ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) པྲཛྙཱ་པྲ་དཱི་པཾ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๐๑ · หน้า 235a
སྐད་སྨྲས་པའི་སྐྱོན་དུ་ཐལ་བར་འགྱུར་བ་རྣམ་པར་བཟློག་པ་ནི་མི་རྟག་པ་ལ་བྱས་པ་ཡོད་པས་སྒྲ་ནི་མི་རྟག་སྟེ། བྱས་པའི་ཕྱིར་རོ་ཞེས་བྱ་བས་བསྒྲུབ་པར་བྱ་བ་ཆོས་མི་རྟག་པ་དང་། སྒྲུབ་པའི་ཆོས་བྱས་པ་ཉིད་ཡིན་པ་མངོན་ནོ་ཞེས་བྱ་བའི་ཚིག་གི་དོན་ཡིན་པ་བཞིན་ནོ་ཞེས་
བྱ་བ་སྨྲས་སོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། འབྱུང་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་རོ། །གང་དག་ངོ་བོ་ཉིད་མེད་པ་དེ་དག་ལ་ནི་འབྱུང་བ་དང་འཇིག་པ་དག་མ་མཐོང་སྟེ།
དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །དངོས་པོ་རྣམས་ལ་ནི་མ་བྱུང་བ་ལ་འབྱུང་བ་དང་། བྱུང་ནས་འཇིག་པ་ཡོད་པས་དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་
བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་ནམ་མཁའི་མེ་ཏོག་ལྟ་བུ་གང་ལ་འབྱུང་བ་དང་། འཇིག་པ་མེད་པ་དེ་ནི་ངོ་བོ་ཉིད་མེད་པ་ཡིན་གྱི། དངོས་པོ་
རྣམས་ནི་འབྱུང་བ་དང་འཇིག་པ་དག་ཡོད་པའི་ཕྱིར་དེས་ན་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །རེ་ཞིག་དེ་དག་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཡིན་ཏེ། ཕྱོགས་སྔ་མ་སྨྲ་བ་དག་གི་གཞུང་ཡིན་པར་སྦྱར་རོ། །ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་
པའི་ཕྱོགས་ཀྱི་ཁྱད་པར་དེ་དགག་པས་འཕགས་པའི་བདེན་པ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར་དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་བསྟན་བཅོས་མཛད་པ་ཉིད་ཀྱིས། དེ་ལ་བཤད་པ་ཁྱོད་ཀྱིས་ནི། །སྟོང་ཉིད་དགོས་དང་སྟོང་ཉིད་དང་། །སྟོང་ཉིད་དོན་ནི་མ་རྟོགས་པས། །དེ་ཕྱིར་
དེ་ལྟར་གནོད་པ་བྱེད། །ཅེས་བྱ་བ་གསུངས་ཏེ། འདི་ནི་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཁྱོད་ཀྱིས་ནི་ཁོ་བོ་ཅག་དབུ་མ་པ་འདོད་པའི་གཞུང་སྟོང་པ་ཉིད་ཀྱི་དགོས་པ་དང་། སྟོང་པ་ཉིད་དང་། སྟོང་པ་ཉིད་ཀྱི་དོན་མ་རྟོགས་པས་དེའི་ཕྱིར། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་
เล่ม ๑๐๑ · หน้า 235b
འཇིག་པ་མེད། །ཅེས་བྱ་བ་ལ་སོགས་པ་སྨྲ་ཞིང་འཕགས་པའི་བདེན་པ་བཞི་ལ་སོགས་པ་མེད་དོ་ཞེས་དེ་ལྟར་ཐེག་པ་ཆེན་པོ་ལ་གནོད་པར་བྱེད་དེ། དེ་ནི་མང་པོ་ཡང་ཡིན། དེ་ནི་སྣ་ཚོགས་པ་ཡང་ཡིན་མོད་ཀྱི། དེ་དེ་ལྟར་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལ་རེ་ཞིག་སྟོང་པ་ཉིད་ཀྱི་དགོས་པ་
བསྟན་པའི་ཕྱིར། འདིར་སྟོང་པ་ཉིད་ཀྱི་དགོས་པ་ནི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། སྟོང་པ་ཉིད་རྟོགས་པ་ལས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་མྱ་ངན་ལས་འདས་པ་ཐོབ་པ་ནི་སྟོང་པ་ཉིད་ཀྱི་དགོས་པ་ཡིན་ནོ། །སྟོང་པ་ཉིད་བསྟན་པའི་ཕྱིར་སྟོང་
པ་ཉིད་ནི་འཛིན་པ་ཐམས་ཅད་དང་བྲལ་བའི་ཕྱིར་མཚན་ཉིད་སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་སོ་ཞེས་བྱ་བ་སྨྲས་ཏེ། རྣལ་འབྱོར་པ་རྣམས་ཀྱི་བསྒོམས་པ་ལས་བྱུང་བའི་ཤེས་པ་སྟོང་པ་ཉིད་ལ་དམིགས་པས་དམིགས་པ་མེད་པའི་ཚུལ་གྱིས་ཞེས་བྱ་བ་རང་གི་ངོ་བོ་ཉིད་དང་། དངོས་པོ་
ཐམས་ཅད་སྟོང་པ་ཉིད་དང་། སྟོང་པ་ཉིད་ཅེས་བྱ་བའི་ཐ་སྙད་གསུམ་པོ་དེ་དག་སྟོང་པ་ཉིད་དུ་དམིགས་པ་ནི་སྟོང་པ་ཉིད་ཡིན་ནོ། །སྟོང་པ་ཉིད་ཀྱི་དོན་བསྟན་པའི་ཕྱིར། སྟོང་པ་ཉིད་ཀྱི་དོན་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་དངོས་པོ་རྣམས་སྐྱེ་བ་མེད་པ་ཞེས་
བྱ་བ་དེ་བཞིན་ཉིད་ཀྱི་མཚན་ཉིད་ནི་སྟོང་པ་ཉིད་ཀྱི་དོན་ཡིན་ནོ། །ད་ནི་ཁྱོད་ཀྱིས་དེ་དག་མ་རྟོགས་པས་དེའི་ཕྱིར། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཅེས་བྱ་བ་ལ་སོགས་པ་སྨྲ་ཞིང་འཕགས་པའི་བདེན་པ་བཞི་ལ་སོགས་པ་མེད་དོ་ཞེས་དེ་ལྟར་
ཐེག་པ་ཆེན་པོ་ལ་གནོད་པ་བྱེད་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ལིང་ཏོག་ཆེན་པོས་བློ་གྲོས་ཀྱི་མིག་ཡོགས་པ་ཡིན་པར་བསྟན་པའི་ཕྱིར་ཁྱོད་ཀྱིས་དེ་དག་མ་རྟོགས་པས་དེའི་ཕྱིར་འདི་ལྟ་སྟེ། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཅེས་བྱ་བ་ལ་
སོགས་པ་སྨྲ་ཞིང་། དཔེར་ན་ནམ་མཁའ་ལ་ཁུ་ཚུར་གཟས་ཏེ་རྣམ་པ་དུ་མས་འཚོག་པར་བྱེད་པ་དེ་ལྟར་གནོད་པར་བྱེད་དོ་ཞེས་བྱ་བ་སྨྲས་སོ། །ད་ནི་དེ་ལྟར་གང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ལིང་ཏོག་ཆེན་པོས་བློ་གྲོས་ཀྱི་མིག་ཡོགས་པ་དག་སྟོང་པ་ཉིད་ཀྱི་དགོས་པ་དང་།
เล่ม ๑๐๑ · หน้า 236a
སྟོང་པ་ཉིད་དང་། སྟོང་པ་ཉིད་ཀྱི་དོན་མ་རྟོགས་པར་ནམ་མཁའ་ལ་ཁུ་ཚུར་གྱིས་འཆོག་པའི་ཚུལ་གྱིས་ཐེག་པ་ཆེན་པོ་ལ་གནོད་པ་བྱེད་པ་དེ་ནི་དེ་ལྟ་མ་ཡིན་ཏེ། ཐེག་པ་ཆེན་པོ་འདི་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་བདེན་པ་གཉིས་ལ་
བརྟེན་པའི་ཚུལ་རྣམ་པར་བཞག་པ་ནི་འདི་འདྲའོ་ཞེས་བསྟན་པའི་ཕྱིར། ཐེག་པ་ཆེན་པོ་འདི་ལ་ནི། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །དེ་དག་ཀྱང་གང་དང་གང་ཞེ་ན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། དམ་པའི་དོན་གྱི་བདེན་པའོ། །
ཞེས་བྱ་བ་སྨྲས་སོ། །དེ་ལ་རེ་ཞིག་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་བསྟན་པའི་ཕྱིར། དེ་ལ་འཇིག་རྟེན་པའི་ཀུན་རྫོབ་ནི་འཇིག་རྟེན་གྱི་ཐ་སྙད་དེ། འདི་ལྟ་སྟེ། གཟུགས་ལ་སོགས་པ་དངོས་པོ་རྣམས་སྐྱེའོ། །གནས་སོ། །འགག་གོ་ཞེས་བྱ་བ་དང་། ལྷས་བྱིན་འགྲོའོ་
ཁྱབ་འཇུག་བཤེས་གཉེན་ཟའོ། །ཟླ་བས་བྱིན་བསྒོམ་མོ། །ཚངས་པས་བྱིན་གྲོལ་ཞེས་བྱ་བ་དག་འཇིག་རྟེན་གྱི་ཐ་སྙད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པས་དེ་ནི་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །ད་ནི་དོན་དམ་པའི་བདེན་པའི་མཚན་ཉིད་བསྟན་པར་བྱ་སྟེ། དེ་ལ་དོན་
དམ་པ་ནི་དེ་དོན་ཀྱང་ཡིན་ལ། དམ་པ་ཡང་ཡིན་པས་དོན་དམ་པ་འམ་ཞེས་བྱ་བས་ནི་དོན་དམ་པའི་སྒྲ་ཁྱད་པར་གྱི་གཞིར་བསྡུ་བ་བསྟན་ཏེ། དེ་དོན་ཀྱང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའོ་ཞེས་ཁྱད་པར་གྱི་གཞིར་བསྡུ་བ་བསྟན་ཏོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་
དོན་ཡིན་པས་དོན་དམ་པ་སྟེ་ཞེས་བྱ་བས་ནི་དོན་དམ་པའི་སྒྲའི་ཞེས་བྱ་བར་བསྡུ་བ་བསྟན་ཏེ། དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་དོན་ཡིན་པས་དོན་དམ་པའོ་ཞེས་བྱ་བར་བསྡུ་བ་བསྟན་ཏོ། །དེ་ལྟར་དོན་དམ་པའི་སྒྲ་ཁྱད་པར་གྱི་གཞིར་བསྡུས་ཀྱང་རུང་བའི་ཞེས་བྱ་བར་བསྡུས་ཀྱང་རུང་
སྟེ། དེའི་དོན་གང་ཡིན་པ་བསྟན་པའི་ཕྱིར། དེ་ཁོ་ན་གཞན་ལས་ཤེས་པ་མ་ཡིན་པ་ལ་སོགས་པའི་མཚན་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པ་ཞེས་བྱ་བའི་དོན་ནི། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །
เล่ม ๑๐๑ · หน้า 236b
དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་བྱ་བ་ཡིན་པར་བསྟན་ཏོ། །དོན་དམ་པའི་སྒྲ་དང་མཚན་ཉིད་ནི་དེ་ལྟ་བུ་ཡིན་ན། དེ་བདེན་པ་ཞེས་བྱ་བའི་སྒྲ་དང་མཚན་ཉིད་དང་། ཇི་ལྟར་སྦྱར་ཞེ་ན། དེའི་ཕྱིར། དོན་དམ་པ་ཉིད་བདེན་པ་ཉིད་ཡིན་པས། དོན་དམ་པའི་བདེན་པ་ཏེ། དུས་ཐམས་ཅད་དང་རྣམ་པ་
ཐམས་ཅད་དུ་དེ་བཞིན་དུ་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཁྱད་པར་གྱི་གཞིར་བསྡུ་བ་བསྟན་ཏོ། །རེ་ཞིག་དེ་དག་གིས་ནི་དོན་དམ་པ་པའི་བདེན་པའི་མཚན་ཉིད་བསྟན་ཏོ། །ད་ནི་བརྡར་བཏགས་པའི་དོན་དམ་པ་པའི་བདེན་པའི་མཚན་ཉིད་བསྟན་པར་བྱ་སྟེ། དེ་ཡང་རྣམ་པར་མི་རྟོག་
པའི་ཡེ་ཤེས་དོན་དམ་པའི་ཡུལ་ཅན་དང་། དེ་འགོག་པའི་བསྟན་པ་དང་ཤེས་རབ་ལ་ཉེ་བར་གདགས་སོ། །དེ་ལ་རེ་ཞིག་རྣམ་པར་མི་རྟོག་པའི་ཡེ་ཤེས་དོན་དམ་པའི་ཡུལ་ཅན་བསྟན་པའི་ཕྱིར། རྣམ་པར་མི་རྟོག་པའི་ཡེ་ཤེས་དེའི་ཡུལ་ཅན་ཡང་ཡུལ་མེད་པའི་ཚུལ་གྱིས་དོན་དམ་པ་སྟེ།
དེ་ལ་དོན་དམ་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་དོན་དམ་པའི་སྒྲ་འབྲས་བུ་མང་པོར་བསྡུ་བ་བསྟན་ཏེ། དཔེར་ན་གང་ལ་དབྱུག་པ་ཁྲ་བོ་ཡོད་པ་དེ་ལ་དབྱུག་པ་ཁྲ་བོ་ཅན་ཞེས་བྱ་བ་དེ་བཞིན་དུ། རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ལ་ཡུལ་དོན་དམ་པར་ཡོད་པ་དེ་དེའི་ཡུལ་
ཅན་ཡིན་པས་དེ་ཡང་དོན་དམ་པའོ་ཞེས་འབྲུ་མང་པོར་བསྡུ་བ་བསྟན་ཏོ། །དེ་ལ་འགོག་པའི་བསྟན་པ་དང་། ཤེས་རབ་བསྟན་པའི་ཕྱིར་དེ་འགོག་པ་དང་རྗེས་སུ་མཐུན་པ་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་དང་། ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་
རབ་ཀྱང་དོན་དམ་པ་ཏེ། དོན་དམ་པ་རྟོགས་པའི་ཐབས་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་དོན་དམ་པའི་སྒྲ་ཡུལ་དང་ཡུལ་ཅན་དུ་འཛིན་པ་དེ་འགོག་པ་དང་རྗེས་སུ་མཐུན་པའི་ཐབས་ཡིན་པས་ཐབས་འདིས་ཐབས་ལས་བྱུང་བའི་དོན་དམ་པ་ཡུལ་དང་ཡུལ་ཅན་མ་
ཡིན་པ་ཉིད་རྟོགས་པར་བྱེད་པའི་ཕྱིར་བསྟན་པ་དང་། ཤེས་རབ་འདི་ཡང་དོན་དམ་པ་ཞེས་བྱ་བ་ཉེ་བར་གདགས་པར་བསྟན་ཏེ། དེ་དག་གིས་ནི་བརྡར་བཏགས་པའི་དོན་དམ་པའི་བདེན་པའི་མཚན་ཉིད་བསྟན་ཏོ། །ད་ནི་གང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ལིང་ཏོག་
เล่ม ๑๐๑ · หน้า 237a
ཆེན་པོས་བློ་གྲོས་ཀྱི་མིག་ཡོགས་པ་སྟོང་པ་ཉིད་ཀྱི་དགོས་པ་དང་། སྟོང་པ་ཉིད་དང་། སྟོང་པ་ཉིད་ཀྱི་དོན་མ་རྟོགས་པར་ནམ་མཁའ་ལ་ཁུ་ཚུར་གྱིས་འཚོག་པའི་ཚུལ་དུ་ཐེག་པ་ཆེན་པོ་ལ་གནོད་པ་བྱེད་པ་བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་རྣམ་པར་མི་ཤེས་པ་དེ་དག་གིས་
སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཟབ་མོའི་དེ་ཉིད་རྣམ་པར་མི་ཤེས་སོ་ཞེས་བསྟན་པའི་ཕྱིར། གང་དག་བདེན་པ་དེ་ཉིད་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་བྱ་བ་སྨྲས་སོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་
པའི་ཕྱིར། །གང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ལིང་ཏོག་ཆེན་པོས་བློ་གྲོས་ཀྱི་མིག་ཡོགས་པ་ཐ་སྙད་དང་དོན་དམ་པའི་བདེན་པ་དེ་གཉིས་ཀྱི་རྣམ་པར་དབྱེ་བ་ཡུལ་གྱི་སྦྱོར་བའི་མཚན་ཉིད་ཀུན་རྫོབ་ཀྱི་མཚན་ཉིད་དམིགས་པ་ཞེས་བྱ་བ་གང་ཡིན་པ་དེ་དོན་དམ་པར་རྣམ་པར་བརྟག་
པར་མི་བྱ་བ་དང་། དོན་དམ་པའི་མཚན་ཉིད་དམིགས་སུ་མེད་པ་ཞེས་བྱ་བ་གང་ཡིན་པ་དེ་ཡང་ཀུན་རྫོབ་ཏུ་རྣམ་པར་བརྟག་པར་མི་བྱ་བ་མ་འདྲེས་པ་རྣམ་པར་མི་ཤེས་པ་དེ་དག་གིས་ནི་སངས་རྒྱས་ཀྱི་བསྟན་པ་ཟབ་མོའི་དེ་ཉིད་རྣམ་པར་མི་ཤེས་སོ་ཞེས་བྱ་བ་སྨྲས་སོ། །དེ་དག་སངས་རྒྱས་བསྟན་པ་ནི། །
ཟབ་མོ་དེ་ཉིད་རྣམ་མི་ཤེས། །ཞེས་བྱ་བའི་སངས་རྒྱས་དང་བསྟན་པ་དང་། ཟབ་མོ་ཞེས་བྱ་བའི་སྒྲ་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་སྒྲའི་དོན་ནི་སྔ་མ་བཞིན་ནོ། །བསྟན་པ་ཞེས་བྱ་བ་ནི་ལྷ་དང་མིའི་བདུད་རྩིའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཡོངས་སུ་ཤེས་པར་
བྱ་བ་དང་། སྤང་བར་བྱ་བ་དང་། མངོན་སུམ་དུ་བྱ་བ་དང་། བསྒོམ་པར་བྱ་བ་དག་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་སྟེ། བཅོམ་ལྡན་འདས་ཀྱི་གསུང་རབ་ཅེས་བྱ་བ་ཡིན་ནོ། །ཟབ་མོ་ཞེས་བྱ་བ་ནི་དངོས་པོ་དང་། དངོས་པོ་མེད་པ་ལ་སོགས་པ་མངོན་པར་ཞེན་པའི་བློ་གྲོས་ཅན་རྣམས་ཀྱིས་གཏིང་
རྟོགས་པར་དཀའ་བའི་དོན་གྱིས་སོ་ཞེས་བྱ་བ་སྨྲས་སོ། །ད་ནི་གང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ལིང་ཏོག་ཆེན་པོས་བློ་གྲོས་ཀྱི་མིག་ཡོགས་པ་སྟོང་པ་ཉིད་ཀྱི་དགོས་པ་དང་། སྟོང་པ་ཉིད་དང་སྟོང་པ་ཉིད་ཀྱི་དོན་མ་རྟོགས་པར་ནམ་མཁའ་ལ་ཁུ་ཚུར་གྱིས་འཚོག་པའི་ཚུལ་དུ་ཐེག་པ་ཆེན་
เล่ม ๑๐๑ · หน้า 237b
པོ་ལ་གནོད་པ་བྱེད་པ། བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་རྣམ་པར་མི་ཤེས་པ་ན་བཅོམ་ལྡན་འདས་ཀྱིས་དངོས་པོ་རྣམས་སྐྱེ་བ་དང་འགག་པ་མེད་པ་རྣལ་འབྱོར་པའི་ཡུལ་དུ་བསྟན་པ་ནི་ཐ་སྙད་པར་རྟོགས་ལ། ཚོགས་ཀྱི་ལམ་དང་མཐུན་པར་དངོས་པོ་རྣམས་ཀུན་རྫོབ་ཏུ་སྐྱེ་བ་ལ་སོགས་པར་
བསྟན་པ་ནི་དོན་དམ་པར་ཡང་རྣམ་པ་དེ་ལྟ་བུ་ཡིན་པར་རྟོགས་པ་དེ་དག་སྲིད་པའི་དགོན་པ་ལས་ནམ་ཡང་འདའ་བར་དཀའ་བའི་ཉེས་དམིགས་བསྟན་པའི་ཕྱིར། གང་དག་བདེ་བར་གཤེགས་པའི་ཚུལ་མཆོག་ཏུ་ཟབ་པ་དེ་ལེགས་པར་མ་རྟོགས་པ་ན་དངོས་པོ་རྣམས་མ་སྐྱེས་པ་དང་། མ་
འགགས་པ་རྣལ་འབྱོར་པ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་སྤྱོད་པ་དང་། ཆོས་ཀྱི་དེ་ཁོ་ན་ཕྱིན་ཅི་མ་ལོག་པའི་ཡུལ་ལ་འཇུག་པའི་ཡུལ་ཉིད་དུ་ཡུལ་མེད་པའི་ཚུལ་གྱིས་ཉེ་བར་འགྱུར་བ་བསྟན་པ་ན་ཐ་སྙད་པའི་སྐྱེ་བ་ལ་སོགས་པ་དང་ལྡན་པ་ཡང་མེད་དོ་ཞེས་སྐུར་པ་བཏབ་ནས།
གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཅེས་བྱ་བ་ལ་སོགས་པར་རྣམ་པར་རྟོག་པ་དང་། ཀུན་རྫོབ་ཏུ་ཚུལ་ཁྲིམས་ཡང་དག་པར་བླང་བ་དང་། ཏིང་ངེ་འཛིན་བསྒོམ་པ་དང་རྗེས་སུ་མཐུན་པར་དངོས་པོ་རྣམས་སྐྱེའོ། །གནས་སོ། །འགག་གོ། །
ཞེས་བསྟན་པ་ན། དོན་དམ་པར་ཡང་རྣམ་པ་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བར་རྣམ་པར་རྟོག་པ་དེ་དག་ནི་སྲིད་པའི་དགོན་པ་ལས་ཤིན་ཏུ་མི་འདའོ་ཞེས་བྱ་བ་སྨྲས་སོ། །གལ་ཏེ་དོན་དམ་པའི་བདེན་པ་བསྟན་པ་ཉིད་ཀྱིས་ཐར་པ་འགྲུབ་པའི་ཕྱིར་བདེན་པ་གཉིས་བསྟན་པ་ཅི་དགོས་ཤེ་ན་
ཞེས་བྱ་བ་ནི་ཕ་རོལ་པོ་དག་ཐེག་པ་ཆེན་པོ་དབུ་མ་པས་བདེན་པ་གཉིས་རྣམ་པར་གཞག་པའི་ཚུལ་བསྟན་པའི་དགོས་པ་འདྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འདི་ལྟར་ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དོན་དམ་པ་དེ་ནི་
ངག་གི་ལམ་དེ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་པའི་ཚུལ་བསྟན་པའི་དགོས་པ་བསྟན་ཏོ། །ད་ནི་དོན་དམ་པའི་བདེན་པ་རྣམ་པར་གཞག་པའི་ཚུལ་བསྟན་པའི་དགོས་པ་བསྟན་པའི་ཕྱིར།
เล่ม ๑๐๑ · หน้า 238a
གཞན་གྱིས་ཡོངས་སུ་བརྟགས་པའི་རྣམ་པར་རྟོག་པ་མ་ལུས་པར་བསལ་བ་མེད་པའི་ཡང་དོན་དམ་པར་རྟོག་པ་དང་ལེགས་པར་བྲལ་བ་གཞན་ལས་ཤེས་པ་མ་ཡིན་པ་རྟོགས་པར་མི་འགྱུར་བས་དེའི་ཕྱིར་དོན་དམ་པ་ཡང་བསྟན་ཏེ། འདི་ལྟར། དམ་པའི་དོན་ལ་མ་
བརྟེན་པར། །མྱ་ངན་འདས་པ་འཐོབ་མི་འགྱུར། །ཞེས་བྱ་བ་སྨྲས་སོ། །ལས་དང་ཉོན་མོངས་པ་དང་། སྐྱེ་བ་ཉེ་བར་ཞི་བའི་མཚན་ཉིད་དོ་ཞེས་བྱ་བས་ནི་མྱ་ངན་ལས་འདས་པའི་མཚན་ཉིད་བསྟན་ཏོ། །ད་ནི་རང་གི་སྡེ་པ་མི་མཁས་པར་རློམ་པ་གང་དངོས་པོ་སྟོང་པ་ཉིད་ལ་བལྟ་ཉེས་པ་དག་
ཆུད་ཟ་བར་འགྱུར་བའི་ཉེས་དམིགས་བསྟན་པའི་ཕྱིར། མཁས་པར་རློམ་པ་གང་ཕུང་པོ་རྣམས་སྟོང་པ་ཉིད་ལས་དངོས་པོ་མེད་པར་ལྟ་བ་དང་། ཕུང་པོ་རྣམས་མི་སྟོང་པ་ཉིད་ལས་དངོས་པོར་ལྟ་བ་དང་། བདག་གིས་མཐོང་བར་གྱུར་ཏོ། །མཐོང་ངོ་། །མཐོང་བར་འགྱུར་རོ། །ཕུང་པོ་
རྣམས་སྟོང་པ་ཉིད་དོ། །ཕུང་པོ་རྣམས་ལས་སྟོང་པ་ཉིད་གཞན་ནོ། །སྟོང་པ་ཉིད་ལ་ཕུང་པོ་རྣམས་ཡོད་དོ། །ཕུང་པོ་རྣམས་ལ་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་ཕུང་པོ་རྣམས་དང་ལྡན་ནོ་སྙམ་དུ་སེམས་པ་དེ་ལྟར་ཚུལ་བཞིན་མ་ཡིན་པར་ལྟ་བ་མངོན་པའི་ང་རྒྱལ་ཅན་དེ་ནི། སྟོང་པ་
ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་བར་བྱེད། །རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་སྲོག་གི་བར་ཆད་བྱེད་པའི་ཕྱིར་ཕུང་བར་བྱེད་དོ། །བལྟ་ཉེས་ཞེས་བྱ་བ་ནི་ལོག་པར་མཐོང་བ་སྟེ། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ཚུལ་དུ་མཐོང་བའོ་ཞེས་བྱ་བ་སྨྲས་སོ། །དེ་
ཉིད་དཔེས་བསྟན་པའི་ཕྱིར། ཇི་ལྟར་ཕུང་བར་བྱེད་ཅེ་ན། ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ཉེས་པར་བསྒྲུབས་པ་བཞིན། །སྦྲུལ་རྒོད་དེ་ཁྲོ་གཏུམ་ཆེ་བ་དུག་དྲག་པོ་གཟུང་ཉེས་ན་འཛིན་པར་བྱེད་པ་ཉིད་ཕུང་བར་བྱེད་པ་དང་། ནམ་མཁའ་ཨནྡ་རྙིལ་ལྟར་སྔོ་ལ་འཕགས་ཏེ།
རང་གི་རྒྱན་གྱི་ནོར་བུའི་འོད་ཟེར་དག་གིས་བར་སྣང་བརྒྱན་པར་བྱའོ་སྙམ་དུ་ཡིད་ལ་བསམ་པ་བྱས་པས་རིག་སྔགས་ཉེས་པར་བསྒྲུབས་ན་སྒྲུབ་པ་པོ་ཉིད་ཆོ་ག་ཉམས་པས་ཕུང་བར་བྱེད་པ་ལྟར་རོ་ཞེས་བྱ་བ་སྨྲས་སོ། །ད་ནི་སྣོད་དུ་མ་གྱུར་པ་ལ་ཐེག་པ་ཆེན་པོ་འདི་རང་བཞིན་གྱིས་གསང་
เล่ม ๑๐๑ · หน้า 238b
བས་རང་གི་སྡེ་པ་ཉོན་མོངས་པ་དེ་དག་གིས་འདི་མི་ཤེས་པར་བསྟན་པའི་ཕྱིར། གང་གི་ཕྱིར་དེ་ལྟར་སྟོང་པ་ཉིད་ཤེས་པར་དཀའ་ཞིང་གནོད་པ་བྱེད་པར། དེ་ཕྱིར་ཞན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་
ལོག་པར་གྱུར་པ་ཡིན། །ཤེས་རབ་ཞན་པ་རྣམས་ཀྱིས་ཆོས་འདིའི་གཏིང་རྟོགས་པར་དཀའ་བར་མཁྱེན་པར་གྱུར་ནས་ཐུབ་པ་བྱང་ཆུབ་མངོན་པར་སངས་རྒྱས་པའི་ཐུགས་ཆོས་བསྟན་པར་མཛད་པ་ལས་སླར་ལོག་པར་གྱུར་ཏོ་ཞེས་བྱ་བ་སྨྲས་ཏེ། ཚངས་པས་མ་བསྐུལ་གྱི་བར་དུ་
ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ལྟ་བུའོ། །ད་ནི་རང་གི་སྡེ་པ་དག་སྟོང་པ་ཉིད་ཀྱི་དོན་མི་ཤེས་པར་དབུ་མ་པ་ལ་སྐྱོན་འདི་འདོགས་པ་སྐྱོན་དེ་དག་དབུ་མ་པའི་སྟོང་པ་ཉིད་ལ་མི་འཐད་པར་བསྟན་པའི་ཕྱིར། ཁྱོད་ནི་ང་ལ་སྟོང་པ་ཉིད། །སྐྱོན་དུ་ཐལ་བར་འགྱུར་བ་ཡིས། །སྤོང་
བར་བྱེད་པ་གང་ཡིན་པ། །དེ་ནི་སྟོང་ལ་མི་འཐད་དོ། །ཁྱོད་ཁོ་བོ་ལ་སྟོང་པ་ཉིད། །གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཅེས་བྱ་བ་ནས། དེ་སྐད་སྨྲ་ན་དཀོན་པའི་མཆོག །གསུམ་ལ་གནོད་པ་བྱེད་པ་ཡིན། །ཞེས་བྱ་བའི་བར་གྱིས་སྐྱོན་དུ་ཐལ་
བར་འགྱུར་བ་དག་གིས་སྤོང་བར་བྱེད་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ལ་མི་འཐད་དེ། དོན་དམ་པར་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཀྱང་སྟོང་པའི་ཕྱིར་ཁོ་བོ་དངོས་པོ་མེད་པ་ཡང་སྟོང་པར་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་འཐད་པ་བསྟན་
པའི་ཕྱིར། གཞན་གྱིས་ཡོངས་སུ་བརྟགས་པའི་མི་སྟོང་པ་ཉིད་དགག་པས། དངོས་པོ་རྣམས་སྟོང་ངོ་ཞེས་སྨྲས་ཏེ། དངོས་པོ་ཡོད་པ་ལ་སོགས་པའི་ངོ་བོ་ཉིད་སྟོང་པའི་ཕྱིར་རོ། །སྟོང་པ་ཉིད་དུ་བསྒྲུབ་པ་ཡང་མ་ཡིན་ཏེ། སྟོང་པ་ཉིད་དུ་རྣམ་པར་རྟོག་པ་ཡང་སྟོང་པར་འདོད་པའི་
ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཇི་སྐད་དུ། འདི་ནི་ཡོད་ཉིད་འགོག་པ་སྟེ། །མེད་ཉིད་ཡོངས་སུ་འཛིན་མ་ཡིན། །ཞེས་གསུངས་པའི་ཚུལ་གྱིས། ཁོ་བོ་མེད་པར་དགག་པ་སྟོན་གྱི། མ་ཡིན་པ་དགག་པ་མི་སྟོན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། མདོ་སྡེ་
เล่ม ๑๐๑ · หน้า 239a
ལས་ཀྱང་ཇི་སྐད་དུ། འོད་སྲུངས་བདག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི་མངོན་པའི་ང་རྒྱལ་ཅན་གྱི་སྟོང་པ་ཉིད་དུ་ལྟ་བ་ནི་མི་རུང་ངོ་ཞེས་བྱ་བ་སྨྲས་ཏེ། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས་དེ་སྐད་གསུངས་སོ། །དེ་བཞིན་དུ་འཕགས་པ་སྟུག་པོ་བཀོད་པའི་མདོ་
ལས་ཀྱང་། །གལ་ཏེ་དངོས་པོ་སྟོང་གྱུར་ན། །གཞིག་བྱར་འགྱུར་གྱི་འཇིག་པ་མིན། །རི་རབ་ཙམ་གྱིས་གང་ཟག་དང་། །བདག་ཏུ་ལྟ་བ་གནོད་མི་འགྱུར། །ཞེས་ཀྱང་གསུངས་སོ། །དེ་བཞིན་དུ་གཟུགས་སྟོང་ཞེས་བྱ་བར་མི་མཐོང་། །མི་སྟོང་ཞེས་བྱ་བར་ཡང་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་
པ་གསུངས་པ་ལྟ་བུའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དེ་སྐད་གསུངས་ཏེ། དེའི་ཕྱིར་སྟོང་པ་ཉིད་དང་། དངོས་པོར་མངོན་པར་ཞེན་པར་བྱར་མི་རུང་ངོ་། །ད་ནི་དབུ་མ་པ་དངོས་པོ་རྣམས་ངོ་བོ་ཉིད་སྟོང་པ་ཉིད་དུ་སྨྲ་བ་ལ་འཕགས་པའི་བདེན་པ་བཞི་དང་། དཀོན་མཆོག་
གསུམ་ལ་སོགས་པ་ཐ་སྙད་ཐམས་ཅད་འཐད་པར་བསྟན་པའི་ཕྱིར། གཞན་ཡང་། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཐམས་ཅད་ཅེས་བྱ་བ་ནི་སྐྱེ་བ་ལ་སོགས་པའོ་ཞེས་བྱ་བ་སྨྲས་ཏེ། སྩོགས་པའི་སྒྲས་ནི་བདེན་པ་བཞི་དང་། དགེ་སྦྱོང་གི་འབྲས་
བུ་བཞི་དང་། འབྲས་བུ་ལ་གནས་པ་བཞི་དང་། ཞུགས་པ་བཞི་དང་། དཀོན་མཆོག་གསུམ་དང་། འཇིག་རྟེན་པའི་འབྲས་བུ་ཡོད་པ་དང་། ཆོས་དང་། ཆོས་མ་ཡིན་པ་དང་། ཐ་སྙད་ཐམས་ཅད་བསྡུའོ། །དེ་དག་ཇི་ལྟར་རུང་བར་འགྱུར་བ་བསྟན་པའི་ཕྱིར། ཇི་ལྟར་རུང་བར་
འགྱུར་ཞེ་ན། མིག་ལ་སོགས་པ་སྒྱུ་མའི་སྐྱེས་བུ་ལ་སྐྱེས་བུའི་ངོ་བོ་ཉིད་སྟོང་པ་བཞིན་དུ་ཡོད་པ་དང་། མེད་པ་ལ་སོགས་པའི་ངོ་བོ་ཉིད་སྟོང་ཡང་། རྐྱེན་གྱི་ཚོགས་པ་མཐའ་དག་ཡོད་ན་འབྱུང་བར་འགྱུར་བ་ནི་སྐྱེ་བ་སྟེ། དེ་ནི་སྡུག་བསྔལ་ལོ། །དེ་སྡུག་བསྔལ་བ་ལ་སོགས་པ།
སྡུག་བསྔལ་བ་དང་། མི་རྟག་པ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པ་དག་གིས་མཐོང་བ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་བདེན་པའོ། །སྡུག་བསྔལ་གྱི་རྒྱུ་ནི་སྡུག་བསྔལ་ཀུན་འབྱུང་བ་སྟེ། དེ་ལ་ཀུན་འབྱུང་བའི་ཕྱིར་རོ། །དེ་ཀུན་འབྱུང་བ་ལ་སོགས་པ་ཀུན་འབྱུང་བ་དང་། རབ་ཏུ་
เล่ม ๑๐๑ · หน้า 239b
སྐྱེ་བ་དང་། རྒྱུ་དང་རྐྱེན་གྱི་རྣམ་པ་དག་གིས་མཐོང་བ་གང་ཡིན་པ་དེ་ནི་ཀུན་འབྱུང་གི་བདེན་པའོ། །སྡུག་བསྔལ་གྱི་རྒྱུ་འགོག་པ་ནི་འགོག་པ་སྟེ། དེ་འགོག་པ་ལ་སོགས་པ། འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པ་དག་གིས་མཐོང་བ་གང་ཡིན་པ་དེ་ནི་འགོག་
པའི་བདེན་པའོ། །སྡུག་བསྔལ་གྱི་རྒྱུ་འགོག་པ། འཐོབ་པའི་ཐབས་ནི་ལམ་སྟེ། དེ་ལམ་ལ་སོགས་པ་ལམ་དང་རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པའི་རྣམ་པ་དག་གིས་མཐོང་བ་གང་ཡིན་པ་དེ་ནི་དེའི་ལམ་གྱི་བདེན་པའོ། །དེའི་ཕྱིར་དེ་ལྟར་འཕགས་པའི་བདེན་པ་བཞི་
ཡོད་ན་ཆོས་ཀྱང་འགྲུབ་ལ། རང་བྱུང་གི་ཡེ་ཤེས་ཀྱིས་དེ་རྣམས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་ཉན་ཐོས་ལ་བསྟན་པ་དང་རྗེས་སུ་མཐུན་པས་སངས་རྒྱས་ཀྱང་འགྲུབ་སྟེ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཁུངས་ཉན་ཐོས་ལ་གྲགས་པ་བསྟན་པའི་ཕྱིར། ཇི་སྐད་དུ་དགེ་སློང་དག་ངས་སྔོན་འདི་ནི་
སྡུག་བསྔལ་ལོ་ཞེས་རྗེས་སུ་མ་ཐོས་པ་དག་ནི་མིག་དང་། ཤེས་པ་དང་། ཤེས་རབ་དང་། བློ་སྐྱེས་སོ་ཞེས་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། བདེན་པ་བཞི་ཆར་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །ད་ནི་ཐེག་པ་ཆེན་པོའི་ཚུལ་གྱིས་བདེན་པ་བཞི་ལ་སོགས་པ་ཇི་ལྟར་རུང་བར་
འགྱུར་བ་བསྟན་པའི་ཕྱིར། དེ་བཞིན་དུ་དོན་དམ་པར་དངོས་པོ་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་དག་སྐྱེ་བ་མེད་པ་ལ་སོགས་པར་མཐོང་བ་ནི་འཕགས་པའི་བདེན་པ་མཐོང་བ་ཡིན་ཏེ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཁུངས་ཐེག་པ་ཆེན་པོ་ལས་གྲགས་པ་བསྟན་པའི་ཕྱིར། ཇི་སྐད་དུ་འཇམ་དཔལ་གང་གིས་
ཆོས་ཐམས་ཅད་སྐྱེ་བ་མེད་པར་མཐོང་བ་དེས་སྡུག་བསྔལ་ཡོངས་སུ་ཤེས་སོ། །གང་གིས་ཆོས་ཐམས་ཅད་མི་གནས་པར་མཐོང་བ་དེས་ཀུན་འབྱུང་སྤངས་སོ། །གང་གིས་ཆོས་ཐམས་ཅད་གཏན་དུ་མྱ་ངན་ལས་འདས་པར་མཐོང་བ་དེས་འགོག་པ་མངོན་སུམ་དུ་བྱས་སོ། །འཇམ་དཔལ་གང་
གིས་ཆོས་ཐམས་ཅད་བསྒོམ་དུ་མེད་པར་མཐོང་བ་དེས་ལམ་བསྒོམས་སོ་ཞེས་གསུངས་པ་ལྟ་བུ་སྟེ་ཞེས་བྱ་བ་སྨྲས་ཏེ། འཕགས་པ་ཡེ་ཤེས་གསང་བ་བསྒོམ་དུ་བཅུག་པའི་མདོ་ལས་དེ་སྐད་གསུངས་སོ། །ཐེག་པ་ཆེན་པོའི་ཚུལ་གྱིས་ཀྱང་འཕགས་པའི་བདེན་པ་གྲུབ་ན། ཆོས་དང་
เล่ม ๑๐๑ · หน้า 240a
སངས་རྒྱས་ཐམས་ཅད་ཀྱང་འགྲུབ་པས་ཐམས་ཅད་རུང་བར་འགྱུར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ནོ། །ད་ནི་རང་གི་སྡེ་པ་ལ་སོགས་པ་སྟོང་པ་ཉིད་མ་ཡིན་པར་སྨྲ་བ་གང་དག་དངོས་པོ་དང་དངོས་པོ་མེད་པའི་མཐར་ལྷུང་བ་དག་ལ་འཕགས་པའི་བདེན་པ་ལ་སོགས་པ་
ཐམས་ཅད་མི་རུང་བར་བསྟན་པའི་ཕྱིར། སྟོང་པ་ཉིད་མ་ཡིན་པར་སྨྲ་བ། གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་འགྱུར། །གང་སྟོང་པ་ཉིད་མ་ཡིན་པར་སྨྲ་བ་ལ་ཇི་སྐད་བསྟན་པ་ཐམས་ཅད་མི་རུང་བར་འགྱུར་རོ་ཞེས་བྱ་བ་སྨྲས་སོ། །ད་ནི་རང་གི་སྡེ་པ་དངོས་པོ་རྣམས་ངོ་བོ་
ཉིད་མེད་པ་ཉིད་དུ་མི་འདོད་པ་རྣམས་ལ་འཕགས་པའི་བདེན་པ་ལ་སོགས་པ་ཐམས་ཅད་མི་རུང་བར་འགྱུར་བའི་སྐྱོན་རང་ལ་ཡོད་པ་རྣམས་དབུ་མ་པ་ལ་ཡོངས་སུ་སྒྱུར་བར་བྱེད་པ་མི་རིགས་པའི་ཚུལ་བསྟན་པའི་ཕྱིར། ཁྱོད་ཉིད་རང་གི་སྐྱོན་རྣམས་ནི། །ང་ལ་ཡོངས་སུ་སྒྱུར་བྱེད་པ། །
རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་པ་བཞིན། །ཁྱོད་ཉིད་རང་གི་སྐྱོན་གང་དག་ཡིན་པ་དེ་དག་ཁོ་བོ་ལ་ཡོངས་སུ་སྒྱུར་བར་བྱེད་པ་ནི་དཔེར་ན་རྟ་ལ་མངོན་པར་ཞོན་བཞིན་དུ་རྟ་དེ་ཉིད་བརྗེད་པར་གྱུར་པ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །ད་ནི་གང་ལ་སྟོང་ཉིད་མི་རུང་བ། །དེ་
ལ་ཐམས་ཅད་མི་རུང་འགྱུར། །ཞེས་བྱ་བ་དེ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར། ཇི་ལྟར་སྟོང་པ་ཉིད་མི་འདོད་པ་ལ་ཐམས་ཅད་མི་འཐད་པ་དེ་ལྟར་འདི་བཤད་པར་བྱ་སྟེ། གལ་ཏེ་དངོས་རྣམས་དངོས་ཉིད་ལས། །ཡོད་པར་རྗེས་སུ་ལྟ་བྱེད་ན། །དེ་ལྟ་ཡིན་ན་དངོས་པོ་རྣམས། །རྒྱུ་རྐྱེན་
མེད་པར་ཁྱེད་ལའོ། །ངོ་བོ་ཉིད་ལས་ཡོད་པ་ནི་རྒྱུ་དང་རྐྱེན་ལ་མི་ལྟོས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །རྒྱུ་དང་རྐྱེན་མེད་པར་ལྟ་བ་དེའི་ཚུལ་བསྟན་པའི་ཕྱིར། འབྲས་བུ་དང་ནི་རྒྱུ་ཉིད་དང་། །བྱེད་པ་པོ་དང་བྱེད་དང་བྱ། །སྐྱེ་བ་དང་ནི་འགག་པ་དང་། །འབྲས་བུ་
ལ་ཡང་གནོད་པ་བྱེད། །རྒྱུ་དང་རྐྱེན་ལ་མ་ལྟོས་པར་འབྲས་བུ་ལ་སོགས་པ་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །ད་ནི་ཕ་རོལ་པོ་དག་སྟོང་པ་ཉིད་ཀྱི་དོན་ཡོངས་སུ་བརྟགས་ནས། སྟོང་པ་ཉིད་དེས་སྐྲག་སྟེ། དེ་མི་རུང་ངོ་ཞེས་སྐྱོན་འདོགས་ཤིང་སྤོང་བར་བྱེད་པའི་སྟོང་པ་ཉིད་དེ་གང་
เล่ม ๑๐๑ · หน้า 240b
ཡིན་པ་དེ་བརྟག་པའི་ཕྱིར། ཁྱོད་རེ་ཞིག་སྟོང་པ་ཉིད་ཀྱི་དོན་ཡོངས་སུ་བརྟགས་ནས། བྱིས་པ་གནོད་སྦྱིན་གྱི་གཟུགས་འཇིགས་སུ་རུང་བ་མངོན་པར་བྲིས་ནས་སྐྲག་སྟེ། འཇིགས་པའི་སྒྲ་འབྱིན་པར་བྱེད་པ་ལྟ་བུ་དེ་གང་ཡིན་ཞེས་བྱ་བ་སྨྲས་སོ། །སྟོང་པ་ཉིད་དེའི་དོན་རྟེན་ཅིང་འབྲེལ་བར་འབྱུང་
བ་ངོ་བོ་ཉིད་མེད་ཅིང་སྟོང་པ་སྒྱུ་མ་ལྟ་བུ་ལ་བྱ་གྲང་ན། དེ་ལྟ་ན། དེ་ལ་སྐྲག་པར་མི་བྱའོ། །ཞེས་བསྟན་པའི་ཕྱིར། གལ་ཏེ་དེའི་དོན་གཟུགས་དངོས་པོ་མེད་ཅིང་སྟོང་པ་སྒྱུ་མའི་ངོ་བོ་ཉིད་ལྟ་བུ་ཡིན་ན་ནི་སྐྲག་པ་ཐོང་ཤིག་ཅེས་བྱ་བ་སྨྲས་སོ། །དེ་ལ་ཇི་ལྟར་སྐྲག་པར་མི་བྱ་ཞེ་ན། རྟེན་ཅིང་འབྲེལ་
པར་འབྱུང་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་སྟོང་པ་ཡིན་པས། དེ་སྐྲག་པའི་གནས་མ་ཡིན་པར་བསྟན་པའི་ཕྱིར། འདི་ལྟར། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ཉིད་སྟོང་པ་ཉིད་དུ་བཤད། །མིག་དང་མྱུ་གུ་ལ་སོགས་པ། །དངོས་པོ་རྒྱུ་དང་ས་བོན་ལ་སོགས་པ་རྐྱེན་རྣམས་ལ་རང་གི་
དངོས་པོ་ཡོད་པ་དང་མེད་པ་དང་། གཞན་དང་གཞན་མ་ཡིན་པ་དང་། གཉིས་ཀར་ཡོད་པ་མ་ཡིན་པ་ནི་དོན་དམ་པར་རྐྱེན་རྣམས་ལས་རྟེན་ཅིང་འབྲེལ་པར་ངོ་བོ་ཉིད་ཀྱིས་འབྱུང་བ་མེད་ཅེས་བྱ་བ་སྨྲས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་ནི་ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་རྣམས་ལ་བརྟེན་
ནས། སྒྱུ་མའི་མཚན་ཉིད་ཙམ་དུ་འབྱུང་བས་ངོ་བོ་ཉིད་མེད་པའི་ཕྱིར་རྒྱུ་དང་རྐྱེན་རྣམས་ལ་འབྱུང་བ་ཡང་མེད་པ་དེ་ནི་སྐྲག་པའི་གནས་མ་ཡིན་ཏེ། ཇི་སྐད་དུ། འགྲོ་བ་གནས་མ་ཡིན་ལ་སྐྲག་པ་གདུང་བྱེད་པ། །རིགས་མེད་གྲོགས་ངན་དགེ་སྔོན་མ་བསྩགས་བློ་མ་སྦྱངས། །བསོད་ནམས་
མ་ཡིན་ཕུང་པོ་ཆེར་འཕེལ་ཡུན་རིང་དུ། །ཆོས་འདི་ལ་ནི་སྐྲག་འགྱུར་དོན་ཆེན་འདི་ལས་ལྟུང་ཞེས་བཤད་པ་ལྟ་བུའོ། །མིག་ལ་སོགས་པའི་སྐྱེ་བ་ནི་ཐ་སྙད་ཀྱི་བདེན་པ་ལ་བརྟེན་པ་ཡིན་ནོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་སྒྱུ་མའི་མཚན་ཉིད་ཙམ་དུ་སྐྱེ་བའི་ཚུལ་བསྟན་ཏེ། དེ་ཡང་སྐྲག་པའི་
གནས་མ་ཡིན་ནོ། །དེ་སྟོང་པ་ཉིད་དུ་བཤད་པ་ནི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཏེ་ཞེས་བྱ་བས་ནི། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་བྱ་བས་རྟེན་ཅིང་འབྲེལ་བར་འབྱུང་བ་བདེན་པ་གཉིས་ཀྱི་ཚུལ་དུ་རྣམ་པར་གཞག་པ་གང་ཡིན་པ་དེ་སྟོང་པ་ཉིད་དུ་བཤད་
เล่ม ๑๐๑ · หน้า 241a
པ་ནི་རྐྱེན་གཞན་ལ་བརྟེན་ཏེ་བྱུང་བས་བདེན་པ་གཉི་གའི་ཚུལ་དུ་ཡང་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས། ཇི་སྐད་དུ། གང་ཞིག་
རྐྱེན་ལས་སྐྱེ་བ་དེ་མ་སྐྱེས། །དེ་ལ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད། །གང་ཞིག་རྐྱེན་ལ་ལྟོས་པ་དེ་སྟོང་གསུམ། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་པ་དང་། དེ་བཞིན་དུ་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ལ་
དགོངས་ནས་ཆོས་ཐམས་ཅད་སྟོང་པར་བཤད་དོ་ཞེས་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་སོ། །རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་བྱ་བ་དེ་ཉིད་ཀུན་རྫོབ་ཏུ་ཉེ་བར་ལེན་པ་དག་ལ་བརྟེན་ནས་གདགས་པར་བྱ་བ་དང་། དེ་ཉིད་ཀྱི་བདེན་པ་གཉིས་གང་ངོ་བོ་
ཉིད་མེད་པས་དབུ་མའི་ལམ་ཡིན་པར་བསྟན་པའི་ཕྱིར། དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་བྱ་བ་སྨྲས་སོ། །བརྟེན་ནས་གདགས་པའི་ཚུལ་བསྟན་པའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་སྟོང་པ་ཉིད་གང་ཡིན་པ་དེ་ནི་བརྟེན་ནས་གདགས་པ་སྟེ་
ཞེས་བྱ་བ་སྨྲས་སོ། །བརྟེན་ནས་གདགས་པ་དེ་ཡང་ཀུན་རྫོབ་ཏུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཐ་སྙད་འདོགས་པས་རང་རང་གི་ཉེ་བར་ལེན་པ་དག་ལ་བརྟེན་ནས་གདགས་པ་ཡིན་པས་ངོ་བོ་ཉིད་མེད་པར་བསྟན་པའི་ཕྱིར། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་
པའི་ཐ་སྙད་འདོད་པས་ཉེ་བར་ལེན་པ་དག་ལ་བརྟེན་ནས་གདགས་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དངོས་པོ་གང་དག་བརྟེན་ནས་གདགས་པར་བྱ་བ་མིག་དང་། མྱུ་གུ་དང་། བུམ་པ་དང་། སྣམ་བུ་དང་། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་
དཔའ་དང་། དེ་བཞིན་གཤེགས་པ་ལ་སོགས་པ་དེ་དག་ནི་སོ་སོའི་ཉེ་བར་ལེན་པའི་རྒྱུ་དང་རྐྱེན་མིག་ནི་མེར་མེར་པོ་ལ་སོགས་པ་དག་ལ་བརྟེན་ནས་གདགས། མྱུ་གུ་ནི་ས་བོན་ལ་སོགས་པ། བུམ་པ་ནི་འཇིམ་པ་ལ་སོགས་པ། སྣམ་བུ་ནི་རྒྱུ་སྤུན་ལ་སོགས་པ། སོ་སོའི་སྐྱེ་བོ་ནི་
เล่ม ๑๐๑ · หน้า 241b
ལས་དང་ཉོན་མོངས་པ་ལ་སོགས་པ། ཉན་ཐོས་དང་། རང་སངས་རྒྱས་ནི་ཚོགས་ཀྱི་ལམ་དང་། ཉོན་མོངས་པའི་སྒྲིབ་པ་སྤོང་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་དང་མི་འཇིགས་པ་དང་། མ་འདྲེས་པ་ལ་
སོགས་པ་དག་ལ་བརྟེན་ནས་གདགས་པ་ཡིན་པས་འཇིག་རྟེན་པའི་མིག་དང་། མྱུ་གུ་དང་། བུམ་པ་དང་། སྣམ་བུ་དང་། སོ་སོའི་སྐྱེ་བོ་ལ་སོགས་པ་དག་ཀྱང་ངོ་བོ་ཉིད་མེད་པས་སྟོང་པ་ཉིད་དུ་བཤད་ལ། འཇིག་རྟེན་ལས་འདས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་
སེམས་དཔའ་དང་། དེ་བཞིན་གཤེགས་པ་ལ་སོགས་པ་བདེན་པ་གཟིགས་པ་རྣམས་ཀྱང་ངོ་བོ་ཉིད་མེད་པས་སྟོང་པ་ཉིད་དུ་བཤད་དོ། །དོན་དམ་པར་ནི་དེ་དག་རྐྱེན་རྣམས་ལས་ཀྱང་རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་པའི་ཕྱིར། ངོ་བོ་ཉིད་མེད་པས་སྟོང་པ་ཉིད་དུ་བཤད་དོ། །དེ་
ཉིད་དབུ་མའི་ལམ་ཡིན་པའི་ཚུལ་བསྟན་པའི་ཕྱིར། དེ་ཉིད་དབུ་མའི་ལམ་ཡིན་ཏེ། དབུ་མ་ནི་སྐྱེ་བ་དང་། སྐྱེ་བ་མེད་པ་དང་། ཡོད་པ་དང་། མེད་པའི་མཐའ་གཉིས་སྤངས་པའི་ཕྱིར། འདི་ལྟ་སྟེ། སྐྱེས་པ་ཡང་མ་ཡིན། མ་སྐྱེས་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན།
མེད་པ་ཡང་མ་ཡིན། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། སྟོང་པ་ཡང་མ་ཡིན། མི་སྟོང་པ་ཡང་མ་ཡིན་པས། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འདི་སྐད་དུ། དབུ་མའི་ལམ་བསྒོམ་པ་ནི་མིག་དངོས་པོ་ཡོད་ཅེས་བྱ་བར་ཡོངས་སུ་མི་རྟོག །མིག་དངོས་པོ་མེད་
ཅེས་བྱ་བར་ཡོངས་སུ་མི་རྟོག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ། །མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་བར་གང་ཡིན་པ་དེ་ནི་གཟུགས་ཅན་མ་ཡིན་པ།
བསྟན་དུ་མེད་པ། ཐོགས་པ་མེད་པ། མི་གནས་པ། སྣང་བ་མ་ཡིན་པ། རྣམ་པར་རིག་པ་མ་ཡིན་པ་གནས་མེད་པའོ་ཞེས་གསུངས་པ་དེ་དག་གྲུབ་པོ། །ལམ་ནི་ཐོབ་པའི་ཐབས་ཤེས་པའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་སྟོང་པ་ཉིད་གང་ཡིན་པ་བརྟེན་ནས་
เล่ม ๑๐๑ · หน้า 242a
གདགས་པར་བྱ་བ་དེ་ཉིད་དབུ་མའི་ལམ་སྟེ། ཐ་སྙད་དུ་ཡང་། གང་ལས་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་བྱ་བའི་ཚུལ་གྱིས་དབུ་མའི་ལམ་ཡིན་ལ། དོན་དམ་པར་ཡང་། གཞན་ལས་
ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་བྱ་བའི་ཚུལ་གྱིས་དབུ་མའི་ལམ་ཡིན་ནོ། །ཇི་སྟེ་འདི་སྙམ་དུ་ཁོ་བོ་ཡང་སྨྲས་ཏེ། རྒྱུ་དང་རྐྱེན་སོ་སོར་ངེས་པའི་དབང་གིས། །རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །
དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་བྱ་བ་ནི་དངོས་པོ་བདག་ཉིད་གང་གིས་སྔོན་མ་བྱུང་བ་ལས་འབྱུང་བ་དེ་ནི་དངོས་པོའི་ངོ་བོ་ཉིད་ཡིན་ལ། དེ་རི་བོང་གི་རྭ་བཞིན་དུ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ། རང་གི་བདག་ཉིད་
ཀྱིས་སྐྱེ་བ་གང་ཡིན་པ་དེ་ནི་མཐའ་གཉིས་སྤངས་པས་དབུ་མའི་ལམ་ཡིན་ནོ་སྙམ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་སློབ་དཔོན་གྱིས་མཛད་པའི་ཚིག་ལེའུར་བྱས་པ་འདིའི་དོན་དངོས་པོ་ངོ་བོ་ཉིད་མེད་པ་ཉིད་མ་ཡིན་གྱི་སྔོན་མ་བྱུང་བ་ལས་འབྱུང་ཞིང་མཐའ་གཉིས་སུ་བརྗོད་པར་མི་བྱ་བས་སྟོང་པ་ཉིད་ཀྱང་ཡིན་
ལ། རང་གི་བདག་ཉིད་ཀྱིས་སྐྱེ་བ་ཡང་ཡོད་པས། ངོ་བོ་ཉིད་ཡོད་པ་དེ་དབུ་མའི་ལམ་ཡིན་ནོ་སྙམ་དུ་སེམས་པའི་བསམ་པ་ཡིན་ནོ། །དེ་དགག་པའི་ཕྱིར་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འདི་ལྟར་སྟོང་པ་ཉིད་འགྲུབ་པར་མི་འགྱུར་ཏེ། ཚིགས་སུ་བཅད་པ་འདི་ནི་རྣམ་པར་རྟོག་པའི་དྲི་མ་འཁྲུ་
བར་བྱེད་པ་ཡིན་ན། གལ་ཏེ་ཁྱོད་རྣམ་པར་རྟོག་པའི་དྲི་མའི་འདམ་རྫབ་ཀྱིས་སྦགས་པའི་ཕྱིར་སྦྱོར་བར་བྱེད་ན་སྦྱོར་བ་ལ་རག་ལས་ཏེ། འདི་ལྟར་གཙུག་གི་ནོར་བུ་རྐང་པའི་རྒྱན་དུ་འདོགས་པར་བྱེད་ན་མི་འཁང་མོད་ཀྱི། འོན་ཀྱང་འདོགས་པར་བྱེད་པ་དེ་གནས་མ་ཡིན་པར་འདོགས་པར་བྱེད་དོ་
ཞེས་མཁས་པ་རྣམས་ཀྱིས་ཁྲེལ་བར་འགྱུར་བ་དེ་བཞིན་དུ་ཁྱོད་དེ་སྐད་སྨྲ་བས་ཀྱང་ཚིགས་སུ་བཅད་པ་འདི་ལ་ནི་གནོད་པ་མེད་མོད་ཀྱི་འོན་ཀྱང་ཁྱོད་ཀྱི་འདོད་པའི་དོན་འགྲུབ་པར་མི་འགྱུར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ངོ་བོ་ཉིད་ཡོད་པ་ཉིད་མེད་ན་མི་འབྱུང་བ་ཡིན་པར་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་
เล่ม ๑๐๑ · หน้า 242b
བ་སྨྲས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ངོ་བོ་ཉིད་ཡོད་པ་དང་འབྲེལ་པར་མི་འགྲུབ་པའི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་མཛད་པའི་ཚིག་ལེའུར་བྱས་པ་འདིའི་དོན་ལོག་པར་མ་འདྲེན་ཅིག་ཅེས་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར་བཤད་པ། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །
ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་སྒྱུ་མའི་སྐྱེས་བུ་བཞིན་དུ་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ནང་དང་ཕྱི་རོལ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་
ཐམས་ཅད་ནི་ངོ་བོ་ཉིད་མེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་དཔེར་ན་སྒྱུ་མའི་སྐྱེས་བུ་བཞིན་ནོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་ནམ་མཁའ་ལ་སོགས་པ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པ་དག་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པའི་ཕྱིར་གཏན་ཚིགས་འཐུན་པའི་ཕྱོགས་ཀྱི་ཕྱོགས་
གཅིག་ལ་མ་གྲུབ་པ་ཉིད་ཀྱི་སྐྱོན་ཡོད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་དབུ་མ་པས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བས་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་སྒྱུ་མའི་སྐྱེས་བུ་བཞིན་དུ་ངོ་བོ་ཉིད་མེད་
པའི་ཕྱིར་རོ་ཞེས་བཤད་པའི་གཏན་ཚིགས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་དེ་མ་ཁྱབ་པ་ཡིན་ཏེ། འདི་ན་ནམ་མཁའ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པ་དག་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པའི་ཕྱིར་ཁྱོད་ཀྱི་གཏན་ཚིགས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་དེ་གཟུགས་ལ་སོགས་
པའི་མཐུན་པའི་ཕྱོགས་ནམ་མཁའ་ལ་སོགས་པའི་ཕྱོགས་གཅིག་ལ་མ་གྲུབ་པ་ཉིད་ཀྱི་སྐྱོན་ཡོད་པས་མི་རུང་ངོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་ལན་བཏབ་ཟིན་པའི་ཕྱིར་ཀླན་ཀར་མི་རུང་ངོ་ཞེས་བྱ་བ་སྨྲས་ཏེ། མཐུན་པའི་ཕྱོགས་ལ་མ་
ཁྱབ་ཀྱང་གཏན་ཚིགས་སུ་རུང་བ་དཔེར་ན་སྒྲ་ནི་མི་རྟག་སྟེ། བརྩལ་མ་ཐག་ཏུ་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་དེ། གློག་དང་ནགས་ཀྱི་མེ་ཏོག་དག་ལ་མ་ཁྱབ་ཀྱང་སྒྲ་མི་རྟག་པའི་གཏན་ཚིགས་སུ་རུང་བས་སྐྱོན་མེད་དོ་ཞེས་ལན་བཏབ་ཟིན་པའི་ཕྱིར་ཀླན་ཀར་མི་རུང་ངོ་། །དེའི་ཕྱིར་དོན་དམ་པར་དངོས་
เล่ม ๑๐๑ · หน้า 243a
པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། འབྱུང་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ་ཞེས་གང་སྨྲས་པའི་གཏན་ཚིགས་དེའི་རྗེས་སུ་འགྲོ་བ་ཡང་མེད་ལ་མི་མཐུན་པའི་ཕྱོགས་འབའ་ཞིག་ལ་མཐོང་བའི་ཕྱིར་དོན་འགལ་བ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་
ཚད་མའི་འབྲས་བུ་ཡིན་ཏེ། ཕ་རོལ་པོས་སྨྲས་པའི་གཏན་ཚིགས་དེ་ལ་དོན་དམ་པར་དཔེ་མེད་པས་མ་གྲུབ་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་དོན་དམ་པའི་མི་མཐུན་པའི་ཕྱོགས་འབའ་ཞིག་ལ་མཐོང་བའི་ཕྱིར་དོན་འགལ་བ་ཉིད་ཀྱང་ཡིན་པས་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་མ་གྲུབ་པོ། །
ད་ནི་དེ་ལྟར་རྗེས་སུ་དཔག་པས་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་བསྟན་དུ་ཟིན་ཀྱང་རང་གི་སྡེ་པ་དག་གིས་དེ་མ་བཟོད་ཅིང་དངོས་པོར་ལྟ་ན། དེ་དག་ལ་གསོར་མི་རུང་བའི་གནོད་པ་ཆེན་པོ་འདི་ལྟ་བུ་དག་འབྱུང་བར་འགྱུར་རོ་ཞེས་སྔར་ཕ་རོལ་པོས་དབུ་མ་པ་ལ་ཚུར་སྐྱོན་བཏགས་
པ་དེ་དག་ཐམས་ཅད་སྐྱེད་དང་བཅས་ཏེ་ཕྱིར་དབུལ་བ་བསྟན་པའི་ཕྱིར། ཇི་སྟེ་རྗེས་སུ་དཔག་པས་བསྟན་དུ་ཟིན་ཀྱང་རྗེས་སུ་དཔག་པའི་མཐུས་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་མི་བཟོད་ན། དེ་ལྟ་ན་ཁྱོད་ལ་གསོར་མི་རུང་བའི་གནོད་པ་ཆེན་པོ་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། ཇི་ལྟར་
ཞེ་ན། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་སྨྲས་ཏེ། རེ་ཞིག་དེ་ཉིད་བདེན་པ་བཞི་པོ་རྣམས་མེད་པའི་སྐྱོན་དུ་འགྱུར་བ་སྤྱིར་བསྟན་ཏོ། །ད་ནི་སྡུག་བསྔལ་གྱི་བདེན་
པ་མེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར་ཇི་ལྟར་ཞེ་ན། གལ་ཏེ་སྡུག་བསྔལ་མི་སྟོང་བར་གྱུར་ན། དངོས་པོའི་མཚན་ཉིད་ནི་བྱས་པ་མ་ཡིན་པའི་ཕྱིར་དེ་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པར་འགྱུར་ཏེ། གང་དེ་ལྟ་བུར་གྱུར་པ་དེ་ནི་ཐ་སྙད་དུ་ཡང་ཡོད་པར་ཤེས་པར་མི་ནུས་
ན་དོན་དམ་པར་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་ཕྱིར་བཤད་པ། རྟེན་ཅིང་འབྲེལ་འབྱུང་མ་ཡིན་ན། །སྡུག་བསྔལ་ཡོད་པར་ག་ལ་འགྱུར། །རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པ་ལ་མི་རྟག་པ་ཉིད་མེད་པས་སྡུག་བསྔལ་ཉིད་དུ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་
เล่ม ๑๐๑ · หน้า 243b
ཀྱི་ཕྱིར་བཤད་པ། མི་རྟག་སྡུག་བསྔལ་གསུངས་པ་དེ། །ངོ་བོ་ཉིད་ལ་ཡོད་མ་ཡིན། །མདོ་སྡེ་ལས་གང་མི་རྟག་པ་དེ་སྡུག་བསྔལ་ལོ་ཞེས་གསུངས་པ་དེ་ངོ་བོ་ཉིད་ཡོད་པ་ལ་མེད་པར་འགྱུར་རོ་ཞེས་བྱ་བ་སྨྲས་སོ། །ཀུན་འབྱུང་གི་བདེན་པ་མེད་པའི་སྐྱོན་དུ་འགྱུར་བར་བསྟན་
པའི་ཕྱིར། གང་གི་ཚེ་དེ་ལྟར་སྡུག་བསྔལ་ངོ་བོ་ཉིད་ལས་ཡོད་པ་ཡིན་པ་དེའི་ཚེ། ངོ་བོ་ཉིད་ལས་ཡོད་མིན་ན། །ཇི་ཞིག་ཀུན་དུ་འབྱུང་བར་འགྱུར། །ཀུན་འབྱུང་བར་མི་འགྱུར་བ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏེ། དཔེར་ན་ཇི་འཕགས་པ་རྫུན་གསུང་བར་འགྱུར་རམ་ཞེས་བྱ་བ་
བཞིན་ནོ། །དེ་ཕྱིར་སྟོང་ཉིད་གནོད་བྱེད་ལ། །ཀུན་འབྱུང་ཡོད་པ་མ་ཡིན་ནོ། །ངོ་བོ་ཉིད་ཡོད་པ་ནི་རྒྱུ་ལ་མི་ལྟོས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འགོག་པའི་བདེན་པ་མེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། གཞན་ཡང་སྡུག་བསྔལ་ངོ་བོ་ཉིད་ཡོད་ལ། །འགོག་པ་ཡོད་པ་
མ་ཡིན་ནོ། །ངོ་བོ་ཉིད་ནི་ཡོངས་གནས་ཕྱིར། །འགོག་པ་གནོད་པ་བྱེད་པ་ཡིན། །ངོ་བོ་ཉིད་ཀྱིས་བྱས་པ་མ་ཡིན་པར་གནས་པ་ལ་འགོག་པ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །ལམ་གྱི་བདེན་པ་མེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། དེ་བཞིན་
དུ་ལམ་ནི་ངོ་བོ་ཉིད་ཡོད་ན། །བསྒོམ་པ་འཐད་པར་མི་འགྱུར་རོ། །བསྒོམ་པ་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་ཡང་དང་ཡང་དུ་བསྐྱེད་པར་བྱ་བ་ཡིན་ན་ལམ་ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པ་ལ་སྐྱེ་བ་མི་འཐད་པས་བསྒོམ་པ་འཐད་པར་མི་འགྱུར་རོ་ཞེས་བྱ་བ་སྨྲས་སོ། །བདེན་པ་བཞི་
མེད་པའི་སྐྱོན་དུ་འགྱུར་བ་དེ་དག་མི་འདོད་ན་ནི་ངོ་བོ་ཉིད་ཡོད་པ་ཉིད་དུ་མ་འཛིན་ཅིག་ཅེས་བསྟན་པའི་ཕྱིར། ཇི་སྐད་བསྟན་པའི་སྐྱོན་ཡོངས་སུ་སྤོང་བར་འདོད་པས། ཇི་སྟེ་ལམ་དེ་བསྒོམ་བྱ་ན། །ཁྱོད་ཀྱི་དངོས་ཉིད་ཡོད་མ་ཡིན། །སྐྱེ་བ་ཡོད་ན་བསྒོམ་པ་རབ་ཏུ་འགྲུབ་པའི་ཕྱིར་རོ། །སྐྱེ་བ་ནི་
ངོ་བོ་ཉིད་མེད་པ་ཉིད་མེད་ན་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་བདེན་པ་བཞི་མེད་ན་ལམ་གྱིས་མྱ་ངན་ལས་འདས་པ་ཐོབ་པ་མེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། དེ་ལྟར་ཇི་སྐད་བསྟན་པའི་ཚུལ་གྱིས། གང་ཚེ་སྡུག་བསྔལ་ཀུན་འབྱུང་དང་། །འགོག་པ་ཡོད་པ་མ་ཡིན་
เล่ม ๑๐๑ · หน้า 244a
ན། །ལམ་གྱི་སྡུག་བསྔལ་འགོག་པ་ནི། །གང་ཞིག་ཐོབ་པར་འགྱུར་བར་འདོད། །སྡུག་བསྔལ་མ་སྐྱེས་པ་ལ་འགོག་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་སོ། །ད་ནི་ངོ་བོ་ཉིད་ཡོད་པར་སྨྲ་བ་ལ་སྡུག་བསྔལ་ཡོངས་སུ་ཤེས་པ་མེད་པའི་སྐྱོན་དུ་འགྱུར་
བར་བསྟན་པའི་ཕྱིར། གཞན་ཡང་ཁྱོད་ཀྱི་ཚུལ་གྱིས་སྡུག་བསྔལ། གལ་ཏེ་ངོ་བོ་ཉིད་ཀྱིས་ནི། །ཡོངས་སུ་ཤེས་པ་མ་ཡིན་ན། །དེ་ནི་ཇི་ལྟར་ཡོངས་ཤེས་འགྱུར། །དངོས་ཉིད་གནས་ཤེས་མ་ཡིན་ནམ། །གལ་ཏེ་སྡུག་བསྔལ་ངོ་བོ་ཉིད་ཀྱིས་ཡོངས་སུ་ཤེས་པ་མ་ཡིན་ན་དེ་ཇི་ལྟར་ཡོངས་
སུ་ཤེས་པར་འགྱུར་ཏེ། ཁྱེད་ཀྱི་གཞུང་ལས་ངོ་བོ་ཉིད་མི་འགྱུར་བར་གནས་པ་ཡིན་པར་འདོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །ཀུན་འབྱུང་སྤང་བ་དང་། འགོག་པ་མངོན་སུམ་དུ་བྱ་བ་དང་། ལམ་བསྒོམ་པ་དང་། དགེ་སྦྱོང་གི་འབྲས་བུ་བཞི་མེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། དེ་ལྟར་
སྡུག་བསྔལ་ངོ་བོ་ཉིད་ཀྱིས་ཡོངས་སུ་ཤེས་པ་མ་ཡིན་ན་སྐྱོན་ཡོངས་སུ་མ་ཤེས་པ་དེའི་རྒྱུ་སྲེད་པ་ངོ་བོ་ཉིད་ཀྱིས་མ་སྤངས་པ་ལ་སྤངས་པ་མི་འཐད་པ་དང་། སྲེད་པ་ངོ་བོ་ཉིད་ཀྱིས་མ་སྤངས་པ་ལ་དེ་འགོག་པ་མེད་པའི་ཕྱིར་འགོག་པ་མངོན་སུམ་དུ་བྱ་བ་མི་འཐད་པ་དང་། འགོག་པ་མེད་ན་འགོག་པར་
འགྲོ་བའི་ལམ་ངོ་བོ་ཉིད་ཀྱིས་མ་བསྒོམས་པ་ལ་ལམ་བསྒོམ་པར་མི་འཐད་པ་དང་། དེ་ལྟར་འཕགས་པའི་བདེན་པ་བཞི་མེད་ན་དགེ་སྦྱོང་གི་འབྲས་བུ་བཞི་དག་ཀྱང་ཡོངས་སུ་ཤེས་པ་བཞིན་དུ་མི་འཐད་པས། དེའི་ཕྱིར་བཤད་པ། དེ་བཞིན་དུ་ནི་ཁྱོད་ཉིད་ཀྱིས། །སྤང་དང་མངོན་སུམ་བྱ་བ་དང་། །བསྒོམས་
དང་འབྲས་བུ་བཞི་དག་ཀྱང་། །ཡོངས་སུ་ཤེས་བཞིན་མི་རུང་ངོ་། །ངོ་བོ་ཉིད་ཀྱིས་སྤང་བ་དང་མངོན་སུམ་དུ་བྱ་བ་དང་། བསྒོམ་པ་མ་ཡིན་པ་ལ་དེ་དག་མི་འཐད་པ་དང་། ངོ་བོ་ཉིད་ཀྱིས་འབྲས་བུ་མངོན་སུམ་དུ་མ་བྱས་པ་ལ་མངོན་སུམ་དུ་བྱ་བ་མི་འཐད་པས་རྒྱུན་དུ་ཞུགས་པ་དང་། ལན་ཅིག་
ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཞེས་བྱ་བ་འབྲས་བུ་བཞི་པོ་དག་མངོན་སུམ་དུ་བྱ་བ་ཡང་ཡོངས་སུ་ཤེས་པ་བཞིན་དུ་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་སོ། །ཇི་སྟེ་འབྲས་བུ་འཐོབ་པར་ཡང་འདོད་ལ། ངོ་བོ་ཉིད་ཡོད་པར་སྨྲ་བ་ཡང་མི་གཏོང་ན་དེ་ལ་བརྒལ་
เล่ม ๑๐๑ · หน้า 244b
ཞིང་བརྟག་པར་བྱ་སྟེ་ཞེས་བྱ་བ་ནི་དེ་གཉིས་ཆར་འགྱུར་བས་འབྲས་བུ་ངོ་བོ་ཉིད་ཀྱིས་ཐོབ་པ་ཡིན་ན་ནི་ཐོབ་པར་བྱ་བ་མི་ནུས་ལ། ཇི་སྟེ་ཐོབ་པར་བྱར་ནུས་ན་ནི་ངོ་བོ་ཉིད་དུ་སྨྲ་བ་གཏང་བར་བྱའོ་ཞེས་སྟོན་ཏོ། །དེའི་ཕྱིར། ངོ་བོ་ཉིད་ནི་ཡོངས་འཛིན་པས། །འབྲས་བུ་ངོ་བོ་ཉིད་ཀྱིས་ནི། །ཐོབ་
པ་མིན་པ་གང་ཡིན་ཏེ། །ཇི་ལྟར་ཐོབ་པར་ནུས་པར་འགྱུར། །ངོ་བོ་ཉིད་ཡོངས་སུ་འཛིན་པས་འབྲས་བུ་ངོ་བོ་ཉིད་ཀྱིས་མ་ཐོབ་པ་གང་ཡིན་པ་དེ་ཐོབ་པར་མི་ནུས་སོ། །ཇི་སྟེ་དངོས་པོ་མ་ཐོབ་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་དབང་གིས་ཐོབ་པར་རུང་ངོ་ཞེ་ན། དེ་ལྟ་ན་ནི་མ་ཐོབ་པ་ལ་
ཐོབ་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་པས་ངོ་བོ་ཉིད་དུ་སྨྲ་བ་གཏང་བར་བྱའོ་ཞེས་བྱ་བ་སྨྲས་སོ། །ད་ནི་དེ་ལྟར་དགེ་སྦྱོང་གི་འབྲས་བུ་བཞི་མེད་པས་འབྲས་བུ་ལ་གནས་པ་བཞི་དང་། ལམ་ལ་གནས་པ་བཞི་མེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། དེའི་ཕྱིར་དེ་ལྟར། འབྲས་བུ་མེད་ན་
འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །ཞེས་བྱ་བ་སྨྲས་སོ། །དེ་དག་མེད་པས་དགེ་འདུན་དཀོན་མཆོག་མེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར་དེས་ན་སྐྱོན་འདིར་ཡང་འགྱུར་ཏེ། གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །རྒྱུན་དུ་ཞུགས་པ་
ལ་སོགས་པའི་ལམ་དང་འབྲས་བུའི་དབྱེ་བས་འཐད་པའི་སྐྱེས་བུ་གཙོ་བོ་དེ་དག་མེད་ན་དགེ་འདུན་དཀོན་མཆོག་ཀྱང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་སོ། །དེས་ན་ཆོས་དཀོན་མཆོག་ཀྱང་མེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར་འཕགས་པའི་བདེན་པ་རྣམས་མེད་ན་
དགེ་འདུན་མེད་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། འོ་ན་ཅི་ཞེ་ན། འཕགས་པའི་བདེན་པ་རྣམས་མེད་པའི་ཕྱིར། དམ་པའི་ཆོས་ཀྱང་ཡོད་མ་ཡིན། འཕགས་པའི་བདེན་པ་རྣམས་མེད་ན་ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་ཀྱང་ཡོད་པ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་སྨྲས་
སོ། །དེས་ན་སངས་རྒྱས་དཀོན་མཆོག་ཀྱང་མེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། དེ་ལྟར། ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །སངས་རྒྱས་ཉིད་ནི་ཆོས་ཐུགས་སུ་ཆུད་པ་དང་། སློབ་མ་རྟོགས་པར་མཛད་པས་འགྲུབ་པ་ཡིན་ན་
เล่ม ๑๐๑ · หน้า 245a
དེ་དག་ཡོད་པ་མ་ཡིན་ན་སངས་རྒྱས་ཀྱང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་སོ། །ད་ནི་ངོ་བོ་ཉིད་ཡོད་པར་སྨྲ་བའི་ཕྱོགས་ལ་སངས་རྒྱས་བཅོམ་ལྡན་འདས་ལ་སངས་རྒྱས་ཀྱི་ངོ་བོ་ཉིད་མེད་པ་དང་ཡོད་པ་ཉིད་ཡིན་པར་གྱུར་ན་དེ་གཉི་ག་ལ་སངས་རྒྱས་དཀོན་མཆོག་མེད་པའི་
སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། གཞན་ཡང་ངོ་བོ་ཉིད་ཡོད་པར་སྨྲ་བའི་ཕྱོགས་ལ་སངས་རྒྱས་བཅོམ་ལྡན་འདས་ལ་སངས་རྒྱས་ཀྱི་ངོ་བོ་ཉིད་མེད་པ་ཡིན་ནམ། སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་པ་ཡིན། །དེས་ཅིར་འགྱུར་ཞེ་ན། གལ་ཏེ་སངས་རྒྱས་ཀྱི་ངོ་བོ་ཉིད་མེད་པར་འདོད་ན་ནི་གྲུབ་པ་ལ་
བསྒྲུབ་པ་ཡིན་ནོ། །གལ་ཏེ་སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་པར་འདོད་ན་ནི་དེ་ལྟ་ན་སངས་རྒྱས་བྱང་ཆུབ་ལ་བརྟེན་ནས་སངས་རྒྱས་པ་མ་ཡིན་པས། ཁྱོད་ཀྱི་སངས་རྒྱས་བྱང་ཆུབ་ལ། །མ་བརྟེན་པར་ཡང་ཐལ་བར་འགྱུར། །ཁྱོད་ཀྱི་བྱང་ཆུབ་སངས་རྒྱས་ལ། །མ་བརྟེན་པར་ཡང་ཐལ་བར་འགྱུར། །ངོ་
བོ་ཉིད་ནི་བྱས་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར། དེས་བྱས་པ་མ་ཡིན་པའི་རྒྱུ་བསྟན་པར་བཞེད་པ་ཉིད་ཀྱིས་བཤད་པ། ཁྱོད་ཀྱི་ངོ་བོ་ཉིད་ཀྱིས་ནི། །སངས་རྒྱས་མིན་པ་གང་ཡིན་དེས། །བྱང་ཆུབ་བྱང་ཆུབ་སྤྱོད་པ་ལ། །བརྩལ་
ཀྱང་བྱང་ཆུབ་འཐོབ་མི་འགྱུར། །འགའ་ཡང་ཆོས་དང་ཆོས་མིན་པ། །ནམ་ཡང་བྱེད་པར་མི་འགྱུར་ཏེ། །མི་སྟོང་པ་ལ་ཅི་ཞིག་བྱ། །ངོ་བོ་ཉིད་ལ་བྱ་བ་མེད། །ངོ་བོ་ཉིད་ལས་ཡོད་པ་མ་བྱས་པ་ལ་བྱེད་པ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །གལ་ཏེ་འདིར་གྲངས་ཅན་ལ་སོགས་པ་གཞན་དག་ན་རེ་
ངོ་བོ་ཉིད་ཀྱིས་ཆ་ཕྲ་བ་ཉིད་དང་མི་གསལ་བའི་བདག་ཉིད་དུ་སྔ་ན་ཡོད་པ་ཕྱིས་བྱ་བའི་རྐྱེན་གྱིས་རགས་པ་ཉིད་དང་གསལ་བ་ཉིད་དུ་བྱེད་དོ་ཞེས་ཟེར་བའི་ཕྱོགས་དགག་པའི་ཕྱིར་རགས་པ་ཉིད་དང་གསལ་བ་ཉིད་དུ་ཡང་མི་བྱེད་དེ། གཉི་གའི་ལན་ཀྱང་བཏབ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །གང་དག་
འདི་སྐད་ཅེས་ཁྱེད་ཅག་གང་ངོ་བོ་ཉིད་ལས་ཡོད་པའི་སྐྱེ་བ་ལ་སོགས་པ་དགག་པ་སྨྲ་ཞིང་ངོ་བོ་ཉིད་མེད་པ་ཉིད་སྒྲོགས་པར་བྱེད་ན་མ་བྱས་པ་ལ་ངོ་བོ་ཉིད་ཡོད་པ་དེའི་དཔེ་ཇི་ལྟ་བུ་ཡིན་པ་བརྗོད་པར་བྱ་དགོས་སོ་ཞེས་ཟེར་ན་ཞེས་བྱ་བ་ནི་ངོ་བོ་ཉིད་ཡོད་པར་སྨྲ་བ་དག་ན་རེ་ཁྱེད་དབུ་མ་པ་དག་ངོ་བོ་ཉིད་ཡོད་པ་ནི་མ་བྱས་
เล่ม ๑๐๑ · หน้า 245b
པ་ཡིན་པའི་ཕྱིར་དེ་ལ་སྐྱེ་བ་ལ་སོགས་པ་མི་འཐད་དོ་ཞེས་ཁོ་བོ་ཅག་ལ་སྐྱོན་འདོགས་ཤིང་། ངོ་བོ་ཉིད་མེད་པ་ནི་རྐྱེན་གཞན་གྱིས་བྱས་པའི་ཕྱིར། དེ་ལ་སྐྱེ་བ་ལ་སོགས་པ་ཡང་འཐད་དོ་ཞེས་རང་གི་གཞུང་སྒྲུབ་པར་བྱེད་ན། འོ་ན་དེ་ལྟ་ན་མ་བྱས་པ་ལ་ངོ་བོ་ཉིད་ཡོད་པ་དེའི་དཔེ་ཇི་ལྟ་བུ་ཡིན་པར་བརྗོད་པར་
བྱ་དགོས་ཏེ། དེ་མ་བརྗོད་དུ་ཟིན་ན་ཚུལ་གསུམ་པའི་རྟགས་ལས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མ་བསྟན་པས་ཁྱེད་ཀྱི་གཏན་ཚིགས་སྔ་མ་དག་མི་འགྲུབ་བོ་ཞེས་ཟེར་བའི་ཚིག་ཡིན་ནོ། དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ།
ཁོ་བོས་མི་མཐུན་པའི་ཕྱོགས་ཡོངས་སུ་བརྟགས་ན་ནི་གཏན་ཚིགས་ལྡོག་པ་ཡང་བརྗོད་པར་བྱ་དགོས་ན། ཁོ་བོ་ནི་ངོ་བོ་ཉིད་མེད་པ་ཉིད་སྟོན་པའི་གཏན་ཚིགས་བསྟན་པའི་ཕྱིར་འདི་ལ་གང་དང་གང་བྱས་པ་དེ་དང་དེ་ངོ་བོ་ཉིད་མེད་པར་མཐོང་སྟེ། དཔེར་ན་སྒྱུ་མ་བཞིན་ནོ། །དེ་བཞིན་དུ་ནང་གི་
དངོས་པོ་རྣམས་ཀྱང་བྱས་པ་ཡིན་པས་དེའི་ཕྱིར། དེ་དག་ཀྱང་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེས་སྨྲའོ། །གལ་ཏེ་འགའ་ཞིག་ངོ་བོ་ཉིད་ཡོད་པར་གྱུར་ན་དེ་ནི་དེ་ལས་བཟློག་པའི་ཕྱིར་མ་བྱས་པའི་ངོ་བོ་ཉིད་ཡིན་པས། ངོ་བོ་ཉིད་ཡོད་པར་སྨྲ་བས་ནི་འབད་པ་ཆེན་པོས་མ་བྱས་པ་ལ་ངོ་བོ་ཉིད་ཡོད་དེ།
དཔེར་ན་འདི་འདྲའོ་ཞེས་བརྗོད་པར་བྱ་དགོས་པས་དེའི་ཕྱིར་དེ་ནི་གྱི་ནའོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོས་དངོས་པོ་ཐམས་ཅད་བྱས་པའི་ཕྱིར་ངོ་བོ་ཉིད་མེད་པའི་མི་མཐུན་པའི་ཕྱོགས་མ་བྱས་པ་ལ་ངོ་བོ་ཉིད་ཡོད་དེ། དཔེར་ན་འདི་འདྲའོ་ཞེས་བྱ་བ་ཞིག་ཡོངས་སུ་བརྟགས་ན་ནི། དེ་ལས་གཏན་
ཚིགས་ལྡོག་པ་ཡང་བརྗོད་པར་དགོས་པ་ཞིག་ན་ཁོ་བོ་ཅག་དབུ་མ་པ་ལ་དངོས་པོ་ཐམས་ཅད་བྱས་པའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་དུ་སྨྲ་བ་ལ་དེའི་མི་མཐུན་པའི་ཕྱོགས་མ་བྱས་པ་ལ་ངོ་བོ་ཉིད་ཡོད་དེ། དཔེར་ན་འདི་འདྲའོ་ཞེས་བྱ་བ་མེད་པས་མི་མཐུན་པའི་ཕྱོགས་མེད་པ་ལ་གཏན་ཚིགས་རང་བཞིན་
གྱིས་མི་འཇུག་པ་ཉིད་མི་མཐུན་པའི་ཕྱོགས་ལས་ལྡོག་པའི་ཚུལ་ཡང་ཡིན་ལ། མི་མཐུན་པའི་ཕྱོགས་ཡོད་པར་མ་བརྟགས་པ་ལ་གཏན་ཚིགས་ལྡོག་པ་ཡང་བརྗོད་པར་བྱ་མི་དགོས་སོ། །ཁོ་བོ་ཅག་ངོ་བོ་ཉིད་མེད་པ་ཉིད་དུ་སྟོན་པའི་གཏན་ཚིགས་བྱས་པའི་ཕྱིར་ངོ་བོ་ཉིད་མེད་དེ་སྒྱུ་མ་བཞིན་ནོ་
เล่ม ๑๐๑ · หน้า 246a
ཞེས་སྟོན་པ་དེ་ལས་བཟློག་པ་མ་བྱས་པའི་ཕྱིར་ངོ་བོ་ཉིད་ཡོད་དེ། དཔེར་ན་འདི་འདྲའོ་ཞེས་བྱ་བ་འགའ་ཞིག་ཡོད་ན་ནི་དེ་ཁྱོད་ཀྱི་ཕྱོགས་ཡིན་པས་ངོ་བོ་ཉིད་ཡོད་པར་སྨྲ་བ་ཁྱེད་ཀྱིས་ནི་འབད་པ་ཆེན་པོས་མ་བྱས་པ་ལ་ངོ་བོ་ཉིད་ཡོད་དེ་དཔེར་ན་འདི་འདྲའོ་ཞེས་བརྗོད་པར་བྱ་དགོས་ན། དེ་
ལྟ་བུའི་རྗེས་སུ་འགྲོ་བ་ཡང་ཁྱེད་ལ་མེད་པས་དེའི་ཕྱིར་ཁྱེད་ཀྱི་ཚིག་དེ་ནི་གྱི་ནའོ། །ད་ནི་ངོ་བོ་ཉིད་ཡོད་པར་སྨྲ་བ་དག་གི་ཕྱོགས་ལ་འཇིག་རྟེན་པའི་འབྲས་བུ་ཡོད་པ་དང་། ཆོས་དང་ཆོས་མ་ཡིན་པ་དག་མེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། གཞན་ཡང་། ཆོས་དང་ཆོས་མིན་རྒྱུས་
བྱུང་བའི། །འབྲས་བུ་ཁྱོད་ལ་ཡོད་མ་ཡིན། །ངོ་བོ་ཉིད་ལས་ཡོད་པ་ནི་རྒྱུ་ལས་མི་ལྟོས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་ལྟ་ན་འབྲས་བུ་རྒྱུ་མེད་པ་ལས་འབྱུང་བར་ལྟ་བའི་སྐྱོན་དུ་ཡང་འགྱུར་བར་བསྟན་པའི་ཕྱིར། དེའི་ཕྱིར། ཆོས་དང་ཆོས་མིན་མེད་པར་ཡང་། །འབྲས་བུ་ཁྱོད་
ལ་ཡོད་པར་འགྱུར། །དེ་ལྟ་ན་འཇིག་རྟེན་དང་བསྟན་བཅོས་དང་འགལ་བར་འགྱུར་རོ་ཞེས་བྱ་བ་སྨྲས་སོ། །ཇི་སྟེ་དེ་དག་དང་འགལ་བར་འགྱུར་ན་མི་རུང་ངོ་སྙམ་པས། ཆོས་དང་ཆོས་མིན་རྒྱུས་བྱུང་བའི། །འབྲས་བུ་གལ་ཏེ་ཁྱོད་ལ་ཡོད། །ཆོས་དང་ཆོས་མིན་ལས་བྱུང་བའི། །འབྲས་བུ་
ཅི་ཕྱིར་སྟོང་མ་ཡིན། །སྐྱེས་པ་ནི་སྟོང་པ་ཡིན་པའི་ཕྱིར་དཔེར་ན་སྒྱུ་མར་བྱས་པའི་གླང་པོ་ཆེ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི་འབྲས་བུ་རྒྱུ་ལས་བྱུང་བར་འདོད་ན་ངོ་བོ་ཉིད་སྟོང་པ་ཡིན་པར་ཁས་བླང་བར་བྱ་དགོས་སོ་ཞེས་བསྟན་ཏོ། །ད་ནི་ངོ་བོ་ཉིད་ཡོད་པར་སྨྲ་ན་ནི་འཇིག་རྟེན་
པའི་ཐ་སྙད་ཐམས་ཅད་ལ་ཡང་གནོད་པ་བྱེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། དེ་ལྟར་རང་གི་གྲུབ་པའི་མཐའ་ལ་གནོད་པ་བྱེད་པ་འབའ་ཞིག་དུ་ཡང་མ་ཟད་དེ། འཇིག་རྟེན་པའི་ཐ་སྙད་ནི། ཀུན་ལའང་གནོད་པ་བྱེད་པ་ཡིན། །བུམ་པ་གྱིས་ཤིག །ཁང་པ་རྩིགས་ཤིག །ལྷས་བྱིན་བ་
དཀར་མོ་ཁྲིད་དེ་ཤོག་ཤིག །མཆོད་སྦྱིན་གླེགས་བམ་ཆིངས་ཤིག །ཁྱབ་འཇུག་བྱིན་སཱ་ལུའི་འབྲས་ཆན་ཁར་ཙང་བཞོས་པའི་བ་མར་དང་ཟོ་ཤིག་ཅེས་བྱ་བ་ལ་སོགས་པ་འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ལ་ཡང་གནོད་པ་བྱེད་པ་ཡིན་ཏེ། བུམ་པ་ལ་སོགས་པ་ངོ་བོ་ཉིད་ལས་ཡོད་པ་ལ་
เล่ม ๑๐๑ · หน้า 246b
བྱ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །ད་ནི་ངོ་བོ་ཉིད་དུ་སྨྲ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་མི་འགྲུབ་ལ་བྱ་བ་དང་། བྱེད་པ་དང་། བྱེད་པ་པོ་ལ་ཡང་གནོད་པ་བྱེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་མི་འགྲུབ་པས་དེའི་ཕྱིར་
བཤད་པ། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པའི། །སྟོང་པ་ཉིད་ལའང་གནོད་པ་བྱེད། །དེ་ལ་གནོད་པ་བྱེད་པས་ན། །བྱ་བ་ཅི་ཡང་མེད་འགྱུར་ཞིང་། བྱ་བ་རྩོམ་པའང་མེད་པར་འགྱུར། །བྱ་བ་དང་བྱེད་པ་མེད་ན། །སྟོང་པ་ཉིད་ལ་གནོད་བྱེད་ན། །མི་བྱེད་པ་ཡང་བྱེད་པར་འགྱུར། །ཞེས་
བྱ་བ་སྨྲས་སོ། །ད་ནི་ངོ་བོ་ཉིད་ཡོད་པར་སྨྲ་ན་འགྲོ་བ་རྣམས་གནས་སྐབས་སྣ་ཚོགས་དང་བྲལ་ཞིང་སྐྱེ་འགག་མེད་པར་ཐེར་ཟུག་ཏུ་གནས་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། གཞན་ཡང་། དངོས་ཉིད་ཡོད་ན་འགྲོ་བ་རྣམས། །གནས་སྐབས་སྣ་ཚོགས་བྲལ་འགྱུར་ཞིང་། །
མ་སྐྱེས་པ་དང་མ་འགགས་དང་། །ཐེར་ཟུག་ཏུ་ཡང་གནས་པར་འགྱུར། །ཁ་དོག་དང་། དབྱིབས་དང་། རིགས་དང་། བོང་ཚོད་ལ་སོགས་པའི་གནས་སྐབས་སྣ་ཚོགས་དང་བྲལ་ཞིང་རྩིག་པ་ལ་བྲིས་པའི་རི་མོ་བཞིན་དུ་འགྱུར་ཏེ། བྱས་པ་མ་ཡིན་པ་ལ་འཇིག་པ་མེད་པའི་ཕྱིར་རོ་ཞེས་བྱ་
བ་སྨྲས་སོ། །ད་ནི་སྟོང་པ་ཉིད་མི་འདོད་པའི་ཕྱོགས་ལ་ཐོབ་པར་བྱ་བ་དང་། སྡུག་བསྔལ་མཐར་བྱེད་པ་དང་། ཉོན་མོངས་པ་སྤང་བ་དག་མེད་པའི་སྐྱོན་དུ་འགྱུར་བ་བསྟན་པའི་ཕྱིར། གལ་ཏེ་སྟོང་པ་ཡོད་མིན་ན། །མ་ཐོབ་ཐོབ་པར་བྱ་བ་དང་། །སྡུག་བསྔལ་མཐར་བྱེད་ལས་དང་ནི། །ཉོན་
མོངས་ཐམས་ཅད་སྤོང་བའང་མེད། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཐོབ་པར་བྱ་བའི་ཁྱད་པར་དང་སྡུག་བསྔལ་མཐར་འབྱིན་པར་བྱེད་པའི་ལས་དང་དེའི་གཉན་པོ་དག་བྱར་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་དག་ནི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་དེ་ལྟར་ནི་མི་འདོད་པས་
དེའི་ཕྱིར་སྐབས་ཀྱི་དོན་རྟེན་ཅིང་འབྲེལ་པར་འབྱུང་བ་བདེན་པ་གཉི་གའི་ཚུལ་དུ་ངོ་བོ་ཉིད་མེད་པ་ཉིད་ཁས་བླང་བ་བསྟན་པའི་ཕྱིར། དེ་ལྟར་མི་འདོད་པས་དེའི་ཕྱིར་མ་དད་བཞིན་དུ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ངོ་བོ་ཉིད་ལས་སྐྱེ་བ་མེད་པ་སྒྱུ་མ་དང་། སྨིག་རྒྱུ་ལྟ་བུའི་བདག་ཉིད་དུ་སྐྱེ་བ་ཁས་བླང་
เล่ม ๑๐๑ · หน้า 247a
བར་བྱའོ་ཞེས་བྱ་བ་སྨྲས་སོ། །ད་ནི་རྣལ་འབྱོར་པ་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་ལ་སོགས་པའི་སྐྱོན་གྱིས་རབ་རིབ་དང་བྲལ་བའི་བློ་གྲོས་ཀྱི་མིག་ཅན་གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་ངོ་བོ་ཉིད་མེད་པ་ཉིད་དུ་མཐོང་བ་དེས་འཕགས་པའི་བདེན་པ་བཞི་མཐོང་བ་ཡིན་ནོ། །
ཞེས་མཇུག་བསྡུ་བ་བསྟན་པའི་ཕྱིར། དེའི་ཕྱིར་དེ་ལྟར་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་ལ་སོགས་པ་ལྟ་བའི་སྐྱོན་གྱི་རབ་རིབ་དང་བྲལ་བའི་བློ་གྲོས་ཀྱི་མིག་ཅན། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །མཐོང་བ་དེ་ནི་སྡུག་བསྔལ་དང་། །ཀུན་འབྱུང་དང་ནི་འགོག་པ་དང་། །ལམ་ཉིད་
དེ་དག་མཐོང་བ་ཡིན། །ཐ་སྙད་དང་དོན་དམ་པའི་བདེན་པའི་ཚུལ་ལ་ལྟོས་པས་མཐོང་བ་དང་། མཐོང་བ་མེད་པའི་ཚུལ་གྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་སྐད་བསྟན་པའི་མཚན་ཉིད་མཐོང་བ་དེས་བདེན་པ་བཞི་པོ་དེ་དག་ཉིད་སྐྱེ་བ་དང་། སྐྱེ་བ་མེད་པ་ལ་སོགས་པའི་རྣམ་པ་སྔར་ཇི་སྐད་བསྟན་
པ་དག་གིས་མཐོང་བ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །གང་གིས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་གསུངས་པ་བཞིན་ནོ། །གལ་ཏེ་སྡུག་བསྔལ་ལ་སོགས་པའི་རྣམ་པ་དག་མ་གཏོགས་པར་གཞན་དུ་མཐོང་བ་
ནི་བདེན་པ་མཐོང་བ་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་རང་གི་སྡེ་པ་དག་ན་རེ། བདེན་པ་བཞི་རྣམ་པ་བཅུ་དྲུག་ཏུ་དབྱེ་བ་མ་གཏོགས་པར་གཞན་དུ་མཐོང་བ་ནི་བདེན་པ་མཐོང་བ་མ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། བདེན་པ་མཐོང་བ་
ཞེས་བྱ་བའི་སྒྲས་དེའི་དོན་གང་ཡིན་ཞེས་བརྟགས་པ་སྨྲས་སོ། །གལ་ཏེ་ནང་གི་སྐྱེ་མཆེད་རྣམས་ཕྱིན་ཅི་མ་ལོག་པ་དེ་ཁོ་ན་དང་བཅས་པ་ཉིད་མཐོང་བའོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་ན་རེ་བདེན་པ་མཐོང་བ་ཞེས་བྱ་བའི་སྒྲ་དེའི་དོན་ནི་ནང་གི་སྐྱེ་མཆེད་རྣམས་མིག་གིས་གཟུགས་མཐོང་
བ་ནས་ཡིད་ཀྱིས་ཆོས་འཛིན་པའི་བར་དུ་ཕྱིན་ཅི་མ་ལོག་པ་བདེན་པ་བཞི་རྣམ་པ་བཅུ་དྲུག་ཏུ་རྣམ་པར་དབྱེ་བའི་དེ་ཁོ་ན་དང་བཅས་པ་ཉིད་མཐོང་བའོ་ཞེ་ནའོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། ཇི་སྐད་བསྟན་པའི་ཚུལ་གྱིས་སྐྱེ་བ་བཀག་པའི་ཕྱིར། སྡུག་བསྔལ་སྐྱེ་བ་མེད་པ་ལ་སོགས་
เล่ม ๑๐๑ · หน้า 247b
པར་མཐོང་བ་ནི་འཕགས་པའི་བདེན་པ་ཡིན་པར་གྲུབ་པའི་ཕྱིར་འདོད་པའི་དོན་ཉམས་སོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོས་ཇི་སྐད་བསྟན་པའི་ཚུལ་གྱིས་དོན་དམ་པར་སྐྱེ་བ་བཀག་པའི་ཕྱིར། སྡུག་བསྔལ་སྐྱེ་བ་མེད་པ་ལ་སོགས་པར་མཐོང་བས་ནི་འཕགས་པའི་བདེན་པ་ཡིན་པར་གྲུབ་པའི་ཕྱིར་ཁྱེད་
ནང་གི་སྐྱེ་མཆེད་རྣམས་མིག་གིས་གཟུགས་མཐོང་བ་ནས་ཡིད་ཀྱིས་ཆོས་འཛིན་པའི་བར་དུ་ཕྱིན་ཅི་མ་ལོག་པ་བདེན་པ་བཞི་རྣམ་པ་བཅུ་དྲུག་ཏུ་རྣམ་པར་དབྱེ་བའི་དེ་ཁོ་ན་དང་བཅས་པ་ཉིད་མཐོང་བ་འཕགས་པའི་བདེན་པ་ཡིན་པར་འདོད་པའི་དོན་ཉམས་སོ། །དེ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར།
འདི་ནི་སྡུག་བསྔལ་ལ་སོགས་པ་ཇི་ལྟར་མཐོང་ན་བདེན་པ་མཐོང་བ་ཡིན་ཞེས་དཔྱད་པར་བྱ་བ་ཡིན་གྱི། མའི་ལ་དུའི་ཚུལ་གྱིས་བྱུང་རྒྱལ་དུ་བརྗོད་དོ་ཅོག་གཟུང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འཕགས་པའི་བདེན་པ་འདི་ནི་ཇི་སྐད་དུ་མདོ་སྡེ་ལས་འཇམ་དཔལ་གང་གིས་
ཆོས་ཐམས་ཅད་སྐྱེ་བ་མེད་པར་མཐོང་བ་དེས་སྡུག་བསྔལ་ཡོངས་སུ་ཤེས་སོ། །གང་གིས་ཆོས་ཐམས་ཅད་མི་གནས་པར་མཐོང་བ་དེས་ཀུན་འབྱུང་སྤངས་སོ། །གང་གིས་ཆོས་ཐམས་ཅད་གཏན་དུ་མྱ་ངན་ལས་འདས་པར་མཐོང་བ་དེས་འགོག་པ་མངོན་སུམ་དུ་བྱས་སོ། །འཇམ་དཔལ་
གང་གིས་ཆོས་ཐམས་ཅད་བསྒོམ་དུ་མེད་པར་མཐོང་བ་དེས་ལམ་བསྒོམས་སོ་ཞེས་གསུངས་པ་དང་། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གལ་ཏེ་སྡུག་བསྔལ་མཐོང་བ་བདེན་པ་ཡིན་པར་གྱུར་ན་དེ་ལྟར་ན་སེམས་ཅན་དམྱལ་བ་པ་རྣམས་ཀྱིས་ཀྱང་བདེན་པ་མཐོང་བར་འགྱུར་
ཏེ། འདི་ལྟར་དེ་དག་ཀྱང་ཀྱེ་མའོ་སྡུག་བསྔལ། །ཀྱེ་མའོ་སྡུག་བསྔལ་ཞེས་རྣམ་པར་དབྱེ་བ་དབྱེ་བའི་ཕྱིར་རོ་ཞེས་གསུངས་པ་དང་། དེ་བཞིན་དུ་ཚངས་པ་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། ཇི་ལྟར་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་།
ལམ་ནི་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་གྱི། འདི་ལྟར་སྡུག་བསྔལ་གྱི་སྐྱེ་བ་མེད་པ་དང་། ཀུན་འབྱུང་གི་ཀུན་འབྱུང་བ་མེད་པ་དང་། ཆོས་ཐམས་ཅད་གཏན་དུ་འགགས་པ་དག་ལ་གཏན་འགོག་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དག་ལ་གཉིས་སུ་མེད་པ་ཉིད་དུ་ལམ་
เล่ม ๑๐๑ · หน้า 248a
བསྒོམས་པ་གང་ཡིན་པ་དེ་འཕགས་པ་རྣམས་ཀྱི་བདེན་པ་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་པ་ལ་སོགས་པ་དག་གིས་སྡུག་བསྔལ་ལ་སོགས་པ་ཇི་ལྟར་མཐོང་ན་བདེན་པ་མཐོང་བ་ཡིན་ཞེས་དཔྱད་པར་བྱ་བ་ཡིན་གྱི། མས་བུ་ངུ་བ་བྲིད་པའི་ཕྱིར་ཆང་པ་སྟོང་པ་བསྟན་ཏེ་འདི་རེ་བུ་
མ་ངུ་བར་ལ་དུ་འདི་ལོང་ཤིག་ཅེས་སྨྲ་བའི་ཚུལ་གྱིས་རང་གི་སྡེ་པ་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་ལ་སོགས་པ་ལ་མངོན་པར་ཞེན་པ་དག་གིས་བྱུང་རྒྱལ་དུ་བརྗོད་དོ་ཅོག་གཟུང་བར་བྱ་བ་མ་ཡིན་ནོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་སྟོང་པ་ཉིད་སྨྲ་བ་ལ་སྐྱོན་འདོགས་པ་སྨྲས་པ་དག་
ཕྱིར་བཟློག་པའི་སྒོ་ནས་རབ་ཏུ་བྱེད་པའི་དང་པོར་སྨྲས་པའི་གཏན་ཚིགས་མི་མཐུན་པའི་ཕྱོགས་འབའ་ཞིག་ལ་ཡོད་པར་བསྟན་པས་འཕགས་པའི་བདེན་པ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བས་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། འཕགས་པའི་བདེན་པ་བརྟག་
པའི་རབ་ཏུ་བྱེད་པ་ཉི་ཤུ་བཞི་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུ་ལྟ་བ་ནི་ཕ་རོལ་པོ་དག་གིས་སྔར་དབུ་མ་པ་ལ། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་
བྱ་བ་ལ་སོགས་པ་སྐྱོན་གདགས་པ་སྨྲས་པ་དག་ལ་དབུ་མ་པས། ཁྱོད་ཉིད་རང་གི་སྐྱོན་རྣམས་ནི། །ང་ལ་ཡོངས་སུ་སྒྱུར་བྱེད་པ། །རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་པ་བཞིན། །ཞེས་བྱ་བ་ལ་སོགས་པས་ཕྱིར་བཟློག་པའི་སྒོ་ནས་ཕ་རོལ་པོས་རབ་ཏུ་བྱེད་པ་འདིའི་
དང་པོར་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། འབྱུང་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་པའི་གཏན་ཚིགས་དོན་དམ་པར་སྒྲུབ་པའི་མི་མཐུན་པའི་ཕྱོགས་ཀུན་རྫོབ་འབའ་ཞིག་ལ་ཡོད་པར་བསྟན་པས་འཕགས་པའི་བདེན་པ་རྣམས་ངོ་བོ་
ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །འཕགས་པའི་བདེན་པ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་དང་། དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱང་
เล่ม ๑๐๑ · หน้า 248b
བསྒྲུབ་པར་བྱ་སྟེ། དེའི་ཕྱིར་འཕགས་པ་ཚངས་པས་ཞུས་པའི་མདོ་ལས། ཚངས་པ་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། ཇི་ལྟར་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་ནི་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་གྱི་ཚངས་པ་འདི་ལྟར་སྡུག་བསྔལ་གྱི་སྐྱེ་བ་
མེད་པ་ཡིན་པ་དེ་འཕགས་པ་རྣམས་ཀྱི་བདེན་པ་ཡིན་པ་དང་། ཀུན་འབྱུང་གི་ཀུན་འབྱུང་བ་མེད་པ་གང་ཡིན་པ་དེ་འཕགས་པ་རྣམས་ཀྱི་བདེན་པ་ཡིན་པ་དང་། ཆོས་ཐམས་ཅད་གཏན་དུ་འཕགས་པ་དག་ལ་གཏན་འགོག་པ་གང་ཡིན་པ་དེ་འཕགས་པ་རྣམས་ཀྱི་བདེན་པ་ཡིན་པ་དང་། ཆོས་ཐམས་
ཅད་མཉམ་པ་ཉིད་དག་ལ་གཉིས་སུ་མེད་པ་ཉིད་དུ་ལམ་བསྒོམ་པ་གང་ཡིན་པ་དེ་འཕགས་པ་རྣམས་ཀྱི་བདེན་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་འཕགས་པའི་བདེན་པ་རྣམས་ངོ་བོ་
ཉིད་མེད་པ་ཉིད་དུ་བསྟན་པའི་ཡོན་ཏན་དང་ཁུངས་ཡིན་ནོ། །དེ་དག་བསྟན་བཅོས་འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་དང་འགྲེལ་པ་བྱེད་པའི་མཁས་པ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ། དབུ་
མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས་འཕགས་པའི་བདེན་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་བཞི་པ་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སྷོ།། །།བམ་པོ་བདུན་ཅུ་ལྔ་པ། ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་
མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ཉི་ཤུ་ལྔ་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་
དོན་དུ་བལྟ་སྟེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་
เล่ม ๑๐๑ · หน้า 249a
སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅའ་བ་མཛད་པས་འདིར་ཡང་བསྟན་བཅོས་མཛད་པས་སྔར་ཇི་སྐད་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་སྔར་བསྟན་པའི་ལུགས་བཞིན་དུའོ། །སྟོང་པ་ཉིད་ནི་རང་གི་ཕྱོགས་
ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བའི་ཕྱོགས་ཡིན་ཏེ། འདི་ལྟ་སྟེ། དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་བསྒྲུབ་པའི་ཕྱོགས་སྔ་མ་ཉེ་བར་གཞག་པ་འོག་ནས། གལ་ཏེ་འདི་དག་ཀུན་
སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤངས་དང་འགགས་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །ཅེས་བྱ་བས་ངོ་བོ་ཉིད་མེད་པ་ཉིད་སྨྲ་བ་རྣམས་ལ་ནི་གང་ངོ་བོ་ཉིད་མེད་པ་དེ་ལ་མྱ་ངན་ལས་འདས་པ་འཐོབ་པ་མེད་དེ་འབྱུང་བ་དང་འཇིག་པ་མེད་པའི་ཕྱིར་དཔེར་ན་མོ་
གཤམ་གྱི་བུ་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་དངོས་པོ་རྣམས་ངོ་བོ་ཉིད་མེད་པར་སྨྲ་བ་ལ་མྱ་ངན་ལས་འདས་པ་འཐོབ་པ་མེད་པ་སྟོན་པ་ཡིན་ནོ། །དེ་དགག་པས་ཞེས་བྱ་བ་ནི་དེ་དགག་པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་ཉི་ཤུ་ལྔ་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་
དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས་མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ཉི་ཤུ་ལྔ་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། མྱ་ངན་ལས་འདས་པ་བརྟག་པའི་རབ་ཏུ་བྱེད་པ་ཉི་ཤུ་ལྔ་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་མྱ་ངན་ལས་འདས་པ་ངོ་བོ་
ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན། རྣམ་པ་གང་གིས་ནི་འབྲས་བུ་དེ་འཐོབ་ཅེ་ན། མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་
ཀྱི་ཁྱད་པར་དགག་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས། དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་བྱེད་པའི་འཚམས་སྦྱར་བའི་སྐབས་འདིར་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་
เล่ม ๑๐๑ · หน้า 249b
ཕྱིར། འདིར་སྨྲས་པ། ཁྱོད་འདོད་པ་ལྟར། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ངོ་བོ་ཉིད་མེད་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ་ཞེས་བྱ་བར་བསམས་སོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་རང་གི་སྡེ་པ་དག་ན་རེ་ཁྱེད་དབུ་མ་པ་འདོད་པ་ལྟར། གལ་ཏེ་
དངོས་པོ་འདི་དག་ཀུན་སྟོང་ན། འབྱུང་བ་དང་འཇིག་པ་མེད་པར་འགྱུར་རོ་ཞེས་ཟེར་བའི་ཚིག་བསྟན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མོ་གཤམ་གྱི་བུ་ནི་ངོ་བོ་ཉིད་མེད་པའི་ཕྱིར་དེ་ལ་འབྱུང་བ་
དང་འཇིག་པ་མེད་པ་དེ་བཞིན་དུ་གལ་ཏེ་འདི་དག་ཀུན་སྟོང་ན་དེ་ཡང་ངོ་བོ་ཉིད་མེད་པའི་ཕྱིར་དེ་ལ་ཡང་འབྱུང་བ་དང་འཇིག་པ་མེད་དོ་ཞེས་བྱ་བར་བསམས་སོ། །དེ་ལྟར་འབྱུང་བ་དང་། འཇིག་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་འཐོབ་པ་མེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། དེ་དག་
མེད་པའི་ཕྱིར་ཉོན་མོངས་པ་རྣམས་ལ་ཡང་འབྱུང་བ་དང་འཇིག་པ་མེད་ལ། དེ་དག་དང་ལྡན་པའི་མིང་དང་གཟུགས་ལ་ཡང་འབྱུང་བ་དང་འཇིག་པ་མེད་པས། གང་ཞིག་སྤངས་དང་འགགས་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །ཕུང་པོ་ལྷག་མ་དང་བཅས་པ་དང་། ཕུང་
པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་དབང་གིས་སོ་ཞེས་བྱ་བ་སྨྲས་ཏེ། འབྱུང་བ་དང་། འཇིག་པ་དེ་དག་མེད་པའི་ཕྱིར་ཉོན་མོངས་པ་རྣམས་ལ་ཡང་འབྱུང་བ་དང་འཇིག་པ་མེད་པས་གང་ཞིག་སྤངས་པས་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་
དབྱིངས་འཐོབ་པར་འདོད། ཉོན་མོངས་པ་དེ་དག་དང་ལྡན་པའི་མིང་དང་གཟུགས་ཀྱི་ཕུང་པོ་ལ་ཡང་འབྱུང་བ་དང་། འཇིག་པ་མེད་པས་གང་ཞིག་འགག་པ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་འཐོབ་པར་འདོད་དེ། ཉོན་མོངས་པ་སྤངས་པ་དང་། ཕུང་པོ་འགག་
པ་ལས་མྱ་ངན་ལས་འདས་པ་རྣམ་གཉིས་འཐོབ་པ་མེད་པའི་སྐྱོན་དུ་འགྱུར་རོ། །དེ་ལྟར་དབུ་མ་པ་སྟོང་པ་ཉིད་དུ་སྨྲ་བ་ལ་འབྱུང་བ་དང་། འཇིག་པ་མེད་པའི་ཕྱིར་ཉོན་མོངས་པ་སྤངས་པ་དང་། ཕུང་པོ་འགག་པ་ལས་མྱ་ངན་ལས་འདས་པ་རྣམ་གཉིས་འཐོབ་པ་མེད་པའི་སྐྱོན་དུ་འགྱུར་བར་
เล่ม ๑๐๑ · หน้า 250a
བསྟན་ནས། ད་ནི་དངོས་པོ་ཡོད་པར་སྨྲ་བ་དག་ལས་འབྱུང་བ་དང་འཇིག་པ་ཡོད་པའི་ཕྱིར། ཉོན་མོངས་པ་སྤངས་པ་དང་། ཕུང་པོ་འགག་པ་ལས་མྱ་ངན་ལས་འདས་པ་རྣམ་གཉིས་འཐོབ་པ་ཡོད་པར་བསྟན་པའི་ཕྱིར། གང་ཞིག་སྤངས་པས་སམ། འགགས་
པས་མྱ་ངན་ལས་འདའ་བར་ཡང་འདོད་དེ་ཞེས་བྱ་བ་སྨྲས་སོ། །ཉོན་མོངས་པ་སྤངས་པས་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་འཐོབ་པའི་ཁུངས་བསྟན་པའི་ཕྱིར། ཇི་སྐད་དུ་དགའ་བའི་འདོད་ཆགས་དང་ལྡན་པའི་སྲེད་པ་དེ་ཟད་ཅིང་བྲལ་བ་གང་ཡིན་པ་དེ་ནི་མྱ་ངན་ལས་
འདས་པའོ་ཞེས་ཀྱང་གསུངས་ལ་ཞེས་བྱ་བ་སྨྲས་སོ། །ཕུང་པོ་འགགས་པས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་འཐོབ་པའི་ཁུངས་བསྟན་པའི་ཕྱིར། དེ་བཞིན་དུ། མ་ཞུམ་པ་ཡི་སེམས་ཀྱིས་ནི། །ཚོར་བ་དང་དུ་ལེན་པ་ན། །དེ་ཡི་སེམས་ནི་རྣམ་གྲོལ་བ། །མར་མེ་ཤི་བར་
གྱུར་པ་བཞིན། །ཞེས་ཀྱང་གསུངས་སོ་ཞེས་བྱ་བ་སྨྲས་ཏེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ན། འཕགས་པ་འོད་སྲུངས་ཆེན་པོས། འཕགས་པ་ཀུན་དགའ་བོ་ལ། བཅོམ་ལྡན་འདས་ཀྱི་མྱ་ངན་ལས་འདས་པ་ཇི་འདྲ་ཞེས་དྲིས་པ་དང་། འཕགས་པ་ཀུན་
དགའ་བོས་ཚིགས་སུ་བཅད་པ་འདི་གསུངས་སོ། །དེ་ལྟར་ཉོན་མོངས་སྤང་བ་དང་། ཕུང་པོ་འགག་པ་ལས་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཐོབ་པ་དེ་ཡང་ངོ་བོ་ཉིད་ཡོད་པར་སྨྲ་བ་ལ་འབྱུང་བ་དང་། འཇིག་པ་ཡོད་པས་འཐོབ་པའི་ཕྱིར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་ཁས་བླང་
བར་བྱའོ་ཞེས་བསྟན་པའི་ཕྱིར་མྱ་ངན་ལས་འདས་པ་འཐོབ་པ་དེ་ཡང་ངོ་བོ་ཉིད་ཡོད་པ་འདི་མ་གཏོགས་པར་གཞན་གྱིས་མི་འཐོབ་པས་དེའི་ཕྱིར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་འདོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་རང་གི་གཞུང་གཟུགས་པ་བསྟན་ཏོ། །ད་ནི་ཕ་རོལ་པོའི་གཞུང་
སུན་དབྱུང་བ་བསྟན་པའི་ཕྱིར། ངོ་བོ་ཉིད་མེད་པ་ཉིད་དུ་སྨྲ་བ་རྣམས་ལ་ནི་གང་ངོ་བོ་ཉིད་མེད་པ་དེ་ལ་མྱ་ངན་ལས་འདས་པ་འཐོབ་པ་མེད་དེ། འབྱུང་བ་དང་འཇིག་པ་མེད་པའི་ཕྱིར་དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་།
เล่ม ๑๐๑ · หน้า 250b
སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མོ་གཤམ་གྱི་བུ་ལ་ནི་འབྱུང་བ་དང་འཇིག་པ་མེད་པའི་ཕྱིར། མྱ་ངན་ལས་འདས་པ་འཐོབ་པ་མེད་པ་དེ་བཞིན་དུ། གང་ངོ་བོ་ཉིད་མེད་པ་དེ་ལ་ཡང་འབྱུང་བ་དང་འཇིག་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་འཐོབ་པ་
མེད་དོ། །ངོ་བོ་ཉིད་མེད་པ་ཉིད་དུ་རྗེས་སུ་དཔོག་པའི་དམ་བཅས་པ་ལ་ཆོས་ཅན་མྱ་ངན་ལས་འདས་པའི་ཁྱད་པར་འཐོབ་པ་བརྩལ་བའི་སྐྱོན་ཡོད་པར་བསྟན་པའི་ཕྱིར། ངོ་བོ་ཉིད་མེད་པ་ཉིད་དུ་རྗེས་སུ་དཔོག་པས། འབྱུང་བ་དང་འཇིག་པ་མེད་པའི་ཕྱིར། མྱ་ངན་ལས་འདས་པ་འཐོབ་པ་
མེད་པས་མྱ་ངན་ལས་འདས་པ་འཐོབ་པ་བརྩལ་བའི་ཕྱིར། ངོ་བོ་ཉིད་མེད་པ་ཉིད་དུ་རྗེས་སུ་དཔོག་པའི་དམ་བཅས་པ་ལ་ཆོས་ཅན་མྱ་ངན་ལས་འདས་པའི་ཁྱད་པར་འཐོབ་པ་བརྩལ་བའི་སྐྱོན་ཡོད་དོ་ཞེས་བྱ་བར་སྨྲས་སོ། །རེ་ཞིག་དེ་དག་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཡིན་
ཏེ། ཕྱོགས་སྔ་མ་སྨྲ་བའི་གཞུང་ཡིན་ནོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དེ་དགག་པས་མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར། དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། ཇི་ལྟར་
སྒྱུ་མའི་མར་མེ་ངོ་བོ་ཉིད་དང་བྲལ་བ་འཆི་བ་ཐ་སྙད་དུ་གཏོགས་པའི་བློའི་སྤྱོད་ཡུལ་དུ་ཡོད་པར་མི་འགལ་བ་དེ་བཞིན་དུ་འདུ་བྱེད་རྣམས་ངོ་བོ་ཉིད་མེད་པ་ཉིད་ཡིན་ཡང་ཐོག་མ་མེད་པའི་རྐྱེན་བརྒྱུད་པ་ལས་སྐྱེས་པ་སྒྱུ་མ་དང་སྨིག་རྒྱུ་ལྟ་བུ་དག་གི་སྐྱེ་བ་མེད་པ་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བྱ་
བ་སྨྲས་ཏེ། དེས་ནི་ངོ་བོ་ཉིད་མེད་པ་ཡིན་ཡང་ཐ་སྙད་དུ་འབྱུང་བ་དང་འཇིག་པ་ཡོད་པའི་ཕྱིར། ཉོན་མོངས་པ་སྤང་བ་དང་། ཕུང་པོ་དགག་པས་མྱ་ངན་ལས་འདས་པ་རྣམ་གཉིས་འཐོབ་པ་ཡོད་པ་དཔེ་དང་བཅས་པར་བསྟན་ཏོ། །དེ་ན་དེ་འཐོབ་པར་འགྲུབ་པའི་ཕྱིར་
ངོ་བོ་ཉིད་ཡོད་པར་སྨྲ་བ་དག་གི་ཕྱོགས་རིགས་པ་དང་ལྡན་པ་མ་ཡིན་པར་བསྟན་པའི་ཕྱིར། དེ་འཐོབ་པ་ཡང་འགྲུབ་པའི་ཕྱིར། ངོ་བོ་ཉིད་ཡོད་པ་ཉིད་རིགས་པ་དང་མི་ལྡན་པར་ཤེས་པར་བྱའོ་ཞེས་བྱ་བ་སྨྲས་སོ། །དངོས་པོ་རྣམས་མེད་པའི་ངོ་བོ་ཉིད་དུ་ཁས་མ་བླངས་པའི་
เล่ม ๑๐๑ · หน้า 251a
ཕྱིར་དམ་བཅས་པ་ལ་སྐྱོན་མེད་དོ་ཞེས་བྱ་བ་ནི་སྔར་ཕ་རོལ་པོ་དག་ན་རེ་ངོ་བོ་ཉིད་མེད་པ་ཉིད་དུ་རྗེས་སུ་དཔོག་པ་མྱ་ངན་ལས་འདས་པ་འཐོབ་པ་མེད་པས་མྱ་ངན་ལས་འདས་པ་འཐོབ་པ་བརྩལ་བའི་ཕྱིར། དམ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་བརྩལ་བའི་སྐྱོན་ཡོད་དོ་ཞེས་ཟེར་བ་དེའི་
ལན་བཏབ་སྟེ། དབུ་མ་པས་དངོས་པོ་རྣམས་མོ་གཤམ་གྱི་བུ་བཞིན་དུ་མེད་པའི་ངོ་བོ་ཉིད་དུ་ཁས་བླངས་པའི་ཕྱིར་ཐ་སྙད་དུ་མྱ་ངན་ལས་འདས་པ་འཐོབ་པ་ཡོད་པས་དམ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་བརྩལ་བའི་སྐྱོན་མེད་དོ། །གླགས་ཡོད་པའི་སྐྱོན་ཡང་མེད་དེ། མོ་གཤམ་གྱི་བུ་ལ་སོགས་
པ་དག་དོན་དམ་པར་དཔེ་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བས་ནི་སྔར་ཕ་རོལ་པོ་དག་གིས་ངོ་བོ་ཉིད་མེད་པ་ཉིད་དུ་སྨྲ་བ་རྣམས་ལ་ནི་གང་ངོ་བོ་ཉིད་མེད་པ་དེ་ལ་མྱ་ངན་ལས་འདས་པ་འཐོབ་པ་མེད་དེ། འབྱུང་བ་དང་འཇིག་པ་མེད་པའི་ཕྱིར་དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ་ཞེས་སྒྲུབ་པ་སྨྲས་པས་དབུ་མ་པས་ངོ་
བོ་ཉིད་མེད་པ་ཉིད་དུ་སྨྲ་བའི་ཕྱོགས་ལ་མྱ་ངན་ལས་འདས་པ་འཐོབ་པ་མེད་པའི་གླགས་ཡོད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ལན་བཏབ་སྟེ། དོན་དམ་པར་ཕ་རོལ་པོ་དག་གི་དཔེ་མོ་གཤམ་གྱི་བུ་ལ་སོགས་པ་དག་དཔེ་ཉིད་དུ་མ་གྲུབ་པའི་ཕྱིར་ཕ་རོལ་པོ་དག་གི་སྒྲུབ་པ་དཔེ་མ་ཚང་བའི་སྐྱོན་
ཡོད་པ་དེས། དབུ་མ་པ་ལ་གླགས་ཡོད་པའི་སྐྱོན་གདགས་པར་མི་ནུས་སོ། །ད་ནི་ཕ་རོལ་པོ་དག་གིས་དབུ་མ་པ་ལ་སྐྱོན་གང་དག་བརྟགས་པ་དེ་དག་ཉིད་ཕ་རོལ་པོ་དག་ལ་ཕྱིར་བསྒྲིན་པ་བསྟན་པའི་ཕྱིར། གཞན་ཡང་ཇི་ལྟར་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་རྟོག་པ་ལ།
གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤང་དང་འགག་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །ཅེས་བྱ་བ་དེ་བཞིན་དུ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་རྟོག་པ་ལ་ཡང་། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤང་
དང་འགག་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །ངོ་བོ་ཉིད་ལ་འགྱུར་བ་མེད་པས་སྤང་བ་དང་འགག་པ་མི་འཐད་པའི་ཕྱིར། ངོ་བོ་ཉིད་ཡོད་པར་སྨྲ་བ། དེ་ཁོ་ན་རབ་ཏུ་མ་མཐོང་བ་ཉིད་ཀྱི་ངོ་བོ་ཉིད་ལ་དེ་ཁོ་ན་མཐོང་བ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་མཇུག་བསྡུ་བ་
เล่ม ๑๐๑ · หน้า 251b
བསྟན་པའི་ཕྱིར། དེའི་ཕྱིར་ངོ་བོ་ཉིད་ཡོད་པར་སྨྲ་བ་དག་ཉིད་ལ་མྱ་ངན་ལས་འདས་པ་འཐོབ་པ་ཡོད་པར་བསྟན་དཀའོ་ཞེས་བྱ་བ་སྨྲས་སོ། །ངོ་བོ་ཉིད་མེད་པར་སྨྲ་བ་ལ་མྱ་ངན་ལས་འདས་པ་འཐོབ་པ་ཡོད་པར་བསྟན་པའི་ཕྱིར། ངོ་བོ་ཉིད་མེད་པ་ཉིད་ལ་ནི་སྒྱུ་མའི་མར་མེ་འཆི་བ་བཞིན་དུ་མྱ་ངན་ལས་འདས་པ་འཐོབ་པ་ཡོད་པར་རུང་
ངོ་ཞེས་བྱ་བ་སྨྲས་སོ། །ངོ་བོ་ཉིད་ཡོད་པ་ཉིད་ལ་མྱ་ངན་ལས་འདས་པ་འཐོབ་པ་ཡོད་པར་རྗེས་སུ་དཔོག་པའི་དམ་བཅས་པ་ལ་ཆོས་ཅན་མྱ་ངན་ལས་འདས་པ་འཐོབ་པར་སྒྲུབ་པའི་ཆོས་ངོ་བོ་ཉིད་ཡོད་པ་ཉིད་ཀྱི་ངོ་བོ་ཉིད་བརྩལ་བའི་སྐྱོན་ཡོད་པར་བསྟན་པའི་ཕྱིར། མྱ་ངན་ལས་འདས་པ་འཐོབ་པར་རྗེས་
སུ་དཔོག་པས། །འབྱུང་བ་དང་འཇིག་པ་ཡོད་པའི་ཕྱིར། །ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་ཡོད་པ་ཉིད་བརྩལ་བའི་ཕྱིར། ངོ་བོ་ཉིད་རྗེས་སུ་དཔོག་པའི་དམ་བཅས་པ་ལ། །ཆོས་ཅན་མྱ་ངན་ལས་འདས་པ་འཐོབ་པ་ཡོད་པར་སྒྲུབ་པའི་ཆོས་ངོ་བོ་ཉིད་ཡོད་པ་ཉིད་ཀྱིས། ངོ་བོ་ཉིད་བརྩལ་བའི་
སྐྱོན་ཡོད་དོ་ཞེས་བྱ་བ་སྨྲས་སོ། །ཡང་ན་ཕ་རོལ་པོ་དག་ན་རེ། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །དེའི་ཕྱིར། གང་ཞིག་སྤང་དང་འགག་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །གལ་ཏེ་འདུ་བྱེད་འདི་དག་མྱ་ངན་ལས་འདའ་བར་འདོད་ན་ནི་འདུ་བྱེད་
དེ་དག་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། ཉོན་མོངས་པ་སྤང་བ་དང་། མིང་དང་གཟུགས་འགགས་པས་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རོ། །རྔ་མོ་ལ་སོགས་པའི་རྭ་ཡོད་པ་མ་ཡིན་པ་དག་ལ་ནི་དེ་དག་མེད་དོ་ཞེས་ཟེར་རོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་
ཕྱོགས་ཀྱི་ཁྱད་པར་སྔ་མ་དེ་ཉིད་རྣམ་པ་གཞན་དུ་བཤད་པའི་ཚིག་ཡིན་ཏེ། འདི་ནི་རང་གི་སྡེ་པ་གང་དག་འདུ་བྱེད་རྣམས་མྱ་ངན་ལས་འདས་པར་སྨྲ་བ་དེ་དག་ན་རེ་གལ་ཏེ་དབུ་མ་པ་དག་འདོད་པ་ལྟར་འདི་དག་ཀུན་སྟོང་ན། འབྱུང་བ་དང་འཇིག་པ་མེད་པའི་ཕྱིར་འདུ་བྱེད་ཉོན་མོངས་པ་དང་།
ཕུང་པོ་གང་ཞིག་སྤང་བ་དང་། འགགས་པ་ལས་མྱ་ངན་ལས་འདའ་བར་འགྱུར་བར་འདོད་དེ། དེ་དག་ལ་མྱ་ངན་ལས་འདའ་བ་མི་འཐད་དོ། །གལ་ཏེ་འདུ་བྱེད་འདི་དག་མྱ་ངན་ལས་འདའ་བར་འདོད་ན་ནི་འདུ་བྱེད་འདི་དག་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། ཉོན་མོངས་
เล่ม ๑๐๑ · หน้า 252a
པ་སྤང་བ་དང་། མིང་དང་གཟུགས་འགགས་པས་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རྔ་མོ་ལ་སོགས་པའི་རྭ་ཡོད་པ་མ་ཡིན་པ་དག་ལ་ནི་དེ་དག་མེད་དོ་ཞེས་གཞན་གྱི་ཕྱོགས་སུན་འབྱིན་པ་དང་། རང་གི་གཞུང་འཛུགས་པའི་ཚིག་སྟོན་ཏེ། དེ་དག་ཀྱང་ཆོས་
ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་རྔ་མོ་ལ་སོགས་པའི་རྭ་ཡོད་པ་མ་ཡིན་པ་གང་དག་ལ་ཉོན་མོངས་པ་སྤང་བ་དང་། མིང་དང་གཟུགས་འགགས་པས་མྱ་ངན་ལས་འདས་པ་འཐོབ་
པ་མེད་པ་དེ་དག་ནི་ངོ་བོ་ཉིད་ཡོད་པ་མ་ཡིན་གྱི། འདུ་བྱེད་གང་དག་ལ་ཉོན་མོངས་པ་སྤང་བ་དང་། མིང་དང་གཟུགས་འགགས་པས་མྱ་ངན་ལས་འདས་པ་འཐོབ་པ་ཡོད་པ་དེ་དག་ནི་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ནར་ཤེས་པར་བྱའོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་
སློབ་དཔོན་གྱིས་བཤད་པ། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ངོ་བོ་ཉིད་ཡོད་པས་ངེས་པར་གནས་པ་ངོ་བོ་ཉིད་མི་འགྱུར་བ་ལ་དེ་དག་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར། གང་ཞིག་སྤང་དང་འགགས་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །
ཅེས་བྱ་བ་སྨྲས་ཏེ། འདི་ཡང་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པ་སྔར་བསྟན་པ་དེ་ཉིད་རྣམ་པ་གཞན་དུ་བཤད་པ་ཡིན་ནོ། །དེའི་ཕྱིར། འདི་ལྟར་ཁྱོད་ཀྱིས་སྨྲས་པའི་གཏན་ཚིགས་ལ་རྗེས་སུ་འགྲོ་བ་ཡོད་པར་གྱུར་ན་ནི་བསྒྲུབ་པར་བྱ་བ་སྒྲུབ་ནུས་པར་ཡང་འགྱུར་
གྲང་ན། དེ་ཡང་མེད་པས་ཁོ་བོ་ཅག་གི་ཕྱོགས་ལ་ངོ་བོ་ཉིད་ཡོད་པར་སྨྲ་བའི་གཏན་ཚིགས་ཐུན་མོང་མ་ཡིན་པ་ཉིད་དང་། དོན་འགལ་བ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་འདུ་བྱེད་མྱ་ངན་ལས་འདའ་བར་སྨྲ་བ་དག་གི་གཏན་ཚིགས་ཉོན་མོངས་པ་སྤང་བ་དང་། མིང་དང་གཟུགས་
འགགས་པས་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རོ་ཞེས་བྱ་བ་དེ་ལ་རྗེས་སུ་འགྲོ་བའི་དཔེ་འདུ་བྱེད་དེ་དག་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བ་ཡོད་པར་གྱུར་ན་ནི་དེས་བསྒྲུབ་པར་བྱ་བ་འདུ་བྱེད་རྣམས་དོན་དམ་པར་ངོ་བོ་ཉིད་
เล่ม ๑๐๑ · หน้า 252b
ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ་ཞེས་བྱ་བ་དེ་སྒྲུབ་ནུས་པར་ཡང་འགྱུར་གྲང་ན། དེ་ཡང་མེད་པས་ཁོ་བོ་ཅག་གི་ཕྱོགས་ལ་ཁྱེད་ཀྱི་གཏན་ཚིགས་དེ་ཐུན་མོང་མ་ཡིན་པ་ཉིད་ཡིན་པས་དོན་དམ་པར་མ་གྲུབ་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་སྒྲུབ་ན་ནི་དོན་འགལ་བ་ཉིད་ཀྱང་ཡིན་ནོ་ཞེས་བསྟན་
ཏོ། །ད་ནི་ཕ་རོལ་པོ་དག་གི་གཏན་ཚིགས་ཉོན་མོངས་པ་སྤང་བ་དང་། མིང་དང་གཟུགས་འགགས་པས་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རོ་ཞེས་བྱ་བ་དེའི་དོན་བདེན་པ་གཉི་གར་ཡང་མི་འགྲུབ་པ་བསྟན་པའི་ཕྱིར། གཏན་ཚིགས་ཀྱི་དོན་དྲི་བར་ཡང་བྱ་སྟེ། ཇི་ཐ་སྙད་
དུ་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རམ། འོན་ཏེ་དོན་དམ་པར་འཐོབ་པའི་ཕྱིར་ཞེས་བརྟག་པ་རྣམ་པ་གཉིས་སྨྲས་སོ། །དེ་ལ་རེ་ཞིག་བརྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར། དེ་ལ་གལ་ཏེ་ཐ་སྙད་དུ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །བརྟག་པ་
གཉིས་པ་མི་འཐད་པར་བསྟན་པའི་ཕྱིར། འོན་ཏེ་དོན་དམ་པར་ན་ནི་ཁོ་བོ་ཅག །སྤང་བ་མེད་པ་འཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པར་འདོད། །དེའི་ཕྱིར་ཉོན་མོངས་པ་སྤང་བ་དང་། མིང་དང་གཟུགས་འགགས་པས་མྱ་
ངན་ལས་འདས་པ་འཐོབ་པའི་ཕྱིར་རོ་ཞེས་གང་སྨྲས་པའི་གཏན་ཚིགས་དེའི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་སྨྲས་སོ། །ཚིག་ལེའུར་བྱས་པའི་ཚིག་གི་དོན་དེ་དག་ནི་གཅིག་གིས་གཅིག་བཤད་པར་བྱའོ། །ད་ནི་ཕ་རོལ་པོ་དག་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་བསྒྲུབ་པའི་གཏན་
ཚིགས་ཉོན་མོངས་པ་སྤང་བ་དང་། ཕུང་པོ་འགགས་པས་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རོ་ཞེས་བྱ་བ་དེ་ལ། མྱ་ངན་ལས་འདས་པ་འཐོབ་པ་ཡོད་པར་སྨྲ་བ་དག་ལས་ཁ་ཅིག་ནི་མྱ་ངན་ལས་འདས་པ་དངོས་པོ་ཡིན་པར་འདོད། ཁ་ཅིག་ནི་མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡིན་
པར་འདོད་པས་དེ་གཉི་ག་ལ་ཡང་མྱ་ངན་ལས་འདས་པ་འཐོབ་པ་ཡོད་པར་མི་འཐད་པར་བསྟན་པའི་ཕྱིར། ཡང་གཞན་ཡང་འདི་ལ་མྱ་ངན་ལས་འདས་པ་སྨྲ་བ་དག་ལས་ཁ་ཅིག་ནི་མྱ་ངན་ལས་འདས་པ་རྫས་སུ་ཡོད་པར་སྨྲ། གཞན་དག་ནི་རྫས་སུ་ཡོད་པ་མ་ཡིན་པར་སྨྲ་སྟེ། དེ་གཉི་ག་ཡང་
เล่ม ๑๐๑ · หน้า 253a
ཇི་ལྟར་མི་འཐད་པ་དེ་ལྟར་བརྟག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། རྫས་སུ་ཡོད་པར་སྨྲ་བ་ནི་དངོས་པོ་ཡིན་པར་སྨྲ་བ་སྟེ་གྲངས་ཅན་དང་། བྱེ་བྲག་པ་དང་། བྱེ་བྲག་ཏུ་སྨྲ་བ་དང་། རྣལ་འབྱོར་སྤྱོད་པ་ལ་སོགས་པ་དག་གོ། །རྫས་སུ་ཡོད་པ་མ་ཡིན་པར་སྨྲ་བ་ནི་
དངོས་པོ་མེད་པ་ཡིན་པར་སྨྲ་བ་སྟེ། གོས་དམར་སྡེ་དང་། མདོ་སྡེ་པ་དང་། འཇིག་རྟེན་རྒྱང་པན་པ་ལ་སོགས་པ་དག་གོ། །དེ་ལ་རེ་ཞིག་མྱ་ངན་ལས་འདས་པ་དངོས་པོ་ཡིན་པར་འདོད་པ་དག་གི་གཞུང་ཇི་ལྟར་མི་འཐད་པ་དེ་ལྟར་བརྟག་པར་བྱ་སྟེ། དེའི་ཕྱིར། མྱ་ངན་འདས་པ་དངོས་པོ་མིན། །
རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །མྱ་ངན་ལས་འདས་པ་དངོས་པོ་ཡིན་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང་། དངོས་པོ་ཉིད་དུ་རྗེས་སུ་དཔོག་པས་རྒ་ཤིའི་མཚན་ཉིད་ཀྱིས་མྱ་ངན་ལས་འདས་པ་རྒ་ཤིའི་མཚན་ཉིད་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། དེས་ནི་མྱ་ངན་ལས་
འདས་པ་དངོས་པོ་མ་ཡིན་ཏེ་དངོས་པོ་ཡིན་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང་། དངོས་པོ་ཉིད་དུ་རྗེས་སུ་དཔོག་པ་ན་རྒ་ཤིའི་མཚན་ཉིད་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་དངོས་པོ་མ་ཡིན་ནོ་ཞེས་བསྟན་ཏོ། །དངོས་པོ་ཉིད་རྗེས་སུ་དཔོག་ན། ཅིའི་ཕྱིར་རྒ་ཤིའི་མཚན་ཉིད་ཅན་དུ་ཐལ་བར་
འགྱུར་ཞེ་ན། དེའི་ཕྱིར། རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ནོ། །དངོས་པོ་ནི་རྒ་ཤིའི་མཚན་ཉིད་མེད་ན་མི་འབྱུང་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ད་ནི་དེ་ལྟར་དངོས་པོ་ནི་རྒ་ཤིའི་མཚན་ཉིད་ཅན་ཡིན་པས་མྱ་ངན་ལས་འདས་པ་ནི་
རྒ་ཤི་མེད་པའི་ཕྱིར་དངོས་པོ་མ་ཡིན་པར་བསྟན་པའི་ཕྱིར། དེ་ནི་མི་འདོད་དེ། མྱ་ངན་ལས་འདས་པ་ནི་རྒ་ཤི་མེད་པར་འདོད་པས་དེའི་ཕྱིར་སྨྲ་བ་ནུས་ཏེ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། དོན་དམ་པར་མྱ་ངན་ལས་འདས་པ་ནི་དངོས་པོ་ཡོད་པ་མ་
ཡིན་ཏེ། རྒ་ཤི་མེད་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་བཞིན་པས་དེའི་ཕྱིར་ཁྱོད་ཀྱི་ཕྱོགས་ལ་ཡང་གཏན་ཚིགས་ཀྱི་དོན་མ་གྲུབ་པ་དེ་ཉིད་ཡོད་དོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་མཇུག་བསྡུ་བ་ཡིན་པར་
เล่ม ๑๐๑ · หน้า 253b
གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མོ་གཤམ་གྱི་བུ་ནི་རྒ་ཤི་མེད་པའི་ཕྱིར་ཁྱོད་དངོས་པོ་མ་ཡིན་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་རྒ་ཤི་མེད་པའི་ཕྱིར་དངོས་པོ་མ་ཡིན་པས་དེའི་ཕྱིར་དངོས་པོར་སྨྲ་བ་ཁྱོད་ཀྱི་ཕྱོགས་ལ་ཡང་དོན་དམ་པར་འདུ་བྱེད་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ནར་ཤེས་པར་བྱ་
སྟེ། ཉོན་མོངས་པ་སྤང་བ་དང་། མིང་དང་གཟུགས་འགགས་པས་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་དེ་ཉིད་ཡོད་དོ། །ད་ནི་མྱ་ངན་ལས་འདས་པ་དངོས་པོ་ཡིན་པར་གྱུར་ན། འདུས་བྱས་ཡིན་པར་ཐལ་བར་འགྱུར་བས་དངོས་པོ་མ་ཡིན་པར་
སྒྲུབ་པ་བསྟན་པའི་ཕྱིར། ཡང་ན་སུན་དབྱུང་བའི་ལམ་གཞན་ཡོད་དེ། མྱ་ངན་ལས་འདས་པ་དངོས་པོ་ཡིན་པར་སྨྲ་བ་དག་གི་ཕྱིར་བཤད་པ། གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །འདུས་བྱས་ཡིན་པར་མི་འདོད་དེ། །ཞེས་བྱ་བ་སྨྲས་སོ། །འདིས་
ནི་མྱ་ངན་ལས་འདས་པའི་ཆོས་ནི་འདུས་བྱས་ཉིད་མ་ཡིན་པར་བསྟན་ཏོ་ཞེས་བྱ་བས་ནི་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདིས་ནི་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་པར་སྒྲུབ་པའི་ཆོས་གཏན་ཚིགས་ནི་འདུས་བྱས་ཉིད་མ་ཡིན་པར་བསྟན་ཏོ། །ཅིའི་ཕྱིར་དངོས་པོ་ཡིན་ན་འདུས་བྱས་སུ་འགྱུར་
ཞེ་ན། དེའི་འཐད་པ་བསྟན་པའི་ཕྱིར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་ཇི་ལྟར་ཡོད་མ་ཡིན། །ཞེས་བྱ་བ་སྨྲས་སོ། །འདིས་ནི་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་བསྟན་ཏོ་ཞེས་བྱ་བས་ནི་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་འདིས་ནི་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་
པར་བསྒྲུབ་པའི་ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་ནི་དངོས་པོ་འདུས་བྱས་མ་ཡིན་པ་འགའ་ཡང་མེད་པའི་སྒོ་ནས་ནམ་མཁའི་མེ་ཏོག་ལྟ་བུ་འདུས་བྱས་མ་ཡིན་པ་དཔེ་ཉིད་དུ་བསྟན་ཏོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། དེའི་ཕྱིར་རྗེས་སུ་དཔག་པ་ནི་མྱ་ངན་ལས་འདས་པ་ནི་དངོས་པོ་མ་ཡིན་ཏེ། འདུས་
བྱས་མ་ཡིན་པའི་ཕྱིར་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནམ་མཁའི་མེ་ཏོག་ནི་འདུས་བྱས་མ་ཡིན་པའི་ཕྱིར་དངོས་པོ་མ་ཡིན་པ་དེ་བཞིན་དུ་མྱ་
เล่ม ๑๐๑ · หน้า 254a
ངན་ལས་འདས་པ་ཡང་འདུས་མ་བྱས་པའི་ཕྱིར་དངོས་པོ་མ་ཡིན་ནོ། །ད་ནི་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན་བསྟེན་ནས་གདགས་པར་བྱ་བ་ཡིན་པར་ཐལ་བར་འགྱུར་བས་དངོས་པོ་མ་ཡིན་པར་བསྒྲུབ་པ་བསྟན་པའི་ཕྱིར། ཡང་ན་སྦྱོར་བའི་ལམ་གཞན་ཡང་ཡོད་
དེ། །གལ་ཏེ་མྱ་ངན་འདས་དངོས་ན། །ཇི་ལྟར་མྱང་འདས་དེ་བསྟེན་མིན། །དངོས་པོ་ནི་བསྟེན་ནས་གདགས་པར་བྱ་བ་ཉིད་མེད་ན་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །འདིས་ནི་མྱ་ངན་ལས་འདས་པའི་ཆོས་ནི་བསྟེན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པ་ཉིད་བསྟན་
ཏོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདིས་ནི་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་པར་བསྒྲུབ་པའི་ཆོས་གཏན་ཚིགས་ནི་བསྟེན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པར་བསྟན་ཏོ། །ཅིའི་ཕྱིར་དངོས་པོ་ཡིན་ན་བསྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པར་འགྱུར་ཞེ་ན། དེའི་
འཐད་པ་བསྟན་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་བཤད་པ། དངོས་པོ་བསྟེན་པ་མ་ཡིན་པ། །འགའ་ཡང་ཡོད་པ་མ་ཡིན་ནོ། །གང་མ་བསྟེན་པར་ཡོད་པའི་དངོས་པོ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་སྨྲས་སོ། །འདིས་ནི་ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་མ་ཡིན་པ་ཉིད་བསྟན་ཏོ་ཞེས་བྱ་བས་ནི་
ཚིག་ལེའུར་བྱས་པའི་ཕྱེད་འོག་མ་འདིས་ནི་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་པར་བསྒྲུབ་པའི་ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་ནི་དངོས་པོ་བསྟེན་ནས་གདགས་པར་བྱ་བ་མ་ཡིན་པ་འགའ་ཡང་མེད་པའི་སྒོ་ནས་རི་བོང་གི་རྭ་ལྟ་བུ་བསྟེན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པ་དཔེ་དེ་
ཉིད་དུ་བསྟན་ཏོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། དེའི་ཕྱིར་རྗེས་སུ་དཔག་པ་ནི་མྱ་ངན་ལས་འདས་པ་ནི་དངོས་པོ་མ་ཡིན་ཏེ། བསྟེན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར། དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་
པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རི་བོང་རྭ་ནི་བསྟེན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་དངོས་པོ་མ་ཡིན་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་བསྟེན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་དངོས་པོ་
เล่ม ๑๐๑ · หน้า 254b
ཡང་མ་ཡིན་ནོ། །དེ་ལྟར་རེ་ཞིག་མྱ་ངན་ལས་འདས་པ་དངོས་པོ་ཡིན་པར་འདོད་པ་དག་གི་གཞུང་ཇི་ལྟར་མི་འཐད་པ་དེ་ལྟར་བརྟག་པ་བསྟན་ཏོ། །ད་ནི་མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡིན་པར་འདོད་པ་དག་གི་གཞུང་ཇི་ལྟར་མི་འཐད་པ་དེ་ལྟར་བརྟག་པར་བྱ་སྟེ། དེའི་ཕྱིར། གོས་
དམར་སྡེ་གང་དག་མྱ་ངན་ལས་འདས་པ་མར་མེ་ཤི་བ་བཞིན་ནོ་ཞེས་བྱ་བ་སྨྲ་བ་དང་། མདོ་སྡེ་པ་དག་སྐྱེ་བ་མེད་པ་ཙམ་ལ་མྱ་ངན་ལས་འདས་པར་ཐ་སྙད་འདོགས་པ་དེ་དག་གི་ཕྱིར་བཤད་པ། གལ་ཏེ་མྱ་ངན་འདས་དངོས་མིན། །དངོས་མེད་ཇི་ལྟར་རུང་བར་འགྱུར། །གལ་ཏེ་
མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡིན་ན་དངོས་པོ་མེད་པ་རྫས་སུ་མེད་པའི་རྣམ་གྲངས་ལ་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པས་བརྟགས་པ་དོན་དམ་པའི་དགེ་བ་དང་ཉོན་མོངས་པ་ཉེ་བར་ཞི་བའི་མཚན་ཉིད་དག་ཇི་ལྟར་རུང་བར་འགྱུར་ཏེ། དངོས་པོ་མེད་པ་ལ་ནམ་མཁའི་མེ་ཏོག་བཞིན་དུ་དགེ་བ་
ཉིད་ལ་སོགས་པ་དག་མི་འཐད་པའི་ཕྱིར་དང་། མྱ་ངན་ལས་འདས་པ་རྫས་སུ་མེད་པའི་ངོ་བོ་ཉིད་ཡིན་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་མེད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་གོས་དམར་སྡེ་དག་གི་གཞུང་ལས།
ཇི་ལྟར་མར་མེ་ཤི་བ་ནི། །ས་ལ་མི་འགྲོ་མཁའ་ལ་མིན། །ཕྱོགས་སུ་མི་འགྲོ་ཕྱོགས་མཚམས་མིན། །མར་ཟད་ཉི་ཚེ་ཤི་འགྱུར་ལྟར། །སངས་རྒྱས་མྱ་ངན་འདས་པ་ཡང་། །ས་ལ་མི་འགྲོ་མཁའ་ལ་མིན། །ཕྱོགས་སུ་མི་འགྲོ་ཕྱོགས་མཚམས་མིན། །སྲེད་ཟད་ཉི་ཚེས་འདའ་བར་
འགྱུར། །ཞེས་སྨྲ་ཞིང་མྱ་ངན་ལས་འདས་པ་མར་མེ་ཤི་བ་བཞིན་དུ་དངོས་པོ་མེད་པ་ཡིན་པར་འདོད་པ་དང་། མདོ་སྡེ་པ་དག་ཉོན་མོངས་པ་དང་། མིང་དང་གཟུགས་སྐྱེ་བ་མེད་པ་ཙམ་ལ་མྱ་ངན་ལས་འདས་པར་ཐ་སྙད་གདགས་ཀྱི་མྱ་ངན་ལས་འདས་པ་ཞེས་བྱ་བ་ཉིད་ནི་དངོས་པོ་མེད་པ་
ཡིན་ནོ་ཞེས་ཟེར་བས་དེ་དག་གི་ཕྱིར་འདི་བཤད་དེ། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡིན་ན། དངོས་པོ་མེད་པ་རྫས་སུ་མེད་པའི་རྣམ་གྲངས་ལ་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པས་བརྟགས་པ་མྱ་ངན་ལས་འདས་པ་ནི་དོན་དམ་པའི་དགེ་བ་དང་ཉོན་མོངས་པ་ཉེ་བར་ཞི་བའི་མཚན་
เล่ม ๑๐๑ · หน้า 255a
ཉིད་རྣམ་པར་གྲོལ་བའི་བདེ་བ་ཆེན་པོ་ཡིན་ནོ་ཞེས་བྱ་བའི་ལུང་དེ་དག་ཇི་ལྟར་རུང་བར་འགྱུར་ཏེ། མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡིན་པར་སྨྲ་བ་དག་ལུང་དེ་དག་མི་འཐད་པའི་གནོད་པ་ཡོད་པའི་ཕྱིར། མྱ་ངན་ལས་འདས་པ་རྫས་སུ་མེད་པའི་ངོ་བོ་ཉིད་ཡིན་
པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་མེད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བསྟན་ཏོ། །ཡང་གཞན་ཡང་ཇི་སྐད་བསྟན་པའི་སྒྲུབ་པས། །གང་ལ་མྱ་ངན་འདས་དངོས་མིན། །དེ་ལ་དངོས་མེད་ཡོད་མ་ཡིན། །མར་མེའི་དཔེས་མར་མེ་ནི་
དངོས་པོ་ཉིད་ཡིན་པར་འཇིག་རྟེན་ལ་གྲགས་ཏེ། ཕྱིས་མེད་པའི་ཕྱིར་རོ་ཞེས་བྱ་བས་ནི་གོས་དམར་སྡེ་གང་དག་མྱ་ངན་ལས་འདས་པ་མར་མེ་ཤི་བ་བཞིན་ནོ་ཞེས་ཟེར་བའི་སྒྲུབ་པ་ཇི་སྐད་བསྟན་པ་དེས་ན། དེ་དག་གི་ཕྱོགས་ལ་མྱ་ངན་ལས་འདས་པ་དངོས་པོ་ལ་བརྟེན་པ་ཡིན་པས། དེ་ལ་
དངོས་པོ་མེད་པ་ཡོད་པ་མ་ཡིན་ཏེ། མར་མེའི་དཔེས་མར་མེ་ནི་ཕྱིས་ཤི་བ་ན་མེད་པར་གྱུར་པའི་ཕྱིར་མ་ཤི་བའི་དུས་ན་དངོས་པོ་ཉིད་ཡིན་པར་འཇིག་རྟེན་ལ་གྲགས་པས་དེ་དངོས་པོ་མེད་པ་མ་ཡིན་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་དངོས་པོ་མེད་པ་མ་ཡིན་པར་བསྟན་ཏོ། །གལ་
ཏེ་འདིར་གོས་དམར་སྡེ་དག་འདི་སྐད་ཅེས་ཁོ་བོ་ཅག་གིས་མྱ་ངན་ལས་འདས་པའི་དཔེ་མར་མེ་ལས་བླངས་པ་དེས་མར་མེ་དངོས་པོ་ཡོད་པ་བཞིན་དུ་མྱ་ངན་འདས་པ་དངོས་པོ་ཡོད་པར་མ་སྨྲས་ཀྱི་མར་མེ་ཤི་བ་དངོས་པོ་མེད་པ་བཞིན་དུ་མྱ་ངན་ལས་འདས་པ་དངོས་པོ་མེད་པར་སྨྲས་
པས། དེས་ན་མར་མེ་ཤི་བ་བཞིན་དུ་མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡིན་པར་གྲུབ་པོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་བསྟན་བཅོས་མཛད་པས་ཡང་། གཞན་ཡང་། གལ་ཏེ་མྱ་ངན་འདས་དངོས་མིན། །ཇི་ལྟར་མྱང་
འདས་དེ་བསྟེན་མིན། །མར་མེ་དངོས་པོ་མེད་པ་བསྟེན་ནས་གདགས་པ་ནི། བསྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བཤད་དེ། མྱ་ངན་ལས་འདས་པ་མར་མེ་ཤི་བ་བཞིན་དུ་དངོས་པོ་མེད་པ་ཡིན་ན་བསྟེན་ནས་གདགས་
เล่ม ๑๐๑ · หน้า 255b
པར་བྱ་བ་ཡིན་པར་ཐལ་བར་འགྱུར་ཏེ། དཔེར་ན་མར་མེ་ཤི་བ་དངོས་པོ་མེད་པ་ནི་དངོས་པོ་ལ་བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡང་དངོས་པོ་ལ་བསྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པར་ཐལ་བས་དེ་ལྟ་ན་མྱ་ངན་ལས་
འདས་པ་བསྟན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པའི་ལུང་དང་འགལ་ལོ་ཞེས་བྱ་བར་དགོངས་སོ། །ཅིའི་ཕྱིར་དངོས་པོ་མེད་པ་ཡིན་ན་བསྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པར་འགྱུར་ཞེ་ན། དེའི་འཐད་པ་བསྟན་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་བཤད་པ། གང་ཞིག་བསྟེན་པ་མ་
ཡིན་པའི། །དངོས་མེད་ཡོད་པ་མ་ཡིན་ནོ། །གང་མ་བསྟེན་པར་ཡོད་པའི་དངོས་པོ་མེད་པ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་རྗེས་སུ་དཔག་པ་ནི་མྱ་ངན་ལས་འདས་པ་ནི་དངོས་པོ་མེད་པ་མ་ཡིན་ཏེ། བསྟེན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར། དཔེར་
ན་རི་བོང་གི་རྭ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །འདིར་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་སངས་རྒྱས་པར་གཏོགས་པ་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་འདོད་པར་བྱ་བ་ཡིན་ན་དེ་ཁྱོད་ཀྱི་དངོས་པོ་དང་དངོས་པོ་མེད་པའི་ཚུལ་གཉི་གར་བརྩལ་བས་དེའི་ཕྱིར། ཁྱོད་ལ་ཁས་བླངས་
པ་ལ་གནོད་པའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མའི་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་བསྟན་བཅོས་མཛད་པས། གང་གི་ཕྱིར་དེ་ལྟར་ཇི་སྐད་བསྟན་པའི་ཚུལ་གྱིས་དོན་དམ་པར་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་མ་ཡིན་པ་དེའི་ཕྱིར། འོང་བ་དང་ནི་འགྲོ་བའི་
དངོས། །བསྟེན་ཏམ་རྒྱུར་བྱས་གང་ཡིན་པ། །དེ་ནི་བསྟེན་མིན་རྒྱུར་བྱས་མིན། །མྱ་ངན་འདས་པ་ཡིན་པར་བསྟན། །འོང་བ་དང་འགྲོ་བའི་དངོས་པོ་བསྟེན་ནས་འབྱུང་བ་དང་རྒྱུར་བྱས་ནས་གདགས་པ་གང་ཡིན་པ་དེ་དག་བསྟེན་ནས་འབྱུང་བ་དང་། རྒྱུར་བྱས་ནས་གདགས་པ་
མེད་པ་ནི་ཐ་སྙད་དུ་མྱ་ངན་ལས་འདས་པ་ཡིན་པར་བསྟན་པས། དོན་དམ་པར་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མ་ཡིན་པ་ཉིད་དུ་བཀག་ཀྱང་ཁས་བླངས་པ་ལ་གནོད་པའི་སྐབས་མེད་དོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་ཀུན་རྫོབ་ཏུ་འོང་བ་དང་། འགྲོ་བའི་དངོས་པོ་བསྟེན་
เล่ม ๑๐๑ · หน้า 256a
ནས་འབྱུང་བ་དང་། རྒྱུར་བྱས་ནས་གདགས་པ་གང་ཡིན་པ་དེ་ནི་འཁོར་བ་ཡིན་ལ། འཁོར་བ་དེ་ཉིད་བསྟེན་ནས་འབྱུང་བ་དང་། རྒྱུར་བྱས་ནས་གདགས་པ་མེད་པ་ནི་མྱ་ངན་ལས་འདས་པ་ཡིན་པར་བསྟན་པས་དོན་དམ་པར་མྱ་ངན་ལས་འདས་པ་དངོས་པོ་
དང་དངོས་པོ་མ་ཡིན་པ་ཉིད་དུ་བཀག་ཀྱང་ཁོ་བོ་ཅག་ལ་ཁས་བླངས་པ་ལ་གནོད་པའི་སྐབས་མེད་དོ་ཞེས་བསྟན་ཏོ། །དེ་ལ་འོང་བ་ནི་སྐྱེ་བ་ཡིན། འགྲོ་བ་ནི་འགག་པ་ཡིན་ཏེ། སྐྱེ་བ་དང་འགག་པའི་དངོས་པོ་དེ་ཡང་རྐྱེན་འགའ་ཞིག་ལ་བརྟེན་ནས་འབྱུང་བ་དང་། ཉེ་བར་ལེན་པ་
འགའ་ཞིག་རྒྱུར་བྱས་ནས་གདགས་པ་ཡིན་པ་དེ་ནི་འཁོར་བ་ཞེས་བྱ་སྟེ། འདི་ལྟར་འདུ་བྱེད་ཀྱི་ཚོགས་རྐྱེན་འགག་ཞིག་ལ་བརྟེན་ཏམ། ཉེ་བར་ལེན་པ་འགའ་ཞིག་རྒྱུར་བྱས་ནས་འགྲོ་བ་ལྔའི་འཁོར་བར་འོང་བ་དང་འགྲོ་བའི་ཚུལ་གྱིས་འཁོར་ལོའི་རྣམ་པ་བཞིན་དུ་སྐྱེ་བ་དང་འགག་
པར་འགྱུར་བ་ནི་འཁོར་བ་ཡིན་པའི་ཕྱིར་རོ། །དེ་ཉིད་རྐྱེན་ལ་མ་བརྟེན་ཏམ་ཉེ་བར་ལེན་པ་རྒྱུར་མ་བྱས་པས་འགྲོ་བ་ལྔའི་འཁོར་བ་འོང་བ་དང་། འགྲོ་བའི་ཚུལ་གྱིས་འཁོར་ལོའི་རྣམ་པ་བཞིན་དུ་སྐྱེ་བ་དང་འགག་པར་མི་འགྱུར་བ་འདི་མྱ་ངན་ལས་འདས་པ་ཡིན་ནོ། །དེ་ལྟར་དབུ་
མ་པས་ཀུན་རྫོབ་ཀྱི་ཐ་སྙད་དུ་འཁོར་བ་དང་། མྱ་ངན་ལས་འདས་པ་གཉི་ག་ཡོད་པར་ཁས་ལེན་པས་དོན་དམ་པར་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉི་ག་མ་ཡིན་པར་བཀག་ཏུ་ཟིན་ཀྱང་ཁས་བླངས་པ་ལ་གནོད་པའི་སྐྱོན་དུ་འགྱུར་བ་མེད་དོ་ཞེས་བྱ་བར་སྦྱར་རོ། །
ད་ནི་སྔར་ཕ་རོལ་པོ་དག་ན་རེ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་ན་ཉོན་མོངས་པ་སྤང་བ་དང་། ཕུང་པོ་འགགས་པས་མྱ་ངན་ལས་འདས་པ་རྣམ་པ་གཉིས་འཐོབ་པར་འགྱུར་བས་ངོ་བོ་ཉིད་ཡོད་པར་སྨྲ་བ་ལ་མྱ་ངན་ལས་འདས་པ་འཐོབ་པ་ཡོད་དོ་ཞེས་ཟེར་བ་དེ་ཉིད་དགག་པའི་ཕྱིར་ཡང་།
གཞན་ཡང་། འབྱུང་བ་དང་ནི་འཇིག་པ་དང་། །སྤང་བར་སྟོན་པས་བཀའ་སྩལ་ཏོ། །ཞེས་བྱ་བ་སྨྲས་ཏེ། འབྱུང་བ་ནི་སྲིད་པར་འཁོར་བ་ཡིན་ལ་འཇིག་པ་ནི་ཉོན་མོངས་པ་སྤང་བ་དང་། ཕུང་པོ་འགགས་པས་མྱ་ངན་ལས་འདས་པ་ཡིན་པས་དེ་གཉི་ག་ཡང་དངོས་པོ་དང་དངོས་པོ་མེད་
เล่ม ๑๐๑ · หน้า 256b
པའི་མཐར་ལྟ་བ་ཡིན་པའི་ཕྱིར་སྤང་བར་སྟོན་པས་བཀའ་སྩལ་ཏེ། དངོས་པོའི་མཚན་ཉིད་ཀྱི་ཉོན་མོངས་པ་སྤང་བ་དང་། ཕུང་པོ་འགགས་པས་དངོས་པོའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པ་འཐོབ་པར་བྱ་བ་ཡང་མེད་ལ། དངོས་པོ་མེད་པའི་མཚན་ཉིད་ཀྱི་ཉོན་མོངས་པ་སྤང་བ་དང་།
ཕུང་པོ་འགགས་པས་དངོས་པོ་མེད་པའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པ་འཐོབ་པར་བྱ་བ་ཡང་མེད་དོ་ཞེས་བཀའ་སྩལ་ཏོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། །མདོ་སྡེ་ལས་ཇི་སྐད་དུ་གང་དག་འབྱུང་བའམ། འཇིག་པས་སྲིད་པ་ལས་ངེས་པར་འབྱུང་བ་ཡོངས་སུ་ཚོལ་བར་བྱེད་པ་དེ་
དག་གི་དེ་ནི་ཡོངས་སུ་མི་ཤེས་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་སོ། །དེ་ཕྱིར་མྱ་ངན་འདས་པ་ནི། །དངོས་མིན་དངོས་མེད་མིན་པར་རིགས། །ཞེས་པ་ནི་མཇུག་བསྡུ་བ་ཡིན་ཏེ། དེ་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་མྱ་ངན་ལས་འདས་པ་རྣམ་པ་གཉི་གར་དགག་པ་མཛད་
པས། དེའི་ཕྱིར་མྱ་ངན་ལས་འདས་པ་ནི་དངོས་པོ་ཡང་མ་ཡིན་ལ། དངོས་པོ་མེད་པ་ཡང་མ་ཡིན་པར་རིགས་པས་ཁས་བླངས་པ་ལ་གནོད་པར་ཡང་མི་འགྱུར་རོ། །གལ་ཏེ་འབྱུང་བ་ནི་སྤང་བར་བྱ་བ་ཉིད་ཀྱིས་སུན་དབྱུང་བར་བྱ་བ་ཡིན་པའི་ཕྱིར་དངོས་པོ་ཉིད་དགག་པ་མི་རིགས་སོ་ཞེ་ན་ཞེས་
བྱ་བ་ཕ་རོལ་པོ་དག་ན་རེ་འབྱུང་བ་ནི་སྲིད་པར་འཁོར་བ་སྟེ། དེ་ནི་སྤང་བར་བྱ་བ་ཉིད་ཀྱིས་སུན་དབྱུང་བར་བྱ་བ་ཡིན་པའི་ཕྱིར་དངོས་པོ་ཉིད་ཡིན་པས་དངོས་པོ་དེ་དངོས་པོ་མེད་པར་དགག་པ་མི་རིགས་སོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འབྱུང་བ་ཡང་དངོས་པོའི་བདག་ཉིད་
ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། འབྱུང་བ་ཡང་འཁོར་བའི་དངོས་པོའི་བདག་ཉིད་ཡིན་པའི་ཕྱིར་དེ་ནི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་སྤང་དུ་མེད་ཅིང་སུན་དབྱུང་དུ་མེད་པའི་ཕྱིར་དེ་དངོས་པོ་ཉིད་མ་ཡིན་པར་བཀག་པ་ལ་སྐྱོན་མེད་དོ། །རེ་ཞིག་དེ་དག་གིས་ནི་མྱ་ངན་ལས་འདས་པ་དངོས་པོ་ཡིན་
པར་འདོད་པ་དང་། དངོས་པོ་མེད་པ་ཡིན་པར་འདོད་པ་དག་ཇི་ལྟར་མི་འཐད་པ་དེ་ལྟར་བརྟག་པ་བསྟན་ཏོ། །ད་ནི་མུ་སྟེགས་འོས་པ་པ་དག་གི་གཞུང་ལས་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་པོ་མེད་པ་གཉི་གའི་བདག་ཉིད་ཡིན་པར་འདོད་པའི་གཞུང་དགག་པར་བྱ་སྟེ། དེ་ལ་རེ་ཞིག་དེ་
เล่ม ๑๐๑ · หน้า 257a
དག་གི་ཕྱོགས་སྔ་མ་བསྟན་པའི་ཕྱིར་དང་། གཞན་དག་གིས་སྨྲས་པ། ཐར་པ་ནི་དངོས་པོ་ཡང་ཡིན་ལ་དངོས་པོ་མེད་པ་ཡང་ཡིན་པས་གཉི་གའི་བདག་ཉིད་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་མུ་སྟེགས་འོས་པ་དག་ན་རེ་ཐར་པ་ནི་འཇིག་རྟེན་འདུས་པ་ཞེས་བྱ་བ་གྲུབ་
པའི་ཞིང་གི་མཚན་ཉིད་ཡིན་པས་ཡོད་ལ། དེ་ལ་སྲོག་གི་ཚིག་གི་དོན་ངེས་པར་གནས་པའི་ཕྱིར་དངོས་པོ་ཡང་ཡིན་ལ་འཁོར་བའི་སྡུག་བསྔལ་རྒྱུན་ཆད་པས་དངོས་པོ་མེད་པ་ཡང་ཡིན་ཏེ། ཇི་སྐད་དུ། རྒྱལ་བས་གསུངས་པའི་ཐར་པ་འཚོ་བྱེད་པ། །རྒྱ་སྤོས་དྲི་མ་མེད་པའི་མདོག་དང་ནི། །
འོ་མ་མུ་ཏིག་བ་མོའི་མདོག་འདྲ་ཞིང་། །དབྱིབས་ནི་གདུགས་ཟླུམ་བཀན་པ་ལྟ་བུ་ཡིན། །ཞེས་བཤད་པ་ལྟ་བུ་སྟེ། དེའི་དོན་ནི་ཐར་པ་འཇིག་རྟེན་འདུས་པ་ཞེས་བྱ་བ་གྲུབ་པའི་ཞིང་གི་མཚན་ཉིད་འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་གནས་པ་དེའི་ཁ་དོག་ནི་རྒྱ་སྤོས་ཀྱི་མེ་ཏོག་དང་། འོ་མ་དང་། མུ་ཏིག་
དང་། ཁ་བའི་མདོག་འདྲ་ལ་དབྱིབས་ནི་གདུགས་ཟླུམ་པོ་བཀན་པ་ལྟར་འདུག་པ་ཡིན་ཏེ། དེ་ལ་སྲོག་གི་ཚིག་གི་དོན་ངེས་པར་གནས་པས་དངོས་པོ་ཡང་ཡིན་ལ། འཁོར་བའི་སྡུག་བསྔལ་རྒྱུན་ཆད་པས་དངོས་པོ་མེད་པ་ཡང་ཡིན་པས་གཉི་གའི་བདག་ཉིད་ཡིན་པའི་ཕྱིར་ཁྱེད་དབུ་མ་པས་
དངོས་པོ་དང་དངོས་པོ་མེད་པ་བཀག་པའི་སྐྱོན་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེ་དག་གི་གཞུང་ཡང་ཇི་ལྟར་མི་འཐད་པ་དེ་ལྟར་བརྟག་པར་བྱ་སྟེ། དེའི་ཕྱིར་འདི་བཤད་དེ། གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་
ན། །དངོས་དང་དངོས་པོ་མེད་པ་དག །ཐར་པར་འགྱུར་བ་དེ་མི་རིགས། །དགག་པ་མི་མཐུན་པའི་ཕྱིར་ཏེ། གལ་ཏེ་དངོས་པོ་ཡིན་ན་ཇི་ལྟར་དངོས་པོ་མེད་པ་ཡིན། ཇི་སྟེ་དངོས་པོ་མེད་པ་ཡིན་ན་ནི་དངོས་པོ་ཞེས་བྱ་བ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཚིག་ལེའུར་བྱས་པའི་ཕྱེད་གོང་
མས་ནི་ཕ་རོལ་པོའི་གཞུང་བསྣན་པ་བསྟན་ལ་ཕྱེད་འོག་མས་ནི་དེ་མི་འཐད་པར་སུན་དབྱུང་བ་བསྟན་ཏེ། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ཡིན་ན་དངོས་པོ་དང་དངོས་པོ་མེད་པ་མི་མཐུན་པ་དེ་དག་ཐར་པ་འཇིག་རྟེན་འདུས་པ་ཞེས་བྱ་བ་གྲུབ་པའི་ཞིང་གི་མཚན་
เล่ม ๑๐๑ · หน้า 257b
ཉིད་ཡིན་པར་འགྱུར་བ་དེ་མི་རིགས་ཏེ། ཁྱོད་ཕྱེད་ནི་ཡོད་ལ་ཕྱེད་ནི་མེད་པར་འདོད་པ་དེ་ལྟ་ན་ཁྱོད་ཀྱི་ཐར་པ་ཁ་དོག་དཀར་པོ་དབྱིབས་ཟླུམ་པོ་དེ་ཡང་ཕྱེད་ཡོད་ལ་ཕྱེད་མེད་པས་ཕྱེད་དཀར་ཕྱེད་གནག་དང་ཟླ་གམ་ལྟ་བུར་འགྱུར་ལ་ཁྱོད་ཀྱི་སྲོག་གི་ཚིག་གི་དོན་ངེས་པར་གནས་པ་དེ་ཡང་ཕྱེད་ཡོད་
ཕྱེད་མེད་པས་ཕྱེད་ཤི་ཕྱེད་གསོན་པར་འགྱུར་ཞིང་ཁྱོད་ཀྱི་འཁོར་བའི་སྡུག་བསྔལ་རྒྱུན་ཆད་པ་དེ་ཡང་ཕྱེད་ཡོད་ཕྱེད་མེད་པས་ཕྱེད་སྡུག་ཕྱེད་སྐྱིད་པར་འགྱུར་བས་དེ་ལྟ་བུའི་ཐར་པ་དེ་ནི་ཡོད་པར་མི་རིགས་སོ། །ཇི་སྟེ་ཡང་ལྟོས་པའི་དབང་གིས་དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་ཡིན་ཏེ།
ལུས་དང་དབང་པོ་དང་བློ་མེད་པའི་ཕྱིར་དངོས་པོ་མེད་པ་ཡིན་ལ། བདེ་བ་ལ་བཟླར་མེད་པ་གཏན་དུ་བ་དང་ལྡན་པའི་ཕྱིར་དངོས་པོ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་འོས་པ་པ་དག་ན་རེ་མྱ་ངན་ལས་འདས་པ་ནི་ཇི་སྐད་སྨོས་པ་དེ་གཉིས་ལྟོས་པའི་དབང་གིས་དངོས་པོ་དང་དངོས་པོ་མེད་པ་གཉི་
གའི་མཚན་ཉིད་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་བཟང་པོ་མ་ཡིན་ཏེ། ལུས་ལ་སོགས་པའི་སྐྱེ་བ་བཀག་པ་ཁོ་ནས་དེ་དག་མེད་པ་བཀག་པའི་ཕྱིར་དང་བདེ་བ་ལ་བཟླར་མེད་པ་གཏན་དུ་བ་ཡང་འདུས་བྱས་ཀྱི་སྐྱེ་བ་བཀག་པ་ཁོ་
ནས་བཀག་པའི་ཕྱིར་དང་བདེ་བ་འདུས་མ་བྱས་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་སྐྱེ་བ་བཀག་པའི་ཕྱིར་ལྟོས་པ་སྔ་མ་གཉིས་མི་འགྲུབ་པའི་ཕྱིར་དང་། བདེ་བ་འདུས་མ་བྱས་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་
དཔག་པ་ཁྱེད་ལ་མེད་པའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ། །ལྷག་མ་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉི་གའི་བདག་ཉིད་ཡིན་པར་འདོད་པ་དགག་པའི་འཐད་པ་ལྷག་མ་ནི་སྔར་དངོས་པོར་འདོད་པ་དང་། དངོས་པོ་མེད་པར་འདོད་པ་དགག་པའི་
ཕྱོགས་སུ་བསྟན་པའི་སྐྱོན་གཉི་གར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་འདི་ལྟར་སྦྱར་ཏེ། མྱ་ངན་འདས་པ་དངོས་པོ་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་
เล่ม ๑๐๑ · หน้า 258a
པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་ཇི་ལྟར་ཡོད་མ་ཡིན། །གལ་ཏེ་མྱ་ངན་འདས་དངོས་ན། །ཇི་ལྟར་མྱང་འདས་དེ་བརྟེན་མིན། །དངོས་པོ་བརྟེན་པ་མ་ཡིན་པ། །འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བཤད་པའི་ཚུལ་
གྱིས་འོས་པ་པ་དག་གི་ཐར་པ་འཇིག་རྟེན་འདུས་པ་ཞེས་བྱ་བ་གྲུབ་པའི་ཞིང་གི་མཚན་ཉིད་སྲོག་ཚིག་གི་དོན་ངེས་པར་གནས་པ་དེ་དངོས་པོ་ཡིན་ན་རྒ་ཤིའི་མཚན་ཉིད་ཅན་དང་། འདུས་བྱས་དང་བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པར་ཐལ་བར་འགྱུར་རོ། །གལ་ཏེ་མྱ་ངན་འདས་
དངོས་མིན། །དངོས་མེད་ཇི་ལྟར་རུང་བར་འགྱུར། །གང་ལ་མྱ་ངན་འདས་དངོས་ཡིན། །དེ་ལ་དངོས་མེད་ཡོད་མ་ཡིན། །གལ་ཏེ་མྱ་ངན་འདས་དངོས་མིན། །ཇི་ལྟར་མྱང་འདས་དེ་བརྟེན་མིན། །གང་ཞིག་བརྟེན་པ་མ་ཡིན་པའི། །དངོས་མེད་ཡོད་པ་མ་ཡིན་ནོ། །ཞེས་བཤད་པའི་ཚུལ་གྱིས་
འོས་པ་པ་དག་གི་ཐར་པ་འཇིག་རྟེན་འདུས་པ་ཞེས་བྱ་བ་གྲུབ་པའི་ཞིང་གི་མཚན་ཉིད་འཁོར་བའི་སྡུག་བསྔལ་རྒྱུན་ཆད་པ་དེ་དངོས་པོ་མེད་པ་ཡིན་ན་དེ་ལ་དོན་དམ་པའི་དགེ་བ་དང་ཉོན་མོངས་པ་ཉེ་བར་ཞི་བའི་མཚན་ཉིད་དག་མི་རུང་བ་དང་། དངོས་པོ་མེད་པ་མི་རུང་བ་དང་བརྟེན་ནས་གདགས་པར་བྱ་བ་ཉིད་
ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ད་ནི་འོས་པ་པ་དག་གི་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉི་གའི་བདག་ཉིད་ཡིན་ན་བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པར་ཐལ་བར་འགྱུར་བར་བསྟན་པའི་ཕྱིར། ཡང་གཞན་ཡང་། གལ་ཏེ་མྱ་ངན་འདས་པ་ནི། །དངོས་
དང་དངོས་མེད་གཉིས་ཡིན་ན། །མྱ་ངན་འདས་པ་མ་བརྟེན་མིན། །འོ་ན་ཅི་ཞེ་ན། བརྟེན་པ་ཡིན་པར་འགྱུར་ཏེ། འདི་ལྟར། དེ་ནི་གཉིས་ལ་བརྟེན་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་གཉིས་ལ་བརྟེན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་གཉིས་ལ་བརྟེན་པར་ནི་མི་འདོད་དོ། །རྣམ་པ་
དེ་ལྟ་བུ་ཡོད་པར་བསྟན་དཀའ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །ད་ནི་འོས་པ་པ་དག་གི་མྱ་ངན་ལས་འདས་པ་དངོས་པོ་དང་། དངོས་པོ་མེད་པ་གཉི་གའི་བདག་ཉིད་ཡིན་ན། འདུས་བྱས་དང་འདུས་མ་བྱས་ཀྱི་མཚན་ཉིད་མི་མཐུན་པ་གཉིས་འགལ་བས་མི་རུང་བར་བསྟན་
เล่ม ๑๐๑ · หน้า 258b
པའི་ཕྱིར། ཡང་གཞན་ཡང་། གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །མྱ་ངན་འདས་པ་འདུས་མ་བྱས། །དངོས་དང་དངོས་མེད་འདུས་བྱས་ཡིན། དེ་ལྟར་ན་འདིས་ནི་མྱ་ངན་ལས་འདས་པའི་ཆོས་ནི་དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་ལས་གཞན་ཡིན་པར་སྟོན་ཏོ། །
གང་ཞིག་གང་ལས་མཚན་ཉིད་གཞན་ཡིན་པ་དེ་ནི་དེའི་བདག་ཉིད་ཡིན་པར་མི་རིགས་ཏེ། མེ་ཆུའི་མཚན་ཉིད་ལས་གཞན་ཡིན་པ་དེ་ཆུའི་བདག་ཉིད་མ་ཡིན་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །གཞན་དག་གིས་སྨྲས་པ། གང་ལ་དངོས་པོ་དང་དངོས་པོ་མེད་པ་དག་ཡོད་པ་དེ་དག་
མྱ་ངན་ལས་འདས་པ་ཡིན་གྱི་དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་ནི་མ་ཡིན་ཏེ། གཅིག་ལ་མི་མཐུན་པའི་བདག་ཉིད་གཉིས་མེད་པའི་ཕྱིར་རོ་ཞེས་བྱ་བས་ནི། མྱ་ངན་ལས་འདས་པ་ནི་ངོ་བོ་ཉིད་དུ་ཡོད་པར་སྨྲ་བ་དག་ན་རེ། གཞི་གང་ལ་དངོས་པོ་དང་དངོས་པོ་མེད་པ་དག་ཡོད་པའི་གཞི་དེ་མྱ་
ངན་ལས་འདས་པ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་ཡང་མི་འཐད་པས། དེ་དགག་པའི་ཕྱིར་བཤད་པ། གལ་ཏེ་མྱ་ངན་འདས་པ་ལ། །དངོས་དང་དངོས་མེད་གཉིས་ཡོད་ན། །ཁྱེད་ཀྱི་ཚུལ་གྱིས་སོ། །དེ་གཉིས་ནི་མི་མཐུན་པ་ཡིན་པས་མི་མཐུན་པ་གཉིས་གཅིག་ལ་ཡོད་པར་མི་
རིགས་པས། དེའི་ཕྱིར་བཤད་པ། དེ་གཉིས་གཅིག་ལ་ཡོད་མིན་ཏེ། །སྣང་བ་དང་ནི་མུན་པ་བཞིན། །དེའི་ཕྱིར་དེ་ཡང་རིག་པ་མ་ཡིན་ནོ། །ཞེས་བྱ་བ་སྨྲས་སོ། །བརྒལ་ཞིང་བརྟག་པ་མཚུངས་པའི་ཡང་ཕྱིར་ཏེ། གང་ལ་དངོས་པོ་དངོས་པོ་མེད་པ་དག་ཡོད། །ཇི་དངོས་པོ་ལ་འམ་འོན་
ཏེ་དངོས་པོ་མེད་པ་ལ་དེ་གཉི་ག་ཡང་སྔར་བསྟན་པའི་ཚུལ་གྱིས་རིགས་པ་མ་ཡིན་པས་དེ་ཡང་སྙིང་པོ་མ་ཡིན་ནོ་ཞེས་བྱ་བས་ནི་གཞི་གང་ལ་དངོས་པོ་དང་དངོས་པོ་མེད་པ་དག་ཡོད་པའི་གཞི་དེ་མྱ་ངན་ལས་འདས་པ་ཡིན་པར་འདོད་ན། དེ་ཉིད་དངོས་པོ་ཞིག་གམ་འོན་ཏེ་དངོས་པོ་མེད་པ་
ཞིག་ཡིན། གལ་ཏེ་དངོས་པོ་ཡིན་ན་ནི་མྱ་ངན་ལས་འདས་པ་རྒ་ཤིའི་མཚན་ཉིད་ཅན་དང་། འདུས་བྱས་དང་བརྟེན་ནས་གདགས་པར་བྱ་བ་ཉིད་དུ་འགྱུར་ལ། དངོས་པོ་མེད་པ་ཡིན་ན་ནི་དོན་དམ་པའི་དགེ་བ་ཉོན་མོངས་པ་ཉེ་བར་ཞི་བའི་མཚན་ཉིད་དག་མི་རུང་བ་དང་། དངོས་པོ་མེད་
เล่ม ๑๐๑ · หน้า 259a
པ་མི་རུང་བ་དང་། བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པར་འགྱུར་རོ་ཞེས་བརྒལ་ཞིང་བརྟག་པ་སྔ་མ་དང་མཚུངས་པའི་ཕྱིར་དེ་ཡང་སྙིང་པོ་མ་ཡིན་ནོ། །དེ་ལྟར་དེ་བདག་གིས་ནི་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་དེ་གཉི་གའི་བདག་ཉིད་ཡིན་
པར་འདོད་པ་དག་ཇི་ལྟར་མི་འཐད་པ་དེ་ལྟར་བརྟག་པ་བསྟན་ཏོ། །ད་ནི་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་ལ་དངོས་པོ་མེད་པ་ཡང་མ་ཡིན་ནོ་ཞེས་ཟེར་བ་དག་གིས་གཞུང་ཇི་ལྟར་མི་འདོད་པ་དེ་ལྟར་བརྟག་པར་བྱ་སྟེ། དེའི་ཕྱིར། གང་དག་མྱ་ངན་ལས་འདས་པ་ནི་དངོས་པོ་
ཡང་མ་ཡིན་ལ་དངོས་པོ་མེད་པ་ཡང་མ་ཡིན་ནོ་ཞེས་ཟེར་བ་དེ་དག་གི་ཕྱིར་བཤད་པ། དངོས་མིན་དངོས་པོ་མེད་མིན་པ། །མྱ་ངན་འདས་པར་གང་སྟོན་པ། །རབ་ཏུ་སྟོན་པའོ། །དངོས་པོ་མེད་དང་དངོས་པོ་དག །གྲུབ་ན་དེ་ནི་འགྲུབ་པར་འགྱུར། །གཉི་ག་བཀག་པས་དངོས་པོ་ཡང་
མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་པ་ཞེས་བརྗོད་པའི་ཕྱིར་དང་། དངོས་པོ་དང་དངོས་པོ་མེད་པ་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དངོས་པོ་དང་དངོས་པོ་མེད་པ་གཉིས་གྲུབ་ན་དེ་གཉིས་བཀག་པས་གཉིས་ག་མ་ཡིན་པའི་མྱ་ངན་ལས་
འདས་པ་དེ་ཡང་འགྲུབ་པ་ཞིག་ན། དེ་གཉིས་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར། མྱ་ངན་ལས་འདས་པ་དེ་ཡང་མི་འགྲུབ་པོ་ཞེས་བསྟན་ཏོ། །ད་ནི་དངོས་པོ་དང་དངོས་པོ་མེད་པ་གཉིས་ག་མ་ཡིན་པའི་མྱ་ངན་ལས་འདས་པ་དེ་ཤེས་པའམ། བརྗོད་པ་གང་གིས་མངོན་
པར་བྱེད་པའི་ཤེས་པ་འམ། བརྗོད་པ་དག་དོན་དམ་པར་དགག་པ་སྔར་བསྟན་ཟིན་པས་མྱ་ངན་ལས་འདས་པ་དེ་ཡང་མངོན་པར་བྱེད་པ་མེད་པའི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཡང་གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་ནི། དངོས་མིན་དངོས་པོ་མེད་མིན་ན། ཁྱེད་
འདོད་པ་ལྟར་རོ། །དངོས་མིན་དངོས་པོ་མེད་མིན་ཞེས། །གང་ཞིག་གིས་ནི་དེ་མངོན་བྱེད། །དེ་མངོན་པར་བྱེད་པའི་ཤེས་པའམ། བརྗོད་པ་དགག་པ་སྔར་བསྟན་ཟིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བར་སྨྲས་སོ། །ད་ནི་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞིའི་ཚུལ་གྱིས་མྱ་
เล่ม ๑๐๑ · หน้า 259b
ངན་ལས་འདས་པ་དངོས་པོ་མ་ཡིན་པ་དང་། དངོས་པོ་མེད་པ་མ་ཡིན་པར་ལུང་དུ་མ་བསྟན་པ་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་ལ། དངོས་པོ་མེད་པ་ཡང་མ་ཡིན་པ་དེ་མངོན་པར་བྱེད་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་དེ་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར། ཡང་གཞན་
ཡང་། བཅོམ་ལྡན་མྱ་ངན་འདས་གྱུར་ནས། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉི་ག་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་པ་དང་། མེད་པ་དང་། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། ཡོད་པ་ཡང་མ་
ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་མི་མངོན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ལུང་དུ་མ་བསྟན་པའི་ཕྱིར་རོ། །དེས་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་ལ། དངོས་པོ་མེད་པ་ཡང་མ་ཡིན་པར་འདོད་པ་དགག་པ་བསྟན་ཏོ། །བཅོམ་ལྡན་འདས་
བཞུགས་པར་གྱུར་ན་ཡང་། ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉི་ག་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །དེ་བཞིན་གཤེགས་པ་བཞུགས་ན་ཡང་ཡོད་པ་དང་། མེད་པ་དང་། ཡོད་ཀྱང་ཡོད་ལ། མེད་ཀྱང་མེད་པ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་
བར་མི་མངོན་ནོ་ཞེས་བྱ་བ་ཡང་དེ་ལྟར་ལུང་དུ་མ་བསྟན་པའི་ཕྱིར་ཏེ། དེ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་ལ། དངོས་པོ་མེད་པ་ཡང་མ་ཡིན་པར་འདོད་པ་དགག་པ་བསྟན་ཏོ། །དེ་ལྟར་སྲོག་གང་ཡིན་པ་དེ་ལུས་ཡིན་པ་དང་། སྲོག་ཀྱང་གཞན་
ལ་ལུས་ཀྱང་གཞན་ནོ་ཞེས་བྱ་བར་མི་མངོན་ནོ་ཞེས་བྱ་བའི་བར་གྱིས་ལུང་དུ་མ་བསྟན་པའི་དངོས་པོ་དག་ལ་དེ་དག་མ་བཀག་པ་ཁོ་ནའི་ཕྱིར་མྱ་ངན་ལས་འདས་པ་མ་གྲུབ་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཉམས་པ་མེད་དོ་ཞེས་བྱ་བས་ནི་མཇུག་བསྡུ་བ་ཡིན་ཏེ། ལུང་དུ་མ་བསྟན་པའི་དངོས་
པོ་བཅུ་བཞི་པོ་དག་དེ་དག་ལུང་དུ་མ་བསྟན་ཞིང་བཀག་པ་ཁོ་ནའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་ལ། དངོས་པོ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་དེ་མངོན་པར་བྱེད་པ་མེད་པས་མ་གྲུབ་པོ། །དེ་ལྟར་མྱ་ངན་ལས་འདས་པ་དངོས་པོ་ཡིན་པ་དང་། དངོས་པོ་མེད་པ་ཡིན་པ་དང་། གཉི་ག་
เล่ม ๑๐๑ · หน้า 260a
ཡིན་པ་དང་། གཉི་ག་མ་ཡིན་པ་ཡིན་པར་མ་གྲུབ་པས་སྔར་ཕ་རོལ་པོ་དག་ན་རེ་གལ་ཏེ་འདུ་བྱེད་འདི་དག་མྱ་ངན་ལས་འདས་པར་འདོད་ན་ནི། འདུ་བྱེད་དེ་དག་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། ཉོན་མོངས་པ་སྤང་བ་དང་། མིང་དང་གཟུགས་འགགས་པས་
མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཉམས་པ་མེད་དོ། །འདིར་སྨྲས་པ། དོན་དམ་པར་མྱ་ངན་ལས་འདས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། སྐྱེ་བ་དང་རྒ་ཤིས་འཇིག་པ་རྣམས་དེ་ཐོབ་པར་བྱ་བའི་ཕྱིར་འཇུག་པ་ཡོད་པའི་ཕྱིར་རོ། །མེད་པ་ལ་ནི་ཁྱད་
པར་ཅན་རྣམས་དེ་ཐོབ་པར་བྱ་བའི་ཕྱིར་འཇུག་པ་མ་མཐོང་སྟེ། དཔེར་ན་རུས་སྦལ་གྱི་སྤུ་བཞིན་ནོ། །མྱ་ངན་ལས་འདས་པ་ལ་ནི་དེ་འཐོབ་པར་བྱ་བའི་ཕྱིར་དང་། ཁྱད་པར་ཅན་རྣམས་ལམ་བསྒོམ་པ་ལ་འཇུག་པ་ཡོད་པས་དེའི་ཕྱིར་དོན་དམ་པར་མྱ་ངན་ལས་འདས་པ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་
བས་ནི་ཕ་རོལ་པོ་དག་རྣལ་འབྱོར་པ་རྣམས་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ལམ་བསྒོམ་པ་ལ་འཇུག་ཅིང་འཁོར་བ་ནི་སྤོང་། མྱ་ངན་ལས་འདས་པ་ནི་ལེན་པས་འཁོར་བ་དང་མྱ་ངན་ལས་འདས་པ་ཁྱད་པར་ཡོད་པའི་གཏན་ཚིགས་ཀྱིས་དོན་དམ་པར་མྱ་ངན་ལས་འདས་པ་ཡོད་
པ་ཁོ་ན་ཡིན་ཏེ་ཞེས་ཟེར་བའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་རུས་སྦལ་གྱི་སྤུ་ལྟ་བུ་མེད་པ་
གང་ལ་ཁྱད་པར་ཅན་རྣམས་དེ་ཐོབ་པར་བྱ་བའི་ཕྱིར་འཇུག་པ་མེད་པ་དེ་ནི་ཡོད་པ་མ་ཡིན་གྱི། མྱ་ངན་ལས་འདས་པ་ལ་ནི་རྣལ་འབྱོར་པ་ཁྱད་པར་ཅན་རྣམས་ནི་དེ་ཐོབ་པར་བྱ་བའི་ཕྱིར་ལམ་བསྒོམ་པ་ལ་འཇུག་པ་ཡོད་པའི་ཕྱིར་དོན་དམ་པར་མྱ་ངན་ལས་འདས་པ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་
ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། ཁྱད་པར་ཡོད་ན་ནི་གཞན་གྱིས་གཞན་འཐོབ་པ་མཐོང་སྟེ། དཔེར་ན་ལག་པས་རྐང་པ་སླེབས་པ་ལྟ་བུ་ཡིན་ན་ཁོ་བོ་ཅག་གི་ཕྱོགས་ལ་དོན་དམ་པར་འཁོར་བ་དང་། མྱ་ངན་ལས་འདས་པ་
เล่ม ๑๐๑ · หน้า 260b
དག་ལ་རྣམ་པ་དེ་ལྟ་བུ་མེད་པས་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་འཇུག་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་ཁྱད་པར་མེད་པས་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་འཇུག་པ་མེད་པས་ཕ་རོལ་པོ་དག་གི་གཏན་ཚིགས་མ་གྲུབ་པའི་
ཕྱིར་དོན་དམ་པར་མྱ་ངན་ལས་འདས་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འཁོར་བ་མྱ་ངན་འདས་པ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པ་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །དམིགས་སུ་མེད་པར་
མཉམ་པ་ཉིད་ཀྱིས། གཉི་ག་ཡང་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བར་སྨྲས་སོ། །ཇི་ལྟར་དམིགས་སུ་མེད་ཅེ་ན། དེའི་ཕྱིར། ཇི་ལྟར་དེ་དག་གི་བརྟགས་པའི་བདག་ཉིད་དམིགས་སུ་མེད་པ་དེ་ལྟར་ནི་བསྟན་ཟིན་པས་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར་དེ་ཐོབ་པར་བྱ་བའི་
ཕྱིར་འཇུག་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེའི་དོན་མ་གྲུབ་པ་ཉིད་དང་དོན་འགལ་བ་ཉིད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ནོ། །མྱ་ངན་ལས་འདས་པ་དང་འཁོར་བ་ཁྱད་པར་མེད་པའི་འཐད་པ་ཉིད་བསྟན་པའི་ཕྱིར། མྱ་ངན་ལས་འདས་པ་དང་འཁོར་བ་དག་ཁྱད་པར་མེད་པར་
བསྟན་པའི་ཕྱིར་བཤད་པ། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །མཐའ་ནི་དེ་བཞིན་ཉིད་དང་ཆོས་ཉིད་དང་། །སྟོང་པ་ཉིད་ཅེས་བྱ་བ་དག་གི་རྣམ་གྲངས་སོ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཆོས་ཉིད་དབྱེར་མེད་པའི་
ཕྱིར་ཏེ། ནམ་མཁའ་ལ་ཕྱོགས་ཀྱི་ཁྱད་པར་ཡོད་ཀྱང་མཚན་ཉིད་དབྱེར་མེད་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །འདིར་སྨྲས་པ། སྟོང་པ་ཉིད་ནི་ལྟ་བར་གྱུར་པ་ཐམས་ཅད་ལས་ངེས་པར་འབྱིན་པ་ཡིན་པར་གསུངས་ན་ཁྱེད་ཀྱིས་མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་
པ་ཉིད་དུ་བཤད་པས་མེད་པ་ནི་ལྟ་བའི་གཉེན་པོ་ཉིད་ཡིན་པར་མི་རུང་ངོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་ལུང་ལས། མདོར་ན་ཆོས་ནི་མི་འཚེ་སྟེ། །མྱ་ངན་འདས་པ་སྟོང་པ་ཉིད། །འདིར་ནི་དེ་གཉིས་འབའ་ཞིག་ཅེས། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་འབྱུང་བས་
เล่ม ๑๐๑ · หน้า 261a
སྟོང་པ་ཉིད་ནི་མྱ་ངན་ལས་འདས་པ་ཡིན་ལ། དེ་ནི་ལྟ་བར་གྱུར་པ་ཐམས་ཅད་ལས་ངེས་པར་འབྱིན་པ་ཡིན་པར་གསུངས་པས་དེ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། དེའི་ཕྱིར་མྱ་ངན་ལས་འདས་པ་ནི་ཡོད་པ་
ཁོ་ན་ཡིན་ཏེ། གཉེན་པོ་ཡིན་པའི་ཕྱིར་དཔེར་ན་སྣང་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྣང་བ་ནི་མུན་པའི་གཉེན་པོ་ཡིན་པའི་ཕྱིར་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་
དུ་མྱ་ངན་ལས་འདས་པ་ཡང་ལྟ་བར་གྱུར་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར། ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། དོན་དམ་པར་མར་མེ་སྣང་བ་ཉིད་དང་། དངོས་པོ་ཉིད་དུ་མ་
གྲུབ་པའི་ཕྱིར། དཔེ་མེད་པས་སྒྲུབ་པ་མ་ཚང་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོ་ཅག་གིས་སྔར། མར་མེ་དག་ནི་གང་དང་ནི། །དེ་འདུག་པ་ན་མུན་པ་མེད། །ཅེས་བཤད་པ་དང་། དངོས་པོ་རྣམས་ཀྱི་སྐྱེ་བ་བཀག་པ་ཉིད་ཀྱིས་སྣང་བ་མུན་པའི་གཉེན་པོར་མ་གྲུབ་པའི་ཕྱིར་
ཁྱེད་ཀྱི་བསྒྲུབ་པ་ལ་དཔེ་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་པས་མི་རུང་ངོ་། །ཆོས་ཐམས་ཅད་མི་དམིགས་པ་ནི་སྟོང་པ་ཉིད་ཡིན་ལ་དེ་ཡང་དམིགས་པའི་གཉེན་པོ་ཡིན་པར་བརྗོད་ན་དམིགས་པར་བྱ་བའི་དོན་དམིགས་སུ་མེད་ན་ཡུལ་དེ་ལ་དམིགས་པ་ཡང་མེད་དོ་ཞེས་བྱ་བས་ནི་མྱ་ངན་ལས་
འདས་པ་ནི་སྟོང་པ་ཉིད་ཡིན་ལ་དེ་ཡང་ལྟ་བ་ཐམས་ཅད་ལས་ངེས་པར་འབྱིན་པའི་གཉེན་པོ་ཡིན་པར་བརྗོད་པས་དེ་ལ་དེ་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་གཉི་ག་དམིགས་སུ་མེད་པའི་ཕྱིར་གཟུང་བ་དང་། འཛིན་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པར་མི་བྱའོ་ཞེས་བསྟན་
ཏེ། དེས་ནི་ཕ་རོལ་པོ་དག་གི་དམ་བཅས་པ་མ་གྲུབ་པར་བསྟན་ཏོ། །འདིར་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་འོ་ན་མྱ་ངན་ལས་འདས་པ་སྟོང་པ་ཉིད་ཅེས་གསུངས་པ་སྟེ་ཡོད་པ་ཡིན་ནམ་མེད་པ་ཡིན་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་
เล่ม ๑๐๑ · หน้า 261b
ཉིད་ཀྱིས། ཡོད་པ་ཡང་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །མེད་པ་ཡང་མ་ཡིན་ཏེ། དགག་པ་སྔར་བསྟན་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སྟོང་པ་ཉིད་ནི་ཡོད་པ་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བའི་སྒྲུབ་པ་
འདིས་ནི་ཡོད་པར་ལྟ་བ་དགག་པ་བསྟན་ཏོ། །སྟོང་པ་ཉིད་ནི་མེད་པ་ཡང་མ་ཡིན་ཏེ། དངོས་པོ་བཀག་པས་དངོས་པོ་མེད་པར་བརྗོད་པ་ཡིན་ན། འདིར་དངོས་པོ་ཉིད་དམིགས་སུ་མེད་པ་ཡིན་པས་དེ་བཀག་པ་དང་དངོས་པོ་མེད་པར་བསྒྲུབ་པ་ཡང་མ་ཡིན་དབུ་མ་པ་ནི་མེད་པར་དགག་པའི་ཚུལ་སྟོན་པ་
ཡིན་གྱི། མ་ཡིན་པར་དགག་པ་མི་སྟོན་ཏོ་ཞེས་དགག་པ་སྔར་བསྟན་ཟིན་པའི་ཕྱིར་དེས་ནི་མེད་པར་ལྟ་བ་དགག་པ་བསྟན་ཏོ། །དེ་ལྟ་བས་ན་སྟོང་པ་ཉིད་ལ་མངོན་པར་ཞེན་པ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་མཐའ་གཉིས་སུ་མངོན་པར་ཞེན་པ་དགག་པའི་མཇུག་བསྡུ་བ་ཡིན་ནོ། །དེ་
ཉིད་ཀྱི་འཐད་པ་གཞན་བསྟན་པའི་ཕྱིར། སྟོང་པ་ཉིད་དུ་ལྟ་བ་ཡང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་དམིགས་སུ་མེད་པའི་བགེགས་བསལ་བའི་ཕྱིར་མཁས་པ་རྣམས་སྤོང་བར་བྱེད་དོ། །མི་མཁས་པ་རྣམས་ནི་དེ་ཉིད་དངོས་པོ་དང་དངོས་པོ་མེད་པ་ལས་འཛིན་པར་བྱེད་ཅིང་དོན་མེད་པ་ཉིད་སྒྲུབ་
པར་བྱེད་དེ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། ཇི་སྐད་དུ་འོད་སྲུངས་གང་སྟོང་པ་ཉིད་དུ་ལྟ་བ་དེ་ནི་གསོར་མི་རུང་བར་ང་སྨྲའོ་ཞེས་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས་དེ་སྐད་གསུངས་སོ། །དེའི་ཕྱིར་དེ་ལྟར་སྟོང་པ་ཉིད་
མ་གྲུབ་པས་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་། ཚད་མའི་འབྲས་བུ་ཡིན་ཏེ། རེ་ཞིག་དེ་དག་གིས་ནི་སྔར་ཕ་རོལ་པོ་དག་གིས་མྱ་ངན་ལས་འདས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ་གཉེན་པོ་ཡིན་པའི་ཕྱིར་དཔེར་ན་སྣང་བ་བཞིན་ནོ་ཞེས་
སྨྲས་པའི་དཔེ་དང་དམ་བཅས་པ་དང་། གཏན་ཚིགས་དག་མ་གྲུབ་པར་རིམ་བཞིན་དུ་བསྟན་ཏོ། །ད་ནི་ཕ་རོལ་པོ་དག་ན་རེ་སྟོང་པ་ཉིད་ནི་ལྟ་བར་གྱུར་པ་ཐམས་ཅད་ལས་ངེས་པར་འབྱིན་པ་ཡིན་པར་གསུངས་ན། ཁྱེད་ཀྱིས་མྱ་ངན་ལས་འདས་པ་ངོ་བོ་ཉིད་དུ་མེད་པ་བཤད་པས་མེད་པ་ནི་ལྟ་བའི་གཉེན་པོ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด