ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) པྲཛྙཱ་པྲ་དཱི་པཾ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐๑ · หน้า 80b

ནི་བདག་ཡོད་པར་བསྟན་ལ། འཇིག་རྟེན་རྒྱང་པན་པ་དག་གིས་ནི་བདག་མེད་པར་བསྟན་གྱི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་བདག་དང་བདག་མེད་པ་འགའ་ཡང་མེད་པ་བསྟན་ཏོ་ཞེས་བཤད་དོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པའི་མདོ་ལས། དེ་ལྟར་ཡང་ཇི་སྐད་དུ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་བདག་གམ་བདག་མེད་པ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཡང་བདག་

གམ་བདག་མེད་པ་མ་ཡིན་ནོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་གམ་བདག་མེད་པ་ཉིད་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་གསུངས་སོ་ཞེས་བྱ་བ་སྨྲས་སོ། །སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ་ཞེས་

གང་སྨྲས་པ་དེ་ཇི་ལྟར་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་བ་དེ་ལྟར་འདི་བཤད་པར་བྱ་སྟེ་ཞེས་བྱ་བས་ནི་སྔར། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་བསྟན་པ་དེའི་རིགས་

པ་བསྟན་ཏོ། །དེའི་ཕྱིར་འདི་ལ་བརྗོད་པར་བྱ་བ་ལ་རྟོག་པས་སྒྲོ་བཏགས་པ་ལས་ནི་བརྗོད་པའི་བདག་ཉིད་ཀྱི་སྤྲོས་པ་དཔག་ཏུ་མེད་པ་འབྱུང་ལ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྒྲས་བརྗོད་པར་བྱ་བའི་དོན་ལ་རྟག་པ་དང་མི་རྟག་པ་ལ་སོགས་པར་རྟོག་པར་བརྗོད་པར་བྱ་བ་ཉིད་དུ་སྒྲོ་བཏགས་པ་ལས་ནི་

སྒྲའི་མཚན་ཉིད་ཀྱི་སྤྲོས་པ་དཔག་ཏུ་མེད་པ་འབྱུང་བར་བསྟན་ཏོ། །དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་རབ་ཏུ་དབེན་པའི་མཚན་ཉིད་ཀྱི་སྟོང་པ་ཉིད་ནམ་མཁའ་ལྟ་བུ་མངོན་སུམ་དུ་བྱར་མེད་པའི་ཚུལ་གྱིས་མངོན་སུམ་དུ་བྱས་ཤིང་དངོས་པོ་ཐམས་ཅད་བརྗོད་དུ་མེད་པར་མཐོང་བའི་བརྗོད་པར་བྱ་བ་ལྡོག་པས་ཏེ། བརྗོད་པ་

འཇུག་པའི་རྒྱུ་མེད་པས་སོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བས་ནི། རྣལ་འབྱོར་པ་གང་གིས་དེ་ལྟར་མཐོང་བ་དེའི་བརྗོད་པར་བྱ་བ་ལྡོག་པས་སྤྲོས་པ་འགག་པར་འགྱུར་ཏེ། བརྗོད་པ་འཇུག་པའི་རྒྱུ་དངོས་པོ་མེད་པས་སྤྲོས་པ་འགག་གོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བསྟན་ཏེ། གང་གི་ཕྱིར་དངོས་པོ་རྣམས་སྟོང་པར་མཐོང་ན་

เล่ม ๑๐๑ · หน้า 81a

བརྗོད་པར་བྱ་བ་ཉིད་ལྡོག་པར་འགྱུར་བ་དེའི་ཕྱིར་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཏེ། འདི་ལྟར་བརྗོད་པར་བྱ་བ་ཡོད་ན་དེ་ལ་བརྟེན་ནས་སྤྲོས་པ་ཡང་ཡོད་པར་འགྱུར་གྱི། བརྗོད་པར་བྱ་བ་མེད་ན་གཞི་མེད་པའི་སྤྲོས་པ་ཇི་ལྟར་ཡོད་པར་འགྱུར་ཏེ་མི་འགྱུར་རོ། །

དེ་ཉིད་བསྟན་པའི་ཕྱིར། བརྗོད་པར་བྱ་བ་དེ་ཡང་ཇི་ལྟར་ལྡོག་པར་འགྱུར་ཞེ་ན། སེམས་ཀྱི་སྤྱོད་ཡུལ་ལྡོག་པའོ། །གང་གི་ཕྱིར་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་སེམས་ཀྱི་སྤྱོད་ཡུལ་ལྡོག་པ་དེས་བརྗོད་པར་བྱ་བ་ལྡོག་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །

དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། སེམས་ཀྱི་སྤྱོད་ཡུལ་ནི་སེམས་ཀྱི་སྤྱོད་ཡུལ་ཏེ། གཟུགས་ལ་སོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་དོན་དམ་པར་ཡོངས་སུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་དེའི་སེམས་ཀྱི་སྤྱོད་ཡུལ་གཟུགས་ལ་སོགས་པ་དག་

ཉིད་དོན་དམ་པར་ཡོངས་སུ་མ་གྲུབ་པས། ལོག་པར་འགྱུར་བ་དེའི་ཕྱིར་བརྗོད་པར་བྱ་བ་ལྡོག་པར་འགྱུར་ཏེ། འདི་ལྟར་བརྗོད་པར་བྱ་བ་ནི་གཟུགས་ལ་སོགས་པ་དག་ཡིན་ན་དེ་དག་མེད་ན་ཇི་ཞིག་བརྗོད་པར་འགྱུར་ཏེ་མི་འགྱུར་རོ། །སེམས་ཀྱི་སྤྱོད་ཡུལ་ཞེས་བྱ་བའི་ཚིག་གི་དོན་བསྟན་པའི་ཕྱིར།

སེམས་ཀྱི་སྤྱོད་ཡུལ་ནི་དངོས་པོར་བརྗོད་དེ། རང་གི་ངོ་བོ་དང་སྤྱིའི་ངོ་བོ་སྟོན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །ལྡོག་པའི་དོན་བསྟན་པའི་ཕྱིར། ལྡོག་པ་ནི་ལྡོག་པ་ལྟ་བུ་སྟེ། ལྟ་བ་པོའི་དེ་ཁོ་ན་ཤེས་པ་སྐྱེས་པ་དང་མ་སྐྱེས་པ་ན་ཡང་དངོས་པོའི་དེ་ཁོ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་

རང་གི་ངོ་བོ་ཡོངས་སུ་མི་གཏོང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དངོས་སུ་ལྡོག་པར་བྱ་བ་མེད་པའི་ཕྱིར་ལྡོག་པ་ལྟ་བུ་ཞེས་བཤད་དོ། །དེའི་ཕྱིར་ལྡོག་པས་བརྗོད་པའི་བདག་ཉིད་ཀྱི་སྤྲོས་པ་ལྡོག་གོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ནོ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པ་དེ་ཡང་གང་གིས་ཀྱང་མི་བྱེད་

དེ། འོ་ན་ཇི་ལྟ་བུ་ཞེ་ན། སེམས་ཀྱི་སྤྱོད་ཡུལ་གཟུགས་ལ་སོགས་པ་དག །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཆོས་ཉིད་དང་ཆོས་ཀྱི་ངོ་བོ་ཉིད་དང་རང་བཞིན་ཞེས་བྱ་བ་དག་ནི་རྣམ་གྲངས་སོ་ཞེས་བྱ་བ་ནི་དེའི་སེམས་ཀྱི་སྤྱོད་ཡུལ་གཟུགས་ལ་

เล่ม ๑๐๑ · หน้า 81b

སོགས་པ་དག་ཇི་ལྟར་ལྡོག་པར་འགྱུར་བ་བསྟན་ཏེ། གང་གི་ཕྱིར་དེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ན་སེམས་ཀྱི་སྤྱོད་ཡུལ་གཟུགས་ལ་སོགས་པ་དག་མ་སྐྱེས་པ་དང་མ་འགགས་པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པར་རབ་ཏུ་ཤེས་པ་དེའི་ཕྱིར་དེའི་སེམས་ཀྱི་

སྤྱོད་ཡུལ་ལྡོག་པར་འགྱུར་རོ། །ཡང་ན་གཞན་གྱིས་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ་ཞེས་བྱ་བ་དེ་ལ་རིག་པ་གང་ཡིན་ཞེས་སྨྲས་པ་ནི། སློབ་དཔོན་གྱི་རྣལ་འབྱོར་པ་སྟོང་པ་ཉིད་ལ་གནས་ཤིང་མཚན་མ་མེད་པ་ལ་གནས་པའི་བརྗོད་པར་བྱ་བ་ལྡོག་པས་དེའི་ཕྱིར།

བརྗོད་པར་བྱ་བ་ལྡོག་པ་སྟེ། །ཞེས་བཤད་དེ། བརྗོད་པ་འཇུག་པ་ལྡོག་པས་སོ། །ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ལ་སོགས་པ་ནི་ཚིག་ལེའུར་བྱས་པ་སྔ་མ་དེ་ཉིད་ཀྱི་དོན་རྣམ་པ་གཞན་དུ་བཤད་པ་སྟོན་ཏོ། །འདིར་ཕ་རོལ་པོ་དག་གིས་ཁྱོད་དབུ་མ་པས་སྔར་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་

པར་འགྱུར་རོ་ཞེས་གང་སྨྲས་པ་དེ་ལ་རིགས་པ་གང་ཡིན་ཞེས་དྲིས་པ་ན་སློབ་དཔོན་གྱིས་རྣལ་འབྱོར་པ་སྟོང་པ་ཉིད་ལ་གནས་ཤིང་མཚན་མ་མེད་པ་ལ་གནས་པའི་བརྗོད་པར་བྱ་བ་ལྡོག་པས་དེའི་ཕྱིར་བརྗོད་པར་བྱ་བ་ལྡོག་པས་སྤྲོས་པ་འགག་པར་འགྱུར་རོ་ཞེས་བཤད་དེ། བརྗོད་པ་འཇུག་པའི་རྒྱུ་

དངོས་པོ་རྣམས་སྟོང་པར་མཐོང་ཞིང་ལྡོག་པས་བརྗོད་པའི་བདག་ཉིད་ཀྱི་སྤྲོས་པ་ལྡོག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །སེམས་ཀྱི་སྤྱོད་ཡུལ་ནི་སེམས་ཀྱི་རྒྱུ་བ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བས་ནི་དེའི་བརྗོད་པར་བྱ་བ་ཇི་ལྟར་ལྡོག་པར་འགྱུར་

བའི་རྒྱུ་བསྟན་ཏེ། དེ་ཡང་སེམས་ཀྱི་སྤྱོད་ཡུལ་ནི་གཟུགས་ལ་སོགས་པ་ཡུལ་རྣམས་ལ་སེམས་རྒྱུ་བ་དང་འཇུག་པ་དག་དཔྱོད་པ་དང་རྟོག་པ་ཞེས་བྱ་བ་དག་གི་རྣམ་གྲངས་ཡིན་པས་གང་གི་ཕྱིར་དེའི་སེམས་ཀྱི་སྤྱོད་ཡུལ་དེ་དག་ཉིད་ལྡོག་པར་གྱུར་པ་དེའི་ཕྱིར་བརྗོད་པར་བྱ་བ་ལྡོག་པར་འགྱུར་རོ་ཞེས་བྱ་

བར་སྦྱར་རོ། །སེམས་ཀྱི་སྤྱོད་ཡུལ་ནི་སེམས་ཀྱི་རྒྱུ་བ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨོས་པ་དེ་ཉིད་བསྟན་པའི་ཕྱིར་ཡུལ་གྱི་ངོ་བོ་ཉིད་ནི་སེམས་ཀྱིས་མངོན་པར་བརྟག་པ་ཡིན་པར་བརྗོད་དེ་ཞེས་བྱ་བ་སྨྲས་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་

เล่ม ๑๐๑ · หน้า 82a

དེ་ཡི་སྤྱོད་ཡུལ་ལོ། །ཞེས་གསུངས་པས། སྲེད་པའི་ས་བོན་ནི་རྣམ་པར་ཤེས་པ་ཡིན་ལ་ཡུལ་རྣམས་ནི་དེའི་སྤྱོད་ཡུལ་ཡིན་པས་ཇི་སྲིད་དུ་ཡུལ་རྣམས་ལ་སེམས་ཀྱིས་རྣམ་པར་བརྟགས་ཤིང་སེམས་ཀྱི་རྒྱུ་བ་དང་། འཇུག་པ་དང་། དཔྱོད་པ་དང་རྟོག་པ་ཡོད་པ་དེ་སྲིད་དུ་སེམས་

ཀྱི་སྤྱོད་ཡུལ་ཡིན་པར་བརྗོད་དོ། །སེམས་ཀྱི་སྤྱོད་ཡུལ་དེ་ཇི་ལྟར་ལྡོག་པ་བསྟན་པའི་ཕྱིར། དེ་ཡང་དམིགས་སུ་མེད་པ་ལ་གནས་པས་ལྡོག་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་

གསུངས་པས་སེམས་ཀྱི་སྤྱོད་ཡུལ་ལྡོག་པ་དེ་ཡང་ཡུལ་དམིགས་སུ་མེད་པ་ལ་གནས་པས་ལྡོག་པར་འགྱུར་རོ། །དེ་ལྟར་སེམས་ཀྱི་སྤྱོད་ཡུལ་ལྡོག་པས་བརྗོད་པར་བྱ་བ་ལྡོག་པའི་མཇུག་བསྡུ་བ་བསྟན་པའི་ཕྱིར། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ་ཞེས་བྱ་བ་སྨྲས་ཏེ། སེམས་ཀྱི་སྤྱོད་ཡུལ་

ལྡོག་པས་བརྗོད་པར་བྱ་བ་ལྡོག་ལ། བརྗོད་པར་བྱ་བ་ལྡོག་པས་སྤྲོས་པ་འགག་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་བ་བསྟན་པའི་ཕྱིར། ཇི་ལྟར་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་ཞེ་ན། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་

དང་མཚུངས། །གང་གི་ཕྱིར་སེམས་ཀྱི་དེ་ཁོ་ན་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བ་སྨྲས་ཏེ། གང་གི་སེམས་ཀྱི་དེ་ཁོ་ན་མ་སྐྱེས་པ་དང་། མ་འགགས་པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པར་རབ་ཏུ་ཤེས་པ་དེའི་ཕྱིར། དེའི་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་རོ། །

དེ་ལྟ་བས་ན་གང་གི་ཕྱིར་སེམས་ཀྱི་དེ་ཁོ་ན་མ་སྐྱེས་པ་དང་མ་འགགས་པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པར་རབ་ཏུ་ཤེས་པ་དེའི་ཕྱིར་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་ལ་སེམས་ཀྱི་སྤྱོད་ཡུལ་ལོག་པས་བརྗོད་པར་བྱ་བ་ལྡོག་ཅིང་བརྗོད་པར་བྱ་བ་ལོག་པས་སྤྲོས་པ་འགགས་པས་

སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ། །སྤྲོས་པ་སྟོང་པ་ཉིད་ཀྱིས་འགགས་ན་རྣམ་པར་རྟོག་པ་མི་འབྱུང་ལ། རྣམ་པར་རྟོག་པ་མི་འབྱུང་བས་ལས་དང་ཉོན་མོངས་པ་ཟད་པར་འགྱུར་ཞིང་། ལས་དང་ཉོན་མོངས་པ་ཟད་པས་ཐར་པ་ཐོབ་པ་ནི་གང་ཟག་དང་ཆོས་བདག་མེད་པ་བསྒོམས་པའི་

เล่ม ๑๐๑ · หน้า 82b

འབྲས་བུ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང་ན་དངོས་པོ་དང་དངོས་པོ་མེད་པ་དག་མ་མཐོང་བ་ནི་དེ་ཁོ་ན་མཐོང་བ་ཞེས་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ་ཞེས་བྱ་བ་དེ་ཉིད་ཀྱི་དོན་བསྟན་ཅིང་ཚིག་ལེའུར་བྱས་པ་སྔ་མ་དེ་ཉིད་ཀྱི་རྣམ་པར་བཤད་པ་གཞན་སྟོན་

ཏོ། །དེ་ཡང་ཇི་ལྟ་བུ་ཞིག་ཡིན་སྙམ་དུ་ཁ་ཅིག་དེ་ལྟར་སེམས་པས་དེའི་ཕྱིར། བརྗོད་པར་བྱ་བ་ལྡོག་པ་སྟེ། །ཞེས་བཤད་དེ། དངོས་པོ་དང་དངོས་པོ་མེད་པ་དག་མ་མཐོང་ནའོ་ཞེས་བྱ་བས་ནི། ཡང་ན་དངོས་པོ་དང་དངོས་པོ་མེད་པ་དག་མ་མཐོང་བ་ནི་དེ་ཁོ་ན་མཐོང་བ་ཞེས་བྱ་སྟེ་ཞེས་བཤད་པ་

དེ་ལ་ཁ་ཅིག་དེ་ཡང་ཇི་ལྟ་བུ་ཞིག་ཡིན་སྙམ་དུ་དེ་ལྟར་སེམས་པས་དེའི་ཕྱིར། བརྗོད་པར་བྱ་བ་ལྡོག་པ་སྟེ། །ཞེས་བཤད་དེ། དངོས་པོ་དང་དངོས་པོ་མེད་པ་དག་མ་མཐོང་ན་བརྗོད་པར་བྱ་བ་ལྡོག་པ་ནི་དེ་ཁོ་ན་མཐོང་བ་ཡིན་ལ། དེ་ཁོ་ན་མཐོང་བས་ནི་སྤྲོས་པ་འགག་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །

དངོས་པོ་དང་དངོས་པོ་མེད་པ་དག་མ་མཐོང་བ་བརྗོད་པར་བྱ་བ་ལྡོག་པ་དེ་ཡང་ཇི་ལྟར་ལྡོག་པར་འགྱུར་བ་བསྟན་པའི་ཕྱིར་དེ་ཡང་ཇི་ལྟར་ཞེ་ན། གང་གི་ཕྱིར། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །སེམས་ལ་སོགས་པའི་སྤྱོད་པ་སྟེ། །དངོས་པོ་ལ་སོགས་པར་མི་དམིགས་པའི་ཕྱིར་རོ་ཞེས་བྱ་

བར་དགོངས་སོ། །ཞེས་བྱ་བ་སྨྲས་ཏེ། སེམས་ཀྱི་སྤྱོད་ཡུལ་ནི་སེམས་ལ་སོགས་པའི་སྤྱོད་པ་སྟེ། དེ་ནི་དངོས་པོ་ལ་སོགས་པར་མི་དམིགས་པའི་ཕྱིར་ལྡོག་པར་འགྱུར་ལ། སེམས་ཀྱི་སྤྱོད་ཡུལ་ལོག་པས་ནི་བརྗོད་པར་བྱ་བ་ལྡོག་ལ། བརྗོད་པར་བྱ་བ་ལོག་པས་ནི་སྤྲོས་པ་འགག་པར་འགྱུར་རོ་ཞེས་བྱ་

བར་དགོངས་སོ། །འདིར་ཡང་སོགས་པའི་སྒྲ་ཁོང་ནས་དབྱུང་བར་བལྟ་བར་བྱ་སྟེ། སེམས་ལ་སོགས་པའི་སྤྱོད་པ་ནི་སེམས་ཀྱི་སྤྱོད་ཡུལ་ལོ་ཞེས་བྱ་བ་ནི། ཚིག་ལེའུར་བྱས་པའི་རྩ་བ་དེ་ལས་སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ་ཞེས་གསུངས་པའི་སྐབས་སུ་སོགས་པ་ཞེས་བྱ་བའི་སྒྲ་མ་སྨོས་ལ།

འགྲེལ་པ་བྱེད་པས། སེམས་ལ་སོགས་པའི་སྤྱོད་པས་སྟེ། །ཞེས་སོགས་པའི་སྒྲ་སྨོས་པ་ནི། ཚིག་ལེའུར་བྱས་པ་རྩ་བ་དེའི་སྐབས་འདིར་ཡང་སོགས་པའི་སྒྲ་ཁོང་ནས་དབྱུང་བར་བལྟ་བར་བྱ་སྟེ། སོགས་པའི་སྒྲས་ནི་ངག་གི་སྤྱོད་པ་དག་ཀྱང་བསྡུའོ། །གལ་ཏེ་འདིར་གཞན་དག་འདི་

เล่ม ๑๐๑ · หน้า 83a

སྐད་ཅེས་དེ་ལྟར་ཡུལ་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་ཡང་མི་སྣང་ལ། དེ་ལ་འཛིན་པའི་སེམས་ཀྱི་སྤྱོད་པ་ཡང་མི་སྣང་ཞིང་། དེ་བརྗོད་པའི་ངག་གི་སྤྱོད་པ་ཡང་མི་སྣང་ན་དེ་ཁོ་ན་མཐོང་བ་མེད་པའི་སྐྱོན་དུ་ཐལ་བར་མི་འགྱུར་རམ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་

བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ཁོ་ན་མཐོང་བ་མེད་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་གཟུགས་ལ་སོགས་པ་ཡུལ་རྣམས་མ་མཐོང་བ་གང་ཁོ་ན་ཡིན་པ་དེ་ཉིད་དེ་ཁོ་ན་མཐོང་བའི་སྒྲར་བརྗོད་དེ། དངོས་པོའི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལ་

མཐའ་གཉིས་སུ་མ་མཐོང་བ་ཉིད་དེ་ཁོ་ན་མཐོང་བ་ཡིན་ཏེ། དངོས་པོའི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པ་རྟོགས་པའི་ཕྱིར་རོ། །དེ་ལྟར་ཡང་འཕགས་པ་བདེན་པ་པོས་བསྟན་པའི་ལེའུ་ལས། ཇི་སྐད་དུ་མཐོང་བ་མེད་པ་ནི་དེ་ཁོ་ན་མཐོང་བའོ་ཞེས་གསུངས་སོ་ཞེས་བྱ་བས་ནི་དེ་ཉིད་ཀྱི་ཁུངས་བསྟན་ཏོ། །དེའི་ཕྱིར།

བརྗོད་པར་བྱ་བ་ལྡོག་པ་སྟེ། །ཞེས་བྱ་བས་ནི། བརྗོད་པར་བྱ་བ་ལྡོག་པས་སྤྲོས་པ་འགག་པར་བསྟན་པའི་སྐབས་ཀྱི་མཇུག་བསྡུ་བ་བསྟན་ཏོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་

སེམས་ཀྱང་མི་རྒྱུ་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་པའོ་ཞེས་གསུངས་པ་དང་། དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་ནས་ཀྱང་། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ་ཞེས་

བྱ་བ་སྨྲས་ཏེ། དེའི་ཕྱིར་ལུང་དེ་དག་གིས་ན་མཐོང་བ་མེད་པ་གང་ཡིན་པ་དེ་ཉིད་དེ་ཁོ་ན་མཐོང་བ་ཡིན་པས་དེ་ཁོ་ན་མཐོང་བ་མེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་རེ་ཞིག་དེ་ཁོ་ན་ལ་ནི། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་བྱ་བ་དེ་ཙམ་དག་སྨྲ་བར་ནུས་ཏེ། ཆོས་ཐམས་

ཅད་དབེན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། དེའི་ཕྱིར་རེ་ཞིག་དེ་ཁོ་ན་ལ་ནི་ཐ་སྙད་ཀྱི་སྒོ་ནས་དེ་ཙམ་དག་སྨྲ་བར་ནུས་ཀྱི་དོན་དམ་པར་ནི་བརྗོད་པར་བྱ་བ་མེད་དེ། ཆོས་ཐམས་ཅད་དབེན་པ་དང་སྟོང་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་སྟོང་པ་ཉིད་ཤེས་པའི་ཉི་མའི་འོད་ཟེར་

เล่ม ๑๐๑ · หน้า 83b

སྣང་བར་བྱས་པའི་དངོས་པོ་ཐམས་ཅད་ངོ་བོ་ཉིད་ལ་ཀུན་ཏུ་ལྟ་ཞིང་དམིགས་སུ་མེད་པ་ལ་རབ་ཏུ་གནས་པའི་ངག་དང་། ཡིད་ཀྱི་བརྗོད་པ་ལྡོག་པའི་ཕྱིར། །བརྗོད་པར་བྱ་བ་ལྡོག་པ་སྟེ། །ཞེས་བྱ་བ་ལ་སོགས་པས་ཀྱང་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ་ཞེས་བྱ་བ་དེའི་དོན་སྟོན་ཅིང་། ཚིག་ལེའུར་བྱས་

པ་སྔ་མ་དེ་ཉིད་ཀྱི་དོན་རྣམ་པར་བཤད་པ་གཞན་སྟོན་ཏེ། ཡང་ན་རྣལ་འབྱོར་པ་གང་སྟོང་པ་ཉིད་ཤེས་པའི་ཉི་མའི་འོད་ཟེར་གྱིས་སྣང་བར་བྱས་པའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་ཀུན་ཏུ་ལྟ་ཞིང་དམིགས་སུ་མེད་པ་ལ་རབ་ཏུ་གནས་པའི་རྣལ་འབྱོར་པ་དེའི་ངག་དང་ཡིད་ཀྱི་བརྗོད་པ་ལྡོག་པའི་ཕྱིར་བརྗོད་

པར་བྱ་བ་ལྡོག་ལ། དེའི་ངག་དང་ཡིད་ཀྱི་བརྗོད་པར་བྱ་བ་ལོག་པས་ཐ་སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་སྤྲོས་པ་ཉེ་བར་ཞི་བར་འགྱུར་བ་ནི་སྟོང་པ་ཉིད་ཀྱི་སྤྲོས་པ་འགག་པ་ཡིན་ཏེ། དེ་ཉིད་ཐེག་པ་ཆེན་པོ་ལ་ཆོས་བདག་མེད་པ་ཉིད་བསྒོམས་པའི་འབྲས་བུ་སྤངས་པ་ཕུན་སུམ་

ཚོགས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ཐོབ་པའི་ཐབས་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །དེ་ཉིད་ཀྱང་། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་བྱ་བས་ནི་བརྗོད་པར་བྱ་བ་ལྡོག་པ་དེ་ཉིད་ཀྱང་གང་གིས་ལྡོག་པར་འགྱུར་ཞེ་ན། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་བྱ་བར་སྟོན་

ཏོ། །འདི་སེམས་ཀྱི་སྤྱོད་ཡུལ་ཞེས་བྱ་བ་གང་ཞེ་ན། སྤྱོད་ཡུལ་ནི་མཐུ་མེད་དོ་ཞེས་བྱ་བ་སྨྲས་ཏེ། སེམས་ཀྱི་ངོ་བོ་ཉིད་རང་བཞིན་གྱིས་འོད་གསལ་བ་ཉིད་དོ། །དེ་ལྡོག་པ་ནི་གློ་བུར་གྱི་སྒྲིབ་པ་ལས་རྣམ་པར་གྲོལ་ཞིང་གནས་འགྱུར་བ་ཉིད་དོ། །དེ་ཉིད་བསྟན་པའི་ཕྱིར། ཇི་ལྟར་སེམས་ཀྱི་མཐུ་

ཉིད་ལྡོག་པར་འགྱུར་ཞེ་ན། འདི་ལ་ཡུལ་གྱི་སྟོབས་ཀྱིས་རྣམ་པར་ཤེས་པ་སྐྱེས་ཤིང་དངོས་པོའི་ངོ་བོ་ཉིད་དང་ཁྱད་པར་གྱི་ཡུལ་ཐ་དད་པ་ལ་རྟོག་པའི་རྒྱུན་དག་གིས་རྣམ་པ་ཐ་དད་པ་དུ་མར་རྟོག་པ་ན་དར་གྱི་སྲིན་བུ་བཞིན་དུ་བདག་གི་མཐུ་ཉིད་ཀུན་ནས་དཀྲིས་པར་འགྱུར་རོ། །ཆོས་ཐམས་ཅད་བདག་

མེད་པར་མཐོང་བས་ནི་དེ་མི་འཇུག་པའི་ཕྱིར་སེམས་ཀྱི་སྤྱོད་ཡུལ་ལྡོག་གོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་གློ་བུར་གྱི་སྒྲིབ་པས་འཆིང་བ་དང་། ཆོས་བདག་མེད་པར་མཐོང་བས་རྣམ་པར་གྲོལ་ཞིང་གནས་འགྱུར་བའི་ཚུལ་བསྟན་ཏོ། །སེམས་ཀྱི་སྤྱོད་ཡུལ་ལོག་པ་ཡང་དེ་ཁོ་ན་ཤེས་པའི་བྱེད་པ་པོ་དང་ལྡན་

เล่ม ๑๐๑ · หน้า 84a

པ་མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །གང་གི་ཕྱིར་སེམས་དང་དེ་ལས་གཞན་པའི་ཆོས་རྣམས་ཀྱི་སྤྱོད་ཡུལ་ལྡོག་པ་དེ་ནི་གང་གིས་ཀྱང་བྱ་བ་མ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བས་ནི། སེམས་ཀྱི་སྤྱོད་ཡུལ་རང་

རིག་པའི་ཚུལ་གྱིས་ལྡོག་པ་ཉིད་དུ་བསྟན་ཏོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། དེ་ལྟར་ཡང་འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། སྟོང་པ་ཉིད་ཀྱི་ཆོས་རྣམས་སྟོང་པར་མི་བྱེད་ཀྱི་འདི་ལྟར་ཆོས་རྣམས་ཉིད་སྟོང་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བྱ་བ་སྨྲས་སོ། །འོན་ཀྱང་དེ་དག་

གི་རང་བཞིན་ནི་མྱ་ངན་ལས་འདས་པ་དང་མཚུངས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་སྟེ་ཞེས་བྱ་བས་ནི། མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་གྱིས་ཆོས་ཐམས་ཅད་སྐྱེ་འགག་མེད་པར་རོ་གཅིག་པར་ཁོང་དུ་ཆུད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་བྱའི་མཐའ་ཡང་རྟོགས་པ་དང་།

བརྗོད་པ་དེ་ཙམ་དུ་ཟད་དོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། འཕགས་པ་ཚངས་པས་ཞུས་པའི་མདོ་ལས། ཇི་སྐད་དུ་འདི་ལྟར་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ནས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་ཀུན་ནས་བསླང་བའི་ཉོན་མོངས་པ་ཡོད་པ་མ་ཡིན་པའི་རང་

བཞིན་ཤིན་ཏུ་སྐྱེ་བ་མེད་པའི་ངོ་བོ་ཉིད་ཀུན་ཏུ་མཁྱེན་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་བ་དེའི་ཕྱིར་འགྲེལ་པ་བྱེད་པ་ཉིད་ཀྱིས། སློབ་དཔོན་འཕགས་པ་ལྷས་གསུངས་པ། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་

དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་བྱ་བ་དེ་ཡང་འཐད་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་གཞན་མུ་སྟེགས་ཅན་དག་གིས་བདག་དང་བདག་གིར་བཏགས་པ་དང་སྡེ་པ་གཞན་དག་གིས་གཟུང་བ་དང་འཛིན་པའི་དངོས་པོར་བཏགས་པ་དང་།

རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དག་གིས། །སེམས་དང་སེམས་ཀྱིས་རྣམ་པར་བཏགས་པ་ལྟ་བུ་མ་ཡིན་གྱི། ཐེག་པ་ཆེན་པོའི་དབུ་མ་པའི་ཚུལ་འདི་ལ་ཀུན་རྫོབ་ཀྱི་ཐ་སྙད་དུ་ནི་ཕྱི་དང་ནང་གི་རྟེན་ཅིང་རྟེན་ཅིང་འབྲེལ་པར་འབྱུང་བ་མ་བརྟགས་གཅིག་པུ་ན་ཉམས་དགའ་བ་སྒྱུ་མ་ཙམ་དུ་བྱ་བ་བྱེད་ནུས་པར་ཡོད་

เล่ม ๑๐๑ · หน้า 84b

ཅིང་དེ་ལ་མངོན་པར་ཞེན་པས་ནི་སྲིད་པ་གསུམ་དུ་འཁོར་ཞིང་ཀུན་ནས་ཉོན་མོངས་པའི་རྒྱུན་ཀྱང་འབྲེལ་པར་འགྱུར་ལ། དེ་ལ་མངོན་པར་མ་ཞེན་ཅིང་དོན་དམ་པར་ངོ་བོ་ཉིད་མེད་པར་ཤེས་པས་ནི་སྲིད་པའི་ས་བོན་འགག་ཅིང་མི་གནས་པའི་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་ཡང་ཐོབ་པ་མེད་པའི་ཚུལ་གྱིས་

འཐོབ་པར་འགྱུར་ཏེ། དེ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་དང་། འཕགས་པ་ལྷ་དང་། ལེགས་ལྡན་འབྱེད་དང་། བུད་དྷ་པཱ་ལི་ཏ་ལ་སོགས་པ་ཐེག་པ་ཆེན་པོ་དབུ་མ་པའི་ལམ་སྨྲ་བ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཆོས་ཐམས་ཅད་ཀྱི་

མཉམ་པ་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པ་སྐྱེ་བ་མེད་པར་མཐོང་བས་ནི་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་ལ། སེམས་ཀྱི་སྤྱོད་ཡུལ་ལོག་པས་ནི་བརྗོད་པར་བྱ་བ་ལྡོག་ཅིང་། དེ་ལོག་པས་ནི་ཐ་སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་སྤྲོས་པ་ཉེ་བར་ཞི་བར་འགྱུར་རོ་

ཞེས་བྱ་བས་ནི་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པ་བསྟན་པའི་སྐབས་ཀྱིས་མཇུག་བསྡུ་བ་ཡིན་ཏེ། སྔར། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་སྨོས་པས་རྣམ་པར་གྲོལ་

བ་ཐུན་མོང་མ་ཡིན་པ་བསྟན་ཏེ། དེ་ལ་འཇིག་རྟེན་པའི་སྤྲོས་པ་ལས་ནི་རྣམ་པར་རྟོག་པ་འབྱུང་ལ། རྣམ་པར་རྟོག་པ་ལས་ནི་ལས་དང་ཉོན་མོངས་པ་འབྱུང་ཞིང་། ལས་དང་ཉོན་མོངས་པ་ཟད་པས་ནི་ཐར་པར་འགྱུར་ཏེ། ལས་དང་ཉོན་མོངས་པ་ཟད་པས་ཐར་པ་ཐོབ་པ་དེ་ཡང་སྔར། ནང་དང་ཕྱི་རོལ་

ཉིད་དག་ལ། །བདག་དང་བདག་གི་ཟད་གྱུར་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ཅེས་སྨོས་པས་བསྟན་པ་ཡིན་ཏེ། དེ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་བའི་རྣམ་པར་གྲོལ་བ་གང་ཟག་བདག་མེད་པ་ཉིད་རྟོགས་པས་རབ་ཏུ་ཕྱེ་བ་ཉོན་མོངས་པའི་སྒྲིབ་པ་སྤོང་བའི་

ཐབས་ཡིན་ཏེ། །སྒོ་དེ་ནས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་འབྲས་བུ་དང་བཅས་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་། དགེ་སྦྱོང་གི་འབྲས་བུ་མཐར་ཐུག་པས་རབ་ཏུ་ཕྱེ་བའི་མི་སློབ་པ་ཚོགས་དང་སྤྱོད་པ་དང་བསེ་རུ་ལྟ་བུའི་གོ་འཕང་ཉིད་ཐོབ་པར་འགྱུར་རོ། །སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ་

เล่ม ๑๐๑ · หน้า 85a

ཞེས་གང་སྨྲས་པ་དེ་ལ་ཇི་ལྟར་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཞེ་ན། སྔར་བརྗོད་པར་བྱ་བ་ལྡོག་པ་སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་སྨོས་པའི་རིམ་གྱིས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་མྱ་ངན་ལས་

འདས་པ་དང་མཚུངས་པ་སྐྱེ་བ་མེད་པར་མཐོང་བས་ནི་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་ལ། སེམས་ཀྱི་སྤྱོད་ཡུལ་ལོག་པས་ནི་བརྗོད་པར་བྱ་བ་ལྡོག་ཅིང་། དེ་ལོག་པས་ནི་ཐ་སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་སྤྲོས་པ་ཉེ་བར་ཞི་བར་འགྱུར་ཏེ། དེ་ནི་ཉན་ཐོས་དང་རང་སངས་རྒྱས་དང་།

ཐུན་མོང་མ་ཡིན་པའི་རྣམ་པར་གྲོལ་བ་ཆོས་བདག་མེད་པ་ཉིད་དུ་རྟོགས་པས་རབ་ཏུ་ཕྱེ་བ་ཤེས་བྱའི་སྒྲིབ་པ་སྤོང་བའི་ཐབས་ཡིན་ཏེ། སྒོ་དེ་ནས་ནི་ཐེག་པ་ཆེན་པོའི་ལམ་འབྲས་བུ་དང་བཅས་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་། བླ་ན་མེད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཉིད་ཐོབ་པར་

འགྱུར་རོ། །རང་གི་སྡེ་པ་དང་གཞན་གྱི་སྡེ་པ་ཁ་ཅིག་ན་རེ་དབུ་མ་སྨྲ་བ་ནི་དངོས་པོ་ཐམས་ཅད་ལ་སྐུར་པ་འདེབས་པའི་ཕྱིར་མེད་པ་པ་དག་དང་ཁྱད་པར་མེད་དོ་ཞེས་ཟེར་བ་དེ་དག་ལ། ཁ་ཅིག་གིས་དངོས་པོ་སེལ་བ་ཉིད་དུ་མཚུངས་སུ་ཟིན་ཀྱང་སོ་སོའི་སྐྱེ་བོ་དང་དགྲ་བཅོམ་པ་སོ་སོར་མ་བརྟགས་པ་དང་།

སོ་སོར་བརྟགས་པའི་བཏང་སྙོམས་པ་དག་བཞིན་ནམ། དམུས་ལོང་དང་མིག་ཅན་གྱིས་ཕྱོགས་མི་བདེའོ་སྙམ་དུ་ངེས་པར་ཤེས་པ་དང་མཚུངས་སུ་ཟིན་ཀྱང་ཁྱད་པར་ཡོད་པ་བཞིན་དུ་མེད་པ་པ་དང་། དབུ་མ་པ་དག་ལ་ཡང་ཁྱད་པར་ཡོད་དོ་ཞེས་ལན་འདེབས་པར་བྱེད་པས་ནི་ཕ་རོལ་པོས་དངོས་

པོའི་དེ་ཁོ་ན་རྟོགས་པ་ལ་ཁྱད་པར་མེད་དོ་ཞེས་བསྟན་པ་ལ་ཁྱད་པར་ཡོད་པར་མ་བརྗོད་པས་ལན་མ་ཡིན་ནོ་ཞེས་བྱ་བ་ནི། སྐབས་འདིར་རང་གི་སྡེ་པ་དང་གཞན་གྱི་སྡེ་པ་ཁ་ཅིག་ན་རེ་གང་འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེས་པ་མེད་དོ་ཞེས་བྱ་བ་ལ་སོགས་པར་

ལྟ་བ་དེ་དང་གང་དངོས་པོ་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པར་ལྟ་བ་ཞེས་བྱ་བ་དེ་གཉིས་ལ་ཁྱད་པར་ཅི་ཡོད་ཅེས་ཟེར་བའི་ལན་དུ། སློབ་དཔོན་བུད་དྷ་པཱ་ལི་ཏས་དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་ན་ཁྱོད་ནི་སྟོང་པ་ཉིད་ཀྱི་དོན་རྣམ་པར་མི་ཤེས་ནས་དེ་གཉིས་འདྲའོ་སྙམ་དུ་སེམས་སོ། །འདི་ལ་སོ་

เล่ม ๑๐๑ · หน้า 85b

སོར་མ་བརྟགས་པར་བཏང་སྙོམས་བྱེད་པ་གང་ཡིན་པ་དང་། སོ་སོར་བརྟགས་ནས་བཏང་སྙོམས་བྱེད་པ་གང་ཡིན་པ་དེ་གཉིས་བཏང་སྙོམས་བྱེད་པར་ནི་འདྲ་མོད་ཀྱི་སོ་སོར་མ་བརྟགས་པར་བཏང་སྙོམས་བྱེད་པ་ནི། མ་རིག་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པར་བསྟན་ལ། བཏང་སྙོམས་བྱེད་པ་ཅིག་ཤོས་ནི། སངས་

རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀུན་ཏུ་བསྟན་པ་ཡིན་པས་དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་བ་དེ་བཞིན་དུ། འདི་ལ་ཡང་འཇིག་རྟེན་འདི་མེད་དོ་ཞེས་བྱ་བ་ལ་སོགས་པ་དེ་ལྟར་མཐོང་བ་ནི་མ་རིག་པས་ཀུན་ཏུ་རྨོངས་པའི་སེམས་དང་ལྡན་པ་ཡིན་གྱི། དངོས་པོ་ཐམས་ཅད་ངོ་བོ་ཉིད་སྟོང་པའི་ཕྱིར། མ་སྐྱེས་

པ་དང་མ་འགགས་པར་མཐོང་བ་ཅིག་ཤོས་ནི་ཤེས་པ་སྔོན་དུ་བཏང་བ་ཡིན་པས་དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེའོ། །གཞན་ཡང་མེད་པ་ཉིད་མཐོང་བཞིན་དུ་འཇིག་རྟེན་འདི་མེད་དོ་ཞེས་ཚིག་འབའ་ཞིག་བརྗོད་པ་དེ་ལ་ནི་དཔེར་ན་དམུས་ལོང་ཕྱོགས་འདི་མི་བདེའོ་ཞེས་བརྗོད་ཀྱང་མིག་མེད་པའི་ཕྱིར་མི་མཐོང་

བས་དེར་འཁྲུལ་པ་དང་རྡེག་འཆའ་བར་འགྱུར་བ་དེ་བཞིན་དུ། དེ་ཡང་འཇིག་རྟེན་འདི་མེད་དོ་ཞེས་བརྗོད་ཀྱང་ཤེས་པའི་མིག་མེད་པའི་ཕྱིར་མི་མཐོང་བས་སྐྱོན་དེ་དག་གིས་གོས་པར་འགྱུར་ཞེས་བཤད་པ་དེ་ནི་ལན་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕ་རོལ་པོས་མེད་པ་པ་དང་དབུ་མ་པ་གཉིས་དངོས་པོའི་དེ་ཁོ་ན་

རྟོག་པ་ལ་ཁྱད་པར་མེད་དོ་ཞེས་བསྟན་པ་ལ། བུད་དྷ་པཱ་ལི་ཏས་ཁྱད་པར་ཡོད་པའི་གཏན་ཚིགས་མ་བརྗོད་པའི་ཕྱིར་རོ། །འདི་སྐད་བརྗོད་ན་རིགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོ་དག་དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདི་སྐད་ཅེས་བརྗོད་ན་རིགས་སོ་ཞེས་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་གི་ལན་གདབ་པའི་

ཚིག་སྟོན་ཏོ། །དེའི་ཕྱིར། མེད་པ་པ་དང་དབུ་མ་སྨྲ་བ་དག་གང་གི་ཚེ་མཚུངས་པར་རྟོག །ཐ་སྙད་ཀྱི་དུས་སུའམ། འོན་ཏེ་དེ་ཁོ་ན་ལ་ལྟ་བའི་དུས་སུ་ཞེས་བྱ་བ་སྨྲས་ཏེ། དེ་གཉི་གའི་དུས་སུ་ཡང་ཤིན་ཏུ་མི་མཚུངས་པར་སྟོན་ཏོ། །དེ་ལ་རེ་ཞིག་ཐ་སྙད་ཀྱི་དུས་སུ་ནི་དེ་དག་རྒྱུ་དང་འབྲས་བུ་ལ་སྐུར་པ་

འདེབས་པ་ལ་མངོན་པར་ཞེན་པས་དགེ་བའི་ཕྱོགས་དྲུངས་ཕྱུང་ཞིང་མི་དགེ་བའི་ལས་ཀྱི་ལམ་ཐམས་ཅད་ལ་ཞུགས་པ་དང་། ཐ་སྙད་ཀྱི་བདེན་པ་ཉིད་ལ་གནོད་པ་བྱེད་པ་དེ་ལྟར་དབུ་མ་སྨྲ་བ་དག་རྒྱུ་དང་འབྲས་བུའི་འབྲེལ་པ་སྒྱུ་མ་དང་སྨིག་རྒྱུ་ལྟ་བུ་དག་ལ་སྐུར་པ་མི་འདེབས་ཤིང་། མི་དགེ་བའི་ལས་ཀྱི་ལམ་

เล่ม ๑๐๑ · หน้า 86a

ལ་མ་ཞུགས་པ་དང་ཟག་པ་དང་བཅས་པའི་ཕུང་པོའི་རྒྱུན་ལས་ཡང་འབྱུང་བའི་སྲིད་པའི་ཕུང་པོ་འབྱུང་ཞིང་ཕུང་པོའི་རྒྱུན་འགགས་པ་སྔོན་དུ་འགྲོ་བ་ལས་ད་ལྟར་དང་མ་འོངས་པ་རྨི་ལམ་ལྟ་བུ་དག་འབྱུང་བར་སྟོན་པས་ཐ་སྙད་ཀྱི་བདེན་པ་ཉིད་ལ་གནོད་པ་མི་བྱེད་པའི་ཕྱིར་རོ། །ཐ་སྙད་ཀྱི་དུས་སུ་ཡང་

མེད་པ་པ་དག་དང་། དབུ་མ་སྨྲ་བ་དག་མཚུངས་པ་མ་ཡིན་ལ་ཞེས་བྱ་བས་ནི་ཐ་སྙད་ཀྱི་དུས་སུ་ཡང་ཤིན་ཏུ་མི་མཚུངས་པར་བསྟན་ཏོ། །དེ་ཁོ་ན་ལ་ལྟ་བའི་དུས་སུ་ཡང་མཚུངས་པ་མ་ཡིན་ཏེ། འདི་ལྟར་མེད་པ་པ་དག་ལ་ནི་རྣམ་པར་ཤེས་པ་མེད་དོ་ཞེས་མེད་པའི་ཡུལ་ཅན་དངོས་པོ་ཐམས་ཅད་ལ་སྐུར་པ་

འདེབས་པ་འབྱུང་ཞིང་། དེ་ཡང་ལོག་པར་ཤེས་པ་ཡིན་པས་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མས་ཉེ་བར་སྦགས་པ་ཉིད་ཀྱིས་སྡུག་བསྔལ་ཉེ་བར་ཞི་བར་མི་འགྱུར་གྱི། དབུ་མ་སྨྲ་བ་དག་ལ་ནི་དེ་ཁོ་ན་ལ་ལྟ་བའི་དུས་སུ་ཡང་གཟུགས་ལ་སོགས་པའི་ཡུལ་གྱི་དངོས་པོ་དག་ལ་ཡང་ཡོད་པའི་བློ་སྔར་བྱུང་བར་

གྱུར་པ་གང་ཡིན་པ་དེ་ཡང་གཟུགས་ལ་སོགས་པའི་དངོས་པོ་སྟོང་པ་ཉིད་དུ་རྟོགས་པས་གཟུགས་ལ་སོགས་པའི་དངོས་པོ་འདི་དག་ནི་ཡོད་པ་མ་ཡིན་ནོ་སྙམ་པས་རྣམ་པར་ལྡོག་པར་འགྱུར་ཞེས་བྱ་བས་ནི་དེ་ཁོ་ན་ལ་ཡང་ལྟ་བའི་དུས་སུ་ཡང་ཤིན་ཏུ་མི་མཚུངས་པར་བསྟན་ཏོ། །གལ་ཏེ་འདིར་ཕ་རོལ་པོ་དག་

འདི་སྐད་དུ་དབུ་མ་པས་དོན་དམ་པར་དངོས་པོ་ཡོད་པར་བཀག་པས་དེའི་ཟླས་དོན་གྱིས་གོ་བས་དབུ་མ་པ་ལ་མེད་པའི་བློ་སྐྱེ་སྟེ། དཔེར་ན་ལྷས་བྱིན་ཉིན་མོ་ཟས་མི་ཟ་ལ་འཚག་བཟང་བ་ལས་ན། དོན་གྱིས་གོ་བས་ནུབ་མོ་ཟ་བར་ཤེས་པར་འགྱུར་བ་བཞིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་

དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དོན་གྱིས་གོ་བས་མེད་པའི་བློ་སྐྱེས་སོ་སྙམ་པ་ཡང་སྐྱེ་བར་མི་འགྱུར་ཏེ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར་དོན་དམ་པར་གཟུགས་ལ་སོགས་པའི་ཡུལ་མེད་དོ་སྙམ་པའི་བློ་གང་ཡིན་པ་དེ་ཡང་དོན་ཇི་ལྟ་བ་བཞིན་མ་ཡིན་ཏེ།

བློ་ཡིན་པའི་ཕྱིར། དཔེར་ན་ཡོད་པའི་བློ་བཞིན་པས། །བློ་དེ་སུན་ཕྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཡོད་པའི་བློ་ནི་བློ་ཡིན་པའི་ཕྱིར་མེད་དོ་སྙམ་

เล่ม ๑๐๑ · หน้า 86b

པའི་དོན་ཇི་ལྟ་བ་བཞིན་གྱིས་ཡུལ་ཅན་མ་ཡིན་པ་དེ་བཞིན་དུ་མེད་དོ་སྙམ་པའི་བློ་གང་ཡིན་པ་དེ་ཡང་བློ་ཡིན་པའི་ཕྱིར། མེད་པའི་དོན་ཇི་ལྟ་བ་བཞིན་གྱི་ཡུལ་ཅན་མ་ཡིན་པས་མེད་པའི་བློ་དེ་སུན་ཕྱུང་བའི་ཕྱིར་དབུ་མ་པ་ལ་མེད་པར་ལྟ་བའི་བློ་མེད་དོ། །ཡང་ན་གང་ན་དངོས་པོར་སྣང་བའི་བློ་སྐྱེ་བ་དེ་ལ་ནི་དེ་བསལ་

བས་མེད་པའི་བློ་སྐྱེ་བའི་སྐབས་ཡོད་ཀྱི་སེལ་བ་མེད་པ་ལ་ནི་མེད་པར་རྟོགས་པའི་སྒོ་ནས་མེད་པའི་བློ་ཡང་ལྡོག་པར་འགྱུར་ཏེ་ཞེས་བྱ་བས་ནི། དབུ་མ་པ་དོན་དམ་པར་དངོས་པོ་ཡོད་པར་མི་ལྟ་བ་ལ་ཡོད་པ་བསལ་བས་མེད་པར་ལྟ་བའི་བློ་ཡང་སྐྱེ་བར་མི་འགྱུར་བར་བསྟན་ཏོ། །སྤྱོད་པ་མེད་པར་སྤྱོད་པའི་

ཤེས་རབ་ཀྱི་སྤྱོད་པ་ལ་གནས་པར་རབ་ཏུ་དབེན་པར་གྱུར་པ་རྣམས་ལ་མེད་དོ་སྙམ་པའི་བློ་མི་སྐྱེ་བའི་ཕྱིར་མེད་པ་དག་དང་དབུ་མ་སྨྲ་བ་དག་ལ་སྒྲ་མཚུངས་པ་ཙམ་ཡང་མེད་དོ་ཞེས་བྱ་བས་ནི་སྒྲ་ཙམ་མཚུངས་པ་ཡང་མེད་པར་བསྟན་ཏོ། །སྟོན་པའི་དུས་ན་ཡང་ཡོད་པ་ཉིད་དགག་པ་ཙམ་བྱེད་པའི་ཕྱིར། མེད་པ་

ཉིད་དུ་སྟོན་པ་མི་བྱེད་པས་ཡུངས་འབྲུ་དང་རི་རབ་བཞིན་དུ་ཁྱད་པར་ཤིན་ཏུ་ཆེའོ་ཞེས་བྱ་བས་ནི་ཚིག་བསྟན་པའི་དུས་ན་ཡང་ཁྱད་པར་ཤིན་ཏུ་ཆེ་བར་བསྟན་ཏོ། །དེ་ལྟར་རེ་ཞིག་མདོ་མཛད་པས། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་གསུངས་པས་དོན་

དམ་པར་ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པར་བསྟན་ནས་ད་ནི་འཇིག་རྟེན་ཐ་སྙད་དུ་ནི་དོན་དམ་པར་རྟོགས་པར་འགྱུར་བའི་ཚོགས་སྦྱིན་པ་ལ་སོགས་པ་ལ་མང་པོ་ཉེ་བར་བླངས་པ་དང་རྗེས་སུ་མཐུན་པ་དང་། འཇིག་རྟེན་གྱི་ཐ་སྙད་དུ་གྲགས་པ་ཕྱི་

ནང་གི་དངོས་པོ་གང་དག་འཇིག་རྟེན་ལ་ཡང་དག་པ་ཉིད་དུ་གྲགས་པ་དེ་དག་ནི་བཅོམ་ལྡན་འདས་ཀྱིས་ཀྱང་ཡང་དག་པ་ཉིད་དོ་ཞེས་གསུངས་པ་དང་། ནམ་མཁའི་མེ་ཏོག་དང་། རི་བོང་གི་རྭ་ལ་སོགས་པ་གང་དག་འཇིག་རྟེན་ལ་ཡང་དག་པ་མ་ཡིན་པར་གྲགས་པ་དེ་དག་ནི་བཅོམ་ལྡན་འདས་ཀྱིས་ཀྱང་ཡང་

དག་པ་ཉིད་མ་ཡིན་ནོ་ཞེས་གསུངས་པ་དང་། བདེན་པ་གཉིས་རྣམ་པར་གཞག་པའི་ཚུལ་གང་དག་འཇིག་རྟེན་ལ་ཡང་དག་པ་ཉིད་དང་ཡང་དག་པ་མ་ཡིན་པ་ཉིད་དུ་གྲགས་པ་དེ་དག་ནི། བཅོམ་ལྡན་འདས་ཀྱིས་ཀྱང་ཡང་དག་པ་ཉིད་དང་ཡང་དག་པ་ཉིད་མ་ཡིན་པ་ཉིད་དོ་ཞེས་གསུངས་པས་

เล่ม ๑๐๑ · หน้า 87a

ཐ་སྙད་ཀྱི་བདེན་པའི་ལུགས་རྣམ་པར་གཞག་པའི་ཚུལ་བསྟན་པའི་ཕྱིར། ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་མཚུངས་སུ་ཟིན་ཀྱང་དོན་དམ་པར་རྟོགས་པར་འགྱུར་བའི་ཚོགས་སྦྱིན་པ་ལ་སོགས་པ་མང་པོ་ཉེ་བར་བླང་བ་དང་རྗེས་སུ་མཐུན་པའི་ཕྱིར་དང་། འཇིག་རྟེན་གྱི་ཐ་སྙད་

དུ་ཡང་ཕྱི་ནང་གི་དངོས་པོ་འདི་དག་དེ་ལྟར་བདེན་པ་ཡིན་པའི་ཕྱིར། ཇི་ལྟར་ནང་དང་ཕྱི་རོལ་གྱི་དངོས་པོ་འཇིག་རྟེན་ལ་ཡང་དག་པ་ཉིད་དུ་གྲགས་པ་དང་། ནམ་མཁའི་མེ་ཏོག་དང་། རི་བོང་གི་རྭ་ལ་སོགས་པ་ཡང་དག་པ་ཉིད་མ་ཡིན་པར་གྲགས་པ་གང་དག་ཡིན་པ་དེ་དག་ཐ་སྙད་དུ། །ཐམས་ཅད་ཡང་

དག་ཡང་དག་མིན། །ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་གང་འཇིག་རྟེན་ལ་ཡོད་པར་གྲགས་པ་དེ་ང་ཡང་ཡོད་པར་སྨྲའོ། །གང་འཇིག་རྟེན་ལ་མེད་པར་གྲགས་པ་དེ་ང་ཡང་མེད་པར་སྨྲའོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་

ཏེ། བཅོམ་ལྡན་འདས་ཀྱིས་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་སྟོང་པར་གཟིགས་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་འདི་ནི་ཡང་དག་པ་ཉིད་དོ། །འདི་ནི་ཡང་དག་པ་ཉིད་མ་ཡིན་ནོ། །འདི་ནི་ཡང་དག་པ་ཉིད་དང་ཡང་དག་པ་ཉིད་མ་ཡིན་པ་ཉིད་དོ་ཞེས་གསུངས་སོ། །དེའི་ཕྱིར་གང་གི་

ཚེ་འཇིག་རྟེན་གྱི་ཐ་སྙད་བྱ་བ་དེའི་ཚེ་ན་དོན་དམ་པར་རྟོགས་པར་འགྱུར་བའི་ཚོགས་སྦྱིན་པ་ལ་སོགས་པ་མང་པོ་ཉེ་བར་བླང་བ་དང་རྗེས་སུ་མཐུན་པ་དང་འཇིག་རྟེན་གྱི་ཐ་སྙད་དུ་གྲགས་པ་ཕུང་པོ་ལྔ་ལ་སོགས་པ་ནང་གི་དངོས་པོ་དང་བུམ་པ་དང་སྣམ་བུ་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་གང་དག་འཇིག་རྟེན་ལ་

ཡང་དག་པ་ཉིད་དུ་གྲགས་པ་དེ་དག་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱིས་ཀྱང་ཡང་དག་པ་ཉིད་དོ་ཞེས་གསུངས་པས་ཡང་དག་པ་ཉིད་དུ་བརྗོད་པར་བྱའོ། །ནམ་མཁའི་མེ་ཏོག་དང་། རི་བོང་གི་རྭ་ལ་སོགས་པ་གང་དག་འཇིག་རྟེན་ལ་ཡང་དག་པ་ཉིད་མ་ཡིན་པར་གྲགས་པ་དེ་དག་ཐམས་ཅད་ནི། བཅོམ་

ལྡན་འདས་ཀྱིས་ཀྱང་ཡང་དག་པ་ཉིད་མ་ཡིན་ནོ་ཞེས་གསུངས་པས་ཡང་དག་པ་ཉིད་མ་ཡིན་པར་བརྗོད་པར་བྱའོ། །ཡང་ན་མིག་ལ་སོགས་པ་སྐྱེ་མཆེད་རྣམས་དང་། གཟུགས་ལ་སོགས་པ་ཡུལ་རྣམས་ཐ་སྙད་ཀྱི་བདེན་པ་དང་མི་འགལ་བར་ཡོད་པས་ཐམས་ཅད་ཡང་དག་ཅེས་གསུངས་སོ་ཞེས་

เล่ม ๑๐๑ · หน้า 87b

བྱ་བས་ནི། ཡང་ན་ཐམས་ཅད་ཡང་དག་ཅེས་བྱ་བ་ནི་ཕྱི་དང་ནང་གི་སྐྱེ་མཆེད་རྣམས་ཀུན་རྫོབ་ཀྱི་བདེན་པ་དང་རྗེས་སུ་མཐུན་པར་ཡོད་པས་ཐམས་ཅད་ཡང་དག་ཅེས་བྱའོ་ཞེས་བསྟན་ཏོ། །དོན་དམ་པར་ནི་བརྟེན་ནས་བྱུང་བ་སྒྱུ་མ་བཞིན་དུ་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པའི་ཕྱིར། ཇི་ལྟར་སྣང་བ་དེ་ལྟར་ཡོད་པ་

མ་ཡིན་པས་ཡང་དག་མིན་ཞེས་གསུངས་སོ་ཞེས་བྱ་བས་ནི་ཡང་ན་ཡང་དག་མིན་ཞེས་བྱ་བ་ནི། ཕྱི་ནང་གི་སྐྱེ་མཆེད་རྣམས་དོན་དམ་པར་བརྟེན་ནས་བྱུང་བ་སྒྱུ་མ་བཞིན་དུ་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པའི་ཕྱིར། ཇི་ལྟར་སྣང་བ་དེ་ལྟར་ཡོད་པ་མ་ཡིན་པས་ཡང་དག་མིན་ཞེས་བྱའོ་ཞེས་

བསྟན་ཏོ། །བདེན་པ་གཉི་གའི་རྣམ་པ་ལ་ལྟོས་ནས། ཡང་དག་ཡང་དག་མ་ཡིན་ཉིད། །ཅེས་གསུངས་སོ་ཞེས་བྱ་བས་ནི་ཕྱི་ནང་གི་སྐྱེ་མཆེད་རྣམས་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་ནི་སྒྱུ་མ་ཙམ་དུ་བྱ་བ་བྱེད་ནུས་པ་ཉིད་དུ་ཡོད་པའི་ཕྱིར་ཡང་དག་ཉིད་ཅེས་བྱའོ། །དེ་དག་ཉིད་དོན་དམ་པའི་

བདེན་པ་ལ་ལྟོས་ནས་ངོ་བོ་ཉིད་མེད་པ་ཉིད་ཡིན་པའི་ཕྱིར་ཡང་དག་པ་མ་ཡིན་པ་ཉིད་ཅེས་བྱའོ་ཞེས་སྟོན་ཏོ། །ད་ནི་དོན་དམ་པར་ཡང་དག་པ་ཉིད་མ་ཡིན་པ་ཡང་མ་ཡིན་ལ་ཡང་དག་པ་ཉིད་ཀྱང་མ་ཡིན་པ་དེ་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་པར་བསྟན་པའི་ཕྱིར། མངོན་པར་རྟོགས་པའི་དུས་ན་རྣལ་

འབྱོར་པ་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ལ་རྣམ་པར་མི་རྟོག་པའི་ཕྱིར། ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་བསྟན་པའོ། །ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་དངོས་པོའི་ངོ་བོ་ཉིད་སྟོང་པ་སྒྱུ་མ་དང་། རྨི་ལམ་དང་། སྨིག་རྒྱུ་དང་། གཟུགས་བརྙན་དང་།

བྲག་ཅ་ལྟ་བུ་དག་མངོན་པར་རྟོགས་པའི་དུས་ན་རྣལ་འབྱོར་པ་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ལ་རྣམ་པར་མི་རྟོག་པའི་ཕྱིར། ཡང་དག་པ་ཉིད་མ་ཡིན་པར་ཡང་མི་བརྗོད་ལ། ཡང་དག་པ་ཉིད་དུ་ཡང་མི་བརྗོད་པས་ཡང་དག་པ་ཉིད་མ་ཡིན་པ་ཡང་མ་ཡིན་ལ། ཡང་དག་

པ་ཉིད་ཀྱང་མ་ཡིན་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ཡོད་པ་དང་མེད་པ་ཉིད་ཀྱི་སྐྱོན་དང་བྲལ་བ་མུ་སྟེགས་བྱེད་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དོན་དམ་པ་གསལ་བར་བྱེད་པ་ཡིན་ནོ། །ཡང་ན་འདི་ནི་དོན་གཞན་ཡིན་ཏེ། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་

เล่ม ๑๐๑ · หน้า 88a

ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་བསྟན་པའོ། །ཞེས་བྱ་བ་ཚིག་ལེའུར་བྱས་པ་འདིའི་དོན་ནི་རྣམ་པ་གཞན་དུ་རྣམ་པར་བཤད་པ་བསྟན་པའི་ཕྱིར། ཡང་ན་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤང་བའི་ཕྱིར་ནང་དང་ཕྱི་

རོལ་གྱི་སྐྱེ་མཆེད་བདག་དང་བདག་གི་དང་བྲལ་བའི་མཚན་ཉིད་གཡོ་བ་མེད་པ་ཤེས་བྱར་བསྟན་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཡང་དག་ཅེས་གསུངས་སོ་ཞེས་བྱ་བས་ནི། ཐམས་ཅད་ཡང་དག་ཅེས་བྱ་བའི་ཐ་ཚིག་གོ། །དོན་རྣམ་པ་གཞན་དུ་རྣམ་པར་བཤད་པ་སྟོན་ཏེ། བཅོམ་

ལྡན་འདས་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤང་བའི་ཕྱིར་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དང་གཟུགས་ལ་སོགས་པ་ཕྱི་རོལ་གྱི་སྐྱེ་མཆེད་བདག་དང་བདག་གི་དང་བྲལ་བའི་མཚན་ཉིད་གཡོ་བ་མེད་པ་སེམས་པ་མེད་པ་གང་ཡིན་པ་དེ་ཤེས་བྱར་བསྟན་པ་གང་དག་ཡིན་པ་དེ་དག་ཐམས་

ཅད་ནི་ཡང་དག་པ་ཉིད་ཅེས་བྱ་སྟེ། དེ་རྟོགས་ན་ཉོན་མོངས་པ་རྣམས་མི་སྐྱེ་བའི་ཕྱིར་རོ། །རྣམ་པར་ཤེས་པའི་མཚན་ཉིད་ཀྱང་བདག་གིས་བདག་དང་བཅས་པའི་ཕྱིར་དང་བདག་གི་ཡིན་པའི་ཕྱིར་བྱེད་པ་པོར་བརྗོད་པས་ཉན་པ་དང་སེམས་པ་དང་སྒོམ་པར་བྱེད་པ་དག་ཡང་དག་མིན་ཞེས་

གསུངས་སོ་ཞེས་བྱ་བས་ནི། ཐམས་ཅད་ཡང་དག་མིན་ཞེས་བྱ་བའི་ཐ་ཚིག་གི་དོན་རྣམ་པ་གཞན་དུ་རྣམ་པར་བཤད་པ་སྟོན་ཏེ། བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ཕུང་པོ་བདག་ཏུ་གསུངས་པས་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་བདག་དེས་བདག་དང་བཅས་

པའི་ཕྱིར་དང་བདག་གི་ཡིན་པའི་ཕྱིར་དང་། རྣམ་པར་ཤེས་པར་བྱེད་པ་པོར་བརྗོད་པས་ཉན་པ་དང་སེམས་པ་དང་གོམ་པར་བྱེད་པ་དག་ནི་ཡང་དག་པ་ཉིད་མ་ཡིན་ཏེ། འདི་ལྟར་དོན་དམ་པར་རྣམ་པར་ཤེས་པ་ཡང་བདག་ཏུ་མི་འདོད་པའི་ཕྱིར་རོ། །འཇིག་རྟེན་གྱི་བསྟན་བཅོས་ཀྱི་ཐ་སྙད་ལ་

ལྟོས་པའི་དབང་གིས། ཡང་དག་ཡང་དག་མ་ཡིན་ཉིད། །ཅེས་གསུངས་སོ་ཞེས་བྱ་བས་ནི། ཡང་དག་པ་ཉིད་དང་ཡང་དག་པ་མ་ཡིན་པ་ཉིད་ཅེས་བྱ་བའི་ཚིག་གི་དོན་རྣམ་པ་གཞན་དུ་རྣམ་པར་བཤད་པ་སྟོན་ཏེ། འདི་ལྟར་འཇིག་རྟེན་བདག་ཏུ་མངོན་པར་ཞེན་པ་དེའི་ཕྱིར། འཇིག་

เล่ม ๑๐๑ · หน้า 88b

རྟེན་གྱི་ཐ་སྙད་ལ་ལྟོས་པའི་དབང་གིས་རྣམ་པར་ཤེས་པ་བདག་ཏུ་སྨྲ་བ་བསྟན་པ་ནི་ཡང་དག་པ་ཉིད་ཡིན་ལ། བསྟན་བཅོས་ཀྱི་ཐ་སྙད་ལ་ལྟོས་པའི་དབང་གིས་བདག་མེད་པའི་ཕྱིར་རྣམ་པར་ཤེས་པ་བདག་མ་ཡིན་པར་བསྟན་པ་ནི་ཡང་དག་པ་མ་ཡིན་པ་ཉིད་དོ། །ཐེག་པ་ཆེན་པོའི་ཚུལ་གྱིས་ཆོས་

ཐམས་ཅད་སྐྱེ་བ་མེད་པའི་ཕྱིར། ཤེས་པ་རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་ཉིད་དུ་འགྱུར་བ་དངོས་པོའི་ཚུལ་གྱིས་ཡང་དག་པ་ཉིད་ལ་སོགས་པར་རྣམ་པར་བརྟགས་པ་གང་ཡིན་པ་དེ་ལྟ་བུ་མེད་པས། ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་

བསྟན་པའོ། །ཞེས་བྱ་བས་ནི་ཡང་དག་པ་མ་ཡིན་པ་ཉིད་ཀྱང་མ་ཡིན་ལ། ཡང་དག་པ་ཉིད་ཀྱང་མ་ཡིན་པ་ཞེས་བྱ་བའི་ཚིག་གི་དོན་རྣམ་པ་གཞན་དུ་རྣམ་པར་བཤད་པ་སྟོན་ཏེ། ཐེག་པ་ཆེན་པོའི་ཚུལ་ནི་དོན་དམ་པ་པ་སྟེ། དེས་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་

པའི་ཤེས་པ་དང་། རྣམ་པར་རྟོག་པ་མེད་པའི་ཤེས་པའི་སྤྱོད་ཡུལ་ཉིད་དུ་འགྱུར་བ་དངོས་པོའི་ཚུལ་གྱིས་ཡང་དག་པ་མ་ཡིན་པ་ཉིད་དུ་རྣམ་པར་རྟོག་པ་གང་ཡིན་པ་དེ་ལྟ་བུ་མེད་པས་ཡང་དག་པ་མ་ཡིན་པ་ཉིད་ཀྱང་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ནི་དངོས་པོ་

རྒྱུ་དང་རྐྱེན་ལས་གདགས་པར་ཟད་ཀྱི། ཡོད་པ་དང་མེད་པ་ནི་མ་ཡིན་པའི་ཕྱིར་རོ། །དེ་ནི་སངས་རྒྱས་བསྟན་པའོ། །ཞེས་གསུངས་པ་ལ། སངས་རྒྱས་ཞེས་བྱ་བ་དང་། བསྟན་པ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་བསྟན་པ་ཞེས་བྱ་བའི་ཚིག་གི་དོན་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར།

དེ་ལ་སངས་རྒྱས་ཞེས་བྱ་བ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་མ་ལུས་པར་ཐུགས་སུ་ཆུད་པའི་ཕྱིར། སངས་རྒྱས་ཏེ་དྲང་སྲོང་མཆོག་རྣམས་སོ། །བསྟན་པ་ཞེས་བྱ་བ་ནི་ལྷ་དང་མིའི་མཐོ་རིས་དང་བྱང་གྲོལ་གྱི་བདེ་བ་འདོད་པ་རྣམས་ལ་དབང་པོ་དང་བསམ་པ་དང་བག་ལ་ཉལ་དང་དུས་ཀྱི་དབང་གིས་

མཐོ་རིས་དང་བྱང་གྲོལ་གྱི་ལམ་ཕྱིན་ཅི་མ་ལོག་པར་རྗེས་སུ་སྟོན་པས་བསྟན་པའོ། །ཡང་ན་རང་དང་གཞན་གྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་བག་ཆགས་དང་བཅས་པའི་དགྲ་ཐམས་ཅད་ཚར་གཅོད་པས་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་བསྟན་པ་

เล่ม ๑๐๑ · หน้า 89a

སྟེ་ཞེས་བྱ་བ་སྨྲས་སོ། །སངས་རྒྱས་རྣམས་ཀྱི་བསྟན་པ་དེའི་ངོ་བོ་ཉིད་གང་ཡིན་པ་དང་དེ་ལ་ནན་ཏན་བྱ་བར་བསྐུལ་བ་བསྟན་པའི་ཕྱིར། ཐ་སྙད་དང་དོན་དམ་པའི་བདེན་པའི་ཚུལ་མཆོག་ཏུ་རྨད་དུ་བྱུང་བ་ཐོགས་པ་མེད་པ་སྨྲ་བ་གཞན་དག་དང་ཐུན་མོང་མ་ཡིན་པ་སྟེ།

མངོན་པར་ཞེན་པའི་ཟུག་རྔུ་ཐམས་ཅད་དབྱུང་བའི་ཕྱིར་དེ་ལ་ནན་ཏན་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ཐ་སྙད་དང་དོན་དམ་པའི་བདེན་པའི་ཚུལ་ཡོད་པ་དང་མེད་པ་ཉིད་ཀྱི་སྐྱོན་དང་བྲལ་བ་མུ་སྟེགས་བྱེད་ཐམས་ཅད་དང་ཐུན་མོང་མ་

ཡིན་པ་དོན་དམ་པ་གསལ་བར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་ཁོ་ན་མཐོང་བར་འདོད་པ་རྣམས་ཀྱིས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་པོ་ཐམས་ཅད་ལ་མངོན་པར་ཞེན་པའི་ཟུག་རྔུ་ཐམས་ཅད་དབྱུང་བའི་ཕྱིར། འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་གསུངས་པ་དག་ལ་མངོན་

པར་མ་ཞེན་པར་བྱས་ཏེ་དེ་ཁོ་ན་གང་ཉིད་ཡིན་པ་དེ་ཉིད་ལ་ནན་ཏན་བྱའོ།། །།བམ་པོ་དྲུག་ཅུ་གཉིས་པ། རང་གི་སྡེ་དང་། གཞན་གྱི་སྡེ་པ་དག་ལས་ཕལ་ཆེར་སྐྱོན་འདོགས་པར་བྱེད་དེ། གལ་ཏེ་ཁྱོད་དངོས་པོའི་ངོ་བོ་ཉིད་གཞན་གྱིས་ཡོངས་སུ་བཏགས་པ་མ་ལུས་པར་

བསལ་བས་དེ་ཁོ་ན་རྟོགས་པར་འདོགས་ན། འོ་ན་དེའི་མཚན་ཉིད་བསྟན་པར་བྱ་དགོས་སོ། །ཅི་སྟེ་མི་སྟོན་ན་ནི་རང་གི་ཕྱོགས་ངེས་པར་མི་འཇོག་ལ། གཞན་གྱི་ཕྱོགས་སུན་འབྱིན་པར་བྱེད་པའི་ཕྱིར་ཁྱེད་ཅོ་འདྲི་བ་ཉིད་ཡིན་ནོ་ཞེས་བྱ་བས་ནི། སྔར་བསྟན་བཅོས་མཛད་པ། ཐམས་ཅད་

ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་བསྟན་པའོ། །ཞེས་གསུངས་པས། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་ནི་འདི་ནི་ཡང་དག་པ་ཉིད་དོ། །འདི་ནི་ཡང་དག་པ་ཉིད་མ་ཡིན་ནོ། །འདི་ནི་ཡང་དག་

པ་ཉིད་དང་། ཡང་དག་པ་ཉིད་མ་ཡིན་ནོ་ཞེས་ཀྱང་གསུངས་ལ། དོན་དམ་པར་ནི་ཡང་དག་པ་ཉིད་མ་ཡིན་པར་ཡང་མི་བརྗོད་ལ། ཡང་དག་པ་ཉིད་དུ་ཡང་མི་བརྗོད་པ་དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ཡོད་པ་དང་མེད་པ་ཉིད་ཀྱི་སྐྱོན་དང་བྲལ་བ། མུ་སྟེགས་བྱེད་ཐམས་

เล่ม ๑๐๑ · หน้า 89b

ཅད་དང་ཐུན་མོང་མ་ཡིན་པ། དོན་དམ་པ་གསལ་བར་བྱེད་པ་ཡིན་པར་གསུངས་པས་དེའི་ཕྱིར་དེ་ཁོ་ན་མཐོང་བར་འདོད་པ་རྣམས་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་གསུངས་པ་དེ་དག་ལ་མངོན་པར་མ་ཞེན་པར་བྱས་ཏེ། དོན་དམ་པར་དེ་ཁོ་ན་གང་ཉིད་ཡིན་པ་དེ་ཉིད་ལ་ནན་ཏན་བྱའོ་ཞེས་

བཤད་པ་དེ་ལ། འདིར་རང་གི་སྡེ་པ་དང་། གཞན་གྱི་སྡེ་པ་དག་ལས་ཕལ་ཆེར་སྐྱོན་འདོགས་པར་བྱེད་དེ། དེ་དག་ན་རེ་གལ་ཏེ་ཁྱེད་དབུ་མ་པ་དངོས་པོའི་ངོ་བོ་ཉིད་གཞན་གྱིས་ཡོངས་སུ་བཏགས་པ་མ་ལུས་པར་བསལ་བས་དེ་ཁོ་ན་རྟོགས་པར་འདོད་ན། འོ་ན་དེས་ན་དེ་ཁོ་ནའི་མཚན་ཉིད་གང་ཡིན་

པ་བསྟན་པར་བྱ་དགོས་སོ། །ཅི་སྟེ་མི་སྟོན་ན་ཁྱེད་རང་གི་ཕྱོགས་ངེས་པར་མི་འཇོག་ལ། གཞན་གྱི་ཕྱོགས་སུན་འབྱིན་པར་བྱེད་པའི་ཕྱིར། ཁྱེད་ཀྱི་སྒྲུབ་པ་དེ་གཞན་ལ་ཅོ་འདྲི་བ་ཉིད་ཡིན་པས་བདེན་པ་མ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་

འདིར་བཤད་པ། གལ་ཏེ་དེ་ཁོ་ནའི་མཚན་ཉིད་བརྗོད་པར་བྱ་བ་ཞིག་ཡིན་ན་ནི། བསྟན་པར་བྱ་དགོས་པ་ཡང་བདེན་པ་ཞིག་ནི་དེ་ནི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པའི་དེ་ཁོ་ནའི་མཚན་ཉིད་ནི་བརྗོད་པར་བྱ་བ་མ་ཡིན་ཏེ། ཇི་སྐད་དུ། འཇམ་དཔལ་ཁྱོད་ཀྱིས་དོན་དམ་པ་སྟོན་ཅིག་

ཅེས་བཀའ་སྩལ་པ་དང་། འཇམ་དཔལ་ཅང་མི་སྨྲ་བར་འདུག་པ་ན་དེ་བཞིན་གཤེགས་པས་འཇམ་དཔལ་ཁྱོད་ཀྱིས་དོན་དམ་པ་ལེགས་པར་བསྟན་ཏོ་ཞེས་བཀའ་སྩལ་ཏོ་ཞེས་གསུངས་པས། འདིར་ཡང་དོན་དམ་པའི་དེ་ཁོ་ནའི་མཚན་ཉིད་དེ་ནི་བརྗོད་པར་བྱ་བ་མ་ཡིན་པས་ཁོ་བོས་དེ་མ་བསྟན་པར་ཁྱེད་

དེ་ལ་མངོན་པར་ཞེན་པའི་ཕྱོགས་དགག་པ་ཙམ་བྱས་པའི་ཕྱིར། ཁོ་བོས་ཁྱེད་ལ་ཅོ་འདྲི་བ་ཉིད་མ་ཡིན་ནོ་ཞེས་སྟོན་ཏོ། །འོན་ཀྱང་སྐྱེ་བོ་ལས་དང་པོ་པ་དག་ཡང་དག་པར་དབུགས་དབྱུང་བའི་ཕྱིར་སོ་སོར་རྟོག་པའི་ཤེས་པ་རྣམ་པར་རྟོག་པ་དང་བཅས་པས་དེ་ལྟར་རྣམ་པར་ངེས་པས་འདི་བཤད་པར་བྱ་སྟེ་ཞེས་བྱ་བས་

ནི། དེ་ལྟར་དོན་དམ་པའི་དེ་ཁོ་ནའི་མཚན་ཉིད་དེ་ནི་བརྗོད་པར་མི་ནུས་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཀྱི་ཐ་སྙད་དུ་སྐྱེ་བོ་ལས་དང་པོ་པ་ཡང་དག་པར་དབུགས་དབྱུང་བའི་ཕྱིར། སོ་སོར་རྟོག་པའི་ཤེས་པ་ཐ་སྙད་པ་རྣམ་པར་རྟོག་པ་དང་བཅས་པས་དེ་ཁོ་ནའི་མཚན་ཉིད་ཇི་ལྟ་བ་དེ་ལྟར་རྣམ་པར་ངེས་པས་དོན་དམ་པ་

เล่ม ๑๐๑ · หน้า 90a

པའི་དེ་ཁོ་ནའི་མཚན་ཉིད་འདི་བཤད་པར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་བྱ་བ་སྨྲས་ཏེ། དེས་ནི་རེ་ཞིག་དོན་དམ་པ་

པའི་དེ་ཁོ་ནའི་མཚན་ཉིད་བསྟན་ཏོ། །དེ་དག་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། །དེ་ལ་གཞན་ལས་ཤེས་མིན་ཞེས་བྱ་བ་ནི། འདི་ལ་གཞན་ལས་ཤེས་པ་མེད་པ་སྟེ། ལུང་མེད་པར་བདག་གི་མངོན་སུམ་དུ་འགྱུར་ཞིང་བདག་ཉིད་ཀྱིས་རང་རིག་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ།

དོན་དམ་པ་འདི་ལ་གང་ཟག་གཞན་ལས་ཤེས་པ་མེད་པ་སྟེ། གཞན་གྱི་ལུང་མེད་པར་བདག་གི་མངོན་སུམ་དུ་འགྱུར་ཞིང་བདག་ཉིད་ཀྱིས་རང་རིག་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཞི་བ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཏེ། དངོས་པོའི་ངོ་བོ་ཉིད་དང་ཁྱད་པར་གྱི་ཡུལ་ལ་རྣམ་པར་རྟོག་པའི་

སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ངོ་བོ་ཉིད་སྟོང་པའི་ཕྱིར་དངོས་པོའི་ངོ་བོ་ཉིད་དང་ཁྱད་པར་གྱི་ཡུལ་ལ་རྣམ་པར་རྟོག་པ་མ་ཞི་བའི་སྤྱོད་ཡུལ་མ་ཡིན་པས་ཞི་བ་ཡིན་ནོ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །ཞེས་བྱ་བ་ནི་མངོན་པར་བརྗོད་པའི་མཚན་ཉིད་ཀྱི་སྤྲོས་པ་ཉེ་བར་ཞི་བའི་ཕྱིར་རོ་ཞེས་བྱ་བ་ནི།

འཇིག་རྟེན་པའི་སྤྲོས་པ་གང་ལ་མངོན་པར་བརྗོད་པའི་མཚན་ཉིད་ཡོད་པའི་སྤྲོས་པ་དེ་ཉེ་བར་ཞི་བའི་ཕྱིར་ཏེ། འཇིག་རྟེན་གྱི་ཆོས་རྣམས་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་རྟོག་པ་མེད་པ་ཞེས་བྱ་བ་ནི་སྣང་བ་མེད་པ་ཉིད་ཀྱིས་འདི་དང་འདིའོ་ཞེས་རྣམ་པར་མ་བརྟགས་པའི་ཕྱིར་རོ་ཞེས་བྱ་བ་ནི་

གང་ལ་ཡུལ་སྣང་བ་དང་བྲལ་བ་དེ་ནི་སྣང་བ་མེད་པའོ། །དེའི་དངོས་པོ་ནི་སྣང་བ་མེད་པ་ཉིད་དེ། དེས་འདི་ནི་ཁ་དོག་གོ། །འདི་ནི་དབྱིབས་སོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་རྣམ་པར་མ་བརྟགས་པའི་ཕྱིར་རྣམ་པར་རྟོག་པ་མེད་པ་ཞེས་བྱ་བའོ། །དོན་ཐ་དད་པ་མ་ཡིན་པ་ཞེས་བྱ་བ་ནི་ཆོས་ཉིད་རོ་གཅིག་

པའི་ཕྱིར་དོན་དབྱེར་མེད་པ་དེ་ཞེས་བྱ་བ་ནི། ཆོས་ཉིད་ཀྱི་རོ་སྟོང་པ་ཉིད་ཅེས་བྱ་བར་གཅིག་པའི་ཕྱིར་དམིགས་སུ་མེད་པས་དོན་དབྱེར་མེད་པའི་ཕྱིར་དོན་ཐ་དད་པ་མ་ཡིན་པ་ཞེས་བྱའོ། །དེ་ནི་དེ་ཁོ་ནའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ནི་དོན་སྔ་མ་ལྔ་པོ་དག་གི་མཇུག་བསྡུ་བ་སྟེ། དེ་ནི་དེ་ཉིད་མཚན་ཉིད་དོ། །

เล่ม ๑๐๑ · หน้า 90b

ཞེས་བྱ་བ་དང་སྦྱར་རོ། །ད་ནི་ཚིག་གི་དོན་ལྔ་པོ་དེ་དག་གི་མཚམས་སྦྱར་བ་བསྟན་པའི་ཕྱིར་དེ་ལ་གང་གི་ཕྱིར་རྣམ་པར་རྟོག་པ་མེད་པ་དེའི་ཕྱིར་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པའོ་ཞེས་བྱ་བ་ནི། འདི་ལྟར་རྣམ་པར་རྟོག་པས་ཀུན་ནས་བསླང་བ་ལས་མངོན་པར་བརྗོད་པའི་མཚན་ཉིད་ཀྱི་སྤྲོས་པ་

འབྱུང་བའི་ཕྱིར་རོ། །གང་གི་ཕྱིར་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ་དེའི་ཕྱིར་ཞི་བའོ་ཞེས་བྱ་བ་ནི། འདི་ལྟར་སྤྲོས་པ་དག་མི་འཇུག་པ་ཉིད་ཞི་བ་ཞེས་བརྗོད་པའི་ཕྱིར་རོ། །གང་གི་ཕྱིར་ཞི་བ་དེའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ་ཞེས་བྱ་བ་ནི་འདི་ལྟར་མ་ཞི་བ་ཉིད་ལ་

རྣམ་པར་རྟོག་པའི་ཤེས་པ་དོན་ཐ་དད་པའི་ཡུལ་ཅན་སྐྱེ་བའི་ཕྱིར་རོ། །གང་གི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པ་དེའི་ཕྱིར་གཞན་ལས་ཤེས་པ་མ་ཡིན་ནོ་ཞེས་བྱ་བ་ནི། འདི་ལྟར་གཞན་ལས་ཤེས་པ་ལ་རྣམ་པར་རྟོག་པ་འབྱུང་བའི་ཕྱིར་རོ། །གང་གཞན་ལས་ཤེས་

པ་མ་ཡིན་པ་དེ་ལ་ཚིག་མི་འཇུག་པས་དེའི་ཕྱིར། དེ་ཁོ་ནའི་ངོ་བོ་ཉིད་ནི་ཚིག་གིས་སྒྲོ་གདགས་པ་ལས་ཡང་དག་པར་འདས་པ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་ཚིག་ཏུ་བརྗོད་པར་བྱ་བ་ཡིན་ན་གཞན་ལས་ཤེས་པ་ཉིད་དུ་འགྱུར་བས་དེའི་ཕྱིར། དེ་ཁོ་ནའི་ངོ་བོ་ཉིད་ནི་ཚིག་གི་སྒྲོ་གདགས་

པ་ལས་ཡང་དག་པར་འདས་པ་ཡིན་པས་དེ་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ནི་བརྗོད་པར་མི་ནུས་མོད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི། དེ་ལྟར་དེ་ཁོ་ནའི་མཚན་ཉིད་དེ་ནི་བརྗོད་པར་མི་ནུས་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཀྱི་ཐ་སྙད་དུ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དང་ཁྱད་པར་

དགག་པ་སྟོན་པའི་བཤད་པ་ཡི་གེ་ལ་བརྟེན་ཏེ་འབྱུང་བས་དོན་དམ་པ་པའི་དེ་ཁོ་ན་ཐབས་ཀྱི་སྒོ་ནས་བསྟན་ཏོ་ཞེས་བྱ་བར་སྦྱར་རོ། །ད་ཉིད་བསྟན་པའི་ཕྱིར། དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དང་ཁྱད་པར་དགག་པ་སྟོན་པའི་བཤད་པ་དེ་ཁོ་ནའི་ངོ་བོ་ཉིད་རྟོགས་པར་ནུས་པ། རྣམ་པར་

མི་རྟོག་པའི་ཤེས་པ་སྐྱེ་བ་མེད་པའི་ཚུལ་གྱིས་སྐྱེ་བ་དང་རྗེས་སུ་མཐུན་པ། ཡི་གེར་སྒྲོ་བཏགས་པ་ལས་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་སྨྲས་ཏེ། དེ་ལ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དང་། ཁྱད་པར་དགག་པ་སྟོན་པའི་བཤད་པ་ཞེས་བྱ་བ་ནི་ཁྱད་པར་གྱི་གཞི་ཡིན་ལ། དེ་ཁོ་

เล่ม ๑๐๑ · หน้า 91a

ནའི་ངོ་བོ་ཉིད་རྟོགས་པར་ནུས་པ་རྣམ་པར་མི་རྟོག་པའི་ཤེས་པ་སྐྱེ་བ་མེད་པའི་ཚུལ་གྱིས་སྐྱེ་བ་དང་རྗེས་སུ་མཐུན་པ་ཞེས་བྱ་བ་དག་ནི་བཤད་པ་དེའི་ཁྱད་པར་ཡིན་ནོ། །དེ་ལྟ་བུའི་ཁྱད་པར་དང་ལྡན་པའི་བཤད་པ་དེ་སྒོ་གང་ནས་འབྱུང་བར་འགྱུར་ཞེ་ན། ཡི་གེར་སྒྲོ་བཏགས་པ་

པ་ལས་འབྱུང་བར་འགྱུར་ཏེ་ཀུན་རྫོབ་ཀྱི་ཐ་སྙད་དུ་དེ་ལྟ་བུའི་བཤད་པ་ཡི་གེ་ལ་བརྟེན་ཏེ་འབྱུང་བས་དོན་དམ་པ་པའི་དེ་ཁོ་ན་ཐབས་ཀྱིས་བསྟན་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་དེ་ཁོ་ན་རང་རིག་པར་བྱ་བ་ཐབས་ཀྱི་སྒོ་ནས་བསྟན་པས་མཚན་ཉིད་མ་བསྟན་པ་མ་ཡིན་པའི་ཕྱིར་ཅོ་འདྲི་བ་ཉིད་མ་ཡིན་

པས་སྐྱོན་གདགས་སུ་མེད་དོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་ལན་གྱི་མཇུག་བསྡུ་བ་ཡིན་ནོ། །དེ་ལྟར་རེ་ཞིག་དོན་དམ་པ་པའི་དེ་ཁོ་ན་བསྟན་ཏོ་ཞེས་བྱ་བ་ནི། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །

ཞེས་བྱ་བ་དེ་ནི་རེ་ཞིག་དོན་དམ་པ་པའི་དེ་ཁོ་ནའི་མཚན་ཉིད་བསྟན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ད་ནི་ཀུན་རྫོབ་པ་བཤད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི། ཀུན་རྫོབ་པའི་དེ་ཁོ་ནའི་མཚན་ཉིད་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་

ཉིད་མིན། །རྒྱུ་གང་ལ་བརྟེན་ཏེ་འབྲས་བུ་གང་བྱུང་བ་དེ་ནི་རེ་ཞིག་དེ་ཉིད་མ་ཡིན་ཏེ། རྒྱུ་ལས་འབྲས་བུ་གཞན་མ་ཡིན་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་ས་བོན་ལ་བརྟེན་ཏེ་མྱུ་གུ་འབྱུང་བ་ནི་ས་བོན་གང་ཁོ་ན་ཡིན་པ་དེ་མྱུ་གུ་ཁོ་ན་མ་ཡིན་པ་བཞིན་ནོ། །

དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། རྒྱུ་ལས་འབྲས་བུ་གཞན་མ་ཡིན་པ་དེ་ཉིད་མ་ཡིན་ནོ་ཞེས་ཤེས་པར་བྱར་ནུས་ཏེ། བློ་ཐ་དད་པས་ཤེས་པར་བྱ་བ་ཡིན་པའི་ཕྱིར། དཔེར་ན་རྟོགས་པ་དང་རྟོགས་པར་བྱ་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་

ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྟོགས་པ་དང་རྟོགས་པར་བྱ་བ་ནི་བློ་ཐ་དད་པས་ཤེས་པར་བྱ་བ་ཡིན་པའི་ཕྱིར། དེ་གཉིས་གཅིག་པ་ཉིད་མ་ཡིན་པ་དེ་བཞིན་དུ་རྒྱུ་དང་འབྲས་བུ་ཡང་བློ་ཐ་དད་པས་ཤེས་པར་བྱ་བ་ཡིན་པའི་ཕྱིར་དེ་གཉིས་ཀྱང་

เล่ม ๑๐๑ · หน้า 91b

གཅིག་པ་ཉིད་མ་ཡིན་ནོ། །དེ་ཉིད་ཀྱི་འཐད་པ་གཞན་བསྟན་པའི་ཕྱིར། ཡང་ན་རྒྱུ་གང་ལ་བརྟེན་ཏེ་འབྲས་བུ་གང་བྱུང་བ་དེ་ནི་རེ་ཞིག་དེ་ཉིད་མ་ཡིན་ཏེ། རྒྱུའི་བདག་ཉིད་ལས་མི་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རྒྱུ་དང་འབྲས་བུ་གཉིས་གཅིག་པ་ཉིད་ཡིན་

པར་གྱུར་ན་རྒྱུའི་བདག་ཉིད་ལས་རྒྱུ་ཉིད་མི་སྐྱེ་བ་དེ་བཞིན་དུ་རྒྱུའི་བདག་ཉིད་ལས་འབྲས་བུ་ཡང་མི་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་དེ་ནི་མི་འདོད་དོ། །ད་ནི་རྒྱུ་དང་འབྲས་བུ་གཉིས་གཞན་ཉིད་ཀྱང་མ་ཡིན་པར་བསྟན་པའི་ཕྱིར། དེ་ལས་གཞན་པ་ཡང་མ་ཡིན་པ་དེའི་ཕྱིར་ཞེས་བྱ་བ་སྨྲས་ཏེ།

དཔེར་ན་ས་བོན་ལས་གཞན་པ་མྱུ་གུའི་ངོ་བོ་ཉིད་མེད་པའི་ཕྱིར། ས་བོན་ལས་མྱུ་གུ་གཞན་པའང་མ་ཡིན་པ་བཞིན་ནོ། །དེ་ཉིད་ཀྱི་འཐད་པ་གཞན་བསྟན་པའི་ཕྱིར། གང་ལས་བརྟེན་ཏེ་གང་འབྱུང་བ། །དེ་ནི་དེ་ལས་གཞན་པའང་མ་ཡིན་ཏེ། །ཞེས་ཤེས་པར་བྱར་ནུས་ཏེ། རྒྱུ་

མ་ཡིན་པ་ལས་མི་སྐྱེ་བ་བཞིན་དུ་རྒྱུ་ལས་ཀྱང་འབྲས་བུ་མི་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རྒྱུ་དང་འབྲས་བུ་གཉིས་གཞན་ཉིད་ཡིན་པར་གྱུར་ན་ཇི་ལྟར་འབྲས་ཀྱི་རྒྱུ་མ་ཡིན་པ་ནས་ལས་འབྲས་མི་སྐྱེ་བ་དེ་བཞིན་དུ། འབྲས་ཀྱི་རྒྱུན་འབྲས་ཀྱི་ས་བོན་

ཉིད་ལས་ཀྱང་འབྲས་ཀྱི་མྱུ་གུ་མི་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་ཡང་དེ་མི་འདོད་དོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། ཡང་ན་རྒྱུ་ལས་འབྲས་བུ་གཞན་པའང་མ་ཡིན་ཏེ་ཞེས་བྱ་བར་ཤེས་པར་བྱ་སྟེ། རྒྱུ་དང་འབྲས་བུར་འབྲེལ་ན་བརྟེན་ཏེ་འབྱུང་བའི་ཕྱིར་རྒྱུའི་རང་གི་བདག་ཉིད་བཞིན་ནོ་

ཞེས་རྗེས་སུ་དཔག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྒྱུའི་རང་གི་བདག་ཉིད་ནི་རང་གི་རྒྱུ་དང་འབྲས་བུར་འབྲེལ་ན་བརྟེན་ཏེ་བྱུང་བའི་ཕྱིར་རང་གི་བདག་

ཉིད་ལས་རང་ཉིད་གཞན་ཉིད་མ་ཡིན་པ་དེ་བཞིན་དུ། རྒྱུ་དང་འབྲས་བུ་གཉིས་ཀྱང་འབྲེལ་ན་བརྟེན་ཏེ་བྱུང་བའི་ཕྱིར་རྒྱུ་ལས་འབྲས་བུ་གཞན་པ་ཉིད་ཀྱང་མ་ཡིན་ནོ། །གཏན་ཚིགས་ཀྱི་སྦྱོར་བ་ཁྱད་པར་དང་བཅས་པ་ཡིན་པའི་ཕྱིར། དེ་ལས་གཞན་པ་ལ་བརྟེན་ཏེ་བྱུང་བའི་འབྲས་བུ་

เล่ม ๑๐๑ · หน้า 92a

དག་གིས་མ་ངེས་པ་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བས་ནི། རྗེས་སུ་དཔག་པ་སྔ་མའི་གཏན་ཚིགས་ཀྱི་སྦྱོར་བ་ལ་རྒྱུ་དང་འབྲས་བུར་འབྲེལ་ན་ཞེས་བྱ་བ་དང་བརྟེན་ཏེ་བྱུང་བའི་ཕྱིར་ཞེས་བྱ་བ་ཚིག་གཉིས་སྨོས་པ་ནི། གལ་ཏེ་རྒྱུ་དང་འབྲས་བུར་འབྲེལ་ན་ཞེས་བྱ་བའི་ཁྱད་པར་མ་སྨོས་པར་

བརྟེན་ཏེ་འབྱུང་བའི་ཕྱིར་ཞེས་བྱ་བ་དེ་ཙམ་ཞིག་སྨོས་པར་གྱུར་ན་ཕ་རོལ་པོ་དག་འདི་སྐད་ཅེས་འདི་ན་བརྟེན་ཏེ་བྱུང་ཡང་གཞན་ཡིན་པ་ནས་ཀྱི་ས་བོན་དང་འབྲས་ཀྱི་མྱུ་གུ་ལྟ་བུ་དག་སྣང་བས་དེས་ན་ཅི་རེ་ཞིག་བརྟེན་ཏེ་བྱུང་བའི་ཕྱིར། དཔེར་ན་ནས་ཀྱི་ས་བོན་ལས་འབྲས་ཀྱི་མྱུ་གུ་གཞན་ཉིད་ཡིན་པར་དེ་

བཞིན་དུ། རྒྱུ་ལས་འབྲས་བུ་གཞན་ཉིད་ཡིན་པར་འགྱུར་རམ། འོན་ཏེ་བརྟེན་ཏེ་བྱུང་བའི་ཕྱིར་དཔེར་ན་ནས་ཀྱི་ས་བོན་ལས་ནས་ཀྱི་མྱུ་གུ་གཞན་ཉིད་མ་ཡིན་པ་བཞིན་དུ་རྒྱུ་ལས་འབྲས་བུ་གཞན་ཉིད་མ་ཡིན་པར་འགྱུར་བ་མ་ངེས་པས་དབུ་མ་པའི་གཏན་ཚིགས་དེ་མ་གྲུབ་པོ་ཞེས་ཟེར་བར་འགྱུར་བས་མ་

ངེས་པ་ཉིད་ཀྱི་སྐྱོན་དེ་བསལ་བའི་ཕྱིར། རྒྱུ་དང་འབྲས་བུར་འབྲེལ་ན་བརྟེན་ཏེ་བྱུང་བའི་ཕྱིར་ཞེས་གཏན་ཚིགས་ཀྱི་སྦྱོར་བ་ཁྱད་པར་དང་བཅས་པ་བྱས་ཏེ། དེའི་ཕྱིར་ནས་ཀྱི་ས་བོན་དེ་ལས་གཞན་པ་འབྲས་ཀྱི་ས་བོན་ལ་བརྟེན་ཏེ་བྱུང་བའི་འབྲས་ཀྱི་མྱུ་གུ་དང་ནས་ཀྱི་ས་བོན་དག་བརྟེན་ཏེ་བྱུང་ཡང་རྒྱུ་དང་འབྲས་བུར་མ་

འབྲེལ་བས་གཞན་ཡིན་པ་ལྟ་བུ་དག་གི་མ་ངེས་པ་ཉིད་མ་ཡིན་ཏེ། ནས་ཀྱི་ས་བོན་དང་ནས་ཀྱི་མྱུ་གུ་དང་རྒྱུ་དང་འབྲས་བུར་འབྲེལ་པ་ཡང་ཡིན་ལ། བརྟེན་ཏེ་འབྱུང་བ་ཡང་ཡིན་པའི་ཕྱིར་དེ་གཉིས་གཞན་པ་ཉིད་མ་ཡིན་པ་འདིར་གཏན་ཚིགས་སུ་བྱེད་པས་དེ་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བསྟན་ཏོ། །ཕྱིར་

ཞེས་བྱ་བའི་སྒྲ་ནི་གཏན་ཚིགས་ཀྱི་དོན་ཏེ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་རྩ་བ་འདས་མ་ཐག་པས། དེ་ལས་གཞན་པའང་མ་ཡིན་ཕྱིར། །ཞེས་བྱ་བ་དེའི་མཇུག་ནས་ཕྱིར་ཞེས་བྱ་བའི་སྒྲ་སྨོས་པ་ནི་འོག་ནས། དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་འབྱུང་བ་དེ་སྒྲུབ་པའི་གཏན་ཚིགས་ཀྱི་དོན་ཡིན་

པར་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར་གང་གི་ཕྱིར་དེ་ལྟར་རྒྱུ་ལས་འབྲས་བུ་དེ་ཉིད་ཀྱང་མ་ཡིན་ལ། གཞན་པ་ཡང་མ་ཡིན་པ་དེའི་ཕྱིར། དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་བྱ་བ་སྨྲས་སོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། འདི་ལ་གང་གི་ཕྱིར་རྒྱུ་ཞིག་ཀྱང་འབྲས་བུ་སྐྱེ་བས་རྒྱུན་གྱིས་

เล่ม ๑๐๑ · หน้า 92b

ངེས་པར་གནས་ཤིང་རྒྱུན་ཞིག་ཀྱང་འབྲས་བུ་དེ་མི་འཇིག་པའི་གཞན་ཉིད་མ་ཡིན་པས་ཆད་པ་མ་ཡིན་ལ། གང་གི་ཕྱིར་འབྲས་བུའི་དུས་ན་རྒྱུ་འཇིག་ཅིང་རྒྱུ་དེ་ཞིག་ཀྱང་འབྲས་བུ་ནམ་ཡང་མི་འཇིག་པས་དེའི་ཕྱིར། དེ་ཉིད་མ་ཡིན་པས་རྟག་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་

གང་གི་ཕྱིར་གང་ལ་བརྟེན་ཏེ་གང་བྱུང་བ་དེ་ཉིད་ཀྱང་མ་ཡིན་ལ། དེ་དེ་ལས་གཞན་པའང་མ་ཡིན་པ་དེའི་ཕྱིར་ཆད་པ་ཡང་མ་ཡིན་ལ། རྟག་པ་ཡང་མ་ཡིན་ནོ། །འདི་ལྟར་ས་བོན་ཉིད་མྱུ་གུ་ཡིན་པར་གྱུར་ན་ས་བོན་རྟག་པར་འགྱུར་རོ། །གང་གི་ཕྱིར་ས་བོན་ཉིད་མྱུ་གུ་མ་ཡིན་པ་དེའི་ཕྱིར་ས་བོན་རྟག་

པ་མ་ཡིན་ནོ། །གལ་ཏེ་ས་བོན་ཡང་གཞན་ཉིད་ལ་མྱུ་གུ་ཡང་གཞན་ཡིན་པར་གྱུར་ན། དེ་ལྟ་ན་ས་བོན་རྣམ་པ་ཐམས་ཅད་དུ་རྒྱུན་ཆད་པས་ཆད་པར་འགྱུར་རོ། །གང་གི་ཕྱིར་ས་བོན་ལས་མྱུ་གུ་གཞན་མ་ཡིན་པ་དེའི་ཕྱིར་ས་བོན་ཆད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཁུངས་སློབ་དཔོན་འཕགས་པ་

ལྷས་མཛད་པ་བསྟན་པའི་ཕྱིར། ཇི་སྐད་དུ། གང་ཕྱིར་དངོས་པོ་འཇུག་འགྱུར་བ། །དེས་ན་ཆད་པར་མི་འགྱུར་རོ། །གང་ཕྱིར་དངོས་པོ་ལྡོག་འགྱུར་བ། །དེས་ན་རྟག་པར་མི་འགྱུར་རོ། །ཞེས་བཤད་པ་ལྟ་བུའོ་ཞེས་བྱ་བ་སྨྲས་སོ། །ཡང་ན་ཁ་ཅིག་ན་རེ་ཆོས་ཉིད་རྗེས་སུ་འཇུག་པའི་ཕྱིར་ཆད་

པ་མ་ཡིན་ལ། ཆོས་རྣམ་པར་བཟློག་པའི་ཕྱིར་རྟག་པ་མ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི། འགྲེལ་པ་བྱེད་པ་ཉིད་ན་རེ་འབྲས་བུ་ཞེས་བྱ་བའི་ཆོས་ཉིད་རྗེས་སུ་འཇུག་པའི་ཕྱིར་ཆད་པ་མ་ཡིན་ལ། རྒྱུ་ཞེས་བྱ་བའི་ཆོས་རྣམ་པར་ལྡོག་པའི་ཕྱིར་རྟག་པ་མ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་

ལྟར་དེ་ཁོ་ནའི་མཚན་ཉིད་དོན་དམ་པ་པ་དང་། ཀུན་རྫོབ་པ་བསྟན་ནས། ད་ནི་དེ་ཁོ་ནའི་མཚན་ཉིད་བསྟན་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་བདུད་རྩི་ཡིན་པས་དེ་ནན་ཏན་གྱིས་བསྒྲུབ་པར་བྱ་བ་བསྟན་པའི་ཕྱིར། དེའི་ཕྱིར་དེ་ལྟར། དོན་གཅིག་མིན་དོན་ཐ་དད་མིན། །ཆད་པ་མ་

ཡིན་རྟག་མིན་པ། །དེ་ནི་སངས་རྒྱས་འཇིག་རྟེན་གྱི། །མགོན་པོའི་བསྟན་པ་བདུད་རྩི་ཡིན། །ཞེས་བྱ་བ་སྨྲས་ཏེ། དེ་ལྟར་མཐོ་རིས་དང་བྱང་གྲོལ་གྱི་ལམ་རྣམ་པར་འབྱེད་པ། དོན་གཅིག་པ་མ་ཡིན་པ། ཆད་པ་མ་ཡིན་པ། རྟག་པ་མ་ཡིན་པ། གཅིག་པ་དང་། ཐ་དད་པ་དང་། ཆད་པ་དང་

เล่ม ๑๐๑ · หน้า 93a

རྟག་པའི་སྐྱོན་ལས་ཕྱི་རོལ་དུ་གྱུར་པ། མཆོག་ཏུ་ཟབ་པ། དོན་དམ་པའི་དེ་ཁོ་ན་གསལ་བར་བྱེད་པ་དེ་ནི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་བདེ་བ་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། སྟོབས་

བཅུའི་སྟོབས་དང་ལྡན་པ། འཇིག་རྟེན་གྱི་མགོན་པོ་རྒྱུ་མེད་པར་སེམས་ཅན་ལ་བྱམས་པ་རྣམས་ཀྱི་བསྟན་པ་བདུད་རྩི་ཡིན་ཏེ་བསྒྲུབ་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། བདུད་རྩི་ཞེས་བྱ་བ་ནི་བདུད་རྩིའི་གོ་འཕང་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་བསོད་ནམས་དང་ཡེ་

ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་རྣམས་ཀྱིས་དེ་རྟོགས་ནས་འགྲོ་བ་མཐའ་དག་ལ་ཕན་པ་བསྐྱེད་པའི་ཕྱིར། རབ་ཏུ་བརྩོན་པར་བྱེད་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མ་དག་ཏུ་གྱུར་ནས་གསུང་གི་འོད་ཟེར་དག་གིས་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ཀྱི་བློ་གྲོས་ཀྱི་པད་མ་

དག་ཁ་འབྱེད་པར་མཛད་པ་དང་། ཉན་ཐོས་རྣམས་ཀྱིས་ཀྱང་ཐོས་པ་དང་བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་པ་ཡོངས་སུ་འདྲིས་པར་བྱས་པས་ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པའི་ཕྱིར་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་ནི་བདུད་རྩི་ཡིན་ནོ་ཞེས་བྱ་བ་སྨྲས་

ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དོན་དམ་པའི་དེ་ཁོ་ན་གསལ་བར་བྱེད་པ་འདི་ནི་མྱ་ངན་ལས་འདས་པ་བདུད་རྩིའི་གོ་འཕང་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་བདུད་རྩི་ཞེས་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་

རྣམས་ཀྱིས་ནི་གང་ཟག་དང་ཆོས་བདག་མེད་པའི་དེ་ཁོ་ན་རྟོགས་ནས་འགྲོ་བ་མཐའ་དག་ལ་ཕན་པ་བསྐྱེད་པའི་ཕྱིར། རབ་ཏུ་བརྩོན་པར་བྱེད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མ་ལྟ་བུར་གྱུར་ནས་གསུང་གི་འོད་ཟེར་དག་གིས་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་

ཀྱི་བློ་གྲོས་ཀྱི་པད་མ་དག་ཁ་འབྱེད་པར་མཛད་པས། བདག་དང་གཞན་གྱི་མི་གནས་པའི་མྱ་ངན་ལས་འདས་པ་བདུད་རྩིའི་གོ་འཕང་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་བདུད་རྩི་ཞེས་བྱའོ། །ཉན་ཐོས་རྣམས་ཀྱིས་ཀྱང་ཐོས་པ་དང་བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་པ་ཡོངས་སུ་འདྲིས་པར་

เล่ม ๑๐๑ · หน้า 93b

བྱས་པ་གང་བདག་མེད་པའི་དེ་ཁོ་ན་རྟོགས་ནས་ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པའི་ཕྱིར། རང་གི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མྱ་ངན་ལས་འདས་པ་བདུད་རྩིའི་གོ་འཕང་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་བདུད་རྩི་ཞེས་བྱའོ། །གང་གི་ཚེ་འགའ་ཞིག་བརྒྱ་ལ་ཚེ་འདི་ལ་ཚོགས་

མ་བསགས་པ་ཉིད་ཀྱིས་ཐར་པ་ཐོབ་པར་མ་གྱུར་ན་དེ་ལྟ་ན་ཡང་ཚེ་རབས་གཞན་དག་ལ་དེ་ལ་ངེས་པར་འགྲུབ་སྟེ་ཞེས་བྱ་བས་ནི། ཉན་ཐོས་གང་དག་ཚོགས་མ་བྱས་པ་ཉིད་ཀྱིས་འཕྲལ་ལ་མ་གྲུབ་པ་དེ་དག་ལ་ཡང་ཚེ་རབས་གཞན་དག་ལ་ངེས་པར་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་

ཁུངས་སློབ་དཔོན་འཕགས་པ་ལྷས་མཛད་པ་བསྟན་པའི་ཕྱིར། ཇི་སྐད་དུ། དེ་ཉིད་ཤེས་པ་འདི་ལ་ནི། །འདོད་ཆགས་བྲལ་བ་མ་ཐོབ་ཀྱང་། །ཚེ་རབས་གཞན་ལ་འབད་མེད་པར། །ངེས་པར་འཐོབ་སྟེ་ལས་བཞིན་ནོ། །ཞེས་བཤད་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། ཉན་ཐོས་ཀྱི་རྣལ་

འབྱོར་པ་དེ་ཁོ་ན་ཤེས་པས་ཚེ་འདི་ལ་འདོད་ཆགས་དང་བྲལ་བ་མ་ཐོབ་ཀྱང་ཚེ་རབས་གཞན་ལ་འབད་པ་མེད་པར་ངེས་པར་འཐོབ་སྟེ། དཔེར་ན་ལས་ཀྱི་རྣམ་པར་སྨིན་པ་བཞིན་ནོ། །ཇི་སྟེ་ཡང་བརྒྱ་ལ། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ནི་ཟད་གྱུར་ཀྱང་། །དེ་ཁོ་ན་

ཤེས་པ་སྐྱེ་བའི་རྐྱེན་དང་མི་ལྡན་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི་ཚེ་རབས་གཞན་ལ་རབ་ཏུ་དབེན་པའི་ཤེས་པ་གོམས་པར་བྱས་པའི་བག་ཆགས་བསགས་པས་བློ་གྲོས་སྦྱངས་པ་རྣམས་ལ་གཞན་གྱི་རྐྱེན་མེད་པར། རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་ལས་རབ་ཏུ་སྐྱེ། །རྟེན་པ་མེད་པ་ནི་ལུས་

དང་སེམས་རབ་ཏུ་དབེན་པ་སྟེ། དེའི་ཕྱིར་རྟེན་པ་མེད་པའི་རྒྱུ་དེ་ལས་རབ་ཏུ་སྐྱེ་སྟེ། འདུ་འཛི་མེད་པའི་རྒྱུ་ལས་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བས་ནི་ཉན་ཐོས་ཀྱི་རྣལ་འབྱོར་པ་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་པ་དག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སམ་འཕགས་པ་ཉན་

ཐོས་གཞན་དག་ལ་བརྟེན་པའི་རྟེན་གྱིས་འདོད་ཆགས་དང་བྲལ་བ་ཉིད་ཐོབ་པ་ཡིན་མོད་ཀྱི། ཅི་སྟེ་ཡང་བརྒྱ་ལ་ཉན་ཐོས་ཀྱི་རྣལ་འབྱོར་པ་གང་དག་ཚེ་འདི་ལ་དེ་ཁོ་ན་ཤེས་པ་གོམས་པར་བྱས་པ་དག་ཅུང་ཟད་ཚོགས་མ་རྫོགས་པ་ཉིད་ཀྱིས་འདོད་ཆགས་དང་བྲལ་བ་ཉིད་མ་ཐོབ་སྟེ། ཚེ་རབས་གཞན་

เล่ม ๑๐๑ · หน้า 94a

དག་ལ་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་པར་འགྱུར་བའི་ཚེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མ་བྱུང་ངམ། ཉན་ཐོས་རྣམས་ཟད་པར་འགྱུར་ཏེ། དེ་ཁོ་ན་ཤེས་པ་སྐྱེ་བའི་རྐྱེན་དང་མི་ལྡན་དུ་ཟིན་ཀྱང་ཚེ་རབས་སྔ་མ་གཞན་ལ་རབ་ཏུ་དབེན་པའི་

ཤེས་པ་གོམས་པར་བྱས་པའི་བག་ཆགས་བསགས་པས་བློ་གྲོས་སྦྱངས་པ་རྣམས་ལ་རང་སངས་རྒྱས་ཀྱི་ཡེ་ཤེས་གཞན་ལས་ཤེས་པ་མ་ཡིན་པ་རྟེན་པ་མེད་པ་ཙམ་གྱི་རྐྱེན་ལས་རབ་ཏུ་སྐྱེ་བར་འགྱུར་རོ་ཞེས་སྟོན་ཏོ། །དེའི་ཕྱིར་བསྟན་པ་བདུད་རྩི་དེ་ནི་དེ་སྒྲུབ་པ་རྣམས་ལ་ཚེ་འདི་དང་ཚེ་ཕྱི་མ་

དག་ལ་བདུད་རྩིའི་གོ་འཕང་ཐོབ་པར་བྱེད་པ་ཡིན་པས་བདག་ལ་ལེགས་པར་འདོད་པ་རྣམས་ཀྱིས་བསམ་པ་ཐག་པས་དེ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་བསྟན་པ་བདུད་རྩི་འདི་གཞན་དག་ཡང་དག་པར་འཛིན་དུ་གཞུག་པའི་ཚིག་ཡིན་ཏེ་དེའི་ཕྱིར་བསྟན་པ་བདུད་རྩི་དེ་ནི་དེ་སྒྲུབ་པ་རྣམས་ལ་རང་རང་གི་དབང་

པོ་དང་། བསམ་པ་དང་། བག་ལ་ཉལ་དང་། ཚོགས་དང་། ཐེག་པ་དང་། རྐྱེན་གྱི་སྟོབས་ཇི་ལྟ་བ་བཞིན་དུ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ལ་ཚེ་འདི་དང་ཚེ་ཕྱི་མ་དག་ལ་བདུད་རྩིའི་གོ་འཕང་ཐོབ་པར་བྱེད་པ་ཡིན་པས། རྣལ་འབྱོར་པ་དག་ལེགས་པར་འདོད་པ་

ཡོངས་སུ་རྟོག་པ་དང་ལྡན་པ་འཁོར་བའི་དགོན་པ་སྤང་བར་འདོད་པ་བདུད་རྩིའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་བསམ་པ་ཐག་པས་འདི་ཉིད་འབད་པས་བསྒྲུབ་པར་བྱ་སྟེ། འདི་ཁོ་ན་ལས་དོན་དམ་པ་ངེས་པར་འགྲུབ་པོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་གཞན་གྱིས་སྨྲས་པའི་སྒྲུབ་པ་

བསལ་བ་དང་བདག་ཉིད་ཀྱིས་སྒྲུབ་པ་ཁ་ན་མ་ཐོ་བ་མེད་པར་བསྟན་པས་འདུ་བྱེད་རྣམས་བདག་དང་བདག་གིས་སྟོང་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། བདག་དང་ཆོས་བརྟག་པའི་རབ་ཏུ་བྱེད་པ་བཅོ་བརྒྱད་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་

མའི་དོན་འབྲས་བུར་བལྟ་བ་ནི་རང་གི་སྡེ་པ་དང་གཞན་དག་གིས་གང་ཟག་དང་ཆོས་བདག་ཡོད་པར་སྨྲས་པའི་སྒྲུབ་པ་བསལ་བ་དང་། བསྟན་བཅོས་མཛད་པ་བདག་ཉིད་ཀྱིས་གང་ཟག་དང་ཆོས་བདག་མེད་པའི་སྒྲུབ་པ་ཁ་ན་མ་ཐོ་བ་མེད་པ་བསྟན་པས་འདུ་བྱེད་རྣམས་བདག་དང་བདག་གིས་སྟོང་པ་

เล่ม ๑๐๑ · หน้า 94b

ཉིད་དུ་བསྟན་པ་ཡིན་ནོ། །བདག་དང་ཆོས་ངོ་བོ་ཉིད་སྟོང་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་དང་། དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་སྒྲུབ་པོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱང་བསྒྲུབ་པར་བྱ་སྟེ།

དེའི་ཕྱིར་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པ་ལས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་བདག་གམ་བདག་མེད་པ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་

ཡང་བདག་གམ་བདག་མེད་པ་མ་ཡིན་ནོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་གམ་བདག་མེད་པ་ཉིད་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ཏེ། དེས་

ནི་ཆོས་བདག་མེད་པ་བསྟན་པའི་ཡོན་ཏན་དང་ཁུངས་བསྟན་ཏོ། །དེ་བཞིན་དུ། མདོ་སྡེ་གཞན་དག་ལས། འདི་ལ་བདག་མེད་སེམས་ཅན་མེད། །སྲོག་ཀྱང་ཡོད་མིན་གང་ཟག་མེད། །ལུས་འདི་ཁམས་རྣམས་འདུས་ཙམ་དུ། །བདག་ལ་དེ་ལྟར་རབ་ཏུ་སྣང་། །ཞེས་བྱ་བ་ལ་སོགས་པ་

དང་དེ་བཞིན་དུ། མདོ་སྡེ་གཞན་དག་ལས། འདི་ལ་བདག་དང་སེམས་ཅན་མེད། །ཆོས་འདི་དག་ནི་རྒྱུ་དང་བཅས། །ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ། མདོ་སྡེ་གཞན་དག་ལས། སྲིང་མོ་གཞན་ཡང་ཁྱོད་ཀྱི་ལུས་འདི་ལ་བདག་མེད་སེམས་ཅན་མེད་སྐྱེས་བུ་མེད་གང་ཟག་མེད་ཤེད་བུ་

མེད་ཚོར་བ་པོ་མེད་བྱེད་པ་པོ་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བས་ནི། གང་ཟག་བདག་མེད་པར་བསྟན་པའི་ཡོན་ཏན་དང་ཁུངས་བསྟན་ཏོ། །དེ་ལྟར་ཡིད་ཆེས་པའི་ཁུངས་དེ་དག་གྲུབ་པ་ནི་བདག་དང་ཆོས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཡོན་ཏན་

གྱི་ཁུངས་ཡིན་ནོ། །དེ་དག་བསྟན་བཅོས་འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་དང་འགྲེལ་པ་བྱེད་པའི་ཤེས་རྒྱ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་

เล่ม ๑๐๑ · หน้า 95a

ལས་བདག་དང་ཆོས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅོ་བརྒྱད་པ་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་དུས་ངོ་བོ་ཉིད་མེད་པ་

ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་དགུ་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་

པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅའ་བ་མཛད་པས། འདིར་

ཡང་བསྟན་བཅོས་མཛད་པས་ཇི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། སྟོང་པ་ཉིད་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བའི་ཕྱོགས་ཡིན་ཏེ། འདི་ལྟ་སྟེ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །

དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲས་པའི་ཕྱོགས་སྔ་མ་ཉེ་བར་བཞག་པ་འོག་ནས་དོན་དམ་པར་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། གསལ་བའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་མར་མེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་དངོས་པོ་རྣམས་

ཀྱི་ངོ་བོ་ཉིད་ཡོད་པར་སྒྲུབ་པའི་གཏན་ཚིགས་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ནི་དུས་གསུམ་གསལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་དག་ཡིན་ནོ། །དེ་དགག་པ་ཞེས་བྱ་བ་ནི་དེ་དགག་པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་བཅུ་དགུ་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་

འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས། དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་དགུ་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། དུས་བརྟག་པའི་རབ་ཏུ་བྱེད་པ་བཅུ་དགུ་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་དུས་ངོ་བོ་ཉིད་དུ་བསྟན་པ་ཡིན་པས་དེའི་

เล่ม ๑๐๑ · หน้า 95b

དབང་དུ་བྱས་ནས་དེ་སྐད་ཅེས་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན། རྣམ་པ་གང་གིས་ནི་འབྲས་བུ་དེ་འཐོབ་ཅེ་ན། དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་ནི་འབྲས་བུ་དེ་ཐོབ་པས་

དེའི་ཕྱིར། འགྲེལ་པ་བྱེད་པས་རབ་ཏུ་བྱེད་པའི་མཚམས་སྦྱར་བའི་སྐབས་འདིར་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ན་བསྟན་ཏོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར། འདིར་སྨྲས་པ། དོན་དམ་པར་དངོས་པོ་རྣམས་ཀྱི་ངོ་བོ་

ཉིད་ཡོད་པ་ཁོ་ན་ཡིན་ཏེ། གསལ་བའི་རྒྱུ་ཡིན་པའི་ཕྱིར་དཔེར་ན་མར་མེ་བཞིན་ནོ། །གང་ཡོད་པ་མ་ཡིན་པ་དེ་ནི་གསལ་བའི་རྒྱུ་མ་ཡིན་ཏེ། དཔེར་ན་རུས་སྦལ་གྱི་སྤུའི་གོས་བཞིན་ནོ། །དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ནི་དུས་གསུམ་གསལ་བར་བྱེད་པའི་རྒྱུ་ཡིན་པས་དེའི་ཕྱིར་དེ་ནི་ཡོད་

པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་རུས་སྦལ་གྱི་སྤུའི་གོས་ལྟ་

བུ་གང་ཡོད་པ་མ་ཡིན་པ་དེ་ནི་དུས་གསུམ་གསལ་བར་བྱེད་པའི་རྒྱུ་མ་ཡིན་པས་དེ་ནི་ཡོད་པ་མ་ཡིན་གྱི། མར་མེ་ལྟ་བུ་བུམ་པ་གསལ་བར་བྱེད་པའི་རྒྱུ་ཡིན་པ་དེ་ནི་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཀྱང་དུས་གསུམ་གསལ་བར་བྱེད་པའི་རྒྱུ་ཡིན་པས་དེ་ཡང་

ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་ཏེ། དེ་ནི་འདི་ན་དུས་ཡོད་པར་སྨྲ་བ་བྱེ་བྲག་པ་ལ་སོགས་པ་དག་གི་གཞུང་ལས་དུས་ཤེས་ཞེས་བྱ་བ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ལས་དོན་གཞན་དུ་གྱུར་པའི་ཚིག་གི་དོན་རྟག་པར་ཡོད་ལ། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཀྱི་བྱ་བ་སྔར་འདས་པ་དང་། ད་དུང་

མ་འོངས་པ་དང་། ད་ལྟར་འཇུག་པའི་གནས་སྐབས་ཀྱི་བྱེ་བྲག་གིས་འདི་ནི་འདས་པའི་དུས་སོ། །འདི་ནི་མ་འོངས་པའི་དུས་སོ། །འདི་ནི་ད་ལྟར་གྱི་དུས་སོ་ཞེས་གསལ་བར་བྱེད་པས་དེས་ན་དུས་ཀྱང་དངོས་པོའི་ངོ་བོ་ཉིད་ལས་དོན་གཞན་དུ་གྱུར་པའི་ཚིག་གི་དོན་རྟག་པར་ཡོད།

เล่ม ๑๐๑ · หน้า 96a

དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཀྱང་དུས་གསུམ་གསལ་བར་བྱེད་པའི་རྒྱུ་ཡིན་པས་བྱ་བ་དང་ལྡན་པའི་ཕྱིར་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བའི་གཞུང་ཡིན་ནོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དེ་དགག་པས་དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར། དེ་སྐད་

ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། ཐ་སྙད་ཀྱི་ཁོངས་སུ་གཏོགས་པའི་འདུ་བྱེད་དེ་དག་གི་སྐྱེ་བ་གང་ཡིན་པ་དེ་བྱ་བ་ཞེས་བྱ་སྟེ། དེ་ཡང་དངོས་པོའི་བདག་ཉིད་སྐྱེ་བ་ཡིན་པས་དངོས་པོ་དེ་དག་ཉིད་རྒྱུ་དང་འབྲས་བུ་སྤྱད་པ་དང་མ་སྤྱད་པ་ལས་འདས་པ་དང་། མ་

འོངས་པ་དང་། ད་ལྟར་གྱི་དུས་ཞེས་བརྗོད་དེ། དེའི་ཕྱིར་ཐ་སྙད་དུ་བྱ་བ་གཞན་ཡོངས་སུ་གཅོད་པའི་བྱ་བ་ཉིད་ལ་དུས་ཤེས་ཞེས་ཁས་ལེན་ཏེ། དཔེར་ན་བ་འཇོས་ཙམ་གྱིས་འོངས་ནས་བརྗོད། ལེའུ་གླགས་སོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། སྐབས་འདིས་ནི་སངས་རྒྱས་པ་དག་

གི་གཞུང་ལས་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ལ་བྱ་བ་རྫས་སུ་གྲུབ་པ་མེད་ལ། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ལས་ལོགས་ཤིག་ན་དུས་ཞེས་བྱ་བ་དོན་གཞན་དུ་གྱུར་པའི་ཚིག་གི་དོན་རྟག་པ་ཡང་མེད་པས་དེའི་ཕྱིར་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ནི་དུས་གསུམ་གསལ་བར་

བྱེད་པའི་རྒྱུ་མ་ཡིན་པས། ཕ་རོལ་པོའི་དམ་བཅས་པ་དང་གཏན་ཚིགས་དག་མི་འགྲུབ་པར་སྟོན་ཏེ། དེ་ཡང་ཇི་ལྟ་བུ་ཞེ་ན། སངས་རྒྱས་པ་དག་གི་གཞུང་ལས་ཐ་སྙད་ཀྱི་ཁོངས་སུ་གཏོགས་པའི་འདུ་བྱེད་ཕུང་པོ་ལྔ་ཞེས་བྱ་བ་དེ་དག་གི་སྔོན་མ་བྱུང་བ་ལས་འབྱུང་བའི་སྐྱེ་བ་གང་ཡིན་པ་དེ་

ནི་བྱ་བ་ཞེས་བྱ་སྟེ། སྐྱེ་བའི་བྱ་བ་དེ་ཡང་དངོས་པོའི་བདག་ཉིད་རྒྱུ་དང་རྐྱེན་ལས་སྒྱུ་མ་ཙམ་དུ་སྐྱེ་བ་ཉིད་ཡིན་གྱི། དེ་ལས་ལོགས་ཤིག་ན་རྫས་སུ་གྲུབ་པ་མེད་པས་དངོས་པོ་དེ་དག་ཉིད་རྒྱུ་དང་འབྲས་བུ་གཉི་ག་སྤྱད་པ་ལས་ནི་འདས་པ་ཞེས་བརྗོད་དེ། གཉི་ག་མ་སྤྱད་པ་ལས་ནི་མ་འོངས་

པ་ཞེས་བརྗོད། རྒྱུ་སྤྱད་ལ་འབྲས་བུ་མ་སྤྱད་པ་འམ། རྒྱུ་དང་འབྲས་བུ་གཉིས་སྲང་མདའི་མཐོན་དམན་བཞིན་དུ་འཇུག་བཞིན་པ་ལས་ནི་ད་ལྟར་གྱི་དུས་ཞེས་བརྗོད་དེ། དེའི་ཕྱིར་ཐ་སྙད་དུ་སྐྱེ་བའི་བྱ་བ་དངོས་པོའི་བདག་ཉིད་སྐྱེ་བ་དེ་ཉིད་ཀྱིས་བྱ་བ་གཞན་ཡོངས་སུ་གཅོད་ཅིང་སེལ་བར་

เล่ม ๑๐๑ · หน้า 96b

བྱེད་པ་ཉིད་ལ། དུས་ཤེས་ཁས་ལེན་ཏེ། དཔེར་ན་བ་འཇོས་ཙམ་གྱིས་འོངས་པའི་བྱ་བས་བྱ་བ་གཞན་ཡོངས་སུ་གཅོད་པའི་བྱ་བ་ཉིད་ལ་དུས་ཞེས་གདགས་པ་དང་། དེ་ཙམ་གྱི་བྱ་བ་ཉིད་ཀྱིས་བརྗོད། ལེའུ་གླགས་པས་བྱ་བ་གཞན་ཡོངས་སུ་གཅོད་པའི་བྱ་བ་དེ་ཉིད་ལ་དུས་ཞེས་གདགས་པར་

ཟད་ཀྱི། དེ་ལས་མ་གཏོགས་པར་ལོགས་ཤིག་ནས་དངོས་པོ་ལས་དོན་གཞན་དུ་གྱུར་པའི་བྱ་བ་ཡང་མེད་ལ། དུས་ཀྱང་མེད་པས་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ནི་དུས་གསུམ་གསལ་བར་བྱེད་པའི་རྒྱུ་མ་ཡིན་པས་དེའི་ཕྱིར། ཕ་རོལ་པོ་དག་གི་དམ་བཅས་པ་དང་གཏན་ཚིགས་དག་ཐ་སྙད་དུ་ཡང་

སངས་རྒྱས་པ་དག་གི་ཕྱོགས་ལ་མ་གྲུབ་པོ་ཞེས་བསྟན་ཏོ། །དོན་དམ་པར་ནི་ཇི་ལྟར་མི་འཐད་པ་དེ་ལྟར་དཔྱད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པར་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ལ་ཡང་སྐྱེ་བའི་བྱ་བ་གཞན་མེད་ལ། དངོས་པོ་རྣམས་ལས་དུས་ཞེས་བྱ་བའི་ཚིག་གི་དོན་གཞན་དུ་གྱུར་

པ་དང་། རྟག་པ་ཡང་མེད་པས་ཕ་རོལ་པོ་དག་གི་དམ་བཅས་པ་དང་། གཏན་ཚིགས་དག་ཇི་ལྟར་མི་འཐད་པ་དེ་ལྟར་དཔྱད་པར་བྱ་བ་སྟོན་ཏོ། །འདི་ལ་དུས་ཡོད་པར་སྨྲ་བ་དག་འདུས་བྱས་ཀྱི་དངོས་པོ་རྣམས་ལས་དུས་གཞན་པ་དང་། རྟག་པར་སྨྲ་སྟེ་ཞེས་བྱ་བས་ནི་ཕ་རོལ་པོའི་གཞུང་བསྣན་པ་སྟོན་ཏེ།

འདི་ན་དུས་ཡོད་པར་སྨྲ་བ་བྱེ་བྲག་པ་ལ་སོགས་པ་དག་གི་གཞུང་ལས་དུས་ཞེས་བྱ་བ་འདུས་བྱས་ཀྱི་དངོས་པོ་རྣམས་ལས་དོན་གཞན་དུ་གྱུར་པའི་ཚིག་གི་དོན་རྟག་པར་ཡོད་ལ། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཀྱི་བྱ་བ་སྔར་འདས་པ་དང་། ད་དུང་མ་འོངས་པ་དང་། ད་ལྟར་འཇུག་པའི་གནས་

སྐབས་ཀྱི་བྱེ་བྲག་གིས་འདི་ནི་འདས་པའི་དུས་སོ། །འདི་ནི་མ་འོངས་པའི་དུས་སོ། །འདི་ནི་ད་ལྟར་གྱི་དུས་སོ་ཞེས་གསལ་བར་བྱེད་པ་དེས་ན་དུས་ཀྱང་དངོས་པོའི་ངོ་བོ་ཉིད་ལས་དོན་གཞན་དུ་གྱུར་པའི་ཚིག་གི་དོན་རྟག་པར་ཡོད་ལ། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཀྱང་དུས་གསུམ་

གསལ་བར་བྱེད་པའི་རྒྱུ་ཡིན་པས་བྱ་བ་དང་ལྡན་པའི་ཕྱིར་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་ལ་རེ་ཞིག་དོན་དམ་པར་དུས་འདུས་བྱས་ཀྱི་དངོས་པོ་རྣམས་ལས་གཞན་པར་མི་འཐད་པར་རྗེས་སུ་དཔག་པ་བསྟན་པའི་ཕྱིར། དེ་ལ་དོན་དམ་པར་དུས་ནི་འདུས་བྱས་ཀྱི་དངོས་པོ་རྣམས་ལས་དོན་

เล่ม ๑๐๑ · หน้า 97a

གཞན་དུ་གྱུར་པ་མ་ཡིན་པར་གཟུང་བར་བྱ་སྟེ། དངོས་པོ་ཡིན་པའི་ཕྱིར་འདུས་བྱས་ཀྱི་དངོས་པོའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་

འདུས་བྱས་ཀྱི་དངོས་པོའི་བདག་ཉིད་ནི་དངོས་པོ་ཡིན་པའི་ཕྱིར་འདུས་བྱས་ཀྱི་དངོས་པོ་རྣམས་ལས་དོན་གཞན་དུ་གྱུར་པ་མ་ཡིན་པར་གཟུང་བར་བྱ་བ་དེ་བཞིན་དུ། དུས་ཀྱང་དངོས་པོ་ཡིན་པའི་ཕྱིར། དུས་ཀྱི་དངོས་པོ་རྣམས་ལས་དོན་གཞན་དུ་གྱུར་པ་མ་ཡིན་པར་གཟུང་བར་བྱའོ། །ད་ནི་

དོན་དམ་པར་དུས་རྟག་པ་མི་འཐད་པར་རྗེས་སུ་དཔག་པ་བསྟན་པའི་ཕྱིར། དེ་བཞིན་དུ་དོན་དམ་པར་དུས་ནི་རྟག་པ་མ་ཡིན་ཏེ། མཚན་ཉིད་ཀྱི་གཞི་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་

པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་ནི་མཚན་ཉིད་གཞི་ཡིན་པའི་ཕྱིར་རྟག་པ་མ་ཡིན་པ་དེ་བཞིན་དུ། དུས་ཀྱང་མཚན་ཉིད་ཀྱི་གཞི་ཡིན་པའི་ཕྱིར་རྟག་པ་མ་ཡིན་ནོ། །གལ་ཏེ་ནམ་མཁའ་ལ་སོགས་པ་དག་གིས་མ་ངེས་པ་ཉིད་ཡིན་ནོ་ཞེ་ན་

ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་གཏན་ཚིགས་མཚན་ཉིད་ཀྱི་གཞི་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་དུ་སྐྱོན་འདོགས་པའི་ཚིག་ཡིན་ཏེ། དེ་དག་ན་རེ་འདི་ན་ནམ་མཁའ་ལ་སོགས་པ་དག་ཀྱང་མཚན་ཉིད་ཀྱི་གཞི་ཡིན་ཡང་རྟག་པར་མཐོང་བས། དེས་ན་ཅི་རེ་ཞིག་མཚན་ཉིད་ཀྱི་

གཞི་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་དུ། དུས་ཀྱང་མི་རྟག་པར་རམ། འོན་ཏེ་མཚན་ཉིད་ཀྱི་གཞི་ཡིན་པའི་ཕྱིར། དཔེར་ན་ནམ་མཁའ་ལ་སོགས་པ་དག་བཞིན་དུ་དུས་ཀྱང་རྟག་པར་འགྱུར་བ་མ་ངེས་པ་ཉིད་ཡིན་པས་དབུ་མ་པའི་གཏན་ཚིགས་དེ་མ་གྲུབ་པོ་ཞེས་ཟེར་རོ། །དེ་སྐད་

ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་ཀྱང་དེ་བཞིན་དུ་བཀག་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པ་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་ནམ་མཁའ་ལ་སོགས་པ་དེ་དག་ཀྱང་དུས་བཞིན་དུ་བཀག་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་ཁོ་

เล่ม ๑๐๑ · หน้า 97b

བོའི་གཏན་ཚིགས་དེ་མ་ངེས་པ་ཉིད་མ་ཡིན་ནོ། །ད་ལྟར་གྱི་གཟུགས་སོ་སྙམ་པའི་བློ་ནི་རང་གི་བདག་ཉིད་ལས་གཞན་པའི་དངོས་པོ་དང་འབྲེལ་པའི་ཚིག་གི་དོན་གྱི་ཡུལ་ཅན་ཡིན་ཏེ། ཡིད་ཆེས་པ་སྐྱེ་བའི་ཕྱིར། དཔེར་ན་དབྱུག་པ་ཅན་མང་པོ་དང་ཉུང་ངུ་དག་ལ་དབྱུག་པ་ཅན་སྙམ་དུ་ཡིད་

ཆེས་པ་སྐྱེ་བའི་བློ་དེ་ལ་ལྷས་བྱིན་ལ་སོགས་པའི་རང་གི་བདག་ཉིད་ལས་གཞན་པའི་དངོས་པོ་དབྱུག་པ་དང་འབྲེལ་པའི་ཚིག་གི་དོན་གྱི་ཡུལ་ཡོད་པར་མཐོང་བ་བཞིན་ནོ། །དེ་བཞིན་དུ་འདིར་ཡང་གཟུགས་ལ་ད་ལྟར་ད་ལྟར་རོ་སྙམ་དུ་ཡིད་ཆེས་པ་སྐྱེ་བ་ཡོད་པས། དེའི་ཕྱིར་ད་ལྟར་གྱི་གཟུགས་

སོ་སྙམ་པའི་བློ་འདི་ལ་ཡང་རང་གི་བདག་ཉིད་ལས་གཞན་པའི་དངོས་པོ་དང་འབྲེལ་པའི་ཚིག་གི་དོན་གྱི་ཡུལ་ཡོད་དེ་གཟུགས་ལས་གཞན་གྱི་ཚིག་གི་དོན་གང་ཡིན་པ་དེ་ནི་དུས་ཡིན་པས། དེའི་ཕྱིར་དེ་ནི་གཞན་ཡིན་ནོ་ཞེས་བྱ་བ་ནི་འདིར་ཡང་དུས་ཡོད་པར་སྨྲ་བ་དག་དུས་འདུས་བྱས་ཀྱི་དངོས་པོ་རྣམས་

ལས་གཞན་ཡིན་པར་སྒྲུབ་པའི་གཏན་ཚིགས་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལྷས་བྱིན་ལ་སོགས་པ་དབྱུག་པ་ཅན་མང་པོ་དང་ཉུང་ངུ་

དག་ལ་དབྱུག་པ་ཅན་སྙམ་དུ་ཡིད་ཆེས་པ་སྐྱེ་བའི་བློ་དེ་ལ་དབྱུག་པ་ཅན་ལྷས་བྱིན་ལ་སོགས་པའི་རང་གི་བདག་ཉིད་ལས་གཞན་པའི་དངོས་པོ་དབྱུག་པ་དང་འབྲེལ་པའི་ཚིག་གི་དོན་གྱི་ཡུལ་ཡོད་པར་མཐོང་བས་དབྱུག་པ་ཅན་སྙམ་དུ། ཡིད་ཆེས་པ་སྐྱེ་བའི་བློ་དེ་དེའི་ཡུལ་ལ་དབྱུག་པ་ཅན་ལྷས་བྱིན་གྱི་

རང་གི་བདག་ཉིད་ལས་གཞན་པ་དབྱུག་པ་ཞེས་བྱ་བའི་དངོས་པོའི་ཚིག་གི་དོན་ཀྱང་ལོགས་ཤིག་ན་ཡོད་པས་དབྱུག་པ་ཞེས་བྱ་བའི་དངོས་པོའི་ཚིག་གི་དོན་དེ་ནི་དབྱུག་པ་ཅན་གྱི་རང་གི་བདག་ཉིད་ཀྱི་དངོས་པོ་ལས་གཞན་ཡིན་པ་དེ་བཞིན་དུ། ད་ལྟར་གྱི་གཟུགས་ལ་ད་ལྟར་གྱི་གཟུགས་སོ་སྙམ་དུ་ཡིད་

ཆེས་པ་སྐྱེ་བའི་བློ་དེ་ལ་ཡང་ད་ལྟར་གྱི་གཟུགས་ཀྱི་རང་གི་བདག་ཉིད་ལས་གཞན་པའི་དངོས་པོ་ད་ལྟར་གྱི་དུས་དང་འབྲེལ་པའི་ཚིག་གི་དོན་གྱི་ཡུལ་ཡོད་པར་མཐོང་བས་ད་ལྟར་གྱི་གཟུགས་སོ་སྙམ་དུ་ཡིད་ཆེས་པ་སྐྱེ་བའི་བློ་དེའི་ཡུལ་ལ་ཡང་ད་ལྟར་གྱི་གཟུགས་ཀྱི་རང་གི་བདག་ཉིད་ལས་གཞན་པ་

เล่ม ๑๐๑ · หน้า 98a

ད་ལྟར་གྱི་དུས་ཞེས་བྱ་བའི་དངོས་པོའི་ཚིག་གི་དོན་ཀྱང་ལོགས་ཤིག་ན་ཡོད་པས་ད་ལྟར་གྱི་དུས་ཞེས་བྱ་བའི་དངོས་པོའི་ཚིག་གི་དོན་དེ་ནི་ད་ལྟར་གྱི་གཟུགས་ཀྱི་རང་གི་བདག་ཉིད་ཀྱི་དངོས་པོ་ལས་གཞན་ཡིན་ནོ། །འདི་སྐད་བསྟན་ཏེ་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་

དངོས་པོ་ལ་ཡིད་ཆེས་པའི་བློའི་ཡུལ་ལས་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དངོས་པོའི་རང་གི་བདག་ཉིད་ཀྱང་ཡོད་ལ། དངོས་པོ་དེ་དག་གི་རང་གི་བདག་ཉིད་ལས་གཞན་པ་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་ཀྱི་དངོས་པོའི་ཚིག་གི་དོན་ཀྱང་ལོགས་ཤིག་ན་ཡོད་པས་དེའི་

ཕྱིར་དུས་གསུམ་གྱི་འདུས་བྱས་ཀྱི་དངོས་པོ་རྣམས་ལས་དུས་ཀྱི་དངོས་པོའི་ཚིག་གི་དོན་གཞན་ཉིད་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ལ་འདིར་ཡིད་ཆེས་པ་སྐྱེ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་རང་གི་བདག་ཉིད་ལས་གཞན་པའི་

དངོས་པོ་དང་འབྲེལ་པའི་ཚིག་གི་དོན་ལ་དུས་མ་ཡིན་པ་དང་། མི་རྟག་པའི་མཚན་ཉིད་ཀྱི་ཚིག་གི་དོན་མཐོང་བའི་ཕྱིར་ཡིད་ཆེས་པ་སྐྱེ་བར་རྗེས་སུ་དཔོག་པས་དུས་མ་ཡིན་པ་ཉིད་དང་རྟག་པ་མ་ཡིན་པ་ཉིད་ཀྱིས་དེ་དག་གསལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཅན་གྱི་ངོ་བོ་ཉིད་དང་ཁྱད་པར་

བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་ཕ་རོལ་པོ་དག་ཡིད་ཆེས་པ་སྐྱེ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱིས་གཟུགས་ཀྱི་རང་གི་བདག་ཉིད་ལས་གཞན་པའི་དུས་རྟག་པ་ཡོད་པར་རྗེས་སུ་དཔོག་པ་དེ་ཀུན་རྫོབ་ཏུ་ཡང་དམ་བཅས་པ་ལ་ཆོས་ཅན་དུས་ཀྱི་ངོ་བོ་ཉིད་དང་དུས་ཀྱི་ཁྱད་པར་

གཞན་ཡིན་པ་དང་། རྟག་པ་ཞེས་བྱ་བ་བསལ་བའི་སྐྱོན་ཡོད་པས་ཕ་རོལ་པོའི་དམ་བཅས་པ་དང་གཏན་ཚིགས་དག་མ་གྲུབ་པར་སྟོན་ཏེ། དེ་ཡང་དཔེར་ན་ལྷས་བྱིན་དབྱུག་པ་ཅན་ཡིན་ནོ་སྙམ་དུ་ཡིད་ཆེས་པ་སྐྱེ་བའི་བློ་དེའི་ཡུལ་དབྱུག་པ་ཅན་གྱི་རང་གི་བདག་ཉིད་ལས་གཞན་པའི་དངོས་པོ་དབྱུག་པ་དེ་

ནི་དུས་ཀྱང་མ་ཡིན་གཟུགས་ལས་གཞན་ཡང་མ་ཡིན། རྟག་པ་ཡང་མ་ཡིན་པ་དེ་བཞིན་དུ། ད་ལྟར་གྱི་གཟུགས་སོ་སྙམ་དུ་ཡིད་ཆེས་པ་སྐྱེ་བའི་བློ་དེའི་ཡུལ་ད་ལྟར་གྱི་གཟུགས་ཀྱི་རང་གི་བདག་ཉིད་ལས་གཞན་པའི་དངོས་པོ་ད་ལྟར་གྱི་དུས་ཞེས་བྱ་བར་ཕ་རོལ་པོ་དག་འདོད་པ་དེ་ཡང་དུས་ཀྱང་མ་ཡིན།

เล่ม ๑๐๑ · หน้า 98b

གཟུགས་ལས་གཞན་ཡང་མ་ཡིན། རྟག་པ་ཡང་མ་ཡིན་ཏེ། ད་ལྟར་གྱི་གཟུགས་ཉིད་ཀྱང་དུས་མ་ཡིན་པའི་ཕྱིར་དང་། ད་ལྟར་གྱི་གཟུགས་ཀྱི་བྱ་བས་བྱ་བ་གཞན་ཡོངས་སུ་གཅོད་པ་དེ་ལས་གཞན་པའི་དུས་ཀྱང་མེད་པའི་ཕྱིར་དང་། ད་ལྟར་གྱི་གཟུགས་ཀྱི་བྱེ་བ་དེ་ཉིད་རྟག་པ་ཡང་མ་ཡིན་པར་ཡིད་ཆེས་

པའི་བློ་སྐྱེ་བའི་ཕྱིར། དེས་ན་ཕ་རོལ་པོ་དག་ཡིད་ཆེས་པ་སྐྱེ་བར་རྗེས་སུ་དཔོག་པས་དུས་མ་ཡིན་པ་ཉིད་དང་། གཞན་མ་ཡིན་པ་ཉིད་དང་རྟག་པ་མ་ཡིན་པ་ཉིད་ཀྱིས་དེ་དག་བསལ་བའི་ཕྱིར། ཕ་རོལ་པོ་དག་གིས་དམ་བཅས་པ་ལ་ཆོས་ཅན་དུས་ལ་བསྒྲུབ་པར་བྱ་བ་ཆོས་དངོས་པོ་རྣམས་ལས་གཞན་ཉིད་

དང་རྟག་པ་ཉིད་སྒྲུབ་པའི་ཆོས་ཅན་དུས་དེའི་ངོ་བོ་ཉིད་དང་དུས་དེའི་ཁྱད་པར་གཞན་ཉིད་དང་རྟག་པ་ཉིད་ཅེས་བྱ་བ་དེ་དག་བསལ་བའི་སྐྱོན་ཡོད་པས་ཀུན་རྫོབ་ཏུ་ཡང་ཕ་རོལ་པོའི་དམ་བཅས་པ་དང་གཏན་ཚིགས་དག་མ་གྲུབ་པོ། དཔེ་ཡང་མེད་དེ། དོན་དམ་པར་དབྱུག་པ་དང་དབྱུག་པ་ཅན་དུ་

འབྲེལ་པ་མ་གྲུབ་པའི་ཕྱིར། དེ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་གི་དཔེ་དབྱུག་པ་ཅན་མང་པོ་དང་ཉུང་ངུ་དག་ལ་དབྱུག་པ་ཅན་སྙམ་དུ་ཡིད་ཆེས་པ་སྐྱེ་བའི་བློ་དེ་ལ་ལྷས་བྱིན་ལ་སོགས་པའི་རང་གི་བདག་ཉིད་ལས་གཞན་པའི་དངོས་པོ་དབྱུག་པ་དང་འབྲེལ་པའི་ཚིག་གི་དོན་

གྱི་ཡུལ་ཡོད་པར་མཐོང་བ་བཞིན་ནོ་ཞེས་བྱ་བ་དེ་དོན་དམ་པར་མ་གྲུབ་པས་ཕ་རོལ་པོའི་སྒྲུབ་པ་ལ་དཔེ་མ་ཚང་བའི་སྐྱོན་ཡོད་པས་རིགས་པ་མ་ཡིན་པར་སྟོན་ཏོ། །ཡང་ན་གལ་ཏེ་དེ་ལྟར་གཟུགས་སོ་སྙམ་པའི་བློ་དེ་ཁྱད་པར་གཞན་གང་ཡང་རུང་བ་འགའ་ཞིག་དང་འབྲེལ་པའི་ཚིག་གི་དོན་གྱི་ཡུལ་

ཅན་ཡིན་པར་བསྒྲུབས་ན་ནི་གྲུབ་པ་ལ་སྒྲུབ་པ་དང་། རང་གི་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ་ཞེས་བྱ་བས་ནི་ཡང་ན་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་ཁོ་བོ་ཅག་གིས་སྔར་དམ་བཅས་པའི་ཕྱོགས་ད་ལྟར་གྱི་གཟུགས་སོ་སྙམ་པའི་བློ་ནི་རང་གི་བདག་ཉིད་ལས་གཞན་པའི་དངོས་

པོ་དང་འབྲེལ་པའི་ཚིག་གི་དོན་གྱི་ཡུལ་ཅན་ཡིན་ཏེ་ཞེས་བྱ་བ་དེ་ནི་ད་ལྟར་གྱི་གཟུགས་རང་གི་བདག་ཉིད་ལས་གཞན་པའི་དངོས་པོ་ད་ལྟར་གྱི་དུས་དང་འབྲེལ་པའི་ཚིག་གི་དོན་གྱི་ཡུལ་ཅན་ཡིན་ཏེ་ཞེས་བྱ་བར་ནི་མི་སྒྲུབ་ཀྱི། ད་ལྟར་གྱི་གཟུགས་ཀྱི་རང་གི་བདག་ཉིད་ལས་གཞན་པའི་དངོས་པོ་

เล่ม ๑๐๑ · หน้า 99a

དུས་མ་ཡིན་པ་བུམ་པ་དང་སྣམ་བུ་ལ་སོགས་པའི་ཁྱད་པར་གཞན་གང་ཡང་རུང་བ་འགའ་ཞིག་དང་འབྲེལ་པའི་ཚིག་གི་དོན་གྱི་ཡུལ་ཅན་ཡིན་པར་སྒྲུབ་པོ་ཞེ་ན་ནི་དེ་ལྟ་ན་གྲུབ་པ་ལ་སྒྲུབ་པ་དང་། རང་གི་གྲུབ་པའི་མཐའ་དང་འགལ་བའི་སྐྱོན་ཆགས་པས་མི་རུང་སྟེ། འདི་ལྟར་

དེ་དབུ་མ་པའི་ཕྱོགས་ལ་ཡང་ད་ལྟར་གྱི་གཟུགས་སོ་སྙམ་པའི་བློ་དེ་གཟུགས་ཀྱི་རང་གི་བདག་ཉིད་ལས་གཞན་པའི་དངོས་པོ་དུས་དང་འབྲེལ་པའི་ཚིག་གི་དོན་གྱི་ཡུལ་ཅན་ནི་མ་ཡིན་གྱི། གཟུགས་ཀྱི་རང་གི་བདག་ཉིད་ལས་གཞན་དཔེའི་དངོས་པོ་བུམ་པ་དང་སྣམ་བུ་ལ་སོགས་པའི་ཁྱད་པར་གཞན་

གང་ཡང་རུང་བ་འགའ་ཞིག་དང་འབྲེལ་པའི་ཚིག་གི་དོན་གྱི་ཡུལ་ཅན་ཡིན་པར་གྲུབ་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཡིན་ལ། ཁྱེད་རང་གི་གྲུབ་པའི་མཐའ་ལས་ད་ལྟར་གྱི་གཟུགས་སོ་སྙམ་པའི་བློ་ནི་གཟུགས་ཀྱི་རང་གི་བདག་ཉིད་ལས་གཞན་པའི་དངོས་པོ་དུས་དང་འབྲེལ་པའི་ཚིག་གི་དོན་གྱི་ཡུལ་ཅན་ཡིན་པར་

འདོད་པའི་ཕྱིར། རང་གི་ཐུབ་པའི་མཐའ་དང་འགལ་བར་འགྱུར་རོ། །ཅི་སྟེ་བློ་དེ་གཟུགས་དུས་ཀྱི་མཚན་ཉིད་ཀྱི་ཚིག་གི་དོན་དང་འབྲེལ་པའི་ཡུལ་ཅན་ཡིན་པར་བསྒྲུབས་ན་ནི་དཔེ་མེད་དེ། བློ་དེ་གཟུགས་དུས་ཀྱི་མཚན་ཉིད་ཀྱི་ཚིག་གི་དོན་དང་འབྲེལ་པའི་ཡུལ་ཅན་ཡིན་པར་བསྟན་པར་མི་ནུས་པའི་ཕྱིར་རོ་

ཞེས་བྱ་བ་ནི་ཅི་སྟེ་ཕ་རོལ་པོ་དག་འདི་སྐད་ཅེས་ཁོ་བོ་ཅག་ད་ལྟར་གྱི་གཟུགས་སོ་སྙམ་པའི་བློ་དེ་ད་ལྟར་གྱི་གཟུགས་དང་རང་གི་བདག་ཉིད་ལས་གཞན་པའི་དུས་ཀྱི་མཚན་ཉིད་ཀྱི་ཚིག་གི་དོན་དང་འབྲེལ་པའི་ཡུལ་ཅན་ཡིན་པར་བསྒྲུབས་པས་དེས་ན་ད་ལྟར་གྱི་གཟུགས་སོ་སྙམ་པའི་བློ་དེའི་ཡུལ་ལ་ད་ལྟར་གྱི་

གཟུགས་ཀྱི་རང་གི་བདག་ཉིད་ལས་གཞན་པ་ད་ལྟར་གྱི་དུས་ཀྱི་མཚན་ཉིད་ཀྱི་ཚིག་གི་དོན་ལོགས་ཤིག་ན་ཡོད་པས་དུས་ཀྱི་མཚན་ཉིད་ཀྱི་ཚིག་གི་དོན་ནི་གཟུགས་ཀྱི་དངོས་པོ་ལས་གཞན་ཉིད་ཡིན་ནོ་ཞེས་བྱ་བར་སྒྲུབ་པོ་ཞེ་ན་ཡང་། དེ་ལྟ་ན་ཡང་ཕ་རོལ་པོ་དག་གི་སྒྲུབ་པ་དེ་ལ་དཔེ་མེད་དེ། ཅིའི་ཕྱིར་ཞེ་ན། ལྷས་

བྱིན་དབྱུག་པ་ཅན་ཡིན་ནོ་སྙམ་པའི་བློ་དེ་ནི་གཟུགས་ཀྱི་ཚིག་གི་དོན་དང་འབྲེལ་པའི་ཡུལ་ཅན་ཡིན་གྱི། དུས་ཀྱི་མཚན་ཉིད་ཀྱི་ཚིག་གི་དོན་དང་འབྲེལ་པའི་ཡུལ་ཅན་མ་ཡིན་པས་དེས་ན་ལྷས་བྱིན་དབྱུག་པ་ཅན་མ་ཡིན་ནོ་སྙམ་པའི་བློ་གཟུགས་ཀྱི་མཚན་ཉིད་དང་འབྲེལ་པའི་ཡུལ་ཅན་དེ་གཟུགས་

เล่ม ๑๐๑ · หน้า 99b

དུས་ཀྱི་མཚན་ཉིད་ཀྱི་ཚིག་གི་དོན་དང་འབྲེལ་པའི་ཡུལ་ཅན་ཡིན་པར་བསྟན་པར་མི་ནུས་པས་དེའི་ཕྱིར། དཔེ་དེ་བསྒྲུབ་པར་བྱ་བ་ཆོས་ཀྱིས་སྟོང་པའི་ཕྱིར་རོ། །དཔྱད་པར་རྒྱས་པ་ནི་ཡོད་པ་ཉིད་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ཡོད་པ་ཉིད་དགག་པ་བསྟན་པ་བཞིན་དུ་དུས་དགག་པ་ཡང་དེ་བཞིན་དུ་བརྗོད་

པར་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཡང་སྔར་ཕྲད་པ་བརྟག་པའི་སྐབས་སུ་མུ་སྟེགས་བྱེ་བྲག་པའི་ཚིག་གི་དོན་དྲུག་ལས་ཡོད་པ་ཉིད་དགག་པའི་སྐབས་སུ་ཡོད་པ་ཉིད་དང་ལྡན་པས་ཡོད་པ་ཉིད་དུ་འདོད་ན་ཡོད་པ་ཉིད་མ་ཡིན་པ་ཡང་རང་ལས་ཡོད་པ་ཉིད་དུ་འགྱུར་ཏེ། དེའི་བདག་ཉིད་ཡིན་པའི་

ཕྱིར་དཔེར་ན་མེ་གྲང་བ་ལ་སོགས་པ་ལ་མ་ལྟོས་པར་ཡང་རང་གི་བདག་ཉིད་ཀྱིས་ཚ་བ་ཉིད་དུ་འགྱུར་བ་བཞིན་ནོ། །ཡོད་པ་ཉིད་མ་ཡིན་པ་དངོས་པོ་གཞན་ལ་མི་ལྟོས་པའི་ཆོས་ཅན་ལ་ཡོད་པ་ཉིད་དུ་རྟོགས་པ་ཙམ་དུ་ཟད་དེ་དངོས་པོ་གཞན་ལ་ལྟོས་པ་ཉིད་ཡོད་པ་ཉིད་ཀྱི་བློའི་རྒྱུ་མ་ཡིན་ལ་ཡོད་པ་ཉིད་

ནི་བློ་དེའི་རྒྱུ་ཡིན་པའི་ཕྱིར་རོ། །ཡོད་པ་ཉིད་དང་ཡོད་པ་ཉིད་མ་ཡིན་པ་ཉིད་ཡོད་པ་ཉིད་དང་ལྡན་པར་རྟོག་ན་ཡང་དོན་མེད་པ་ཉིད་དང་དགག་པ་མི་མཐུན་པ་ཉིད་དུ་འགྱུར་རོ། །དངོས་པོ་བརྗོད་པར་བྱ་བ་མ་ཡིན་པ་དུས་ཕྱིས་ཡོད་པ་ཉིད་དང་ལྡན་པར་རྟོག་ན་ཡང་དངོས་པོ་ནི་ཡོད་པ་ཉིད་དང་ལྡན་པ་མ་ཡིན་ཏེ།

དངོས་པོ་ཡིན་པའི་ཕྱིར་དཔེར་ན་བརྗོད་པར་བྱ་བ་མ་ཡིན་པ་དེ་ཉིད་ཀྱི་སྐད་ཅིག་མ་བཞིན་པས་རང་གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བྱ་བ་ལ་སོགས་པས་སྔར་ཇི་སྐད་བསྟན་པའི་ལུགས་བཞིན་དུ། འདིར་ཡང་དུས་ཉིད་དང་ལྡན་པས་དུས་ཉིད་དུ་འདོད་ན་དུས་ཉིད་མ་ཡིན་པ་ཡང་རང་ལས་དུས་ཉིད་དུ་

འགྱུར་ཏེ། དེའི་བདག་ཉིད་ཡིན་པའི་ཕྱིར་དཔེར་ན་མེ་གྲང་བ་ལ་སོགས་པ་ལ་མ་ལྟོས་པར་ཡང་རང་གི་བདག་ཉིད་ཀྱིས་ཚ་བ་ཉིད་དུ་འགྱུར་བ་བཞིན་ནོ། །དུས་ཉིད་མ་ཡིན་པ་དངོས་པོ་གཞན་ལ་མི་ལྟོས་པའི་ཆོས་ཅན་ལ་དུས་ཉིད་དུ་རྟོག་ན་ཡང་རྟོག་པ་ཙམ་དུ་ཟད་དེ་དངོས་པོ་གཞན་ལ་ལྟོས་པ་ཉིད་

དུས་ཉིད་ཀྱི་བློའི་རྒྱུ་མ་ཡིན་ལ་དུས་ཉིད་ནི་བློ་དེའི་རྒྱུ་ཡིན་པའི་ཕྱིར་རོ། །དུས་དང་དུས་མ་ཡིན་པ་ཉིད་དུས་ཉིད་དང་ལྡན་པར་རྟོག་ན་ཡང་དོན་མེད་པ་ཉིད་དང་དགག་པ་མི་མཐུན་པ་ཉིད་དུ་འགྱུར་རོ། །དངོས་པོ་བརྗོད་པར་བྱ་བ་མ་ཡིན་པ་དུས་ཕྱིས་དུས་ཉིད་དང་ལྡན་པར་རྟོག་ན་ཡང་དངོས་པོ་ནི་དུས་ཉིད་དང་

เล่ม ๑๐๑ · หน้า 100a

ལྡན་པ་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དཔེར་ན་བརྗོད་པར་བྱ་བ་མ་ཡིན་པ་དེ་ཉིད་ཀྱི་སྐད་ཅིག་མ་བཞིན་པས་རང་གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བྱ་བ་ལ་སོགས་པ་སྔར་ཇི་སྐད་བསྟན་པའི་ལུགས་བཞིན་དུ་ཅི་རིགས་པར་དགག་པར་བྱའོ།། །།བམ་པོ་དྲུག་ཅུ་གསུམ་

པ། དེ་ལྟར་རེ་ཞིག་བྱེ་བྲག་པ་ལ་སོགས་པ་གང་དག་དུས་དངོས་པོ་རྣམས་ལས་གཞན་པ་དང་རྟག་པར་འདོད་པ་དག་གི་གཞུང་མི་འཐད་པར་སྤྱིར་བསྟན་ནས། ད་ནི་འདི་ལ་གལ་ཏེ་དུས་ཞེས་བྱ་བ་དངོས་པོ་འགའ་ཞིག་ཡོད་པར་གྱུར་ན་དེ་ལྟོས་ནས་གྲུབ་པར་འགྱུར་རམ། མ་ལྟོས་པར་རང་ལས་འགྲུབ་

པར་འགྱུར་གྲང་ན། བརྟག་པ་གཉིས་ཀ་ཡང་མི་འཐད་པར་བསྟན་པའི་ཕྱིར། དུས་ཀྱི་དབྱེ་བ་འགྲུབ་ན་ཡང་ལྟོས་པ་ཅན་ནམ། འོན་ཏེ་མ་ལྟོས་པ་ཞིག་ཏུ་འགྱུར་གྲང་ན་ཞེས་བྱ་བ་སྨྲས་སོ། །དེ་ལ་རེ་ཞིག་རྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར། དེ་ལ་གལ་ཏེ་ལྟོས་པ་ཅན་དུ་དམ་འཆའ་ན།

ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་ལྟོས་གྱུར་ན། །ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕ་རོལ་པོ་དག་དུས་ལྟོས་ཏེ་འགྲུབ་པར་འདོད་པའི་གཞུང་བསྣན་པ་བསྟན་ཏེ། ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་གལ་ཏེ་འདུས་པའི་དུས་ལ་ལྟོས་ནས་ཡོད་པར་གྱུར་ནའོ། །ད་ནི་དེ་མི་འཐད་པར་

སྒྲུབ་པའི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །དུས་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར་འདས་པའི་དུས་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་

པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འདས་པའི་དུས་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར་འདས་པའི་དུས་ན་ཡོད་པར་འགྱུར་བ་དེ་བཞིན་དུ་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་ཀྱང་དུས་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར་འདས་པའི་དུས་ན་ཡོད་པར་

འགྱུར་ཏེ། དེ་ལྟ་ན་ད་ལྟར་བྱུང་བ་དང་། མ་འོངས་པའི་དུས་དག་འདས་པའི་དུས་ན་ཡོད་པར་འགྱུར་རོ། །འདས་པའི་དུས་ན་ཡོད་པར་གྱུར་ན་དེ་གཉིས་ཀྱང་འདས་པ་ཡིན་པར་འགྱུར་རོ། །དེ་ལྟར་ན་དུས་གཅིག་ཁོ་ནར་འགྱུར་རོ། །དུས་གཅིག་ཁོ་ན་ཡིན་ན་ལྟོས་པ་མི་འཐད་དེ། འདི་ལྟར་

เล่ม ๑๐๑ · หน้า 100b

དེ་ཉིད་དེ་ཉིད་ལ་ཇི་ལྟར་ལྟོས་པར་འགྱུར་ལྟོས་པ་མི་འཐད་པའི་ཕྱིར་དུས་ཀྱང་མི་འཐད་པ་ཁོ་ན་ཡིན་ནོ། །ཡང་ན། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་པ་ལྟོས་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །ཞེས་བྱ་བ་ནི་ལན་འགའ་ཞེས་བྱ་བའི་

ཚིག་གི་ལྷག་མའོ་ཞེས་བྱ་བས་ནི། གལ་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་གལ་ཏེ་འདས་པའི་དུས་ལ་ལྟོས་ནས་ཡོད་པར་གྱུར་ན་དེ་ལྟ་ན་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་ལན་འགའ་འདས་པའི་དུས་ན་ཡོད་པའི་སྐྱོན་དུ་འགྱུར་རོ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་རྗེས་སུ་

དཔག་པ་བསྟན་པའི་ཕྱིར། འདི་ལ་གང་དག་ལྟོས་པ་དང་བཅས་པ་དེ་དག་ནི་དུས་གཅིག་ཉིད་དུ་ཡང་འགྱུར་ཏེ་ལན་འགའ་མི་མཐུན་པ་ཉིད་མེད་ན་ལྟོས་པ་དང་བཅས་པའི་ཕྱིར། དཔེར་ན་ཕ་དང་བུ་དག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་།

དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཕ་དང་བུ་དག་ནི་ལན་འགའ་མི་མཐུན་པ་ཉིད་མེད་ན་ལྟོས་པ་དང་བཅས་པའི་ཕྱིར་དུས་གཅིག་ཉིད་དུ་ཡང་འགྱུར་བ་དེ་བཞིན་དུ་ད་ལྟར་བྱུང་བ་དང་མ་འོངས་པ་གང་དག་འདས་པའི་དུས་ལ་ལྟོས་པ་དང་བཅས་པ་དེ་དག་ཀྱང་ལན་འགའ་མི་མཐུན་པ་ཉིད་མེད་

ན་ལྟོས་པ་དང་བཅས་པའི་ཕྱིར་དུས་གཅིག་ཉིད་དུ་ཡང་འགྱུར་རོ། །དེ་ལྟ་ན་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་ལ་ལན་འགའ་འདས་པའི་དུས་ན་ཡོད་པར་འགྱུར་རོ། །ལན་འགའ་འདས་པའི་དུས་ལྟོས་ན་ཡོད་པར་གྱུར་ན་དེ་གཉིས་ཀྱང་ལན་འགའ་འདས་པ་ཡིན་པར་འགྱུར་རོ། །དེ་ལྟར་

ན་ལན་འགའ་དུས་གཅིག་ཁོ་ནར་འགྱུར་རོ། །ལན་འགའ་དུས་གཅིག་ཁོ་ན་ཡིན་ན་ལྟོས་པ་མི་འཐད་དེ། འདི་ལྟར་དེ་ཉིད་དེ་ཉིད་ལ་ཇི་ལྟར་ལྟོས་པར་འགྱུར། ལྟོས་པ་མི་འཐད་པའི་ཕྱིར་དུས་ཀྱང་མི་འཐད་པ་ཁོ་ན་ཡིན་ནོ། །དེ་ལ་རྗེས་སུ་དཔག་པ་སྔ་མས་ནི་འདས་པའི་དུས་ཉིད་བཞིན་དུ་

རྟག་ཏུ་དུས་གཅིག་ཉིད་ཀྱི་སྐྱོན་དུ་འགྱུར་བར་བསྟན་ལ། རྗེས་སུ་དཔག་པ་འདིས་ནི་ཕ་དང་བུ་དག་བཞིན་དུ་ལན་འགའ་མི་མཐུན་པ་ཉིད་མེད་ན་དུས་གཅིག་ཉིད་ཀྱི་སྐྱོན་དུ་འགྱུར་བར་བསྟན་ཏོ། །ཅི་སྟེ་ལྟོས་པ་དང་བཅས་པ་ཉིད་ཀྱི་གཏན་ཚིགས་བསྟན་ཀྱང་ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་

เล่ม ๑๐๑ · หน้า 101a

པའི་དུས་ན་ཡོད་པར་མི་འདོད་ན་དེ་ལྟ་ན་སྐྱོན་གཞན་འདིར་ཡང་འགྱུར་ཏེ་ཞེས་བྱ་བས་ནི། ཅི་སྟེ་ཕ་རོལ་པོ་དག་དབུ་མ་པས་ལྟོས་པ་དང་བཅས་པ་ཉིད་ཀྱི་གཏན་ཚིགས་བསྟན་པས་ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པའི་དུས་ན་ཡོད་པར་འགྱུར་བའི་སྐྱོན་བསྟན་

ཀྱང་སྐྱོན་དེར་འགྱུར་བར་ཁས་མི་ལེན་ཅིང་། ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པའི་དུས་ལ་ལྟོས་པ་དང་བཅས་པ་ཉིད་ཀྱང་ཡིན་ལ། ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པའི་དུས་ན་ཡོད་པར་ཡང་མི་འདོད་ན་དེ་ལྟ་ན་དེ་དག་ལ་ལྟོས་པ་དང་བཅས་པ་ཉིད་མི་འཐད་པའི་སྐྱོན་གཞན་

འདིར་ཡང་འགྱུར་རོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་དེ་ན་མེད་གྱུར་ན། །ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕ་རོལ་པོ་དག་ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པའི་དུས་ལ་ལྟོས་ཏེ་འགྲུབ་པར་ཡང་འདོད་ལ། ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་

པའི་དུས་ན་ཡོད་པར་ཡང་མི་འདོད་པའི་གཞུང་བསྣན་པ་བསྟན་ཏེ། ད་ལྟར་བྱུང་བ་དང་མ་འོངས་པ་དག་གལ་ཏེ་འདས་པའི་དུས་དེ་ན་མེད་པར་གྱུར་ནའོ། །ད་ནི་དེ་ལྟ་ན་ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པའི་དུས་ལ་ལྟོས་པ་མི་འཐད་པ་བསྟན་པའི་ཕྱིར། ད་ལྟར་བྱུང་དང་མ་འོངས་པ། །

ཇི་ལྟར་དེ་ལ་ལྟོས་པར་འགྱུར། །ཞེས་བྱ་བ་སྨྲས་ཏེ། ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་གལ་ཏེ་འདས་པའི་དུས་དེ་ན་མེད་པར་གྱུར་ན། ད་ལྟར་བྱུང་བ་དང་མ་འོངས་པའི་དུས་འདས་པའི་དུས་དེ་ན་མེད་པ་དེ་དག་ཇི་ལྟར་འདས་པའི་དུས་དེ་ལ་ལྟོས་པར་འགྱུར་ཏེ། འདི་ལྟར་གསུམ་ཆར་ཡང་

ཚོགས་པར་གྱུར་ན་ལྟོས་པར་འཐད་པ་ཡིན་ན། ད་ལྟར་བྱུང་བ་དང་མ་འོངས་པ་འདས་པའི་དུས་ན་མེད་པ་དག་འདས་པའི་དུས་ལ་ལྟོས་པ་མི་འཐད་དོ། །ཕ་རོལ་པོ་དག་འདོད་པ་ལྟར་ལྟོས་པ་དང་བཅས་པ་ཉིད་ཡིན་ན་ལྟོས་ཏེ་འགྲུབ་ལ། ལྟོས་ཏེ་འགྲུབ་པར་ཁས་ལེན་ན་དུས་གཅིག་ཉིད་དུ་ཐལ་བར་འགྱུར་

བས་དུས་མི་འཐད་པར་བསྟན་པའི་ཕྱིར། ལྟོས་པ་དང་བཅས་པ་ཉིད་ཡིན་ན་ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པའི་དུས་ལ་ལྟོས་ནས་ད་ལྟར་བྱུང་བ་དང་མ་འོངས་པ་ཉིད་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་དག་འདོད་པ་ལྟར་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་གལ་ཏེ་

เล่ม ๑๐๑ · หน้า 101b

འདས་པའི་དུས་ལ་ལྟོས་ནས་ཡོད་པར་གྱུར་ན་དེ་ལྟ་ན་ལྟོས་པ་དང་བཅས་པ་ཉིད་ཡིན་པས་ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པའི་དུས་ལ་ལྟོས་ནས་ད་ལྟར་བྱུང་བ་དང་མ་འོངས་པ་ཉིད་དུ་འགྲུབ་པར་འགྱུར་རོ། །དེ་ལྟར་འགྲུབ་པར་ཁས་ལེན་ན་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་འདས་པའི་

དུས་ན་ཡོད་པར་འགྱུར་རོ། །འདས་པའི་དུས་ན་ཡོད་པར་གྱུར་ན་དེ་གཉིས་ཀྱང་འདས་པ་ཡིན་པར་འགྱུར་རོ། །དེ་ལྟ་ན་དུས་གཅིག་ཁོ་ནར་འགྱུར་རོ། །དུས་གཅིག་ཁོ་ན་ཡིན་ན་ལྟོས་པ་མི་འཐད་དེ། འདི་ལྟར་དེ་ཉིད་དེ་ཉིད་ལ་ཇི་ལྟར་ལྟོས་པར་འགྱུར། ལྟོས་པ་མི་འཐད་པའི་ཕྱིར་དུས་ཀྱང་

མི་འཐད་པ་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། ཁ་ཅིག་ན་རེ་དེ་ལྟ་ན་དོན་དམ་པར་ད་ལྟར་དང་མ་འོངས་པའི་དུས་དག་ལ་ད་ལྟར་དང་མ་འོངས་པའི་ངོ་བོ་ཉིད་དག་མེད་དེ། དུས་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར། དཔེར་ན་འདས་པའི་དུས་བཞིན་ནོ་ཞེའོ་ཞེས་བྱ་བ་སྨྲས་ཏེ།

དེ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་དངོས་པོ་ལྟོས་པ་དང་བཅས་པ་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་སྒྲུབ་པའི་རྗེས་སུ་དཔག་པ་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འདས་

པའི་དུས་ནི་དུས་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར། དེ་ལ་ངོ་བོ་ཉིད་མེད་པ་བཞིན་ད་ལྟར་མ་འོངས་པའི་དུས་དག་ཀྱང་དུས་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར་དེ་དག་ལ་ཡང་ངོ་བོ་ཉིད་མེད་དོ། །གཞན་དག་ན་རེ། ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །

ཞེས་བྱ་བ་ནི་དུས་མཉམ་པ་རྣམས་ལ་ལྟོས་པ་སྲིད་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི། འགྲེལ་པ་བྱེད་པ་གནས་བརྟན་སྠི་ར་མ་ཏི་ལ་སོགས་པས་རྣམ་པར་བཤད་པའི་ཚིག་ཡིན་ཏེ། དེ་ཡང་སྔར། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་ལྟོས་གྱུར་ན། །ཞེས་བྱ་བས་ཕ་རོལ་

པོ་དག་དུས་ལྟོས་ཏེ་འགྲུབ་པར་འདོད་པའི་གཞུང་ལས་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་གལ་ཏེ་འདས་པའི་དུས་ལ་ལྟོས་ནས་ཡོད་པར་འདོད་པ་དེ་མི་འཐད་པར་སྒྲུབ་པའི་རྗེས་སུ་དཔག་པ་བསྟན་པའི་ཚིག་ལེའུར་བྱས་པ། ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་

เล่ม ๑๐๑ · หน้า 102a

འགྱུར། །ཞེས་བྱ་བ་དེའི་གཏན་ཚིགས་དང་དཔེ་འགྲེལ་པ་བྱེད་པ་ཉིད་ཀྱིས་དུས་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར། འདས་པའི་དུས་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བཤད་པའི་སྐབས་དེ་ལ། འགྲེལ་པ་བྱེད་པ་གནས་བརྟན་སྠི་ར་མ་ཏི་ལ་སོགས་པ་གཞན་དག་

ན་རེ། ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། ཞེས་བྱ་བ་དེ་སྒྲུབ་པའི་གཏན་ཚིགས་ནི་དུས་མཉམ་པ་རྣམས་ལ་ལྟོས་པ་སྲིད་པའི་ཕྱིར་དུས་ཡོད་པར་སྨྲ་བ་དག་འདོད་པ་ལྟར་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་གལ་ཏེ་འདས་པའི་དུས་ལ་ལྟོས་ནས་ཡོད་

པར་གྱུར་ན། ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་འདས་པའི་དུས་ན་ཡོད་པའི་སྐྱོན་དུ་འགྱུར་བས་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་འདས་པའི་དུས་ལ་ལྟོས་ནས་ཡོད་པར་འདོད་པའི་གཞུང་དེ་མི་རུང་ངོ་ཞེས་ཟེར་བའི་ཚིག་ཡིན་ནོ། །གཞན་དག་ན་རེ་དེ་ནི་རིགས་པ་མ་ཡིན་ཏེ། དུས་ཐ་

དད་པ་ཡིན་ཡང་སྤུན་དག་ལ་ལྟོས་པ་ཡོད་པས་མ་ངེས་པ་ཉིད་ཡིན་པའི་ཕྱིར་རོ་ཞེའོ་ཞེས་བྱ་བ་ནི། འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་བརྟན་སྠི་ར་མ་ཏི་ལ་སོགས་པས་རྣམ་པར་བཤད་པའི་གཏན་ཚིགས་དུས་མཉམ་པ་རྣམས་ལ་ལྟོས་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་པས་རིགས་པ་མ་

ཡིན་ནོ་ཞེས་སུན་འབྱིན་པའི་ཚིག་ཡིན་ཏེ། འདི་ན་དུས་ཐ་དད་པ་ཡིན་ཡང་སྤུན་གཞན་དག་ལ་ལྟོས་པ་ཡོད་པར་མཐོང་བས་དེ་ན་ཅི་རེ་ཞིག་ལྟོས་པ་ཡོད་པའི་ཕྱིར། ཕ་རོལ་པོས་བཏགས་པའི་དུས་རྣམས་བཞིན་དུ་དུས་མཉམ་པ་ཉིད་དུ་འགྱུར་རམ། འོན་ཏེ་ལྟོས་པ་ཡོད་པའི་ཕྱིར་སྤུན་དག་བཞིན་དུ་དུས་ཐ་དད་

པར་འགྱུར་བ་མ་ངེས་པས་དེའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ་ཞེས་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་དོ། །གཞན་དག་ན་རེ། འདས་པ་དང་མ་འོངས་པ་དག་ནི་མེད་པའི་ཕྱིར་ལྟོས་པ་མེད་ལ། འདས་པ་དང་མ་འོངས་པ་དག་ཡོད་པ་ཉིད་ཡིན་ན་ནི་གསུམ་ཆར་ཡང་ད་ལྟར་ཉིད་དུ་འགྱུར་རོ་ཞེའོ་ཞེས་བྱ་བ་ནི།

འགྲེལ་པ་བྱེད་པ་གནས་བརྟན་བུད་དྷ་པཱ་ལི་ཏས་རྣམ་པར་བཤད་པའི་ཚིག་ཡིན་ཏེ། དེ་ཡང་སྔར། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་ལྟོས་གྱུར་ན། །ཞེས་བྱ་བས་ཕ་རོལ་པོ་དག་དུས་ལྟོས་ཏེ་འགྲུབ་པར་འདོད་པའི་གཞུང་ལས་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག །གལ་ཏེ་

เล่ม ๑๐๑ · หน้า 102b

འདས་པའི་དུས་ལ་ལྟོས་ནས་ཡོད་པར་འདོད་པ་དེ་མི་འཐད་པར་སྒྲུབ་པའི་རྗེས་སུ་དཔག་པ་བསྟན་པའི་ཚིག་ལེའུར་བྱས་པ། ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །ཞེས་བྱ་བ་དེའི་གཏན་ཚིགས་དང་། དཔེ་འགྲེལ་པ་བྱེད་པ་ཉིད་ཀྱིས་དུས་ཉིད་ཡིན་ན་ལྟོས་པ་དང་བཅས་

པའི་ཕྱིར་འདས་པའི་དུས་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བཤད་པའི་སྐབས་དེ་ལ། འགྲེལ་པ་བྱེད་པ་གནས་བརྟན་བུད་དྷ་པཱ་ལི་ཏ་ན་རེ། ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །ཞེས་བྱ་བ་དེ་ལ་གླགས་ཡོད་པའི་ཚིག་ཏུ་སྒྲུབ་པ་ནི། ཅི་སྟེ་འདས་པའི་དུས་

ཞིག་ཅིང་འགགས་ཏེ། མེད་པ་ཁོ་ན་ཡིན་ན་ནི་དེ་ན་འདི་གཉིས་ཇི་ལྟར་ཡོད་པར་འགྱུར། ཅི་སྟེ་འདས་པ་ཡང་ཡོད་པ་ཁོ་ན་ཡིན་པར་སེམས་ན་ནི་ཡོད་པའི་ཕྱིར། ད་ལྟར་ཡིན་པར་འགྱུར་གྱི། འདས་པ་མ་ཡིན་པས་དེ་ནི་མི་འདོད་དོ། །དེ་བཞིན་དུ་ཅི་སྟེ་མ་འོངས་པའི་དུས་ཀྱང་མ་སྐྱེས་ཤིང་མ་

བྱུང་སྟེ། མེད་པ་ཁོ་ན་ཡིན་ན་ནི་དེ་ན་འདི་གཉིས་ཇི་ལྟར་ཡོད་པར་འགྱུར། ཅི་སྟེ་མ་འོངས་པ་ཡང་ཡོད་པ་ཁོ་ན་ཡིན་པར་སེམས་ན་ནི་ཡོད་པའི་ཕྱིར་ད་ལྟར་ཡིན་པར་འགྱུར་གྱི་མ་འོངས་པ་མ་ཡིན་པས་དེ་ཡང་མི་འདོད་པས་དུས་ཡོད་པར་སྨྲ་བ་དག་འདོད་པ་ལྟར་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་གལ་

ཏེ་འདས་པའི་དུས་ལ་ལྟོས་ནས་ཡོད་ཅེས་བྱ། འདས་པ་དང་མ་འོངས་པ་དག་ནི་མེད་པའི་ཕྱིར་ལྟོས་པ་མེད་ལ། འདས་པ་དང་མ་འོངས་པ་དག་ཡོད་པ་ཉིད་ཡིན་ན་ནི་དུས་གསུམ་ཆར་ཡང་ད་ལྟར་ཉིད་དུ་འགྱུར་བས་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་འདས་པའི་དུས་ལ་ལྟོས་ནས་ཡོད་པར་འདོད་པའི་གཞུང་

དེ་མི་རུང་ངོ་ཞེས་ཟེར་བའི་ཚིག་ཡིན་ནོ། །ཁ་ཅིག་ན་རེ་དེ་ཡང་རིགས་པ་མ་ཡིན་ཏེ། ད་ལྟར་གྱི་ཚ་བོ་ལ་ལྟོས་ནས་མེས་པོ་མེད་པ་ལས་ཀྱང་སྒྲར་བརྗོད་པ་ཁྱད་པར་ཅན་འཇུག་པའི་ཕྱིར་དང་། དུས་དགག་པ་སྨྲ་བ་དག་གིས་འདས་པ་དང་མ་འོངས་པ་དག་ད་ལྟར་ཉིད་དུ་བསྟན་པས་ཕྱོགས་སྔ་མ་ལ་གནོད་

པའི་ཕྱིར་རོ་ཞེའོ་ཞེས་བྱ་བ་ནི། འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་བརྟན་བུད་དྷ་པཱ་ལི་ཏས་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་ནོ་ཞེས་སུན་འབྱིན་པའི་ཚིག་ཡིན་ཏེ། གནས་བརྟན་བུད་དྷ་པཱ་ལི་ཏས་འདས་པ་དང་མ་འོངས་པ་དག་ནི་མེད་པའི་ཕྱིར་ལྟོས་པ་མེད་ལ་ཞེས་གང་སྨྲས་པ་དེ་ནི་མ་ངེས་པ་

เล่ม ๑๐๑ · หน้า 103a

ཉིད་ཡིན་ཏེ། འདི་ན་ད་ལྟར་གྱི་ཚ་བོ་ཡོད་པ་ལ་ལྟོས་ནས་དེའི་མེས་པོ་མེད་པ་ལ་ཡང་སྒྲར་བརྗོད་པ་ཁྱད་པར་ཅན་འཇུག་པ་མཐོང་བས་དེས་ན་ཅི་རེ་ཞིག་མེད་པའི་ཕྱིར་འདས་པ་དང་མ་འོངས་པ་མེད་པ་དག་ལ་ད་ལྟར་གྱི་དུས་ལ་ལྟོས་པ་མེད་པ་ལྟ་བུར་འགྱུར་རམ། འོན་ཏེ་མེད་པའི་ཕྱིར་

མེས་པོ་མེད་པ་ལ་ཚ་བོ་ལྟོས་པའི་བརྗོད་པ་ཁྱད་པར་ཅན་འཇུག་པ་ལྟ་བུར་འགྱུར་བ་མ་ངེས་པས་དེ་ཡང་རིགས་པ་མ་ཡིན་ནོ། །གནས་བརྟན་བུད་དྷ་པཱ་ལི་ཏས་འདས་པ་དང་མ་འོངས་པ་དག་ཡོད་པ་ཉིད་མ་ཡིན་ན་ནི་གསུམ་ཆར་ཡང་ད་ལྟར་ཉིད་དུ་འགྱུར་རོ་ཞེས་གང་སྨྲས་པ་དེ་ནི་ཕྱོགས་སྔ་མ་ལ་གནོད་དེ།

སློབ་དཔོན་གྱི་ཞལ་སྔ་ནས་དང་འགྲེལ་པ་བྱེད་པ་དག་ནི་དུས་གསུམ་དགག་པ་སྨྲ་བ་ཡིན་པས། གནས་བརྟན་བུད་དྷ་པཱ་ལི་ཏས་ཀྱང་དུས་དགག་པ་བསྟན་པའི་རིགས་པ་ལས་འདས་པ་དང་མ་འོངས་པ་དག་ད་ལྟར་ཉིད་དུ་བསྟན་པས་ཕྱོགས་སྔ་མ་ལ་གནོད་པའི་ཕྱིར། དེ་ཡང་རིགས་པ་མ་ཡིན་ནོ་

ཞེས་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་དོ། །གཞན་དག་གིས་སྨྲས་པ། ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །དེ་དང་འབྲེལ་པའི་ཕྱིར་འདས་པའི་དུས་བཞིན་ཏེ། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་ལྟོས་གྱུར་ན། །ཞེས་གསུངས་པས་འབྲེལ་

པའི་གཏན་ཚིགས་བསྟན་པའི་ཕྱིར་རོ་ཞེའོ་ཞེས་བྱ་བ་ནི། འགྲེལ་པ་བྱེད་པ་གནས་བརྟན་དེ་བ་ཤརྨ་ལ་སོགས་པ་དག་གིས་རྣམ་པར་བཤད་པའི་ཚིག་ཡིན་ཏེ། དེ་ཡང་སྔར། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་ལྟོས་གྱུར་ན། །ཞེས་བྱ་བས་ཕ་རོལ་པོ་དག་དུས་ལྟོས་

ཏེ་འགྲུབ་པར་འདོད་པའི་གཞུང་ལས་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་གལ་ཏེ་འདས་པའི་དུས་ལ་ལྟོས་ནས་ཡོད་པར་འདོད་པ་དེ་མི་འཐད་པར་སྒྲུབ་པའི་རྗེས་སུ་དཔག་པ་བསྟན་པའི་ཚིག་ལེའུར་བྱས་པ། ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །ཞེས་

བྱ་བའི་གཏན་ཚིགས་དང་། དཔེ་འགྲེལ་པ་བྱེད་པ་ཉིད་ཀྱིས་དུས་ཉིད་ཡིན་ན། ལྟོས་པ་དང་བཅས་པའི་ཕྱིར་འདས་པའི་དུས་བཞིན་ཞེས་བྱ་བར་དགོངས་སོ་ཞེས་བཤད་པའི་སྐབས་དེ་ལ། འགྲེལ་པ་བྱེད་པ་གནས་བརྟན་དེ་བ་ཤརྨ་ལ་སོགས་པ་གཞན་དག་ན་རེ། ད་ལྟར་བྱུང་དང་མ་འོངས་པ། །

เล่ม ๑๐๑ · หน้า 103b

འདས་པའི་དུས་ན་ཡོད་པར་འགྱུར། །ཞེས་བྱ་བ་དེ་ནི་རྗེས་སུ་དཔག་པའི་ཚད་མས་བསྒྲུབ་པར་བྱ་སྟེ། དེ་ལ་ད་ལྟར་དང་མ་འོངས་པ་ཞེས་བྱ་བ་ནི་ཆོས་ཅན་ཡིན། འདས་པའི་དུས་ན་ཡོད་པར་འགྱུར། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ནི་ཆོས་ཡིན། །དེ་དང་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་སྒྲུབ་པའི་ཆོས་

ཡིན། འདས་པའི་དུས་བཞིན་ཏེ་ཞེས་བྱ་བ་ནི་དཔེ་ཡིན། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་ལྟོས་གྱུར་ན། །ཞེས་གསུངས་པས་འབྲེལ་པའི་གཏན་ཚིགས་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ཏེ། དཔེར་ན་འདས་པའི་དུས་ནི་འདས་པའི་དུས་ཉིད་

དང་འབྲེལ་པའི་ཕྱིར་འདས་པའི་དུས་ན་ཡོད་པར་འགྱུར་བ་དེ་བཞིན་དུ་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་ཀྱང་འདས་པའི་དུས་ཏེ་དེ་དང་འབྲེལ་པའི་ཕྱིར་འདས་པའི་དུས་ན་ཡོད་པར་འགྱུར་ཏེ། ད་ལྟར་བྱུང་བ་དང་། མ་འོངས་པ་དག་འདས་པའི་དུས་དང་འབྲེལ་པར་ཅི་མངོན་ཞེ་ན། དུས་

ཡོད་པར་སྨྲ་བ་དག་ཉིད་ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པའི་དུས་ལ་ལྟོས་ནས་ཡོད་པར་འདོད་པ་ལས་ཤེས་པར་བྱ་སྟེ། དེ་ལྟ་ན་ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པའི་དུས་ན་ཡོད་པའི་སྐྱོན་དུ་འགྱུར་བས་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་འདས་པའི་དུས་ལ་ལྟོས་

ནས་ཡོད་པར་འདོད་པའི་གཞུང་དེ་མི་རུང་ངོ་ཞེས་ཟེར་བའི་ཚིག་ཡིན་ནོ། །གཞན་མ་ཡིན་པ་ན་རེ་འབྲེལ་པའི་གཏན་ཚིགས་ཀྱང་རིགས་པ་མ་ཡིན་ཏེ། ལྟོས་པ་དང་འབྲེལ་པ་ཉིད་ཡིན་ཡང་དབྱུག་པ་ཅན་དབྱུག་པ་ཉིད་དུ་མི་འགྱུར་བས་མ་ངེས་པ་ཉིད་ཡིན་པའི་ཕྱིར་དང་། དུས་ཐ་དད་པ་དག་ལ་

ཡང་འབྲེལ་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་བརྟན་དེ་བ་ཤརྨ་ལ་སོགས་པ་དག་གིས་རྣམ་པར་བཤད་པའི་གཏན་ཚིགས་དེ་དང་འབྲེལ་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་པས་རིགས་པ་མ་ཡིན་ནོ་ཞེས་སུན་འབྱིན་པའི་ཚིག་ཡིན་ཏེ། འདི་ནི་དབྱུག་པ་ཅན་ལྷས་

བྱིན་ལ་དབྱུག་པ་ལ་ལྟོས་ཤིང་འབྲེལ་པ་ཡིན་ཡང་དབྱུག་པའི་བདག་ཉིད་དུ་མི་འགྱུར་བར་མཐོང་བས་ངེས་ན་ཅི་རེ་ཞིག་འབྲེལ་པའི་ཕྱིར་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་འདས་པའི་དུས་ན་ཡོད་པར་འགྱུར་རམ། འོན་ཏེ་འབྲེལ་པའི་ཕྱིར་དབྱུག་པ་ཅན་དབྱུག་པའི་བདག་ཉིད་དུ་མི་འགྱུར་

เล่ม ๑๐๑ · หน้า 104a

བ་ལྟ་བུར་འགྱུར་བ་མ་ངེས་པས་དེའི་ཕྱིར་འགྲེལ་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་རིགས་པ་མ་ཡིན་ནོ། །གཞན་ཡང་འདི་ན་ཕ་དང་བུ་ལྟ་བུ་དུས་ཐ་དད་པ་དག་ལ་ཡང་འགྲེལ་པ་ཡོད་པར་མཐོང་བས། དེས་ན་དུས་ཐ་དད་པར་གྱུར་ན་ཡང་འབྲེལ་པ་འགྲུབ་པའི་ཕྱིར། ད་ལྟར་བྱུང་བ་

དང་མ་འོངས་པ་དག་གལ་ཏེ་འདས་པ་ལ་ལྟོས་པར་གྱུར་ན། དེ་དག་དུས་གཅིག་ཏུ་གྱུར་པ་ལ་འབྲེལ་པ་ཡོད་པའི་ཕྱིར། དཔེར་ན་འདས་པའི་དུས་བཞིན་ཏེ་ཞེས་གང་སྨྲས་པ་དེ་ཡང་མ་ངེས་པས་རིགས་པ་མ་ཡིན་ནོ་ཞེས་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་དོ། །དེ་ལྟར་རེ་ཞིག་ལྟོས་པ་ཅན་གྱི་དུས་མ་

གྲུབ་པོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། སྔར་ད་ནི་འདི་ལ་གལ་ཏེ་དུས་ཞེས་བྱ་བ་དངོས་པོ་འགའ་ཞིག་ཡོད་པར་གྱུར་ན་དེ་ལྟོས་ནས་འགྲུབ་པར་འགྱུར་རམ། མ་ལྟོས་པར་རང་ལས་འགྲུབ་པར་འགྱུར་གྲང་ན་བརྟག་པ་གཉི་ག་ཡང་མི་འཐད་དོ་ཞེས་སྨོས་པ་ལ་བརྟག་པ་དང་པོ་མི་འཐད་པར་སྟོན་ཏོ། །ད་ནི་བརྟག་

པ་གཉིས་མི་འཐད་པར་བསྟན་པའི་ཕྱིར། འོན་ཏེ་མ་ལྟོས་པར་དམ་འཆའ་ན་དེའི་ཕྱིར། འདས་པ་ལ་ནི་མ་ལྟོས་པར། །དེ་གཉིས་འགྲུབ་པ་ཡོད་མ་ཡིན། །ཞེས་བྱ་བ་སྨྲས་ཏེ། འདས་པའི་དུས་ལ་མ་ལྟོས་པར་ཡང་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དེ་གཉིས་རང་ལས་རབ་ཏུ་འགྲུབ་པ་ཡོད་པ་

མ་ཡིན་ནོ། །དེ་གཉིས་བསྟན་པའི་ཕྱིར། ད་ལྟར་དང་མ་འོངས་པ་ཉིད་ཀྱི་རྒྱུ་འདས་པ་ལ་མ་ལྟོས་པར་ད་ལྟར་དང་མ་འོངས་པ་དེ་གཉིས་རྒྱུ་མེད་པར་འགྲུབ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །དེའི་མཇུག་བསྡུ་བ་བསྟན་པའི་ཕྱིར། གང་གི་ཕྱིར་དེ་ལྟར་ལྟོས་པ་མེད་པར་ད་ལྟར་བྱུང་བ་དང་། མ་

འོངས་པ་དག་མ་གྲུབ་པ། །དེ་ཕྱིར་ད་ལྟར་བྱུང་བ་དང་། །མ་འོངས་དུས་ཀྱང་ཡོད་མ་ཡིན། །ཞེས་བྱ་བ་སྨྲས་ཏེ། དེ་ལྟར་གང་གི་ཕྱིར་ད་ལྟར་བྱུང་བ་དང་མ་འོངས་པ་གཉིས་འདས་པའི་དུས་ན་ཡོད་པ་མ་ཡིན་པས་ལྟོས་པར་མི་འཐད་ལ་འདས་པ་ལ་མ་ལྟོས་པར་ཡང་དེ་གཉིས་འགྲུབ་པ་ཡོད་པ་མ་

ཡིན་པ་དེའི་ཕྱིར་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་ཀྱང་ཡོད་པ་མ་ཡིན་ནོ། །དེ་གཉིས་ཡོད་པ་མ་ཡིན་པ་ཉིད་ཀྱི་རྒྱུ་བསྟན་པའི་ཕྱིར། །འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་སྒྲར་བརྗོད་པའི་དུས་དག་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། མ་ལྟོས་པར་ཡང་དུས་

เล่ม ๑๐๑ · หน้า 104b

གསུམ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེས་ནི་བརྟག་པ་གཉིས་པ་མི་འཐད་པར་བསྟན་ཏོ། །རིམ་པའི་ཚུལ་ནི་འདི་ཉིད་ཀྱིས། །ལྷག་མ་གཉིས་པོ་བསྣོར་བ་དང་། །ཞེས་བྱ་བ་ནི་སྒྲུབ་པའི་རིམ་པའི་ཚུལ་འདི་ཉིད་ཀྱིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དང་འདས་པའི་

དུས་གཉིས་པོ་བསྣོར་བ་དག་ཀྱང་དེ་བཞིན་དུ་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི། ཅི་ལྟར་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་གཉིས་འདས་པའི་དུས་ལ་ལྟོས་པ་དང་མ་ལྟོས་པར་ཡང་འགྲུབ་པ་མེད་པར་བསྟན་པ་དེ་བཞིན་དུ་འདས་པ་དང་མ་འོངས་པའི་དུས་གཉིས་ད་ལྟར་བྱུང་བའི་དུས་ལ་ལྟོས་པ་དང་

མ་ལྟོས་པར་ཡང་འགྲུབ་པ་མེད་པ་དང་། ད་ལྟར་བྱུང་བ་དང་འདས་པའི་དུས་གཉིས་མ་འོངས་པའི་དུས་ལ་ལྟོས་པ་དང་མ་ལྟོས་པར་ཡང་འགྲུབ་པ་མེད་པར་བསྣོར་བ་ལྷག་མ་གཉིས་ཀྱང་སྔ་མ་བཞིན་དུ་ཤེས་པར་བྱའོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། འདས་པ་དང་ནི་མ་འོངས་པ། །

གལ་ཏེ་ད་ལྟར་ལྟོས་གྱུར་ན། །འདས་པ་དང་ནི་མ་འོངས་པ། །ད་ལྟའི་དུས་ན་ཡོད་པར་འགྱུར། །འདས་པ་དང་ནི་མ་འོངས་པ། །གལ་ཏེ་དེ་ན་མེད་གྱུར་ན། །འདས་པ་དང་ནི་མ་འོངས་པ། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །ད་ལྟར་ལ་ནི་མ་ལྟོས་པར། །དེ་གཉིས་འགྲུབ་པ་ཡོད་མ་

ཡིན། །དེ་ཕྱིར་འདས་པར་གྱུར་པ་དང་། །མ་འོངས་དུས་ཀྱང་ཡོད་མ་ཡིན། །ཞེས་བྱ་བ་དང་དེ་བཞིན་དུ། །ད་ལྟར་བྱུང་དང་འདས་པ་དག །གལ་ཏེ་མ་འོངས་ལྟོས་གྱུར་ན། །ད་ལྟར་བྱུང་དང་འདས་པ་དག །མ་འོངས་དུས་ན་ཡོད་པར་འགྱུར། །ད་ལྟར་བྱུང་དང་འདས་པ་དག །གལ་

ཏེ་དེ་ན་མེད་གྱུར་ན། །ད་ལྟར་བྱུང་དང་འདས་པ་དག །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །མ་འོངས་པ་ལ་མ་ལྟོས་པས། །དེ་གཉིས་འགྲུབ་པ་ཡོད་མ་ཡིན། །དེ་ཕྱིར་ད་ལྟར་བྱུང་བ་དང་། །འདས་པའི་དུས་ཀྱང་ཡོད་མ་ཡིན། ཞེས་བྱ་བ་དེ་ལྟར་བསྣོར་བར་བྱ་སྟེ་ཞེས་བྱ་བ་སྨྲས་སོ། །དེ་དག་ནི་

རྣམ་པར་བཤད་པའི་ཚིག་ལེའུར་བྱས་པ་དག་ཡིན་ནོ་ཞེས་བྱ་བ་ནི། དུས་ལྷག་མ་གཉིས་པོ་བསྣོར་བའི་ཚིགས་སུ་བཅད་པ་དྲུག་པོ་དེ་དག་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་ཉེ་བར་སྦྱར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གིས་སྔ་མ་བཞིན་དུ་བསྒྲུབ་པ་དང་སུན་དབྱུང་བ་དག་ཀྱང་བསྟན་པར་བྱའོ་

เล่ม ๑๐๑ · หน้า 105a

ཞེས་བྱ་བ་ནི། དུས་ལྷག་མ་གཉིས་པོ་བསྣོར་བའི་ཚིགས་སུ་བཅད་པ་དེ་དག་གིས་འདས་པ་དང་མ་འོངས་པའི་དུས་གཉིས་ད་ལྟར་བྱུང་བའི་དུས་ལ་ལྟོས་པ་དང་། མ་ལྟོས་པར་ཡང་འགྲུབ་པ་མེད་པ་དང་། ད་ལྟར་བྱུང་བ་དང་འདས་པའི་དུས་གཉིས་མ་འོངས་པའི་དུས་

ལ་ལྟོས་པ་དང་མ་ལྟོས་པར་ཡང་འགྲུབ་པ་མེད་པར་སྒྲུབ་པ་དང་སུན་དབྱུང་བ་དག་ཀྱང་སྔ་མ་བཞིན་དུ་བསྟན་པར་བྱའོ། །མཆོག་དང་ཐ་མ་འབྲིང་ལ་སོགས། །གཅིག་ལ་སོགས་པའང་ཤེས་པར་བྱ། །རིམ་པའི་ཚུལ་འདི་ཉིད་ཀྱིས་ཞེས་བྱ་བར་སྦྱར་རོ་ཞེས་བྱ་བ་ནི། ཇི་ལྟར་སྔར།

རིམ་པའི་ཚུལ་ནི་འདི་ཉིད་ཀྱིས། །ལྷག་མ་གཉིས་པོ་བསྣོར་བ་དང་། །ཞེས་བྱ་བ་བསྟན་པ་དེ་བཞིན་དུ་འདིར་ཡང་། རིམ་པའི་ཚུལ་ནི་འདི་ཉིད་ཀྱིས། །མཆོག་དང་ཐ་མ་འབྲིང་ལ་སོགས། །གཅིག་ལ་སོགས་པའང་ཤེས་པར་བྱ། །ཞེས་བྱ་བར་སྦྱར་རོ། །དེ་ལ་རེ་ཞིག །མཆོག་དང་ཐ་མ་

འབྲིང་སོགས་དང་། །ཞེས་བྱ་བ་བསྟན་པའི་ཕྱིར། དེ་ལ་མཆོག་དང་ཐ་མ་དང་འབྲིང་ལ་སོགས་པ་ནི་རང་གི་རིགས་ལས་མ་འདས་པར་ཡོན་ཏན་འཕེལ་བ་དང་འགྲིབ་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་མཆོག་དང་ཐ་མ་དང་འབྲིང་ཞེས་བྱ་བ་དག་གི་ཚུལ་བསྟན་ཏོ། །དེ་ཡང་འདི་ལྟར་སྦྱར་ཏེ།

དཔེར་ན་བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་དང་དམངས་རིགས་དག་ལས་རེ་ཞིག་བྲམ་ཟེ་ཡང་རང་གི་རིགས་ལས་མ་འདས་པ་བཞིན་དུ་ཡོན་ཏན་འཕེལ་བ་དང་ལྡན་པའི་ཕྱིར་ནི་མཆོག་ཅེས་བྱའོ། །ཡོན་ཏན་འགྲིབ་པ་དང་ལྡན་པའི་ཕྱིར་ནི་ཐ་མ་ཞེས་བྱ། ཡོན་ཏན་འཕེལ་བ་ཡང་མ་ཡིན་འགྲིབ་པ་

ཡང་མ་ཡིན་པ་དང་ལྡན་པའི་ཕྱིར་ནི་འབྲིང་ཞེས་བྱའོ། །རྒྱལ་རིགས་ཀྱང་རང་གི་རིགས་ལས་མ་འདས་བཞིན་དུ་ཡོན་ཏན་འཕེལ་བ་དང་ལྡན་པའི་ཕྱིར་ནི་མཆོག་ཅེས་བྱ། ཡོན་ཏན་འགྲིབ་པ་དང་ལྡན་པའི་ཕྱིར་ནི་ཐ་མ་ཞེས་བྱ། ཡོན་ཏན་འཕེལ་བ་ཡང་མ་ཡིན་འགྲིབ་པ་ཡང་མ་ཡིན་པ་དང་ལྡན་

པའི་ཕྱིར་ནི་འབྲིང་ཞེས་བྱའོ། །རྗེའུ་རིགས་ཀྱང་རང་གི་རིགས་ལས་མ་འདས་བཞིན་དུ་ཡོན་ཏན་འཕེལ་བ་དང་ལྡན་པའི་ཕྱིར་ནི་མཆོག་ཅེས་བྱ། ཡོན་ཏན་འགྲིབ་པ་དང་ལྡན་པའི་ཕྱིར་ནི་ཐ་མ་ཞེས་བྱ། ཡོན་ཏན་འཕེལ་བ་ཡང་མ་ཡིན་འགྲིབ་པ་ཡང་མ་ཡིན་པ་དང་ལྡན་པའི་ཕྱིར་ནི་འབྲིང་

เล่ม ๑๐๑ · หน้า 105b

ཞེས་བྱའོ། །དམངས་རིགས་ཀྱང་རང་གི་རིགས་ལས་མ་འདས་བཞིན་དུ་ཡོན་ཏན་འཕེལ་བ་དང་ལྡན་པའི་ཕྱིར་ནི་མཆོག་ཅེས་བྱའོ། །ཡོན་ཏན་འགྲིབ་པ་དང་ལྡན་པའི་ཕྱིར་ནི་ཐ་མ་ཞེས་བྱ། ཡོན་ཏན་འཕེལ་བ་ཡང་མ་ཡིན་འགྲིབ་པ་ཡང་མ་ཡིན་པ་དང་ལྡན་པའི་ཕྱིར་ནི་འབྲིང་ཞེས་བྱའོ། །ཡོན་

ཏན་ཇི་ལྟ་བ་བཞིན་དུ་སྐྱོན་ཡང་དེ་ལས་བཟློག་ཏེ་སྦྱར་བར་བྱའོ། །ཇི་ལྟར་རིགས་བཞི་ལ་ཡོན་ཏན་དང་སྐྱོན་གྱིས་མཆོག་དང་ཐ་མ་དང་འབྲིང་གི་ཚུལ་བསྟན་པ་དེ་བཞིན་དུ། དངོས་པོ་སྲིད་དོ་ཅོག་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །འདིར་ཡང་གལ་ཏེ་མཆོག་དང་ཐ་མ་དང་འབྲིང་ཞེས་བྱ་བ་དངོས་

པོ་འགའ་ཞིག་ཡོད་པར་གྱུར་ན་དེ་དག་ལྟོས་ནས་འགྲུབ་པར་འགྱུར་རམ། མ་ལྟོས་པར་རང་ལས་འགྲུབ་པར་འགྱུར་གྲང་ན། བརྟག་པ་གཉིས་ཀ་ཡང་མི་འཐད་པར་བསྟན་པའི་ཕྱིར་དེ་དག་ཀྱང་ལྟོས་པ་ཅན་ནམ། འོན་ཏེ་མ་ལྟོས་པར་འགྲུབ་པ་ཞིག་ཏུ་འགྱུར་གྲང་ན་ཞེས་བྱ་བ་སྨྲས་སོ། །དེ་ལ་

རེ་ཞིག་བརྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར། དེ་ལ་དོན་དམ་པར་མཆོག་དང་འབྲིང་གི་ངང་ཚུལ་ཅན་དག་ལ་དེ་དག་གི་ངོ་བོ་ཉིད་མེད་དེ། ངང་ཚུལ་ཅན་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར། དཔེར་ན་ཐ་མའི་ངང་ཚུལ་ཅན་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་།

བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཐ་མའི་ངང་ཚུལ་ཅན་ནི་ངང་ཚུལ་ཅན་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར། དེ་ལ་དེའི་ངོ་བོ་ཉིད་མེད་པ་དེ་བཞིན་དུ་མཆོག་དང་འབྲིང་གི་ངང་ཚུལ་ཅན་དག་ཀྱང་ངང་ཚུལ་ཅན་ཉིད་ཡིན་ན་ལྟོས་

པ་དང་བཅས་པའི་ཕྱིར་དེ་དག་ལ་ཡང་དེ་དག་གི་ངོ་བོ་ཉིད་མེད་དོ། །དེ་བཞིན་དུ་ངང་ཚུལ་ཅན་གཞན་གཉིས་ལ་ཡང་བརྗོད་པར་བྱའོ་ཞེས་བྱ་བ་ནི་འདི་ལྟར་སྦྱར་ཏེ། དོན་དམ་པར་མཆོག་དང་ཐ་མའི་ངང་ཚུལ་ཅན་དག་ལ་དེ་དག་གི་ངོ་བོ་ཉིད་མེད་དེ། ངང་ཚུལ་ཅན་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར།

དཔེར་ན་འབྲིང་གི་ངང་ཚུལ་ཅན་བཞིན་ནོ། །དེ་བཞིན་དུ་དོན་དམ་པར་འབྲིང་དང་ཐ་མའི་ངང་ཚུལ་ཅན་དག་ལ་དེ་དག་གི་ངོ་བོ་ཉིད་མེད་དེ། ངང་ཚུལ་ཅན་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར། དཔེར་ན་མཆོག་གི་ངང་ཚུལ་ཅན་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །རེ་ཞིག་དེ་དག་གིས་ནི་ཇི་ལྟར་

เล่ม ๑๐๑ · หน้า 106a

སྔར་དུས་བརྟག་པའི་སྐབས་སུ། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་ལྟོས་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །དུས་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར་འདས་པའི་དུས་བཞིན་ནོ་ཞེས་བྱ་བར་དགོངས་སོ། །ཡང་ན། ད་ལྟར་བྱུང་དང་

མ་འོངས་པ། །གལ་ཏེ་འདས་ལ་ལྟོས་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །ཞེས་བྱ་བ་ནི་ལན་འགའ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །འདི་ལ་གང་དག་ལྟོས་པ་དང་བཅས་པ་དག་ནི་དུས་གཅིག་ཉིད་དུ་ཡང་འགྱུར་ཏེ། ལན་འགའ་མི་མཐུན་པ་ཉིད་

མེད་ན་ལྟོས་པ་དང་བཅས་པའི་ཕྱིར། དཔེར་ན་ཕ་དང་བུ་དག་བཞིན་ནོ་ཞེས་བསྟན་པ་བཞིན་དུ། འདིར་ཡང་། མཆོག་དང་འབྲིང་གི་ངང་ཚུལ་ཅན། །གལ་ཏེ་ཐ་མ་ལྟོས་གྱུར་ན། །མཆོག་དང་འབྲིང་གི་ངང་ཚུལ་ཅན། །ཐ་མ་ལ་ནི་ཡོད་པར་འགྱུར། །ངང་ཚུལ་ཅན་ཉིད་ཡིན་ན་ལྟོས་པ་དང་

བཅས་པའི་ཕྱིར་ཐ་མའི་ངང་ཚུལ་ཅན་བཞིན་ནོ་ཞེས་བྱ་བར་དགོངས་སོ། །ཡང་ན། མཆོག་དང་འབྲིང་གི་ངང་ཚུལ་ཅན། །གལ་ཏེ་ཐ་མ་ལྟོས་གྱུར་ན། །མཆོག་དང་འབྲིང་གི་ངང་ཚུལ་ཅན། །ཐ་མ་ལ་ནི་ཡོད་པར་འགྱུར། །ཞེས་བྱ་བ་ནི་ལན་འགའ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །འདི་ལ་གང་དག་

ལྟོས་པ་དང་བཅས་པ་དེ་དག་ནི་དུས་གཅིག་ཉིད་དུ་ཡང་འགྱུར་ཏེ། ལན་འགའ་མི་མཐུན་པ་ཉིད་མེད་ན་ལྟོས་པ་དང་བཅས་པའི་ཕྱིར། དཔེར་ན་ཕ་དང་བུ་དག་བཞིན་ནོ་ཞེས་སྔ་མ་བཞིན་དུ་སྦྱར་བའི་སྐབས་བསྟན་ཏོ། །ཅི་སྟེ་ལྟོས་པ་དང་བཅས་པ་ཉིད་ཀྱི་གཏན་ཚིགས་བསྟན་ཀྱང་མཆོག་དང་འབྲིང་

དང་ཐ་མ་ལ་ཡོད་པར་མི་འདོད་ན། དེ་ལྟ་ན་མཆོག་དང་འབྲིང་དག་ཐ་མ་ལ་ཇི་ལྟར་ལྟོས་པར་འགྱུར་ཞེས་བྱ་བ་ནི་ཅི་སྟེ་ཕ་རོལ་པོ་དག་དབུ་མ་པས་ལྟོས་པ་དང་བཅས་པ་ཉིད་ཀྱི་གཏན་ཚིགས་བསྟན་པས། མཆོག་དང་འབྲིང་དག་ཐ་མ་ལ་ཡོད་པར་འགྱུར་བའི་སྐྱོན་བསྟན་ཀྱང་སྐྱོན་དེར་འགྱུར་བར་ཁས་མི་ལེན་

ཅིང་མཆོག་དང་འབྲིང་དག་ཐ་མ་ལ་ལྟོས་པ་དང་བཅས་པ་ཉིད་ཀྱང་ཡིན་ལ། མཆོག་དང་འབྲིང་དག་ཐ་མ་ལ་ཡོད་པར་ཡང་མི་འདོད་ན་དེ་ལྟ་ན་དེ་དག་ལ་ལྟོས་པ་དང་བཅས་པ་ཉིད་མི་འཐད་པའི་སྐྱོན་གཞན་འདིར་ཡང་འགྱུར་རོ་ཞེས་སྟོན་ཏེ་དེ་ལྟ་ན་མཆོག་དང་འབྲིང་དག་ཐ་མ་ལ་ལྟོས་པར་མི་འཐད་དོ། །འདི་ལྟར་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด