ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) པྲཛྙཱ་པྲ་དཱི་པཾ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐๑ · หน้า 131b

འབྲས་བུ་གསལ་བའི་ངོ་བོ་ཉིད་དུ་མི་སྣང་བ་གཞན་ལྡོག་པ་ན་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པའི་ཆོས་གཞན་སྐྱེ་བ་ཡང་རང་བཞིན་ནི་ངེས་པར་གནས་ལ། གནས་སྐབས་ནི་སྣང་བ་དང་མི་སྣང་བའི་ཚུལ་དུ་ཡོངས་སུ་འགྱུར་བ་ཡིན་པས་དེའི་ཕྱིར་རྒྱུ་རྣམ་པ་ཐམས་ཅད་དུ་འགགས་ཤིང་ནུབ་པར་གྱུར་པས་འབྲས་བུ་

སྐྱེས་པ་སྐྱེད་པར་བྱེད་པ་མ་ཡིན་གྱི། རྒྱུའི་རྫས་རང་བཞིན་ངེས་པར་གནས་པས་འབྲས་བུའི་ཆོས་སྣང་བ་དང་མི་སྣང་བ་དག་སྐྱེད་པར་བྱེད་དོ་ཞེས་ཟེར་རོ། །ནུས་པའི་ཚུལ་དུ་ཡོད་པའི་ཕྱིར་གསལ་བ་ཁྱད་པར་ཅན་མ་སྐྱེས་པ་བསྐྱེད་པར་བྱ་མི་དགོས་པ་ཡང་མ་ཡིན་ནོ་ཞེས་བྱ་བས་ནི་སྔར་དབུ་མ་སྐྱེས་པ་ཡང་སྐྱེད་མི་

དགོས་པའི་ཕྱིར་རྒྱུ་འགག་པས་འབྲས་བུ་སྐྱེས་པ་སྐྱེད་པར་མི་བྱེད་དོ་ཞེས་བསྟན་པའི་ལན་འདེབས་ཏེ། དེ་དག་ན་རེ་ཁོ་བོ་ཅག་གི་གཞུང་ལས་རྒྱུ་ལ་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པའི་ཕྱིར་གསལ་བ་ཁྱད་པར་ཅན་དུ་མ་སྐྱེས་པས་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་ཅིང་སྐྱེས་པ་གསལ་བའི་བདག་

ཉིད་དུ་མེད་ཅིང་མ་སྐྱེས་པ་བསྐྱེད་པར་བྱ་དགོས་པས་འབྲས་བུ་སྐྱེས་པ་ཡང་བསྐྱེད་པར་བྱ་མི་དགོས་པ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། དེ་ལྟ་ན་ཡང་རྫས་ངེས་པར་གནས་པ་ཡང་ཆོས་གཞན་ལྡོག་པའི་དུས་ན་ལྡོག་པར་འགྱུར་ཏེ། དེ་

ལས་གཞན་མ་ཡིན་པའི་ཕྱིར། དཔེར་ན་ཆོས་གཞན་ལྡོག་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེས་ནི་གྲངས་ཅན་དག་གི་གཞུང་ལྟར་རྒྱུ་དང་གསེར་གྱི་རང་བཞིན་དུ་ངེས་པར་གནས་ལ་འབྲས་བུ་དང་གདུ་བུ་ལ་སོགས་པའི་ཆོས་ནི་སྣང་བ་མི་སྣང་བར་འགྱུར་ན། དེ་ལྟ་ན་རྒྱུ་དང་

འབྲས་བུ་དག་རང་བཞིན་གཅིག་པའི་ཕྱིར་འབྲས་བུ་ལྡོག་ཅིང་མི་སྣང་བའི་དུས་ན་རྒྱུ་ཡང་ལྡོག་ཅིང་མི་སྣང་བའི་སྐྱོན་དུ་འགྱུར་བར་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གདུ་བུ་ལ་སོགས་པ་དང་།

འབྲས་བུ་གསལ་བ་ནི་རང་གི་བདག་ཉིད་ལས་གཞན་མ་ཡིན་པའི་ཕྱིར་བདག་ཉིད་ལྡོག་པའི་དུས་ན་ལྡོག་པར་འགྱུར་བ་དེ་བཞིན་དུ་གསེར་དང་རྒྱུ་ངེས་པར་གནས་པ་དག་ཀྱང་གདུ་བུ་ལ་སོགས་པ་དང་འབྲས་བུ་གསལ་བ་དག་ལས་གཞན་མ་ཡིན་པའི་ཕྱིར་གདུ་བུ་ལ་སོགས་པ་དང་འབྲས་བུ་གསལ་བའི་ཆོས་གཞན་

เล่ม ๑๐๑ · หน้า 132a

ལྡོག་པའི་དུས་ན་ལྡོག་པའི་སྐྱོན་དུ་འགྱུར་བས་ཕ་རོལ་པོའི་སྒྲུབ་པ་དེ་ནི་ཐ་སྙད་དུ་ཡང་འགལ་བར་སྣང་བས་མི་རུང་ངོ་། །དེ་བཞིན་དུ་ཆོས་ཅན་ཡང་ཆོས་གཞན་སྐྱེ་བའི་དུས་ན་སྐྱེ་བར་འདོད་པར་བྱ་དགོས་ཏེ། དེ་ལས་གཞན་མ་ཡིན་པའི་ཕྱིར་དཔེར་ན་ཆོས་གཞན་སྐྱེས་པ་བཞིན་

པས་ཐ་སྙད་དུ་ཡང་སྒྲུབ་པ་དེ་ནི་འགལ་བར་སྣང་ངོ་ཞེས་བྱ་བས་ནི་གྲངས་ཅན་དག་གི་གཞུང་ལྟར་རྒྱུ་དང་གསེར་གྱི་རང་བཞིན་ནི་ངེས་པར་གནས་ལ། འབྲས་བུ་དང་གདུ་བུ་ལ་སོགས་པའི་ཆོས་ནི་སྣང་བ་དང་མི་སྣང་བར་འགྱུར་ན། དེ་ལྟ་ན་རྒྱུ་དང་འབྲས་བུ་དག་རང་བཞིན་གཅིག་པའི་ཕྱིར་འབྲས་བུ་སྐྱེ་ཞིང་སྣང་

བའི་དུས་ན་རྒྱུ་ཡང་སྐྱེ་ཞིང་སྣང་བའི་སྐྱོན་དུ་འགྱུར་བར་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྣ་ཆ་ལ་སོགས་པ་དང་འབྲས་བུ་ནུས་པ་ནི་རང་གི་བདག་ཉིད་ལས་གཞན་

མ་ཡིན་པའི་ཕྱིར་བདག་ཉིད་སྐྱེ་བའི་དུས་ན་སྐྱེ་བར་འགྱུར་བ་དེ་བཞིན་དུ་ཆོས་ཅན་གསེར་དང་། རྒྱུ་ངེས་པར་གནས་པ་དག་ཀྱང་རྣ་ཆ་ལ་སོགས་པ་དང་འབྲས་བུ་ནུས་པ་དག་ལས་གཞན་མ་ཡིན་པའི་ཕྱིར། རྣ་ཆ་ལ་སོགས་པ་དང་འབྲས་བུ་ནུས་པའི་ཆོས་གཞན་སྐྱེ་བའི་དུས་ན་སྐྱེ་བའི་

སྐྱོན་དུ་འགྱུར་བས་ཕ་རོལ་པོའི་སྒྲུབ་པ་དེ་ཡང་ཐ་སྙད་དུ་ཡང་འགལ་བར་སྣང་བས་མི་རུང་ངོ་། །དོན་དམ་པར་ནི་ཇི་ལྟར་རྫས་ངེས་པར་གནས་པ་དེ་ནི་ཆོས་གཞན་སྣང་བ་དང་མི་སྣང་བའི་མཚན་ཉིད་ནི་ཡོངས་སུ་འགྱུར་བ་ཡིན་ཏེ། དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བའི་དཔེ་རྣམ་པ་ཐམས་ཅད་དུ་

མེད་པའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བས་ནི་སྔར་གྲངས་ཅན་དག་ན་རེ་གསེར་རྫས་རང་བཞིན་ངེས་པར་གནས་པའི་ཆོས་གདུ་བུ་དང་དཔུང་རྒྱན་ལ་སོགས་པ་གཞན་ལྡོག་པ་ན་རྣ་ཆ་དང་གདུབ་ཀོར་ལ་སོགས་པ་ཆོས་གཞན་སྐྱེ་བ་ནི་རང་བཞིན་ནི་རྟགས་ལ། གནས་སྐབས་ནི་ཡོངས་

སུ་འགྱུར་བ་ཡིན་པ་དེ་བཞིན་དུ་རྒྱུའི་རང་བཞིན་ངེས་པར་གནས་པའི་ཆོས་འབྲས་བུ་གསལ་བའི་ངོ་བོ་ཉིད་དུ་མི་སྣང་བ་གཞན་ལྡོག་པ་ན་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པའི་ཆོས་གཞན་སྐྱེ་བ་ཡང་རང་བཞིན་ནི་ངེས་པར་གནས་ལ། གནས་སྐབས་ནི་སྣང་བ་དང་མི་སྣང་བའི་ཚུལ་དུ་ཡོངས་

เล่ม ๑๐๑ · หน้า 132b

སུ་འགྱུར་བ་ཡིན་པས་དེའི་ཕྱིར་རྒྱུ་རྣམ་པ་ཐམས་ཅད་དུ་འགགས་ཤིང་ནུབ་པར་གྱུར་པས་འབྲས་བུ་སྐྱེས་པ་སྐྱེད་པར་བྱེད་པ་མ་ཡིན་གྱི། རྒྱུའི་རྫས་རང་བཞིན་ངེས་པར་གནས་པས་འབྲས་བུའི་ཆོས་སྣང་བ་དང་མི་སྣང་བ་དག་སྐྱེད་པར་བྱེད་དོ་ཞེས་ཟེར་བ་དེ་ལ། དོན་དམ་པར་དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བའི་དཔེ་རྣམ་པ་

ཐམས་ཅད་དུ་མེད་པའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་ཏོ། །ཡང་གཞན་ཡང་ཆོས་གཞན་ལྡོག་པ་གང་ཡིན་པ་དེ་རྒྱུའི་བདག་ཉིད་ཡིན་ནམ་འོན་ཏེ་རྒྱུའི་བདག་ཉིད་མ་ཡིན་ཞེས་བྱ་བས་ནི་གྲངས་ཅན་དག་གི་གཞུང་ལས་གསེར་གྱི་རྫས་རང་བཞིན་ངེས་པར་གནས་པའི་ཆོས་གདུ་བུ་དང་དཔུང་རྒྱན་ལ་སོགས་པ་གཞན་ལྡོག་པ་ན་རྣ་ཆ་དང་

གདུབ་ཀོར་ལ་སོགས་པ་ཆོས་གཞན་སྐྱེ་བ་བཞིན་དུ་རྒྱུའི་རང་བཞིན་ངེས་པར་གནས་པའི་ཆོས་འབྲས་བུ་གསལ་བའི་ངོ་བོ་ཉིད་དུ་མི་སྣང་བ་གཞན་ལྡོག་པ་ན་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པའི་ཆོས་གཞན་སྐྱེའོ་ཞེས་ཟེར་བའི་ཆོས་གཞན་ལྡོག་པ་གང་ཡིན་པ་དེ་ཆོས་གཞན་སྐྱེ་བའི་རྒྱུའི་བདག་ཉིད་ཡིན་ནམ། འོན་ཏེ་

རྒྱུའི་བདག་ཉིད་མ་ཡིན་ཞེས་དྲི་བ་གཉིས་སྟོན་ཏོ། །དེ་ལ་དྲི་བ་དང་པོ་བསྟན་པའི་ཕྱིར། དེ་ལ་གལ་ཏེ་དེ་རྒྱུའི་བདག་ཉིད་ཡིན་ན་ནི་དེ་འགག་པའི་ཕྱིར། རྒྱུ་འགག་པ་ཡིན་པས། འགག་པ་ནུབ་པར་འགྱུར་བ་ཡི། །འབྲས་བུ་སྐྱེས་པ་ཇི་ལྟར་སྐྱེད། །རྒྱུ་འགག་པ་ལ་འབྲས་བུ་སྐྱེས་པ་སྐྱེད་པར་བྱེད་པའི་མཐུ་ཉིད་

མེད་པ་ཁོ་ནའོ་ཞེས་བྱ་བའི་ཚིག་གི་དོན་ཏེ་ཞེས་བྱ་བ་སྨྲས་ཏེ། ཆོས་གཞན་ལྡོག་པ་གང་ཡིན་པ་དེ་ཆོས་གཞན་སྐྱེ་བའི་རྒྱུའི་བདག་ཉིད་ཡིན་ན་དེ་ལྡོག་པ་ནི་འགག་པའི་ཕྱིར་རྒྱུ་འགག་པ་ཡིན་པས་རྒྱུ་འགག་པ་ནུབ་པར་གྱུར་པས་འབྲས་བུ་སྐྱེས་པ་སྔ་ན་ཡོད་པ་ཇི་ལྟར་སྐྱེད་དེ། རྒྱུ་འགག་པ་ལ་འབྲས་བུ་སྐྱེས་པ་སྐྱེད་

པར་བྱེད་པའི་མཐུ་ཉིད་མེད་པ་ཁོ་ནའོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །དྲི་བ་གཉིས་པ་བསྟན་པའི་ཕྱིར། འོན་ཏེ་རྒྱུའི་བདག་ཉིད་མ་ཡིན་ན་ནི་དེ་ལྟ་ན་རྒྱུ་ངེས་པར་གནས་པའི་ཕྱིར་འབྲས་བུ་སྣང་བར་འགྱུར་བའི་རིགས་སོ་ཞེས་བྱ་བ་སྨྲས་ཏེ། འོན་ཏེ་ཆོས་གཞན་ལྡོག་པ་གང་ཡིན་པ་དེ་ཆོས་གཞན་སྐྱེ་བའི་རྒྱུའི་བདག་

ཉིད་མ་ཡིན་ན་ནི་དེ་ལྟ་ན་རྒྱུའི་བདག་ཉིད་མ་ཡིན་པ་གཞན་ཞིག་ལྡོག་པར་ཟད་ཀྱི་རྒྱུ་ངེས་པར་གནས་པའི་ཕྱིར་འབྲས་བུ་དུས་ཐམས་ཅད་དུ་སྣང་བའི་སྐྱོན་དུ་འགྱུར་རོ། །རེ་ཞིག་དེ་དག་གིས་ནི་གྲངས་ཅན་དག་རྒྱུ་འགགས་པས་འབྲས་བུ་སྔ་ན་ཡོད་པ་ཉིད་སྐྱེད་པར་རྟོག་པའི་བརྟག་པ་སྔ་མ་མི་རིགས་པར་བསྟན་ཏོ། །དེ་ནི་གྲངས་

เล่ม ๑๐๑ · หน้า 133a

ཅན་དག་རྒྱུ་མ་འགགས་པ་གནས་པས་འབྲས་བུ་སྔ་ན་ཡོད་པ་ཉིད་སྐྱེད་པར་རྟོག་པའི་བརྟག་པ་གཉིས་པ་མི་འཐད་པར་བསྟན་པར་བྱ་སྟེ། གལ་ཏེ་དེ་ལྟར་འདོད་པའི་ཕྱིར་དེ་མི་གནོད་དོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་གྲངས་ཅན་དག་ན་རེ་ཁོ་བོ་ཅག་གི་གཞུང་ལས་རྒྱུའི་རང་བཞིན་ངེས་པར་གནས་

པ་ལ་འབྲས་བུ་ནུས་པའི་ཚུལ་དུ་རྟག་ཏུ་སྔ་ན་ཡོད་པར་འདོད་པའི་ཕྱིར་དེ་མི་གནོད་དོ་ཞེས་ཟེར་ནའོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་དེའི་ཕྱིར་བཤད་པ། འབྲས་བུ་དང་ནི་འབྲེལ་པའི་རྒྱུ། །གནས་པས་ཀྱང་ནི་ཇི་ལྟར་སྐྱེད། །རང་གི་བདག་ཉིད་ལས་གཞན་མ་ཡིན་པའི་ཕྱིར་དཔེར་ན་རྒྱུའི་རང་གི་

བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཡང་འཇིག་རྟེན་ན་རྒྱུ་དང་འབྲས་བུའི་ཚུལ་ནི་རྒྱུ་ནི་སྔ་ལ་འབྲས་བུ་ནི་ཕྱི་བ་ཡིན་ན་གྲངས་ཅན་དག་གི་གཞུང་ལྟར་རྒྱུའི་རང་བཞིན་ངེས་པར་གནས་པ་ལ་འབྲས་བུ་ནུས་པའི་ཚུལ་དུ་རྟག་ཏུ་སྔ་ན་ཡོད་པ་ཡིན་ན་འབྲས་བུ་དེ་དང་འབྲེལ་པའི་རྒྱུ་དེ་ནི་འབྲས་བུའི་རང་གི་བདག་ཉིད་

ལས་གཞན་མ་ཡིན་པའི་ཕྱིར་དེས་ཀྱང་འབྲས་བུ་སྐྱེས་པ་སྐྱེད་པར་མི་བྱེད་པར་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྒྱུའི་རང་གི་བདག་ཉིད་ནི་རང་གི་བདག་ཉིད་ལས་གཞན་མ་ཡིན་པའི་ཕྱིར་

དེས་རང་གི་བདག་ཉིད་མི་སྐྱེད་པ་དེ་བཞིན་དུ་འབྲས་བུ་དང་འབྲེལ་པའི་རྒྱུ་གནས་པ་ཡང་འབྲས་བུའི་རང་གི་བདག་ཉིད་ལས་གཞན་མ་ཡིན་པའི་ཕྱིར་དེས་ཀྱང་འབྲས་བུ་སྐྱེད་པར་མི་བྱེད་དོ། །དེ་ཉིད་ཀྱི་འཐད་པ་གཞན་བསྟན་པའི་ཕྱིར། དེ་ལྟ་བས་ན་རྒྱུ་ངེས་པར་གནས་པས་དེ་ཉིད་ཀྱི་འབྲས་བུ་སྐྱེད་པར་བྱེད་དོ་

ཞེས་སྨྲ་བ་དག་གི་ཚིག་གིས་རྒྱུ་དང་འབྲས་བུ་དུས་མཉམ་པ་ཉིད་དུ་རྗེས་སུ་དཔོག་པས་རྒྱུས་འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་ཀྱིས་དེ་སྐྱེད་པ་ཉིད་ཡིན་པ་གསལ་བའི་ཕྱིར་དེ་རྒྱུ་ཉིད་ཡིན་པ་གསལ་བས་ཕ་རོལ་པོ་དག་གི་དམ་བཅས་པ་ལ་ཆོས་ཅན་རྒྱུའི་ངོ་བོ་ཉིད་ལས་བཟློག་པའི་སྐྱོན་ཡོད་དོ་ཞེས་བྱ་བ་

སྨྲས་ཏེ། དུས་མཉམ་པ་ཉིད་དུ་རྗེས་སུ་དཔོག་པས་རྒྱུ་མ་ཡིན་པར་གསལ་བའི་ཕྱིར་རོ། །འབྲེལ་པ་ཞེས་བྱ་བ་ནི་ཚོགས་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་སྔ་མ་ལས། འབྲས་བུ་དང་ནི་འབྲེལ་པའི་རྒྱུ། །ཞེས་སྨོས་པའི་འབྲེལ་པ་ཞེས་བྱ་བའི་སྒྲ་བཤད་པ་དེ། འབྲེལ་

เล่ม ๑๐๑ · หน้า 133b

པ་དང་ཚོགས་པ་དང་ལྡན་པ་དང་དུས་གཅིག་པ་ཞེས་བྱ་བ་དག་ནི་རྣམ་གྲངས་སོ། །དེ་ལྟར་རེ་ཞིག་དེ་དག་གིས་ནི་གྲངས་ཅན་དག་རྒྱུ་མ་འགགས་པར་གནས་པས་འབྲས་བུ་སྔ་ན་ཡོད་པ་ཉིད་སྐྱེད་པར་རྟོག་པའི་བརྟག་པ་གཉིས་པ་མི་རིགས་པར་བསྟན་ཏོ། །ད་ནི་མདོ་སྡེ་པ་དག་རྒྱུ་འབྲས་བུ་དང་མ་འབྲེལ་བས་

འབྲས་བུ་སྐྱེད་པར་རྟོག་པ་མི་འཐད་པར་བསྟན་པའི་ཕྱིར། གང་དག །ཅི་སྟེ་དེ་འབྲས་མ་འབྲེལ་ན། །རྒྱུ་དེ་འབྲས་བུ་དང་མ་འབྲེལ་པར་སྨྲ་བ་དེ་དག་གི་ཡང་འབྲས་བུ་གང་ཞིག་སྐྱེད་པར་བྱེད། འབྲས་བུ་སྐྱེད་པར་མི་བྱེད་པ་ཉིད་དེ་འབྲས་བུས་སྟོང་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བྱ་བར་དགོངས་སོ་

ཞེས་བྱ་བ་སྨྲས་ཏེ། དེས་ནི་མདོ་སྡེ་པ་དག་རྒྱུ་འབྲས་བུ་དང་མ་འབྲེལ་པས་འབྲས་བུ་སྐྱེད་པར་སྨྲ་བ་དག་གི་གཞུང་བཀག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རིགས་མཐུན་པ་དེ་ལས་གཞན་པའི་

རིགས་མི་མཐུན་པའི་རྒྱུ་འབྲས་བུ་དང་མ་འབྲེལ་པ་ནི་འབྲས་བུས་སྟོང་པའི་ཕྱིར་རིགས་མི་མཐུན་པའི་འབྲས་བུ་སྐྱེད་པར་མི་བྱེད་པ་དེ་བཞིན་དུ་རིགས་མཐུན་པའི་རྒྱུ་འབྲས་བུ་དང་མ་འབྲེལ་པ་ཡང་འབྲས་བུས་སྟོང་པའི་ཕྱིར་རིགས་མཐུན་པའི་འབྲས་བུ་སྐྱེད་པར་མི་བྱེད་དོ། །དེ་ལྟར་རེ་ཞིག་འབྲས་བུ་སྤྱིར་དགག་པ་བྱས་སོ་

ཞེས་བྱ་བ་ནི་སྐབས་གོང་མ་དག་གི་མཇུག་བསྡུ་བ་ཡིན་ཏེ། རེ་ཞིག་དེ་དག་གིས་ནི་ཕྱི་ནང་གི་འབྲས་བུ་སྤྱིར་ཡང་དགག་པ་བསྟན་ཏོ། །ད་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འབྲས་བུའི་ཁྱད་པར་དག་གསལ་བའི་ཕྱིར་འདི་བསྟན་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་རྒྱུ་སྐྱེ་མཆེད་རྣམས་ཀྱིས་འབྲས་བུ་

རྣམ་པར་ཤེས་པ་རྣམས་སྐྱེད་པར་མི་བྱེད་པར་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། འདི་ལ་མིག་གི་དབང་པོ་ནི་མིག་གི་རྣམ་པར་ཤེས་པའི་རྒྱུ་ཡིན་ན་དེས་གཟུགས་མཐོང་ནས་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་དམ། མ་མཐོང་བས་སྐྱེད་པར་བྱེད་གྲང་ན། གཉི་ག་ལྟར་ཡང་མི་སྲིད་དེ་ཞེས་བརྟག་པ་

གཉིས་སྨྲས་སོ། །ཁ་ཅིག་ན་རེ་མཐོང་ན་ནི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། མ་མཐོང་ན་ཡང་རྐྱེན་མེད་པའི་ཕྱིར། །རྒྱུས་ནི་མཐོང་དང་མ་མཐོང་བར། །འབྲས་བུ་སྐྱེད་པར་མི་བྱེད་དོ། །ཞེས་ཟེར་རོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་པའི་གཞུང་ཡིན་ཏེ། དེས་ནི་དབང་པོས་ཡུལ་

เล่ม ๑๐๑ · หน้า 134a

མཐོང་ནས་སམ། མ་མཐོང་བར་ཡང་འབྲས་བུ་རྣམ་པར་ཤེས་པ་སྐྱེད་པར་མི་བྱེད་དོ་ཞེས་བསྟན་ཏོ། །གཞན་དག་ན་རེ་མཐོང་ནས་ཞེས་བྱ་བ་ནི་ཕྲད་ནས་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་ཡོད་ན་ཕྲད་པར་འགྱུར་བས་ཡོད་པ་ལ་སྐྱེ་བས་ཅི་བྱ། མེད་པ་ལ་ཡང་ཕྲད་པ་མི་སྲིད་པས་

མེད་པ་ལ་ཅི་ཞིག་སྐྱེ་བར་འགྱུར་ཞེས་ཟེར་རོ་ཞེས་བྱ་བ་ནི་གནས་བརྟན་བུདྡྷ་པཱ་ལི་ཏ་ལ་སོགས་པ་འགྲེལ་པ་བྱེད་པ་གཞན་དག་གིས་བཤད་པའི་ཚིག་ཡིན་ཏེ། དེ་དག་གིས་ནི་དབང་པོ་དང་རྣམ་པར་ཤེས་པ་ཕྲད་ནས་སམ་མ་ཕྲད་པར་ཡང་འབྲས་བུ་རྣམ་པར་ཤེས་པ་སྐྱེད་པར་མི་བྱེད་དོ་ཞེས་བཤད་དོ། །གཞན་

མ་ཡིན་པ་ན་རེ་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས། གནས་བརྟན་བུད་དྷ་པཱ་ལི་ཏ་ལ་སོགས་པའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་པར་སུན་འབྱིན་པའི་ཚིག་ཡིན་ནོ། །ཅིའི་ཕྱིར་རིགས་པ་མ་ཡིན་ཞེ་ན། སྔར། འབྲས་བུ་དང་ནི་འབྲེལ་པའི་རྒྱུ། །གནས་པས་ཀྱང་ནི་

ཇི་ལྟར་སྐྱེད། །ཅི་སྟེ་དེ་འབྲས་མ་འབྲེལ་ན། །འབྲས་བུ་གང་ཞིག་སྐྱེད་པར་བྱེད། །ཅེས་བསྟན་པ་དང་། ཁྱད་པར་མེད་པའི་ཕྱིར་དང་། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ན། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །གལ་ཏེ་རྒྱུ་དང་རྐྱེན་

རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ན། །ཚོགས་ལ་འབྲས་བུ་མེད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །ཞེས་བསྟན་པ་དག་དང་ཡང་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་རྒྱུ་དག་གི་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་འབྲས་བུ་དག་སྐྱེད་པར་མི་བྱེད་པ་ཉིད་

དུ་ཡང་བརྗོད་པར་བྱའོ་ཞེས་བྱ་བས་ནི་དབང་པོ་ལྷག་མ་རྣམས་ཀྱིས་ཀྱང་ཡུལ་རྣམས་དམིགས་ནས་སམ་མ་དམིགས་པར་ཡང་འབྲས་བུ་རྣམ་པར་ཤེས་པ་རྣམས་སྐྱེད་པར་མི་བྱེད་དོ་ཞེས་བསྟན་ཏོ། །གཞན་དག་གིས་སྨྲས་པ། དོན་དམ་པར་རྒྱུས་ནི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་དེ། །འབྲས་བུའི་

རྒྱུ་ཡིན་པའི་ཕྱིར་རོ། །འདི་ན་གང་གིས་གང་སྐྱེད་པར་མི་བྱེད་པ་དེ་ནི་དེའི་རྒྱུ་མ་ཡིན་ཏེ། དཔེར་ན་བུམ་པ་དང་སྣམ་བུ་བཞིན་པས་དེ་ལྟ་ན་གཏན་ཚིགས་གྲུབ་པའི་ཕྱིར་འདོད་པའི་དོན་གྲུབ་པོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་འབྲས་བུའི་རྒྱུ་ཡིན་པའི་གཏན་ཚིགས་ཀྱིས་འབྲས་བུ་སྐྱེད་པར་སྒྲུབ་པའི་ཚིག་ཡིན་ཏེ།

เล่ม ๑๐๑ · หน้า 134b

དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལ་གལ་

ཏེ་རྒྱུས་འབྲས་བུ་སྐྱེད་པར་འགྱུར་ན་ཕྲད་ནས་སྐྱེད་པར་འགྱུར་གྲང་ན་འབྲས་བུ་དང་རྒྱུ་དག་ཕྲད་པ་ནི་མུ་རྣམ་པ་དགུའི་ཚུལ་གྱིས་ཇི་ལྟར་ཡང་མི་འཐད་པར་སྟོན་ཏེ། དེ་ལ། འབྲས་བུ་འདས་པ་རྒྱུ་འདས་དང་། །མ་སྐྱེས་པ་དང་སྐྱེས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །

ཞེས་བྱ་བ་ནི་མུ་དང་པོ་གསུམ་ཡིན་ནོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། འབྲས་བུ་འདས་པ་ནི་རྒྱུ་འདས་པ་དང་། མ་སྐྱེས་པ་དང་ལྷན་ཅིག་ཕྲད་པར་གྱུར་པ་ནམ་ཡང་ཡོད་པ་མ་ཡིན་ཏེ། འབྲས་བུ་དང་རྒྱུ་གཉི་ག་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འབྲས་བུ་འདས་པ་དང་རྒྱུ་

སྐྱེས་པ་ཡང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འབྲས་བུ་མ་སྐྱེས་རྒྱུ་མ་སྐྱེས། །འདས་པ་དང་ནི་སྐྱེས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་མུ་བར་མ་གསུམ་ཡིན་ནོ། །དེ་ཉིད་

བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། འབྲས་བུ་མ་སྐྱེས་པ་ནི་རྒྱུ་མ་སྐྱེས་པ་དང་། འདས་པ་དང་། ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འབྲས་བུ་དང་རྒྱུ་གཉི་ག་མེད་པའི་ཕྱིར་རོ། །འབྲས་བུ་མ་སྐྱེས་པ་དང་རྒྱུ་སྐྱེས་པ་ཡང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་

པ་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འབྲས་བུ་སྐྱེས་པ་རྒྱུ་སྐྱེས་དང་། །མ་སྐྱེས་པ་དང་འདས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་མུ་ཐ་མ་གསུམ་ཡིན་ནོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། འབྲས་བུ་སྐྱེས་པ་ནི་

རྒྱུ་སྐྱེས་པ་དང་། ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་གཉིས་དུས་གཅིག་ཏུ་འབྱུང་བ་བཀག་པའི་ཕྱིར་རོ། །འབྲས་བུ་སྐྱེས་པ་དང་རྒྱུ་མ་སྐྱེས་པ་དང་། འདས་པ་ཡང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། རྒྱུ་གཉི་ག་མེད་པའི་ཕྱིར་རོ་ཞེས་བྱ་བ་

เล่ม ๑๐๑ · หน้า 135a

སྨྲས་སོ། །དེའི་ཕྱིར་དེ་ལྟར་དཔྱད་ན་རྒྱུ་དང་འབྲས་བུ་ཇི་ལྟར་ཡང་ཕྲད་པ་ཡོད་པ་མ་ཡིན་པ་དེའི་ཕྱིར། ཕྲད་པ་ཡོད་པ་མ་ཡིན་ན། །རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད། ཅེས་བྱ་བ་གསུངས་ཏེ་སྐྱེད་པར་མི་བྱེད་དོ། ཕྲད་པ་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཚིག་གི་དོན་མངོན་ནོ་ཞེས་བྱ་

བ་ནི་ཕྲད་པ་ཡོད་པ་མ་ཡིན་པས་སྐྱེད་པར་མི་བྱེད་པའི་མཇུག་བསྡུ་བ་ཡིན་ཏེ། སྐྱེད་པར་མི་བྱེད་པས་ནི་བསྒྲུབ་པར་བྱ་བའི་ཚིག་གི་དོན་སྔོན་ལ་ཕྲད་པ་ཡོད་པ་མ་ཡིན་པས་ནི་སྒྲུབ་པའི་ཚིག་གི་དོན་མངོན་པར་སྟོན་ཏོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་རྒྱུས་ནི་འབྲས་བུ་སྐྱེད་

པར་མི་བྱེད་དོ། ཕྲད་པ་ཡོད་པ་མ་ཡིན་པའི་ཕྱིར་དཔེར་ན་སའི་སྟེང་ན་འདུག་པའི་ས་བོན་དང་རིའི་སྒང་ན་འདུག་པའི་ས་བོན་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སའི་སྟེང་ན་འདུག་པའི་ས་བོན་ནི་

རིའི་སྒང་ན་འདུག་པའི་ས་བོན་དང་ཕྲད་པ་ཡོད་པ་མ་ཡིན་པའི་ཕྱིར་དེས་དེ་སྐྱེད་པར་མི་བྱེད་པ་དེ་བཞིན་དུ་རྒྱུ་ཡང་འབྲས་བུ་དང་ཕྲད་པ་ཡོད་པ་མ་ཡིན་པའི་ཕྱིར་རྒྱུས་འབྲས་བུ་སྐྱེད་པར་མི་བྱེད་དོ། །གང་དག་རྒྱུ་དང་འབྲས་བུ་མི་མཐུན་པ་མེད་པའི་ཕྱིར་རྒྱུ་དང་འབྲས་བུ་ཕྲད་པར་སྨྲ་བ་དེ་དག་ལ་ཡང་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་གང་

དག་འདི་སྐད་ཅེས་ཁོ་བོ་ཅག་རྒྱུ་དང་འབྲས་བུར་འབྲེལ་པ་ལ་ཕྲད་པར་མི་སྨྲ་སྟེ། དཔེར་ན་དབྱུག་པ་ཅན་དབྱུག་པ་དང་འབྲེལ་པ་རྒྱུ་དང་འབྲས་བུ་ཕྲད་པ་མ་ཡིན་པ་བཞིན་ནོ། །རྒྱུ་དང་འབྲས་བུ་མི་མཐུན་པ་མེད་པ་ནི་རྒྱུ་དང་འབྲས་བུ་ཕྲད་པ་ཡིན་པར་སྨྲ་སྟེ། དཔེར་ན་ནས་ཀྱི་ས་བོན་ལས་ཀྱང་མི་མཐུན་པ་མེད་

པ་ནས་ཀྱི་མྱུ་གུ་ཉིད་འབྱུང་ལ། འབྲས་ཀྱི་ས་བོན་ལས་ཀྱང་མི་མཐུན་པ་མེད་པ་འབྲས་ཀྱི་མྱུ་གུ་ཉིད་འབྱུང་བ་ལྟ་བུ་ནི་རྒྱུ་དང་འབྲས་བུ་ཕྲད་པ་ཡིན་པར་སྨྲ་བས་ཁྱེད་དབུ་མ་པས་འབྲས་བུ་དང་རྒྱུ་དག་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་དེ་དག་ཁོ་བོ་ཅག་གི་ཕྱོགས་ལ་

མི་གནོད་དོ་ཞེས་ཟེར་བའི་ཚིག་ཡིན་ན་དེ་དག་ལ་ཡང་འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར། རྒྱུས་འབྲས་བུ་སྐྱེད་པར་བྱེད་ན་རྒྱུ་ཡིན་གྱི་འབྲས་བུ་སྐྱེད་པར་མི་བྱེད་པ་ནི་རྒྱུ་མ་ཡིན་པས་རྒྱུ་མ་ཡིན་པ་ཇི་ལྟར་རྒྱུར་འགྱུར། རྒྱུས་འབྲས་བུ་སྐྱེད་ཟིན་པ་ལ་ནི་ཡང་བསྐྱེད་པར་བྱ་བ་ཅི་ཡང་

เล่ม ๑๐๑ · หน้า 135b

མེད་པའི་ཕྱིར་རྒྱུ་ཉིད་མི་སྲིད་དོ་ཞེས་བྱ་བ་དག་གིས་གལ་གཉིས་ཀྱི་རྒྱུ་ཉིད་མི་འཐད་པར་བསྟན་ཏེ། དེ་དག་གི་དོན་རྒྱུ་དང་འབྲས་བུ་མི་མཐུན་པ་མེད་དུ་ཟིན་ཀྱང་གང་གི་ཚེ་རྒྱུས་འབྲས་བུ་སྐྱེད་པར་བྱེད་པ་དེའི་ཚེ་ན་རྒྱུ་ཡིན་གྱི་འབྲས་བུ་སྐྱེད་པར་མི་བྱེད་པ་ནི་རྒྱུ་མ་ཡིན་པས་ཇི་སྲིད་དུ་འབྲས་བུ་མ་སྐྱེད་པ་དེ་སྲིད་དུ་འབྲས་

བུ་དང་རྒྱུ་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་པས་རྒྱུས་འབྲས་བུ་སྐྱེད་པར་མི་བྱེད་པ་རྒྱུ་མ་ཡིན་པ་དེ་རྒྱུར་མི་འགྱུར་བ་དང་། འབྲས་བུ་བསྐྱེད་ཟིན་པ་ལ་ནི་ཡང་བསྐྱེད་པར་བྱ་བ་ཅི་ཡང་མེད་པའི་ཕྱིར་དེ་ལ་ཡང་རྒྱུ་ཉིད་མི་སྲིད་དོ་ཞེས་བསྟན་ཏོ། །བྱེད་དོ་བྱས་སོ་བྱེད་པར་འགྱུར་རོ་ཞེས་བྱ་བས་རྒྱུ་བྱེ་བྲག་

ཏུ་བཤད་པ་བྱེད་ན་ཡང་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་རྒྱུ་ཞེས་བྱ་བའི་སྒྲ་བྱེ་བྲག་ཏུ་བཤད་པ་ནི་བྱེད་པའི་རྒྱུ་ཞེས་བྱ་བ་ཡིན་པས་འདིར་འབྲས་བུ་དང་ལྷན་ཅིག་ཕྲད་པར་འགྱུར་བ་མེད་དུ་ཟིན་ཀྱང་འཇིག་རྟེན་ན་ད་ལྟར་བྱེད་དོ་སྔོན་བྱས་སོ་ཕྱིས་བྱེད་པར་འགྱུར་རོ་ཞེས་བརྗོད་པ་མཐོང་བས་དེ་ཉིད་རྒྱུ་ཡིན་པའི་ཕྱིར་རྒྱུ་

ཡང་ཡོད་ལ། རྒྱུ་ཡོད་ན་དེས་འབྲས་བུ་ཡང་སྐྱེད་པར་བྱེད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་དུ། ཐ་སྙད་ཀྱི་བདེན་པར་སྒྲུབ་པར་ཟད་ཀྱི་དོན་དམ་པར་དེ་དང་མཐུན་པ་ཅུང་ཟད་ཀྱང་སྟོན་པར་མི་ནུས་སོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་བྱེད་དོ་བྱས་སོ་བྱེད་པར་འགྱུར་རོ་ཞེས་བྱ་བས་རྒྱུ་བྱེ་བྲག་ཏུ་བཤད་པ་ནི་ཐ་

སྙད་ཀྱི་བདེན་པ་སྒྲུབ་པར་ཟད་ཀྱི། དོན་དམ་པར་རྒྱུ་དང་མཐུན་པ་ཅུང་ཟད་ཀྱང་སྟོན་པར་མི་ནུས་པས་དེས་ཀྱང་རྒྱུས་འབྲས་བུ་སྐྱེས་པར་སྒྲུབ་མི་ནུས་སོ། །ཅི་སྟེ་མི་འཐད་བཞིན་དུ་རྟོག་ན་ཡང་། །ཕྲད་པ་ཡོད་པ་ཡིན་ན་ཡང་། །རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད། །འབྲས་བུ་ཡོད་ན་ཡང་སྔ་མ་བཞིན་དུ་སྐྱེ་བ་དོན་མེད་

པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་ཅི་སྟེ་མི་འཐད་བཞིན་དུ་རྒྱུ་དང་འབྲས་བུ་ཕྲད་པར་རྟོག་ན་དེ་ལྟ་ན་ཡང་རྒྱུ་དང་འབྲས་བུ་ཡོད་པ་ཉིད་ན་ཕྲད་པས་རྒྱུ་ཡོད་པ་ཉིད་ཀྱིས་འབྲས་བུ་དེ་ཇི་ལྟར་སྐྱེད་པར་འགྱུར། འབྲས་བུ་ཡོད་པ་དེ་ཉིད་ལ་ཡང་བསྐྱེད་པར་བྱ་བའི་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དེ་

ཡང་མི་འཐད་དོ་ཞེས་བྱ་བར་དགོངས་སོ། །ཡང་ན་འདི་ནི་སུན་དབྱུང་བའི་ལམ་གཞན་ཡིན་ཏེ་ཞེས་བྱ་བས་ནི་འདི་ལ་གལ་ཏེ་རྒྱུས་འབྲས་བུ་སྐྱེད་པར་བྱེད་ན་རྒྱུ་དེ་འབྲས་བུའི་བདག་ཉིད་ཀྱིས་སྟོང་པ་འམ་མི་སྟོང་བས་འབྲས་བུ་དེ་སྐྱེད་པར་བྱེད་གྲང་ན། བརྟག་པ་གཉི་ག་ལྟར་ཡང་མི་འཐད་དོ་ཞེས་སྟོན་ཏོ། །དེ་ལ་

เล่ม ๑๐๑ · หน้า 136a

བརྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར། གང་དག་གི་གྲུབ་པའི་མཐའ་ལས་རྒྱུ་འབྲས་བུས་སྟོང་པ་དེ་དག་ལ། །གལ་ཏེ་འབྲས་བུ་སྟོང་པའི་རྒྱུ། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །ཅེས་བརྗོད་པར་བྱ་སྟེ། དེས་སྟོང་པའི་ཕྱིར། དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བསྟན་ཏོ་ཞེས་བྱ་

བ་སྨྲས་ཏེ། དེས་ནི་འབྲས་བུ་སྔ་ན་མེད་པར་སྨྲ་བ་དག་གི་ཕྱོགས་དགག་པའི་རྣམ་པ་གཞན་བསྟན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རིགས་མཐུན་པའི་རྒྱུ་འབྲས་བུས་སྟོང་པ་དེ་ལས་གཞན་པ་རིགས་མི་མཐུན་པའི་

རྒྱུ་འབྲས་བུས་སྟོང་པ་ནི་འབྲས་བུ་དེས་སྟོང་པའི་ཕྱིར་འབྲས་བུ་སྐྱེད་པར་མི་བྱེད་པ་དེ་བཞིན་དུ་རིགས་མཐུན་པའི་རྒྱུ་འབྲས་བུ་དེས་སྟོང་པའི་ཕྱིར་འབྲས་བུ་སྐྱེད་པར་མི་བྱེད་དེ། ཅི་སྟེ་བྱེད་ན་ནི་བྱེ་མས་ཀྱང་ཏིལ་མར་དང་ཆུས་ཀྱང་མར་བསྐྱེད་པར་འགྱུར་རོ། །ཡང་ན་བྱེ་མ་དང་ཏིལ་དག་ལ་ཡང་ཏིལ་མར་མེད་ལ།

ཆུ་དང་ཞོ་དག་ལ་ཡང་མར་མེད་པར་འདྲ་ན། ཏིལ་ཉིད་ལས་ཏིལ་མར་འབྱུང་ལ། བྱེ་མ་དག་ལས་མི་འབྱུང་བ་དང་། ཞོ་ཉིད་ལས་མར་འབྱུང་ལ། ཆུ་ལས་མི་འབྱུང་བ་ལ་ཁྱད་པར་ཅི་ཡོད་པ་བརྗོད་དགོས་ཏེ། དེ་ལྟ་བས་ན་འབྲས་བུའི་བདག་ཉིད་ཀྱིས་སྟོང་པའི་རྒྱུས་འབྲས་བུ་སྐྱེད་པར་བྱེད་དོ་ཞེས་བྱ་བ་དེ་

མི་འཐད་དོ། །བརྟག་པ་གཉིས་པ་མི་འཐད་པར་བསྟན་པའི་ཕྱིར། གང་དག་གི་གྲུབ་པའི་མཐའ་ལས་རྒྱུ་འབྲས་བུས་མི་སྟོང་དེ་དག་ལ་ཡང་། གལ་ཏེ་འབྲས་བུས་མི་སྟོང་རྒྱུ། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །ཅེས་བརྗོད་པར་བྱ་སྟེ། དེས་མི་སྟོང་པའི་ཕྱིར་དཔེར་ན་འབྲས་བུའི་བདག་ཉིད་བཞིན་

ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་འབྲས་བུ་སྔ་ན་ཡོད་པར་སྨྲ་བ་དག་གི་ཕྱོགས་དགག་པའི་རྣམ་པ་གཞན་བསྟན་ཏོ། །དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འབྲས་བུའི་བདག་ཉིད་ནི་

རང་གི་བདག་ཉིད་ཀྱིས་མི་སྟོང་པའི་ཕྱིར་འབྲས་བུ་སྐྱེད་པར་མི་བྱེད་པ་དེ་བཞིན་དུ་འབྲས་བུ་མི་སྟོང་པའི་རྒྱུ་ཡང་འབྲས་བུ་དེས་མི་སྟོང་པའི་ཕྱིར་འབྲས་བུ་སྐྱེད་པར་མི་བྱེད་དོ། །གང་གི་ཚེ་འབྲས་བུ་ཡོད་པ་ཉིད་ཡིན་ན་ངོ་བོ་ཉིད་ཀྱིས་སྟོང་པ་མ་ཡིན་ལ། མི་སྟོང་པ་སྐྱེས་ཟིན་པ་ལ་ནི་ཡང་བསྐྱེད་པར་བྱ་བ་མེད་དེ། དེ་ལྟ་

เล่ม ๑๐๑ · หน้า 136b

བས་ན་འབྲས་བུའི་བདག་ཉིད་ཀྱིས་མི་སྟོང་པའི་རྒྱུས་འབྲས་བུ་སྐྱེད་པར་བྱེད་དོ་ཞེས་བྱ་བ་དེ་ཡང་མི་འཐད་དོ། །བྱེ་བྲག་ཏུ་སྨྲ་བ་དག་ནི་འབྲས་བུ་སྐྱེ་བའི་སྔ་རོལ་ན་ཡང་འབྲས་བུ་བདག་ཉིད་ཀྱིས་མི་སྟོང་པར་སྨྲ་བས་དེ་དགག་པའི་ཕྱིར་སྦྱོར་བའི་ལམ་གཞན་བསྟན་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་ཉན་ཐོས་བྱེ་བྲག་ཏུ་

སྨྲ་བ་དག་གི་གྲུབ་མཐའ་ལས་དུས་གསུམ་གྱི་རྒྱུ་དང་འབྲས་བུའི་དངོས་པོ་རྫས་སུ་ཡོད་པར་འདོད་པས་རྒྱུ་འདས་པ་ཡང་འདས་པའི་དུས་ཉིད་ན་ཡོད་ལ། རྒྱུ་འདས་པ་དེ་ལ་བརྟེན་ནས། ད་ལྟར་འབྲས་བུ་སྐྱེས་པ་ཡང་ད་ལྟར་གྱི་དུས་ཉིད་ན་ཡོད་ཅིང་རྒྱུ་ད་ལྟར་ཡོད་པའི་འབྲས་བུ་ཕྱིས་འབྱུང་བར་འགྱུར་བ་ཡང་མ་འོངས་པའི་

དུས་ན་ཡོད་པས་འབྲས་བུ་འདས་པ་སྐྱེ་བའི་སྔ་རོལ་ན་ཡང་ད་ལྟར་གྱི་འབྲས་བུ་ད་ལྟར་གྱི་དུས་ན་ཡོད་ལ། ད་ལྟར་གྱི་འབྲས་བུ་སྐྱེ་བའི་སྔ་རོལ་ན་ཡང་འབྲས་བུ་མ་འོངས་པ་མ་འོངས་པའི་དུས་ན་ཡོད་དེ། དེ་ལྟར་འབྲས་བུ་རྣམས་སྐྱེ་བའི་སྔ་རོལ་ན་ཡང་འབྲས་བུའི་བདག་ཉིད་ཀྱིས་མི་སྟོང་པར་ཡོད་པ་དེ་དག་དུས་འཕོས་ན་

རང་རང་གི་གནས་སྐབས་སུ་རྒྱུས་སྐྱེད་པར་བྱེད་དོ་ཞེས་འབྲས་བུ་ངོ་བོ་ཉིད་ཡོད་པའི་སྒོ་ནས་རྒྱུ་ཡང་ངོ་བོ་ཉིད་ཡོད་པར་སྨྲ་བས་འདིར་དེ་དགག་པའི་ཕྱིར། འབྲས་བུ་སྐྱེ་བའི་སྔ་རོལ་ན་ཡང་འབྲས་བུའི་བདག་ཉིད་ཀྱིས་མི་སྟོང་པར་ཡོད་པ་ལ་སྐྱེ་བ་དང་འགག་པ་མེད་པའི་སྐྱོན་དུ་འགྱུར་བས་དེ་ནི་མི་འདོད་དེ། འབྲས་བུའི་

དངོས་པོ་ནི་སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་ཡིན་པས་ངོ་བོ་ཉིད་མེད་ལ། དེ་ལྟར་འབྲས་བུའི་ངོ་བོ་ཉིད་མེད་པ་ཉིད་ཀྱི་སྒོ་ནས་རྒྱུ་ཡང་ངོ་བོ་ཉིད་མེད་པས། དོན་དམ་པར་རྒྱུས་འབྲས་བུ་སྐྱེད་པར་མི་བྱེད་དོ་ཞེས་སྦྱོར་བའི་ལམ་གཞན་བསྟན་པར་སྟེ་ཞེས་བྱ་བར་སྦྱོར་རོ། །དེའི་ཕྱིར། འབྲས་བུ་མི་སྟོང་སྐྱེ་མི་འགྱུར། །མི་

སྟོང་འགག་པར་མི་འགྱུར་རོ། །ཞེས་བྱ་བ་སྨྲས་ཏེ། དེས་ནི་བྱེ་བྲག་ཏུ་སྨྲ་བ་དག་འདོད་པ་ལྟར་འབྲས་བུ་སྐྱེ་བའི་སྔ་རོལ་ན་ཡང་འབྲས་བུའི་བདག་ཉིད་ཀྱིས་མི་སྟོང་པར་ཡོད་པར་གྱུར་ན་གང་དང་གང་ཡོད་པ་དེ་དང་དེ་ནི་སྐྱེ་བ་མེད་པའི་ཆོས་ཅན་དང་འགག་པ་མེད་པའི་ཆོས་ཅན་ཡིན་པས་འབྲས་བུ་མི་སྟོང་པར་ཡོད་པ་དེ་

ཡང་སྐྱེ་བ་དང་འགག་པར་མི་འགྱུར་བའི་སྐྱོན་དུ་ཐལ་བར་འགྱུར་བས་དེ་ལྟར་ནི་མི་འདོད་དོ་ཞེས་བསྟན་ཏོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། འབྲས་བུ་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པ་ཉིད་འབྲས་བུའི་བདག་ཉིད་ཀྱིས་ཡོད་པ་ལ་ནི་སྐྱེ་བ་དོན་མེད་པ་ཉིད་ཡིན་པས་དེའི་ཕྱིར་སྐྱེ་བར་མི་འགྱུར་

เล่ม ๑๐๑ · หน้า 137a

རོ། །མ་སྐྱེས་པ་ལ་ནི་ངོ་བོ་ཉིད་འགྱུར་བ་མེད་པ་ཉིད་ཡིན་པས་དེའི་ཕྱིར་འགག་པར་མི་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། བྱེ་བྲག་ཏུ་སྨྲ་བ་དག་འདོད་པ་ལྟར་འབྲས་བུ་སྐྱེ་བའི་སྔ་རོལ་ན་ཡང་འབྲས་བུའི་བདག་ཉིད་ཀྱིས་མི་སྟོང་པར་ཡོད་པར་གྱུར་ན་དེ་ནི་འབྲས་བུ་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པ་ཉིད་དེ། དེ་

ལྟར་འབྲས་བུ་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པ་ཉིད་འབྲས་བུའི་བདག་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ཡོད་པ་ལ་ནི་ཡང་སྐྱེ་བ་དོན་མེད་པ་ཉིད་ཡིན་པས་དེའི་ཕྱིར་སྐྱེ་བར་མི་འགྱུར་རོ། །སྐྱེས་ན་འགག་པར་འགྱུར་གྱི་མ་སྐྱེས་པ་ནི་འགག་པར་མི་འགྱུར་བས་མ་སྐྱེས་པ་ལ་ནི་ངོ་བོ་ཉིད་འགྱུར་བ་མེད་པ་ཉིད་ཡིན་པས། དེའི་ཕྱིར་

འགག་པར་ཡང་མི་འགྱུར་རོ། །དེ་ལྟར་ན་ཡང་། མི་སྟོང་དེ་ནི་མ་འགགས་དང་། །མ་སྐྱེས་པར་ཡང་འགྱུར་བ་ཡིན། །ཞེས་བྱ་བས་ནི་བྱེ་བྲག་ཏུ་སྨྲ་བ་དག་གིས་འབྲས་བུ་མ་འོངས་པ་ཡོད་པ་ཉིད་ཀྱིས་མི་སྟོང་པར་བཏགས་པ་གང་ཡིན་པ་དེ་ནི་མ་འགགས་པ་དང་མ་སྐྱེས་པའི་སྐྱོན་དུ་ཡང་ཐལ་བར་འགྱུར་

རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་མི་འདོད་དེ། འབྲས་བུ་ནི་སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་དུ་འདོད་དོ་ཞེས་བྱ་བས་ནི་གླགས་ཡོད་པའི་ཚིག་དེ་ལས་བཟློག་པས་སྐབས་ཀྱི་དོན་ཉིད་བསྟན་ཏེ། འབྲས་བུ་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཉིད་དུ་མི་འདོད་དེ། སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་དུ་

འདོད་ལ། འབྲས་བུ་སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་ཡིན་པའི་སྒོ་དེ་ནས་རྒྱུ་ཡང་སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་དུ་འདོད་དོ་ཞེས་བསྟན་ཏོ། །བྱེ་བྲག་ཏུ་སྨྲ་བ་དག་འདོད་པ་ལྟར་འབྲས་བུ་ངོ་བོ་ཉིད་མི་སྟོང་པ་ཡིན་ན་དེ་ལ་སྐྱེ་བ་དང་འགག་པ་མེད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་རྗེས་སུ་དཔག་པ་བསྟན་

པའི་ཕྱིར་དེས་ན་གང་དང་གང་ཡོད་པ་དེ་དང་དེ་ནི་སྐྱེ་བ་མེད་པའི་ཆོས་ཅན་དང་འགག་པ་མེད་པའི་ཆོས་ཅན་ཡིན་པར་མཐོང་སྟེ། ཡོད་པའི་ཕྱིར་དཔེར་ན་ད་ལྟར་གྱི་སྐད་ཅིག་མ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་

གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ད་ལྟར་གྱི་སྐད་ཅིག་མ་ནི་ཡོད་པའི་ཕྱིར་དེ་ལ་སྐྱེ་བ་དང་འགག་པ་མེད་པར་མཐོང་བ་དེ་བཞིན་དུ་བྱེ་བྲག་ཏུ་སྨྲ་བ་དག་གིས་བཏགས་པའི་འབྲས་བུ་མ་འོངས་པ་དེ་ཡང་ཡོད་པ་ཡིན་ན་ཡོད་པའི་ཕྱིར་དེ་ལ་སྐྱེ་བ་དང་འགག་པ་མེད་པར་འགྱུར་བས་དེས་ནི་མི་འདོད་དོ། །བྱེ་

เล่ม ๑๐๑ · หน้า 137b

བྲག་ཏུ་སྨྲ་བ་དག་གི་དམ་བཅས་པ་ལ་སྐྱོན་གཞན་ཡང་ཡོད་པར་བསྟན་པའི་ཕྱིར། དེ་ལྟར་འབྲས་བུ་ཡོད་པ་ཉིད་དང་རྗེས་སུ་དཔོག་པས་ཡོད་པ་ཉིད་ལ་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཉིད་ཀྱིས་སྐྱེ་བ་དང་འགག་པ་མེད་པ་དེ་དག་བསལ་བའི་ཕྱིར་བྱེ་བྲག་ཏུ་སྨྲ་བ་དག་གི་དམ་བཅས་པ་ལ་མི་སྟོང་པར་སྒྲུབ་པའི་

ཆོས་ཅན་འབྲས་བུའི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་མི་འདོད་དོ། །དེས་ན་གླགས་ཡོད་པའི་ཚིག་དེ་ལས་བཟློག་པས་སྐབས་ཀྱི་དོན་འདི་སྐད་བསྟན་ཏེ། བྱེ་བྲག་ཏུ་སྨྲ་བ་དག་གིས་དུས་གསུམ་གྱི་རྒྱུ་དང་འབྲས་བུའི་དངོས་པོ་རྫས་སུ་ཡོད་པར་བཏགས་པ་དག་ལས་རྒྱུ་འདས་

པའི་འབྲས་བུ་ད་ལྟར་ཡོད་པ་དང་། རྒྱུ་ད་ལྟར་ཡོད་པའི་འབྲས་བུ་མ་འོངས་པའི་དུས་ན་འབྲས་བུའི་བདག་ཉིད་ཀྱིས་མི་སྟོང་པར་ཡོད་པར་འདོད་པ་དེ་དག་ལ་ནི་སྐྱེ་བ་དང་འགག་པ་མེད་པའི་སྐྱོན་དུ་འགྱུར་བས་དེ་ནི་མི་འདོད་དེ། འབྲས་བུ་དངོས་པོ་ནི་སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་ཡིན་པས་ངོ་བོ་ཉིད་མེད་

ལ། དེ་ལྟར་འབྲས་བུ་ངོ་བོ་ཉིད་མེད་པའི་སྒོ་ནས་འབྲས་བུ་མ་འོངས་པའི་རྒྱུ་ད་ལྟར་ཡོད་པ་དང་། འབྲས་བུ་ད་ལྟར་ཡོད་པའི་རྒྱུ་འདས་པའི་དུས་ན་རྒྱུའི་ངོ་བོ་ཉིད་ཀྱིས་མི་སྟོང་པར་ཡོད་པར་འདོད་པ་དེ་དག་ལ་ཡང་སྐྱེ་བ་དང་འགག་པ་མེད་པའི་སྐྱོན་དུ་འགྱུར་བས་དེ་ཡང་མི་འདོད་དེ། རྒྱུའི་དངོས་པོ་ནི་སྐྱེ་

བ་དང་འགག་པའི་ཆོས་ཅན་ཉིད་ཡིན་པས་ངོ་བོ་ཉིད་མེད་པའི་ཕྱིར་དོན་དམ་པར་རྒྱུས་འབྲས་བུ་སྐྱེད་པར་མི་བྱེད་དོ་ཞེས་བསྟན་ཏོ། །འཇིག་རྟེན་རྒྱང་པན་པ་དག་ནི་འབྲས་བུ་སྐྱེ་བའི་སྔ་རོལ་ན་ནི་མེད་པའི་ངོ་བོ་ཉིད་ཡིན་པས་འབྲས་བུ་སྟོང་པའི་ངོ་བོ་ཉིད་ཡིན་ལ། སྐྱེས་ན་ཡང་དངོས་པོ་གཞན་གྱི་ངོ་བོ་ཉིད་མེད་

པ་ཡིན་ནོ་ཞེས་ཟེར་བས་ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་རྒྱང་པན་པ་དག་གི་གྲུབ་པའི་མཐའ་ལས་སྔ་ན་མེད་པ་དང་། གཅིག་ལ་གཅིག་མེད་པས་དངོས་པོ་ཐམས་ཅད་སྟོང་པར་འདོད་པས་འབྲས་བུ་སྐྱེ་བའི་སྔ་རོལ་ན་མེད་པའི་ངོ་བོ་ཉིད་ཡིན་པས་འབྲས་བུ་སྟོང་པའི་ངོ་བོ་ཉིད་ནི་སྔ་ན་མེད་པ་ཡིན་ལ།

འབྲས་བུ་ད་ལྟར་སྐྱེས་ན་ཡང་དཔེར་ན་འབྲུའི་ངོ་བོ་ཉིད་ལ་འབྲུ་མ་ཡིན་པའི་དངོས་པོ་མེད་པ་ལྟར་འབྲས་བུ་ལ་དངོས་པོ་གཞན་གྱི་ངོ་བོ་ཉིད་མེད་པ་ནི་གཅིག་ལ་གཅིག་མེད་པ་ཡིན་པས་སྔ་ན་མེད་པ་ནི་སྐྱེ་བའི་སྔ་རོལ་ན་མེད་པའི་ཚུལ་གྱིས་རྒྱུ་མེད་པ་ལས་སྐྱེ་བ་ཡིན་ལ། གཅིག་ལ་གཅིག་མེད་པ་ནི་

เล่ม ๑๐๑ · หน้า 138a

གཞན་སེལ་བའི་ཚུལ་གྱིས་རྒྱུ་མེད་པར་འགག་པ་ཡིན་ཏེ། ད་ལྟར་དངོས་པོ་ནི་སྐྱེ་བ་དང་འགག་པར་སྣང་བ་ཙམ་ཞིག་ཡོད་པར་ཟད་ཀྱི། རྒྱུ་དང་འབྲས་བུ་ནི་མེད་དོ་ཞེས་ཟེར་བས་ད་འདིས་དེ་དགག་པའི་ཕྱིར་སྔ་ན་མེད་པ་དང་གཅིག་ལ་གཅིག་མེད་པས་སྟོང་པ་དག་ལ་སྐྱེ་བ་དང་འགག་

པ་མེད་པའི་སྐྱོན་དུ་འགྱུར་བས་རྒྱུ་མེད་པར་སྐྱེ་བ་དང་འགག་པར་མི་འདོད་དེ། འབྲས་བུའི་དངོས་པོ་ནི་རྒྱུ་ལས་སྐྱེ་ཞིང་རང་གི་ངང་གིས་འགག་པའི་ཆོས་ཅན་ཉིད་ཡིན་པས་མེད་པའི་ངོ་བོ་ཉིད་མ་ཡིན་ལ། དེ་ལྟར་འབྲས་བུ་མེད་པའི་ངོ་བོ་ཉིད་མ་ཡིན་པའི་སྒོ་ནས་རྒྱུ་ཡང་མེད་པའི་ངོ་བོ་ཉིད་མ་ཡིན་པས་

དོན་དམ་པར་མེད་པའི་ངོ་བོ་ཉིད་རྒྱུ་མེད་པར་སྐྱེ་བ་དང་འགག་པར་མི་འགྱུར་རོ་ཞེས་སྟོན་ཏོ། །དེའི་ཕྱིར་དེ་དག་ལ་ཡང་། སྟོང་པ་ཇི་ལྟར་སྐྱེ་འགྱུར་ཞིང་། །སྟོང་པ་ཇི་ལྟར་འགག་པར་འགྱུར། །ཞེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་སྨྲས་ཏེ། དེ་དག་གིས་ནི་འཇིག་རྟེན་རྒྱང་པན་པ་དག་འདོད་པ་ལྟར་སྔ་ན་མེད་

པ་སྟོང་པ་རྒྱུ་མེད་པ་ལས་སྐྱེའོ་ཞེས་བྱ་བར་སྟོང་པ་དེ་ཇི་ལྟར་སྐྱེ་བར་འགྱུར་ཞིང་གཅིག་ལ་གཅིག་མེད་པས་སྟོང་པ་རྒྱུ་མེད་པར་འགག་གོ་ཞེས་བྱ་བར་སྟོང་པ་དེ་ཇི་ལྟར་འགག་པར་འགྱུར་ཞེས་གོ་རིམས་བཞིན་དུ་དགག་པ་སྟོན་ཏོ། །དེ་ལ་རེ་ཞིག་སྔ་ན་མེད་པས་སྟོང་པ་རྒྱུ་མེད་པ་ལས་སྐྱེའོ་ཞེས་བྱ་བར་སྟོང་པ་དེ་སྐྱེ་བར་

མི་རིགས་པར་རྗེས་སུ་དཔག་པ་བསྟན་པའི་ཕྱིར་དོན་དམ་པར་སྟོང་པ་ནི་སྐྱེ་བར་མི་རིགས་ཏེ་མེད་པའི་ཕྱིར་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནམ་

མཁའི་མེ་ཏོག་ནི་མེད་པའི་ཕྱིར་སྐྱེ་བར་མི་རིགས་པ་དེ་བཞིན་དུ་སྔ་ན་མེད་པས་སྟོང་པ་ཡང་མེད་པའི་ཕྱིར་སྐྱེ་བར་མི་རིགས་པས་སྔ་ན་མེད་པས་སྟོང་པ་སྐྱེ་བ་མེད་པར་རྒྱུ་མེད་པ་ལས་སྐྱེ་བར་མི་རིགས་སོ། །ད་ནི་གཅིག་ལ་གཅིག་མེད་པས་སྟོང་པ་རྒྱུ་མེད་པར་འགག་གོ་ཞེས་བྱ་བར་སྟོང་པ་དེ་འགག་པར་མི་

རིགས་པར་རྗེས་སུ་དཔག་པ་བསྟན་པའི་ཕྱིར། དོན་དམ་པར་འབྲས་བུའི་ངོ་བོ་ཉིད་ལ་འབྲས་བུ་མ་ཡིན་པའི་དངོས་པོ་མེད་པ་ནི་འགག་པར་མི་རིགས་ཏེ། འབྲས་བུ་མ་ཡིན་པའི་དངོས་པོ་མེད་པའི་ཕྱིར་དཔེར་ན་འབྲས་བུ་མ་ཡིན་པ་ཞིག་ནས་མེད་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་

เล่ม ๑๐๑ · หน้า 138b

པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འབྲས་བུ་མ་ཡིན་པ་བུམ་པ་ལ་སོགས་པ་ཞིག་ནས་མེད་པ་ནི་འབྲས་བུ་མ་ཡིན་པའི་དངོས་པོ་མེད་པའི་ཕྱིར་འགག་པར་མི་རིགས་པ་དེ་བཞིན་དུ་འབྲས་བུའི་ངོ་བོ་ཉིད་ལ་འབྲུ་མ་ཡིན་པའི་དངོས་པོ་མེད་

པ་ཡང་འབྲས་བུ་མ་ཡིན་པའི་དངོས་པོ་མེད་པའི་ཕྱིར་འགག་པར་མི་རིགས་པས་གཅིག་ལ་གཅིག་མེད་པས་སྟོང་པ་འགག་པ་མེད་པ་རྒྱུ་མེད་པར་འགག་པར་མི་རིགས་སོ། །དེས་ན་གླགས་ཡོད་པའི་ཚིག་དེ་ལས་བཟློག་པས་སྐབས་ཀྱི་དོན་འདི་སྐད་བསྟན་ཏེ། འཇིག་རྟེན་རྒྱང་པན་པ་དག་སྔ་ན་

མེད་པས་སྟོང་པ་རྒྱུ་མེད་པ་ལས་སྐྱེ་བ་དང་གཅིག་ལ་གཅིག་མེད་པས་སྟོང་པ་རྒྱུ་མེད་པར་འགག་པར་འདོད་པ་དེ་དག་ལ་སྐྱེ་བ་དང་འགག་པ་མེད་པའི་སྐྱོན་དུ་འགྱུར་བས་རྒྱུ་མེད་པར་སྐྱེ་བ་དང་འགག་པར་མི་འདོད་དེ། འབྲས་བུའི་དངོས་པོ་ནི་རྒྱུ་ལས་སྐྱེ་ཞིང་རང་གི་ངང་གིས་འགག་པའི་ཆོས་

ཅན་ཉིད་ཡིན་པས་མེད་པའི་ངོ་བོ་ཉིད་མ་ཡིན་ལ། དེ་ལྟར་འབྲས་བུ་མེད་པའི་ངོ་བོ་ཉིད་མ་ཡིན་པའི་སྒོ་ནས་རྒྱུ་ཡང་མེད་པའི་ངོ་བོ་ཉིད་མ་ཡིན་པས་དོན་དམ་པར་མེད་པའི་ངོ་བོ་ཉིད་རྒྱུ་མེད་པར་སྐྱེ་བ་དང་འགག་པར་མི་འགྱུར་རོ་ཞེས་བསྟན་ཏོ། །ཡང་ན་ཁོ་བོ་ཅག་ནི་དོན་དམ་པའི་བདེན་པ་ལ་རྣམ་པར་

ལྟོས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་པར་བརྗོད་པས་མི་སྟོང་པ་ཅུང་ཟད་ཅིག་ཡོད་པར་གྱུར་ན་དེ་ནི་དེ་ལས་བཟློག་པར་འགྱུར་བས་དེ་ལྟ་བུ་དེ་ནི་ཐ་སྙད་དུ་ཡང་ནམ་མཁའི་མེ་ཏོག་བཞིན་དུ་མ་གྲགས་པའི་ཕྱིར། འབྲས་བུ་མི་སྟོང་སྐྱེ་མི་འགྱུར། །མི་སྟོང་

འགག་པར་མི་འགྱུར་རོ། །དེ་ལྟ་ན། མི་སྟོང་དེ་ནི་མ་འགགས་དང་། །མ་སྐྱེས་པར་ཡང་འགྱུར་བ་ཡིན། །ཞེས་བྱ་བས་ནི་སྔར་བྱེ་བྲག་ཏུ་སྨྲ་བ་དག་འབྲས་བུ་སྐྱེ་བའི་སྔ་རོལ་ན་ཡང་འབྲས་བུའི་བདག་ཉིད་ཀྱིས་མི་སྟོང་པར་སྨྲ་བ་དགག་པའི་ཚིག་ལེའུར་བྱས་པ་ཇི་སྐད་བསྟན་པ་དེའི་དོན་རྣམ་པ་

གཞན་དུ་རྣམ་པར་བཤད་པ་སྟོན་ཏོ། །འདིས་ནི་འདི་སྐད་སྟོན་ཏེ། བྱེ་བྲག་ཏུ་སྨྲ་བ་དག་གིས་འབྲས་བུ་མི་སྟོང་པར་བཏགས་པ་དེ་དབུ་མ་པ་དོན་དམ་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ངོ་བོ་ཉིད་སྟོང་པ་ཉིད་དུ་བལྟ་བའི་ཕྱོགས་ལ་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་ནམ་མཁའི་མེ་ཏོག་བཞིན་དུ་ཡོད་པར་མ་གྲགས་

เล่ม ๑๐๑ · หน้า 139a

པའི་ཕྱིར་འབྲས་བུ་མི་སྟོང་པ་ཅུང་ཟད་ཅིག་ཡོད་ཅེས་བྱར་མི་སྟོང་པ་དེ་མེད་པའི་ཕྱིར་མེད་པ་དེ་ལ་སྐྱེ་བ་དང་འགག་པ་མེད་པའི་སྐྱོན་དུ་འགྱུར་བས་མི་སྟོང་པ་ཡོད་པ་མ་ཡིན་ནོ། །འབྲས་བུ་སྟོང་པ་ཉིད་ཡིན་ན་དེ་ལ་སྐྱེ་བ་དང་འགག་པ་ཡང་འཐད་པས་དཔེར་ན་སྒྱུ་མ་བཞིན་དུ་

ངོ་བོ་ཉིད་མེད་པ་ཡིན་ཏེ། དེ་ལྟར་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བརྗོད་པར་བྱའོ་ཞེས་སྟོན་ཏོ། །དེ་ཡང་འདི་ལྟར་སྦྱར་ཏེ། ཁོ་བོ་ཅག་དབུ་མ་པ་ནི་དོན་དམ་པའི་བདེན་པ་ལ་རྣམ་པར་ལྟོས་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་དོན་དམ་པར་ཡོད་པའི་ངོ་བོ་ཉིད་སྟོང་པ་ཉིད་

གྱིས་སྟོང་པར་བརྗོད་པས་དེས་ན་གལ་ཏེ་མི་སྟོང་པ་ཅུང་ཟད་ཅིག་ཡོད་པར་གྱུར་ན་དེ་ནི་སྟོང་པ་དེ་ལས་བཟློག་པར་འགྱུར་བས་མི་སྟོང་པའི་དངོས་པོ་དེ་ལྟ་བུ་ནི་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་ནམ་མཁའི་མེ་ཏོག་བཞིན་དུ་ཡོད་པར་མ་གྲགས་པའི་ཕྱིར། འབྲས་བུ་མི་སྟོང་སྐྱེ་མི་འགྱུར། །མི་སྟོང་འགག་

པར་མི་འགྱུར་རོ། །ཞེས་སྨྲས་ཏེ། འབྲས་བུ་མི་སྟོང་པ་ཅུང་ཟད་ཅིག་ཡོད་ཅེས་བྱར་མི་སྟོང་པ་དེ་ནམ་མཁའི་མེ་ཏོག་བཞིན་དུ་གཏན་མི་སྲིད་པའི་ཕྱིར་དེ་ལ་སྐྱེ་བ་དང་འགག་པ་མེད་པའི་སྐྱོན་དུ་འགྱུར་བས་མི་སྟོང་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་ན། མི་སྟོང་དེ་ནི་མ་འགགས་དང་། །མ་སྐྱེས་པར་

ཡང་འགྱུར་བ་ཡིན། །ཞེས་བྱ་བས་ནི་དེ་ལྟར་འབྲས་བུ་མི་སྟོང་པ་ཡོད་པ་མ་ཡིན་པ་དེ་སྐྱེ་བ་དང་འགག་པར་མི་འགྱུར་བས་མི་སྟོང་པ་དེ་ཡོད་ཅེས་བྱར་དེ་ནི་མ་འགགས་པ་དང་། མ་སྐྱེས་པའི་སྐྱོན་དུ་ཡང་འགྱུར་བས་མི་སྟོང་པ་ཡོད་པ་མ་ཡིན་པར་བསྟན་ཏོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་

ཕྱིར། འདི་ནི་མི་སྟོང་པ་ཉིད་ཀྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཐལ་བར་འགྱུར་བར་བསྟན་པས་སྟོང་པ་ཉིད་ཡིན་ན། འབྲས་བུ་སྐྱེ་བ་དང་འགག་པའི་ཆོས་དང་ལྡན་པའི་ཕྱིར་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་མངོན་པས་ཞེས་བྱ་བ་སྨྲས་ཏེ། ཚིག་ལེའུར་བྱས་པའི་སྐབས་ཀྱི་དོན་

འདིས་ནི་བྱེ་བྲག་ཏུ་སྨྲ་བ་དག་མི་སྟོང་པར་རྗེས་སུ་དཔོག་པ་ཉིད་ཀྱིས་མི་སྟོང་པ་དེ་དབུ་མ་པ་ལ་མི་སྲིད་པས་དེ་ལ་སྐྱེ་བ་དང་འགག་པ་མེད་པར་ཐལ་བར་འགྱུར་བར་བསྟན་པས། སྟོང་པ་ཉིད་ཡིན་ན་འབྲས་བུ་སྐྱེ་བ་དང་འགག་པའི་ཆོས་དང་ལྡན་པའི་ཕྱིར་བསྒྲུབ་པར་བྱ་བ་ཆོས་སྟོང་པ་ཉིད་དང་། སྒྲུབ་པའི་

เล่ม ๑๐๑ · หน้า 139b

ཆོས་སྐྱེ་བ་དང་འགག་པ་དང་ལྡན་པ་མངོན་པས་རྗེས་སུ་དཔག་པ་འདི་ལྟར་བྱའོ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། དོན་དམ་པར་འབྲས་བུ་ནི་སྟོང་པ་ཉིད་ཡིན་ཏེ། སྐྱེ་བ་དང་འགག་པའི་ཕྱིར་དཔེར་ན་སྒྱུ་མ་བཞིན་ནོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་

ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྒྱུ་མ་ནི་སྐྱེ་བ་དང་། འགག་པའི་ཕྱིར་སྟོང་པ་ཉིད་ཡིན་པ་དེ་བཞིན་དུ་འབྲས་བུ་ཡང་སྐྱེ་བ་དང་འགག་པའི་ཕྱིར་སྟོང་པ་ཉིད་ཡིན་ནོ། །དེ་ལྟར་འབྲས་བུ་སྟོང་ཞིང་ངོ་བོ་ཉིད་མེད་

པ་ཉིད་ཀྱི་སྒོ་ནས་རྒྱུ་ཡང་སྟོང་ཞིང་ངོ་བོ་ཉིད་མེད་པ་ཉིད་དུ་བརྗོད་པར་བྱའོ། །དེ་བཞིན་དུ་གལ་ཏེ་འབྲས་བུ་མེད་པའི་ངོ་བོ་ཉིད་ཡིན་པར་གྱུར་ན། ཐ་སྙད་དུ་ཡང་སྐྱེ་བ་མེད་པ་དང་། འགག་པ་མེད་པར་འགྱུར་ཏེ། མེད་པའི་ཕྱིར་དཔེར་ན་ནམ་མཁའི་མེ་ཏོག་བཞིན་པས། སྟོང་པ་ཇི་ལྟར་སྐྱེ་འགྱུར་

ཞིང་། །སྟོང་པ་ཇི་ལྟར་འགག་པར་འགྱུར། །ཞེས་བྱ་བས་ནི་སྔར་འཇིག་རྟེན་རྒྱང་པན་པ་དག་འབྲས་བུ་སྔ་ན་མེད་པ་དང་གཅིག་ལ་གཅིག་མེད་པས་སྟོང་པར་སྨྲ་བ་དགག་པའི་ཚིག་ལེའུར་བྱས་པའི་ཕྱེད་ཇི་སྐད་བསྟན་པ་དེའི་དོན་རྣམ་པ་གཞན་དུ་རྣམ་པར་བཤད་པ་སྟོན་ཏོ། །འདིས་ནི་འདི་སྐད་སྟོན་

ཏེ། འཇིག་རྟེན་རྒྱང་པན་པ་དག་གིས་འབྲས་བུ་སྟོང་པར་བཏགས་པ་དེ་སྟོང་པར་རྗེས་སུ་དཔོག་པ་ཉིད་ཀྱིས་དེ་ལ་ཐ་སྙད་དུ་ཡང་ནམ་མཁའི་མེ་ཏོག་བཞིན་དུ་སྐྱེ་བ་དང་འགག་པ་མེད་པའི་སྐྱོན་དུ་འགྱུར་བས་སྟོང་པ་དེ་རྒྱུ་མེད་པར་སྐྱེ་བ་དང་འགག་པར་མི་འགྱུར་རོ། །འབྲས་བུ་མི་སྟོང་པ་ཉིད་ཡིན་ན་

དེ་ལ་སྐྱེ་བ་དང་འགག་པ་ཡང་འཐད་པས་རྒྱུ་མེད་པར་སྐྱེ་བ་དང་འགག་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་རྒྱུ་མ་སྐྱེས་པ་དང་འགག་པའི་ཆོས་དང་ལྡན་པའི་ཕྱིར་རྒྱུ་མེད་པར་སྐྱེ་བ་དང་། འགག་པ་མ་ཡིན་པ་བཞིན་ཏེ། ད་ལྟར་འབྲས་བུ་མེད་པའི་ངོ་བོ་ཉིད་མ་ཡིན་པའི་སྒོ་ནས་རྒྱུ་ཡང་མེད་པའི་ངོ་བོ་

ཉིད་མ་ཡིན་པར་སྟོན་ཏོ། །དེ་ཡང་འདི་ལྟར་སྦྱར་ཏེ། གལ་ཏེ་འཇིག་རྟེན་རྒྱང་ཕན་པ་དག་འདོད་པ་ལྟར་འབྲས་བུ་སྔ་ན་མེད་པ་དང་གཅིག་ལ་གཅིག་མེད་པས་མེད་པའི་ངོ་བོ་ཉིད་ཡིན་པར་གྱུར་ན། དེ་ལ་ཐ་སྙད་དུ་ཡང་ནམ་མཁའི་མེ་ཏོག་བཞིན་དུ་སྐྱེ་བ་དང་འགག་པ་མེད་པའི་སྐྱོན་དུ་འགྱུར་

เล่ม ๑๐๑ · หน้า 140a

བས་སྟོང་པ་དེ་རྒྱུ་མེད་པར་སྐྱེ་བ་དང་འགག་པར་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནམ་མཁའི་མེ་ཏོག་ནི་

མེད་པའི་ཕྱིར་ཐ་སྙད་དུ་ཡང་སྐྱེ་བ་དང་འགག་པ་མེད་པས་རྒྱུ་མེད་པ་ལས་སྐྱེ་བ་དང་རྒྱུ་མེད་པར་འགག་པར་མི་འགྱུར་བ་དེ་བཞིན་དུ་འཇིག་རྟེན་རྒྱང་པན་པ་དག་གིས་བརྟགས་པའི་འབྲས་བུ་ཡང་སྔ་ན་མེད་པ་དང་གཅིག་ལ་གཅིག་མེད་པས་སྟོང་པས་མེད་པའི་ངོ་བོ་ཉིད་ཡིན་པར་འགྱུར་ན་མེད་པའི་ཕྱིར་ཐ་

སྙད་དུ་ཡང་སྐྱེ་བ་དང་འགག་པ་མེད་པས་རྒྱུ་མེད་པ་ལས་སྐྱེ་བ་དང་རྒྱུ་མེད་པར་འགག་པར་མི་འགྱུར་རོ། །དེ་ལྟར་ན་སྐྱེ་བ་དང་འགག་པ་མེད་པའི་ཕྱིར། སྟོང་པ་དེ་ཡང་མ་འགགས་དང་། །མ་སྐྱེས་པར་ཡང་ཐལ་བར་འགྱུར། །ཞེས་བྱ་བས་ནི་འཇིག་རྟེན་རྒྱང་པན་པ་དག་འདོད་པ་ལྟར་འབྲས་བུ་སྔ་ན་མེད་

པ་དང་། གཅིག་ལ་གཅིག་མེད་པས་སྟོང་པས་མེད་པའི་ངོ་བོ་ཉིད་ཡིན་པར་གྱུར་ན་དེ་ལ་ཐ་སྙད་དུ་ཡང་ནམ་མཁའི་མེ་ཏོག་བཞིན་དུ་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་འབྲས་བུ་སྟོང་པ་དེ་ཡང་མ་འགགས་པ་དང་། མ་སྐྱེས་པའི་སྐྱོན་དུ་འགྱུར་རོ་ཞེས་བསྟན་ཏོ། །དེ་ཡང་མི་འདོད་པས་འདིས་ཀྱང་གོང་དུ་བསྟན་

པ་བཞིན་དུ་དམ་བཅས་པ་དང་། གཏན་ཚིགས་ཀྱི་དོན་མངོན་པས་ཞེས་བྱ་བས་ནི་གླགས་ཡོད་པའི་ཚིག་ལས་བཟློག་པས་སྐབས་ཀྱི་དོན་ཉིད་བསྟན་ཏེ། འབྲས་བུ་ནི་སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་ཡིན་པས། འཇིག་རྟེན་རྒྱང་པན་པ་དག་འདོད་པ་ལྟར་མེད་པའི་ངོ་བོ་ཉིད་དུ་མི་འདོད་པས་ཚིག་ལེའུར་

བྱས་པའི་སྐབས་ཀྱི་དོན་འདིས་ཀྱང་འཇིག་རྟེན་རྒྱང་པན་པ་དག་སྟོང་པར་རྗེས་སུ་དཔོག་པ་ཉིད་ཀྱིས་སྟོང་པ་དེ་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པར་ཐལ་བར་འགྱུར་བར་བསྟན་པས་མི་སྟོང་པ་ཉིད་ཡིན་ན་འབྲས་བུ་སྐྱེ་བ་དང་འགག་པའི་ཆོས་དང་ལྡན་པའི་ཕྱིར། བསྒྲུབ་པར་བྱ་བ་ཆོས་མེད་པའི་ཆོས་ཉིད་མ་ཡིན་པ་

དང་། སྒྲུབ་པའི་ཆོས་སྐྱེ་བ་དང་། འགག་པ་དང་ལྡན་པ་མངོན་པས་རྗེས་སུ་དཔག་པ་འདི་ལྟར་བྱའོ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་ནང་གི་འབྲས་བུ་ནི་མེད་པའི་ངོ་བོ་ཉིད་མ་ཡིན་ཏེ་ཞེས་དམ་བཅས་པ་ལ་ཁྱད་པར་ཡོད་པར་ཟད་ཀྱི། ལྷག་མ་

เล่ม ๑๐๑ · หน้า 140b

ནི་སྔ་མ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །དེ་ཡང་འདི་ལྟར་སྦྱར་ཏེ། དོན་དམ་པར་ནང་གི་འབྲས་བུ་ནི་མེད་པའི་ངོ་བོ་ཉིད་མ་ཡིན་ཏེ། སྐྱེ་བ་དང་འགག་པའི་ཕྱིར་དཔེར་ན་ཕྱི་རོལ་གྱི་འབྲས་བུ་སྒྱུ་མ་བཞིན་ནོ་ཞེས་བརྗོད་པར་བྱའོ། །དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་

ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཕྱི་རོལ་གྱི་འབྲས་བུ་སྒྱུ་མ་ནི་སྐྱེ་བ་དང་འགག་པའི་ཕྱིར་མེད་པའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ་ནང་གི་འབྲས་བུ་ཡང་སྐྱེ་བ་དང་འགག་པའི་ཕྱིར་མེད་པའི་ངོ་བོ་ཉིད་མ་ཡིན་ནོ། །འཇིག་རྟེན་རྒྱང་པན་པ་དག་གི་དམ་བཅས་པ་ལ་སྐྱོན་གཞན་ཡང་ཡོད་པར་བསྟན་

པའི་ཕྱིར། ཡང་ན་འབྲས་བུ་མེད་པའི་ངོ་བོ་ཉིད་དུ་རྗེས་སུ་དཔོག་པ་མེད་པའི་ངོ་བོ་ཉིད་ལ་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཉིད་ཀྱིས་འབྲས་བུ་སྐྱེ་བ་དང་། འགག་པ་བསལ་བའི་ཕྱིར་འཇིག་རྟེན་རྒྱང་པན་པ་དག་གི་དམ་བཅས་པ་ལ་མེད་པའི་ངོ་བོ་ཉིད་དུ་སྒྲུབ་པའི་ཆོས་ཅན་འབྲས་བུའི་ཁྱད་པར་

སྐྱེ་བ་དང་འགག་པ་བསྩལ་བའི་སྐྱོན་ཡོད་པར་བསྟན་པ་ནི་འདིར་ཚིག་གི་དོན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་མི་འདོད་དོ། །དེས་ན་གླགས་ཡོད་པའི་ཚིག་དེ་ལ་བཟློག་པས་སྐབས་ཀྱི་དོན་ཇི་སྐད་བསྟན་ཏེ་འཇིག་རྟེན་རྒྱང་པན་པ་དག་གི་མེད་པའི་ངོ་བོ་ཉིད་དུ་བརྟགས་པ་དེ་དག་ལ་སྐྱེ་བ་དང་

འགག་པར་མི་འཐད་པས་འབྲས་བུའི་ངོ་བོ་ཉིད་ནི་རྒྱུ་ལས་སྐྱེ་ཞིང་། རང་གི་ངང་གིས་འགག་པའི་ཕྱིར་མེད་པའི་ངོ་བོ་ཉིད་མ་ཡིན་ལ། དེ་ལྟར་འབྲས་བུ་མེད་པའི་ངོ་བོ་ཉིད་མ་ཡིན་པའི་སྒོ་ནས་རྒྱུ་ཡང་མེད་པའི་ངོ་བོ་ཉིད་མ་ཡིན་པར་བསྟན་ཏོ།། །།བམ་པོ་དྲུག་ཅུ་བདུན་པ།

གཞན་ཡང་སྐྱེད་པ་ཉིད་ཀྱི་རྒྱུ་དང་འབྲས་བུར་གཅིག་པ་ཉིད་དམ། གཞན་ཉིད་དུ་འགྱུར་གྲང་ན་ཞེས་བྱ་བས་ནི་གཞན་ཡང་རྒྱུས་འབྲས་བུ་སྐྱེད་པར་འགྱུར་ན་རྒྱུ་དང་འབྲས་བུ་གཉིས་གཅིག་པ་ཉིད་དང་། གཞན་ཉིད་དུ་འགྱུར་གྲང་ན། བརྟག་པ་གཉིས་ཀ་ལྟར་ཡང་མི་འཐད་པར་སྟོན་ཏོ། །དེ་

གཉིས་ཀྱི་དམ་བཅའ་བ་བསྟན་པའི་ཕྱིར། དེ་ལ། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །དེ་བཞིན་དུ། རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་བྱ་བ་སྨྲས་སོ། །ད་ནི་དམ་བཅའ་བ་དེ་གཉིས་ཀྱི་རྗེས་སུ་དཔག་པ་བསྟན་པའི་

เล่ม ๑๐๑ · หน้า 141a

ཕྱིར་གོ་རིམས་བཞིན་དུ་སྐྱོན་བརྗོད་པར་བྱ་སྟེ་ཞེས་བྱ་བ་སྨྲས་སོ། །དེ་ལ་རེ་ཞིག་གཅིག་པ་ཉིད་ཀྱི་ཕྱོགས་ལ་སྐྱོན་བརྗོད་པ་བསྟན་པའི་ཕྱིར། རྒྱུ་དང་འབྲས་བུ་གཅིག་ཉིད་ལ། །སྐྱེད་དང་བསྐྱེད་པ་གཅིག་ཏུ་འགྱུར། །སྐྱེད་པ་དང་བསྐྱེད་པ་ཕ་དང་བུ་ལྟ་བུ་གང་དག་ཡིན་པ་དག་

གཅིག་པ་ཉིད་དུ་འགྱུར་བ་དེ་ལྟར་ནི་མི་འདོད་པས་ཞེས་བྱ་བ་སྨྲས་སོ། །འདིར་ཡང་གླགས་ཡོད་པའི་རྒྱུ་ཐབས་ཀྱི་ཆོས་མཐུན་པའི་དཔེ་ཉེ་བར་གཞག་སྟེ། གལ་ཏེ་ཤིང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་བྱ་བ་དེར་བསྟན་པའི་ཚུལ་བཞིན་ནོ་ཞེས་བྱ་བས་ནི་འདིར་རྒྱུ་

དང་འབྲས་བུ་དག་གཅིག་པ་ཉིད་ཡིན་ན་སྐྱེད་པ་དང་བསྐྱེད་པ་དག་གཅིག་པ་ཉིད་དུ་འགྱུར་བའི་གླགས་ཡོད་པའི་སྒྱུ་ཐབས་ཀྱི་ཚིག་དོར་གྱིས་རྒྱུ་དང་འབྲས་བུ་དག་གཅིག་པ་ཉིད་མ་ཡིན་པའི་ཆོས་མཐུན་པའི་དཔེ་ནི་ཕ་དང་བུ་དག་ཡིན་པར་ཉེ་བར་གཞག་སྟེ། དེ་ལྟར་སྔར་མེ་དང་བུད་ཤིང་བརྟགས་པའི་

སྐབས་སུ་གལ་ཏེ་མེ་དང་བུད་ཤིང་དག་གཅིག་པ་ཉིད་ཡིན་པར་གྱུར་ན་བྱེད་པ་པོ་དང་ལས་དག་གཅིག་པ་ཉིད་དུ་འགྱུར་བའི་གླགས་ཡོད་པའི་སྒྱུ་ཐབས་ཀྱི་ཚིག་དོར་གྱིས་མེ་དང་བུད་ཤིང་དག་གཅིག་པ་ཉིད་མ་ཡིན་པའི་ཆོས་མཐུན་པའི་དཔེ་བྱེད་པ་པོ་དང་ལས་དག་ཡིན་པར་ཉེ་བར་གཞག་པའི་ཚུལ་བཞིན་ནོ་

ཞེས་བསྟན་ཏོ། །དེའི་ཕྱིར་འཇིག་རྟེན་ལ་གྲགས་པའི་དཔེ་དེ་ལས་ཤེས་པར་བྱར་ནུས་ཏེ་ཞེས་བྱ་བས་ནི་ཆོས་མཐུན་པའི་དཔེ་ཕ་དང་བུ་དག་གཅིག་པ་ཉིད་མ་ཡིན་པར་འཇིག་རྟེན་ལ་གྲགས་པ་དེའི་དབང་གིས་རྒྱུ་དང་འབྲས་བུ་དག་གཅིག་པ་ཉིད་མ་ཡིན་པར་ཤེས་པར་བྱར་ནུས་པའི་རྗེས་སུ་

དཔག་པ་འདི་ལྟར་བྱའོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་རྒྱུ་དང་འབྲས་བུ་དག་གཅིག་པ་ཉིད་མ་ཡིན་ཏེ། སྐྱེད་པ་དང་བསྐྱེད་པ་མ་ཡིན་པའི་ཕྱིར་དཔེར་ན་ཕ་དང་བུ་དག་བཞིན་ཏེ། ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་

པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཕ་དང་བུ་དག་ནི་སྐྱེད་པ་དང་བསྐྱེད་པ་ཡིན་པའི་ཕྱིར་གཅིག་པ་ཉིད་མ་ཡིན་པ་དེ་བཞིན་དུ་རྒྱུ་དང་འབྲས་བུ་དག་ཀྱང་སྐྱེད་པ་དང་བསྐྱེད་པ་ཡིན་པའི་ཕྱིར་གཅིག་པ་ཉིད་མ་ཡིན་ནོ། །དེ་ལྟར་རེ་ཞིག་གཅིག་པ་ཉིད་ཀྱི་ཕྱོགས་ལའོ་ཞེས་བྱ་བ་ནི་སྐྱོན་བརྗོད་དོ་ཞེས་

เล่ม ๑๐๑ · หน้า 141b

བྱ་བར་སྦྱར་རོ། །གཞན་ཉིད་ཀྱི་ཕྱོགས་ལ་ཡང་འདི་ལྟར་སྐྱོན་བརྗོད་པར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར། རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །འབྲས་བུ་ལས་གཞན་ཉིད་ཡིན་ཕྱིར། །དཔེར་ན་དེ་ལས་གཞན་བཞིན་པས། །དེ་ཡང་མི་འདོད་དོ་ཞེས་

བྱ་བ་སྨྲས་སོ། །རྒྱུ་དང་འབྲས་བུ་དག་གི་ཆོས་ནི་རྒྱུད་ཐ་མི་དད་པ་ཉིད་ཡིན་པར་འདོད་པས་འདིར་ཡང་ཤེས་པར་བྱར་ནུས་ཏེ་ཞེས་བྱ་བས་ནི་རྒྱུ་དང་འབྲས་བུ་དག་གཞན་ཉིད་མ་ཡིན་པར་སྒྲུབ་པའི་ཆོས་གཏན་ཚིགས་ནི་རྒྱུད་ཐ་མི་དད་པ་ཉིད་ཡིན་པར་འདོད་པས་འདིར་ཡང་རྒྱུ་དང་འབྲས་བུ་དག་གཞན་ཉིད་

མ་ཡིན་པར་ཤེས་པར་བྱར་ནུས་པའི་རྗེས་སུ་དཔག་པ་ནི་འདི་ལྟར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར། རྒྱུ་དང་འབྲས་བུ་དག་གཞན་ཉིད་མ་ཡིན་ཏེ། རྒྱུད་ཐ་མི་དད་པ་ཉིད་ཡིན་པའི་ཕྱིར་དཔེར་ན། རྒྱུའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་

བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྒྱུའི་རང་གི་བདག་ཉིད་ནི་རྒྱུད་ཐ་མི་དད་པ་ཉིད་ཡིན་པའི་ཕྱིར་རང་གི་བདག་ཉིད་ལས་གཞན་མ་ཡིན་པ་དེ་བཞིན་དུ་རྒྱུ་དང་འབྲས་བུ་དག་ཀྱང་རྒྱུད་ཐ་མི་དད་པ་ཉིད་ཡིན་པའི་ཕྱིར་གཞན་མ་ཡིན་ནོ། །

ཡང་གཞན་ཡང་རྒྱུས་འབྲས་བུ་སྐྱེད་པར་བྱེད་ན་ཐེར་ཟུག་པ་དག་གི་འབྲས་བུ་སྔ་ན་ཡོད་པར་སྨྲ་བའི་ཚུལ་གྱིས་ཡོད་པར་གྱུར་པ་ཞིག་སྐྱེད་པར་བྱེད་དམ། འཇིག་རྟེན་རྒྱང་པན་པ་དག་གི་འབྲས་བུ་སྔ་ན་མེད་པར་སྨྲ་བའི་ཚུལ་གྱིས་མེད་པར་གྱུར་པ་ཞིག་སྐྱེད་པར་བྱེད་གྲང་ན་ཞེས་བྱ་བས་ནི་ཡང་གཞན་ཡང་རྒྱུས་

འབྲས་བུ་སྐྱེད་པར་བྱེད་ན་གྲངས་ཅན་དག་འབྲས་བུ་ཐེར་ཟུག་ཏུ་གནས་པར་འདོད་པ་དག་གི་འབྲས་བུ་སྔ་ན་ཡོད་པར་སྨྲ་བའི་ཚུལ་གྱིས་འབྲས་བུ་ཡོད་པར་གྱུར་པ་ཞིག་རྒྱུས་སྐྱེད་པར་བྱེད་ན་འཇིག་རྟེན་རྒྱང་པན་པ་དང་། བྱེ་བྲག་པ་དང་། ཉན་ཐོས་མདོ་སྡེ་པ་དག་འབྲས་བུ་སྔ་ན་མེད་པར་འདོད་པ་དག་གི་

འབྲས་བུ་སྔ་ན་མེད་པར་སྨྲ་བའི་ཚུལ་གྱིས་འབྲས་བུ་མེད་པར་གྱུར་པ་ཞིག་རྒྱུས་སྐྱེས་པར་བྱེད་གྲང་ན། བརྟག་པ་གཉི་ག་ལྟར་ཡང་མི་འཐད་པར་སྟོན་ཏོ། །དེ་ལ་རེ་ཞིག་བརྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར། དེ་ལ། འབྲས་བུ་ངོ་བོ་ཉིད་ཡོད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་འགྱུར། །འདི་ལྟར་

เล่ม ๑๐๑ · หน้า 142a

འབྲས་བུའི་ངོ་བོ་ཉིད་ཡོད་པར་གྱུར་པ་ནི་ཐ་སྙད་དུ་ཡང་བསྟན་དཀའ་བའི་ཕྱིར་དང་། དམ་བཅས་པ་ལ་སོགས་པའི་སྐྱོན་ཇི་སྐད་བསྟན་པ་དག་ཏུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་ཏེ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་འབྲས་བུ་ངོ་བོ་ཉིད་ཡོད་པ་ཐེར་ཟུག་ཏུ་གནས་པ་ཉིད་ཡིན་ན་རྒྱུས་ཅི་ཞིག་

སྐྱེད་པར་འགྱུར་ཏེ། འདི་ལྟར་རྒྱུ་དང་རྐྱེན་རྣམས་མེད་པར་འབྲས་བུ་ངོ་བོ་ཉིད་ཡོད་པར་གྱུར་པ་ནི་ཐ་སྙད་དུ་ཡང་བསྟན་དཀའ་སྟེ། འཇིག་རྟེན་ན་མ་སྐྱེས་པ་ཡོད་པ་ཉིད་དུ་མ་མཐོང་བའི་ཕྱིར་དང་། སྔར་བྱེ་བྲག་ཏུ་སྨྲ་བ་དག་འབྲས་བུ་སྐྱེ་བའི་སྔ་རོལ་ན་ཡང་འབྲས་བུའི་བདག་ཉིད་ཀྱིས་མི་སྟོང་པར་སྨྲ་བ་དགག་

པའི་སྐབས་སུ། འབྲས་བུ་མི་སྟོང་སྐྱེ་མི་འགྱུར། །མི་སྟོང་འགག་པར་མི་འགྱུར་རོ། །མི་སྟོང་དེ་ནི་མ་འགགས་དང་། །མ་སྐྱེས་པར་ཡང་འགྱུར་བ་ཡིན། ཞེས་བྱ་བ་དག་གིས་དེས་ན་གང་དང་གང་ཡོད་པ་དེ་དང་དེ་ནི་སྐྱེ་བ་མེད་པའི་ཆོས་དང་། འགག་པ་མེད་པའི་ཆོས་ཅན་ཡིན་པར་མཐོང་སྟེ།

ཡོད་པའི་ཕྱིར་དཔེར་ན་ད་ལྟར་གྱི་སྐད་ཅིག་མ་བཞིན་ནོ། །དེ་ལྟར་ཡོད་པ་ཉིད་དུ་རྗེས་སུ་དཔོག་པས་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ཉིད་ཀྱིས་དེ་དག་བསྩལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཅན་གྱི་ངོ་བོ་ཉིད་བསྩལ་བའི་སྐྱོན་ཡོད་དོ་ཞེས་ཇི་སྐད་བསྟན་པ་དག་འདིར་ཡང་འབྱུང་བར་འགྱུར་བའི་ཕྱིར་རོ་

ཞེས་བྱ་བར་དགོངས་སོ། །དེ་ལྟར་རེ་ཞིག་བརྟག་པ་དང་པོ་ལའོ་ཞེས་བྱ་བ་ནི་མི་འཐད་པར་སྐྱོན་བརྗོད་ཟིན་ཏོ་ཞེས་བྱ་བར་སྦྱར་རོ། །ད་ནི་བརྟག་པ་གཉིས་པ་ལ་ཡང་མི་འཐད་པར་སྐྱོན་བརྗོད་པར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར། འབྲས་བུ་ངོ་བོ་ཉིད་མེད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་འགྱུར།

འབྲས་བུ་ངོ་བོ་ཉིད་མེད་པར་གྱུར་པ་ནམ་མཁའི་མེ་ཏོག་ལྟ་བུ་སྐྱེ་བ་ན་ཐ་སྙད་དུ་ཡང་བསྟན་དཀའ་བའི་ཕྱིར་དང་། སྔ་མ་བཞིན་དུ་དམ་བཅས་པ་ལ་སོགས་པའི་སྐྱོན་ཇི་སྐད་བསྟན་པ་དག་ཏུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་འབྲས་བུ་ངོ་བོ་ཉིད་མེད་པ་ནམ་མཁའི་མེ་

ཏོག་ལྟ་བུ་ཉིད་ཡིན་ན་རྒྱུས་ཅི་ཞིག་སྐྱེད་པར་འགྱུར་ཏེ། འདི་ལྟར་འབྲས་བུ་མེད་པར་གྱུར་པ་ནམ་མཁའི་མེ་ཏོག་ལྟ་བུ་མེད་པའི་ངོ་བོ་ཉིད་རྒྱུས་སྐྱེད་ཅིང་གསལ་བར་བྱེད་པ་ནི་ཐ་སྙད་དུ་ཡང་བསྟན་དཀའ་སྟེ། འཇིག་རྟེན་ན་མེད་པ་སྐྱེ་བ་ཉིད་དུ་མ་མཐོང་བའི་ཕྱིར་དང་། སྔར་འཇིག་རྟེན་རྒྱང་ཕན་པ་དག་

เล่ม ๑๐๑ · หน้า 142b

འབྲས་བུ་སྐྱེ་བའི་སྔ་རོལ་ན་ནི་མེད་པའི་ངོ་བོ་ཉིད་ཡིན་པས་འབྲས་བུ་སྟོང་པའི་ངོ་བོ་ཉིད་ཡིན་ལ། སྐྱེས་ན་ཡང་དངོས་པོ་གཞན་གྱི་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེས་ཟེར་བ་དགག་པའི་སྐབས་སུ། སྟོང་པ་ཇི་ལྟར་སྐྱེ་འགྱུར་ཞིང་། སྟོང་པ་ཇི་ལྟར་འགག་པར་འགྱུར། །སྟོང་པ་དེ་ཡང་མ་འགགས་དང་། །མ་

སྐྱེས་པར་ཐལ་བར་འགྱུར་ཞེས་བྱ་བ་དག་གིས་དོན་དམ་པར་སྟོང་པ་ནི་སྐྱེ་བར་མི་རིགས་ཏེ། མེད་པའི་ཕྱིར་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །དོན་དམ་པར་འབྲས་བུའི་ངོ་བོ་ཉིད་ལ་འབྲས་བུ་མ་ཡིན་པའི་དངོས་པོ་མེད་པ་ནི་འགག་པར་མི་རིགས་ཏེ། འབྲས་བུ་མ་ཡིན་པའི་དངོས་པོ་མེད་པའི་

ཕྱིར་དཔེར་ན་འབྲས་བུ་མ་ཡིན་པ་ཞིག་ནས་མེད་པ་བཞིན་ནོ། །ཡང་ན་མེད་པའི་ངོ་བོ་ཉིད་དུ་རྗེས་སུ་དཔོག་པས་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ཉིད་ཀྱི་འབྲས་བུ་སྐྱེ་བ་དང་འགག་པ་བསྩལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་བསྩལ་བའི་སྐྱོན་ཡོད་དོ་ཞེས་ཇི་སྐད་བསྟན་པ་དག་འདིར་

ཡང་འབྱུང་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འདིར་གལ་ཏེ་གཞན་དག་ན་རེ་དེ་ལྟར་འབྲས་བུ་ཡོད་པ་དང་མེད་པ་རྒྱུས་སྐྱེས་པར་མི་བྱེད་པའི་གཏན་ཚིགས་དང་དམ་བཅས་པའི་སྐྱོན་དག་སྔར་བྱེ་བྲག་ཏུ་སྨྲ་བ་དང་། འཇིག་རྟེན་རྒྱང་པན་པ་དག་དགག་པའི་སྐབས་སུ་བསྟན་ཟིན་ན་འདིར་ཡང་

བཟླས་ཏེ་བཤད་ཅི་དགོས་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་སྔར། འབྲས་བུ་མི་སྟོང་སྐྱེ་མི་འགྱུར། །མི་སྟོང་འགག་པར་མི་འགྱུར་རོ། །མི་སྟོང་དེ་ནི་མ་འགགས་དང་། །མ་སྐྱེས་པར་ཡང་འགྱུར་བ་ཡིན། །སྟོང་པ་ཇི་ལྟར་སྐྱེ་འགྱུར་ཞིང་། །སྟོང་

པ་ཇི་ལྟར་འགག་པར་འགྱུར། །སྟོང་པ་དེ་ཡང་མ་འགགས་དང་། །མ་སྐྱེས་པར་ཡང་ཐལ་བར་འགྱུར། །ཞེས་བྱ་བ་དེ་དག་གིས་ནི་འབྲས་བུའི་སྒོ་ནས་རྒྱུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་ཏོ། །ད་ལྟར་ནི་རྒྱུ་དངོས་པོ་ལས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་ཏེ། ཁྱད་པར་ནི་དེ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྔར་

ཚིག་ལེའུར་བྱས་པ་དེ་གཉིས་ཀྱི་སྐབས་ཀྱིས་ནི་བྱེ་བྲག་ཏུ་སྨྲ་བ་དག་འབྲས་བུ་སྐྱེ་བའི་སྔ་རོལ་ན་ཡང་འབྲས་བུའི་བདག་ཉིད་ཀྱིས་མི་སྟོང་པར་སྨྲ་བ་དེ་དགག་པའི་ཕྱིར་འབྲས་བུ་སྐྱེ་བའི་སྔ་རོལ་ན་ཡང་འབྲས་བུ་བདག་ཉིད་ཀྱིས་མི་སྟོང་པར་ཡོད་པ་ལ་སྐྱེ་བ་དང་། འགག་པ་མེད་པའི་སྐྱོན་དུ་འགྱུར་

เล่ม ๑๐๑ · หน้า 143a

བས་དེ་ནི་མི་འདོད་དེ་འབྲས་བུའི་དངོས་པོ་ནི་སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་ཡིན་པས་ངོ་བོ་ཉིད་མེད་ལ། དེ་ལྟར་འབྲས་བུའི་ངོ་བོ་ཉིད་མེད་པ་ཉིད་ཀྱི་སྒོ་ནས་རྒྱུ་ཡང་ངོ་བོ་ཉིད་མེད་པས་དོན་དམ་པར་རྒྱུས་འབྲས་བུ་སྐྱེད་པར་མི་བྱེད་དོ་ཞེས་བྱ་བ་དང་། འཇིག་རྟེན་རྒྱང་པན་པ་དག་འབྲས་བུ་

སྐྱེ་བའི་སྔ་རོལ་ན་ནི་མེད་པའི་ངོ་བོ་ཉིད་ཡིན་པས་འབྲས་བུ་སྟོང་པའི་ངོ་བོ་ཉིད་ཡིན་ལ། སྐྱེས་ན་ཡང་དངོས་པོ་གཞན་གྱི་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེས་ཟེར་བ་དེ་དགག་པའི་ཕྱིར་སྔ་ན་མེད་པ་དང་གཅིག་ལ་གཅིག་མེད་པས་སྟོང་པ་དག་ལ་སྐྱེ་བ་དང་འགག་པ་མེད་པའི་སྐྱོན་དུ་འགྱུར་བས་རྒྱུ་མེད་པར་སྐྱེ་བ་དང་འགག་

པར་མི་འདོད་དེ། འབྲས་བུའི་དངོས་པོ་ནི་རྒྱུ་ལས་སྐྱེ་ཞིང་རང་གི་ངང་གིས་འགག་པའི་ཆོས་ཅན་ཉིད་ཡིན་པས་མེད་པའི་ངོ་བོ་ཉིད་མ་ཡིན་ལ། དེ་ལྟར་འབྲས་བུ་མེད་པའི་ངོ་བོ་ཉིད་མ་ཡིན་པའི་སྒོ་ནས་རྒྱུ་ཡང་མེད་པའི་ངོ་བོ་ཉིད་མ་ཡིན་པས་དོན་དམ་པར་མེད་པའི་ངོ་བོ་ཉིད་རྒྱུ་མེད་པར་སྐྱེ་བ་དང་འགག་པར་

མི་འགྱུར་རོ་ཞེས་བྱ་བར་བསྟན་ཏོ། །ད་ལྟར་སྐབས་འདིར་ནི་རྒྱུ་ངོ་བོ་ཉིད་མེད་པས་དོན་དམ་པར་རྒྱུས་འབྲས་བུ་ཡོད་པ་སྐྱེད་པར་མི་བྱེད་པ་དང་། རྒྱུ་ཉིད་མེད་པའི་ངོ་བོ་ཉིད་མ་ཡིན་པས་དོན་དམ་པར་མེད་པའི་ངོ་བོ་ཉིད་རྒྱུ་མེད་པར་སྐྱེ་བར་མི་འགྱུར་རོ་ཞེས་བསྟན་ཏེ། ཁྱད་པར་ནི་དེ་ཡིན་པས་ཟློས་

པར་མི་འགྱུར་རོ། །དེའི་ཕྱིར་དེ་ལྟར་ཡོངས་སུ་བརྟགས་ན་དོན་དམ་པར་རྒྱུས་འབྲས་བུ་སྐྱེད་པ་ཉིད་མི་འཐད་པ་དེའི་ཕྱིར། སྐྱེ་བ་ཡོད་པ་མ་ཡིན་ན། །རྒྱུ་ཉིད་འཐད་པར་མི་འགྱུར་རོ། །ཞེས་གསུངས་ཏེ། དེ་ལྟར་ཇི་སྐད་བསྟན་པའི་ཚུལ་གྱིས་སོ། །དེ་ལ་དོན་དམ་པར་རྒྱུས་ནི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་དེ།

འབྲས་བུའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་གང་སྨྲས་པའི་གཏན་ཚིགས་དེ་དོན་དམ་པར་ནི་དོན་མ་གྲུབ་པ་ཉིད་དོ། །ཐ་སྙད་པའི་གཏན་ཚིགས་ཡིན་པར་བརྗོད་ན་ནི་དོན་འགལ་བ་ཉིད་དེ། མི་མཐུན་པའི་ཕྱོགས་འབའ་ཞིག་ལ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐབས་ཀྱི་མཇུག་བསྡུ་བ་དང་། ཚད་མའི་འབྲས་བུ་ཡིན་

ཏེ། དེ་ལྟར་དོན་དམ་པར་རྒྱུས་འབྲས་བུ་སྐྱེད་པ་ཉིད་མི་འཐད་པས་སྐྱེ་བ་ཡོད་པ་མ་ཡིན་པས་རྒྱུ་ཉིད་མི་འཐད་པའི་ཕྱིར་སྔར་ཕ་རོལ་པོ་དག་གིས་སྨྲས་པའི་གཏན་ཚིགས་དོན་དམ་པར་རྒྱུས་ནི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་དེ། འབྲས་བུའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་དོན་དམ་པར་ནི་མ་གྲུབ་པ་ཉིད་ཡིན་ལ།

เล่ม ๑๐๑ · หน้า 143b

ཀུན་རྫོབ་ཏུ་ནི་འགལ་བ་ཉིད་ཡིན་ནོ། །འདིར་སྨྲས་པ། དོན་དམ་པར་རྒྱུས་ནི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་དེ། འདིའི་འདིའོ་ཞེས་བརྗོད་པའི་ཕྱིར་རོ། །གང་གིས་གང་སྐྱེད་པར་མི་བྱེད་པ་དེ་ལ་ནི་རྒྱུ་འདིའི་འབྲས་བུ་འདིའོ་ཞེས་མི་བརྗོད་དེ། དཔེར་ན་རྔ་མོའི་རྭ་འདིའི་རུ་བཞི་འདིའོ་ཞེས་མི་བརྗོད་པ་བཞིན་ནོ། །འདི་

ལ་ནི་མིག་འདིའི་འབྲས་བུ་ནི་མིག་གི་རྣམ་པར་ཤེས་པ་འདིའོ་ཞེས་སམ། ས་བོན་འདིའི་འབྲས་བུ་མྱུ་གུ་འདིའོ་ཞེས་བརྗོད་པས་དེའི་ཕྱིར་གཏན་ཚིགས་གྲུབ་པས་འདོད་པའི་དོན་གྲུབ་པོ་ཞེས་བྱ་བ་ནི་འདིར་ཕ་རོལ་པོ་དག་ནི་འདིའི་འདིའོ་ཞེས་འགྲེལ་པ་བརྗོད་པའི་གཏན་ཚིགས་ཀྱིས་དོན་དམ་པར་རྒྱུས་འབྲས་བུ་སྐྱེད་

པར་བྱེད་པ་ཉིད་དོ་ཞེས་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ནི་རྔ་མོའི་རྭ་མེད་པའི་རུ་བཞི་འདིའོ་ཞེས་མི་

བརྗོད་པ་དེ་ནི་ཡོད་པ་མ་ཡིན་གྱི། མིག་དང་ས་བོན་ཡོད་པ་འདིའི་འབྲས་བུ་མིག་གི་རྣམ་པར་ཤེས་པ་དང་། མྱུ་གུ་འདིའི་ཞེས་བརྗོད་པ་འདི་ནི་ཡོད་པ་མ་ཡིན་པས། དེའི་ཕྱིར་རྒྱུ་དང་འབྲས་བུ་དག་ལ་འདིའི་འདིའོ་ཞེས་འབྲེལ་པ་བརྗོད་པ་ཡོད་པའི་ཕྱིར་དོན་དམ་པར་རྒྱུས་འབྲས་བུ་སྐྱེད་པར་བྱེད་པ་ཉིད་དོ་

ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། གལ་ཏེ་དོན་དམ་པར་འབྲས་བུ་སྐྱེ་བ་འགའ་ཞིག་ཡོད་པར་གྱུར་ན་ནི་དེས་ན་འབྲས་བུ་སྐྱེ་བ་ལས་རྒྱུ་ཡང་རྒྱུ་ཉིད་དུ་འཐད་པས། རྒྱུ་འདིའི་འབྲས་བུ་འདིའོ་ཞེས་བརྗོད་དུ་ཡང་རུང་བ་ཞིག་ན་དེ་ཡང་མེད་པས། རྒྱུ་ཉིད་འཐད་

པ་ཡོད་མིན་ན། །འབྲས་བུ་གང་གི་ཡིན་པར་འགྱུར། །དེ་ལྟར་མ་གྲུབ་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དམ། དོན་འགལ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། རྒྱུ་ཉིད་མི་འཐད་པའི་ཕྱིར། འབྲས་བུ་ཡང་མི་འཐད་པས་རྒྱུ་འདིའི་འབྲས་བུ་འདིའོ་ཞེས་བྱ་བ་དེ་མ་གྲུབ་པའི་ཕྱིར་ཕ་རོལ་པོའི་གཏན་ཚིགས་

ཀྱི་དོན་དོན་དམ་པར་ནི་མ་གྲུབ་པ་ཉིད་ལ་ཀུན་རྫོབ་ཏུ་ནི་འགལ་བ་ཉིད་དོ། །གཞན་དག་གིས་སྨྲས་པ། ཚོགས་པ་རྙེད་ན་འབྲས་བུ་སྐྱེ་བར་མི་འགྱུར་ལ། དུས་ཀྱང་ཚོགས་པའི་ཡན་ལག་ཡིན་པས་དེས་ན་འབྲས་བུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་གཏན་ཚིགས་སྔར་སྨྲས་པའི་དོན་མ་གྲུབ་པ་ཉིད་མ་

เล่ม ๑๐๑ · หน้า 144a

ཡིན་ནོ། །ཁོ་བོ་ཅག་རྒྱུ་འབའ་ཞིག་ལས་འབྲས་བུ་གྲུབ་པར་ཡང་མི་འདོད་པས་དེའི་ཕྱིར་རྒྱུས་འབྲས་བུ་སྐྱེད་པར་མི་བྱེད་ལ་འབྲས་བུ་ཡང་རྒྱུས་བསྐྱེད་པར་བྱ་བ་མ་ཡིན་ནོ་ཞེས་གང་སྨྲས་པ་དེའང་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་འདིར་གཞན་དག་ན་རེ་ལུང་ལས། ལས་རྣམས་

བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བ་འང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་ཀྱང་གསུངས་ལ། རྒྱུ་འབྲེལ་པ་དང་རྐྱེན་འབྲེལ་པ་གང་ཞེ་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དང་། ས་བོན་གྱི་རྐྱེན་གྱིས་མྱུ་གུ་ཞེས་བྱ་བ་ལ་སོགས་པ་

ནི་རྒྱུ་འབྲེལ་པ་ཡིན་ལ། ཁམས་དྲུག་པོ་དག་ཚོགས་པ་ནི་རྐྱེན་འབྲེལ་པ་ཡིན་ནོ་ཞེས་ཀྱང་གསུངས་ཏེ། ཁོ་བོ་ཅག་ཀྱང་དེ་སྐད་ལེན་པས་དེས་ན་རྒྱུ་དང་རྐྱེན་གྱི་ཚོགས་པ་རྙེད་ན་འབྲས་བུ་སྐྱེ་བར་འགྱུར་ལ། དུས་ཀྱང་ཚོགས་པའི་ཡན་ལག་ཡིན་པས་འབྲས་བུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་ཁོ་བོ་ཅག་གིས་སྔར་སྨྲས་

པའི་གཏན་ཚིགས་དུས་ནི་ཡོད་པ་ཁོ་ན་ཡིན་ཏེ། འབྲས་བུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེའི་དོན་གྲུབ་པ་ཉིད་ཀྱང་མ་ཡིན་ལ། ཁྱེད་དབུ་མ་པས་རྒྱུས་འབྲས་བུ་སྐྱེད་པར་མི་བྱེད་ལ། འབྲས་བུ་ཡང་རྒྱུས་བསྐྱེད་པར་བྱ་བ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །

དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། འདི་ལ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་དེ་ནི་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་རང་གི་བདག་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། གལ་ཏེ་དེས་བདག་ཉིད་སྐྱེད་པར་བྱེད་ཅིང་སྐྱེས་ནས་འབྲས་བུ་ཡང་སྐྱེད་པར་འགྱུར་གྲང་ན། ཕྱོགས་དེ་ཡང་

འཁྲུལ་པ་སྐྱེད་པ་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་དེ་ནི་སྤྱི་འདུས་པ་ཙམ་ལ་ཉེ་བར་གདགས་པར་ཟད་པས་ཐ་སྙད་དུ་ཡང་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་རང་གི་བདག་ཉིད་ཀྱིས་ཡོད་པ་མ་ཡིན་པས་དེས་བདག་གི་བདག་ཉིད་ཀྱང་མི་སྐྱེད་པས་འབྲས་བུ་སྐྱེད་པར་མི་བྱེད་དོ། །གཞན་

ཡང་གལ་ཏེ་ཚོགས་པ་དེས་བདག་ཉིད་སྐྱེད་པར་བྱེད་ཅིང་བདག་ཉིད་སྐྱེས་ན་འབྲས་བུ་ཡང་སྐྱེད་པར་འགྱུར་གྲང་ན། ཕྱོགས་དེ་ཡང་ཁྱེད་ཅག་འཁྲུལ་པ་སྐྱེད་པའི་རྒྱུ་ཙམ་དུ་ཟད་ཀྱི། བརྟག་མི་བཟོད་པས་ཚོགས་པས་འབྲས་བུ་མི་སྐྱེད་པའི་ཕྱིར་ཁྱེད་ཀྱིས་སྔར་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱང་

เล่ม ๑๐๑ · หน้า 144b

ཉམས་པ་མེད་ལ། ཁོ་བོས་སྨྲས་པ་ཡང་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། རྒྱུ་རྣམས་དང་ནི་རྐྱེན་དག་གི །ཚོགས་པ་གང་ཡིན་དེ་ཡིས་ནི། །བདག་གིས་བདག་ཉིད་མི་སྐྱེད་ན། །འབྲས་བུ་ཇི་ལྟར་སྐྱེད་པར་བྱེད། །ཅེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་འཐད་པ་

བསྟན་པའི་ཕྱིར། དེས་འབྲས་བུ་སྐྱེད་པར་མི་བྱེད་པ་ཉིད་དེ། རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བར་སྨྲས་ཏེ། དཔེར་ན་དམག་དང་ནགས་ཚལ་དང་ཤིང་རྟ་ཞེས་བྱ་བ་དག་ནི་ཚོགས་པའི་ཡན་ལག་སྤྱི་འདུས་པ་ལ་ཉེ་བར་གདགས་པར་ཟད་ཀྱི། རྫས་སུ་ཡོད་པ་མ་

ཡིན་པའི་ཕྱིར་བདག་གིས་བདག་ཉིད་ཀྱང་སྐྱེད་པར་མི་བྱེད་པས། དེས་འབྲས་བུ་གཞན་སྐྱེད་པར་མི་བྱེད་པ་ཉིད་ཡིན་པ་དེ་བཞིན་དུ་རྒྱུ་དང་རྐྱེན་གྱི་ཚོགས་པ་ཞེས་བྱ་བ་ཡང་ཚོགས་པའི་ཡན་ལག་སྤྱི་འདུས་པ་ལ་ཉེ་བར་གདགས་པར་ཟད་ཀྱི། རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར། །བདག་གིས་བདག་ཉིད་

ཀྱང་སྐྱེད་པར་མི་བྱེད་པས་དེས་འབྲས་བུ་གཞན་སྐྱེད་པར་མི་བྱེད་པ་ཉིད་དོ་ཞེས་བྱ་བར་དགོངས་སོ། །ཚོགས་པ་དགག་པ་འདི་ལ་ཁ་ཅིག་ན་རེ། །ཚོགས་པ་གཅིག་པུ་མ་ཡིན་ཏེ། །དེ་བཞིན་དངོས་པོ་འགའ་ཡང་མེད། །གལ་ཏེ་དེ་ཡང་དེ་ལས་གཞན། །དེ་ཡང་གཅིག་པུ་འགའ་ཞིག་

ཡོད། །ཅེས་ཇི་སྐད་བཤད་པ་ལྟ་བུའོ་ཞེས་བྱ་བ་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་ཚིག་ལེའུར་བྱས་པ། རྒྱུ་རྣམས་དང་ནི་རྐྱེན་དག་གི །ཚོགས་པ་གང་ཡིན་དེ་ཡིས་ནི། །བདག་གིས་བདག་ཉིད་མི་སྐྱེད་ན། །འབྲས་བུ་ཇི་ལྟར་སྐྱེད་པར་བྱེད། །ཅེས་གསུངས་པ་རྣམ་པར་བཤད་པའི་སྐབས་

འདི་ལ་འགྲེལ་པ་བྱེད་པ་གནས་བརྟན་བུདྡྷ་པཱ་ལི་ཏ་ན་རེ་རྒྱུ་དང་རྐྱེན་གྱི་ཚོགས་པ་འབྲས་བུ་སྐྱེད་པར་བྱེད་པ་ཞེས་བྱ་བར་བརྟགས་པ་གང་ཡིན་པ་དེས་རེ་ཞིག་བདག་གི་བདག་ཉིད་སྐྱེད་པར་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། ཚོགས་པ་ནི་དུ་མ་ཡིན་པར་ཤེས་པའི་ཕྱིར་ཏེ། སློབ་དཔོན་འཕགས་པ་ལྷས་

ཀྱང་། ཚོགས་པ་གཅིག་པུ་མ་ཡིན་ཏེ། །དེ་བཞིན་དངོས་པོ་འགའ་ཡང་མེད། །གལ་ཏེ་དེ་ཡང་དེ་ལས་གཞན། །དེ་ཡང་གཅིག་པུ་འགའ་ཞིག་ཡོད། །ཅེས་གསུངས་པ་ལྟ་བུའོ་ཞེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །ཁ་ཅིག་ན་རེ་དེ་ནི་ཁུངས་སུ་མི་རུང་སྟེ། ཚིག་ལེའུར་བྱས་པའི་དོན་

เล่ม ๑๐๑ · หน้า 145a

དང་མི་མཐུན་པའི་ཕྱིར་རོ་ཞེའོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ན་རེ་འཕགས་པ་ལྷས་མཛད་པའི་ཚིགས་སུ་བཅད་པ་དེ་བཟང་མོད་ཀྱང་། སྐབས་འདིའི་ཁུངས་མ་ཡིན་པ་ལས་གནས་བརྟན་བུདྡྷ་པཱ་ལི་ཏས་ཁུངས་སུ་བྱས་པ་མ་ལེགས་ཏེ། འདིར་སློབ་དཔོན་གྱིས་གསུངས་པའི་ཚིག་

ལེའུར་བྱས་པའི་དོན་ནི་རྒྱུ་དང་རྐྱེན་རྣམས་ཀྱིས་རང་གི་བདག་ཉིད་མི་སྐྱེད་པས། དེ་དག་གི་འབྲས་བུ་ཡང་སྐྱེད་པར་མི་འགྱུར་རོ་ཞེས་བྱ་བ་ཡིན་ལ། ཁུངས་ཀྱི་དོན་ནི་རྒྱུ་དང་རྐྱེན་རྣམས་ལས་ཚོགས་པ་ཞེས་བྱ་བ་ལོགས་ཤིག་ན་མེད་པར་སྟོན་པ་ཡིན་པས་ཚིག་ལེའུར་བྱས་པའི་དོན་དང་མི་མཐུན་པའི་ཕྱིར་དེ་ཁུངས་སུ་

མི་རུང་ངོ་ཞེས་ཟེར་རོ། །ཡང་ན་ཚོགས་པ་ཉིད་ཀྱིས་འབྲས་བུ་སྐྱེད་པ་ཉིད་དུ་རྣམ་པར་རྟོག་པ་ཡང་སྔར་བཞིན་དུ་ཉེ་བར་སྦྱར་ནས་རྒྱུ་བཞིན་དུ་དགག་པར་བྱའོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པས་འབྲས་བུ་སྐྱེད་པ་ཉིད་དུ་རྣམ་པར་རྟོག་པ་དེ་དགག་པའི་ཐབས་ནི། ཡང་ན་སྔར་རྒྱུ་དགག་པའི་

སྐབས་སུ་རྒྱུ་དང་འབྲས་བུ་དག་གཅིག་པ་ཉིད་དང་། གཞན་ཉིད་དང་། འབྲས་བུ་ཡོད་པ་དང་། མེད་པ་ལ་སོགས་པས་འབྲས་བུ་སྐྱེད་པར་མི་འཐད་པའི་གཏན་ཚིགས་དང་དཔེ་དག་བསྟན་པ་དེ་བཞིན་དུ་འདིར་ཡང་ཚོགས་པ་དང་འབྲས་བུ་དག་གཅིག་པ་ཉིད་དང་གཞན་ཉིད་དང་། འབྲས་བུ་ཡོད་པ་དང་མེད་པ་ལ་སོགས་

པས་འབྲས་བུ་སྐྱེད་པར་མི་འཐད་པའི་གཏན་ཚིགས་དང་དཔེ་དག་སྔ་མ་བཞིན་དུ་ཉེ་བར་སྦྱར་ནས་རྒྱུ་བཞིན་དུ་དགག་པར་བྱའོ་ཞེས་བསྟན་ཏོ། །ཡང་ན་ཚོགས་པ་ནི་འབྲས་བུར་གྱུར་པ་རྣམས་ཀྱི་རྒྱུ་དང་རྐྱེན་དག་གི་ཚོགས་པ་ཉིད་ཡིན་ན་འབྲས་བུ་དེ་ཡང་དོན་དམ་པར་དངོས་སུའམ་བརྒྱུད་པས་འབྲས་བུའི་ངོ་བོ་ཉིད་མེད་

པར་བསྟན་ཟིན་པས་དེའི་ཕྱིར་གང་དག་གི་ཚོགས་པ་གང་ཞིག་ཡིན་ཞེས་བྱ་བས་ཀྱང་ཚོགས་པ་མི་འཐད་པའི་རིགས་པ་རྣམ་པ་གཞན་སྟོན་ཏེ། འདི་ལྟར་ཚོགས་པ་ཞེས་བྱ་བ་ནི་འབྲས་བུ་སྐྱེས་པའི་སྒོ་ནས་འབྲས་བུ་དེ་རྣམས་ཀྱི་རྒྱུ་དང་རྐྱེན་དག་གི་ཚོགས་པ་ཉིད་ཡོད་པར་རྗེས་སུ་དཔག་པས་འབྲས་བུར་གྱུར་པ་

རྣམས་ཀྱི་རྒྱུ་དང་རྐྱེན་དག་གི་ཚོགས་པ་ཉིད་ཡིན་ན་འབྲས་བུ་དེ་ཡང་དོན་དམ་པར་མ་སྐྱེས་པའི་ཕྱིར་ཇི་ལྟར་དངོས་སུའམ་བརྒྱུད་པས་འབྲས་བུའི་ངོ་བོ་ཉིད་དུ་མེད་པ་དེ་ལྟར་བསྟན་ཟིན་པས་དེའི་ཕྱིར་འབྲས་བུར་གྱུར་པ་མེད་ན་འབྲས་བུ་གང་དག་གི་རྒྱུ་དང་རྐྱེན་དག་གི་ཚོགས་པ་གང་ཞིག་ཡིན་ཏེ། ཚོགས་པ་ཞེས་བྱ་

เล่ม ๑๐๑ · หน้า 145b

བའི་སྒྲ་འཇུག་པ་ཙམ་ཡང་མེད་དོ། །དེ་དག་གི་དེ་མེད་པ་ཉིད་དུ་ངེས་པར་བཟུང་ནས། །རྒྱུ་རྣམས་དང་ནི་རྐྱེན་དག་གི །ཚོགས་པ་གང་ཡིན་དེ་ཡིས་ནི། བདག་གིས་བདག་ཉིད་མི་སྐྱེད་ན། །འབྲས་བུ་ཇི་ལྟར་སྐྱེད་པར་བྱེད། །ཅེས་གསུངས་ཏེ། འདིར་དོན་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཚོགས་པ་ཞེས་

བྱ་བའི་སྒྲ་འཇུག་པ་ཙམ་ཡང་མེད་པ་དེའི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་འབྲས་བུར་གྱུར་པ་མེད་པ་དེ་དག་གི་རྒྱུ་དང་རྐྱེན་གྱི་ཚོགས་པ་དེ་མེད་པ་ཉིད་དུ་ངེས་པར་བཟུང་ནས་ཚིག་ལེའུར་བྱས་པ་འདི་གསུངས་ཏེ། འདིར་ཚིག་གི་དོན་ནི་སྔ་མ་བཞིན་ནོ། །སྐབས་ཀྱི་དོན་ལ་ནི་ཁྱད་པར་ཡོད་དེ་སྔར་ནི་ཕ་རོལ་པོ་དག་གི་

ཚོགས་པས་འབྲས་བུ་སྐྱེད་པ་ཉིད་ཕྱོགས་སུ་བྱས་ཏེ། འབྲས་བུ་སྐྱེ་བའི་རྒྱུ་ཡོད་པར་རྗེས་སུ་དཔོག་པ་དགག་པའི་ཕྱིར་ཚིག་ལེའུར་བྱས་པ་འདི་རྣམ་པར་བཤད་དོ། །འདིར་ནི་འབྲས་བུ་སྐྱེ་བས་ཚོགས་པ་ཡོད་པར་ཤེས་པར་བྱ་བ་ཡིན་ན་འབྲས་བུ་སྐྱེ་བ་མེད་པའི་ཕྱིར་ཚོགས་པ་ཡང་མེད་པ་ཉིད་དོ་ཞེས་བསྟན་ཏེ།

སྐབས་ཀྱི་ཁྱད་པར་ནི་དེ་ཡིན་ནོ། །གང་གི་ཚེ་དེ་ལྟར་ཚོགས་པས་འབྲས་བུ་སྐྱེད་པར་མི་འཐད་ཅིང་། ཚོགས་པ་མ་ཡིན་པ་རྒྱུ་དང་རྐྱེན་ཚོགས་པའི་མཚན་ཉིད་མ་ཡིན་པའི་རྒྱུ་དེས་ཀྱང་འབྲས་བུ་སྐྱེད་པར་མི་བྱེད་ལ་འབྲས་བུ་ཡང་རྒྱུས་བསྐྱེད་པར་བྱ་བ་མ་ཡིན་པར་དགག་པ་སྔར་བསྟན་ཟིན་པས། དེ་ཕྱིར་

ཚོགས་པས་བྱས་པ་དང་། །ཚོགས་མིན་བྱས་པའི་འབྲས་བུ་མེད། །ཅེས་རབ་ཏུ་བྱེད་པ་འདས་མ་ཐག་པའི་ནང་དུ་བསྟན་པའི་དབང་གིས་མཇུག་བསྡུ་བར་བྱའོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། གང་གི་ཚེ་དེ་ལྟར་སྔར། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་གྱུར་ན། །ཚོགས་

ལ་འབྲས་བུ་ཡོད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ན། །ཚོགས་ལ་འབྲས་བུ་མེད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལ་སྐྱེ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་བསྟན་པའི་རིམ་གྱིས་ཚོགས་པས་འབྲས་བུ་སྐྱེད་པར་ཡང་མི་འཐད་

ལ། སྔར་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོའི་སྐབས་སུ། དེའི་ཕྱིར་རྐྱེན་ལས་བྱུང་མ་ཡིན། །རྐྱེན་མིན་ལས་བྱུང་འབྲས་བུ་ནི། །ཡོད་མིན་འབྲས་བུ་མེད་པས་ན། །རྐྱེན་མིན་རྐྱེན་དུ་ག་ལ་འགྱུར། །ཞེས་བྱ་བ་ལ་སོགས་པས་ཚོགས་པ་མ་ཡིན་པས་ཀྱང་འབྲས་བུ་སྐྱེད་པར་མི་བྱེད་པར་

เล่ม ๑๐๑ · หน้า 146a

བསྟན་ལ། སྔར། གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་བྱིན་ནས་ནི་འགག་འགྱུར་ན། །གང་བྱིན་པ་དང་གང་འགག་པའི། །རྒྱུ་ཡི་བདག་ཉིད་གཉིས་སུ་འགྱུར། །གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་མ་བྱིན་པར་འགལ་འགྱུར་ན། །རྒྱུ་འགགས་ནས་ནི་སྐྱེས་པ་ཡི། །འབྲས་

བུ་དེ་ནི་རྒྱུ་མེད་འགྱུར། །ཞེས་བྱ་བ་ལ་སོགས་པས་འབྲས་བུ་ཡང་རྒྱུས་བསྐྱེད་པར་བྱ་བ་མ་ཡིན་པར་དགག་པ་བསྟན་པས་དེའི་ཕྱིར་ཚོགས་པས་བྱས་པ་དང་ཚོགས་པ་མ་ཡིན་པས་བྱས་པའི་འབྲས་བུ་མེད་དོ་ཞེས་རབ་ཏུ་བྱེད་པ་འདས་མ་ཐག་པའི་ནང་དུ་བསྟན་པའི་དབང་གིས་མཇུག་བསྡུ་བར་བྱའོ། །

དེའི་ཕྱིར་དུས་ནི་ཡོད་པ་ཁོ་ན་ཡིན་ཏེ། འབྲས་བུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེའི་དོན་མ་གྲུབ་པ་ཉིད་ཉམས་པ་མེད་དོ་ཞེས་བྱ་བ་ནི་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་འབྲས་བུ་འགྲུབ་པ་མེད་པའི་ཕྱིར་ཕ་རོལ་པོ་དག་གིས་སྔར་རབ་ཏུ་བྱེད་པ་འདིའི་དང་པོའི་དུས་ནི་ཡོད་

པ་ཁོ་ན་ཡིན་ཏེ། འབྲས་བུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་པའི་གཏན་ཚིགས་དེའི་དོན་མ་གྲུབ་པར་སྔར་བསྟན་པ་ཉིད་ཉམས་པ་མེད་པར་སོ་ན་གནས་སོ། །གྲངས་ཅན་དག་གིས་སྨྲས་པ། ཚོགས་པ་ནི་རྫས་སུ་ཡོད་པ་ཉིད་དེ། རང་གི་ཡན་ལག་དག་ལས་གཞན་པ་མ་ཡིན་

པའི་ཕྱིར་དཔེར་ན་ཚོགས་པའི་ཡན་ལག་དག་གི་བདག་ཉིད་བཞིན་པས་ཚོགས་པས་འབྲས་བུ་སྐྱེད་པར་མི་བྱེད་པ་ཉིད་དེ། རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་གྲངས་ཅན་དག་གཞན་མ་ཡིན་པའི་གཏན་ཚིགས་ཀྱི་ཚོགས་པ་རྫས་སུ་ཡོད་པ་ཉིད་དུ་སྒྲུབ་

པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཚོགས་པའི་ཡན་ལག་དག་གི་བདག་ཉིད་ནི་རང་གི་བདག་ཉིད་ལས་གཞན་མ་ཡིན་པའི་ཕྱིར་རྫས་སུ་ཡོད་པ་ཉིད་ཡིན་པ་དེ་བཞིན་

དུ་ཚོགས་པ་ཡང་རང་གི་ཡན་ལག་དག་ལས་གཞན་མ་ཡིན་པའི་ཕྱིར་རྫས་སུ་ཡོད་པ་ཉིད་ཡིན་པས། ཁྱེད་དབུ་མ་པས་སྔར་ཚོགས་པས་འབྲས་བུ་སྐྱེད་པར་མི་བྱེད་པ་ཉིད་དེ། རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་

เล่ม ๑๐๑ · หน้า 146b

ཀྱིས་འདིར་བཤད་པ། འབྲས་བུ་སྐྱེ་བའི་ཚོགས་པ་ཡིན་གྲང་ན། འབྲས་བུ་སྐྱེ་བ་མེད་པ་དང་། རྫས་སུ་ཡོད་པ་ཉིད་མ་ཡིན་པ་ཡང་སྔར་བསྟན་ཟིན་པས་དེའི་ཕྱིར། འབྲས་བུ་ཡོད་པ་མ་ཡིན་ན། །རྐྱེན་གྱི་ཚོགས་པ་ག་ལ་ཡོད། །དཔེ་མ་གྲུབ་པའི་ཕྱིར་དང་། བཏགས་པར་ཡོད་པ་ཡང་དེ་ཉིད་དང་།

གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པས། གཏན་ཚིགས་ཀྱི་དོན་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གྲངས་ཅན་དག་ཚོགས་པ་རྫས་སུ་འདོད་པ་ནི་འབྲས་བུ་སྐྱེ་བའི་ཚོགས་པ་ཡིན་གྲང་ན། འབྲས་བུ་སྐྱེ་བ་མེད་པ་དང་། རྒྱུ་རྐྱེན་དང་དམག་དང་། ནགས་ཚལ་

དང་། ཤིང་རྟ་ལ་སོགས་པ་ཚོགས་པ་རྫས་སུ་ཡོད་པ་ཉིད་མ་ཡིན་པ་ཡང་སྔར་བསྟན་ཟིན་པས་དེའི་ཕྱིར། འབྲས་བུ་ཡོད་པ་མ་ཡིན་ན། འབྲས་བུའི་རྐྱེན་གྱིས་ཚོགས་པ་རྫས་སུ་ག་ལ་ཡོད། དེས་ན་གྲངས་ཅན་དག་གི་དཔེ་ཚོགས་པའི་ཡན་ལག་དག་གི་བདག་ཉིད་བཞིན་པས་ཞེས་བྱ་བ་མ་གྲུབ་

པའི་ཕྱིར་དང་། གཏན་ཚིགས་རང་གི་ཡན་ལག་དག་ལས་གཞན་མ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ཡང་རྒྱུ་རྐྱེན་དང་། དམག་དང་ནགས་ཚལ་དང་། ཤིང་རྟ་ལ་སོགས་པར་བཏགས་པར་ཡོད་པ་དག་ཀྱང་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་སྔར་བསྟན་ཟིན་པས། གཞན་

མ་ཡིན་པ་ཉིད་དུ་མ་གྲུབ་པའི་ཕྱིར་གྲངས་ཅན་དག་གི་སྒྲུབ་པ་དེ་མ་གྲུབ་པོ། །ཚོགས་པ་རྫས་སུ་ཡོད་པ་ཉིད་མ་ཡིན་པར་བསྟན་པའི་ཁུངས་སློབ་དཔོན་འཕགས་པ་ལྷས་མཛད་པ་བསྟན་པའི་ཕྱིར་དེ་ལྟར་ཡང་། གང་ཕྱིར་འཇིག་རྟེན་ཇི་སྙེད་མིང་། །ཚོགས་པ་ཉིད་ལ་སྣང་འགྱུར་བ། །

དེ་ཕྱིར་དངོས་པོ་ཡོད་མིན་ཏེ། །དངོས་མེད་ཚོགས་པའང་ཡོད་མ་ཡིན། །ཞེས་བཤད་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་འཇིག་རྟེན་ན་ཇི་སྙེད་མིང་དུ་བརྗོད་པ་དེ་དག་ཐམས་ཅད་ཚོགས་པ་ཉིད་ལ་སྣང་བར་འགྱུར་བ་དེའི་ཕྱིར་ཚོགས་པ་ལ་མ་གཏོགས་པའི་དངོས་པོ་ནི་ཡོད་པ་མ་ཡིན་

ཏེ། དངོས་པོ་མེད་ན་ཚོགས་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བཤད་དོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་རྒྱུ་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་། ཚད་མའི་འབྲས་

เล่ม ๑๐๑ · หน้า 147a

བུ་ཡིན་ཏེ། རྒྱུ་དང་འབྲས་བུ་བརྟག་པའི་རབ་ཏུ་བྱེད་པ་ཉི་ཤུ་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུ་བལྟ་བ་ནི་སྔར་དུས་བརྟག་པའི་རབ་ཏུ་བྱེད་པ་བཅུ་དགུ་པའི་སྐབས་སུ་ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་

དབང་གིས་རབ་ཏུ་བྱེད་པ་བཅུ་དགུ་པ་བརྩམ་མོ་ཞེས་བྱ་བས་དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་དེ་ལ་འདིར་རབ་ཏུ་བྱེད་པ་ཉི་ཤུ་པ་བརྩམ་པའི་སྐབས་སུ་ཕ་རོལ་པོ་དག་གིས་དོན་དམ་པར་དུས་ནི་མེད་པ་ཁོ་ན་ཡིན་ཏེ། འབྲས་བུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་

མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་སྨྲས་པ་དེ་དགག་པས་རྒྱུ་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །རྒྱུ་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་དང་། དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་

བཙལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ལས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་སྲིད་པ་འཕོ་བའི་མདོ་ལས། འདྲེན་པས་གང་དུ་ཚོགས་ཉིད་ཀྱི། །ལྟ་བ་རབ་ཏུ་བསྟན་པ་དེ། །བློ་ཅན་རྣམས་ནི་དོན་དམ་གྱི། །ཉེ་བར་གདགས་པའི་སར་

སྟོན་ཏོ། །ཞེས་བྱ་བ་ལ་སོགས་པ་གང་དག་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདྲེན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གང་དུ་ཚོགས་པ་ཉིད་ཀྱི་ལྟ་བར་རབ་ཏུ་བསྟན་པ་དེ། བྱང་ཆུབ་སེམས་དཔའ་བློ་ཅན་རྣམས་ནི་དོན་དམ་པའི་ཉེ་བར་གདགས་པའི་ས་

ཡིན་པར་སྟོན་ཏོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་གང་དུ་ཚོགས་པ་བསྟན་པ་མཛད་པ་དེ་ནི་དོན་དམ་པ་ལ་འཇུག་པའི་ཐབས་ཡིན་པར་བསྟན་ཏེ། གང་གི་ཕྱིར་ཚོགས་པ་འདུ་བ་ནི་རྫས་སུ་ཡོད་པ་མ་ཡིན་པ་དེའི་ཕྱིར་དེ་ཉིད་དོན་དམ་པ་སྟེ། འདི་ལྟར་རྫས་སུ་མེད་པ་ཉིད་དུ་དམིགས་སུ་

མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདིར་རབ་ཏུ་བྱེད་པ་འདི་ཉིད་ཀྱིས་སྐྱེ་བ་མེད་པ་ཉིད་སྐབས་གཞན་གྱིས་བསྒྲུབས་སོ། །དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་རྒྱུ་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཡོན་ཏན་དང་ཁུངས་ཡིན་ཏེ། དེའི་ཕྱིར་རྟོག་གེ་སྐམ་པོ་ཙམ་ཉི་ཚེས་བསྒྲུབས་

เล่ม ๑๐๑ · หน้า 147b

པ་མ་ཡིན་ནོ། །དེ་དག་བསྟན་བཅོས་འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་དང་འགྲེལ་པ་བྱེད་པའི་མཁས་པ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས་རྒྱུ་དང་འབྲས་བུ་བརྟག་

པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་པ་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་འབྱུང་བ་དང་འཇིག་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་

ཉི་ཤུ་གཅིག་པ་བརྩམ་མོ་ཞེས་བྱ་བ་ལ་དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པ་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅའ་བ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་དེ་བཞིན་དུ་སྟོང་པ་ཉིད་

ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅའ་བ་མཛད་པས། འདིར་ཡང་བསྟན་བཅོས་མཛད་པས་ཇི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་

རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་སྔར་བསྟན་པའི་ལུགས་བཞིན་དུའོ། །སྟོང་པ་ཉིད་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བར་བྱེད་པའི་ཕྱོགས་ཡིན་ཏེ། འདི་ལྟ་སྟེ་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་

བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་བསྒྲུབ་པའི་ཕྱོགས་ཀྱི་ཁྱད་པར་འོག་ནས་དོན་དམ་པར་དུས་ནི་ཡོད་པ་ཁོ་ན་ཡིན་ཏེ། འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་དག་ཡིན་ནོ། །དེ་དགག་པ་

ཞེས་བྱ་བ་ནི་དེ་དགག་པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་ཉི་ཤུ་གཅིག་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས་འབྱུང་བ་དང་འཇིག་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ཉི་ཤུ་གཅིག་པ་བརྩམ་མོ་ཞེས་བྱ་

เล่ม ๑๐๑ · หน้า 148a

བ་སྨྲས་ཏེ། འབྱུང་བ་དང་འཇིག་པ་བརྟག་པའི་རབ་ཏུ་བྱེད་པ་ཉི་ཤུ་གཅིག་པའི་གཞུང་འོག་ནས་འབྱུང་བ་དེའི་དོན་ནི་འབྱུང་བ་དང་འཇིག་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན།

རྣམ་པ་གང་གིས་ནི་འབྲས་བུ་དེ་འཐོབ་ཅེ་ན། འབྱུང་བ་དང་འཇིག་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས། དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་བྱེད་པའི་མཚམས་

སྦྱར་བའི་སྐབས་འདིར་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏེ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་བྱ་བ་སྨོས་པ་དེ་ཉིད་བསྟན་པའི་ཕྱིར་འདིར་སྨྲས་པ། དོན་དམ་པར་དུས་ནི་ཡོད་པ་ཁོ་ན་ཡིན་ཏེ། འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་

ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ནི་འབྱུང་བ་དང་འཇིག་པའི་རྒྱུ་མ་ཡིན་ཏེ། དཔེར་ན་སྦྲུལ་གྱི་རྐང་པ་བཞིན་ནོ། །དུས་ནི་འབྱུང་བ་དང་འཇིག་པའི་དུས་ཀྱི་རྗེས་སུ་འབྱུང་བ་དག་གི་རྒྱུ་ཡིན་པས་དེའི་ཕྱིར་དོན་དམ་པར་དུས་ནི་ཡོད་པ་ཁོ་ན་ཡིན་པས་དེས་ན་དེ་གསལ་བ་ཡོད་པའི་ཕྱིར་

གཏན་ཚིགས་གྲུབ་པས་འདོད་པའི་དོན་གྲུབ་པོ་ཞེས་བྱ་བ་སྨྲས་ཏེ། དེ་དག་གི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་

སྦྲུལ་གྱི་རྐང་པ་ལྟ་བུ་གང་ཡོད་པ་མ་ཡིན་པ་དེ་ནི་འབྱུང་བ་དང་འཇིག་པ་དུས་ཀྱི་རྗེས་སུ་འབྲང་བ་དག་གི་རྒྱུ་མ་ཡིན་པས་དེ་ནི་ཡོད་པ་མ་ཡིན་གྱི། དུས་ནི་དངོས་པོ་འབྱུང་བ་དང་འཇིག་པ་དུས་ཀྱི་རྗེས་སུ་འབྲང་བ་དག་གི་རྒྱུ་ཡིན་པས། དེ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ལྟར་དུས་ཡོད་པ་ཁོ་ན་ཡིན་

པས་དོན་དམ་པར་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་དུས་གསུམ་གསལ་བར་བྱེད་པ་ཡོད་པའི་ཕྱིར་སྔར་ཁོ་བོ་ཅག་གིས་དུས་བརྟག་པའི་རབ་ཏུ་བྱེད་པ་དང་པོར་དོན་དམ་པར་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། གསལ་བའི་རྒྱུ་ཡིན་པའི་ཕྱིར་དཔེར་ན་མར་མེ་བཞིན་ནོ་ཞེས་སྨྲས་

เล่ม ๑๐๑ · หน้า 148b

པ་དང་། རྒྱུ་དང་འབྲས་བུ་བརྟག་པའི་རབ་ཏུ་བྱེད་པའི་དང་པོར་དོན་དམ་པར་དུས་ནི་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། འབྲས་བུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་སྨྲས་ཏེ། གཏན་ཚིགས་གྲུབ་པས་ཁོ་བོ་ཅག་གི་འདོད་པའི་དོན་གྲུབ་པོ་ཞེས་ཟེར་རོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་

པར་དེ་དགག་པས་འབྱུང་བ་དང་འཇིག་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར་དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། འབྱུང་བ་དང་འཇིག་པ་དག་གང་ཡང་རུང་བ་མེད་པར་རམ། ལྷན་ཅིག་ཏུ་འགྲུབ་པར་འགྱུར་གྲང་ན་ཞེས་བྱ་བ་སྨྲས་ཏེ། འདི་ལ་ཁྱེད་གང་གི་ཕྱིར་

འབྱུང་བ་དང་འཇིག་པ་དག་དུས་ཀྱིས་སྒྲུབ་པར་བྱེད་ཅིང་། འབྱུང་བ་དང་འཇིག་པ་དག་ཡོད་པས་དུས་ཀྱང་ཡོད་པ་ཉིད་དུ་བསྒྲུབ་པས་དེའི་ཕྱིར་གལ་ཏེ་འབྱུང་བ་དང་འཇིག་པ་དག་གྲུབ་པར་གྱུར་ན་དེ་དག་གི་རྒྱུ་དུས་ཀྱང་འགྲུབ་པར་འགྱུར་གྲང་ན། འབྱུང་བ་དང་འཇིག་པ་དག་ནི་འཇིག་པ་འབྱུང་བ་མེད་པར་ཡོད་པ་

ཉིད་མ་ཡིན་ལ། འཇིག་པ་འབྱུང་བ་དང་ལྷན་ཅིག་ཏུ་ཡང་ཡོད་པ་ཉིད་མ་ཡིན། འབྱུང་བ་ཡང་འཇིག་པ་མེད་པར་ཡོད་པ་ཉིད་མ་ཡིན་ལ། འབྱུང་བ་འཇིག་པ་དང་ལྷན་ཅིག་ཏུ་ཡང་ཡོད་པ་ཉིད་མ་ཡིན་ཏེ། དེ་ལྟར་མུ་བཞི་ཆར་གྱི་སྒོ་ནས་འབྱུང་བ་དང་འཇིག་པ་དག་མི་འགྲུབ་པས་དེ་དག་གི་རྒྱུ་

དུས་ཉིད་ཡོད་པ་མ་ཡིན་པས་ཕ་རོལ་པོའི་གཏན་ཚིགས་ཀྱི་དོན་དབུ་མ་པའི་ཕྱོགས་ལ་མ་གྲུབ་པ་ཉིད་དོ་ཞེས་སྟོན་ཏོ། །དེ་ལ་རེ་ཞིག་མུ་དང་པོ་གཉིས་ཀྱི་ཕྱོགས་ཉེ་བར་བཞག་པ་བསྟན་པའི་ཕྱིར། དེ་ལ་རེ་ཞིག །འཇིག་པ་འབྱུང་བ་མེད་པར་རམ། ལྷན་ཅིག་ཡོད་པ་ཉིད་མ་ཡིན། །ཞེས་བྱ་བ་

སྨྲས་ཏེ། དེ་སྒྲུབ་པ་ནི་འོག་ནས་སྟོན་ཏོ། །དེ་དག་གི་ཚིག་གི་དོན་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། འཇིག་པ་ནི་འགག་པའི་རྣམ་གྲངས་སོ། །འབྱུང་བ་ནི་སྐྱེ་བའི་རྣམ་གྲངས་སོ། །ཉིད་ཅེས་བྱ་བའི་ཚིག་གི་ཕྲད་ནི་རྩ་བ་བསྐང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །ད་ནི་མུ་ཕྱི་མ་གཉིས་ཀྱི་ཕྱོགས་ཉེ་

བར་བཞག་པ་བསྟན་པའི་ཕྱིར། དེ་བཞིན་དུ། འབྱུང་བ་འཇིག་པ་མེད་པར་ནི། །ལྷན་ཅིག་ཡོད་པ་ཉིད་མ་ཡིན། །ཞེས་བྱ་བ་སྨྲས་ཏེ། དེའི་སྒྲུབ་པ་ཡང་འོག་ནས་སྟོན་ཏོ། །ཕྱོགས་ཉེ་བར་བཞག་པ་དེ་དག་གི་ཚད་མའི་འབྲས་བུ་བསྟན་པའི་ཕྱིར། ཁོ་བོ་ཅག་གི་ཕྱོགས་ལའོ། །དེའི་

เล่ม ๑๐๑ · หน้า 149a

ཕྱིར་དེ་དག་གི་རྒྱུ་དེ་ཉིད་ཡོད་པ་མ་ཡིན་པས་གཏན་ཚིགས་ཀྱི་དོན་གཞན་ལས་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་མུ་བཞི་པ་དེ་དག་ཁོ་བོ་ཅག་གི་ཕྱོགས་ལ་ཡོད་པ་མ་ཡིན་པ་དེའི་ཕྱིར་འབྱུང་བ་དང་འཇིག་པ་དེ་དག་གི་རྒྱུ་དུས་ཉིད་ཡོད་པ་མ་ཡིན་པས། ཕ་རོལ་པོའི་གཏན་

ཚིགས་འབྱུང་བ་དང་། འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་གཞན་ལ་མ་གྲུབ་པ་ཉིད་དོ། །ཅི་སྟེ་རང་གི་གྲུབ་པའི་མཐའི་ཚུལ་རབ་ཏུ་མ་བསྒྲུབས་པར་གཞན་གྱི་ཕྱོགས་སུན་དབྱུང་བར་མི་ནུས་སོ་སྙམ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པས་རང་གི་དམ་བཅས་པའི་གྲུབ་པའི་མཐའི་ཚུལ་རབ་ཏུ་

མ་བསྒྲུབས་པར་ཁོ་བོ་ཅག་གཞན་གྱི་ཕྱོགས་སུན་དབྱུང་བར་མི་ནུས་སོ་སྙམ་དུ་སེམས་པ་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པས་རང་གི་གྲུབ་པའི་མཐའི་ཚུལ་རབ་ཏུ་བསྒྲུབ་པ་དེ་བསྟན་པའི་ཕྱིར་རེ་ཞིག །མུ་དང་པོ་གཉིས་ཀྱི་ཕྱོགས་ཉེ་བར་གཞག་པའི་རྣམ་པར་བརྟག་པ་སྔ་མའི་དབང་དུ་བྱ་སྟེ། བཤད་

དོ་ཞེས་བྱ་བར་སྦྱར་རོ། །དེ་ལ་རེ་ཞིག་མུ་དང་པོ་དགག་པ་བསྟན་པའི་ཕྱིར་བཤད་པ། འཇིག་པ་འབྱུང་བ་མེད་པར་ནི། །ཇི་ལྟ་བུར་ན་ཡོད་པར་འགྱུར། །ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཚིག་གི་དོན་ཏེ། དེ་ནི་དམ་བཅའ་བ་ཉེ་བར་བཞག་པའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་འཇིག་པ་འབྱུང་བ་མེད་པར་

ཡོད་པ་ཉིད་མ་ཡིན་པར་དགག་པའི་མུ་དང་པོའི་དམ་བཅའ་བ་ཉེ་བར་བཞག་པ་བསྟན་ཏོ། །དེའི་བསྒྲུབ་པ་བསྟན་པའི་ཕྱིར། །ཇི་ལྟར་འཆི་བ་སྐྱེ་བ་མེད་པ་ལྟར། །དེ་ལྟར། འཇིག་པ་འབྱུང་བ་མེད་པར་མེད། །དེའི་རྐྱེན་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་འཆི་བ་སྐྱེ་བ་མེད་

པར་མེད་པ་ལྟར་འཇིག་པ་ཡང་འབྱུང་བ་མེད་པར་མེད་དེ། འཆི་བ་དང་འཇིག་པ་དེའི་རྐྱེན་སྐྱེ་བ་དང་འབྱུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ། །འདིར་ཚིག་གི་དོན་གསལ་བར་བྱ་བའི་ཚིག་གཞན་འདོད་པའི་ཕྱིར་སྨྲས་ཏེ་ཇི་ལྟར་དང་དེ་ལྟར་ཞེས་བྱ་བའི་ཚིག་གཉིས་ཁོང་ནས་དྲངས་ཏེ་བསྟན་པར་

བྱའོ་ཞེས་བྱ་བས་ནི། །འཆི་བ་སྐྱེ་བ་མེད་པ་ལྟར། །འཇིག་པ་འབྱུང་བ་མེད་པར་མེད། །ཅེས་བྱ་བའི་ཚིག་ལེའུར་བྱས་པའི་རྩ་བ་དེ་གཉིས་ཀྱིས་ཚིག་གི་དོན་གསལ་བར་བྱ་བའི་ཚིག་གཞན་འདོད་པའི་ཕྱིར་འགྲེལ་པ་ལས་ཇི་ལྟར་དང་དེ་ལྟར་ཞེས་བྱ་བའི་ཚིག་གཉིས་ཁོང་ནས་དྲངས་ཏེ། བསྟན་པར་བལྟ་བར་བྱའོ་

เล่ม ๑๐๑ · หน้า 149b

ཞེས་བསྟན་ཏོ། །དོན་འདི་ཡང་རབ་ཏུ་གྲགས་པ་ཡིན་པས་འདིར་རྗེས་སུ་དཔག་པ་ནི་བརྗོད་པར་མི་བྱའོ་ཞེས་བྱ་བས་ནི་ཇི་ལྟར་འཆི་བ་སྐྱེ་བ་མེད་པར་མེད་པ་དེ་ལྟར་འཇིག་པ་ཡང་འབྱུང་བ་མེད་པར་མེད་པའི་དོན་འདི་ཡང་འཇིག་རྟེན་ཐམས་ཅད་ལ་རབ་ཏུ་གྲགས་པ་ཡིན་པས་འདིར་རྗེས་སུ་དཔག་པ་ནི་བརྗོད་པར་བྱ་

མི་དགོས་སོ་ཞེས་བསྟན་ཏེ། །རབ་ཏུ་གྲགས་པ་ཡིན་ཡང་དཔེས་དྲང་བར་བྱ་སྟེ་ཞེས་བྱ་བས་ནི་དེ་ལྟར་རབ་ཏུ་གྲགས་པ་ཡིན་ཡང་། འགའ་ཞིག་ལོག་པར་སྒྲུབ་པ་ཡོད་ན་དེ་ལ་འདི་སྐད་ཅེས། འཇིག་པ་ནི་འབྱུང་བ་མེད་པར་མེད་དེ། དེའི་རྐྱེན་ཡིན་པའི་ཕྱིར་དཔེར་ན་འཆི་བ་སྐྱེ་བ་མེད་པར་མེད་པ་བཞིན་ནོ་

ཞེས་སྒྲུབ་པ་དཔེས་དྲངས་རྣམས་ཀྱང་འཇིག་པ་དེའི་བདག་ཉིད་ཡིན་པའི་ཕྱིར་འབྱུང་བའི་དངོས་པོ་རྣམས་ལ་འཇིག་པའི་མི་རྟག་པ་ཉིད་ནམ་ཡང་མེད་པ་མ་ཡིན་པས་འབྱུང་བ་ནི་འཇིག་པ་མེད་པར་ཡོད་པ་ཉིད་མ་ཡིན་ནོ། །སྡེ་པ་གཞན་ལས་གང་འཇིག་པའི་རྒྱུ་དང་ཕྲད་ནས་མི་རྟག་པ་ཉིད་ཀྱིས་འཇིག་པར་བྱེད་པས་དེས་

ན་དུས་ཐམས་ཅད་དུ་མི་རྟག་པ་ཉིད་ཡོད་པ་མ་ཡིན་ནོ་ཞེས་ཟེར་བ་དེ་ཡང་ཞེས་བྱ་བས་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་གི་གཞུང་ལས་འཇིག་པ་ལ་རྒྱུ་ཡོད་པར་སྨྲ་བའི་ཚིག་ཡིན་ཏེ། དེ་དག་ན་རེ་དཔེར་ན་གཅོད་པའི་རྒྱུ་སྟ་རེ་དང་ཕྲད་ནས་མིས་ཤིང་གཅོད་པར་བྱེད་པས་དེས་ན་དུས་ཐམས་ཅད་དུ་མི་ཉིད་གཅོད་པ་པོ་

མ་ཡིན་གྱི། གཅོད་པའི་རྒྱུ་ཉིད་ལོགས་ཤིག་ན་ཡོད་པ་དེ་བཞིན་དུ་འཇིག་པའི་རྒྱུ་ཐོ་བ་དང་ཕྲད་ནས་མི་རྟག་པ་ཉིད་ཀྱིས་བུམ་པ་འཇིག་པར་བྱེད་པས། དེས་ན་དུས་ཐམས་ཅད་དུ་མི་རྟག་པ་ཉིད་ཡོད་པ་མ་ཡིན་གྱི། འཇིག་པའི་རྒྱུ་ཉིད་ལོགས་ཤིག་ན་ཡོད་པས་དེའི་ཕྱིར་འབྱུང་བ་ནི་འཇིག་པ་མེད་པར་ཡང་

ཡོད་པ་ཉིད་ཡིན་ནོ་ཞེས་ཟེར་རོ། །དེ་དག་གི་གཞུང་དགག་པའི་ཕྱིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གལ་ཏེ་དེ་ལྟ་ན་ཨ་རུ་ར་དང་ཕྲད་ནས་ལྷས་འཁྲུ་བར་བྱེད་པ་ལྟ་བུར་འགྱུར་ཏེ། གལ་ཏེ་འཇིག་པའི་རྒྱུ་ཡོད་ན་ནི་མི་རྟག་པ་ཉིད་ཀྱིས་འཇིག་པར་བྱེད་ན་དེ་ལྟ་ན་འཇིག་པའི་རྒྱུ་ཉིད་ཀྱིས་འཇིག་པར་བྱེད་ཀྱི།

མི་རྟག་པ་ཉིད་ཀྱིས་འཇིག་པར་མི་བྱེད་དེ། དེ་ཡོད་ཀྱང་འཇིག་པར་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དེ་ལྟར་འཇིག་པ་ལས་རྒྱུ་གཞན་ལོགས་ཤིག་ན་ཡོད་ཅིང་དེ་དང་ཕྲད་ནས་མི་རྟག་པ་ཉིད་ཀྱིས་འཇིག་པར་བྱེད་ན་དེ་ལྟ་ན་ཁ་ཅིག་ན་རེ་འཁྲུ་བའི་རྒྱུ་ཨ་རུ་ར་ལོགས་ཤིག་ཡོད་པ་དང་ཕྲད་ནས་ལྷས་

เล่ม ๑๐๑ · หน้า 150a

འཁྲུ་བར་བྱེད་དོ་ཞེས་ཟེར་བ་ལྟ་བུར་འགྱུར་བས་དེ་ནི་མི་རུང་སྟེ། དེ་ལྟར་ན་འཇིག་པའི་རྒྱུ་ཉིད་ཀྱིས་འཇིག་པར་བྱེད་ཀྱི་མི་རྟག་པ་ཉིད་ཀྱིས་འཇིག་པར་མི་བྱེད་པས། འབྱུང་བ་ཡང་འཇིག་པའི་རྒྱུ་དང་མ་ཕྲད་ཀྱི་བར་དུ་རང་གི་ངང་གིས་མི་འཇིག་པའི་སྐྱོན་དུ་འགྱུར་བས་དེ་ནི་མི་འདོད་དོ། །དེ་ལ་

འདི་སྐད་ཅེས་ཀྱང་འདྲི་བར་བྱ་སྟེ། ཅི་འཇིག་པའི་བདག་ཉིད་ཅན་ཞིག་འཇིག་པའི་རྒྱུ་ལ་ལྟོས་ནས་འཇིག་པར་འགྱུར་རམ། འོན་ཏེ་འཇིག་པའི་བདག་ཉིད་ཅན་མ་ཡིན་པ་ཞིག་འཇིག་པའི་རྒྱུ་ལ་ལྟོས་ནས་འཇིག་པར་འགྱུར་ཞེས་བྱ་བས་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་ལ་གལ་ཏེ་གཉིས་བརྟག་པར་བྱ་ཞིང་གཉི་

ག་ལྟར་ཡང་མི་འཐད་པར་སྟོན་ཏོ། །དེ་ལ་བརྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར། དེ་ལ་གལ་ཏེ་འཇིག་པའི་བདག་ཉིད་ཅན་ཞིག་ཡིན་ན་ནི་དེའི་འཇིག་པ་དེ་སྐྱེས་མ་ཐག་ཏུ་འབྱུང་བར་འགྱུར་ཏེ། དེའི་བདག་ཉིད་ཡིན་པའི་ཕྱིར་དཔེར་ན་རང་གི་བདག་ཉིད་བཞིན་པས་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་

བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འཇིག་པའི་རང་གི་བདག་ཉིད་ནི་འཇིག་པ་དེའི་བདག་ཉིད་ཡིན་པའི་ཕྱིར་དེའི་འཇིག་པ་དེ་སྐྱེས་མ་ཐག་ཏུ་འབྱུང་བར་འགྱུར་བས་དེ་

འཇིག་པའི་རྒྱུ་གཞན་ལ་ལྟོས་ནས་འཇིག་པར་འགྱུར་བར་རིགས་པ་མ་ཡིན་པ་དེ་བཞིན་དུ་འཇིག་པའི་བདག་ཉིད་ཅན་ཡང་འཇིག་པའི་བདག་ཉིད་ཡིན་པའི་ཕྱིར་དེའི་འཇིག་པ་དེ་སྐྱེས་མ་ཐག་ཏུ་འབྱུང་བར་འགྱུར་བས་དེ་འཇིག་པའི་རྒྱུ་གཞན་ལ་ལྟོས་ནས་འཇིག་པར་འགྱུར་བར་རིགས་པ་མ་ཡིན་ནོ། །བརྟག་

པ་གཉིས་པ་མི་འཐད་པར་བསྟན་པའི་ཕྱིར། འཇིག་པའི་བདག་ཉིད་ཅན་མ་ཡིན་ན་ཡང་འཇིག་པར་མི་འགྱུར་ཏེ། དེའི་བདག་ཉིད་མ་ཡིན་པའི་ཕྱིར་དཔེར་ན་མྱ་ངན་ལས་འདས་པ་བཞིན་པས་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་

པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མྱ་ངན་ལས་འདས་པ་ནི་འཇིག་པ་དེའི་བདག་ཉིད་མ་ཡིན་པའི་ཕྱིར་འཇིག་པར་མི་འགྱུར་བས་འཇིག་པའི་རྒྱུ་གཞན་ལ་ལྟོས་ནས་འཇིག་པར་འགྱུར་བར་རིགས་པ་མ་ཡིན་པ་དེ་བཞིན་དུ་འཇིག་པའི་བདག་ཉིད་

เล่ม ๑๐๑ · หน้า 150b

ཅན་མ་ཡིན་པ་ཡང་འཇིག་པ་དེའི་བདག་ཉིད་མ་ཡིན་པའི་ཕྱིར་འཇིག་པར་མི་འགྱུར་བས་འཇིག་པའི་རྒྱུ་གཞན་ལ་ལྟོས་ནས་འཇིག་པར་འགྱུར་བར་རིགས་པ་མ་ཡིན་ཏེ། རེ་ཞིག་དེ་དག་གིས་ནི་བྱེ་བྲག་ཏུ་སྨྲ་བ་དག་འདོད་པ་ལྟར་འཇིག་པའི་རྒྱུ་དང་ཕྲད་ནས་མི་རྟག་པ་ཉིད་ཀྱིས་འཇིག་པར་བྱེད་པས། དེས་ན་ཇི་སྲིད་

དུ་འཇིག་པའི་རྒྱུ་དང་མ་ཕྲད་པ་དེ་སྲིད་དུ་མི་རྟག་པ་ཉིད་ཀྱིས་འཇིག་པར་མི་བྱེད་པའི་ཕྱིར་འབྱུང་བ་ནི་འཇིག་པ་མེད་པར་ཡང་ཡོད་པ་ཉིད་དོ་ཞེས་ཟེར་བའི་གཞུང་དགག་པ་སྤྱིར་བསྟན་ཏོ། །ད་ནི་དེ་དག་གིས་བརྟགས་པའི་འཇིག་པའི་རྒྱུ་ཉིད་དགག་པ་བསྟན་པའི་ཕྱིར་གང་ཞིག་གང་གི་འཇིག་པའི་རྒྱུར་འདོད་པ་དེ་ཡང་དེའི་

རྒྱུ་མ་ཡིན་ཏེ། དེ་ལ་ཁྱད་པར་ཡོད་ཀྱང་དེ་ཁྱད་པར་མེད་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཐོ་བ་བུམ་པ་འཇིག་པའི་རྒྱུར་འདོད་པ་

དེ་ལས་གཞན་པ་མེ་ཏོག་འཇིག་པའི་རྒྱུར་ཁ་བ་དང་། ཚྭ་དང་། མེ་ལ་སོགས་པ་འདོད་པ་དེ་དག་ནི་རྒྱུ་དེ་དག་ལ་ཁྱད་པར་ཡོད་དེ་དེ་དག་གིས་བཤིག་པའི་འཇིག་པ་ཞེས་བྱ་བ་མེ་ཏོག་མཚན་ཉིད་མི་འདྲ་བར་གྱུར་པ་དེ་ཁྱད་པར་མེད་པའི་ཕྱིར་དེ་དག་མེ་ཏོག་འཇིག་པ་དེའི་རྒྱུ་མ་ཡིན་པ་དེ་བཞིན་དུ་ཐོ་བ་བུམ་པ་འཇིག་

པའི་རྒྱུར་འདོད་པ་དེ་ཡང་ཐོ་བ་དེ་ལ་ལྕགས་ཐོ་དང་ཤིང་ཐོ་ལ་སོགས་པ་དག་གི་ཁྱད་པར་ཡོད་ཀྱང་དེ་དག་གིས་བཤིག་པའི་འཇིག་པ་ཞེས་བྱ་བ་བུམ་པ་མཚན་ཉིད་མི་འདྲ་བར་གྱུར་པ་དེ་ཁྱད་པར་མེད་པའི་ཕྱིར་ཐོ་བ་དེ་བུམ་པ་འཇིག་པ་དེའི་རྒྱུ་མ་ཡིན་ཏེ། འདི་ལྟར་འཇིག་རྟེན་ན་རྒྱུ་དང་འབྲས་བུ་ནི་རྒྱུའི་ཁྱད་པར་

ལས་འབྲས་བུ་ཡང་དེ་དང་མཐུན་པའི་ཁྱད་པར་ཅན་འགྱུར་བ་ལས་རྒྱུ་དང་འབྲས་བུ་ཞེས་བྱ་བར་ཐ་སྙད་གདགས་པ་ཡིན་ན་གང་ཞིག་གང་གི་འཇིག་པའི་རྒྱུར་འདོད་པ་དེ་ནི་རྒྱུ་དེ་ལ་ཁྱད་པར་ཡོད་ཀྱང་དེས་བཤིག་པའི་འཇིག་པ་ཞེས་བྱ་བ་མཚན་ཉིད་མི་འདྲ་བར་གྱུར་པ་དེ་ཁྱད་པར་མེད་པའི་ཕྱིར་དེ་དེའི་རྒྱུ་མ་ཡིན་ནོ། །

ད་ནི་འཇིག་པ་རྒྱུ་ཅན་མ་ཡིན་པར་དགག་པ་བསྟན་པའི་ཕྱིར། ཡང་ན་འཇིག་པ་ནི་རྒྱུ་དང་བཅས་པ་མ་ཡིན་ཏེ། འཇིག་པ་དང་ལྡན་པ་མ་ཡིན་པའི་ཕྱིར་དཔེར་ན་འདུས་མ་བྱས་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་

เล่ม ๑๐๑ · หน้า 151a

གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འདུས་མ་བྱས་ནི་འཇིག་པ་དང་ལྡན་པ་མ་ཡིན་པའི་ཕྱིར་རྒྱུ་དང་བཅས་པ་མ་ཡིན་པ་དེ་བཞིན་དུ་འཇིག་པ་ཡང་རང་གི་ངང་གིས་འཇིག་པས་འཇིག་པ་གཞན་དང་ལྡན་པ་མ་ཡིན་པའི་ཕྱིར་རྒྱུ་དང་བཅས་པ་མ་ཡིན་ནོ། །འཇིག་པ་ལ་རྒྱུ་ཡོད་པར་དམ་

བཅའ་བ་དག་ལ་སྐྱོན་གཞན་ཡང་ཡོད་པར་བསྟན་པའི་ཕྱིར། དེ་ལྟར་དབུ་མ་པས་འཇིག་པ་རྒྱུ་དང་ལྡན་པ་མ་ཡིན་པ་ཉིད་དུ་རྗེས་སུ་དཔག་པས་རྒྱུ་དང་ལྡན་པ་མ་ཡིན་པ་ཉིད་ཀྱིས་རྒྱུ་དང་ལྡན་པ་ཉིད་བསྩལ་བའི་ཕྱིར། ཕ་རོལ་པོ་དག་གི་དམ་བཅས་པ་ལ་ཆོས་ཅན་འཇིག་

པའི་ཆོས་རྒྱུ་དང་ལྡན་པའི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བ་སྨོས་ཏེ། དབུ་མ་པའི་རྗེས་སུ་དཔག་པ་སྔ་མ་དེས་ཕ་རོལ་པོ་དག་གི་དམ་བཅས་པ་ལ་འཇིག་པ་རྒྱུ་དང་ལྡན་པའི་ངོ་བོ་ཉིད་བསྩལ་བའི་སྐྱོན་ཡོད་པར་བསྟན་ཏོ།། །།བམ་པོ་དྲུག་ཅུ་བརྒྱད་པ། གལ་ཏེ་འཇིག་པ་

ནི་རྒྱུ་དང་བཅས་པ་ཡིན་ཏེ། འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་དཔེར་ན་སྐྱེ་བ་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་འཇིག་པ་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་གཏན་ཚིགས་ཀྱི་རྒྱུ་དང་བཅས་པ་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་

ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྐྱེ་བ་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རྒྱུ་དང་བཅས་པ་ཡིན་པ་དེ་བཞིན་དུ་འཇིག་པ་ཡང་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རྒྱུ་དང་བཅས་པ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་

ཀྱིས། སེམས་དང་སེམས་ལས་བྱུང་བ་དང་། བློ་དང་སྒྲའི་སྐད་ཅིག་མ་ཐ་མ་དག་གིས་མ་ངེས་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕ་རོལ་པོ་དག་གི་གཏན་ཚིགས་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་པར་སྟོན་ཏེ། འདི་ལ་སེམས་དང་སེམས་ལས་བྱུང་བ་དང་།

བློ་དང་སྒྲའི་སྐད་ཅིག་མ་ཐ་མ་དག་འདུས་བྱས་ཀྱི་མཚན་ཉིད་ཡིན་ཡང་རྒྱུ་དང་བཅས་པ་མ་ཡིན་པར་མཐོང་བས་དེས་ན་ཅི་རེ་ཞིག་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་དཔེར་ན་སྐྱེ་བ་བཞིན་དུ་འཇིག་པ་ཡང་རྒྱུ་དང་བཅས་པ་ཡིན་པར་འགྱུར་རམ། འོན་ཏེ་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་

เล่ม ๑๐๑ · หน้า 151b

དཔེར་ན་སེམས་དང་སེམས་ལས་བྱུང་བ་དང་། བློ་དང་སྒྲའི་སྐད་ཅིག་མ་ཐ་མ་དག་བཞིན་དུ་འཇིག་པ་ཡང་རྒྱུ་དང་བཅས་པ་མ་ཡིན་པར་འགྱུར་བ་ངེས་པ་ཉིད་ཡིན་པས་ཕ་རོལ་པོའི་གཏན་ཚིགས་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་གྲུབ་པོ། །དཔེ་ཡང་མེད་དེ་དངོས་པོ་མ་བྱུང་བ་ལས་

འབྱུང་བས་དངོས་པོའི་བདག་ཉིད་ཐོབ་པ་ཉིད་སྐྱེ་བ་ཞེས་བྱ་སྟེ། ཐ་སྙད་དུ་ཡང་དངོས་པོ་ཉིད་མ་བྱུང་བ་ལས་འབྱུང་བས་སྐྱེ་བ་རྫས་སུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བས་ནི་སྔར་ཕ་རོལ་པོ་དག་ན་རེ་དཔེར་ན་སྐྱེ་བ་བཞིན་ནོ་ཞེས་ཟེར་བའི་དཔེ་དེ་ཐ་སྙད་དུ་ཡང་མ་གྲུབ་པར་སྟོན་ཏོ། །འདི་ལྟར་སྐྱེ་བ་ཞེས་བྱ་བ་ནི་དངོས་

པོ་མ་བྱུང་བ་ལས་འབྱུང་བས་དངོས་པོའི་བདག་ཉིད་ཐོབ་པ་ལས་ལོགས་ཤིག་ན་རྫས་སུ་གྲུབ་པ་མེད་པའི་ཕྱིར་ཕ་རོལ་པོ་དག་འདོད་པ་ལྟར་སྐྱེ་བ་ཞེས་བྱ་བའི་རྫས་དང་དངོས་པོ་ལས་གཞན་པ་ལོགས་ཤིག་ན་ཡོད་ལ་དངོས་པོ་ནི་དེ་སྒྲུབ་པར་བྱེད་དོ་ཞེས་ཟེར་བ་ལྟ་བུ་མ་ཡིན་པས་སྐྱེ་བ་རྫས་སུ་ཡང་མེད་ལ་དེ་ལ་

རྒྱུ་གཞན་ཡང་ལོགས་ཤིག་ན་མེད་དེ། དངོས་པོ་མ་བྱུང་བ་ལས་འབྱུང་བས་དངོས་པོའི་བདག་ཉིད་ཐོབ་པ་ཉིད་སྐྱེ་བ་ཞེས་བྱ་སྟེ། དེ་ལ་ཐ་སྙད་དུ་རྒྱུ་ཡོད་ཀྱང་ཕ་རོལ་པོའི་སྒྲུབ་པ་དང་མི་མཐུན་པས་དཔེར་མི་རུང་ངོ་། །གཟེགས་ཟན་པ་གང་དག་བློ་དང་སྒྲའི་སྐད་ཅིག་མ་ཐ་མ་འཇིག་པ་ནི་མ་མཐོང་བའི་བྱེད་

པ་པོ་དང་ལྡན་པ་ཡིན་ནོ་ཞེས་ཟེར་ན་ཞེས་བྱ་བ་ནི་མུ་སྟེགས་གཟེགས་ཟན་པ་དག་བློ་དང་སྒྲའི་སྐད་ཅིག་མ་ཐ་མ་འཇིགས་པ་དག་ནི། མ་མཐོང་བ་ཞེས་བྱ་བ་ཆོས་དང་ཆོས་མ་ཡིན་པ་དབང་པོ་ལས་འདས་པ་དག་གི་བྱེད་པ་པོ་དང་ལྡན་པས་དེས་ན་བློ་དང་སྒྲའི་སྐད་ཅིག་མ་ཐ་མ་འཇིག་པའི་རྒྱུ་ནི་ཆོས་དང་ཆོས་མ་

ཡིན་པ་དག་ཡིན་པའི་ཕྱིར་འཇིག་པ་ལ་རྒྱུ་ཡོད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་འཇིག་པ་ལ་རྒྱུ་མེད་པ་དང་། ཆོས་དང་ཆོས་མ་ཡིན་པ་དག་འཇིག་པའི་རྒྱུ་མ་ཡིན་པར་སྟོན་ཏོ། །དེ་ལ་རེ་

ཞིག་འཇིག་པ་ལ་རྒྱུ་མེད་པར་བསྟན་པའི་ཕྱིར། ཞིག་ནས་མེད་པ་ལ་ནི་རྒྱུ་ཡོད་པ་མ་ཡིན་ཏེ། མེད་པའི་ཕྱིར་དཔེར་ན་གཏན་མེད་པ་བཞིན་ནོ་ཞེས་རྗེས་སུ་དཔག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་

เล่ม ๑๐๑ · หน้า 152a

དུ་སྦྱར་ཏེ། དཔེར་ན་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལ་སོགས་པ་གཏན་མེད་པ་དག་ནི་མེད་པའི་ཕྱིར་དེ་དག་ལ་རྒྱུ་ཡོད་པ་མ་ཡིན་པ་དེ་བཞིན་དུ་བློ་དང་སྒྲའི་སྐད་ཅིག་མ་ཐ་མ་ལ་འཇིག་པ་ཞིག་ནས་མེད་པ་ཡང་མེད་པའི་ཕྱིར་དེ་དག་ལ་རྒྱུ་ཡོད་པ་མ་ཡིན་པས་རྗེས་སུ་དཔག་པ་དེས་ན་

བློ་དང་སྒྲའི་སྐད་ཅིག་མ་ཐ་མ་འཇིག་པའི་རྒྱུ་ཆོས་དང་ཆོས་མ་ཡིན་པ་དག་ཡིན་ནོ་ཞེས་ཟེར་བ་དེ་རིགས་པ་མ་ཡིན་ནོ། །ད་ནི་ཆོས་དང་ཆོས་མ་ཡིན་པ་དག་འཇིག་པའི་རྒྱུ་མ་ཡིན་པར་བསྟན་པའི་ཕྱིར། བློ་དང་སྒྲའི་སྐད་ཅིག་མ་ཐ་མ་འཇིག་པ་ནི་མ་མཐོང་བའི་བྱེད་པ་པོ་དང་ལྡན་པ་མ་ཡིན་ཏེ། འཇིག་པའི་ཕྱིར་

དཔེར་ན་བློ་དང་། སྒྲ་དང་། མེ་ལྕེ་དག་གི་དང་པོ་བཞིན་ནོ་ཞེས་རྗེས་སུ་དཔག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བློ་དང་སྒྲ་དང་མེ་ལྕེ་དག་གི་དང་པོ་ནི་འཇིག་པའི་ཕྱིར་མ་མཐོང་བའི་བྱེད་པ་པོ་དང་

ལྡན་པ་མ་ཡིན་པ་དེ་བཞིན་དུ་བློ་དང་སྒྲའི་སྐད་ཅིག་མ་ཐ་མ་འཇིག་པ་ཡང་འཇིག་པའི་ཕྱིར་མ་མཐོང་བའི་བྱེད་པ་པོ་དང་ལྡན་པ་མ་ཡིན་པས། རྗེས་སུ་དཔག་པ་དེས་ན་ཆོས་དང་ཆོས་མ་ཡིན་པ་དག་འཇིག་པའི་རྒྱུ་ཡིན་ནོ་ཞེས་ཟེར་བ་དེ་རིགས་པ་མ་ཡིན་ནོ། །འདིར་གལ་ཏེ་ཕ་རོལ་པོ་དག་ན་རེ་ཁ་བ་དང་ཚྭ་དང་

མེ་དང་། ཐོ་བ་དག་གིས་ཕོག་པས་མེ་ཏོག་དང་ཤིང་དང་འབྲས་བུ་དང་བུམ་པ་དག་འཇིག་པར་འགྱུར་བས་འཇིག་པ་ལ་རྒྱུ་ཡོད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཁ་བ་དང་ཚྭ་དང་མེ་དང་། ཐོ་བ་དག་གིས་ཕོག་པ་ཡང་ཐ་སྙད་ཀྱི་བདེན་པར་གཏོགས་པའི་

རྒྱུ་མཚན་ཉིད་མི་འདྲ་བར་བྱེད་པ་ཡིན་གྱི། འཇིག་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་གིས་ཕོག་པ་ནི་མེ་ཏོག་ལ་སོགས་པ་ཐ་སྙད་ཀྱི་བདེན་པར་གཏོགས་པའི་རྒྱུ་མཚན་ཉིད་མི་འདྲ་བ་སྐྱེད་པར་བྱེད་པའི་རྒྱུ་ཡིན་གྱི། འཇིག་པར་བྱེད་པའི་རྒྱུ་མ་ཡིན་ཏེ། དེས་ན་ཁ་བས་ཕོག་པ་ཡང་མེ་ཏོག་

གི་རྒྱུ་མཚན་ཉིད་མི་འདྲ་བ་སྐྱེད་པའི་རྒྱུ་ཡིན་གྱི། མེ་ཏོག་འཇིག་པའི་རྒྱུ་མ་ཡིན་ལ། ཚྭས་ཕོག་པ་ཡང་འབྲས་བུའི་རྒྱུ་མཚན་ཉིད་མི་འདྲ་བ་སྐྱེད་པའི་རྒྱུ་ཡིན་གྱི། འབྲས་བུ་འཇིག་པའི་རྒྱུ་མ་ཡིན་ནོ། །མེས་ཕོག་པ་ཡང་ཤིང་གི་རྒྱུ་སོལ་བ་དང་ཐལ་བ་ལ་སོགས་པ་མཚན་ཉིད་མི་འདྲ་བ་སྐྱེད་པའི་

เล่ม ๑๐๑ · หน้า 152b

རྒྱུ་ཡིན་གྱི། ཤིང་འཇིག་པའི་རྒྱུ་མ་ཡིན་ལ། ཐོ་བས་ཕོག་པ་ཡང་བུམ་པའི་རྒྱུ་གྱོ་མོ་ལ་སོགས་པ་མཚན་ཉིད་མི་འདྲ་བ་སྐྱེད་པའི་རྒྱུ་ཡིན་གྱི། བུམ་པ་འཇིག་པའི་རྒྱུ་མ་ཡིན་ནོ། །དེ་ལྟ་བས་ན་ཐ་སྙད་ཀྱི་བདེན་པར་གཏོགས་པའི་རྒྱུ་མཚན་ཉིད་མི་འདྲ་བ་སྐྱེ་བ་ལ་ནི་རྒྱུ་ཡོད་ཀྱི། འཇིག་པ་ལ་ནི་རྒྱུ་མེད་དེ།

རང་གི་ངང་གིས་མི་རྟག་པ་ཉིད་ཀྱིས་སྐད་ཅིག་མ་རེ་རེ་ལ་རང་འཇིག་པ་ཡིན་ཏེ། དཔེར་ན་བོང་བ་གནམ་དུ་འཕངས་པ་ཡར་འགྲོ་བ་ལ་ནི་རྒྱུ་ལག་པ་ལ་སོགས་པ་འཕེན་པའི་ཤུགས་དག་ཡོད་ཀྱི། དེ་ཉིད་ཕྱིར་ལྷུང་བ་ལ་ནི་རྒྱུ་གཞན་མེད་དེ། རང་གི་ངང་གིས་ལྷུང་བ་ལྟ་བུ་ཡིན་པས། དེས་ན་འབྱུང་བ་ནི་འཇིག་

པ་མེད་པར་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་ཚིག་བསྡུའོ། །ཅི་སྟེ་ཐོ་བས་ཕོག་པ་ལ་སོགས་པ་དག་ནི་འཇིག་པའི་རྒྱུ་ཉིད་ཡིན་ཏེ། དེ་དག་ཡོད་ན་གཞིག་པར་བྱ་བ་གཟུང་དུ་མེད་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་འཇིག་པའི་རྒྱུ་ཡོད་ན་གཞིག་པར་བྱ་བ་མི་སྣང་བར་འགྱུར་བའི་གཏན་ཚིགས་ཀྱི་ཐོ་

བས་ཕོག་པ་ལ་སོགས་པ་དག་འཇིག་པའི་རྒྱུ་ཉིད་ཡིན་པར་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འཇིག་པའི་རྒྱུ་ཐོ་བས་ཕོག་པ་ལ་སོགས་པ་དེ་དག་ཡོད་ན་གཞིག་པར་བྱ་བ་བུམ་པ་ལ་སོགས་

པ་དག་གཟུང་དུ་མེད་ཅིང་མི་སྣང་བར་འགྱུར་བའི་ཕྱིར་ཐོ་བས་ཕོག་པ་ལ་སོགས་པ་དག་ནི་བུམ་པ་ལ་སོགས་པ་འཇིག་པའི་རྒྱུ་ཉིད་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་ཀྱི་གཞི་མི་མཐུན་པའི་ཕྱིར་དང་རྗེས་སུ་འགྲོ་བ་

མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོའི་གཏན་ཚིགས་འཇིགས་པའི་རྒྱུ་དེ་དག་ཡོད་ན་གཞིག་པར་བྱ་བ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ཕྱོགས་དང་། མཐུན་པའི་ཕྱོགས་གཉི་ག་ལ་ཐུན་མོང་དུ་ཁྱབ་པ་མ་ཡིན་ཏེ། དཔེར་ན་སྒྲ་ནི་མི་རྟག་སྟེ། མིག་གིས་གཟུང་བ་ཡིན་པའི་ཕྱིར་རོ་

ཞེས་བྱ་བ་དེ་ཕྱོགས་ཀྱི་ཆོས་མ་ཡིན་པ་དང་འདྲ་བར་འདིར་ཡང་དེ་དག་ཡོད་ན་གཞིག་པར་བྱ་བ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ཐོ་བས་ཕོག་པ་ལ་སོགས་པ་དག་འཇིག་པའི་རྒྱུ་ཉིད་ཡིན་ཏེ་ཞེས་སྒྲུབ་པའི་ཕྱོགས་ཀྱི་ཆོས་མ་ཡིན་ཏེ། བུམ་པ་ལ་སོགས་པ་གཟུང་དུ་མེད་པ་དེ་ཐོ་བ་ལ་སོགས་པ་ཡོད་

เล่ม ๑๐๑ · หน้า 153a

པའི་ལེ་ལན་མ་ཡིན་ཏེ། བུམ་པ་ལ་སོགས་པ་མ་བྱས་པའི་སྔོན་རོལ་ན་གཟུང་དུ་མེད་པ་ཐོ་བ་ལ་སོགས་པ་སྔ་མ་ཡོད་པའི་ལེ་ལན་མ་ཡིན་པ་ལྟ་བུར་འགྱུར་བས་གཏན་ཚིགས་སུ་མི་རུང་བའི་ཕྱིར་རིགས་པ་མ་ཡིན་ནོ། །གཞན་ཡང་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བའི་དཔེ་མེད་

པའི་ཕྱིར་ཡང་དེ་རིགས་པ་མ་ཡིན་ཏེ། དོན་དམ་པར་གང་གི་འཇིག་པའི་རྒྱུ་ཡོད་ན་དེ་གཟུང་དུ་མེད་པའི་ཕྱིར་དེ་དེའི་རྒྱུ་ཉིད་ཡིན་ཏེ། དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བའི་དཔེ་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་བུམ་པ་མེད་པར་འགྱུར་བའི་རྒྱུ་ནི་ཐོ་བས་ཕོག་པ་ཡིན་ཏེ། དེ་ཡོད་ན་འབྱུང་བའི་ཕྱིར་

དཔེར་ན་མིག་ཡོད་ན་གཟུགས་དམིགས་པ་འབྱུང་བས་གཟུགས་དམིགས་པའི་རྒྱུ་ནི་མིག་ཡིན་པ་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་འཇིག་པའི་རྒྱུ་དེ་ཡོད་ན་འཇིག་པ་འབྱུང་བའི་གཏན་ཚིགས་ཀྱིས་བུམ་པ་འཇིག་པའི་རྒྱུ་ཐོ་བས་ཕོག་པ་ཡིན་པར་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་།

བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མིག་ཡོད་ན་གཟུགས་དམིགས་པ་འབྱུང་བའི་ཕྱིར་གཟུགས་དམིགས་པའི་རྒྱུ་ནི་མིག་ཡིན་པ་དེ་བཞིན་དུ་འཇིག་པའི་རྒྱུ་དེ་ཡོད་ན་འཇིག་པ་འབྱུང་བའི་ཕྱིར་བུམ་པ་འཇིག་པར་འགྱུར་བའི་རྒྱུ་ནི་ཐོ་བས་

ཕོག་པ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ཡང་རིགས་པ་མ་ཡིན་ཏེ། ཁོ་བོ་ཅག་གི་གྲུབ་པའི་མཐའ་ལས་བུམ་པ་ལ་ཐོ་བས་ཕོག་པ་ཡོད་ན་བུམ་པའི་རྒྱུ་མཚན་ཉིད་མི་འདྲ་བར་འབྱུང་བ་ཡིན་གྱི། འཇིགས་པ་མ་ཡིན་པས་གཏན་ཚིགས་གང་ཡང་

རུང་བ་ལ་མ་གྲུབ་པའི་ཕྱིར་དང་དཔེ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཁྱོད་ཀྱི་གཏན་ཚིགས་དེ་ཡོད་ན་འབྱུང་བའི་ཕྱིར་ཞེས་བྱ་བ་ཐོ་བས་ཕོག་པ་ཡོད་ན་བུམ་པ་འཇིག་པ་འབྱུང་བའི་ཕྱིར་ཐོ་བས་ཕོག་པ་ནི་བུམ་པ་འཇིག་པའི་རྒྱུ་ཡིན་པར་སྒྲུབ་པ་དེ་ཁོ་བོ་ཅག་དབུ་མ་པའི་གྲུབ་པའི་མཐའ་ལས་བུམ་པ་ལ་

ཐོ་བས་ཕོག་པ་ཡོད་ན་བུམ་པའི་རྒྱུ་གྱོ་མོ་ལ་སོགས་པའི་མཚན་ཉིད་མི་འདྲ་བ་འབྱུང་བས་ཕོག་པ་ནི་གྱོ་མོ་ལ་སོགས་པ་མཚན་ཉིད་མི་འདྲ་བ་གཞན་སྐྱེད་པའི་རྒྱུ་ཡིན་གྱི། བུམ་པ་འཇིག་པའི་རྒྱུ་མ་ཡིན་པས་ཁྱེད་ཀྱི་གཏན་ཚིགས་འཇིག་པའི་རྒྱུ་དེ་ཡོད་ན་འཇིག་པ་འབྱུང་བའི་ཕྱིར་ཞེས་བྱ་བ་དེ་ཁོ་བོ་ཅག་གི་ཕྱོགས་

เล่ม ๑๐๑ · หน้า 153b

ལ་མེད་པས་གང་ཡང་རུང་བ་ལ་མ་གྲུབ་པའི་ཕྱིར་རིགས་པ་མ་ཡིན་ནོ། །གཞན་ཡང་ཁྱེད་ཀྱི་དཔེ་མིག་ཡོད་ན་གཟུགས་དམིགས་པ་འབྱུང་བས་གཟུགས་དམིགས་པའི་རྒྱུ་ནི་མིག་ཡིན་པ་བཞིན་ནོ་ཞེས་བྱ་བ་དེ་ཡང་ཁོ་བོ་ཅག་གི་ཕྱོགས་ལ་དོན་དམ་པར་མ་གྲུབ་པས་ཁྱེད་ཀྱི་དཔེ་ཡང་མེད་པའི་ཕྱིར་རིགས་པ་མ་ཡིན་ནོ། །

གཞན་གྱི་ཕྱོགས་ལ་ཡང་གྱོ་མོ་ལ་སོགས་པ་ཐོ་བས་ཕོག་པ་ལ་སོགས་པའི་རྒྱུ་ཅན་དག་ནི་བྱེད་པ་པོ་ཕོག་པ་དང་ལྡན་པ་ཡིན་པར་འདོད་པའི་ཕྱིར་རོ་ཞེས་བྱ་བས་ནི་སངས་རྒྱས་པ་དག་ལས་གཞན་ཁ་ཅིག་དང་ཕྱི་རོལ་པ་དག་ལས་གཞན་ཁ་ཅིག་གི་ཕྱོགས་ལ་ཡང་གྱོ་མོ་ལ་སོགས་པ་ཐོ་བས་ཕོག་པ་ལ་སོགས་པའི་

རྒྱུ་ཅན་འབྲས་བུ་དག་ནི་བདག་ཉིད་སྐྱེད་པའི་བྱེད་པ་པོ་ཕོག་པ་དང་ལྡན་པ་མ་ཡིན་པར་འདོད་པའི་ཕྱིར་དེས་ཀྱང་ཐོ་བས་ཕོག་པ་ལ་སོགས་པ་ནི་གྱོ་མོ་ལ་སོགས་པ་ཐོ་བས་ཕོག་པ་ལ་སོགས་པའི་རྒྱུ་ཅན་འབྲས་བུ་དག་སྐྱེད་པའི་རྒྱུ་ཡིན་གྱི། བུམ་པ་ལ་སོགས་པ་འཇིག་པའི་རྒྱུ་མ་ཡིན་པར་གྲུབ་པས་ཁྱེད་ཀྱི་གཏན་

ཚིགས་དེ་ཡོད་ན་འབྱུང་བའི་ཕྱིར་ཞེས་བྱ་བ་དེ་དག་གང་ཡང་རུང་བ་ལ་མ་གྲུབ་པའི་ཕྱིར་རིགས་པ་མ་ཡིན་ནོ་ཞེས་བསྟན་ཏོ། །འདིར་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་ཐོ་བས་ཕོག་པ་གང་ཡིན་པ་དེ་ཉིད་ཀྱིས་བུམ་པ་ཡང་འཇིག་པར་བྱེད་ལ། གྱོ་མོ་ཡང་སྐྱེད་པར་བྱེད་པས་དེས་ན་ཁོ་བོ་ཅག་གི་གཏན་ཚིགས་དེ་

ཡོད་ན་འབྱུང་བའི་ཕྱིར་ཞེས་བྱ་བ་དེ་གང་ཡང་རུང་བ་ལ་མ་གྲུབ་པའི་སྐྱོན་མེད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཐོ་བས་ཕོག་པ་གང་ཡིན་པ་དེ་ཉིད་ཀྱིས་བུམ་པ་ཡང་འཇིག་པར་བྱེད་ལ། གྱོ་མོ་ཡང་སྐྱེད་པར་བྱེད་དོ་ཞེས་བྱ་བར་ནི་གཅིག་གིས་དུས་གཅིག་

ཏུ་བྱ་བ་མི་མཐུན་པ་གཉིས་བྱེད་པར་མི་རིགས་སོ་ཞེས་བྱ་བ་སྨྲས་ཏེ། མར་མེ་གཅིག་གིས་དུས་གཅིག་ཏུ་སྣང་བ་དང་མུན་པའི་བྱ་བ་མི་མཐུན་པ་གཉིས་བྱེད་པར་མི་རིགས་པ་དང་། མི་གཅིག་གིས་དུས་གཅིག་ཕྱེ་འགམ་པ་དང་གླིང་བུ་བུད་པའི་བྱ་བ་མི་མཐུན་པ་གཉིས་བྱེད་པར་མི་རིགས་པ་ལ་སོགས་པའི་ཚུལ་

གྱིས་སོ། །འོ་ན་མེ་གཅིག་གིས་དུས་གཅིག་ཏུ་མུན་པ་ཡང་སེལ་བར་བྱེད་ལ་བཙོ་བའི་རྣམ་པ་འགྱུར་བ་ཡང་སྐྱེད་པར་བྱེད་པ་མ་མཐོང་ངམ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་འཇིག་རྟེན་ན་བྱེད་པ་པོ་གཅིག་གིས་དུས་གཅིག་ཏུ་བྱ་བ་མི་མཐུན་པ་གཉིས་བྱེད་པའི་ཚུལ་འདི་ལྟ་བུ་མ་མཐོང་ངམ་ཞེས་འདྲི་བའི་ཚིག་ཡིན་

เล่ม ๑๐๑ · หน้า 154a

ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། བཙོ་བའི་རྣམ་པ་འགྱུར་བ་སྐྱེད་པ་ནི་མཐོང་གི །མུན་པ་སེལ་བ་ནི་མ་མཐོང་སྟེ་མུན་པ་ནི་སྣང་བ་མེད་པ་ཙམ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། མེས་འབྲས་ཆན་ལ་སོགས་པ་བཙོ་བའི་རྣམ་པ་དྲོས་

པ་དང་བཤུར་བ་དང་། ཚོས་པ་ལ་སོགས་པར་འགྱུར་བ་སྐྱེད་པ་ནི་མཐོང་གི་མུན་པ་སེལ་བ་ནི་མ་མཐོང་སྟེ། མུན་པ་ནི་སྣང་བ་མེད་པ་ཙམ་ཡིན་པའི་ཕྱིར་རྫས་ཀྱི་དངོས་པོར་ཡོད་པ་མ་ཡིན་པས་བཙལ་དུ་མེད་པའི་ཕྱིར་དང་། མེ་ཡང་སྔར་མེ་དང་བུད་ཤིང་བརྟག་པའི་སྐབས་སུ། མར་མེ་ཡང་ནི་གང་

དག་ན། །དེ་འདུག་པ་ན་མུན་པ་མེད། །ཅེས་བྱ་བ་དང་། སྐྱེ་མཆེད་བརྟག་པའི་སྐབས་སུ་ལྟ་བ་རབ་ཏུ་སྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །ཞེས་སྨྲས་པ་དག་གིས་མར་མེས་ཀྱང་མུན་པ་མི་སེལ་ལ། མེས་ཀྱང་བུད་ཤིང་མི་སྲེག་གོ་ཞེས་བཤད་པའི་ཚུལ་གྱིས་སོ། །མཛད་

པའི་མཐའ་དང་ཡང་འགལ་ཏེ། ཁོ་བོ་ཅག་གི་ཕྱོགས་ལ་མུན་པ་ཞེས་བརྗོད་པའི་གཟུགས་ཀྱི་གཉེན་པོ་སྣང་བ་ཤར་ན་མུན་པའི་སྐད་ཅིག་མ་ཕྱི་མ་ནི་རྐྱེན་མེད་པས་མི་སྐྱེ་ལ་སྐད་ཅིག་མ་སྔ་མ་ནི་རང་གི་ངང་གིས་འགག་པ་ཉིད་ཀྱིས་འགགས་པས་མུན་པ་དེ་འགག་པའི་བྱེད་པ་པོ་ནི་མེ་མ་ཡིན་པའི་ཕྱིར་

རོ་ཞེས་བྱ་བས་ནི་ཁོ་བོ་ཅག་དབུ་མ་པའི་ཕྱོགས་ལ་སྣང་བ་དང་མུན་པ་ཞེས་བྱ་བའི་རྫས་གཞན་མེད་དེ། གཟུགས་ཀྱི་གནས་སྐབས་ཙམ་དུ་ཟད་པས་མུན་པ་ཞེས་བརྗོད་པའི་གཟུགས་ཀྱི་གཉེན་པོ་སྣང་བ་ཤར་བ་ན་མུན་པའི་སྐད་ཅིག་མ་ཕྱི་མ་ནི་རྐྱེན་མེད་པས་མི་སྐྱེ་ལ། སྐད་ཅིག་མ་སྔ་མ་ནི་རང་གི་

ངང་གིས་འགག་པ་ཉིད་ཀྱིས་འགགས་པས་མུན་པ་དེ་འགག་པའི་བྱེད་པ་པོ་ནི་མེ་མ་ཡིན་པའི་ཕྱིར་མེས་མུན་པ་སེལ་བར་བྱེད་དོ་ཞེས་བྱ་བ་དེ་མཛད་པའི་མཐའ་དང་འགལ་བས་མི་རུང་ངོ་ཞེས་བསྟན་ཏོ། །གཞན་ཡང་དེ་དག་ཡོད་ན་གཞིག་པར་བྱ་བ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་ཡང་གཟུང་དུ་

མེད་པ་ནི་མཚན་ཉིད་མི་འདྲ་བའི་རྒྱུན་སྐྱེ་བ་ལ་འགྲུབ་ཀྱི། ཁ་བ་དང་ཚྭ་དང་མེ་དང་ཐོ་བ་ལ་སོགས་པ་དག་ཡོད་ན་མེ་ཏོག་དང་འབྲས་བུ་དང་ཤིང་དང་བུམ་པ་ལ་སོགས་པའི་གཟུགས་གཟུང་དུ་མེད་པ་ནི་དེ་དག་གི་འཇིག་པའི་རྒྱུ་ཉིད་ཡིན་པར་མི་འགྲུབ་པོ་ཞེས་བྱ་བས་ནི་སྔར་ཕ་རོལ་པོ་དག་གིས་ཐོ་བས་ཕོག་པ་ལ་

เล่ม ๑๐๑ · หน้า 154b

སོགས་པ་དག་ནི་འཇིག་པའི་རྒྱུ་ཉིད་ཡིན་ཏེ། དེ་དག་ཡོད་ན་གཞིག་པར་བྱ་བ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་གང་སྨྲས་པའི་གཏན་ཚིགས་དེ་ཡང་གཟུང་དུ་མེད་པ་ཞེས་བྱ་བ་དེ་ནི་བུམ་པ་ལ་སོགས་པའི་མཚན་ཉིད་མི་འདྲ་བའི་རྒྱུན་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ན་གཏན་ཚིགས་སུ་འགྲུབ་ཀྱི། ཁ་བ་ལ་སོགས་པ་

དེ་དག་ཡོད་པ་མེ་ཏོག་ལ་སོགས་པའི་གཟུགས་དེ་དག་གི་འཇིག་པའི་རྒྱུ་ཉིད་ཡིན་པའི་གཏན་ཚིགས་སུ་མི་འགྲུབ་སྟེ། ཁ་བ་ལ་སོགས་པ་དེ་དག་ཡོད་ན་མེ་ཏོག་ལ་སོགས་པ་གཟུང་དུ་མེད་པ་ནི་དེ་དག་མེ་ཏོག་ལ་སོགས་པ་མཚན་ཉིད་མི་འདྲ་བའི་རྒྱུན་གཞན་སྐྱེད་པའི་རྒྱུ་ཡིན་གྱི་མེ་ཏོག་ལ་སོགས་པ་འཇིག་པའི་

རྒྱུ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་གཞན་བསྟན་པའི་ཕྱིར། གང་ཞིག་གང་གི་འཇིག་པའི་རྒྱུར་འདོད་པ་དེ་དག་ནི་དེ་འཇིག་པའི་རྒྱུ་མ་ཡིན་ཏེ། རྒྱུ་ཅན་ཡིན་པའི་ཕྱིར་དཔེར་ན་མེའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲ་སྟེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་།

སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མེ་གང་ཞིག་ཤིང་གང་གི་འཇིག་པའི་རྒྱུར་འདོད་པའི་མེ་དེའི་རང་གི་བདག་ཉིད་ནི་རྒྱུ་ཅན་ཡིན་པའི་ཕྱིར་མེ་དེའི་འཇིག་པའི་རྒྱུ་མ་ཡིན་པ་དེ་བཞིན་དུ་མེ་དེ་ཤིང་དེའི་འཇིག་པའི་རྒྱུ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཁ་བ་དང་ཚྭ་དང་ཐོ་བ་ལ་

སོགས་པ་གང་དག་མེ་ཏོག་དང་འབྲས་བུ་དང་བུམ་པ་ལ་སོགས་པ་གང་དག་གི་འཇིག་པའི་རྒྱུར་འདོད་པ་དེ་དག་ཀྱང་རྒྱུ་ཅན་ཡིན་པའི་ཕྱིར་རང་གི་བདག་ཉིད་འཇིག་པའི་རྒྱུ་མ་ཡིན་པ་དེ་བཞིན་དུ་དེ་དག་མེ་ཏོག་དང་འབྲས་བུ་དང་བུམ་པ་ལ་སོགས་པ་དག་གི་འཇིག་པའི་རྒྱུ་ཡང་མ་ཡིན་ནོ་ཞེས་འཇིག་པའི་རྒྱུ་ཐམས་ཅད་

དགག་པ་ཡང་བརྗོད་པར་བྱའོ། །ཡི་གེ་མང་པོར་འགྱུར་བ་ཡང་ཡོངས་སུ་སྤོང་བར་འདོད་པས་འཕྲོ་བར་མི་བྱ་བར་སྐབས་ཉིད་དཔྱད་པར་བྱའོ་ཞེས་བྱ་བ་ནི་ཡི་གེའི་གཞུང་གི་ཚིག་མངས་ཀྱིས་དོགས་པས་འཇིག་པའི་རྒྱུ་དགག་པ་དེ་ལས་འཕྲོ་བར་མི་བྱ་བར། འབྱུང་བ་འཇིག་པ་མེད་པར་རམ། འཇིག་པ་དང་

ལྷན་ཅིག་ཏུ་ཡང་ཡོད་པ་ཉིད་མ་ཡིན་པར་དམ་བཅས་པ་དག་ལས་སྔ་མ་མཇུག་བསྡུ་བ་དང་། ཕྱི་མ་བརྩམ་པའི་སྐབས་ཉིད་དཔྱད་པར་བྱའོ་ཞེས་སྟོན་ཏོ། །དེ་ལྟར་རེ་ཞིག་འབྱུང་བ་འཇིག་པ་མེད་པར་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བས་ནི་མུ་གསུམ་པ་དགག་པའི་མཇུག་བསྡུ་བ་བསྟན་ཏོ། །ད་ནི་མུ་བཞི་པ་

เล่ม ๑๐๑ · หน้า 155a

དགག་པ་བསྟན་པའི་ཕྱིར། འབྱུང་བ་ནི་འཇིག་པ་དང་ལྷན་ཅིག་ཏུ་ཡང་ཡོད་པ་ཉིད་མ་ཡིན་ཏེ། དེའི་ཕྱིར་བཤད་པ། འབྱུང་བ་འཇིག་དང་ལྷན་ཅིག་ཏུ། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །སྐྱེ་བ་འཆི་དང་དུས་གཅིག་ཏུ། །ཡོད་པ་ཉིད་དུ་མི་རིགས་བཞིན། །ཞེས་བྱ་བ་སྨྲས་

སོ། །འདིར་དོན་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་སྔར་འཇིག་པ་ནི་འབྱུང་བ་དང་ལྷན་ཅིག་ཏུ་ཡོད་པ་ཉིད་མ་ཡིན་པར་དགག་པའི་སྐབས་སུ་བསྒྲུབ་པ་བསྟན་པའི་ལུགས་བཞིན་དུ་འདིར་ཡང་དེ་ལ་འདིར་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་བཟློག་ན་དོན་གསལ་བའི་ཚིག་གི་དོན་ཏེ། དཔེར་ན་སྒྲ་ཇི་ལྟར་

རྟག་པར་འགྱུར་ཏེ། འདི་ལྟར་བུམ་པ་རྟག་པར་མི་རིགས་སོ་ཞེས་བྱ་བ་བཞིན་ནོ། །འདིར་ཚིག་གི་དོན་གསལ་བའི་དབང་གིས་རྗེས་སུ་དཔག་པ་ནི་འབྱུང་བ་འཇིག་པ་དང་ལྷན་ཅིག་ཡོད་པ་ཉིད་མ་ཡིན་ཏེ། དེའི་རྐྱེན་ཡིན་པའི་ཕྱིར་དཔེར་ན་སྐྱེ་བ་འཆི་བ་དང་ལྷན་ཅིག་ཡོད་པ་ཉིད་མ་

ཡིན་པ་བཞིན་ནོ་ཞེས་སྔ་མ་ལས་བཟློག་སྟེ་སྦྱར་བར་བྱའོ། །དེའི་ཕྱིར་དེ་ལྟར་ཡོངས་སུ་བརྟགས་ན། གང་དག་ཕན་ཚུན་ལྷན་ཅིག་གམ། །ཕན་ཚུན་ལྷན་ཅིག་མ་ཡིན་པར། །གྲུབ་པ་ཡོད་པ་མ་ཡིན་ནོ། །འབྱུང་བ་དང་འཇིག་པ་དག་གོ་ཞེས་བྱ་བ་ནི་མུ་བཞི་པོ་དགག་པ་སྔར་བསྟན་པ་དག་གི་

མཇུག་བསྡུ་བ་ཡིན་ཏེ། ཅི་རིགས་པར་སྦྱར་རོ། །དེ་དག་འགྲུབ་པ་རྣམ་པ་གཞན་ཡང་ཡོད་པ་མ་ཡིན་པས་དེ་དག་འགྲུབ་པའི་རྣམ་པ་མི་སྲིད་པར་བསྟན་པའི་ཕྱིར། དེ་དག་འགྲུབ་པ་ཇི་ལྟར་ཡོད་ཅེས་གསུངས་ཏེ། དེ་དག་འགྲུབ་པ་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཚིག་

གི་དོན་ཏོ་ཞེས་བྱ་བས་ནི། འབྱུང་བ་དང་འཇིག་པ་དེ་དག་འགྲུབ་པ་མུ་བཞི་དགག་པ་སྔར་བསྟན་པ་དག་མ་གཏོགས་པར་མུ་ལྔ་པ་ལ་སོགས་པའི་རྣམ་པ་གཞན་ཡོད་པ་མ་ཡིན་པས་དོན་དམ་པར་འབྱུང་བ་དང་འཇིག་པ་དེ་དག་འགྲུབ་པར་ཡོད་པ་ཉིད་མ་ཡིན་ནོ་ཞེས་

བསྣན་པ་བསྟན་ཏོ། །དེའི་ཕྱིར་འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བའི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་དོན་དམ་པར་འབྱུང་བ་དང་འཇིག་པ་དེ་དག་འགྲུབ་པ་ཡོད་པ་ཉིད་མ་ཡིན་པ་དེའི་ཕྱིར་སྔར་ཕ་རོལ་པོ་དག་གིས་

เล่ม ๑๐๑ · หน้า 155b

དོན་དམ་པར་དུས་ནི་ཡོད་པ་ཁོ་ན་ཡིན་ཏེ། འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ནི་འབྱུང་བ་དང་འཇིག་པའི་རྒྱུ་མ་ཡིན་ཏེ། དཔེར་ན་སྦྲུལ་གྱི་རྐང་པ་བཞིན་ནོ། །དུས་ནི་འབྱུང་བ་དང་འཇིག་པ་དུས་ཀྱི་རྗེས་སུ་འབྲང་བ་དག་གི་རྒྱུ་ཡིན་པས་དེའི་ཕྱིར་དོན་དམ་པར་དུས་ནི་ཡོད་པ་ཁོ་ན་ཡིན་

པས་དེས་ན་དེ་གསལ་བ་ཡོད་པའི་ཕྱིར་གཏན་ཚིགས་གྲུབ་པས་འདོད་པའི་དོན་འགྲུབ་པོ་ཞེས་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་པས་བསྟན་བཅོས་མཛད་པས་སྔར་དོན་དམ་པར་དུས་ངོ་བོ་ཉིད་མེད་པས་དེ་གསལ་བའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པའི་ཕྱིར་དོན་

དམ་པར་ནང་གི་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ་ཞེས་དམ་བཅས་པའི་དགོངས་པ་གྲུབ་པ་ཉིད་དོ། །འདིར་སྨྲས་པ། དངོས་པོ་ནི་འཇིག་པའི་བདག་ཉིད་ཅན་ཡིན་ཡང་སྐྱེས་མ་ཐག་ཏུ་འཇིག་པར་མི་འགྱུར་ཏེ། འདི་ལྟར་སྐྱེས་མ་ཐག་ཏུ་གནས་པ་འབྱུང་བར་འགྱུར་ཞིང་དེའི་འོག་ཏུ་འཇིག་པར་

འགྱུར་རོ་ཞེས་བྱ་བ་ནི་འདིར་ཕ་རོལ་པོ་དག་རྣམ་པ་གཞན་གྱིས་ཕྱིར་ཟློག་པར་བྱེད་པའི་ཚིག་ཡིན་ཏེ། དེ་དག་ན་རེ་དངོས་པོ་ནི་འཇིག་པའི་བདག་ཉིད་ཅན་ཡིན་ཡང་འདུས་བྱས་ཀྱི་མཚན་ཉིད་ཀྱི་རིམ་པའི་ཚུལ་གྱིས་ན་དང་པོར་སྐྱེ་ཞིང་དེའི་འོག་ཏུ་གནས་ལ་དེའི་འོག་ཏུ་འཇིག་པར་འགྱུར་བ་ཡིན་པས་དེས་ན་ཁྱེད་

དབུ་མ་པས་འཇིག་པ་ནི་འབྱུང་བ་མེད་པར་ཡོད་པ་ཉིད་མ་ཡིན་ལ། འབྱུང་བ་ཡང་འཇིག་པ་མེད་པར་ཡོད་པ་ཉིད་མ་ཡིན་ནོ་ཞེས་བཤད་པའི་མུ་དེ་གཉིས་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ་ཞེས་བྱ་བ་ལ་སོགས་པས་ཅི་སྟེ་དངོས་པོ་འཇིག་པའི་

བདག་ཉིད་ཅན་ཡིན་ན་ཟད་པའི་ངང་ཅན་ཡིན་པས་དེ་ལ་འབྱུང་བ་ཡོད་པ་དང་། ཅི་སྟེ་སྐྱེས་མ་ཐག་ཏུ་འཇིག་ན་ཟད་པའི་ངང་ཅན་མ་ཡིན་པས་དེ་ལ་ཡང་འབྱུང་བ་ཡོད་པ་མ་ཡིན་པ་དང་། དེ་བཞིན་དུ་ཅི་སྟེ་དངོས་པོ་འཇིག་པའི་བདག་ཉིད་ཅན་ཡིན་ན་ཟད་པའི་ངང་ཅན་ཡིན་པས་དེ་ལ་འཇིག་པ་ཡོད་པ་མ་ཡིན་པ་

དང་། ཅི་སྟེ་སྐྱེས་མ་ཐག་ཏུ་མི་འཇིག་ན་ཟད་པའི་ངང་ཅན་མ་ཡིན་པས་དེ་ལ་ཡང་འཇིག་པ་ཡོད་པ་མ་ཡིན་ཏེ། དེ་ལྟར་མུ་བཞིས་འབྱུང་བ་དང་། འཇིག་པ་དག་ཡོད་པར་མི་འཐད་པས་ཕ་རོལ་པོ་དག་གིས་བརྟགས་པ་དེ་ནི་གྱི་ནའོ་ཞེས་སྟོན་ཏོ། །དེ་ལ་རེ་ཞིག་མུ་དང་པོ་མི་འཐད་པར་བསྟན་པའི་ཕྱིར།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด