་ཅན་རྣམས་ལ་དབང་པོ་ཉམས་པས་འཁྲུལ་པའི་བློ་སྐྱེ་བ་བཞིན་དུ་ཡང་དག་པ་མ་ཡིན་པའི་བདག་དང་བདག་གི་བློ་སྐྱེ་བའི་ཕྱིར་འཁྲུལ་པ་ཞེས་བྱ་བ་ཉེ་བར་གདགས་པར་ནི་ཡོད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་
ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར་འདུས་བྱས་ནི་བརྫུན་པ་ཉིད་ཡིན་ཏེ། ཤེས་པ་བརྫུན་པའི་ཡུལ་ཡིན་པའི་ཕྱིར་དཔེར་ན་མངོན་སུམ་གྱི་ཤེས་པའི་ཡུལ་གྱི་དོན་ལ་མངོན་སུམ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་།
སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་དང་། རང་རིག་པའི་མངོན་སུམ་དང་། རྣལ་འབྱོར་པའི་མངོན་སུམ་གྱི་ཤེས་པ་དག་མངོན་སུམ་ཡིན་གྱི། དེ་དག་གི་ཡུལ་མངོན་སུམ་མ་ཡིན་ཀྱང་
ཤེས་པའི་ཡུལ་ཡིན་པའི་ཕྱིར་ཡུལ་གྱི་དོན་ལ་ཡང་མངོན་སུམ་ཞེས་བྱ་བ་དེ་བཞིན་དུ་འདུས་བྱས་རྣམས་ཀྱང་གཞན་དུ་འགྱུར་བ་མེད་པས་བརྫུན་པ་ཉིད་མ་ཡིན་ཡང་ཤེས་པ་བརྫུན་པའི་ཡུལ་ཡིན་པའི་ཕྱིར་བརྫུན་པ་ཉིད་ཅེས་བྱའོ། །དེས་ན་ཚུལ་བཞིན་ཡིད་ལ་བྱེད་པ་དང་
ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དབང་གིས་ལྟ་བ་པོའི་ཡང་དག་པ་དང་ལོག་པའི་ཤེས་པ་སྐྱེ་བས་ཤེས་བྱ་ཡང་དག་པ་དང་། ལོག་པར་མཐོང་བར་ཟད་ཀྱི། ཤེས་པས་ཤེས་བྱ་སྐྱེད་པ་ནི་མ་ཡིན་པས་ཤེས་བྱའི་ངོ་བོ་ཉིད་ལ་གཞན་དུ་འགྱུར་བ་ཉིད་མེད་པས།
འདི་ལ་བསལ་བ་གང་ཡང་མེད། །བསྣན་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་དུ་ཡང་དག་ལྟ། །ཡང་དག་མཐོང་བ་རྣམ་པར་གྲོལ། །ཞེས་གསུངས་པ་གྲུབ་པོ། །གང་དག་གིས་བརྫུན་པ་ཞེས་བྱ་བ་ནི་དངོས་པོ་རྣམས་ངེས་པར་མི་གནས་པའི་ངོ་བོ་ཉིད་སྟོང་པ་ཡིན་ནོ་ཞེས་སྨྲས་
เล่ม ๑๐๐ · หน้า 290a
པ་དེ་དག་གི་ཕྱིར་འདི་བཤད་དེ་ཞེས་བྱ་བ་ལ་སོགས་ལས་ནི། སྔར་ནི་ཕ་རོལ་པོ་དག་ན་རེ་བརྫུན་པ་ཞེས་གསུངས་པ་དེ་ནི་ཡོད་མོད་ཀྱི་འོན་ཀྱང་མེད་པའི་དོན་ཀྱང་མ་ཡིན་ལ། ཆོས་བདག་མེད་པ་ཡོངས་སུ་སྟོན་པར་བྱེད་པ་ཡང་མ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་བརྫུན་
པ་ཞེས་གསུངས་པས་ནི། དངོས་རྣམས་ངོ་བོ་ཉིད་མེད་དེ། །གཞན་དུ་འགྱུར་བ་སྣང་ཕྱིར་རོ། །ཞེས་བསྟན་ཏེ། བརྫུན་པ་ཞེས་གསུངས་པ་ནི་ཆོས་བདག་མེད་པ་སྟོན་པ་མ་ཡིན་གྱི། དངོས་པོ་གཞན་དུ་འགྱུར་བ་སྣང་བའི་ཕྱིར་གང་ཟག་བདག་མེད་པ་སྟོན་པ་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སུན་
དབྱུང་བའི་ཕྱིར་ཚིག་ལེའུར་བྱས་པ་འོག་མ་འདི་བཤད་དེ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་ལ་ནི་གཞན་འགྱུར་མེད། །གཞན་ཉིད་ལ་ཡང་ཡོད་མ་ཡིན། །དངོས་པོ་གང་རང་བཞིན་གང་གིས་གཟུང་བའི་ཡུལ་དུ་འགྱུར་བ་དེ་ཉིད་ལ་ནི་རྒ་ཤིའི་མཚན་ཉིད་དུ་འགྱུར་བ་མེད་ལ། གཞན་ཉིད་ལ་ཡང་
ཡོད་པ་མ་ཡིན་ཏེ། །དེ་དག་ནི་དམ་བཅའ་བ་གཉིས་ཉེ་བར་གཞག་པ་ཡིན་ནོ་ཞེས་བྱ་བས་ནི་དངོས་པོ་གང་གཞོན་ནུའི་རང་བཞིན་གང་གིས་དབང་པོའི་གཟུང་བའི་ཡུལ་དུ་འགྱུར་བ་དེ་ཉིད་ལ་ཡང་རྒ་ཤིའི་མཚན་ཉིད་གཞན་དུ་འགྱུར་བ་མེད་ལ། གཞོན་ནུ་ལས་གཞན་པ་རྒས་པར་གྱུར་པ་ཉིད་ལ་ཡང་རྒ་ཤིའི་
མཚན་ཉིད་དུ་གཞན་དུ་འགྱུར་བ་ཡོད་པ་མ་ཡིན་ཏེ་ཞེས་དམ་བཅས་པ་གཉིས་ཉེ་བར་གཞག་པ་བསྟན་ཏོ། །གང་ཕྱིར་གཞོན་ནུ་མི་རྒ་སྟེ། །གང་ཕྱིར་རྒ་བའང་མི་རྒའོ། །ཞེས་བྱ་བ་དག་ནི་གོ་རིམས་བཞིན་དུ་ཆོས་མི་མཐུན་པའི་དཔེའི་ཚིག་གཉིས་ཡིན་ནོ་ཞེས་བྱ་བས་ནི། དེ་ཉིད་ལ་ནི་གཞན་འགྱུར་
མེད། །གཞན་ཉིད་ལ་ཡང་ཡོད་མ་ཡིན། །ཞེས་དམ་བཅས་པ་གཉིས་ཉེ་བར་གཞག་པའི་ཆོས་མཐུན་པའི་དཔེའི་ཚིག་གཉིས་གོ་རིམས་བཞིན་དུ་བསྟན་ཏོ། །འདིར་སྦྱོར་བའི་ཚིག་དག་ནི་རེ་ཞིག་བདག་ཉིད་དེ་ཉིད་ཀྱིས་གནས་པ་ལ་ནི་གཞན་དུ་འགྱུར་བ་མི་འཐད་པ་ཉིད་དེ་སྔོན་གྱི་རང་བཞིན་
ཡོངས་སུ་མ་སྤངས་པའི་ཕྱིར་དཔེར་ན་གཞོན་ནུ་རྒན་པོ་ཉིད་དུ་མི་འགྱུར་བ་བཞིན་ནོ་ཞེས་བྱ་བས་ནི་དམ་བཅས་པ་སྔ་མ་ཤོས་བསྒྲུབ་པའི་ཚད་མ་བསྟན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་
เล่ม ๑๐๐ · หน้า 290b
ན་གཞོན་ནུ་ནི་སྔོན་གྱི་རང་བཞིན་མ་སྤངས་པའི་ཕྱིར་རྒན་པོ་ཉིད་དུ་མི་འགྱུར་བ་དེ་བཞིན་དུ་འོ་མ་ལ་སོགས་པ་བདག་ཉིད་དེ་ཉིད་ཀྱིས་གནས་པ་ཡང་སྔོན་གྱི་རང་བཞིན་ཡོངས་སུ་མ་སྤངས་པའི་ཕྱིར་ཞོ་ལ་སོགས་པའི་བདག་ཉིད་གཞན་དུ་འགྱུར་བར་མི་འཐད་པ་ཉིད་དོ། །སྔོན་གྱི་མཚན་ཉིད་ལས་མཚན་ཉིད་
མི་འདྲ་བ་རྒན་པོའི་བདག་ཉིད་དུ་གནས་པ་ལ་ཡང་གཞན་དུ་འགྱུར་བ་མེད་དེ། མཚན་ཉིད་མི་འདྲ་བའི་གནས་སྐབས་ཐོབ་པའི་ཕྱིར་དཔེར་ན་རྒས་པོ་བཞིན་པས་ཞེས་བྱ་བ་ནི་དམ་བཅས་པ་གཉིས་པ་སྒྲུབ་པའི་ཚད་མ་བསྟན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་
ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྒས་པ་ནི་གཞོན་ནུ་ལས་མཚན་ཉིད་མི་འདྲ་བའི་གནས་སྐབས་འཐོབ་པའི་ཕྱིར་རྒན་པོའི་མཚན་ཉིད་དུ་གཞན་དུ་འགྱུར་བ་མེད་པ་དེ་བཞིན་དུ་ཞོ་ལ་སོགས་པ་འོ་མ་ལ་སོགས་པའི་སྔོན་གྱི་མཚན་ཉིད་ལས་མཚན་ཉིད་མི་འདྲ་
བའི་བདག་ཉིད་དུ་གནས་པ་ཡང་མཚན་ཉིད་མི་འདྲ་བའི་གནས་སྐབས་ཐོབ་པའི་ཕྱིར་གཞན་དུ་འགྱུར་བ་མེད་དོ། །རྒོལ་བ་རང་གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །འདིར་ཁ་ཅིག་གིས་སྨྲས་པ། འོ་མ་ལ་སོགས་པའི་ངོ་བོ་ཉིད་ཡོངས་སུ་
མ་སྤངས་པ་དག་ཀྱང་ཞོ་ལ་སོགས་པའི་དངོས་པོར་འགྱུར་བའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་དོ་ཞེས་བྱ་བ་ནི་འདིར་གྲངས་ཅན་དག་ན་རེ་དབུ་མ་པའི་གཏན་ཚིགས་སྔོན་གྱི་རང་བཞིན་ཡོངས་སུ་མ་སྤངས་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་ནོ་ཞེས་ཟེར་བ་ཡིན་ཏེ། །འོ་མ་ལ་སོགས་པ་གང་
དག་སྙིང་སྟོབས་ལ་སོགས་པ་རང་བཞིན་གྱི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པ་དག་ཀྱང་ཞོ་ལ་སོགས་པའི་དངོས་པོར་འགྱུར་བའི་ཕྱིར། དེས་ན་ཅི་རེ་ཞིག་སྔོན་གྱི་རང་བཞིན་ཡོངས་སུ་མ་སྤངས་པའི་ཕྱིར་དཔེར་ན་གཞོན་ནུ་རྒན་པོ་ཉིད་དུ་མི་འགྱུར་བ་བཞིན་དུ་འོ་མ་ལ་སོགས་པ་བདག་ཉིད་
དེ་ཉིད་ཀྱིས་གནས་པ་ཡང་ཞོ་ལ་སོགས་པའི་དངོས་པོ་གཞན་དུ་མི་འགྱུར་བ་ཡིན་ནམ། འོན་ཏེ་སྔོན་གྱི་རང་བཞིན་ཡོངས་སུ་མ་སྤངས་པའི་ཕྱིར་འོ་མ་ཞོར་འགྱུར་བ་དང་། གསེར་གྱི་སོར་གདུབ་དང་དཔུང་རྒྱན་ལ་སོགས་པའི་དངོས་པོ་གཞན་དུ་འགྱུར་བ་བཞིན་དུ། འོ་མ་ལ་སོགས་
เล่ม ๑๐๐ · หน้า 291a
པའི་དངོས་པོ་སྙིང་སྟོབས་ལ་སོགས་པ་རང་བཞིན་གྱི་བདག་ཉིད་དེ་ཉིད་ཀྱིས་གནས་པ་དག་ཀྱང་ཞོ་ལ་སོགས་པའི་དངོས་པོ་གཞན་དུ་འགྱུར་བ་མ་ངེས་པ་ཉིད་ཡིན་པས་དབུ་མ་པའི་གཏན་ཚིགས་དེ་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་
ཀྱིས་འདིར་བཤད་པ། གང་གི་དངོས་པོ་དེ་ཞོ་ཡིན། །གལ་ཏེ་འོ་མའི་ཞོ་ཞེ་ན། །དེ་ལྟ་ན་ཡང་འོ་མས་འོ་མའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པས་སྒྲ་ཙམ་གྱིས་ཞོའི་དངོས་པོར་བརྟག་པར་མི་ནུས་ཏེ་གང་གི་ཕྱིར་དེ་ལྟར་རྣམ་པར་རྟོག་པ་ལ་ཡང་། གལ་ཏེ་དེ་ཉིད་གཞན་གྱུར་ན། །འོ་མ་
ཉིད་ནི་ཞོར་འགྱུར་རོ། །འོ་མ་རོ་དང་མཐུ་དང་སྨིན་པ་དང་མཐུ་སྟོབས་ཡོངས་སུ་མ་སྤངས་པ་ཞོའི་དངོས་པོར་མི་འགྱུར་ཏེ། གྲགས་པའི་གནོད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་འོ་མའི་དངོས་པོ་ཞོ་ཡིན་ལ་འོ་མས་འོ་མའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པར་ཞོར་འགྱུར་ན་
འཇིག་རྟེན་ལ་གྲགས་པའི་གནོད་པར་འགྱུར་བའི་ཕྱིར་དེ་ནི་མི་རུང་ངོ་། །གལ་ཏེ་དེ་བཞིན་ཏེ་འོ་མ་ཞོའི་དངོས་པོར་མི་འགྱུར་རོ་ཞེ་ན་ཞེས་བྱ་བ་ནི། གལ་ཏེ་ཕ་རོལ་པོ་དག་ན་རེ་དེ་ཉིད་གཞན་དུ་མི་འགྱུར་རོ་ཞེ་ནའོ། །དེའི་ལན་དུ། འོ་མ་ལས་གཞན་གང་གི་ནི། །དངོས་པོ་ཞོ་ནི་ཡིན་པར་འགྱུར། །
མི་འགྱུར་བ་ཉིད་དེ་ཞོ་འམ། དེ་ལས་གཞན་པ་དག་དེར་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། འོ་མ་ཉིད་ཞོར་མི་འགྱུར་ན་འོ་མ་ལས་གཞན་པ་ཆུ་ལ་སོགས་པའམ། ཞོ་ཉིད་ཞོར་མི་འགྱུར་བས་གཞན་ཉིད་ལ་ཡང་གཞན་དུ་འགྱུར་བ་ཡོད་པ་མ་ཡིན་ནོ། །དེའི་
ཕྱིར་དེ་ལྟར་འོ་མ་དང་དེ་ལས་གཞན་པ་དག་དངོས་པོ་གཞན་དུ་མི་འཐད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །གཞན་དག་གིས་སྨྲས་པ། འོ་མ་ཞོའི་མཚན་ཉིད་ཀྱི་ཆོས་གཞན་དུ་འགྱུར་བས་འོ་མའི་དངོས་པོ་ཞོ་ཡིན་
ནོ་ཞེས་ནི་མི་སྨྲའི། འོན་ཀྱང་ཚོགས་པའི་དབང་གིས་འོ་མ་ཞོའི་དངོས་པོར་འགྱུར་རོ་ཞེས་བྱ་བས་ནི་སྔར་ཕ་རོལ་པོ་དག་ན་རེ་འོ་མ་ཡང་གཞན་ལ་ཞོ་ཡང་གཞན་པས་འོ་མའི་དངོས་པོ་ཞོ་མ་ཡིན་ཡང་ཚོགས་པའི་དབང་གིས་འོ་མ་ཞོའི་དངོས་པོར་འགྱུར་རོ་ཞེས་ཟེར་བ་བསྟན་ཏོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་
เล่ม ๑๐๐ · หน้า 291b
འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་ཡང་འོ་མས་འོ་མའི་དངོས་པོ་སྤངས་ནས་ཞོའི་དངོས་པོར་འགྱུར་རམ། མ་སྤངས་པར་འགྱུར་གྲང་ཞེས་བྱ་བ་གལ་གཉིས་སྨྲས་སོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི་དྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ་གལ་ཏེ་བརྟག་པ་སྔ་མ་ལྟར་འདོད་ན་ནི་འོ་མ་ཞོའི་དངོས་
པོར་འགྱུར་བ་མ་ཡིན་ནོ། །ཅི་སྟེ་བརྟག་པ་ཕྱི་མ་ལྟར་འདོད་ན་ནི་དགག་པ་མི་མཐུན་པའི་སྐྱོན་དུ་འགྱུར་ཏེ། གལ་ཏེ་འོ་མ་ཡིན་ན་ནི་ཇི་ལྟར་ཞོ་ཡིན། ཅི་སྟེ་ཞོ་ཡིན་ན་ནི་ཇི་ལྟར་འོ་མ་ཡིན། །འོ་མ་ཞོ་ཡིན་ནོ་ཞེས་སྨྲ་ན་ནི་གྲགས་པའི་གནོད་པར་ཡང་འགྱུར་རོ་ཞེས་བྱ་བ་ཡང་སྨྲས་ཏེ། བརྟག་
པ་གཉི་ག་ལྟར་ཡང་མི་འཐད་པར་བསྟན་ཏོ། །འདིས་གང་དག་འོ་མའི་དངོས་པོ་ཞོ་ཡིན་པར་མི་འདོད་ཀྱི་འོ་མ་ཞོའི་དངོས་པོར་འགྱུར་བར་འདོད་དོ་ཞེས་ཟེར་བ་དེ་དག་གི་ལན་ཀྱང་བཏབ་པ་ཡིན་ནོ་ཞེས་བྱ་བ་ནི། བརྟག་པ་རྣམ་པ་གཉིས་མི་འཐད་པར་བསྟན་པའི་ཚུལ་འདིས་གྲངས་ཅན་དག་
རང་བཞིན་ནི་གཞན་དུ་མི་འགྱུར་གྱི། རྐྱེན་གྱི་དབང་གིས་གནས་སྐབས་གཞན་དུ་འགྱུར་བར་འདོད་པའི་ལན་ཀྱང་བཏབ་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་དཔྱད་ན་དོན་དམ་པར་དངོས་པོ་རྣམས་གཞན་དུ་འགྱུར་བ་ཉིད་མ་གྲུབ་པས་ཕ་རོལ་པོས་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་
གཏན་ཚིགས་སྨྲས་པའི་དོན་མ་གྲུབ་པ་ཉིད་དམ་དོན་འགལ་བ་ཉིད་དོ་ཞེས་བྱ་བ་ནི་སྤྱིའི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། ཕ་རོལ་པོ་དག་བརྫུན་པ་ཞེས་གསུངས་པ་ཆོས་བདག་མེད་པ་སྟོན་པ་མ་ཡིན་གྱི་གང་ཟག་བདག་མེད་པ་སྟོན་པ་ཡིན་པར་བསྒྲུབ་པའི་གཏན་ཚིགས་
གཞན་དུ་འགྱུར་བ་སྣང་ཕྱིར་རོ་ཞེས་བྱ་བ་དེ་དོན་དམ་པར་ནི་མ་གྲུབ་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་ནི་འགལ་བ་ཉིད་ཡིན་ནོ། །སླུ་བའི་ཆོས་ཞེས་གསུངས་པ་ཡང་དངོས་པོ་རྣམས་ངེས་པར་མི་གནས་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ཏེ། དོན་དམ་པར་འགའ་ཡང་གཞན་དུ་འགྱུར་བ་ཉིད་མི་སྲིད་
པའི་ཕྱིར་རོ་ཞེས་བྱ་བས་ནི་ཇི་ལྟར་བརྫུན་པ་ཞེས་གསུངས་པ་དེ་ཆོས་བདག་མེད་པ་སྟོན་པའི་དོན་ཡིན་པ་དེ་བཞིན་དུ་སླུ་བའི་ཆོས་ཞེས་གསུངས་པ་ཡང་། གང་ཟག་བདག་མེད་པ་འབའ་ཞིག་སྟོན་པ་མ་ཡིན་གྱི། བདག་མེད་པ་གཉི་ག་སྟོན་པའི་དོན་ཡིན་པར་བསྟན་ཏོ། །འདིར་སྨྲས་པ།
เล่ม ๑๐๐ · หน้า 292a
དོན་དམ་པར་དངོས་པོ་རྣམས་སྟོང་པ་ཉིད་མ་ཡིན་ཏེ། དཔེའི་གཉེན་པོ་ཡོད་པའི་ཕྱིར་དཔེར་ན་ལོག་པའི་ཤེས་པའི་གཉེན་པོར་ཡང་དག་པའི་ཤེས་པ་ཡོད་པ་བཞིན་ནོ། །འདི་ན་གང་མེད་པ་དེ་ལ་ནི་གཉེན་པོ་མེད་དེ་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །སྟོང་པ་ཉིད་མ་ཡིན་པ་
ལ་ནི་གཉེན་པོ་སྟོང་པ་ཉིད་ཡིན་པས་དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་སྟོང་པ་ཉིད་མ་ཡིན་པ་ཡོད་པ་ཉིད་དོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་རིགས་པ་ཅན་གྱི་སྒྱུ་ཐབས་ཀྱིས། གཉེན་པོ་སྟོང་པ་ཉིད་ཡོད་པའི་སྒོ་ནས་མི་མཐུན་པའི་ཕྱོགས་སྟོང་པ་ཉིད་མ་ཡིན་པ་ཡོད་པར་སྒྲུབ་པའི་
ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མཐུན་པའི་དཔེ་དང་། ཆོས་མི་མཐུན་པའི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ནི་ནམ་མཁའི་མེ་ཏོག་ལྟ་བུ་གང་མེད་པ་དེ་
ལ་ནི་གཉེན་པོ་མེད་ཀྱི་ལོག་པའི་ཤེས་པ་ལྟ་བུ་གང་ཡོད་པ་དེ་ལ་ནི་གཉེན་པོ་ཡོད་པ་དེ་བཞིན་དུ་དངོས་པོ་སྟོང་པ་ཉིད་མ་ཡིན་པ་རྣམས་ལ་ཡང་གཉེན་པོ་སྟོང་པ་ཉིད་ཡོད་པས་དེའི་ཕྱིར་དངོས་པོ་རྣམས་ཆོས་བདག་མེད་པ་སྟོང་པ་ཉིད་མ་ཡིན་གྱི་གང་ཟག་བདག་མེད་པས་ངེས་པར་མི་གནས་པའི་
ངོ་བོ་ཉིད་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །འདི་ལ་གལ་ཏེ་དོན་དམ་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དངོས་པོ་རང་བཞིན་གྱིས་མི་
སྟོང་པ་ཅུང་ཟད་ཅིག་ཡོད་པར་གྱུར་ན་ནི་དེ་ལ་ལྟོས་པའམ་མི་སྟོང་པ་དེ་བསལ་བས་སྟོང་པ་ཞེས་བརྗོད་པ་འབྱུང་བའི་ཕྱིར་སྟོང་པ་ཡང་ཅུང་ཟད་ཡོད་པར་འགྱུར་བ་ཞིག་ན་མི་སྟོང་པ་དེ་ཡང་མི་འཐད་པར་བསྟན་ཞིང་སྟོན་པར་འགྱུར་བས་དེའི་ཕྱིར་དེ་ལྟར་དོན་དམ་པར། མི་སྟོང་ཅུང་ཟད་
ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །སྟོང་པ་ཉིད་དུ་འཐད་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་དོན་དམ་པར་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་མཐའ་གཉི་ག་སྤངས་པ་བསྟན་ཏོ། །འང་ཞེས་བྱ་བའི་སྒྲ་ནི་མི་སྟོང་པ་དང་སྟོང་པ་ཅུང་ཟད་
เล่ม ๑๐๐ · หน้า 292b
ཀྱང་མེད་དོ་ཞེས་གཉི་ག་བསྡུ་བའི་ཕྱིར་རོ་ཞེས་བྱ་བས་ནི་སྒྲ་བསྡེབ་པའི་སྒོ་ནས་དོན་གཉི་ག་བསྡུ་བ་བསྟན་ཏོ། །ཡང་ན་སྟོང་པ་དང་མི་སྟོང་པ་ཞེས་བྱ་བར་རྣམ་པར་རྟོག་པ་དེ་དག་ནི་གཉི་ལ་བརྟེན་པས་ཐ་སྙད་པ་ཡིན་ཏེ། དཔེར་ན་གཙུག་ལག་ཁང་སྐུ་གཟུགས་ཀྱིས་མི་སྟོང་ལ། དགེ་སློང་དག་གིས་
སྟོང་པ་ཡོད་པ་ཉིད་དོ་ཞེས་བྱ་བ་བཞིན་ནོ། །དོན་དམ་པར་ནི་མི་སྟོང་ཅུང་ཟད་ཡོད་མིན་ན། གཉེན་པོར་བརྟག་པ་གང་ཡིན་པའི། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་བྱ་བས་ནི་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་སྟོང་པ་དང་མི་སྟོང་པ་ཞེས་བྱ་བར་རྣམ་པར་རྟོག་པ་ནི་ཀུན་རྫོབ་ཏུ་
གཞི་ལ་བརྟེན་པས་ཐ་སྙད་པ་ཡིན་གྱི་དོན་དམ་པར་གཞི་མེད་པས་ཐ་སྙད་གདགས་སུ་མེད་པར་བསྟན་ཏོ། །གང་གི་ཕྱིར་འཛིན་པ་སྤང་བ་ཙམ་ཉིད་སྟོང་པ་ཉིད་དོ་ཞེས་བྱ་བར་དགོངས་པ་དེའི་ཕྱིར་གཉེན་པོ་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་
མཇུག་བསྡུ་བ་ཡིན་ཏེ། གང་གི་ཕྱིར་ཡོད་པ་དང་མེད་པར་འཛིན་པའི་རྣམ་པར་རྟོག་པ་སྤང་བའི་ཕྱིར་སྟོང་པ་ཉིད་དོ་ཞེས་གསུངས་པར་ཟད་ཀྱི། གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་ཚུལ་དུ་སྟོང་པ་དང་མི་སྟོང་པ་ཞེས་བྱ་བ་དངོས་པོར་ཡོད་པ་མ་ཡིན་པ་དེའི་ཕྱིར་ཕ་རོལ་པོ་དག་གི་
གཏན་ཚིགས་གཉེན་པོ་ཡོད་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་གྲུབ་པས་བསྟན་བཅོས་མཛད་པས་བརྫུན་པ་དང་། སླུ་བའི་ཆོས་ཞེས་བྱ་བ་ཆོས་བདག་མེད་པ་སྟོན་པའི་དོན་དུ་བཤད་པའི་འདོད་པ་གྲུབ་པོ། །ཡང་ན་རྣལ་འབྱོར་པ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དགག་པ་ལྷུར་ལེན་པའི་
ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་པ་གོམས་པར་བྱེད་པ། ལ་ལ་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཐེག་པ་ཆེན་པོའི་རྣལ་འབྱོར་སྤྱོད་པ་པ། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་
ནི་དེ་ཡོད་དོ། །ཞེས་བྱ་བའི་གཞུང་འཛིན་པ་དག་ཀུན་བརྟགས་ཀྱི་ངོ་བོ་ཉིད་མེད་ཀྱང་ཀུན་བརྟགས་དང་བྲལ་པའི་སྟོང་པ་ཉིད་དོན་དམ་པར་ཡོད་པར་སེམས་པ་དག་གི་གཞུང་དགག་པའི་ཕྱིར། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་
เล่ม ๑๐๐ · หน้า 293a
ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་བྱ་བ་ཚིག་ལེའུར་བྱས་པ་འདི་རྣམ་པ་གཞན་དུ་རྣམ་པར་བཤད་དོ་ཞེས་བྱ་བར་སྦྱར་རོ། །དེ་དག་གི་གཞུང་བསྟན་པའི་ཕྱིར་གལ་ཏེ་ཀུན་བརྟགས་པ་ཉིད་ཀྱིས་བདག་ཉིད་སྟོང་པའི་ཕྱིར་དངོས་པོ་དེ་དག་ལས་ཀུན་བརྟགས་
པའི་བདག་ཉིད་མེད་དུ་ཟིན་ཀྱང་དེ་དག་གི་སྟོང་པ་ཉིད་ནི་མ་བྱས་པའི་ཕྱིར་དང་། ལྟོས་པ་མེད་པའི་ཕྱིར་དེ་ཁོ་ན་ཡིན་ནོ་སྙམ་ན་ཞེས་བྱ་བ་སྨྲས་སོ། །དེ་ཡང་བཟང་པོ་མ་ཡིན་པར་བསྟན་པའི་ཕྱིར། དེ་ཡང་ལེགས་པར་ཟིན་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དངོས་པོ་ཐམས་
ཅད་ཀྱི་ངོ་བོ་ཉིད་མེད་པ་ནི་སྟོང་པ་ཉིད་ཡིན་ལ་དེ་ནི་རྫས་སུ་ཡོད་པ་མ་ཡིན་པས་དེ་ལ་ངོ་བོ་ཉིད་དུ་མངོན་པར་ཞེན་པ་མི་རིགས་པས་དེ་དགག་པའི་ཕྱིར། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །ཞེས་བྱ་བ་སྨྲས་ཏེ་སྟོང་པ་མ་ཡིན་པའི་ཤེས་པ་རྟོག་པ་
ཅན་ནམ་རྟོག་པ་ཅན་མ་ཡིན་པའི་སྤྱོད་ཡུལ་གྱི་དངོས་པོ་ཅུང་ཟད་ཅིག་ཡོད་པར་གྱུར་ན་དེ་ལ་ལྟོས་པས་སམ། བློའི་བྱེ་བྲག་གིས་སྟོང་པ་ཉིད་ཀྱི་ཤེས་པའི་སྤྱོད་ཡུལ་དངོས་པོའི་དེ་ཁོ་ན་སྟོང་པའང་ཅུང་ཟད་ཅིག་ཡོད་པར་འགྱུར་གྲང་ན། མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་
ག་ལ་འགྱུར། །ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། འོ་ན་ཅི་ཞེ་ན། གང་ཡོད་པ་དེ་ནི་སྟོང་པ་ཉིད་ཡིན་པས་དེའི་ཕྱིར་དཔེ་འདི་ལས་རྗེས་སུ་དཔག་པ་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །སྟོང་པ་ཉིད་ཀྱི་ཤེས་པ་རྣམ་པར་རྟོག་པ་དང་བཅས་པའམ། རྣམ་
པར་རྟོག་པ་མེད་པའི་སྤྱོད་ཡུལ་དངོས་པོའི་བདག་ཉིད་གང་ཡིན་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། ཤེས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་དཔེར་ན་སྟོང་པ་མ་ཡིན་པའི་ཤེས་པའི་སྤྱོད་ཡུལ་བཞིན་པས་དངོས་པོའི་དེ་ཁོ་ན་སྟོང་པའང་ཡོད་པར་ག་ལ་འགྱུར་ཏེ། རྗེས་སུ་དཔག་པས་གནོད་པའི་ཕྱིར་
དང་། མ་བྱས་པ་དང་ལྟོས་པ་མེད་པའི་ངོ་བོ་ཉིད་མེད་པའི་ཕྱིར་དཔེ་མ་གྲུབ་པོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་དང་། ཚད་མའི་འབྲས་བུ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྟོང་
เล่ม ๑๐๐ · หน้า 293b
པ་མ་ཡིན་པའི་ཤེས་པའི་སྤྱོད་ཡུལ་ཀུན་བརྟགས་པའི་རྣམ་པ་གང་ཡིན་པ་དེ་ནི་ཤེས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་ཡང་དག་པ་མ་ཡིན་པ་དེ་བཞིན་དུ་སྟོང་པ་ཉིད་ཀྱིས་ཤེས་པ་རྣམ་པར་རྟོག་པ་དང་བཅས་པའམ། རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་དངོས་པོའི་དེ་ཁོ་ན་གང་ཡིན་པ་དེ་ཡང་
ཤེས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་ཡང་དག་པ་མ་ཡིན་པས་དངོས་པོའི་དེ་ཁོ་ན་སྟོང་པའང་ཡོད་པར་ག་ལ་འགྱུར་ཏེ། རྗེས་སུ་དཔག་པས་གནོད་པའི་ཕྱིར་དང་། མ་བྱས་པ་དང་ལྟོས་པ་མེད་པའི་ངོ་བོ་ཉིད་མེད་པའི་ཕྱིར་ཕ་རོལ་པོའི་དཔེ་ལོག་པའི་ཤེས་པའི་གཉེན་པོ་ཡང་དག་
པའི་ཤེས་པ་ཡོད་པ་བཞིན་ནོ་ཞེས་བྱ་བ་དེ་མ་གྲུབ་པོ་ཞེས་བྱ་བར་དགོངས་སོ། །ཡང་ན། མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཇི་ལྟར་སྟོང་པ་ཉིད་མ་ཡིན་པར་རྣམ་པར་རྟོག་པའི་དྲ་བ་སྟོང་པ་ཉིད་མཐོང་བའི་མེས་བསྲེགས་པའི་ཕྱིར་མི་སྟོང་པ་ཅུང་ཟད་ཀྱང་ཡོད་
པ་མ་ཡིན་པ་དེ་བཞིན་དུ་སྟོང་པ་ཉིད་དུ་རྣམ་པར་རྟོག་པའི་དྲ་བ་ཡང་དེ་ཉིད་ཀྱིས་བསྲེགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་སྟོང་པ་ཉིད་མ་ཡིན་པ་དང་སྟོང་པ་ཉིད་ཅེས་བྱ་བར་ཐ་སྙད་གདགས་པ་ནི་རྣམ་པར་རྟོག་པའི་དབང་གིས་སྒྲོ་བཏགས་པ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་
པའི་གགས་ཡིན་པའི་ཕྱིར་སྟོང་པ་ཉིད་མཐོང་བའི་མེས་གཉི་ག་བསྲེགས་པའི་དུས་ན་མི་སྟོང་པར་རྣམ་པར་རྟོག་པ་ཅུང་ཟད་ཀྱང་མེད་པས་སྟོང་པར་རྣམ་པར་རྟོག་པ་ཡང་ཡོད་པར་ག་ལ་འགྱུར་ཞེས་སྟོན་ཏོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར་སྟོང་པ་ཉིད་དུ་རྣམ་པར་རྟོག་པ་ཡང་
དོན་ཇི་ལྟ་བ་བཞིན་མ་ཡིན་ཏེ། རྣམ་པར་རྟོག་པ་ཡིན་པའི་ཕྱིར་དངོས་པོར་རྣམ་པར་རྟོག་པ་བཞིན་པས། སྟོང་པའང་ཡོད་པར་ག་ལ་འགྱུར་ཏེ། རྣམ་པར་རྟོག་པའི་དབང་གིས་དེ་ལྟར་འཁྲུལ་ལོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་།
སྒྲུབ་པའི་ཆོས་དང་། དཔེ་དང་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དངོས་པོ་རྣམ་པར་རྟོག་པ་ནི་རྣམ་པར་རྟོག་པ་ཡིན་པའི་ཕྱིར་དོན་ཇི་ལྟ་བ་བཞིན་མ་ཡིན་པ་དེ་བཞིན་དུ་སྟོང་པ་ཉིད་དུ་རྣམ་པར་རྟོག་པ་ཡང་རྣམ་པར་རྟོག་པ་ཡིན་པའི་ཕྱིར་དོན་
เล่ม ๑๐๐ · หน้า 294a
ཇི་ལྟ་བ་བཞིན་མ་ཡིན་པས་སྟོང་པའང་ཡོད་པར་ག་ལ་འགྱུར་ཏེ། རྣམ་པར་རྟོག་པའི་དབང་གིས་དེ་ལྟར་འཁྲུལ་ཏོ་ཞེས་བྱ་བ་དེ་ལྟར་དགོངས་སོ། །ཡང་ན། མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །གཉིས་སུ་སྤྱོད་པ་ལ་ནི་དངོས་པོའི་ངོ་བོ་ཉིད་
ཀྱི་ཡུལ་ཅན་གྱི་བློའི་བྱེ་བྲག་ལས་སྒྱུ་མར་བྱས་པ་འདི་ནི་རྟ་ལ་སོགས་པའི་བདག་ཉིད་ཀྱིས་སྟོང་ངོ་། །ཡང་དག་པ་འདི་ནི་རྟ་ལ་སོགས་པའི་བདག་ཉིད་ཀྱིས་མི་སྟོང་ངོ་ཞེས་བྱ་བར་རྣམ་པར་རྟོག་པ་འབྱུང་བར་འགྱུར་རོ། །གང་གི་ཚེ་རྣལ་འབྱོར་པ་དེ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་སྤྱོད་
པ་ལ་གནས་ཤིང་གཉིས་སུ་མེད་པ་ལ་སྤྱོད་པ་དེའི་ཚེ་ན་དེ་ལ་དོན་དམ་པར་ཤེས་བྱའི་དེ་ཁོ་ན་ཐམས་ཅད་འདི་ལྟ་སྟེ། ནམ་མཁའ་བཞིན་དུ་མཚན་ཉིད་གཅིག་པ་དང་མཚན་ཉིད་མེད་པར་སྣང་བ་མེད་པའི་ཚུལ་གྱིས་སྣང་བར་འགྱུར་བས་མི་སྟོང་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ན། སྟོང་
པའང་ཡོད་པར་ག་ལ་འགྱུར་ཏེ། བློའི་བྱེ་བྲག་མེད་པས་ཕན་ཚུན་ལྟོས་པར་རྟོག་པའི་མངོན་པར་ཞེན་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི་རྣལ་འབྱོར་པ་ལས་དང་པོ་པ་མོས་པ་ཡིད་ལ་བྱེད་པ་སྟོང་པ་དང་སྟོང་པ་མ་ཡིན་པ་གཉིས་སུ་སྤྱོད་པ་ལ་ནི་དངོས་པོའི་ངོ་བོ་
ཉིད་ཀྱི་ཡུལ་ཅན་གྱི་བློའི་བྱེ་བྲག་ལས་སྟོང་པ་དང་མི་སྟོང་པར་རྣམ་པར་མི་རྟོག་པ་གཉིས་འབྱུང་བར་འགྱུར་གྱི། རྣལ་འབྱོར་པ་རབ་ཀྱི་མཐར་ཕྱིན་པ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་གཉིས་སུ་མེད་པར་སྤྱོད་པ་ལ་ནི་བློའི་བྱེ་བྲག་མེད་པར་ཕན་ཚུན་ལྟོས་པར་རྟོག་པའི་མངོན་པར་ཞེན་པ་
མེད་པའི་ཕྱིར་མི་སྟོང་པར་རྟོག་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་དེ་ལ་ལྟོས་པས་སམ། དེ་བསལ་བས་སྟོང་པར་རྣམ་པར་རྟོག་པ་ཡང་མེད་དོ་ཞེས་བྱ་བར་དགོངས་པ་བསྟན་ཏེ། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས་སྟོང་པ་ཉིད་ནི་གང་ཟག་རྣམ་པར་
གཞིག་པའི་ཕྱིར་མ་ཡིན་ཞིང་། གང་ཟག་དངོས་པོ་ཡོད་པ་བཤིག་ནས་སྟོང་པ་ཉིད་དུ་བྱེད་པ་ཡང་མ་ཡིན་ཏེ། འོད་སྲུངས་སྔོན་གྱི་མཐའ་སྟོང་པ་ཉིད་དང་། ཕྱི་མའི་མཐའ་སྟོང་པ་ཉིད་དང་། ད་ལྟར་བྱུང་བ་སྟོང་པ་ཉིད་ལ་རྟོན་པར་བྱའི་གང་ཟག་སྟོང་པ་ཉིད་ལ་རྟོན་པར་མི་བྱའོ། །འོད་
เล่ม ๑๐๐ · หน้า 294b
སྲུངས་གང་དག་སྟོང་པ་ཉིད་དུ་དམིགས་པས་སྟོང་པ་ཉིད་ལ་རྟོན་ཅིང་། དངོས་པོར་འཛིན་པ་དེ་དག་ནི་ཆོས་འདུལ་བ་འདི་ཉིད་ལས་ཉམས་པ་དང་། རབ་ཏུ་ཉམས་པར་ང་སྨྲའོ་ཞེས་ཇི་སྐད་གསུངས་པ་དང་། དེ་བཞིན་དུ་འཕགས་པ་སྟུག་པོ་བཀོད་པའི་མདོ་ལས་ཀྱང་། གལ་ཏེ་དངོས་
པོ་སྟོང་གྱུར་ན། །གཞིག་བྱར་འགྱུར་ཞིང་འཇིག་པ་མིན། །གང་ཟག་ལྷུན་པོ་ཙམ་དག་གིས། །བདག་ཏུ་ལྟ་བ་མི་གནོད་དོ། །ཞེས་ཅི་སྐད་གསུངས་པ་ལྟ་བུ་སྟེ། དེའི་ཕྱིར་གང་ཟག་ཏུ་ལྟ་བ་བསལ་ནས་སྟོང་པ་ཉིད་ཡིན་པར་བལྟ་བར་མི་བྱའོ། །དེ་ཕྱིར་རྣམ་པར་བཤད་པའི་བརྣག་པ་སྔ་
མ་ཐ་དད་པ་དག་གིས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་སྔ་མ་འདིའི་སྐབས་ཀྱི་མཇུག་བསྡུ་བ་ཡིན་ཏེ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །
ཞེས་བྱ་བ་ཚིག་ལེའུར་བྱས་པ་འདི་རྣམ་པར་བཤད་པའི་བརྣག་པ་སྔ་མ་ཐ་དད་པ་རྣམ་པ་ལྔ་པོ་དག་གིས་ཕ་རོལ་པོས་དོན་དམ་པར་དངོས་པོ་རྣམས་སྟོང་པ་ཉིད་མ་ཡིན་ཏེ། དེའི་གཉེན་པོ་ཡོད་པའི་ཕྱིར་ཞེས་སྨྲས་པའི་གཏན་ཚིགས་ཀྱི་དོན་དེ་དོན་དམ་པར་ནི་མ་གྲུབ་པ་ཡིན་ལ། ཀུན་རྫོབ་
ཏུ་ནི་འགལ་བ་ཉིད་ཡིན་པར་བསྟན་ཏོ། །འདིར་སྨྲས་པ། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། དོན་འགལ་བ་ཉིད་དུ་གྱུར་ཀྱང་སླ་སྟེ་ཡང་ཁོ་བོ་ཅག་གི་སྙིང་ནི་སྟོང་པ་ཉིད་དགག་པའི་ཕྱིར་སྒྲུབ་པ་སྨྲ་བར་འདོད་པས་ཁྱབ་པ་ཡིན་ལ་དེ་ཡང་ཁྱེད་ཀྱིས་དགག་པས་འདོད་པའི་དོན་
གྲུབ་པོ་ཞེས་བྱ་བས་ནི་དེ་ལྟར་དབུ་མ་པས་སྟོང་པ་ཉིད་དུ་རྣམ་པར་རྟོག་པའི་མཐའ་དགག་པ་བསྟན་པ་དང་། འདིར་དངོས་པོར་སྨྲ་བ་དག་དགའ་བར་གྱུར་ནས་དེ་དག་འདི་སྐད་ཅེས་ཁོ་བོ་ཅག་གི་སྟོང་པ་ཉིད་དགག་པའི་གཏན་ཚིགས་ཇི་སྐད་སྨྲས་པ་དེ་དག་མ་གྲུབ་པ་དང་། འགལ་
བ་ཉིད་དུ་གྱུར་ཀྱང་སླ་སྟེ། ཡང་ཁོ་བོ་ཅག་ནི་སྟོང་པ་ཉིད་དགག་པའི་སྒྲུབ་པ་སྨྲ་བར་འདོད་པ་ཡིན་ལ། དེ་ཡང་ཁྱེད་དབུ་མ་པ་ཉིད་ཀྱིས་བཀག་པས་ཁོ་བོ་ཅག་གི་འདོད་པའི་དོན་གྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། སྟོང་
เล่ม ๑๐๐ · หน้า 295a
པ་ཉིད་ཤེས་པ་དངོས་པོ་རྣམས་སྟོང་པ་ཉིད་དུ་བྱེད་པ་མ་ཡིན་གྱི། འདི་ལྟར་དངོས་པོ་རྣམས་ཀྱི་དེའི་ངོ་བོ་ཉིད་མ་ཡིན་པ་ཉིད་དེའི་ངོ་བོ་ཉིད་མ་ཡིན་པ་ཉིད་དུ་གསལ་བར་བྱེད་དེ། དཔེར་ན་མར་མེའི་སྣང་བས་ཁང་ཁྱིམ་ན་བུམ་པ་མེད་པ་ཉིད་དུ་གསལ་བར་བྱེད་ཀྱི་མེད་པར་བྱེད་
པ་མ་ཡིན་པ་བཞིན་པས་དེ་མེད་ན་དེ་ཡོད་པར་འགྱུར་བ་མ་ཡིན་པའི་ཕྱིར་དེ་ནི་མ་བརྟགས་པར་སྨྲ་བ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྟོང་པ་ཉིད་ཀྱིས་དངོས་པོ་ཡོད་པ་ཞིག་སྟོང་པ་ཉིད་ཤེས་པས་མེད་པར་བྱས་ཤིང་སྟོང་པ་ཉིད་དེ་མེད་ན་དངོས་པོ་དེ་ཡོད་པར་འགྱུར་བ་མ་ཡིན་གྱི།
སྟོང་པ་ཉིད་ཀྱི་དངོས་པོ་མེད་པ་ཉིད་ཤེས་པས་རྟོགས་པར་ཟད་པས་སྟོང་པ་ཉིད་ཀྱི་དངོས་པོ་མེད་པར་རྟོག་པས་དངོས་པོའི་ངོ་བོ་ཉིད་ཡོད་པར་མ་བསྟན་པའི་ཕྱིར་ཕ་རོལ་པོའི་ཚིག་དེ་ནི་མ་བརྟགས་པར་གྱ་ཚོམ་དུ་སྨྲ་བ་ཡིན་ནོ། །གཞན་དག་གིས་སྨྲས་པ། སྟོང་པ་ཉིད་དུ་སྨྲ་བ་དག་
ནི་ཕ་རོལ་པོའི་ཚིག་སུན་དབྱུང་བར་འདོད་པས་སྟོང་པ་ཉིད་དུ་སྨྲ་བ་ལ་བརྟེན་ཞིང་དེ་ཡང་གཞུང་མི་གཟུགས་པར་སེམས་པ་ན་སྟོང་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ལོག་པར་སྒྲུབ་པར་བྱེད་པས་དེའི་ཕྱིར་དེ་དག་གིས་ཁས་བླངས་པ་ལ་གནོད་པར་འགྱུར་ཏེ། ལུང་ལས། གང་དག་
སྟོང་ཉིད་རབ་ཤེས་པ། །དེ་དག་ཆོས་ཉིད་རྣམ་པར་མཐོང་། །ཞེས་བྱ་བ་ལ་སོགས་པ་དང་། །འདུ་བ་དག་ནི་མ་རྟོགས་པའི། །དངོས་པོ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་དང་མ་སྐྱེས་དང་། །དངོས་ཉིད་མེད་པར་ང་སྨྲའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་
ཕ་རོལ་པོ་དག་ན་རེ་དབུ་མ་པ་སྟོང་པ་ཉིད་དུ་སྨྲ་བ་དག་ནི་ཕ་རོལ་པོ་དངོས་པོར་སྨྲ་བའི་ཚིག་སུན་དབྱུང་བར་འདོད་པས་སྟོང་པ་ཉིད་དུ་སྨྲ་བ་ལ་བརྟེན་ཞིང་དེ་ཡང་གཞུང་མི་གཟུགས་པར་སེམས་པ་ན་སྟོང་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ལོག་པར་སྒྲུབ་པར་བྱེད་པས་དེའི་ཕྱིར་དེ་དག་གིས་ལུང་
ལས་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་གསུངས་པ་ཁས་བླངས་པ་ལ་གནོད་པར་འགྱུར་ཏེ། འཇིག་རྟེན་ཐམས་ཅད་ནི་འབྲས་བུའི་དོན་དུ་འཇུག་པ་ཡིན་ན་དབུ་མ་པ་ནི་རང་གི་འབྲས་བུ་ལུང་ལས་སྟོང་པ་ཉིད་ཅེས་གསུངས་པ་ཡང་སུན་འབྱིན་པར་བྱེད་པས་རང་གི་ཁས་བླངས་པ་ལ་གནོད་པར་
เล่ม ๑๐๐ · หน้า 295b
འགྱུར་རོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ། ལུང་ལས་ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ཆོས་རྣམས་ཉིད་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་རྣམས་ལྟ་ཅི་སྨོས་ཞེས་བྱ་བ་དང་།
དེ་བཞིན་དུ་གཟུགས་སྟོང་ཞེས་བྱ་བར་མི་བརྟག་མི་སྟོང་ཞེས་བྱ་བར་ཡང་མི་བརྟག་གོ་ཞེས་གསུངས་པས་སྟོང་པ་ཉིད་དུ་ལྟ་བ་འཛིན་པ་གཞན་བསལ་བ་ལ་དགོངས་པས་ཡོངས་སུ་གཟུང་བ་ཡང་དོན་སྤྱད་ཟིན་ན་ཡོངས་སུ་སྤང་བར་བྱ་བ་ཡིན་པའི་ཕྱིར་དང་། སྟོང་པ་མ་ཡིན་
པར་རྣམ་པར་རྟོག་པ་བཞིན་དུ་རྣམ་པར་རྟོག་པ་དེ་ཡང་རྣམ་པར་མི་རྟོག་པའི་ཤེས་པའི་གེགས་ཡིན་པས་སྤང་བར་འདོད་པའི་ཕྱིར་དང་། དེ་ལ་མངོན་པར་ཞེན་པ་ཡང་སྐྱོན་ཆེན་པོར་འགྱུར་བའི་ཕྱིར་དེ་ཡོངས་སུ་སྤངས་པ་ལ་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། ལུང་ལས་ཆོས་ཀྱི་རྣམས་
གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ཆོས་རྣམས་ཉིད་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་རྣམས་ལྟ་ཅི་སྨོས་ཞེས་གསུངས་པས། དཔེར་ན་འགྲོན་པ་ཆུ་ཀླུང་རྒལ་བར་འདོད་པས་གཟིངས་ལ་བརྟེན་ཏེ། ཆུ་ཀླུང་རྒལ་ནས་གཟིངས་སྤངས་ཏེ་འགྲོ་བ་དེ་བཞིན་དུ་རྣལ་
འབྱོར་པ་དངོས་པོར་ལྟ་བའི་ཆུ་ཀླུང་རྒལ་བར་འདོད་པས་ཀྱང་སྟོང་པ་ཉིད་དུ་ལྟ་བ་གཟིངས་ལྟ་བུ་ལ་བརྟེན་ཏེ། དངོས་པོར་ལྟ་བའི་ཆུ་ཀླུང་ལས་རྒལ་ནས་སྟོང་པ་ཉིད་དུ་ལྟ་བ་གཟིངས་ལྟ་བུ་དེ་སྤངས་ཏེ། མི་གནས་པའི་མྱ་ངན་ལས་འདས་པའི་ལམ་དུ་འགྲོ་བར་བྱ་བ་ཡིན་པའི་ཕྱིར་དང་། ལུང་ལས་
གཟུགས་སྟོང་ཞེས་བྱ་བར་མི་བརྟག །མི་སྟོང་ཞེས་བྱ་བར་ཡང་མི་བརྟག་གོ་ཞེས་གསུངས་པས་རྣལ་འབྱོར་པ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་སྤྱོད་པ་ལ་གནས་ཤིང་གཉིས་སུ་མེད་པ་ལ་སྤྱོད་པའི་ཚེ་ན་སྟོང་པ་མ་ཡིན་པར་རྣམ་པར་རྟོག་པ་དང་སྟོང་པར་རྣམ་པར་རྟོག་
པའི་མཐའ་གཉི་ག་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་གེགས་ཡིན་པས་སྤང་བར་འདོད་པའི་ཕྱིར་དང་། སྟོང་པ་ཉིད་ལ་མངོན་པར་ཞེན་པ་ཡང་སྐྱོན་ཆེན་པོར་འགྱུར་བ་ཡིན་པའི་ཕྱིར་དབུ་མ་པས་སྟོང་པ་ཉིད་དུ་ཡང་གཞུང་མི་གཟུགས་པར་སེམས་པ་ན་སྟོང་པ་
เล่ม ๑๐๐ · หน้า 296a
ཉིད་ཀྱང་མ་ཡིན་ནོ་ཞེས་དེ་ཡོངས་སུ་སྤངས་པ་ལ་སྐྱོན་མེད་དོ། །ད་ནི་དངོས་པོར་ལྟ་བ་སྤང་བའི་ཕྱིར་སྟོང་པ་ཉིད་ཅེས་གསུངས་ལ། སྟོང་པ་ཉིད་དུ་ལྟ་བ་ཡང་གསོར་མི་རུང་བས་སྤང་བར་བྱ་བ་ཡིན་པའི་ཕྱིར་མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་གྱིས་དབུ་མའི་དོན་བསྟན་པའི་
མཇུག་བསྡུ་བའི་ཕྱིར། འདི་ལྟར་ལྷ་དང་མིའི་བླ་མ་རྣམས་ཀྱིས། སྲོག་ཆགས་ལྟ་བ་སྣ་ཚོགས་ཀྱི་སྐྱོན་གྱི་དུག་གིས་སེམས་ཁྱབ་པར་གྱུར་པ་སྡུག་བསྔལ་མི་བཟད་པའི་ནད་རྒྱུན་མི་འཆད་པ་རྣམས་ལ་ཐུགས་རྗེ་བ་ན། རྒྱལ་བ་རྣམས་ཀྱིས་སྟོང་ཉིད་ནི། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །
ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ལྟ་ཀུན་ཞེས་བྱ་བའི་ཚིག་གི་དོན་བསྟན་པའི་ཕྱིར་སྡུག་བསྔལ་སྣ་ཚོགས་ཀྱི་ས་བོན་གྱི་ལྟ་བ་ཐམས་ཅད་དོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར་ལྟ་བ་ནི་མངོན་པར་ཞེན་པ་དང་འཛིན་པ་སྟེ། དེ་དག་གི་རབ་ཏུ་དབྱེ་བ་ནི་འཇིག་ཚོགས་ལ་ལྟ་བ་
ལ་སོགས་པའོ་ཞེས་བྱ་བ་སྨྲས་སོ། །སྟོང་པ་ཉིད་ཀྱིས་ལྟ་བ་ཀུན་ལས་ངེས་པར་འབྱིན་པར་གསུངས་པ་བསྟན་པའི་ཕྱིར། དེ་དག་གི་གཉེན་པོ་ནི་ནང་སྟོང་པ་ཉིད་ལ་སོགས་པའོ་ཞེས་བྱ་བ་སྨྲས་ཏེ། རེ་ཞིག་དེ་དག་གིས་ནི་དངོས་པོར་ལྟ་བ་སྤང་བའི་ཕྱིར་སྟོང་པ་ཉིད་ཅེས་གསུངས་པའི་ཚུལ་བསྟན་ཏོ། །
ད་ནི་སྟོང་པ་ཉིད་དུ་ལྟ་བ་ཡང་གསོར་མི་རུང་བས་སྤང་བར་བྱ་བའི་ཚུལ་བསྟན་པའི་ཕྱིར་དགེ་བའི་རྩ་བ་རྒྱ་ཆེན་པོ་ཉེ་བར་མ་བསགས་པ་བསམ་པ་ཡོངས་སུ་མ་སྨིན་པ་ཆོས་ཟབ་མོ་ལ་བཟོད་པ་མ་སྐྱེས་པ་ལམ་ལ་མི་མཁས་པ། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །
ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར་འདི་ཉིད་ཡོད་དོ་ཞེས་སྟོང་པ་ཉིད་དུ་འཛིན་པ་གང་དག །བཀྲུ་སྨན་བཏང་བ་ཁོང་དུ་འཁྱིལ་པའི་ནད་པ་བཞིན་དུ་ལྟ་བ་སྣ་ཚོགས་ཀྱི་སྐྱོན་གྱིས་སེམས་མ་རུང་བར་གྱུར་པ་རྣམས་ལ་དེ་ཞི་བར་ནུས་པ་སྟོང་པ་ཉིད་ཀྱི་
སྨན་བྱིན་པ་ལས་སྐྱོན་ཆེན་པོས་འཁྲུགས་པར་གྱུར་པ་ནད་པ་ལྟ་བུ་དེ་དག་ནི་དེ་བཞིན་གཤེགས་པ་སྨན་པ་མཆོག་ལྟ་བུས་བསྒྲུབ་ཏུ་མེད་པར་གསུངས་པས་དེའི་ཕྱིར་དེ་སྤངས་པ་ལ་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་སོ། །ད་ནི་མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་གྱིས་དབུ་མའི་དོན་བསྟན་པའི་
เล่ม ๑๐๐ · หน้า 296b
མཇུག་བསྡུ་བའི་ཕྱིར་འགྲོན་པོ་ཕལ་པ་ཤིང་རྟ་བྱིང་པ་འབྱིན་པའི་རྔན་པ་ཅི་ཡང་མེད་དོ་ཞེས་བྱ་བ་གང་ཡིན་པ་དེ་བྱིན་ཅིག་ཅེས་ཟེར་བ་སྒྲའི་དོན་མངོན་པར་མི་ཤེས་པ་ལྟ་བུར་མཁས་པ་རྣམས་ཀྱིས་སྨད་པར་གྱུར་ན་མི་རུང་བས་ཁོ་བོ་སྟོང་པ་ཉིད་ལ་དངོས་པོར་མངོན་པར་ཞེན་པ་མི་བྱེད་དོ་ཞེས་བྱ་བ་
སྨྲས་ཏེ། དཔེར་ན་འགྲོན་པོ་ཤིང་རྟ་ལམ་དུ་ཞུགས་པའི་ཤིང་རྟ་རྫབ་ཏུ་བྱིང་བའི་ཚེ་འགྲོན་པོ་ཕལ་པ་སྒྲའི་དོན་ལ་མི་མཁས་པ་ཞིག་འོངས་པ་ལ་ཤིང་རྟ་པས། ཁོ་བོའི་ཤིང་རྟ་བྱིང་པ་འདི་ཕྱུང་ཤིག་ཅེས་བྱས་པ་དང་། འགྲོན་པོ་ཕལ་པ་དེ་ན་རེ་རྔན་པ་ཅི་ཡོད་ཅེས་ཟེར་བ་ན་ཤིང་རྟ་བས་རྔན་པ་ཅི་ཡང་
མེད་དོ་ཞེས་བྱས་པ་དང་། འགྲོན་པོ་ཕལ་པ་དེས་ཤིང་རྟ་བྱིང་པ་དེ་ཕྱུང་ནས་དེའི་འོག་ཏུ་འདི་སྐད་ཅེས་རྔན་པ་ཅི་ཡང་མེད་དོ་ཞེས་བྱ་བ་གང་ཡིན་པ་དེ་ད་བྱིན་ཅིག་ཅེས་ཟེར་བ་དེ་སྒྲའི་དོན་ལ་མི་མཁས་པ་ཡིན་པར་མཁས་པ་རྣམས་ཀྱིས་སྨད་པར་གྱུར་ན་མི་རུང་བ་དེ་བཞིན་དུ་འདིར་ཡང་དངོས་
པོར་ལྟ་བ་བསལ་བའི་གཉེན་པོར་སྟོང་པ་ཉིད་བསྟན་པ་ན་སྟོང་པ་ཉིད་ཡོད་པར་ལྟ་བ་ནི་མཐའ་གཉིས་རྣམ་པར་སྤངས་པའི་དོན་ལ་མཁས་པ་མ་ཡིན་པར་མཁས་པ་རྣམས་ཀྱིས་སྨད་པར་གྱུར་ན་མི་རུང་བས་ཁོ་བོ་སྟོང་པ་ཉིད་ལ་ཡང་དངོས་པོར་མངོན་པར་ཞེན་པར་མི་བྱེད་དོ། །དེའི་ཕྱིར་
ཡང་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་ལན་མེད་དོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་གོང་མ་དེ་ཉིད་ཀྱི་སྐབས་ཀྱི་མཇུག་བསྡུ་བ་ཡིན་ནོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་སྨྲས་པའི་སུན་འབྱིན་པའི་ལན་བཏབ་པ་དང་། རང་དབང་རྗེས་སུ་དཔག་པ་ཁ་ན་མ་ཐོ་བ་མེད་པ་
བསྟན་པའི་མཐུས་འདུ་བྱེད་རྣམས་རྣམ་པ་ལས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་། ཚད་མའི་འབྲས་བུ་ཡིན་ཏེ། དེ་ཁོ་ན་བརྟག་པའི་རབ་ཏུ་བྱེད་པ་བཅུ་གསུམ་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་ལྟ་བ་ནི་ཕ་རོལ་པོས་འདུ་བྱེད་
རྣམས་ངོ་བོ་ཉིད་མེད་པ་ཉིད་དགག་པའི་ཕྱིར་གཞན་དུ་འགྱུར་བ་སྣང་བའི་གཏན་ཚིགས་ཀྱིས་ངོ་བོ་ཉིད་ངེས་པར་མི་གནས་པའི་སྒོ་ནས་གང་ཟག་བདག་མེད་པ་ཙམ་དུ་སྨྲ་བའི་ལན་བཏབ་པ་དང་། བསྟན་བཅོས་མཛད་པས། ཆོས་གང་སླུ་བ་དེ་བརྫུན་ཞེས། །བཅོམ་ལྡན་འདས་ཀྱིས་དེ་སྐད་
เล่ม ๑๐๐ · หน้า 297a
གསུངས། །འདུ་བྱེད་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་བྱ་བ་ལ་སོགས་པ་རང་དབང་དུ་རྗེས་སུ་དཔག་པ་ཁ་ན་མ་ཐོ་བ་མེད་པ་བསྟན་པའི་མཐུས་འདུ་བྱེད་རྣམས་གང་ཟག་བདག་མེད་པའི་རྣམ་པ་ལས་ཁྱད་པར་དུ་འཕགས་པ་ཆོས་བདག་མེད་པ་ངོ་བོ་ཉིད་
མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །འདུ་བྱེད་རྣམས་རྣམ་པ་ལས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་དང་། དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱིས་
ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པའི་མདོ་ལས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་གིས་ཀུན་ནས་བསླང་བ་ཡང་དག་པ་མ་ཡིན་པ་ཡོད་པ་མ་ཡིན་པ་ལོག་པ་
བརྫུན་པ་སྟེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེའི་ཕྱིར་གང་ཆོས་འགའ་ཞིག་ལ་སྤྱོད་པ་དེ་ནི་ཕྱིན་ཅི་ལོག་ལ་སྤྱོད་པ་དང་ཡང་དག་པ་མ་ཡིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ལ་སོགས་པ་ཆོས་གང་དག་བརྫུན་པ་དང་སླུ་བ་དེ་དག་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ་ཞེས་གསུངས་པ་དང་།
དེ་བཞིན་དུ་འཕགས་པ་ཚངས་པས་ཞུས་པའི་མདོ་ལས་ཀྱང་། འཇིག་རྟེན་ནི་བདེན་པ་ལ་མངོན་པར་ཞེན་པ་ཡིན་གྱི་ཆོས་འདི་ནི་བདེན་པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་འདུ་
བྱེད་རྣམས་གང་ཟག་བདག་མེད་པའི་རྣམ་པ་ལས་ཁྱད་པར་དུ་འཕགས་པ་ཆོས་བདག་མེད་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཡོན་ཏན་དང་ཁུངས་ཡིན་ཏེ། དེའི་ཕྱིར་ཁོ་བོས་རང་གི་བསམ་པས་རྟོག་གེ་སྐམ་པོ་ཙམ་གྱིས་བསྒྲུབས་པ་མ་ཡིན་ཏེ། ལུང་དེ་དག་ཀྱང་ཡོད་དོ། །གང་གི་ཕྱིར་
དེ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་ཡས་པ་དག་ལས་འདུ་བྱེད་རྣམས་གང་ཟག་བདག་མེད་པའི་རྣམ་པ་ལས་ཁྱད་པར་དུ་འཕགས་པ་ཆོས་བདག་མེད་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་དེ་དག་བསྟན་བཅོས་འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་སློབ་
เล่ม ๑๐๐ · หน้า 297b
དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་དང་འགྲེལ་པ་བྱེད་པའི་མཁས་པ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས་དེ་ཁོ་ན་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་གསུམ་པ་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་
བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་བསལ་བས་ཕྲད་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་བཞི་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་
དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་བསལ་བས་ཞེས་བྱ་བ་
སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅས་པ་མཛད་པས་འདིར་ཡང་བསྟན་བཅོས་མཛད་པས་ཇི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། དེ་བཞིན་
དུ་ཞེས་བྱ་བ་ནི་རབ་ཏུ་བྱེད་པ་སྔ་མའི་སྐབས་སུ་བསྟན་པའི་ལུགས་བཞིན་དུའོ། །སྟོང་པ་ཉིད་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བའི་ཕྱོགས་ཡིན་ཏེ། འདི་ལྟ་སྟེ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་དངོས་
པོ་རྣམས་ངོ་བོ་ཉིད་དུ་བསྒྲུབ་པའི་ཕྱོགས་སྔ་མ་ཉེ་བར་གཞག་པ་འོག་ནས་ཁྱེད་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་མེད་པ་ཉིད་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་རབ་ཀྱི་ཚུལ་དང་འགལ་ཏེ་ཞེས་བྱ་བ་ལ་སོགས་པ་སུན་འབྱིན་པ་དང་རང་དབང་དུ་རྗེས་སུ་དཔག་པ་སྨྲ་བ་དག་ཡིན་ནོ། །དེ་བསལ་
བ་ཞེས་བྱ་བ་ནི་དེ་བསལ་བའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་བཅུ་བཞི་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས། ཕྲད་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་ཕྱེད་པ་བཅུ་བཞི་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། ཕྲད་པ་
เล่ม ๑๐๐ · หน้า 298a
བརྟག་པའི་རབ་ཏུ་བྱེད་པ་བཅུ་བཞི་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་ཕྲད་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པས་རྟེན་ཅིང་འབྲེལ་པར་འབྱུང་བ་དོན་ཐ་དད་པ་མ་ཡིན་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་སྨྲས་སོ། །
རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན་རྣམ་པ་གང་གིས་ནི་འབྲས་བུ་དེ་འཐོབ་ཅེ་ན། ཕྲད་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པས་རྟེན་ཅིང་འབྲེལ་པར་འབྱུང་བ་དོན་ཐ་དད་པ་ཉིད་མ་ཡིན་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་
ཁྱད་པར་བསལ་བའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་བྱེད་པའི་མཚམས་སྦྱར་བའི་སྐབས་འདིར་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར།
འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཕས་ཀྱི་རྒོལ་བ་དག་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་སྨྲ་བའི་གཞུང་སྔར་བཀག་ཏུ་ཟིན་ཀྱང་དེ་དག་ལ་མངོན་པར་ཞེན་པ་ཁ་ཅིག་གིས་དེ་མི་བཟོད་པས་ཡང་དེ་དག་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་ཁྱེད་
ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་མེད་པ་ཉིད་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་རབ་ཀྱི་ཚུལ་དང་འགལ་ཏེ། གཟུགས་དང་རྣམ་པར་ཤེས་པ་དང་མིག་གསུམ་ཕྲད་པ་ནི་རེག་པའོ་ཞེས་འབྱུང་བས་དེའི་ཕྱིར་ཁྱེད་ཀྱིས་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་
སྨྲས་ཏེ། དེ་ནི་སུན་འབྱིན་པའི་སྒོ་ནས་ཁས་བླངས་པ་ལ་གནོད་པར་འགྱུར་བའི་སྐྱོན་འདོགས་པ་ཡིན་ནོ། །དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་ཤེས་པར་བྱ་སྟེ། དེ་དག་ལ་བརྟེན་ནས་ཕྲད་པ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་ནི་རང་དབང་དུ་རྗེས་སུ་དཔག་པའི་ཚིག་
ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་གང་མེད་པ་དེ་ལ་ནི་སྟོན་པས་དེ་ལ་བརྟེན་ནས་ཕྲད་པ་ཉིད་མ་བསྟན་ཏེ། དཔེར་ན་རུས་སྦལ་གྱི་སྤུ་དག་བཞིན་ནོ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་ནོ། །
เล่ม ๑๐๐ · หน้า 298b
བཅོམ་ལྡན་འདས་ཀྱི་གསུང་རབ་ལ་འདོད་ཆགས་དང་ཁོང་ཁྲོ་བ་དང་མ་རིག་པའི་ཀུན་དུ་སྦྱོར་བ་དག་གིས་ཀུན་དུ་སྦྱར་ཏོ་ཞེས་བྱ་བ་དེ་ཡོད་པས་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨྲས་པའི་མཐུས་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་
བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། འདི་ན་བཅོམ་ལྡན་འདས་ཀྱིས་རུས་སྦལ་གྱི་སྤུ་ལ་སོགས་པ་མེད་པ་གང་དག་ལ་བརྟེན་ནས་ཕྲད་པ་མ་བསྟན་པ་དེ་དག་ནི་དོན་དམ་པར་ཡོད་པ་མ་ཡིན་གྱི། དངོས་པོ་གང་དག་ལ་བརྟེན་ནས་ཕྲད་པ་བསྟན་པ་དེ་དག་ནི་དོན་དམ་པར་ཡོད་
པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། བལྟ་བྱ་ལྟ་བ་ལྟ་བ་པོ། །གསུམ་པོ་དེ་དག་གཉིས་གཉིས་དང་། །ཐམས་ཅད་ཀྱང་ནི་ཕན་ཚུན་དུ། །ཕྲད་པར་གྱུར་པ་ཡོད་མ་ཡིན། །བལྟ་བར་བྱ་བ་དང་ལྟ་བ་དང་ལྟ་བ་པོ་དེ་དག་
གཉིས་གཉིས་དང་ཐམས་ཅད་ཀྱང་ཕན་ཚུན་དུ་ཕྲད་པར་གྱུར་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། ལྟ་བ་པོ་བལྟ་བར་བྱ་བ་དང་ལྟ་བ་དང་མི་ཕྲད་དོ་ཞེས་དམ་བཅའ་བ་ཉེ་བར་གཞག་པ་ཡིན་ནོ། །དེ་བཞིན་འདོད་ཆགས་ཆགས་པ་དང་། །ཆགས་པར་འགྱུར་དང་ཉོན་མོངས་
པ། །ལྷག་མ་རྣམས་དང་སྐྱེ་མཆེད་ཀྱི། །ལྷག་མའང་རྣམ་པ་གསུམ་གྱིས་བལྟ། །ཞེས་བྱ་བས་ནི་ཇི་ལྟར་བལྟ་བར་བྱ་བ་དང་ལྟ་བ་དང་ལྟ་བ་པོ་གསུམ་པོ་དེ་དག་གཉིས་གཉིས་དང་ཐམས་ཅད་ཀྱང་ཕན་ཚུན་དུ་ཕྲད་པར་འགྱུར་བ་མེད་པ་དེ་བཞིན་དུ་འདོད་ཆགས་དང་། ཆགས་པ་དང་། ཆགས་
པར་གྱུར་པ་དང་། ཉོན་མོངས་པ་ལྷག་མ་རྣམས་དང་སྐྱེ་མཆེད་ཀྱི་ལྷག་མ་རྣམས་ཀྱང་གཉིས་གཉིས་དང་ཐམས་ཅད་ཀྱི་རྣམ་པ་གསུམ་གྱིས་ཕན་ཚུན་དུ་ཕྲད་པ་མེད་པར་བལྟ་བར་བྱའོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། དེ་བཞིན་དུ་འདོད་ཆགས་དང་། ཆགས་པ་དང་ཆགས་པར་
འགྱུར་བ་དང་། འདོད་ཆགས་བསྟན་པ་ལས་གཞན་པ་ཉོན་མོངས་པ་ལྷག་མ་ཞེ་སྡང་ལ་སོགས་པ་དེ་དག་ཀྱང་ཞེ་སྡང་དང་ཞེ་སྡང་ཅན་དང་། ཞེ་སྡང་བར་བྱ་བ་ལ་སོགས་པར་རྣམ་པར་བཞག་ནས་གཉིས་གཉིས་དང་ཐམས་ཅད་ཀྱི་རྣམ་པ་གསུམ་གྱིས་ཕན་ཚུན་དུ་ཕྲད་པར་འགྱུར་བ་མེད་པར་
เล่ม ๑๐๐ · หน้า 299a
དགག་པ་བརྗོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉོན་མོངས་པ་ཐམས་ཅད་དང་ཅི་རིགས་པར་སྦྱར་བར་བྱའོ། །དེ་ལ་འདོད་ཆགས་ནི་ལྷག་པར་ཆགས་པའི་མཚན་ཉིད་དོ། །ཉོན་མོངས་པ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ཉོན་མོངས་པར་བྱེད་པའོ་ཞེས་བྱ་བས་ནི་འདོད་
ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱི་མཚན་ཉིད་བསྟན་ཏོ། །སྐྱེ་མཆེད་བསྟན་པ་ལ་ལྟོས་ནས་མ་བསྟན་པ་ལྷག་མ་ཉན་པ་དང་སྣོམ་པ་དང་ལྕེ་དང་ལུས་དང་ཡིད་ཅེས་བྱ་བ་དེ་དག་ལ་ཡང་མཉན་པར་བྱ་བ་དང་ཉན་པ་དང་ཉན་པ་པོ་དང་དེ་བཞིན་དུ་བསྣམ་པར་བྱ་བ་དང་། སྣོམ་པ་
དང་། སྣོམ་པ་པོ་ལ་སོགས་པ་དག་ཀྱང་གཉིས་གཉིས་དང་ཐམས་ཅད་ཀྱི་རྣམ་པ་གསུམ་གྱིས་ཕན་ཚུན་དུ་ཕྲད་པར་འགྱུར་བ་མེད་པར་དགག་པ་ཡང་བརྗོད་པར་བྱའོ་ཞེས་བྱ་བ་ཡང་སྐྱེ་མཆེད་ཐམས་ཅད་དང་ཅི་རིགས་པར་སྦྱར་བར་བྱའོ། །དེ་ལ་སྐྱེ་མཆེད་ཀྱི་དོན་ནི་སེམས་དང་སེམས་
ལས་བྱུང་བ་རྣམས་སྐྱེ་བའི་སྒོའི་དོན་ཏོ་ཞེས་བྱ་བས་ནི་སྐྱེ་མཆེད་ཀྱི་མཚན་ཉིད་བསྟན་ཏོ། །བལྟ་བར་བྱ་བ་ལ་སོགས་པ་དང་འདོད་ཆགས་པ་ལ་སོགས་པ་དག་གཉིས་གཉིས་དང་ཐམས་ཅད་ཀྱང་ཕན་ཚུན་དུ་ཕྲད་པ་མེད་པ་དེ་ནི་དམ་བཅའ་བ་ཉེ་བར་གཞག་པ་ཡིན་ནོ་ཞེས་བྱ་བ་ནི་ཕྲད་པ་མེད་
པར་བསྒྲུབ་པའི་ཕྱོགས་ཡིན་ནོ། །ད་ནི་ཕྲད་པ་མེད་པ་བསྟན་པའི་ཕྱིར་འཐད་པ་བཤད་པར་བྱ་སྟེ། གཞན་ན་གཞན་དུ་ཕྲད་གྱུར་ན། །གང་ཕྱིར་བལྟ་བྱ་ལ་སོགས་ལ། །གཞན་དེ་ཡོད་པ་མ་ཡིན་པ། །དེ་ཕྱིར་ཕྲད་པ་མི་འགྱུར་རོ། །ཕྲད་པ་ནི་སྦྱོར་བའི་རྣམ་གྲངས་ཏེ། དེ་ཡང་གཞན་ཡོད་ན་
གཞན་དང་ཕྲད་པར་འགྱུར་བ་ཡིན་ན་གང་གི་ཕྱིར་བལྟ་བར་བྱ་བ་དང་ལྟ་བ་དང་ལྟ་བ་པོ་དང་འདོད་ཆགས་དང་ཆགས་པ་དང་ཆགས་པར་འགྱུར་བ་ལ་སོགས་པ་དག་ལ་གཞན་དེ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་ཕྲད་པར་མི་འགྱུར་རོ་ཞེས་མཇུག་བསྡུ་བའི་ཚིག་ཡིན་ནོ་ཞེས་བྱ་བས་ནི་ཕྲད་
པ་མེད་པར་རྗེས་སུ་དཔག་པ་སྟོན་ཏོ། །འདིས་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པས་ཕྱོགས་ཀྱི་ཆོས་སྟོན་ཏོ། །དཔེར་ན་རྟག་པ་དང་མ་བྱས་པ་ཉིད་དུ་འབྲེལ་པ་དེ་ཡང་སྒྲ་ལ་མེད་ལ་བྱས་པ་ཉིད་ནི་ཡོད་པ་ལྟ་བུའོ་ཞེས་བྱ་བས་ནི་ཕྲད་པ་མེད་པར་སྒྲུབ་པའི་ཆོས་ནི་གཞན་མ་ཡིན་པ་ཉིད་
เล่ม ๑๐๐ · หน้า 299b
ཡིན་པར་སྟོན་ཏེ། དཔེར་ན་མི་རྟག་པར་སྒྲུབ་པའི་ཆོས་ནི་བྱས་པ་ཉིད་ཡིན་པ་ལྟ་བུའོ། །འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་ལྟ་བ་པོ་ནི་བལྟ་བར་བྱ་བའམ་ལྟ་བ་དང་མི་ཕྲད་དེ། དེ་ལས་གཞན་མ་ཡིན་པའི་ཕྱིར་རོ། །གང་ཞིག་གང་ལས་གཞན་མ་ཡིན་པ་དེ་ནི་དེ་དང་མི་ཕྲད་དེ། དཔེར་ན་
རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལྟ་བ་པོའི་རང་གི་བདག་ཉིད་ནི་རང་གི་བདག་ཉིད་ལས་གཞན་མ་ཡིན་པའི་ཕྱིར་རང་གི་
བདག་ཉིད་དང་མི་ཕྲད་པ་དེ་བཞིན་དུ་ལྟ་བ་པོ་དང་། བལྟ་བར་བྱ་བ་དང་། ལྟ་བ་དག་ཀྱང་དོན་དམ་པར་གཞན་མ་ཡིན་པའི་ཕྱིར་ཕྲད་པ་མེད་དོ།། །།བམ་པོ་ལྔ་བཅུ་གཉིས་པ། གཞན་ན་གཞན་དང་ཕྲད་འགྱུར་ན། །ཞེས་བྱ་བ་འདི་ན་གཞན་དག་ན་རེ་འདོད་ཆགས་ལ་སོགས་པ་ལ་ཕྲད་
པ་མེད་དེ། ཡུལ་དང་རྒྱུད་ཐ་དད་པའི་རྗེས་སུ་འཇུག་པའི་ཕྱིར་རོ། །ཕྲད་པ་ནི་ཡུལ་ཐ་དད་པ་མ་ཡིན་པ་དང་རྒྱུད་ཐ་དད་པ་མ་ཡིན་པ་དག་བར་དུ་མ་ཆོད་པར་འཇུག་པ་ཉིད་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི། གཞན་ན་གཞན་དང་ཕྲད་འགྱུར་ན། །གང་ཕྱིར་བལྟ་བྱ་ལ་སོགས་པ། །གཞན་དེ་ཡོད་
པ་མ་ཡིན་པ། །དེ་ཕྱིར་ཕྲད་པར་མི་འགྱུར་རོ། །ཞེས་བྱ་བ་ཚིག་ལེའུར་བྱས་པ་འདིས་འདོད་ཆགས་ལ་སོགས་པ་ཕྲད་པ་མེད་པར་སྒྲུབ་པའི་གཏན་ཚིགས་དེ་ལས་གཞན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ལ་འགྲེལ་པ་བྱེད་པ་གཞན་དག་ན་རེ་འདོད་ཆགས་ལ་སོགས་པ་ལ་ཕྲད་པ་མེད་དེ་ཡུལ་
དང་རྒྱུད་ཐ་དད་པའི་རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་ཟེར་ཏེ། དེ་དག་ན་རེ་བལྟ་བར་བྱ་བ་དང་ལྟ་བ་དང་ལྟ་བ་པོ་དག་ལ་ཕྲད་པ་མེད་དོ། །ཅིའི་ཕྱིར་ཞེ་ན། བལྟ་བར་བྱ་བ་ནི་ཕྱི་རོལ་གྱི་ཡུལ་གཟུགས་ལ་གནས་པ་ཡིན་ལ། ལྟ་བ་ནི་ནང་གི་ཡུལ་དབང་པོ་ལ་གནས་པ་ཡིན་ལྟ་བ་པོ་ནི་སེམས་ཀྱི་རྒྱུད་ལ་
གནས་པ་ཡིན་པའི་ཕྱིར་རོ། །ཕྲད་པ་ཞེས་བྱ་བ་ནི་ཡུལ་དང་རྒྱུད་ཐ་དད་པ་མ་ཡིན་པ་དག་བར་དུ་མ་ཆོད་པར་འཇུག་པ་ཉིད་ཡིན་ན། བལྟ་བར་བྱ་བ་ལ་སོགས་པ་དག་ནི་ཡུལ་དང་རྒྱུད་ཐ་དད་པར་འཇུག་པ་ཉིད་ཡིན་པའི་ཕྱིར་ཕྲད་པ་མེད་དོ་ཞེས་ཟེར་རོ། །དེ་ལ་འདིར་ཁ་ཅིག་ན་རེ་
เล่ม ๑๐๐ · หน้า 300a
བལྟ་བར་བྱ་བ་ལ་སོགས་པ་དག་ཡུལ་ཐ་དད་པ་མ་ཡིན་པའི་ཕྱིར་དང་། འདོད་ཆགས་ལ་སོགས་པ་དག་ཀྱང་ཡུལ་ན་མི་གནས་པའི་ཕྱིར་ཡུལ་དང་རྒྱུད་ཐ་དད་པའི་རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་
དེ་ནི་ལེགས་པ་མ་ཡིན་པ་འདྲའོ་ཞེས་བྱ་བ་ནི། འགྲེལ་པ་བྱེད་པ་ཉིད་ཀྱིས་འགྲེལ་པ་བྱེད་པ་སྔ་མ་དག་གི་རྣམ་པར་བཤད་པ་དེའི་གཏན་ཚིགས་ཡུལ་དང་རྒྱུད་ཐ་དད་པའི་རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་ཀྱི་ཕྱིར་དང་། དཔེ་མེད་པའི་ཕྱིར་མི་རུང་ངོ་ཞེས་སུན་འབྱིན་
པའི་ཚིག་ཡིན་ཏེ། འདི་ལྟར་གང་གི་ཚེ་ལྟ་བ་པོ་དང་ལྟ་བ་དང་བལྟ་བར་བྱ་བ་དང་ལྡན་པ་དེའི་ཚེ་ན་གང་ཟག་ཀྱང་ལྟ་བ་པོ་ཞེས་བྱ་བ་མིག་དང་གཟུགས་ཀྱང་ལྟ་བ་དང་བལྟ་བར་བྱ་བ་ཞེས་བྱ་བ་ཡིན་པས་དེའི་དུས་ན་ཡུལ་ཐ་དད་པ་མ་ཡིན་པའི་ཕྱིར་དང་། འདོད་ཆགས་ལ་སོགས་པ་དག་ཀྱང་
གཟུགས་ཅན་མ་ཡིན་པས་ཡུལ་ན་མི་གནས་པའི་ཕྱིར། སྔ་མ་དག་གིས་གཏན་ཚིགས་ཡུལ་དང་རྒྱུད་ཐ་དད་པའི་རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་དོ། །གཞན་ཡང་དེ་དག་གི་གཏན་ཚིགས་ལ་འདོད་ཆགས་ལ་སོགས་པ་ལ་ཕྲད་པ་མེད་དེ་ཡུལ་དང་རྒྱུད་ཐ་དད་པའི་
རྗེས་སུ་འཇུག་པའི་ཕྱིར་དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བའི་དཔེ་མེད་པའི་ཕྱིར་ཡང་དེ་ནི་ལེགས་པ་མ་ཡིན་པ་འདྲའོ་ཞེས་འགྲེལ་པ་བྱེད་པ་ཉིད་ཟེར་རོ། །ད་ནི་སྐྱེ་མཆེད་ལྷག་མ་རྣམས་དང་། ཉོན་མོངས་པ་ལྷག་མ་རྣམས་ལ་ཡང་ཕྲད་པ་མེད་པར་འདྲ་བ་ཉིད་དུ་བསྟན་པའི་ཕྱིར་འོག་
ནས་འབྱུང་བའི་ཚུལ་གྱིས། བལྟ་བྱ་ལ་སོགས་འབའ་ཞིག་ལ། །གཞན་ཉིད་མེད་པར་མ་ཟད་ཀྱི། །གང་ཡང་གང་དང་ལྷན་ཅིག་ཏུ། །གཞན་པ་ཉིད་དུ་མི་འཐད་དོ། །མཉན་པར་བྱ་བ་དང་། ཉན་པ་དང་། ཉན་པ་པོ་ལ་སོགས་པ་དང་། ཞེ་སྡང་དང་། ཞེ་སྡང་ཅན་དང་། ཞེ་སྡང་བར་བྱ་བ་ལ་
སོགས་པའི་ཞེས་བྱ་བའི་ཐ་ཚིག་སྟེ། དེའི་ཕྱིར་དེ་དག་ལ་ཕྲད་པ་མེད་དོ་ཞེས་བྱ་བ་སྨྲས་སོ། །འདིར་སྨྲས་པ། བལྟ་བར་བྱ་བ་དང་། ལྟ་བ་དང་། ལྟ་བ་པོ་ལ་སོགས་པ་དག་གཞན་མ་ཡིན་པ་ཉིད་དུ་མ་གྲུབ་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་དུ་འགྱུར་བ་མ་ཡིན་ནམ་ཞེས་
เล่ม ๑๐๐ · หน้า 300b
བྱ་བ་ནི་ཕ་རོལ་པོ་དག་སྔར་དབུ་མ་པས་དོན་དམ་པར་ལྟ་བ་པོ་ནི་བལྟ་བར་བྱ་བའམ། ལྟ་བ་དང་མི་ཕྲད་དེ། དེ་ལས་གཞན་མ་ཡིན་པའི་ཕྱིར་རོ་ཞེས་རྗེས་སུ་དཔག་པ་བསྟན་པ་དེའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་སུན་འབྱིན་པའི་ཚིག་ཡིན་ཏེ། དེ་དག་ན་རེ་བལྟ་བར་བྱ་བ་དང་། ལྟ་བ་
དང་། ལྟ་བ་པོ་ལ་སོགས་པ་དག་མཚན་ཉིད་ཐ་དད་པའི་ཕྱིར་གཞན་མ་ཡིན་པ་ཉིད་དུ་མ་གྲུབ་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་ཡོད་དེ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་པ་མ་ཡིན་ཏེ། ཇི་ལྟར་ཞེ་ན། གཞན་ནི་གཞན་ལ་
བརྟེན་ཏེ་གཞན། །གཞན་མེད་གཞན་ལས་གཞན་མི་འགྱུར། །གཞན་ནི་གཞན་ལ་ལྟོས་ནས་གཞན། །ཞེས་བྱ་ན་གཞན་མེད་པས་དེའི་ཕྱིར་གཞན་ལ་བརྟེན་ཏེ་གཞན་ཞེས་བྱ་བ་ཡང་མི་འཐད་དོ་ཞེས་བྱ་བ་སྨྲས་ཏེ། རིགས་པའི་བསྟན་བཅོས་ལས་གཏན་ཚིགས་གང་ཡང་རུང་བ་ལ་མ་གྲུབ་
པ་དང་། ཐེ་ཚོམ་ཡོད་པ་ནི་གང་བསྒྲུབ་པ་ལ་ལྟོས་པར་བྱའོ་ཞེས་འབྱུང་བས་འདིར་ཡང་དེ་ལས་གཞན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེ་ཕ་རོལ་པོ་ལ་མ་གྲུབ་པའམ། ཐེ་ཚོམ་ཟ་བ་བསལ་བའི་ཕྱིར་ཡང་རྣམ་པ་གཞན་གྱིས་བསྣན་ཏེ་བསྒྲུབ་པར་བྱའོ། །གཞན་མེད་གཞན་
ལས་གཞན་མི་འགྱུར། །ཞེས་སྨོས་ན་འོ་ན་ཅི་ཞེ་ན། གཞན་ནི་གཞན་ལ་བརྟེན་ཏེ་གཞན། །ཞེས་ཐ་སྙད་གདགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བས་ནི་གཞན་ཞེས་བྱ་བ་ནི་དངོས་པོ་གཞན་འབའ་ཞིག་ལ་བརྟེན་ནས་གཞན་ཞེས་ཐ་སྙད་གདགས་པར་ཟད་ཀྱི་དངོས་པོ་གཞན་དེ་དོན་དམ་
པར་མི་འཐད་པས་གཞན་སྤངས་ནས་གཞན་ལ་བརྟེན་ཏེ། གཞན་ཞེས་ཐ་སྙད་གདགས་པར་ཡང་མི་འཐད་དོ་ཞེས་སྟོན་ཏོ། །འདིས་ནི་བསྒྲུབ་པར་བྱ་བ་ཆོས་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་ཤོས་
འདིས་ནི་བལྟ་བར་བྱ་བ་དང་། ལྟ་བ་དང་། ལྟ་བ་པོ་ལ་སོགས་པ་དག་གཞན་མ་ཡིན་པ་ཉིད་དུ་བསྒྲུབ་པར་བྱ་བ་སྒྲུབ་པའི་ཆོས་གཏན་ཚིགས་ནི་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པར་བསྟན་ཏོ། །གང་ལ་བརྟེན་ཏེ་གང་ཡིན་པ། །དེ་ནི་དེ་ལས་གཞན་མི་འཐད། །
เล่ม ๑๐๐ · หน้า 301a
ཅེས་བྱ་བ་ནི་དམ་བཅའ་བ་ཉེ་བར་གཞག་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལས་གཞན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེས་བསྒྲུབ་པའི་ཕྱོགས་ཡིན་ནོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་ལྟ་བ་ནི་བལྟ་བར་བྱ་བ་ལས་གཞན་མ་ཡིན་ཏེ། བརྗོད་པ་ཁྱད་པར་ཅན་སྟེན་
པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་བལྟ་བར་བྱ་བའི་རང་གི་བདག་ཉིད་བཞིན་པས་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བལྟ་བར་བྱ་བའི་རང་གི་བདག་ཉིད་ནི་བལྟ་བར་བྱ་བ་ཞེས་
བརྗོད་པ་ཁྱད་པར་ཅན་སྟོན་པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་རང་གི་བདག་ཉིད་ལས་གཞན་མ་ཡིན་པ་དེ་བཞིན་དུ་ལྟ་བ་ཡང་ལྟ་བ་ཞེས་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་བལྟ་བར་བྱ་བ་ལས་གཞན་ཉིད་མ་ཡིན་ནོ། །དེའི་ཕྱིར་བསྒྲུབས་པ་སྒྲུབ་
པའི་གཏན་ཚིགས་ཡིན་པའི་ཕྱིར་དོན་མ་གྲུབ་པ་ཉིད་མ་ཡིན་ལ། བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཀྱིས་གཏན་ཚིགས་ཀྱི་དོན་ཀྱང་མ་གྲུབ་པ་ཉིད་ཡིན་ཏེ། ལྟོས་པ་མེད་པ་ཉིད་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། རྗེས་སུ་
དཔག་པ་ཇི་སྐད་བསྟན་པ་འདིས་ན་སྔར་དོན་དམ་པར་ལྟ་བ་པོ་ནི་བལྟ་བར་བྱ་བའམ་ལྟ་བ་དང་མི་ཕྲད་དེ་ཞེས་བསྒྲུབས་པ་དེ་སྒྲུབ་པའི་གཏན་ཚིགས་དེ་ལས་གཞན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡང་གཏན་ཚིགས་ཡིན་པའི་ཕྱིར་དོན་མ་གྲུབ་པ་ཉིད་མ་ཡིན་ལ། འདིར་དོན་དམ་པར་ལྟ་བ་ནི་བལྟ་བར་
བྱ་བ་ལས་གཞན་མ་ཡིན་ཏེ་ཞེས་བྱ་བ་བསྒྲུབ་པའི་གཏན་ཚིགས་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཀྱང་མ་གྲུབ་པ་ཉིད་མ་ཡིན་ཏེ་ལྟོས་པ་མེད་པ་ཉིད་མ་གྲུབ་པའི་ཕྱིར་རོ། །ཅི་ལྟ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་ཇི་ལྟར་ལྟོས་པ་མེད་པ་ཉིད་མ་གྲུབ་ཅེས་འདྲི་བའི་
ཚིག་ཡིན་ནོ། །དེའི་ལན་དུ། གལ་ཏེ་གཞན་ནི་གཞན་ལས་གཞན། །གཞན་མེད་པར་ཡང་རུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེས་ནི་དེ་གཞན་ཞེས་བྱ་བ་དངོས་པོ་གཞན་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་གཞན་པར་གྱུར་ན། དེ་ལྟ་ན་དངོས་པོ་གཞན་མེད་པར་ཡང་གཞན་དུ་འགྱུར་
เล่ม ๑๐๐ · หน้า 301b
རོ་ཞེས་གླགས་ཡོད་པའི་ཚིག་སྟོན་ཏོ། དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར་གལ་ཏེ་གཞན་ཞེས་བྱ་བ་ངོ་བོ་ཉིད་ཀྱིས་གཞན་ལས་གཞན་ཡིན་པར་གྱུར་ན། དེ་ལྟ་ན་གཞན་མེད་པར་ཡང་གཞན་དུ་རུང་བར་འགྱུར་ཏེ་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་དཔེར་ན། ཐ་སྙད་ཀྱི་བདེན་པར་གྲགས་པའི་
མི་དངོས་པོ་གཞན་ལ་མི་ལྟོས་པར་ཡང་ཚ་བའི་ངོ་བོ་ཉིད་དུ་འགྱུར་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཐ་སྙད་ཀྱི་བདེན་པར་གྲགས་པའི་མེ་ངོ་བོ་ཉིད་ཀྱིས་ཚ་བ་ཡིན་པ་
ནི་ངོ་བོ་ཉིད་ཡིན་པའི་ཕྱིར་དངོས་པོ་གཞན་ལ་མ་ལྟོས་པར་ཡང་མེའི་ངོ་བོ་ཉིད་དུ་འགྱུར་བ་དེ་བཞིན་དུ་གལ་ཏེ་གཞན་ཞེས་བྱ་བ་ཡང་ངོ་བོ་ཉིད་ཀྱིས་གཞན་ལས་གཞན་ཡིན་པར་གྱུར་ན་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་དངོས་པོ་གཞན་ལ་མ་ལྟོས་པ་ཡང་གཞན་ཡིན་པའི་སྐྱོན་དུ་འགྱུར་བས་དེ་ནི་མི་
འདོད་དོ། །གཞན་ལས་གཞན་པའི་གཞན་མེད་དེ། མེད་ན་མེད་པས་དེ་ཕྱིར་མེད། །གཞན་ཉིད་ཅེས་བྱ་བ་དེའོ། །ཞེས་བྱ་བས་ནི་གླགས་ཡོད་པའི་ཚིག་སྔ་མ་ལས་བཟློག་པས་སྐབས་ཀྱི་དོན་ཉིད་སྟོན་ཏོ། །གཞན་ཞེས་བྱ་བ་ངོ་བོ་ཉིད་ཀྱིས་གཞན་ལས་གཞན་ཡིན་པར་གྱུར་པ་དེ་མེད་ན། གཞན་མེད་
པས་དེའི་ཕྱིར་གཞན་ཞེས་བྱ་བ་ངོ་བོ་ཉིད་ཀྱིས་གཞན་ཉིད་ཅེས་བྱ་བ་དེ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་མི་འདོད་དེ། ལྟ་བ་པོ་དང་ཉན་པ་པོ་ལ་སོགས་པ་དག་བལྟ་བར་བྱ་བ་དང་མཉན་པར་བྱ་བ་ལ་སོགས་པ་ལ་མི་ལྟོས་པར་གཞན་ཉིད་དུ་འགྱུར་བ་མེད་ལ། ཆགས་པ་ལ་སོགས་པ་དག་ཀྱང་འདོད་ཆགས་ལ་སོགས་
པ་ལ་མི་ལྟོས་པར་གཞན་ཉིད་དུ་འགྱུར་བ་མེད་དེ། དཔེར་ན་ཐ་སྙད་དུ་ཡང་མེ་གྲང་བ་ལ་མི་ལྟོས་པར་རང་གི་ངོ་བོ་ཉིད་ཀྱིས་ཚ་བ་ཉིད་མེད་པ་བཞིན་ནོ་ཞེས་བྱ་བས་ནི་གླགས་ཡོད་པའི་ཚིག་སྔ་མ་དེ་མི་འདོད་དེ་གླགས་ཡོད་པའི་ཚིག་དེ་ལས་བཟློག་པ་སྐབས་ཀྱི་དོན་ཕྱི་མ་ཤོས་ལྟར་བསྒྲུབ་
པ་དཔེ་དང་བཅས་པ་བསྟན་ཏེ། དེས་ན་སྔར། གང་ལ་བརྟེན་ཏེ་གང་ཡིན་པ། །དེ་ནི་དེ་ལས་གཞན་མི་འཐད། །ཅེས་དམ་བཅའ་བ་ཉེ་བར་གཞག་པ་དེ་ལེགས་པར་གསུངས་པ་ཡིན་པས་ལྟོས་པ་མེད་པ་ཉིད་མ་གྲུབ་ཅིང་། ལྟོས་པ་དང་བཅས་པ་ཉིད་དུ་གྲུབ་པར་བསྟན་ཏོ། །ཅི་སྟེ་ལྟ་བ་
เล่ม ๑๐๐ · หน้า 302a
པོ་ནི་ལྟ་བ་ལ་སོགས་པ་ལ་ལྟོས་པ་མེད་པར་ཡང་གཞན་ཉིད་ཡིན་ཏེ། མཚན་ཉིད་ཐ་དད་པའི་ཕྱིར་བ་ལང་དང་རྟ་བཞིན་ནོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་ལྟོས་པ་མེད་ཀྱང་མཚན་ཉིད་ཐ་དད་པའི་ཕྱིར་གཞན་ཉིད་ཡོད་པར་བསྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་།
བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བ་ལང་དང་རྟ་ནི་ཕན་ཚུན་ལྟོས་པ་མེད་དུ་ཟིན་ཀྱང་མཚན་ཉིད་ཐ་དད་པའི་ཕྱིར་གཞན་ཉིད་ཡིན་པ་དེ་བཞིན་དུ་ལྟ་བ་པོ་དང་ལྟ་བ་ལ་སོགས་པ་དག་ཀྱང་ཕན་ཚུན་ལྟོས་པ་མེད་དུ་ཟིན་ཀྱང་
མཚན་ཉིད་ཐ་དད་པའི་ཕྱིར་གཞན་ཉིད་ཡིན་ནོ། །དེ་དག་གི་མཚན་ཉིད་ཐ་དད་པ་བསྟན་པའི་ཕྱིར་མཚན་ཉིད་ཐ་དད་པ་འདི་ལྟ་བུ་ཡང་ཡོད་དེ། ལྟ་བ་པོ་ནི་ཡུལ་དུ་སྣང་བའི་རྣམ་པར་ཤེས་པའི་མཚན་ཉིད་དམ། དེ་དང་ལྡན་པའི་འདུ་བྱེད་ཀྱི་ཚོགས་ཡིན་ནོ། །ལྟ་བ་ནི་ཡུལ་ཁ་དོག་གཟུགས་
དང་བ་མིག་གི་རྣམ་པར་ཤེས་པའི་གནས་ཡིན་ནོ། །གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ད་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་ལྟ་བ་པོ་ནི་ལྟ་བ་ལ་སོགས་པ་དག་ལས་གཞན་
ཉིད་ཡིན་པས་རྟོག་གེ་ཕྱི་མ་དང་རང་དབང་དུ་རྗེས་སུ་དཔག་པས་གནོད་དོ་ཞེ་ན་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། ཁོ་བོ་ཅག་རྟོག་གེ་བས་མཚན་ཉིད་ཐ་དད་པའི་ཕྱིར་ལྟོས་པ་མེད་དུ་ཟིན་ཀྱང་གཞན་ཉིད་ཡོད་པར་བསྒྲུབས་པའི་རྟོག་གེ་ཕྱི་
མ་འདི་དང་ཁྱེད་དབུ་མ་པ་ལ་གཞན་ཉིད་མེད་པར་སྒྲུབ་པའི་རྗེས་སུ་དཔག་པ་གཞན་མེད་པས་ཁོ་བོ་ཅག་གི་རང་དབང་དུ་རྗེས་སུ་དཔག་པ་འདིས་ཁྱེད་དབུ་མ་པ་ལ་གནོད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་རིགས་པ་མ་ཡིན་ཏེ། དེ་ཉིད་ཀྱི་
ཕྱིར་བ་ལང་དང་རྟ་དག་གཞན་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕ་རོལ་པོའི་དཔེ་བ་ལང་དང་རྟ་བཞིན་ནོ་ཞེས་བྱ་བ་དེ་མ་གྲུབ་པར་སྟོན་ཏེ། གང་གི་ཕྱིར་བ་ལང་གི་མཚན་ཉིད་ལྐོག་ཤལ་ལ་སོགས་པ་དག་ཀྱང་རྟའི་མཚན་ཉིད་ལ་ལྟོས་ནས་གཞན་ཉིད་ཡིན་ལ། རྟའི་མཚན་
เล่ม ๑๐๐ · หน้า 302b
ཉིད་རྔོག་མཇུག་ལ་སོགས་པ་དག་ཀྱང་བ་ལང་གི་མཚན་ཉིད་ལ་ལྟོས་ནས་གཞན་ཉིད་ཡིན་གྱི་དེ་དག་ཕན་ཚུན་ལྟོས་པ་མེད་ན་གཞན་ཉིད་དུ་མི་འགྲུབ་པས་ཀུན་རྫོབ་ཏུ་ཡང་ལྟོས་པ་མེད་ན་མཚན་ཉིད་དུ་གྲུབ་པའི་ཕྱིར་ཕ་རོལ་པོ་དག་གིས་བསྒྲུབ་པའི་དཔེ་མ་ཚང་བའི་སྐྱོན་ཡོད་ལ། དོན་དམ་པར་ནི་བ་
ལང་དང་རྟ་དག་མ་སྐྱེས་པའི་ཕྱིར་དཔེའི་ཆོས་ཅན་ཡང་མ་གྲུབ་པས། ཕ་རོལ་པོ་དག་གི་སྒྲུབ་པ་ལྟ་བ་པོ་ནི་ལྟ་བ་ལ་སོགས་པ་ལ་ལྟོས་པ་མེད་པར་ཡང་གཞན་ཉིད་ཡིན་ཏེ། མཚན་ཉིད་ཐ་དད་པའི་ཕྱིར་བ་ལང་དང་རྟ་བཞིན་ནོ་ཞེས་བྱ་བ་དེ་མ་གྲུབ་པོ། །འདིས་མིང་ཐ་དད་པའི་ཕྱིར་དང་རྒྱུ་དང་
འབྲས་བུ་ཐ་དད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་གིས་ལན་ཀྱང་བཏབ་པ་ཡིན་ནོ་ཞེས་བྱ་བ་ནི་ལྟོས་པ་མེད་ན་མཚན་ཉིད་ཐ་དད་པར་མི་འགྲུབ་པར་སུན་ཕྱུང་བའི་རིགས་པ་འདིས་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས། ལྟ་བ་པོ་ནི་ལྟ་བ་ལ་སོགས་པ་ལ་ལྟོས་པ་མེད་པར་ཡང་
གཞན་ཉིད་ཡིན་ཏེ། མིང་ཐ་དད་པའི་ཕྱིར་བ་ལང་དང་རྟ་བཞིན་ནོ་ཞེའམ། རྒྱུ་ཐ་དད་པའི་ཕྱིར་བ་ལང་དང་རྟ་བཞིན་ནོ་ཞེའམ། འབྲས་བུ་ཐ་དད་པའི་ཕྱིར་བ་ལང་དང་རྟ་བཞིན་ནོ་ཞེའམ། སོགས་པའི་སྒྲས་ངོ་བོ་ཉིད་ཐ་དད་པའི་ཕྱིར་བ་ལང་དང་རྟ་བཞིན་ནོ་ཞེས་ཟེར་བའི་གཏན་ཚིགས་དག་གི་ལན་ཀྱང་
བཏབ་པ་ཡིན་ཏེ། གང་གི་ཕྱིར་མིང་དང་རྒྱུ་དང་འབྲས་བུ་དང་ངོ་བོ་ཉིད་ཐ་དད་པ་དག་ཀྱང་ཕན་ཚུན་ལྟོས་པ་ལས་གཞན་ཉིད་ཅེས་ཐ་སྙད་གདགས་པར་ཟད་ཀྱི། ཕན་ཚུན་ལྟོས་པ་མེད་ན་གཞན་ཉིད་དུ་མི་འཐད་པས་དེའི་ཕྱིར་ཕ་རོལ་པོ་དག་གི་སྒྲུབ་པའི་གཏན་ཚིགས་དང་དཔེ་མ་གྲུབ་པ་ཉིད་ཡིན་
ནོ། །གཟེགས་ཟན་པ་དག་གིས་སྨྲས་པ། བལྟ་བར་བྱ་བ་ལ་གཞན་ཉིད་ངེས་པར་གནས་པ་ཁོ་ན་ཡིན་པས་དེའི་ཕྱིར་གཞན་ཉིད་གྲུབ་པས་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་མུ་སྟེགས་
གཟེགས་ཟན་གྱི་སློབ་མ་བྱེ་བྲག་པ་དག་ན་རེ། གང་གི་ཕྱིར་ཚིག་གི་དོན་དྲུག་པོ་དག་ནི་ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པ་ཡིན་པ་དེའི་ཕྱིར་བལྟ་བར་བྱ་བ་དང་། ལྟ་བ་དང་། ལྟ་བ་པོ་ལ་སོགས་པའི་དངོས་པོ་དག་ནི་གཞན་དང་གཞན་མ་ཡིན་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་མོད་ཀྱི། དེ་དག་ལ་
เล่ม ๑๐๐ · หน้า 303a
ཚིག་གི་དོན་དྲུག་གི་ནང་ནས་གཞན་ཉིད་ཅེས་བྱ་བ་དེ་ངེས་པར་གནས་པ་ཁོ་ན་ཡིན་པས་དེའི་ཕྱིར་གཞན་ཉིད་དང་ལྡན་ན་དངོས་པོ་རྣམས་ཀྱང་གཞན་ཉིད་དུ་གྲུབ་པས་དེས་ན་ཁྱེད་དབུ་མ་པས་སྔར་འདི་སྐད་ཅེས། དོན་དམ་པར་ལྟ་བ་ནི་བལྟ་བར་བྱ་བ་ལས་གཞན་མ་ཡིན་ཏེ། བརྗོད་པ་
ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་བལྟ་བར་བྱ་བའི་རང་གི་བདག་ཉིད་བཞིན་པས་ཞེས་གང་སྨྲས་པའི་གཏན་ཚིགས་དེའི་དོན་གང་ཡང་རུང་བ་ལ་མ་གྲུབ་པ་ཉིད་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་
ཀྱིས་དེ་ལྟ་ན་ཡང་གཞན་ཉིད་ཅེས་བྱ་བར་བརྗོད་པའི་ཆོས་ཅན་གཞན་ཉིད་ལ་ལྟོས་པ་དང་བཅས་པའི་ཕྱིར་དང་། ཕྱོགས་ཀྱི་ཆོས་སྤྱིར་བརྗོད་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བྱེ་བྲག་པ་དག་གི་གཞུང་ལྟར་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དང་
ལྡན་པས་བལྟ་བར་བྱ་བ་ལ་སོགས་པ་དག་གཞན་ཉིད་ཅེས་བྱ་བར་བརྗོད་པ་དེ་ལྟ་ན་ཡང་གཞན་ཉིད་ཅེས་བྱ་བར་བརྗོད་པའི་ཆོས་ཅན་བལྟ་བར་བྱ་བ་ལ་སོགས་པ་དག་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་ལ་ལྟོས་པ་དང་བཅས་པའི་ཕྱིར་དང་། ཁོ་བོས་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་
པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་ཕྱོགས་ཀྱི་ཆོས་ཀྱང་བ་ལང་དང་། རྟ་དང་། ལྷས་བྱིན་དང་། མཆོད་སྦྱིན་དང་། བལྟ་བར་བྱ་བ་དང་། ལྟ་བ་དང་། བྱེ་བྲག་པའི་གཞན་ཉིད་ལ་སོགས་པ་སྤྱིར་བརྗོད་པའི་ཕྱིར་དེས་ན་ཅི་ཙམ་དུ་ལྟོས་པ་དང་བཅས་པ་དག་ལ་ནི་གཞན་ཞེས་ཐ་
སྙད་གདགས་ཀྱི་ལྟོས་པ་མེད་པ་དག་ནི་གཞན་ཉིད་དུ་མི་འཐད་པས་དེ་དག་ལ་ཕྲད་པ་ཡང་མེད་པའི་ཕྱིར་ཁོ་བོའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ། །གཞན་ཡང་གཞན་ཉིད་དང་ལྡན་པས་གཞན་ཉིད་དུ་འདོད་ན་ཞེས་བྱ་བ་ལ་སོགས་པས་ནི་བྱེ་བྲག་པ་དག་གི་གཞུང་ལྟར་
གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དང་ལྡན་པས་བལྟ་བར་བྱ་བ་ལ་སོགས་པའི་དངོས་པོ་གཞན་ཉིད་དུ་འདོད་ན། དེ་ལྟ་ན་བལྟ་བར་བྱ་བའི་དངོས་པོ་ཡང་ལྟ་བ་ལ་སོགས་པའི་དངོས་པོ་གཉིས་པ་མེད་པར་ཡང་གཞན་ཉིད་དུ་ཐལ་བའི་སྐྱོན་དུ་འགྱུར་བས་མི་རུང་བར་སྟོན་ཏོ། །དེ་ཉིད་རྗེས་
เล่ม ๑๐๐ · หน้า 303b
སུ་དཔག་པ་བསྟན་པའི་ཕྱིར་གཉིས་པ་མེད་པར་ཡང་རང་ལས་གཞན་ཉིད་དུ་འགྱུར་ཏེ། དེའི་བདག་ཉིད་ཡིན་པའི་ཕྱིར་དཔེར་ན་མེ་གྲང་བ་ལ་སོགས་པ་ལ་མ་ལྟོས་པར་ཡང་རང་གི་བདག་ཉིད་ཀྱིས་ཚ་བ་ཉིད་དུ་འགྱུར་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་
དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མེ་ནི་ཚ་བའི་བདག་ཉིད་ཡིན་པའི་ཕྱིར་རང་གིས་ཚ་བ་ཉིད་དུ་འགྱུར་བ་དེ་བཞིན་དུ། དངོས་པོ་གཉིས་པ་མེད་པ་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དང་ལྡན་པས་གཞན་ཉིད་དུ་འདོད་པ་ཡང་གཞན་ཉིད་ཀྱི་
བདག་ཉིད་ཡིན་པའི་ཕྱིར་རང་ལས་གཞན་ཉིད་དུ་ཐལ་བར་འགྱུར་བས་མི་འདོད་དོ། །གཉིས་པ་མེད་པས་དངོས་པོ་གཞན་ལ་མི་ལྟོས་པའི་ཆོས་ཅན་ལ་གཞན་ཉིད་དུ་རྟོག་ན་ཡང་རྟོག་པ་ཙམ་དུ་ཟད་དེ། དངོས་པོ་གཞན་ལ་ལྟོས་པ་ཉིད་གཞན་ཉིད་ཀྱི་བློའི་རྒྱུ་མ་ཡིན་ལ་གཞན་ཉིད་ནི་བློ་དེའི་རྒྱུ་
ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་ཅི་སྟེ་བྱེ་བྲག་པ་དག་འདོད་པ་ལྟར་བལྟ་བར་བྱ་བའི་དངོས་པོ་ལྟ་བ་ལ་སོགས་པ་གཉིས་པ་མེད་པ། དངོས་པོ་གཞན་ལ་མི་ལྟོས་པའི་ཆོས་ཅན་ལ་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དང་ལྡན་པས་གཞན་ཉིད་དུ་རྟོག་ན། དེ་ལྟ་ན་ཡང་དེ་ནི་གྱི་ན་རྟོག་པ་ཙམ་དུ་ཟད་
ཀྱི་དངོས་སུ་གཞན་ཉིད་ཡིན་པར་མི་འགྲུབ་སྟེ། འདི་ལྟར་འཇིག་རྟེན་ན་གཞན་ཉིད་ཀྱི་བློ་སྐྱེ་བའི་རྒྱུ་ནི་དངོས་པོ་གཞན་ལ་ལྟོས་པ་ཉིད་ཡིན་ཏེ། དཔེར་ན་བུམ་པ་ལ་ལྟོས་ནས་སྣམ་བུ་གཞན་ཞེས་བྱ་བ་ལ་སོགས་པ་དག་ནི་གཞན་ཉིད་ཀྱི་བློ་སྐྱེ་བའི་རྒྱུ་མ་ཡིན་པར་གྲགས་པ་དེ་དག་བྱེ་བྲག་པ་དག་
གི་གཞན་ཉིད་ཀྱི་བློ་སྐྱེ་བའི་རྒྱུ་མ་ཡིན་པར་གསལ་ལ། གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་ནི་གཞན་ཉིད་ཀྱི་བློ་དེའི་རྒྱུ་ཡིན་པར་ཁས་བླངས་པའི་ཕྱིར། དེས་ན་བྱེ་བྲག་པ་དག་གིས་གཉིས་པ་མེད་པ་དངོས་པོ་གཞན་ལ་མི་ལྟོས་པའི་ཆོས་ཅན་ལ་གཞན་ཉིད་དུ་བརྟགས་པ་དེ་ནི་འཇིག་རྟེན་
ལ་གྲགས་པ་དང་འགལ་བའི་ཕྱིར་གྱི་ན་ལ་རྟོག་པ་ཙམ་དུ་ཟད་དོ། །གཞན་དང་གཞན་མ་ཡིན་པ་ཉིད་གཞན་ཉིད་དང་ལྡན་པར་རྟོག་ན་ཡང་། དོན་མེད་པ་ཉིད་དང་དགག་པ་མི་མཐུན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་བྱེ་བྲག་པ་དག་འདོད་པའི་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དང་ལྡན་
เล่ม ๑๐๐ · หน้า 304a
པས་གཞན་ཉིད་དུ་འགྱུར་རོ་ཞེས་བྱ་བ་དེ་ཡང་། དངོས་པོ་སྔ་ནས་གཞན་ཉིད་ཡིན་པ་ཞིག་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དང་ལྡན་པར་རྟོག་གམ། གཞན་མ་ཡིན་པ་ཉིད་གཅིག་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དང་ལྡན་པར་རྟོག་གྲང་ན། བརྟག་པ་སྔ་མ་ནི་དོན་མེད་
པ་ཉིད་དུ་འགྱུར་ཏེ་དངོས་པོ་སྔ་ནས་གཞན་ཉིད་ཡིན་པ་ལ་ཡང་གཞན་ཉིད་དང་ལྡན་པར་རྟོག་པ་དོན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །བརྟག་པ་ཕྱི་མ་ནི་དགག་པ་མི་མཐུན་པ་ཉིད་དུ་འགྱུར་ཏེ། དངོས་པོ་སྔ་ན་གཞན་ཉིད་མ་ཡིན་པ་ཕྱིས་གཞན་ཉིད་དང་ལྡན་པར་རྟོག་པ་མི་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །
དངོས་པོ་བརྗོད་པར་བྱ་བ་མ་ཡིན་པ་དུས་ཕྱིས་གཞན་ཉིད་དང་ལྡན་པར་རྟོག་ན་ཡང་ཞེས་བྱ་བ་ལ་སོགས་པས་ནི། བྱེ་བྲག་པ་དག་འདོད་པ་ལྟར་བལྟ་བར་བྱ་བ་ལ་སོགས་པའི་དངོས་པོ་སྔ་ན་གཅིག་པ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་དུས་ཕྱིས་གཞན་ཉིད་ཅེས་བྱ་བའི་ཚིག་གི་
དོན་དང་ལྡན་པས་གཞན་ཉིད་ཡིན་པར་རྟོག་ན་ཡང་དངོས་པོ་ནི་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དང་ལྡན་པར་མི་འགྱུར་བས་དེ་ཡང་མི་རུང་བར་སྟོན་ཏོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར་དངོས་པོ་ནི་གཞན་ཉིད་དང་ལྡན་པ་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དཔེར་ན་བརྗོད་
པར་བྱ་བ་མ་ཡིན་པ་དེ་ཉིད་ཀྱི་སྐད་ཅིག་མ་བཞིན་པས་རང་གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དངོས་པོ་གཅིག་པ་ཉིད་དང་། གཞན་
ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་དེ་ཉིད་ཀྱི་སྐད་ཅིག་མ་ནི་དངོས་པོ་ཡིན་པའི་ཕྱིར་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དང་ལྡན་པ་མ་ཡིན་པ་དེ་བཞིན་དུ། བལྟ་བར་བྱ་བ་ལ་སོགས་པའི་དངོས་པོ་དང་། ཡང་དངོས་པོ་ཡིན་པའི་ཕྱིར་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དང་ལྡན་པ་མ་ཡིན་པས།
དེས་ན་བྱེ་བྲག་པ་དག་རང་གི་དངོས་པོ་ཉིད་དུ་རྗེས་སུ་དཔག་པས་གཞན་ཉིད་དང་ལྡན་པ་མ་ཡིན་པས་གཞན་ཉིད་དང་ལྡན་པ་བསལ་བའི་ཕྱིར་རང་གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བྱེ་བྲག་པ་གཞན་དག་གིས་སྨྲས་པ། དོན་དམ་པར་ལྟ་བ་ནི་བལྟ་བར་བྱ་བ་ལས་
เล่ม ๑๐๐ · หน้า 304b
གཞན་མ་ཡིན་ཏེ་ཞེས་དམ་བཅས་པ་དེའི་དོན་གང་ཡིན་ཞེས་བྱ་བ་ལ་སོགས་པས་ནི། སྔར་དབུ་མ་པས་དོན་དམ་པར་ལྟ་བ་ནི་བལྟ་བར་བྱ་བ་ལས་གཞན་མ་ཡིན་ཏེ། བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་བལྟ་བར་བྱ་བའི་རང་གི་བདག་ཉིད་བཞིན་པས་ཞེས་
དམ་བཅས་པ་དེ་ལ། འདིར་བྱེ་བྲག་པ་དག་ལས་གཞན་ཁ་ཅིག་ན་རེ་དབུ་མ་པས་དམ་བཅས་པ་དེའི་དོན་གང་ཡིན་ཞེས་གལ་རྣམ་པ་གཉིས་སུ་རྟོག་པ་སྟོན་ཏོ། །དེ་ལ་གལ་དང་པོ་བསྟན་པའི་ཕྱིར་གལ་ཏེ་གཞན་ཉིད་དེ་ལ་མི་འཇུག་གོ་ཞེ་ན་ནི་གཏན་ཚིགས་མ་ངེས་པ་ཉིད་དེ་མི་མཐུན་པའི་ཕྱོགས་ལ་
ཡང་ལྟོས་པ་དང་བཅས་པ་ཉིད་དུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དབུ་མ་པས་དོན་དམ་པར་ལྟ་བ་ནི་བལྟ་བར་བྱ་བ་ལས་གཞན་མ་ཡིན་ཏེ་ཞེས་དམ་བཅས་པ་དེའི་དོན་གལ་ཏེ་ཁོ་བོ་ཅག་བྱེ་བྲག་པའི་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དེ་ལྟ་བ་དེ་ལ་མི་འཇུག་གོ་ཞེས་བྱ་བ་ཡིན་ན་ནི།
དེས་ན་དབུ་མ་པའི་གཏན་ཚིགས་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། ཁྱེད་ཀྱིས་གཞན་མ་ཡིན་པར་དམ་བཅས་པའི་མི་མཐུན་པའི་ཕྱོགས་གཞན་ཡིན་པའི་དངོས་པོ་ལ་ཡང་ལྟོས་པ་དང་བཅས་པ་
ཉིད་ཅེས་བྱ་བ་དེ་འཇུག་སྟེ། འདི་ལྟར་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་ལ་ལྟོས་ནས་དངོས་པོ་དེ་ཡང་གཞན་ཞེས་བརྗོད་པའི་ཕྱིར། དེས་ན་ཅི་རེ་ཞིག་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་བལྟ་བར་བྱ་བའི་རང་གི་བདག་ཉིད་བཞིན་དུ་ལྟ་བ་དེ་ལ་
གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དེ་འཇུག་པར་མི་འགྱུར་བ་ཡིན་ནམ། འོན་ཏེ་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་གཞན་ཉིད་དུ་ལྟ་བ་དེ་ལ་ཡང་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དེ་འཇུག་པར་འགྱུར་བ་མ་ངེས་པའི་ཕྱིར་
རོ། །གལ་གཉིས་པ་བསྟན་པའི་ཕྱིར་ཅི་སྟེ་གཞན་ཉིད་རྫས་ཀྱི་ངོ་བོ་ཉིད་མ་ཡིན་ནོ་ཞེ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། གཞན་ཉིད་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དབུ་མ་པས་དོན་དམ་པར་ལྟ་བ་ནི་བལྟ་བར་བྱ་བ་ལས་གཞན་མ་ཡིན་ཏེ་ཞེས་དམ་བཅས་པ་དེའི་དོན་ཅི་སྟེ་ཁོ་བོ་
เล่ม ๑๐๐ · หน้า 305a
ཅག་བྱེ་བྲག་པའི་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དེ་ལྟ་བ་ལ་སོགས་པ་རྫས་ཀྱི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བ་ཡིན་ན་ནི་དེས་ན་དབུ་མ་པའི་གཏན་ཚིགས་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་དེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན།
ཁོ་བོ་ཅག་བྱེ་བྲག་པའི་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དེ་ནི་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དེའི་ངོ་བོ་ཉིད་ཡིན་གྱི། ལྟ་བ་ལ་སོགས་པ་རྫས་ཀྱི་ངོ་བོ་ཉིད་མ་ཡིན་པར་ཁོ་བོ་ཅག་གི་ཕྱོགས་ལ་ཡང་གྲུབ་པའི་ཕྱིར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འདིར་ཞེས་བྱ་
བ་ལ་སོགས་པས་གཏན་ཚིགས་མ་ངེས་པ་ཉིད་དང་། གྲུབ་པ་ལ་སྒྲུབ་པ་ཉིད་བསལ་བའི་ལན་གོ་རིམས་བཞིན་དུ་སྟོན་ཏོ། །དེ་ལ་རེ་ཞིག་གཏན་ཚིགས་མ་ངེས་པ་ཉིད་བསལ་བའི་ཕྱིར་བརྟག་པ་སྔ་མ་ལ་ཡང་ཇི་སྐད་བསྟན་པའི་ཚུལ་གྱིས་གཞན་ཉིད་བཀག་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་མ་
ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ་གལ་ཏེ་གཞན་ཉིད་ཡོད་ན་ནི་དེས་གཞན་དེ་ལ་ལྟོས་པ་དང་བཅས་པ་ཉིད་དུ་འཇུག་པའི་ཕྱིར་མི་མཐུན་པའི་ཕྱོགས་ཡོད་པས་མ་ངེས་པ་ཉིད་དུ་ཡང་འགྱུར་བ་ཞིག་ན། གང་ལ་བརྟེན་ཏེ་གང་ཡིན་པ། །དེ་ནི་དེ་ལས་གཞན་མི་འཐད། །ཅེས་བྱ་བ་ལ་སོགས་པའི་
འཐད་པ་ཅི་སྐད་བསྟན་པའི་ཚུལ་གྱིས་གཞན་ཉིད་བཀག་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་དེའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ། །གྲུབ་པ་ལ་སྒྲུབ་པ་ཉིད་བསལ་བའི་ཕྱིར། བརྟག་པ་གཉིས་པ་ལ་ཡང་དོན་དམ་པར་ལྟ་བ་ནི་བལྟ་བར་བྱ་བ་ལས་གཞན་མ་ཡིན་ནོ་ཞེས་བྱ་བ་ལ། ཁོ་བོ་ཅག་གི་
ལ་གཞན་ཉིད་ཀྱི་བློ་དང་སྒྲའི་སྤྱོད་ཡུལ་ཉིད་ཀྱི་ཆོས་མེད་དོ་ཞེས་བསྟན་པའི་ཕྱིར་ཕ་རོལ་པོ་ལ་སྒྲུབ་པ་དེ་ལྟ་བུ་མེད་པས་གྲུབ་པ་ལ་སྒྲུབ་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། ཁོ་བོ་ཅག་གི་སྔར་དོན་དམ་པར་ལྟ་བ་ནི་བལྟ་བར་བྱ་བ་ལས་གཞན་མ་ཡིན་ཏེ་ཞེས་དམ་བཅས་པ་དེའི་དོན་ནི་ཁྱེད་ཀྱི་
གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དེ་ལྟ་བ་ལ་སོགས་པ་རྫས་ཀྱི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བར་དམ་བཅས་པ་མ་ཡིན་གྱི། ལྟ་བ་དེ་ལ་ཁྱེད་བྱེ་བྲག་པ་དག་གིས་ཡོངས་སུ་བརྟགས་པ་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་གཞན་ཉིད་ཀྱི་བློ་དང་སྒྲའི་སྤྱོད་ཡུལ་ཉིད་ཀྱི་ཆོས་མེད་དོ་ཞེས་དམ་བཅས་པ་
เล่ม ๑๐๐ · หน้า 305b
བསྟན་པའི་ཕྱིར་ཁྱེད་ཕ་རོལ་པོ་དག་ལ་སྒྲུབ་པ་དེ་ལྟ་བུ་མེད་པས་ཁྱེད་ཀྱིས་ལྟ་བ་ལ་སོགས་པ་དངོས་པོ་གང་ལ་ཡང་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་གཞན་ཉིད་ཀྱི་བློ་དང་སྒྲའི་སྤྱོད་ཡུལ་ཉིད་ཀྱི་ཆོས་མེད་དོ་ཞེས་སྟོན་པར་མི་ནུས་པའི་ཕྱིར་ཁོ་བོ་ཅག་གི་གཏན་ཚིགས་དེ་གྲུབ་པ་ལ་སྒྲུབ་པ་ཡང་མ་ཡིན་ནོ། །
དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར་དོན་དམ་པར་གཞན་ཉིད་ལ་གཞན་ཉིད་ཀྱི་ངོ་བོ་ཉིད་མེད་དེ། སྤྱི་དང་ཁྱད་པར་དང་ལྡན་པའི་ཕྱིར་དཔེར་ན་གཟུགས་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་
བཞིན་དུ་སྦྱར་ཏེ། དཔེར་ན་གཟུགས་ཉིད་ནི་གཟུགས་ཞེས་བྱ་བ་ཉི་ཚེའི་སྤྱི་དང་སྤྱི་ཆེན་པོ་དང་བུམ་པའི་གཟུགས་དང་སྣམ་བུའི་གཟུགས་ཞེས་བྱ་བའི་ཁྱད་པར་དང་ལྡན་པའི་ཕྱིར། དེ་ལ་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་གྱི་ངོ་བོ་ཉིད་མེད་པ་དེ་བཞིན་དུ། བྱེ་བྲག་པས་བརྟགས་པའི་གཞན་ཉིད་
ཅེས་བྱ་བའི་ཚིག་གི་དོན་དེ་ཡང་གཞན་མ་ཡིན་པ་ལས་ལོག་ཅིང་གཞན་ཞེས་བྱ་བའི་སྤྱི་དང་བུམ་པ་དང་ལྡན་པའི་གཞན་དང་། སྣམ་བུ་དང་ལྡན་པའི་གཞན་ཞེས་བྱ་བའི་ཁྱད་པར་དང་ལྡན་པའི་ཕྱིར་དེ་ལ་ཡང་གཞན་ཉིད་ཀྱི་ངོ་བོ་ཉིད་མེད་དེ། དེས་ནི་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་གྱི་
ངོ་བོ་ཉིད་ཀྱི་དགག་པ་བསྟན་ཏོ། །ཡང་ན་དོན་དམ་པར་གཞན་ཉིད་ནི་གཞན་ཉིད་ཀྱི་བློ་དང་སྒྲ་སྐྱེ་བའི་རྒྱུ་ཉིད་མ་ཡིན་ཏེ། བློ་དང་སྒྲ་ཁྱད་པར་ཅན་གྱི་རྒྱུ་ཡིན་པའི་ཕྱིར་དཔེར་ན་གཟུགས་ཉིད་བཞིན་ནོ་ཞེས་བྱ་བ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་
པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཟུགས་ཉིད་ནི་གཟུགས་མཐོང་ན་གཟུགས་ཀྱི་བློ་དང་སྒྲ་ཁྱད་པར་ཅན་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་བྱེ་བྲག་པ་དག་གིས་ཡོངས་སུ་བརྟགས་པའི་གཞན་ཉིད་ཀྱི་བློ་དང་སྒྲ་སྐྱེ་བའི་རྒྱུ་ཉིད་མ་ཡིན་པ་དེ་བཞིན་དུ་བྱེ་བྲག་པ་དག་གིས་ཡོངས་སུ་བརྟགས་པ་གཞན་ཉིད་
ཅེས་བྱ་བའི་ཚིག་གི་དོན་ཀྱང་གཞན་ཉིད་ཀྱི་བློ་དང་སྒྲ་ཁྱད་པར་ཅན་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་གཞན་ཉིད་ཀྱི་བློ་དང་སྒྲ་སྐྱེ་བའི་རྒྱུ་ཉིད་མ་ཡིན་ཏེ། དེས་ནི་བྱེ་བྲག་པ་དག་གིས་ཡོངས་སུ་བརྟགས་པ་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དེ་གཞན་ཉིད་ཀྱི་བློ་དང་སྒྲ་སྐྱེ་བའི་རྒྱུ་ཉིད་མ་ཡིན་པར་བསྟན་ཏོ། །ཡང་ན་
เล่ม ๑๐๐ · หน้า 306a
དོན་དམ་པར་གཞན་ཉིད་ཀྱི་བློ་ནི་གཞན་ཉིད་དང་ལྡན་པའི་བལྟ་བར་བྱ་བ་ལ་སོགས་པའི་ཡུལ་དངོས་དང་ལྡན་པ་མ་ཡིན་ཏེ། གཞན་ཉིད་ཀྱི་བློ་ཡིན་པའི་ཕྱིར་དཔེར་ན་གཞན་ཉིད་བློ་གཞན་ཉིད་ཀྱི་ཡུལ་ཅན་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་།
སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བྱེ་བྲག་པ་དག་གིས་ཡོངས་སུ་བརྟགས་པ་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་གྱི་བློ་ནི་གཞན་ཉིད་ཀྱི་བློ་ཡིན་པའི་ཕྱིར་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དེ་ཉིད་ཀྱི་ཡུལ་ཅན་མ་ཡིན་ཏེ། ཡོན་ཏན་ནི་ཡོན་ཏན་དང་ལྡན་པ་མ་ཡིན་ལ། སྤྱི་ཡང་
སྤྱི་དང་ལྡན་པ་མ་ཡིན་ནོ་ཞེས་བརྗོད་པ་དེ་བཞིན་དུ། ལྟ་བ་བལྟ་བར་བྱ་བ་ལས་གཞན་ཡིན་ནོ་སྙམ་པའི་བློ་ཡང་གཞན་ཉིད་ཀྱི་བློ་ཡིན་པའི་ཕྱིར་བྱེ་བྲག་པ་དག་གིས་ཡོངས་སུ་བརྟགས་པའི་གཞན་ཉིད་ཅེས་བྱ་བ་དང་ལྡན་པའི་བལྟ་བར་བྱ་བ་ལ་སོགས་པའི་ཡུལ་དངོས་དང་ལྡན་པ་མ་ཡིན་ཏེ། དེས་ནི་གཞན་ནོ་
སྙམ་པའི་བློ་ནི་བྱེ་བྲག་པ་དག་གིས་ཡོངས་སུ་བརྟགས་པ་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དང་ལྡན་པའི་ཡུལ་ཅན་མ་ཡིན་པར་བསྟན་ཏོ། །རྒྱས་པར་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་སྔར་གཞན་ཡང་གཞན་ཉིད་དང་ལྡན་པས་གཞན་ཉིད་དུ་འདོད་ན། གཉིས་པ་མེད་པར་ཡང་རང་ལས་གཞན་ཉིད་དུ་འགྱུར་
ཏེ། དེའི་བདག་ཉིད་ཡིན་པའི་ཕྱིར་དཔེར་ན་མེ་གྲང་བ་ལ་སོགས་པ་ལ་མ་ལྟོས་པར་རང་གི་བདག་ཉིད་ཀྱིས་ཚ་བ་ཉིད་དུ་འགྱུར་བ་བཞིན་ནོ། །གཉིས་པ་མེད་པར་དངོས་པོ་གཞན་ལ་མི་ལྟོས་པའི་ཆོས་ཅན་ལ་གཞན་ཉིད་དུ་རྟོག་ན་ཡང་རྟོག་པ་ཙམ་དུ་ཟད་དེ། དངོས་པོ་གཞན་ལ་ལྟོས་པ་ཉིད་གཞན་
ཉིད་ཀྱི་བློའི་རྒྱུ་མ་ཡིན་ལ། གཞན་ཉིད་ཀྱི་བློ་དེའི་རྒྱུ་ཡིན་པའི་ཕྱིར་རོ། །གཞན་དང་གཞན་མ་ཡིན་པ་ཉིད་གཞན་ཉིད་དང་ལྡན་པར་རྟོག་ན་ཡང་དོན་མེད་པ་ཉིད་དང་དགག་པ་མི་མཐུན་པ་ཉིད་དུ་འགྱུར་རོ། །དངོས་པོ་བརྗོད་པར་བྱ་བ་མ་ཡིན་པ་དུས་ཕྱིས་གཞན་ཉིད་དང་ལྡན་པར་རྟོག་ན་ཡང་། དངོས་
པོ་ནི་གཞན་ཉིད་དང་ལྡན་པ་ཡང་མ་ཡིན་ཏེ་དངོས་པོ་ཡིན་པའི་ཕྱིར་དཔེར་ན་བརྗོད་པར་བྱ་བ་མ་ཡིན་པ་དེ་ཉིད་ཀྱི་སྐད་ཅིག་མ་བཞིན་པས་རང་གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བསྟན་པ་དེ་དག་ཐམས་ཅད་རྒྱས་པར་འདིར་ཡང་སྦྱར་བར་བྱ་བ་ཡིན་ནོ། །ཡང་གཞན་ཡང་འདི་ལ་གཞན་ཉིད་
เล่ม ๑๐๐ · หน้า 306b
ཅེས་བྱ་བ་དེ་གཞན་ལ་ཡོད་དམ། །གཞན་མ་ཡིན་པ་ལ་ཡོད་གྲང་ན་ཞེས་བྱ་བ་ལ་སོགས་པས་ནི། བྱེ་བྲག་པ་དག་གིས་ཡོངས་སུ་བརྟགས་པ་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དེ་གཞན་ཉིད་ཀྱི་དངོས་པོ་ལ་ཡོད་དམ། གཞན་མ་ཡིན་པ་ལ་ཡོད་གྲང་ན། བརྟག་པ་དེ་གཉི་ག་ཡང་མི་འཐད་
པར་སྟོན་ཏོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི་དེ་གཉིས་ལ་སྐྱོན་ཅི་ཡོད་ཅེས་ཕ་རོལ་པོ་འདྲི་བའི་ཚིག་ཡིན་ནོ། །དེ་ལ་རེ་ཞིག་བརྟག་པ་སྔ་མ་མི་འཐད་པར་བསྟན་པའི་ཕྱིར། གལ་ཏེ་གཞན་ལ་ཡོད་དོ་ཞེ་ན། གཞན་ཉིད་གཞན་ལ་ཡོད་མ་ཡིན། །དེ་འཇུག་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་།
གཞན་ནི་གཞན་ཉིད་དང་བྲལ་བར་ཕ་རོལ་པོའི་ཕྱོགས་ལ་ཡང་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བྱེ་བྲག་པ་དག་གིས་ཡོངས་སུ་བརྟགས་པ་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དེ་ནི་གཞན་ཉིད་ཀྱི་དངོས་པོ་ལ་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གཞན་ཉིད་ཀྱི་དངོས་པོ་ལ་གཞན་ཉིད་ཅེས་བྱ་
བ་དེ་འཇུག་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། བྱེ་བྲག་པ་ཉིད་ཀྱི་ཕྱོགས་ལ་ཡང་ཡོན་ཏན་ནི་རྫས་ལ་འཇུག་གི་ཡོན་ཏན་ཉིད་ལ་མི་འཇུག་པས། གཞན་ཞེས་བྱ་བའི་ཡོན་ཏན་ནི་གཞན་ཉིད་དང་བྲལ་བར་གྲགས་པའི་ཕྱིར་རོ། །བརྟག་པ་གཉིས་པ་མི་འཐད་པར་བསྟན་པའི་ཕྱིར་ཅི་སྟེ་གཞན་
མ་ཡིན་པ་ལ་ཡོད་དོ་ཞེ་ན། དེ་ལྟ་ན་ཡང་། གཞན་མ་ཡིན་ལའང་ཡོད་མ་ཡིན། །རང་ལས་ཀྱང་གཞན་ཉིད་ཡིན་པར་གྱུར་ན་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བྱེ་བྲག་པ་དག་གིས་ཡོངས་སུ་བརྟགས་པ་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དེ་ནི་གཞན་མ་ཡིན་པའི་དངོས་པོ་ལ་ཡང་ཡོད་
པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གཞན་མ་ཡིན་པའི་དངོས་པོ་གཉིས་པ་མེད་པ་དེ་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དང་ལྡན་པས་གཞན་ཉིད་དུ་བརྟག་ན་གཉིས་པ་མེད་པ་གཅིག་པུ་དེ་རང་ལས་གཞན་ཉིད་ཡིན་པར་གྱུར་ན་མི་རུང་བའི་ཕྱིར་རོ། །ཡང་གཞན་ཡང་གཞན་ཉིད་དང་ལྡན་པ་ནི་
དེ་དང་ལྡན་དུ་ཟིན་ཀྱང་དེའི་ངོ་བོ་ཉིད་དུ་འགྱུར་བར་མི་འཐད་དེ་བ་ལང་དང་ལྡན་པ་བ་ལང་དང་ལྡན་དུ་ཟིན་ཀྱང་བ་ལང་ཉིད་དུ་འགྱུར་བར་མི་འཐད་པ་བཞིན་ནོ་ཞེས་བྱ་བས་ནི། བྱེ་བྲག་པ་དག་འདོད་པ་ལྟར་དངོས་པོ་ནི་གཞན་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་མོད་ཀྱི། གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དང་ལྡན་ན་དངོས་
เล่ม ๑๐๐ · หน้า 307a
པོ་ཡང་གཞན་ཉིད་དུ་འགྱུར་རོ་ཞེས་ཟེར་བ་དེ་མི་འཐད་པར་སྟོན་ཏེ། འདིར་དངོས་པོ་གཞན་ཉིད་དང་ལྡན་དུ་ཟིན་ཀྱང་གཞན་ཉིད་དུ་མི་འགྱུར་ཏེ། དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕྱོགས་ཡིན་ནོ། །དཔེར་ན་ལྷས་བྱིན་བ་ལང་གི་ངོ་བོ་ཉིད་མ་ཡིན་པ་བ་ལང་དང་ལྡན་པ་ནི་བ་ལང་དང་
ལྡན་དུ་ཟིན་ཀྱང་བ་ལང་ཉིད་དུ་འགྱུར་བར་མི་འཐད་དེ། ལྷས་བྱིན་བ་ལང་གི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དངོས་པོ་གཞན་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་པ་གཞན་ཉིད་དང་ལྡན་པ་ཡང་གཞན་ཉིད་དང་ལྡན་དུ་ཟིན་ཀྱང་གཞན་ཉིད་དུ་མི་འགྱུར་ཏེ། དངོས་པོ་གཞན་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ་
ཞེས་བསྟན་ཏོ། །གཞན་དག་གིས་སྨྲས་པ། དེ་དང་ལྡན་པས་དེའི་བདག་ཉིད་དུ་འགྱུར་བ་མ་ཡིན་མོད་ཀྱི་འོན་ཀྱང་དེའི་བློ་དང་སྒྲའི་རྒྱུ་ཉིད་ཡིན་ནོ་ཞེས་བྱ་བ་ནི་བྱེ་བྲག་པ་དག་ན་རེ་དབུ་མ་པས་གཞན་ཉིད་དང་ལྡན་པ་ནི་དེ་དང་ལྡན་དུ་ཟིན་ཀྱང་དེའི་ངོ་བོ་ཉིད་དུ་འགྱུར་བར་མི་འཐད་དེ་ཞེས་བཤད་པ་དེ་ནི་གྲུབ་པ་ཉིད་
སྒྲུབ་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཁོ་བོ་ཅག་ཀྱང་དངོས་པོ་གཞན་དེ་དང་ལྡན་པས་གཞན་དེའི་བདག་ཉིད་དུ་འགྱུར་བར་མི་འདོད་དེ། དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་དངོས་པོ་གཞན་ཉིད་དེ་དང་ལྡན་ན་གཞན་དེའི་བློ་དང་སྒྲའི་རྒྱུ་ཉིད་ཡིན་པར་འདོད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །འདི་སྐད་བསྟན་
ཏེ། དངོས་པོ་གཞན་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་པ་དེ་གཞན་ཉིད་ཅེས་བྱ་བ་དེ་དང་ལྡན་པས་གཞན་ཉིད་ཅེས་བྱ་བ་དེའི་བདག་ཉིད་དུ་འགྱུར་བ་མ་ཡིན་གྱི་དངོས་པོ་གཞན་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་པ་དེ་གཞན་ཉིད་ཅེས་བྱ་བ་དེ་དང་ལྡན་ན་གཞན་ཉིད་ཅེས་བྱ་བ་དེའི་བློ་དང་སྒྲའི་རྒྱུ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་
གོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་དགག་པ་སྨྲས་ཟིན་པའི་ཕྱིར་ལན་དུ་མི་རུང་ངོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་སྔར་ཡང་དོན་དམ་པར་གཞན་ཉིད་ནི་གཞན་ཉིད་ཀྱི་བློ་དང་སྒྲ་སྐྱེ་བའི་རྒྱུ་ཉིད་མ་ཡིན་ཏེ། བློ་དང་སྒྲ་ཁྱད་པར་ཅན་གྱི་རྒྱུ་ཡིན་པའི་ཕྱིར་དཔེར་ན་
གཟུགས་ཉིད་བཞིན་ནོ་ཞེས་བཤད་པས་དགག་པ་སྨྲས་ཟིན་པའི་ཕྱིར་ལན་དུ་མི་རུང་ངོ་། །གལ་ཏེ་གཞན་ཉིད་ཀྱིས་གཞན་འདི་ནི་གཞན་ནོ་ཞེས་གསལ་བར་བྱེད་པའི་ཕྱིར། དེའི་ངོ་བོ་ཉིད་ཀྱང་མ་ཡིན་ལ་དེ་དང་ལྡན་པ་དོན་མེད་པ་ཉིད་དུ་ཡང་མི་འགྱུར་རོ་ཞེ་ན་ཞེས་བྱ་བ་ནི་བྱེ་བྲག་པ་དག་གཞན་ཉིད་ཅེས་བྱ་
เล่ม ๑๐๐ · หน้า 307b
བའི་ཚིག་གི་དོན་དང་ལྡན་པས་དངོས་པོ་གཞན་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་པ་ཡང་གཞན་ཞེས་བྱ་བའི་བློ་དང་སྒྲའི་རྒྱུ་ཉིད་དུ་འགྱུར་བར་འདོད་པ་དབུ་མ་པས་སུན་ཕྱུང་བ་དེའི་ལན་འདེབས་པའི་ཚིག་ཡིན་ཏེ། དེ་དག་ན་རེ་དངོས་པོ་གཞན་ཡིན་ཡང་འདི་ནི་གཞན་ཡིན་ནོ་ཞེས་བྱ་བར་མི་གསལ་བ་གང་ཡིན་པ་
དེ་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དང་ལྡན་པ་ན། གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དེས་དངོས་པོ་གཞན་འདི་ནི་གཞན་ཡིན་ནོ་ཞེས་གསལ་བར་བྱེད་པའི་ཕྱིར་དངོས་པོ་ནི་གཞན་ཉིད་ཅེས་བྱ་བ་དེའི་ངོ་བོ་ཉིད་ཀྱང་མ་ཡིན་ལ་གཞན་ཉིད་ཅེས་བྱ་བ་དེ་དང་ལྡན་པ་དོན་མེད་པ་ཉིད་དུ་ཡང་མི་འགྱུར་བས། ཁྱེད་
དབུ་མ་པ་དག་གིས་དངོས་པོ་གཞན་ཡིན་པ་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དང་ལྡན་པར་རྟོག་ན་དོན་མེད་པ་ཉིད་དུ་འགྱུར་རོ་ཞེས་གང་སྨྲས་པ་དེ་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ། གསལ་བར་བྱེད་མས་གསལ་བར་བྱ་བའི་
དོན་གསལ་བའི་ངོ་བོ་ཉིད་དུ་གསལ་བར་བྱེད་པའི་ཕྱིར་གཞན་ཉིད་ཀྱིས་གཞན་ཉིད་འདི་ནི་གཞན་ཡིན་ནོ་ཞེས་གསལ་བར་བྱེད་པས་གཞན་ཉིད་ཀྱིས་དེ་གསལ་བར་བྱེད་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། གཞན་ཉིད་མ་ཡིན་པས་ནི་འདི་གཞན་ཡིན་ནོ་ཞེས་གསལ་བར་བྱར་མི་རུང་བའི་ཕྱིར་རོ་ཞེས་བྱ་
བ་སྨྲས་ཏེ། དཔེར་ན་གསལ་བར་བྱེད་པས་མར་མེ་ལྟ་བུས་གསལ་བར་བྱ་བ་བུམ་པ་ལྟ་བུ་ཡོད་པའི་དོན་དབང་པོའི་མངོན་སུམ་ལ་སོགས་པར་གསལ་བའི་ངོ་བོ་ཉིད་དུ་གསལ་བར་བྱེད་པའི་ཕྱིར་འདིར་ཡང་གསལ་བར་བྱེད་པ་མར་མེ་ལྟ་བུ་ནི་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་ཡིན་ལ། གསལ་
བར་བྱེད་པ་བུམ་པ་ལྟ་བུ་ནི་དངོས་པོ་གཞན་ཞེས་བྱ་བ་ཡིན་པས་གསལ་བར་བྱེད་པ་གཞན་ཉིད་ཀྱིས་གསལ་བར་བྱ་བ་དངོས་པོ་གཞན་འདི་ནི་གཞན་ཡིན་ནོ་ཞེས་བློ་དང་སྒྲའི་སྤྱོད་ཡུལ་ཉིད་དུ་གསལ་བར་བྱེད་པས། དེ་ལྟ་ན་གཞན་ཉིད་ཅེས་བྱ་བའི་ཚིག་གི་དོན་དེས་དངོས་པོ་གཞན་ནི་གཞན་ཡིན་ནོ་
ཞེས་གསལ་བར་བྱེད་པ་ནི་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། གཞན་ཉིད་མ་ཡིན་པས་ནི་དངོས་པོ་འདི་གཞན་ཡིན་ནོ་ཞེས་གསལ་བར་བྱ་བར་མི་རུང་བའི་ཕྱིར་བྱེ་བྲག་པའི་ཚིག་དེ་ནི་རིགས་པ་མ་ཡིན་ནོ། འདི་སྐད་བསྟན་ཏེ། གཞན་ཉིད་ཀྱིས་གསལ་བར་བྱ་བའི་དངོས་པོ་གཞན་དེ་
เล่ม ๑๐๐ · หน้า 308a
གཞན་ཉིད་དུ་གསལ་བ་ཞིག་གཞན་ཉིད་ཀྱིས་གསལ་བར་བྱེད་དམ། འོན་ཏེ་གཞན་ཉིད་དུ་མི་གསལ་བ་ཞིག་གཞན་ཉིད་ཀྱིས་གསལ་བར་བྱེད་གྲང་ན། བརྟག་པ་སྔ་མ་ནི་དོན་མེད་པ་ཉིད་དུ་འགྱུར་ལ་བརྟག་པ་ཕྱི་མ་ནི་དགག་པ་མི་མཐུན་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་དངོས་པོ་གཞན་
གསལ་བར་བྱེད་པའི་ཚིག་གི་དོན་གཞན་ཉིད་ཅེས་བྱ་བ་དེ་ཡང་གཞན་ཉིད་དུ་གསལ་བ་ཞིག་གིས་དངོས་པོ་གཞན་གསལ་བར་བྱེད་དམ། འོན་ཏེ་གཞན་ཉིད་དུ་མི་གསལ་བ་ཞིག་གིས་དངོས་པོ་གཞན་གསལ་བར་བྱེད་གྲང་ན། དེ་ལ་ཡང་བརྟག་པ་སྔ་མ་ལ་ནི་གསལ་བར་བྱེད་པ་བདག་ཉིད་དང་གང་
དག་ལ་དེ་ཡོད་པ་ན་མི་གསལ་བ་མེད་པས་གསལ་བར་བྱ་མི་དགོས་པའི་ཕྱིར་དང་། བརྟག་པ་ཕྱི་མ་ལ་ནི་བདག་ཉིད་མི་གསལ་བས་གཞན་གསལ་བར་བྱེད་མི་ནུས་པའི་ཕྱིར་བྱེ་བྲག་པ་དག་གི་ཚིག་དེ་རིགས་པ་མ་ཡིན་ནོ། །འདི་ནི་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ཏེ་ཞེས་བྱ་བ་ནི་བྱེ་བྲག་པ་དག་
གིས་བརྟགས་པའི་གཞན་ཉིད་མི་འཐད་པས། ཕྲད་པ་མེད་པར་བསྒྲུབས་པ་ཅི་སྐད་སྨོས་པ་འདི་ནི་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ཏེ། ཕྱོགས་འདིས་བྱེ་བྲག་པ་དག་འདོད་པའི་ཚིག་གི་དོན་ལྷག་མ་རྣམས་ཀྱང་དེ་བཞིན་དུ་དགག་པ་སྟོན་ཏོ། །ཕྱོགས་འདིས་དགག་པ་ལྷག་མ་དག་གང་ཞེ་ན།
དེའི་ཕྱིར་འདིས་སྤྱི་དང་ཁྱད་པར་དང་ཡོད་པ་ཉིད་དང་ཚད་མ་ལ་སོགས་པ་དག་ཀྱང་དགག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། བྱེ་བྲག་པའི་གཞུང་ལས་དངོས་པོ་གང་ལ་སྤྱི་དང་ཁྱད་པར་ཡོད་པ་དེ་ནི་སྤྱི་དང་ཁྱད་པར་དང་ལྡན་པ་ཡིན་པར་འདོད་དེ། དཔེར་ན་བ་ལང་ཞེས་བྱ་བ་ནི་སྤྱི་ཡིན་ལ་བ་ལང་ལ་གཞན་
ལས་ཁྱད་པར་དུ་གྱུར་པ་ནི་ཁྱད་པར་ཡིན་ཏེ། དེ་ལ་ཡང་བ་ལང་གི་དངོས་པོ་ཉིད་ནི་སྤྱི་ཡང་མ་ཡིན་ཁྱད་པར་ཡང་མ་ཡིན་མོད་ཀྱི། སྤྱི་དང་ཁྱད་པར་ཞེས་བྱ་བའི་ཚིག་གི་དོན་དང་ལྡན་པས་བ་ལང་གི་དངོས་པོ་ཉིད་ལ་ཡང་སྤྱི་དང་ཁྱད་པར་ཡོད་པར་བརྗོད་དོ་ཞེས་ཟེར་ཏེ། དེ་དགག་པ་ཡང་སྤྱི་དང་།
ཁྱད་པར་དང་ལྡན་པས་སྤྱི་དང་ཁྱད་པར་ཉིད་དུ་འདོད་ན་སྤྱི་དང་ཁྱད་པར་མེད་པ་ཡང་རང་ལས་སྤྱི་དང་ཁྱད་པར་ཉིད་དུ་འགྱུར་ཏེ། དེའི་བདག་ཉིད་ཡིན་པའི་ཕྱིར་དཔེར་ན་མེ་གྲང་བ་ལ་སོགས་པ་ལ་མ་ལྟོས་པར་ཡང་རང་གི་བདག་ཉིད་ཀྱིས་ཚ་བ་ཉིད་དུ་འགྱུར་བ་བཞིན་ནོ། །སྤྱི་དང་ཁྱད་པར་མེད་པ་
เล่ม ๑๐๐ · หน้า 308b
དངོས་པོ་གཞན་ལ་མི་ལྟོས་པའི་ཆོས་ཅན་ལ་སྤྱི་དང་ཁྱད་པར་ཉིད་དུ་རྟོག་ན་ཡང་རྟོག་པ་ཙམ་དུ་ཟད་དེ། དངོས་པོ་གཞན་ལ་ལྟོས་པ་ཉིད་སྤྱི་དང་ཁྱད་པར་ཉིད་ཀྱི་བློའི་རྒྱུ་མ་ཡིན་ལ་སྤྱི་དང་ཁྱད་པར་ཉིད་ནི་བློ་དེའི་རྒྱུ་ཡིན་པའི་ཕྱིར་རོ། །སྤྱི་དང་ཁྱད་པར་རམ་སྤྱི་དང་ཁྱད་པར་མ་ཡིན་པ་ཉིད་སྤྱི་དང་ཁྱད་པར་ཉིད་དང་ལྡན་
པར་རྟོག་ན་ཡང་དོན་མེད་པ་ཉིད་དང་དགག་པ་མི་མཐུན་པ་ཉིད་དུ་འགྱུར་རོ། །དངོས་པོ་བརྗོད་པར་བྱ་བ་མ་ཡིན་པ་དུས་ཕྱིས་སྤྱི་དང་ཁྱད་པར་ཉིད་དང་ལྡན་པར་རྟོག་ན་ཡང་། དངོས་པོ་ནི་སྤྱི་དང་ཁྱད་པར་ཉིད་དང་ལྡན་པ་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དཔེར་ན་བརྗོད་པར་བྱ་བ་མ་ཡིན་པ་དེ་ཉིད་ཀྱི་སྐད་ཅིག་མ་བཞིན་པས། རང་གི་
རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བྱ་བ་ལ་སོགས་པ་སྔར་ཇི་སྐད་བསྟན་པའི་ལུགས་བཞིན་དུ་ཅི་རིགས་པར་དགག་པར་བྱའོ། །དེ་བཞིན་དུ་ཡོད་པ་ཉིད་ཅེས་བྱ་བ་ཡང་རྫས་དང་ཡོན་ཏན་ལ་སོགས་པ་དངོས་པོ་རྣམས་ནི་ཡོད་པ་ཞེས་མི་བྱ་མོད་ཀྱི། ཡོད་པ་ཉིད་ཅེས་བྱ་བའི་ཚིག་གི་དོན་དང་ལྡན་པས་
རྫས་དང་ཡོན་ཏན་དང་ལས་ལ་སོགས་པའི་དངོས་པོ་དག་ལ་ཡོད་པ་ཉིད་ཀྱི་བློ་སྐྱེ་བས་དེའི་ཕྱིར་ཡོད་པ་ཉིད་དང་ལྡན་པས། རྫས་དང་ཡོན་ཏན་དང་ལས་ལ་སོགས་པའི་དངོས་པོ་རྣམས་ཀྱང་ཡོད་པ་ཉིད་ཅེས་བྱ་བར་འདོད་ལ། ཚད་ཅེས་བྱ་བ་ཡང་དངོས་པོའི་ངོ་བོ་ཉིད་ལ་ནི་རིང་ཐུང་ལ་སོགས་པའི་ཚད་
ཡོད་པ་མ་ཡིན་མོད་ཀྱི། ཚད་ཅེས་བྱ་བའི་ཚིག་གི་དོན་དང་ལྡན་པས་དངོས་པོ་རྣམས་ལ་ནི་རིང་ཐུང་ལ་སོགས་པའི་བློ་སྐྱེ་བས་དེའི་ཕྱིར་ཚད་དང་ལྡན་པས་དངོས་པོ་རྣམས་ལ་རིང་ཐུང་ལ་སོགས་པའི་བློ་སྐྱེ་བར་འདོད་ཅེས་གྲག་གོ། །དེ་དགག་པ་ཡང་ཡོད་པ་ཉིད་དང་ཚད་དང་ལྡན་པས་ཡོད་པ་
ཉིད་དང་ཚད་ཉིད་དུ་འདོད་ན། ཡོད་པ་ཉིད་དང་ཚད་མེད་པ་ཡང་རང་ལས་ཡོད་པ་ཉིད་དང་ཚད་ཉིད་དུ་འགྱུར་ཏེ། དེའི་བདག་ཉིད་ཡིན་པའི་ཕྱིར་དཔེར་ན་མེ་གྲང་བ་ལ་སོགས་པ་ལ་མ་ལྟོས་པར་ཡང་རང་གི་བདག་ཉིད་ཀྱིས་ཚ་བ་ཉིད་དུ་འགྱུར་བ་བཞིན་ནོ། །ཡོད་པ་ཉིད་དང་ཚད་མེད་པ་དངོས་པོ་
གཞན་ལ་མི་ལྟོས་པའི་ཆོས་ཅན་ལ་ཡོད་པ་ཉིད་དང་ཚད་ཉིད་དུ་རྟོག་ན་ཡང་རྟོག་པ་ཙམ་དུ་ཟད་དེ། དངོས་པོ་གཞན་ལ་ལྟོས་པ་ཉིད་དང་ཚད་ཉིད་ཀྱི་བློའི་རྒྱུ་མ་ཡིན་ལ་ཡོད་པ་ཉིད་དང་ཚད་ཉིད་ནི་བློ་དེའི་རྒྱུ་ཡིན་པའི་ཕྱིར་རོ། །ཡོད་པ་ཉིད་དང་ཚད་དམ་ཡོད་པ་ཉིད་དང་ཚད་མེད་པ་ཉིད་ཡོད་པ་
เล่ม ๑๐๐ · หน้า 309a
ཉིད་ཚད་ཉིད་དང་ལྡན་པར་རྟོག་ན་ཡང་དོན་མེད་པ་ཉིད་དང་། དགག་པ་མི་མཐུན་པ་ཉིད་དུ་འགྱུར་རོ། དངོས་པོ་བརྗོད་པར་བྱ་བ་མ་ཡིན་པ་དུས་ཕྱིས་ཡོད་པ་ཉིད་དང་ཚད་ཉིད་དང་ལྡན་པར་རྟོག་ན་ཡང་དངོས་པོ་ནི་ཡོད་པ་ཉིད་དང་ཚད་དང་ལྡན་པ་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དཔེར་
ན་བརྗོད་པར་བྱ་བ་མ་ཡིན་པ་དེ་ཉིད་ཀྱི་སྐད་ཅིག་མ་བཞིན་པས་རང་གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བྱ་བ་ལ་སོགས་པ་སྔར་ཇི་སྐད་བསྟན་པའི་ལུགས་བཞིན་དུ་ཅི་རིགས་པར་དགག་པར་བྱའོ། སོགས་པའི་སྒྲས་བསྡུས་པ་བྱེ་བྲག་པའི་ཚིག་གི་དོན་དྲུག་པོ་དག་གི་ཡན་ལག་གཞན་དག་དགག་
པའི་རིམ་པ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་ཏེ་བརྗོད་པར་བྱའོ། དེའི་ཕྱིར་དེ་ལྟར་གཞན་ཉིད་མི་འཐད་པས་གཏན་ཚིགས་ཇི་སྐད་སྨོས་པ་མ་གྲུབ་པ་མེད་དོ་ཞེས་བྱ་བ་ནི་སྐབས་ཀྱི་མཇུག་བསྡུ་བ་ཡིན་ཏེ། དེ་ལྟར་བྱེ་བྲག་པ་དག་གི་གཞན་ཉིད་ཅེས་བྱ་བ་ལ་སོགས་པའི་ཚིག་གི་དོན་མི་འཐད་
པས་དབུ་མ་པའི་གཏན་ཚིགས་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་གྲུབ་པོ། །གཞན་དག་གིས་སྨྲས་པ། གཞན་ཉིད་ཀྱི་མཐའ་དང་གཞན་མ་ཡིན་པ་ཉིད་ཀྱི་མཐའ་གཉིས་ཏེ། དེ་ལ་གལ་ཏེ་ཁྱེད་ཀྱིས་གཞན་ཉིད་
ཀྱི་མཐའ་མེད་དོ་ཞེས་དེ་དགག་པ་ཡིན་པས་གཞན་མ་ཡིན་པ་ཉིད་ཀྱི་མཐའ་ཡོངས་སུ་གཟུང་བ་བྱས་པ་དེས་ན་མཛད་པའི་མཐའ་ལ་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་རིགས་པ་ཅན་གྱི་སྒྱུ་ཐབས་ཀྱིས་དབུ་མ་པས་གཞན་ཉིད་ཀྱི་མཐའ་བཀག་པས་གཞན་མ་ཡིན་པ་ཉིད་ཀྱི་མཐའ་
བཟུང་བས་མཐའ་གཉིས་སྤང་བའི་ཚུལ་ལ་གནོད་པར་འགྱུར་རོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། ཅི་སྐད་བསྟན་པའི་ཚུལ་གྱིས་རེ་ཞིག་གཞན་ཉིད་མེད་དོ་ཞེས་བྱ་བ་དེ་བསྟན་ཟིན་པས། གཞན་ཉིད་ཡོད་པ་མ་ཡིན་ན། གཞན་
ནམ་དེ་ཉིད་ཡོད་མ་ཡིན། །གཞན་ལ་ལྟོས་པས་སམ་དེ་བཀག་པས་གཞན་མ་ཡིན་པ་ཉིད་གྲུབ་པས་ཐ་སྙད་པ་ཡིན་པའི་ཕྱིར་དང་། གཞན་ཉིད་མ་གྲུབ་པས་གཞན་མ་ཡིན་པ་ཉིད་ཀྱང་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོས་མེད་པར་དགག་པའི་ཚུལ་གྱིས་གཞན་
เล่ม ๑๐๐ · หน้า 309b
ཉིད་བཀག་པས་མ་ཡིན་པར་བཀག་པའི་ཚུལ་དུ་གཞན་མ་ཡིན་པ་ཉིད་ཡོངས་སུ་མ་བཟུང་བའི་ཕྱིར་གཞན་ཉིད་ཡོད་པ་མ་ཡིན་ན་གཞན་ནམ་གཞན་མ་ཡིན་པ་དེ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །ཅི་ལྟར་ཞེ་ན། གཞན་ལ་ལྟོས་པས་སམ་གཞན་དེ་བཀག་པས་གཞན་མ་ཡིན་པ་ཉིད་ཐ་སྙད་དུ་གྲུབ་པས། དེ་ནི་དཔེར་
ན་རིང་པོ་ལ་ལྟོས་ནས་ཐུང་ངུར་གདགས་པ་ཐ་སྙད་པ་ཡིན་པ་བཞིན་དུ་ཐ་སྙད་པ་ཡིན་པའི་ཕྱིར་དོན་དམ་པར་ཡོད་པ་མ་ཡིན་པ་དང་། གཞན་ཉིད་མ་གྲུབ་པས་གཞན་མ་ཡིན་པ་ཉིད་ཀྱང་མེད་པའི་ཕྱིར་དཔེར་ན་བྲམ་ཟེ་མ་གྲུབ་པས་བྲམ་ཟེ་ལས་གཞན་པ་ཉིད་ཀྱང་མ་གྲུབ་པ་བཞིན་ནོ་ཞེས་བྱ་བར་དགོངས་
སོ། །ཅི་ལྟར་དེ་དགག་ཅེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་གཞན་མ་ཡིན་པ་ཉིད་ཅི་ལྟར་དགག་ཅེས་དྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ་དོན་དམ་པར་ལྟ་བ་པོ་ནི་བལྟ་བར་བྱ་བ་དང་གཞན་མ་ཡིན་པ་ཉིད་མ་ཡིན་ཏེ། བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་དཔེར་
ན་བལྟ་བར་བྱ་བའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བལྟ་བར་བྱ་བ་ནི་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་རང་གི་
བདག་ཉིད་དང་གཞན་མ་ཡིན་པ་ཉིད་མ་ཡིན་པ་དེ་བཞིན་དུ་ལྟ་བ་པོ་ཡང་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་བལྟ་བར་བྱ་བ་དང་གཞན་མ་ཡིན་པ་ཉིད་མ་ཡིན་ནོ། །དེ་བཞིན་དུ་ཡོད་པ་ཉིད་དང་། རྒྱུ་ཉིད་དང་། འབྲས་བུ་ཉིད་དང་། ལན་འགའ་ཤེས་པ་
ལོག་པའམ། ཐེ་ཚོམ་ཅན་གྱི་ཡུལ་ཉིད་དང་། རྐྱེན་གྱི་དབྱེ་བས་ཐ་དད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་གིས་ཀྱང་རྗེས་སུ་དཔག་པ་རྒྱས་པར་བསྟན་པར་བྱའོ་ཞེས་བྱ་བས་ནི་དམ་བཅས་པ་དང་། དཔེ་སྔ་མའི་གཏན་ཚིགས་ནི་འདི་དག་ཀྱང་ཡིན་པར་སྦྱར་རོ། །དེའི་ཕྱིར་
དེ་ལྟར་གཞན་མ་ཡིན་པ་ཉིད་ཀྱང་བཀག་པའི་ཕྱིར་མཛད་པའི་མཐའ་ལ་གནོད་པར་མི་འགྱུར་རོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་དེ་ཉིད་ཀྱི་མཇུག་བསྡུ་བ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་གཅིག་པ་ཉིད་ལ་སོགས་པ་དག་མ་གྲུབ་པ་དེའི་ཕྱིར། དེ་ནི་དེ་དང་ཕྲད་པ་མེད། །གཞན་ཡང་གཞན་དང་ཕྲད་མི་འགྱུར། །
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด