ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) པྲཛྙཱ་པྲ་དཱི་པཾ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๐๑ · หน้า 313b
ཡིན་པས་ཉེ་བར་ལེན་པའོ། །ཁ་ཅིག་ན་རེ་སྲེད་པ་འཕེལ་བ་ཉིད་ཉེ་བར་ལེན་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་ལོངས་སྤྱོད་རྣམས་ཐོབ་པར་བྱ་བའི་ཕྱིར་འབད་པའོ་ཞེའོ་ཞེས་བྱ་བས་ནི་ཉེ་བར་ལེན་པའི་ངོ་བོ་ཉིད་བསྟན་ཏོ། །རྣམ་པ་བཞི་པོ་ཞེས་བྱ་བ་ནི་འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་
དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པའི་མཚན་ཉིད་དག་གོ་ཞེས་བྱ་བས་ནི་གྲངས་དང་མིང་དང་སོ་སོའི་མཚན་ཉིད་བསྟན་ཏེ། དེ་ལྟར་སྲེད་པའི་རྐྱེན་ཅན་གྱིས་ཉེ་བར་ལེན་པ་འབྱུང་བར་འགྱུར་རོ་ཞེས་གོ་རིམས་དང་མཚམས་སྦྱར་རོ། །དེ་དག་གིས་ནི་སྲེད་པའི་
རྐྱེན་གྱིས་ལེན་པ་ཞེས་བྱ་བ་བསྟན་ཏོ།། །།བམ་པོ་བདུན་ཅུ་དགུ་པ། ད་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་བསྟན་པའི་ཕྱིར། ཉེར་ལེན་ཡོད་ན་ལེན་པ་པོའི། །སྲིད་པ་རབ་ཏུ་འབྱུང་བར་འགྱུར། །ཞེས་བྱ་བ་ལ་ཞེས་བྱ་བ་སྨྲས་ཏེ། འདིས་ཀྱང་ལེན་པའི་རྐྱེན་
གྱིས་སྲིད་པ་ཞེས་བྱ་བའི་ངོ་བོ་ཉིད་དང་གོ་རིམས་དང་མཚམས་སྦྱར་བ་ལ་སོགས་པ་སྟོན་ཏོ། །ཉེ་བར་ལེན་པའི་རྐྱེན་ཅན་གྱི་སྲིད་པ་འབྱུང་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སྲིད་པ་ཞེས་བྱ་བ་ནི་ལས་ཀྱི་སྲིད་པ་ཞེས་བྱ་བ་སྟེ། སྲིད་པར་བྱེད་པས་སྲིད་པའོ། །ཡང་ན་སྲིད་པ་ནི་འབྱུང་བ་སྟེ། །
འབྱུང་བ་དང་སྐྱེ་བ་ཞེས་བྱ་བ་དག་གི་རྣམ་གྲངས་སོ། །སྲིད་པའི་རྒྱུའི་ལས་གང་ཡིན་པ་དེ་སྲིད་པ་སྟེ། འབྲས་བུ་ལ་རྒྱུ་ཉེ་བར་བཏགས་པའི་ཕྱིར་དཔེར་ན་སངས་རྒྱས་རྣམས་འབྱུང་བ་བདེའོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་སྲིད་པའི་ངོ་བོ་ཉིད་བསྟན་ཏེ། དེ་ལྟར་ཉེ་བར་ལེན་པའི་རྐྱེན་ཅན་གྱི་སྲིད་པ་
འབྱུང་བར་འགྱུར་རོ་ཞེས་གོ་རིམས་དང་མཚམས་སྦྱར་རོ། །འདིར་ཡང་རེག་པ་ལ་སོགས་པ་དག་ནི་གཉི་ག་ལྟར་ཡང་ངེས་པར་གཟུང་བར་མི་བྱ་སྟེ། རྐྱེན་ཉིད་ཀྱིས་དེ་དག་རྐྱེན་ཅན་ཡིན་པའི་ཕྱིར་དང་། དེ་དག་གཞན་དག་གི་རྐྱེན་ཀྱང་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་རེག་པ་དང་སྲེད་པའི་བར་གྱི་ཡན་
ལག་རྣམས་ནི་རྐྱེན་ཅན་ཁོ་ན་ཞེའམ། རྐྱེན་ཁོ་ན་ཞེས་ངེས་པར་གཟུང་བར་མི་བྱ་སྟེ། དེ་དག་གཉི་གའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་ལ་སོགས་པ་ད་ལྟར་གྱི་དུས་སུ་གཏོགས་པ་དག་ནི་མ་རིག་པ་དང་འདུ་བྱེད་ཅེས་བྱ་བ་དག་གི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བས་ནི་རྟེན་ཅིང་འབྲེལ་
เล่ม ๑๐๑ · หน้า 314a
པར་འབྱུང་བའི་ཡན་ལག་གི་བྱེ་བྲག་བཅུ་གཉིས་ཐུབ་པས་གསུངས་པ་དེ་དག་ལས་དང་ཉོན་མོངས་པ་དང་། སྡུག་བསྔལ་རྣམས་སུ་འདུས་ཏེ། གསུམ་པོ་དག་ཏུ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བའི་ཚུལ་གྱིས། མ་རིག་པ་དང་། སྲེད་པ་དང་། ལེན་པ་གསུམ་པོ་ནི་ཉོན་
མོངས་པ་ཡིན་ལ། འདུ་བྱེད་དང་སྲིད་པ་གཉིས་ནི་ལས་ཡིན། ལྷག་མ་ནི་སྡུག་བསྔལ་ཡིན་ནོ། །དེ་དག་ཀྱང་ཕུང་པོ་གསུམ་དུ་འདུས་ཏེ། མ་རིག་པ་དང་། འདུ་བྱེད་གཉིས་ནི་འདས་པའི་དུས་སུ་གཏོགས་པ་ཡིན། རྣམ་པར་ཤེས་པ་ལ་སོགས་པ་བརྒྱད་ནི་ད་ལྟར་གྱི་དུས་སུ་གཏོགས་
པ་ཡིན། སྐྱེ་བ་དང་། རྒ་ཤི་གཉིས་ནི་མ་འོངས་པའི་དུས་སུ་གཏོགས་པ་ཡིན་ནོ་ཞེས་བྱ་བའི་སྐབས་ལས་ཕུང་པོ་གསུམ་དུ་བསྡུ་བ་བསྟན་ཏེ། འདིར་རྣམ་པར་ཤེས་པ་ལ་སོགས་པ་ད་ལྟར་གྱི་དུས་སུ་གཏོགས་པ་བརྒྱད་པོ་དག་ནི་འདས་པའི་དུས་སུ་གཏོགས་པའི་མ་རིག་པ་དང་འདུ་བྱེད་ཀྱི་རྒྱུ་ལས་
བྱུང་བ་ཡིན་ལ་མ་འོངས་པའི་དུས་སུ་གཏོགས་པའི་སྐྱེ་བ་དང་རྒ་ཤི་ནི་ད་ལྟར་གྱི་རྒྱུ་དག་གི་འབྲས་བུ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་དག་གིས་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་བསྟན་ཏོ། །ད་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་བསྟན་པར་བྱ་སྟེ། དེ་ལ་རེ་ཞིག་ད་ལྟར་གྱི་མཐར་བལྟས་
པའི་ཉེ་བར་ལེན་པ་ཡོད་ན་སྲིད་པ་ཡོད་པས་མ་འོངས་པའི་སྐྱེ་བ་འབྱུང་བར་འགྱུར་གྱི། དེ་མེད་ན་དེ་མི་འབྱུང་བར་བསྟན་པའི་ཕྱིར། དེ་ལ་གལ་ཏེ་དགེ་བའི་བཤེས་གཉེན་བསྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པས་འདུ་བྱེད་རྣམས་སྡུག་བསྔལ་ལ་སོགས་པའི་
རྣམ་པ་དག་གིས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དམ། ངོ་བོ་ཉིད་སྟོང་པས་མ་སྐྱེས་པར་མཐོང་བ་དེའི་ཚེ་ན་དེ་ཁོ་ན་སྐྱེས་པས་སྲེད་པར་མི་འགྱུར་ཞིང་། སྲེད་པ་མེད་ན་ཉེ་བར་ལེན་པར་མི་བྱེད་པས། གལ་ཏེ་ཉེ་བར་ལེན་མེད་ན། །གྲོལ་བར་འགྱུར་ཏེ་སྲིད་མི་འགྱུར། །རྟེན་ཅིང་འབྲེལ་པར་འབྱུང་བ་ཕུང་པོ་
གསུམ་པོ་ལ་ཡང་ད་ལྟར་ཡོད་པ་འཇིག་ན་འབྲས་བུ་ཉེ་བར་སྟོན་པ་ཡིན་ལ། ཡོད་པ་འཇིག་པའི་སྦྱོར་བ་ཡང་ད་ལྟར་གྱི་དུས་ཁོ་ནའི་སྦྱོར་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཕུང་པོ་གསུམ་པ་ལ་མ་རིག་པ་དང་། འདུ་བྱེད་གཉིས་
เล่ม ๑๐๑ · หน้า 314b
ནི་སྔོན་གྱི་མཐར་བལྟས་པ་ཡིན་ལ། རྣམ་པར་ཤེས་པ་ནས་སྲིད་པའི་བར་དུ་བརྒྱད་ནི། ད་ལྟར་གྱི་མཐར་བལྟས་པ་ཡིན། སྐྱེ་བ་དང་། རྒ་ཤི་གཉིས་ནི་མ་འོངས་པའི་མཐར་བལྟས་པ་ཡིན་པས། དེ་ལ་ད་ལྟར་གྱི་མཐར་བལྟས་པ་རྣམ་པར་ཤེས་པ་ལ་
སོགས་པ་ཡོད་པ་ཉིང་མཚམས་སྦྱོར་བ་དག་འཇིག་ཅིང་ཤི་འཕོས་ཏེ། འགགས་ན་མ་འོངས་པའི་འབྲས་བུ་སྐྱེ་བ་ཉེ་བར་སྟོན་པ་ཡིན་ལ་ཡོད་པ་འཇིག་པའི་སྦྱོར་བ་སྲིད་པ་ཞེས་བྱ་བ་ཡང་ད་ལྟར་གྱི་དུས་ཁོ་ན་ན་ཡོད་པའི་སྦྱོར་བ་ཡིན་པའི་ཕྱིར་དེ་གལ་ཏེ་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། དམ་
པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པས་ཉན་ཐོས་ཀྱི་རྣལ་འབྱོར་པས་འདུ་བྱེད་རྣམས་སྡུག་བསྔལ་བ་ལ་སོགས་པའི་རྣམ་པ་དག་གིས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དུ་མཐོང་བ་དང་། ཐེག་པ་ཆེན་པོའི་རྣལ་འབྱོར་པས་འདུ་བྱེད་རྣམས་ངོ་བོ་ཉིད་སྟོང་པས་མ་སྐྱེས་པར་མཐོང་བ་དེའི་ཚེ་ན།
དེ་ཁོ་ན་ཤེས་པ་སྐྱེས་པས་སྲེད་པར་མི་འགྱུར་ཞིང་། སྲེད་པ་མེད་ན་ཉེ་བར་ལེན་པར་མི་བྱེད་པས་གྲོལ་བར་འགྱུར་ཏེ། ཡང་སྲིད་པར་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ད་ལྟར་གྱི་མཐར་བལྟས་པའི་ཉེ་བར་ལེན་པ་ཡོད་ན། སྲིད་པ་ཡོད་ཅིང་སྲིད་པའི་རྐྱེན་གྱིས་སྐྱེ་བ་འབྱུང་བར་བསྟན་པའི་ཕྱིར།
ཉེ་བར་ལེན་པ་ཡོད་ན་སྲིད་པ་ཞེས་གསུངས་པ་དེའི་མཚན་ཉིད་ཀྱང་གང་ཞེ་ན། སྲིད་པ་དེ་ཡང་ཕུང་པོ་ལྔ། འདིར་ཡང་ཕུང་པོ་ལྔའི་རྒྱུན་ལ་ཕུང་པོ་ལྔ་ཞེས་ཐ་སྙད་གདགས་པ་སྟེ་ཕུང་པོ་ལྔ་ནི་སྲིད་པ་ཁོ་ནའོ་ཞེས་ངེས་པར་གཟུང་བར་བྱའི། ཕུང་པོ་ལྔ་ཁོ་ན་སྲིད་པའོ་ཞེས་པ་ནི་ངེས་པར་གཟུང་བར་
མི་བྱ་སྟེ། གཟུགས་མེད་པའི་ཁམས་ཀྱི་སྲིད་པ་ནི་ཕུང་པོ་བཞི་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ད་ལྟར་གྱི་མཐར་བལྟས་པའི་ལས་ཀྱི་སྲིད་པ་མ་འོངས་པའི་ཕུང་པོ་ལྔའི་རྒྱུར་གྱུར་པ་ཕུང་པོ་ལྔའི་མིང་ཅན་དེ་ནི་སྲིད་པ་ཞེས་བྱ་སྟེ། དེ་ཡོད་པས་མ་འོངས་པའི་མཐར་བལྟས་པའི་སྐྱེ་བ་འབྱུང་ངོ་ཞེས་
བྱ་བར་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར། སྲིད་པ་ལས་ནི་སྐྱེ་བ་འབྱུང་། །ཞེས་བྱ་བ་ལ་ཞེས་བྱ་བ་སྨྲས་ཏེ། འདིས་ཀྱང་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བའི་ངོ་བོ་ཉིད་དང་གོ་རིམས་དང་མཚམས་སྦྱར་བ་སྟོན་ཏེ། སྲིད་པའི་རྐྱེན་ཅན་གྱི་སྐྱེ་བ་འབྱུང་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སྐྱེ་བ་ཞེས་
เล่ม ๑๐๑ · หน้า 315a
བྱ་བ་ནི་སྐྱེ་བས་ན་སྐྱེ་བ་སྟེ། ཕུང་པོ་རྣམས་མ་བྱུང་བ་ལས་འབྱུང་བའོ་ཞེས་བྱ་བས་ནི་སྐྱེ་བའི་ངོ་བོ་ཉིད་བསྟན་ཏེ། དེ་ལྟར་སྲིད་པའི་རྐྱེན་ཅན་གྱི་སྐྱེ་བ་འབྱུང་བར་འགྱུར་རོ་ཞེས་གོ་རིམས་དང་མཚམས་སྦྱར་རོ། །དེ་དག་གིས་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་
བསྟན་ཏོ། །ད་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བ་བསྟན་པའི་ཕྱིར།
རྒ་ཤི་དང་ནི་མྱ་ངན་དང་། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་དག་གིས་ཀྱང་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ལ་སོགས་པའི་ངོ་བོ་ཉིད་དང་། གོ་རིམས་དང་། མཚམས་སྦྱར་བ་ལ་སོགས་པ་སྟོན་ཏེ། སྐྱེ་བའི་རྐྱེན་ཅན་གྱི་རྒ་ཤི་ལ་སོགས་པ་འབྱུང་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །
དེ་དག་ཉིད་བསྟན་པའི་ཕྱིར། རྒ་ཤི་ཞེས་བྱ་བ་ནི་ཡོངས་སུ་འགྱུར་བ་དང་། འཇིག་པའི་རྒྱུ་དག་གོ། །མྱ་ངན་ཞེས་བྱ་བ་ནི་སྡུག་པ་དང་བྲལ་བས་བསྐྱེད་པ་སྟེ། ནང་གི་ཡོངས་སུ་གདུང་བའི་མཚན་ཉིད་དོ། །སྨྲེ་སྔགས་འདོན་བཅས་སྡུག་བསྔལ་དང་། །ཞེས་བྱ་བ་ལ། སྨྲེ་སྔགས་འདོན་པ་ཞེས་
བྱ་བ་ནི་སྐྱེ་བོ་སྙིང་དུ་སྡུག་པ་ཆུད་ཟོས་པའི་ཡོན་ཏན་ཀུན་དུ་བརྗོད་པ་ལ་བརྟེན་པའི་ཚིག་བརྗོད་པ་སྟེ། ཡོངས་སུ་སྨྲེ་ཞིང་སྨྲེ་སྔགས་འདོན་པའོ། །སྡུག་བསྔལ་ཞེས་བྱ་ནི་ལུས་ཀྱི་མི་བདེ་བ་ཚོར་བའོ། །ཡིད་མི་བདེ་བ་དང་འཁྲུག་པ་རྣམས་ཞེས་བྱ་བ་ལ། ཡིད་མི་བདེ་བ་ཞེས་བྱ་བ་ནི། སེམས་
ཀྱི་མི་བདེ་བ་ཚོར་བའོ། །འཁྲུག་པ་རྣམས་ཞེས་བྱ་བ་ནི་ལུས་དང་སེམས་འཁྲུག་པས་འཁྲུག་པ་རྣམས་སོ། །དེ་དག་སྐྱེ་ལས་རབ་ཏུ་འབྱུང་། །ཞེས་བྱ་བ་ནི་དེ་ལྟར་རྒ་ཤི་ལ་སོགས་པ་ཇི་སྐད་བསྟན་པ་དེ་དག་སྐྱེ་བ་ལས་རབ་ཏུ་འབྱུང་བར་འགྱུར་བའོ། །དེ་ལྟར་སྡུག་བསྔལ་ཕུང་པོ་ནི། །འབའ་
ཞིག་པ་འདི་འབྱུང་བར་འགྱུར། །ཞེས་བྱ་བ་ལ། སྡུག་བསྔལ་ཕུང་པོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོགས་ཞེས་བྱ་བའི་ཐ་ཚིག་གོ། །འབའ་ཞིག་པ་ཞེས་བྱ་བ་ནི་བདེ་བ་དང་མ་འདྲེས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་འབྱུང་བར་འགྱུར་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའོ་ཞེས་བྱ་བ་སྨྲས་སོ། །ཐ་སྙད་ཀྱི་བདེན་པར་
เล่ม ๑๐๑ · หน้า 315b
གཏོགས་པའི་ཕུང་པོ་དེ་འབྱུང་བ་འདི་ནི་ཐ་སྙད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ། །དོན་དམ་པར་ནི་སྐྱེ་བ་མེད་པའི་རབ་ཏུ་བྱེད་པར་ཇི་སྐད་བསྟན་པའི་ཚུལ་གྱིས་ཡོད་པ་མ་ཡིན་པས་ཁས་བླངས་པ་ལ་གནོད་པ་མེད་དོ་ཞེས་བྱ་བས་ནི་དེ་ལྟར་སྲིད་པའི་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བའི་ཚུལ་
བསྟན་པ་དེ་ནི་ཐ་སྙད་པ་ཡིན་གྱི། དོན་དམ་པ་མ་ཡིན་པས་དབུ་མ་པས་དོན་དམ་པར། སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་སྨྲས་པ་དེ་ལ་ཁས་བླངས་པ་ལ་གནོད་པར་མི་འགྱུར་རོ་ཞེས་བསྟན་ཏོ། །རེ་ཞིག་དེ་དག་གིས་ནི་ཐ་སྙད་པའི་རྟེན་ཅིང་འབྲེལ་
པར་འབྱུང་བ་ལུགས་སུ་འབྱུང་བའི་མཚན་ཉིད་བསྟན་ཏོ། །ད་ནི་ཐ་སྙད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་ལས་ལྡོག་པའི་མཚན་ཉིད་བསྟན་པར་བྱ་སྟེ། དེའི་ཕྱིར། དེ་ལྟར་སྐྱེ་བའི་རྒྱུན་འཇུག་པ་དེ་ཇི་ལྟར་ལྡོག་པར་འགྱུར་ཞེ་ན། དེའི་ཕྱིར་བཤད་པ། གང་ཕྱིར་མི་མཁས་པ་རྣམས་ཀྱིས། །
ལས་རྣམས་མངོན་པར་འདུས་བྱས་པ། །དེ་ཕྱིར་མཁས་རྣམས་འཁོར་བ་ཡི། །རྩ་བའི་འདུ་བྱེད་འདུ་མི་བྱེད། །འདུ་བྱེད་ཀྱི་སྐྱོན་མཐོང་བ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ཉིད་ཀྱིས་དེ་མངོན་པར་འདུ་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིས་ནི་སྔར། མ་རིག་སྒྲིབ་པས་ཡང་
སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག །མངོན་པར་འདུ་བྱེད་གང་ཡིན་པའི། །ལས་དེ་དག་གིས་འགྲོ་བར་འགྲོ། །ཞེས་སྨོས་པ་ལས་བཟློག་པ་བསྟན་ཏོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། མི་མཁས་པ་རྣམས་ནི་འདུ་བྱེད་སྒྱུ་མ་དང་། །སྨིག་རྒྱུ་ལྟ་བུ་ཐོག་མ་མེད་པའི་
རྐྱེན་བརྒྱུད་པ་ལས་བྱུང་བ་དག་ལ་དེ་དག་གི་སྐྱོན་མ་མཐོང་བའི་ཕྱིར་ཡང་དང་ཡང་དུ་བདེ་བ་ཉམས་སུ་མྱོང་བར་འདོད་པས་མངོན་པར་འདུ་བྱེད་པས་དེའི་ཕྱིར་བཤད་པ། དེ་ཕྱིར་མི་མཁས་བྱེད་པ་ཡིན། །མཁས་མིན་དེ་ཉིད་མཐོང་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། དེའི་ཕྱིར་མི་མཁས་པ་རྣམས་ནི་འཁོར་
བའི་རྩ་བའི་འདུ་བྱེད་རྣམས་མངོན་པར་འདུ་བྱེད་པ་ཡིན་གྱི། མཁས་པ་རྣམས་ནི་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། དེ་ཉིད་མཐོང་བའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་མཐོང་བའི་ཕྱིར་རོ་ཞེས་བྱ་བ་དེ་བསྟན་པའི་ཕྱིར། གཉེན་པོ་སྐྱེས་པའི་ཕྱིར་དང་། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་
เล่ม ๑๐๑ · หน้า 316a
ངོ་བོ་ཉིད་ཀྱི་མ་རིག་པ་སྤངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །ད་ནི་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་བསྟན་པའི་ཕྱིར། མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་རྣམས་ཀྱང་འབྱུང་མི་འགྱུར། །རྐྱེན་མེད་པའི་ཕྱིར་ས་བོན་མེད་པས་མྱུ་གུ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །
མ་རིག་པ་འགགས་པ་དེ་ཐབས་གང་གིས་འགག་པར་འགྱུར་བར་བསྟན་པའི་ཕྱིར་མ་རིག་པ་འགགས་པ་དེ་ཡང་། མ་རིག་འགག་པར་འགྱུར་བ་ནི། །ཤེས་པ་དེ་ཉིད་བསྒོམས་པས་སོ། །ཆོས་བདག་མེད་པ་ཉིད་ཀྱི་ཡུལ་ཅན་སྟོང་པ་ཉིད་ཤེས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པ་དེ་ཉིད་ཀྱི་སྐད་
བསྟན་པའི་ཚུལ་གྱིས་དངོས་པོ་རྣམས་ངོ་བོ་ཉིད་མ་ལུས་པར་དགག་པས་བསྒོམ་ཞིང་གོམས་པར་བྱས་པས་སོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་མ་རིག་པ་འགགས་པས་འདུ་བྱེད་འགགས་ན་སྲིད་པའི་ཡན་ལག་ལྷག་མ་རྣམས་ཀྱང་རིམ་གྱིས་འགག་པར་འགྱུར་བ་བསྟན་པའི་ཕྱིར། །དེ་དང་དེ་ནི་འགགས་གྱུར་པས། །དེ་དང་
དེ་ནི་མངོན་མི་འབྱུང་། །འདུ་བྱེད་ལ་སོགས་པ་སྲིད་པའི་ཡན་ལག་སྔ་མ་དེ་དང་དེ་གཉེན་པོ་སྐྱེས་པས་འགགས་པར་གྱུར་པས་རྣམ་པར་ཤེས་པ་ལ་སོགས་པ་སྲིད་པའི་ཡན་ལག་ཕྱི་མ་དེ་དང་དེ་མངོན་པར་འབྱུང་བར་མི་འགྱུར་ཏེ། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་ཅེས་བྱ་བ་ནས། སྐྱེ་བ་འགགས་
པས་རྒ་ཤི་འགག་ཅེས་བྱ་བའི་བར་དུ་མངོན་པར་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་སྨྲས་སོ། །ད་ནི་མཇུག་བསྡུ་བ་བསྟན་པའི་ཕྱིར། སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགག །ཅེས་བྱ་བ་སྨྲས་སོ། །དེ་ལྟར་དེ་ཡང་དག་པར་འགག་པ་དེ་ཡང་བདེན་པ་གང་གི་དབང་དུ་གསུངས་
པ་བསྟན་པའི་ཕྱིར། ཐ་སྙད་ཀྱི་བདེན་པ་ཡོངས་སུ་བཟུང་བ་ལས་སོ། །དོན་དམ་པར་ནི་མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་མ་སྐྱེས་པ་རྣམས་ལ་སྐྱེ་བ་མེད་པའི་ཕྱིར་འགག་པ་ཡང་མེད་དོ་ཞེས་བྱ་བ་སྨྲས་སོ། །ད་ནི་ཕ་རོལ་པོ་དག་གིས་དབུ་མ་པས་དམ་བཅས་པ་ལ་སྐྱོན་
བསྟན་པའི་ལན་གྱི་མཇུག་བསྡུ་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་དོན་དམ་པར་རྣམ་པར་བྱང་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་བཀའ་སྩལ་པས་ཁས་མ་བླངས་པའི་ཕྱིར་ཁས་བླངས་པ་ལ་གནོད་པའི་སྐབས་མེད་དོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་སྔར་ཕ་རོལ་པོ་དག་གིས་དབུ་མ་པ་ལ་འདི་
เล่ม ๑๐๑ · หน้า 316b
སྐད་ཅེས་ཁྱེད་ཀྱིས་རབ་ཏུ་བྱེད་པ་འདས་མ་ཐག་པར། སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་བྱ་བ་སྨྲས་པ་ནི་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་མུ་སྟེགས་བྱེད་ཀྱི་རི་དགས་ཀྱི་ཚོགས་ཐམས་ཅད་འབྱེར་བར་བྱེད་པ་ལྟ་བ་ངན་པའི་སྐྱོན་ཉེ་བར་ཞི་བར་བྱེད་པ་
བཀའ་སྩལ་པ་དེ་ཐུགས་སུ་ཆུད་པས་བཅོམ་ལྡན་འདས་འཇིག་རྟེན་ན་སངས་རྒྱས་ཞེས་སྙན་པར་གྲགས་པ་དེའི་ཕྱིར་ཁྱོད་ཀྱིས་དེ་སུན་དབྱུང་བར་འདོད་པས། སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་སྨྲས་པ་ཡིན་པས། དེ་ལ་ཁས་བླངས་པས་གནོད་པར་འགྱུར་རོ་
ཞེས་སྨྲས་པའི་སྐབས་མེད་པར་བསྟན་ཏོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་དམ་བཅས་པའི་སྐྱོན་བསྟན་པའི་ལན་བཏབ་པས་ཐ་སྙད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཚད་མའི་འབྲས་བུ་ཡིན་ཏེ། སྲིད་པའི་ཡན་ལག་
བཅུ་གཉིས་བརྟག་པའི་རབ་ཏུ་བྱེད་པ་ཉི་ཤུ་དྲུག་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་ལྟ་བ་ནི། ཕ་རོལ་པོས་རབ་ཏུ་བྱེད་པ་འདིའི་དང་པོར་སྔར་དབུ་མ་པས། དོན་དམ་པར། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །ཞེས་བྱ་བའི་དབང་དུ་བྱས་ནས། །
སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་དམ་བཅས་པ་ལ་ཁས་བླངས་པའི་སྐྱོན་ཡོད་པར་བསྟན་པའི་ལན་བསྟན་བཅོས་མཛད་པས་བཏབ་པས་ཐ་སྙད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་ཡིན་ནོ། །ཐ་སྙད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་ལ་
ཡོན་ཏན་ཅི་ཡོད་པ་དང་། དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར། འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་སྐྱེ་བ་མེད་
པས། དེའི་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་སྟེ། གང་ལ་སྐྱེ་བ་མེད་པ་དེ་ལ་འགག་པ་ག་ལ་ཡོད་དེ། འགག་པ་མེད་པར་རྟོགས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་སོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ཡིད་ཆེས་
เล่ม ๑๐๑ · หน้า 317a
པའི་ལུང་དེ་དག་གྲུབ་པ་ནི་ཐ་སྙད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་འདིའི་ཡོན་ཏན་དང་ཁུངས་ཡིན་ནོ། །དེ་དག་བསྟན་བཅོས་འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་དང་། འགྲེལ་པ་བྱེད་པའི་མཁས་
པ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས་སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་དྲུག་པ་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།
ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ལྟ་བ་སྟོང་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ཉི་ཤུ་བདུན་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་གཞུང་འོག་ནས་འབྱུང་བ་དང་སྦྱར་
བའི་དོན་དུ་བལྟ་སྟེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་
སྐབས་སུ་དངོས་པོ་རྣམས་སྐྱེ་བ་མེད་པར་དམ་བཅའ་བ་མཛད་པས་འདིར་ཡང་སྔར་བསྟན་བཅོས་མཛད་པས་ཇི་ལྟར་དམ་བཅས་པས་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་སྔར་བསྟན་པའི་ལུགས་བཞིན་དུའོ། །སྟོང་པ་ཉིད་ནི་རང་གི་ཕྱོགས་ཡིན་ནོ། །
དེའི་མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བའི་ཕྱོགས་ཡིན་ཏེ། འདི་ལྟ་སྟེ། དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྒྲུབ་པའི་ཕྱོགས་སྔ་མ་ཉེ་བར་གཞག་པའོ། །གནས་འདི་སྐད་ཅེས་དོན་དམ་པར་ཉེ་བར་ལེན་
པའི་ཕུང་པོ་ལྔ་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། ལྟ་བའི་གནས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་དག་ཡིན་ནོ། །དེ་དགག་པས་ཞེས་བྱ་བ་ནི་དེ་དགག་པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་ཉི་ཤུ་བདུན་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་
เล่ม ๑๐๑ · หน้า 317b
བྱས་ནས། ལྟ་བ་སྟོང་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ཉི་ཤུ་བདུན་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། ལྟ་བ་བརྟག་པའི་རབ་ཏུ་བྱེད་པ་ཉི་ཤུ་བདུན་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་ལྟ་བ་སྟོང་པ་ཉིད་དུ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་
འབྲས་བུ་ནི་གང་ཡིན། རྣམ་པ་གང་གིས་ནི་འབྲས་བུ་དེ་འཐོབ་ཅེ་ན། ལྟ་བ་སྟོང་པ་ཉིད་དུ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་བྱེད་པའི་མཚམས་སྦྱར་བའི་སྐབས་འདིར་
ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར། འདིར་སྨྲས་པ། དོན་དམ་པར་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། ལྟ་བའི་གནས་ཡིན་པའི་ཕྱིར་རོ། །འདི་ན་གང་ཡོད་པ་
མ་ཡིན་པ་དེ་ནི་ལྟ་བའི་གནས་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་བཞིན་ནོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ལྟ་བའི་གནས་ཡིན་ཏེ། ཆོས་མངོན་པ་ལས། དེ་ནི་སྡུག་བསྔལ་ཀུན་འབྱུང་དང་། །འཇིག་རྟེན་ལྟ་གནས་སྲིད་པ་ཡིན། །ཞེས་འབྱུང་བས་དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་དོན་དམ་
པར་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་རི་
བོང་གི་རྭ་ལྟ་བུ་མེད་པ་གང་ལྟ་བུའི་གནས་མ་ཡིན་པ་དེ་ནི་ཡོད་པ་མ་ཡིན་གྱི། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ཆོས་མངོན་པ་ལས་དེ་ནི་སྡུག་བསྔལ་ཡང་ཡིན། ཀུན་འབྱུང་ཡང་ཡིན། འཇིག་རྟེན་ཡང་ཡིན། ལྟ་བའི་གནས་ཀྱང་ཡིན། སྲིད་པ་ཡང་ཡིན་ནོ་ཞེས་འབྱུང་བའི་ཕྱིར་དོན་དམ་པར་ངོ་བོ་ཉིད་ཡོད་
པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དེ་དགག་པས་ལྟ་བ་སྟོང་པ་ཉིད་དུ་བསྟན་པའི་ཕྱིར། དེ་སྐད་ཅེས་ཟེར་བའི་ལན་དུ་འགྲེལ་པ་བྱེད་པ་ཉིད་གྱིས། འདིར་བཤད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིར་སྤྱིའི་དོན་ནི་ཕ་རོལ་པོ་དག་གི་གཏན་ཚིགས་ལྟ་བའི་གནས་
เล่ม ๑๐๑ · หน้า 318a
ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་མི་འགྲུབ་པར་བསྟན་པའི་ཕྱིར་རེ་ཞིག་ལྟ་བ་ནི་སྔོན་གྱི་མཐའ་ཡུལ་ལ་དམིགས་ཤིང་གནས་པ་ཡིན་པས་ལྟ་བ་དེ་དག་ཉིད་སྟོང་པ་ཉིད་ཡིན་པའི་ཕྱིར་ལྟ་བའི་གནས་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེ་མི་འགྲུབ་པས་དེས་བསྒྲུབ་པར་བྱ་བའི་ཕྱོགས་དོན་
དམ་པར་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་དེ་མི་འགྲུབ་པར་སྟོན་ཏོ། །དེ་ལ་རེ་ཞིག་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་དག་གང་ཡིན་པ་དང་། ལྟ་བའི་མཚན་ཉིད་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། དེ་ལ་བརྟེན་པ་ཇི་ལྟ་བུ་ཡིན་པ་བསྟན་པའི་ཕྱིར། འདས་པའི་
དུས་ན་བྱུང་ཞེས་དང་། །མ་བྱུང་འཇིག་རྟེན་རྟག་སོགས་པར། །ལྟ་བ་གང་ཡིན་དེ་དག་ནི། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །བདག་འདས་པའི་དུས་ན་བྱུང་བར་གྱུར་ཅེས་བྱ་བ་དང་། བྱུང་བར་མ་གྱུར་ཅེས་བྱ་བ་དང་། བྱུང་བར་གྱུར་ཀྱང་གྱུར་ལ་བྱུང་བར་མ་གྱུར་ཀྱང་མ་གྱུར་ཅེས་བྱ་བ་དང་། བྱུང་བར་
གྱུར་པ་ཡང་མ་ཡིན། བྱུང་བར་མ་གྱུར་པ་ཡང་མ་ཡིན་ཞེས་བྱ་བ་དང་། འཇིག་རྟེན་རྟག་པ་དང་། འཇིག་རྟེན་མི་རྟག་པ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བར་ལྟ་བ་གང་དག་ཡིན་པ་དེ་དག་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ནོ། །
ལྟ་བ་ཞེས་བྱ་བ་ནི་མངོན་པར་ཞེན་པ་ཞེས་བྱ་བ་དག་དང་དོན་ཐ་མི་དད་པ་ཡིན་ནོ། །སྔོན་གྱི་མཐའ་ཞེས་བྱ་བ་ནི། ཚེ་སྔ་མ་སྟེ། ད་ལྟར་གྱི་ཕུང་པོ་རྣམས་ལ་ལྟོས་ནས། སྔོན་འདས་པའི་དུས་ན་བྱུང་བར་གྱུར་པའི་ཕུང་པོ་རྣམས་ནི་སྔོན་གྱི་མཐའ་ཡིན་ནོ། །དེ་ལ་བརྟེན་པ་ཞེས་བྱ་བ་ནི་དེ་ལ་དམིགས་པ་ཡིན་
ནོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་དག་གང་ཡིན་པ་དང་། ལྟ་བའི་མཚན་ཉིད་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། དེ་ལ་བརྟེན་པ་ཇི་ལྟ་བུ་ཡིན་པ་བསྟན་ཏོ། །དེ་ལ་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་ནི་གང་ཟག་བདག་འདས་པའི་དུས་ན་བྱུང་བར་གྱུར་
ཅེས་བྱ་བར་ལྟ་བ་ལ་སོགས་པ་བཞི་དང་། འཇིག་རྟེན་རྟག་ཅེས་བྱ་བར་ལྟ་བ་ལ་སོགས་པ་བཞི་སྟེ། དེ་དག་ཀྱང་སྔ་མ་བཞིའི་གཞི་ལས་ཕྱི་མ་བཞི་གོ་རིམས་བཞིན་དུ་འབྱུང་བར་སྦྱར་རོ། །ལྟ་བའི་མཚན་ཉིད་ནི་མངོན་པར་ཞེན་པ་དང་འཛིན་པ་དང་། ལྷག་པར་ཆགས་པ་ཞེས་བྱ་བ་ལ་སོགས་པ་དག་གི་
เล่ม ๑๐๑ · หน้า 318b
རྣམ་གྲངས་སོ། །སྔོན་གྱི་མཐའ་ཞེས་བྱ་བ་ནི་ཚེ་སྔ་མའོ། །དེ་ལ་བརྟེན་པ་ཞེས་བྱ་བ་ནི་དེ་ལ་དམིགས་པ་ཡིན་པར་བསྟན་ཏོ། །ད་ནི་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་གང་དག་ཡིན་པ་དང་། ལྟ་བའི་མཚན་ཉིད་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དེ་ལ་བརྟེན་པ་ཇི་ལྟ་བུ་ཡིན་པ་བསྟན་
པའི་ཕྱིར། མ་འོངས་དུས་གཞན་འབྱུང་འགྱུར་དང་། །མི་འབྱུང་འཇིག་རྟེན་མཐའ་སོགས་པར། །ལྟ་བ་གང་ཡིན་དེ་དག་ནི། །ཕྱི་མའི་མཐའ་ལ་བརྟེན་པ་ཡིན། །བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་ཞེས་བྱ་བ་དང་། འབྱུང་བར་མི་འགྱུར་ཞེས་བྱ་བ་དང་། འབྱུང་བར་འགྱུར་ཡང་
འགྱུར་ལ། འབྱུང་བར་མི་འགྱུར་ཡང་མི་འགྱུར་ཞེས་བྱ་བ་དང་། འབྱུང་བར་འགྱུར་བ་ཡང་མ་ཡིན། འབྱུང་བར་མི་འགྱུར་བ་ཡང་མ་ཡིན་ཞེས་བྱ་བ་དང་། འཇིག་རྟེན་མཐའ་ཡོད་པ་དང་། འཇིག་རྟེན་མཐའ་མེད་པ་དང་། མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད་པ་དང་། མཐའ་ཡོད་པ་ཡང་མ་
ཡིན་མཐའ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་ལྟ་བ་གང་དག་ཡིན་པ་དེ་དག་ནི། ཕྱི་མའི་མཐའ་ལ་བརྟེན་པ་ཡིན་ནོ། །ལྟ་བ་ཞེས་བྱ་བ་ནི་མངོན་པར་ཞེན་པ་ཞེས་བྱ་བ་དག་དང་དོན་ཐ་དད་པ་མ་ཡིན་ནོ། །ཕྱི་མའི་མཐའ་ཞེས་བྱ་བ་ནི་ཚེ་ཕྱི་མ་སྟེ། ད་ལྟར་གྱི་ཕུང་པོ་རྣམས་ལ་ལྟོས་ནས་ཕྱི་མ་མ་འོངས་པའི་
དུས་སུ་འབྱུང་བར་འགྱུར་བའི་ཕུང་པོ་རྣམས་ནི་ཕྱི་མའི་མཐའ་ཡིན་ནོ། །དེ་ལ་བརྟེན་པ་ཞེས་བྱ་བ་ནི་དེ་ལ་དམིགས་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་གང་དག་ཡིན་པ་དང་། ལྟ་བའི་མཚན་ཉིད་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དེ་ལ་
བརྟེན་ནས་བྱུང་བར་གྱུར་པའི་བདག་དེ་ཉིད་ཀྱི་ཉེ་བར་ལེན་པ་ཞེས་བྱ་བ་ཕུང་པོ་ལྔ་ལས་ད་ལྟར་གྱི་ཉེ་བར་ལེན་པ་ཞེས་བྱ་བའི་ཕུང་པོ་ལྔ་པོ་འདི་ཐ་དད་པར་འགྱུར་བས་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་མི་འཐད་དོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། དེའི་ཕྱིར་རྗེས་སུ་དཔག་པར་ནུས་ཏེ། ལྷས་བྱིན་གྱི་
སྔོན་གྱི་བདག་གང་ཡིན་པ་དེ་ཉིད་ད་ལྟར་གྱི་མ་ཡིན་ཏེ། ཉེ་བར་ལེན་པ་ཐ་དད་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་བདག་བཞིན་པས་དེའི་ཕྱིར་ཚེ་སྔ་མའི་བདག་གང་ཡིན་པ་དེ་ཉིད་ད་ལྟར་གྱི་ཡིན་ནོ་ཞེས་བྱ་བར་མི་འཐད་དོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་།
เล่ม ๑๐๑ · หน้า 319a
དཔེ་དང་མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་གྱི་སྔོན་གྱི་བདག་གང་ཡིན་པ་དེ་ནི་ཉེ་བར་ལེན་པ་ཐ་དད་པའི་ཕྱིར་ལྷས་བྱིན་གྱིས་ད་ལྟར་གྱི་བདག་མ་ཡིན་པ་དེ་བཞིན་དུ་ལྷས་བྱིན་གྱི་སྔོན་གྱི་བདག་གང་ཡིན་པ་དེ་ཡང་ཉེ་བར་ལེན་པ་ཐ་དད་པའི་ཕྱིར་ལྷས་
བྱིན་ཉིད་ཀྱི་ད་ལྟར་གྱི་བདག་མ་ཡིན་པས་དེའི་ཕྱིར་ཚེ་སྔ་མའི་བདག་གང་ཡིན་པ་དེ་ཉིད་ད་ལྟར་གྱི་ཡིན་ནོ་ཞེས་བྱ་བར་མི་འཐད་དོ། །འདིར་ཕ་རོལ་པོ་དག་ན་རེ་ཁོ་བོས་ཉེ་བར་ལེན་པའི་མཚན་ཉིད་མ་ཡིན་པའི་བདག་ཁས་བླངས་པས་དེས་ན་ཉེ་བར་ལེན་པ་ཐ་དད་ཀྱང་བདག་ཐ་དད་པ་མ་ཡིན་པའི་ཕྱིར་དབུ་མ་པའི་
གཏན་ཚིགས་ཉེ་བར་ལེན་པ་ཐ་དད་པའི་ཕྱིར་ཞེས་བྱ་བ་དེ་མ་གྲུབ་པོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བའི་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཇི་སྟེ་ཉེ་བར་ལེན་པའི་མཚན་ཉིད་མ་ཡིན་པའི་བདག་ཁས་བླངས་ནས་སྨྲ་ན་ནི། ཉེ་བར་ལེན་པ་མ་གཏོགས་པར། ཁྱེད་ཀྱི་བདག་ནི་གང་ཞིག་
ཡིན། །ཕུང་པོ་ལས་མ་གཏོགས་པའི་བདག་དེ་ནི་ཡོད་པ་མ་ཡིན་པ་དེ་ཉིད་བཀག་ཟིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་མ་གཏོགས་པའི་བདག་ཅེས་བྱ་བའི་དངོས་པོ་དེ་ནི་ཡོད་པ་མ་ཡིན་པ་ཉིད་དེ། གང་གི་ཕྱིར་ཕུང་པོ་ལས་མ་གཏོགས་པའི་
བདག་གི་དངོས་པོ་གང་ཡིན་པ་དེ་སྔར་བཀག་ཟིན་པ་དེའི་ཕྱིར། སྔོན་གྱི་བདག་གང་ཡིན་པ་དེ་ཉིད་ད་ལྟར་གྱི་ཡིན་པར་མི་འཐད་པས་ཁོ་བོའི་གཏན་ཚིགས་དག་ཉེ་བར་ལེན་པ་ལས་ཐ་དད་པའི་ཕྱིར་ཞེས་བྱ་བ་དེ་མ་གྲུབ་པ་ཡིན་ནོ། །ད་ནི་དེ་ལྟར་དབུ་མ་པས་ཉེ་བར་ལེན་པ་མ་གཏོགས་པའི་བདག་ཡོད་པ་
མ་ཡིན་ནོ་ཞེས་རིགས་པས་བསྟན་པ་བྱས་པའི་ཚེ་ཅི་སྟེ་བདག་ཏུ་སྨྲ་བ་དག་བདག་མེད་པར་གྱུར་ན་མི་རུང་ངོ་སྙམ་ནས་ཉེ་བར་ལེན་པ་ཉིད་བདག་ཡིན་པར་རྟོག་ན་དེ་ཡང་རིག་པ་མ་ཡིན་པར་བསྟན་པའི་ཕྱིར། ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། །རིགས་པས་བསྟན་པ་
བྱས་པའི་ཚེ། །ཅི་སྟེ་བདག་ཏུ་སྨྲ་བ་དག་བདག་མེད་པར་གྱུར་ན་མི་རུང་ངོ་སྙམ་ནས་ཉེ་བར་ལེན་པ་ཉིད་བདག་ཡིན་པར་རྟོག་པར་བྱེད་ན། བདག་མེད་པར་སྨྲ་བས་ཀྱང་ཉེ་བར་ལེན་པ་ཙམ་ཁས་ལེན་པར་ཟད་ཀྱི། བདག་ནི་ཁས་མི་ལེན་པས་འདིར་བཤད་པ། ཉེ་བར་ལེན་ཉིད་བདག་ཡིན་ན། །ཁྱེད་ཀྱི་
เล่ม ๑๐๑ · หน้า 319b
བདག་ནི་མེད་པ་ཡིན། །ཞེས་བྱ་བ་སྨྲས་ཏེ། ཁྱེད་གལ་ཏེ་ཉེ་བར་ལེན་པ་ཉིད་བདག་ཡིན་པར་སྨྲ་ན་དེའི་ཕྱིར་ཁོ་བོ་ཅག་བདག་མེད་པར་སྨྲ་བས་ཀྱང་ཐ་སྙད་དུ་ཉེ་བར་ལེན་པ་ཙམ་ཁས་ལེན་པར་ཟད་ཀྱི། བདག་ནི་ཁས་མི་ལེན་པས་ཁྱོད་ཀྱི་བདག་ནི་མེད་པ་ཁོ་ན་ཡིན་ནོ་ཞེས་བསྟན་ཏོ། །
ཉེ་བར་ལེན་པ་ཉིད་བདག་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་ཅིའི་ཕྱིར་ཉེ་བར་ལེན་པ་ཉིད་བདག་ཡིན་པར་རྟོགས་ན་བདག་མེད་པ་ཡིན་ཏེ། འདི་ལྟར་ཁྱེད་དབུ་མ་པ་ཉིད་ཀྱིས་ཉེ་བར་ལེན་པ་ཁས་བླངས་པ་དེ་ཉིད་བདག་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་
འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་རིགས་པ་མ་ཡིན་ཏེ། ཉེ་བར་ལེན་ཉིད་བདག་མ་ཡིན་པ་ཇི་ལྟ་བུ་ཡིན་པ་བསྟན་ཏོ། །དེ་ལ་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་ནི་གང་བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་ཞེས་བྱ་བར་ལྟ་བ་ལ་སོགས་པ་བཞི་དང་འཇིག་རྟེན་མཐའ་ཡོད་ཅེས་བྱ་
བར་ལྟ་བ་ལ་སོགས་པ་བཞི་སྟེ། དེ་དག་ཀྱང་སྔ་མ་བཞི་ལས་ཕྱི་མ་བཞི་གོ་རིམས་བཞིན་དུ་འབྱུང་བར་སྦྱར་རོ། །ལྟ་བའི་མཚན་ཉིད་ནི་མངོན་པར་ཞེན་པ་དང་། འཛིན་པ་དང་། ལྷག་པར་ཆགས་པ་ལ་སོགས་པ་དག་གི་རྣམ་གྲངས་སོ། །ཕྱི་མའི་མཐའ་ཞེས་བྱ་བ་ནི་ཚེ་ཕྱི་མའོ། །དེ་ལ་བརྟེན་
པ་ཞེས་བྱ་བ་ནི་དེ་ལ་དམིགས་པའོ། །རེ་ཞིག་དེ་དག་གིས་ནི་སྔོན་གྱི་མཐའ་ལ་བརྟེན་པ་དང་། ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་གང་དག་ཡིན་པ་དེ་བསྟན་ཏོ། །ད་ནི་ལྟ་བ་དེ་དག་མི་འཐད་པར་བསྟན་པར་བྱ་སྟེ། དེའི་ཕྱིར་དེ་ལ་རེ་ཞིག་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་རྣམས་ལས་བརྩམས་ཏེ་དཔྱད་
པར་བྱའོ་ཞེས་བྱ་བ་སྨྲས་སོ། །འདིར་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བརྒྱད་པོ་དེ་དག་ལས་རེ་ཞིག །འདས་པའི་དུས་ན་བྱུང་བར་གྱུར། །ཅེས་བྱ་བར་ལྟ་བ་མི་འཐད་པར་ཇེ་བསྟན་པར་བྱ་སྟེ། དེའི་ཕྱིར། འདས་པའི་དུས་ན་བྱུང་གྱུར་ཅེས། །བྱ་བ་དེ་ནི་མི་འཐད་དོ། །ཞེས་བྱ་བ་སྨྲས་སོ། །དེ་ཉིད་
ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར་རིགས་པ་གང་གིས་ཤེ་ན། དེའི་ཕྱིར་བཤད་པ། སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ཉིད་འདི་ནི་མ་ཡིན་ནོ། །དུས་ཐ་དད་པའི་ཕྱིར་དང་། ལས་ཐ་དད་པས་བསྐྱེད་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་
เล่ม ๑๐๑ · หน้า 320a
ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལྷས་བྱིན་ལས་གཞན་པ་མཆོད་སྦྱིན་གྱི་ཕུང་པོ་ལྔ་པོ་གང་ཡིན་པ་དེ་ནི་དུས་ཐ་དད་པའི་ཕྱིར་དང་། ལས་ཐ་དད་པས་སྐྱེད་པའི་ཕྱིར་ལྷས་བྱིན་གྱི་ཕུང་པོ་
ལྔ་པོ་འདི་མ་ཡིན་པ་དེ་བཞིན་དུ་ལྷས་བྱིན་གྱི་སྔོན་གྱི་ཚེ་རབས་རྣམས་སུ་གང་བྱུང་བའི་ཕུང་པོ་ལྔ་པོ་དེ་ཉིད་ཀྱང་དུས་ཐ་དད་པའི་ཕྱིར་དང་། ལས་ཐ་དད་པས་བསྐྱེད་པའི་ཕྱིར་ལྷས་བྱིན་གྱི་ད་ལྟར་གྱི་ཕུང་པོ་ལྔ་པོ་འདི་མ་ཡིན་པས་བདག་འདས་པའི་དུས་ན་བྱུང་བར་གྱུར་ཅེས་བྱ་བར་ལྟ་བ་དེ་མི་འཐད་དོ། །
ལ་ལ་འདི་སྙམ་དུ་ལུས་དང་དབང་པོ་ཐ་དད་ཀྱང་བདག་གཅིག་ཡིན་པའི་ཕྱིར། དེ་ཉིད་བདག་ཏུ་འགྱུར་སྙམ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་ཁྱེད་དབུ་མ་པས་སྔོན་གྱི་ཚེ་རབས་རྣམས་སུ་གང་བྱུང་བའི་ཕུང་པོ་ལྔ་པོ་དེ་ཉིད་ད་ལྟར་གྱི་ཕུང་པོ་ལྔ་པོ་འདི་མ་ཡིན་ཏེ། དུས་ཐ་དད་པའི་ཕྱིར་དང་། ལས་ཐ་དད་པས་
བསྐྱེད་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བཤད་པ་དེ་མི་རུང་སྟེ། ལུས་དང་དབང་པོ་ཐ་དད་ཀྱང་བདག་གཅིག་ཡིན་པའི་ཕྱིར་སྔོན་གྱི་ཚེ་རབས་རྣམས་སུ་གང་བྱུང་བར་གྱུར་པའི་བདག་དེ་ཉིད་ད་ལྟར་གྱི་བདག་འདི་ཡིན་པར་འགྱུར་བས་དེའི་ཕྱིར་དབུ་མ་པའི་གཏན་ཚིགས་སུ་ཐ་དད་པའི་ཕྱིར་དང་།
ལས་ཐ་དད་པས་བསྐྱེད་པའི་ཕྱིར་ཞེས་བྱ་བ་དེ་མ་གྲུབ་པོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ལྟ་ན་ཡང་ངོ་ཞེས་བྱ་བ་སྨྲས་ཏེ་དེ་ལྟ་ན་ཡང་ཁྱེད་ཀྱི་བདག་དེ་ཁོ་བོས་སྔར་བཀག་ཟིན་པའི་ཕྱིར་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་མི་རུང་བས་ཁོ་བོའི་གཏན་ཚིགས་
མ་གྲུབ་པ་མ་ཡིན་ནོ། །འདིར་ཕ་རོལ་པོ་དག་ན་རེ་ཁོ་བོ་ཅག་གིས་ཁྱེད་དབུ་མ་པ་ལ་ཡང་ཐ་སྙད་དུ་གྲགས་པའི་བདག་སྤྱིར་ཁས་བླངས་ནས་དེ་སྐད་སྨྲས་པས་སྔོན་གྱི་ཚེ་རབས་རྣམས་སུ་གང་འབྱུང་བར་འགྱུར་བའི་བདག་དེ་ཉིད་ད་ལྟར་གྱི་བདག་འདི་ཡིན་པར་འགྲུབ་པོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་
དབྱུང་བ་དེའི་ལེན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་གལ་ཏེ་བདག་སྤྱིར་ཁས་བླངས་ནས་སྨྲ་ན་ནི། ཉེ་བར་ལེན་པ་ཐ་དད་འགྱུར། །དུས་དང་ལས་ཐ་དད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟ་ན་ཡང་དུས་དང་ལས་ཐ་དད་པའི་ཕྱིར་སྔོན་གྱི་ཚེ་རབས་རྣམས་སུ་གང་དོན་དམ་པར་
เล่ม ๑๐๑ · หน้า 320b
ནི་མི་འདོད་དོ་ཞེས་བྱ་བ་སྨྲས་སོ། །དོན་དམ་པར་ཉེ་བར་ལེན་པ་ཉིད་བདག་ཡིན་པར་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། དེའི་རིགས་པ་བསྟན་པའི་ཕྱིར། འདི་ལྟར། དེ་ནི་འབྱུང་དང་འཇིག་པ་ཡིན། །དེའི་ཕྱིར་འབྱུང་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་ཉེ་བར་ལེན་པ་ཡང་སྔ་མ་བཞིན་དུ་བདག་
ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་ཉེ་བར་ལེན་པ་དེ་ནི་བདག་མ་ཡིན་ཏེ། འབྱུང་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་དཔེར་ན་ཕྱི་རོལ་གྱི་ས་ལ་སོགས་པ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང་གཞན་ཡང་ཉེ་བར་ལེན་པ་ཉིད་བདག་མ་ཡིན་པར་བསྟན་པའི་རིགས་པ་
གཞན་བསྟན་པའི་ཕྱིར། གཞན་ཡང་། ཉེ་བར་བླངས་པ་ཇི་ལྟ་བུར། །ཉེ་བར་ལེན་པ་ཡིན་པར་འགྱུར། །ཉེ་བར་བླང་བ་དང་ཉེ་བར་ལེན་པ་དག་གཅིག་པ་ཉིད་མ་ཡིན་ཏེ། སྔར་བསྟན་པའི་ཚུལ་གྱིས། ལས་དང་བྱེད་པ་པོ་ཡིན་པའི་ཕྱིར་དཔེར་ན་བུད་ཤིང་དང་མེ་བཞིན་ནོ་ཞེས་བྱ་བར་དགོངས་
སོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྔར་མེ་དང་བུད་ཤིང་བརྟགས་པའི་སྐབས་སུ་བུད་ཤིང་དང་མེ་དག་ནི་ལས་དང་བྱེད་པ་པོ་ཡིན་པའི་ཕྱིར་གཅིག་པ་ཉིད་མ་ཡིན་ནོ་ཞེས་བསྟན་པ་དེ་བཞིན་
དུ་འདིར་ཉེ་བར་བླང་བ་དང་ཉེ་བར་ལེན་པ་པོ་དག་ཀྱང་ལས་དང་བྱེད་པ་པོ་ཡིན་པའི་ཕྱིར་གཅིག་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འདིར་ཕ་རོལ་པོ་དག་ན་རེ་དེ་ལྟ་ན་ཁྱེད་དབུ་མ་པས་བདག་དེ་ཉེ་བར་ལེན་པ་ལས་གཞན་པ་ཡང་མ་ཡིན་ལ། ཉེ་བར་ལེན་པ་ཉིད་ཀྱང་མ་ཡིན་པར་བསྟན་པས་ཁྱེད་
ཀྱིས་བདག་མེད་པ་ཉིད་ཀྱི་མཐའ་བསྟན་པ་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། བདག་མེད་པ་མ་ཡིན་པར་ཡང་མི་རིགས་ཏེ། བདག་ལ་ལྟོས་ནས་བདག་མེད་པ་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེའི་ཕྱིར་བདག་ཡོད་པར་མ་གྲུབ་པས་བདག་
མེད་པར་ཡང་མི་འགྲུབ་པའི་ཕྱིར་བདག་མེད་པ་ཡིན་པར་ཡང་མི་རིགས་པར་བསྟན་ཏོ། །འདིར་ཕ་རོལ་པོ་དག་ན་རེ་གལ་ཏེ་ཁྱེད་དབུ་མ་པ་དེ་ལྟར་ཉེ་བར་ལེན་པ་བདག་མེད་པ་ཡིན་པར་ཡང་མི་འདོད་ན། འོ་ན་དེ་ལྟར་ན། ཉེ་བར་ལེན་པ་ཉིད་བདག་ཡིན་པར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་
เล่ม ๑๐๑ · หน้า 321a
དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དོན་དམ་པར་ཉེ་བར་ལེན་པ་ཉིད་བདག་ཡིན་པར་མི་འདོད་དེ། འདི་ལྟར། དེ་ནི་འབྱུང་དང་འཇིག་པ་ཡིན། །ཞེས་བྱ་བས་བདག་ཡིན་པ་ཉིད་བཀག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་ཉེ་བར་ལེན་པ་ཉིད་
བདག་ཡིན་པར་མི་འདོད་དེ། འབྱུང་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་དཔེར་ན་ཕྱི་རོལ་གྱི་ས་ལ་སོགས་པ་བཞིན་ནོ་ཞེས་བྱ་བར་སྦྱོར་རོ། །འདིར་ཕ་རོལ་པོ་དག་ན་རེ། དེ་ལྟར་ཁྱེད་དབུ་མ་པ་དོན་དམ་པར་ཉེ་བར་ལེན་པ་ཉིད་བདག་ཡིན་པར་མི་འདོད་ན་དེ་ལྟ་ན་བདག་ནི་ཉེ་བར་ལེན་པ་མེད་པ་ཡིན་ནོ་
ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གཞན་གང་ཡིན་པ་དེ་ཡང་བདག་མ་ཡིན་ཏེ། རྣམ་པ་དེ་ལྟ་བུ་དེ་ཐ་སྙད་དུ་ཡང་བསྟན་དཀའ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཉེ་བར་ལེན་པ་ཉིད་ལས་གཞན་གང་ཡིན་པ་ཉེ་བར་ལེན་པ་མེད་པ་དེ་ཡང་བདག་མ་ཡིན་
ཏེ། བདག་ཉེ་བར་ལེན་པ་མེད་པ་དེ་ལྟ་བུ་དེ་ཐ་སྙད་དུ་ཡང་བསྟན་དཀའ་བའི་ཕྱིར་རོ་ཞེས་སྟན་ཏོ། །བདག་ཉེ་བར་ལེན་པ་ལས་གཞན་ཡིན་པར་སྨྲ་བ་དག་གི་ཕྱིར་བཤད་པ། བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །ཞེས་བྱ་བས་ནི། བདག་ཉེ་བར་ལེན་པ་ལས་
གཞན་ཡིན་པར་སྨྲ་བ་དགག་པའི་རིགས་པ་གཞན་སྟོན་ཏོ། །དེའི་ཕྱིར། འདི་ལྟར་བདག་ཉེ་བར་ལེན་པ་ལས་གཞན་ཉིད་ཡིན་ན་ཉེ་བར་ལེན་པ་མེད་པར་ཡང་བདག་ཡོད་པར་བྱ་དགོས་ཏེ། གཞན་ཡིན་པའི་ཕྱིར། དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་ཉེ་བར་ལེན་
པ་དེ་ལས་གཞན་པའི་བུམ་པ་ནི་གཞན་ཡིན་པའི་ཕྱིར་ཉེ་བར་ལེན་པ་མེད་པར་ཡང་ཡོད་པར་བྱ་དགོས་པ་དེ་བཞིན་དུ། བདག་ཀྱང་ཉེ་བར་ལེན་པ་ལས་གཞན་ཉིད་ཡིན་ན་གཞན་ཡིན་པའི་ཕྱིར་ཉེ་བར་ལེན་པ་མེད་པར་ཡང་ཡོད་པར་བྱ་དགོས་སོ། །འདིར་ཕ་རོལ་པོ་དག་ན་རེ་དེ་བཞིན་དུ་ཉེ་བར་ལེན་
པ་མེད་པར་ཡང་བདག་ཡོད་པར་འདོད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལྟ་ཡིན་ན། གལ་ཏེ་གཞན་ན་ལེན་མེད་པར། །གཟུང་ཡོད་རིགས་ན་གཟུང་དུ་མེད། །ཅེས་བྱ་བ་སྨྲས་ཏེ། གལ་ཏེ་བདག་ཉེ་བར་ལེན་པ་ལས་གཞན་ཡིན་
เล่ม ๑๐๑ · หน้า 321b
ན་ཉེ་བར་ལེན་པ་མེད་པར་ཡང་གཟུང་དུ་ཡོད་པའི་རིགས་ན་གཟུང་དུ་མེད་པའི་ཕྱིར་ཉེ་བར་ལེན་པ་ལས་གཞན་མ་ཡིན་པར་སྟོན་ཏོ། །དེ་ལྟར་འདིས་ནི་བདག་གི་ཆོས་ནི་གཟུང་དུ་ཡོད་པའི་རིགས་ན་གཟུང་དུ་མེད་པ་ཡིན་པར་བསྟན་ཏོ་ཞེས་བྱ་བས་ནི་བསྟན་བཅོས་མཛད་པས་ཚིག་ལེའུར་བྱས་པའི་ཕྱེད་འདིས་
བདག་ཉེ་བར་ལེན་པ་ལས་གཞན་ཉིད་མ་ཡིན་པར་སྒྲུབ་པའི་ཆོས་གཏན་ཚིགས་ནི་གཟུང་དུ་ཡོད་པའི་རིགས་ན་གཟུང་དུ་མེད་པ་ཡིན་པར་བསྟན་ཏོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། དེའི་ཕྱིར་རྗེས་སུ་དཔག་པ་ནི་བདག་ནི་ཉེ་བར་ལེན་པ་ལས་གཞན་མ་ཡིན་ཏེ། གཟུང་དུ་ཡོད་པའི་རིགས་ན་
གཟུང་དུ་མེད་པའི་ཕྱིར་དཔེར་ན་ཉེ་བར་ལེན་པའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཉེ་བར་ལེན་པའི་བདག་ཉིད་ནི་ཉེ་བར་ལེན་པའི་བདག་ཉིད་ལས་གཞན་ཡིན་ན།
གཟུང་དུ་ཡོད་པའི་རིགས་ན་གཟུང་དུ་མེད་པའི་ཕྱིར་ཉེ་བར་ལེན་པ་ལས་གཞན་མ་ཡིན་པ་དེ་བཞིན་དུ། བདག་ཀྱང་ཉེ་བར་ལེན་པའི་བདག་ཉིད་ལས་གཞན་ཡིན་ན་གཟུང་དུ་ཡོད་པའི་རིགས་ན་གཟུང་དུ་མེད་པའི་ཕྱིར་ཉེ་བར་ལེན་པ་ལས་གཞན་མ་ཡིན་ནོ། །མཇུག་བསྡུ་བ་བསྟན་པའི་ཕྱིར། དེའི་ཕྱིར་
དེ་ལྟར་ཇི་སྐད་བསྟན་པའི་ཚུལ་གྱིས། དེ་ལྟར་ལེན་ལས་གཞན་མ་ཡིན། དེ་ནི་ཉེར་ལེན་ཉིད་ཀྱང་མིན། །བདག་ནི་ཉེ་བར་ལེན་མེད་མིན། །མེད་པ་ཉིད་དུའང་དེ་མ་ངེས། །ཞེས་སྒྲུབ་པ་སྔར་བསྟན་པའི་དབང་གིས་མཇུག་བསྡུ་བ་བྱ་སྟེ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་རེ་ཞིག་བདག་འདས་པའི་དུས་ན་བྱུང་
བར་གྱུར་ཅེས་བྱ་བ་དེ་མི་འཐད་པར་བསྟན་ཏོ་ཞེས་བྱ་བ་ནི་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་རྣམ་པ་བརྒྱད་ལས་བདག་འདས་པའི་དུས་ན་བྱུང་བར་གྱུར་ཅེས་བྱ་བར་བལྟ་བ་མི་འཐད་པར་བསྟན་པའི་མཇུག་བསྡུ་བ་བསྟན་ཏོ། །ད་ནི་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བརྒྱད་པོ་དེ་དག་ལས་གཞན་འདས་པའི་དུས་
ན་བྱུང་བར་མ་གྱུར་ཅེས་བྱ་བར་ལྟ་བ་མི་འཐད་པར་བསྟན་པའི་ཕྱིར། ད་ནི། འདས་པའི་དུས་ན་མ་བྱུང་ཞེས། །བྱ་བ་དེ་ཡང་མི་འཐད་དོ། །ཞེས་བྱ་བ་སྨྲས་ཏེ། དེ་ཉིད་ཀྱི་རིགས་པ་བསྟན་པའི་ཕྱིར། རིགས་པ་གང་གི་ཞེ་ན། དེའི་ཕྱིར་བཤད་པ། སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ལས་འདི་
เล่ม ๑๐๑ · หน้า 322a
གཞན་མ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་འདྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ། གལ་ཏེ་འདི་ནི་གཞན་གྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སྔོན་གྱི་ཚེ་རབས་རྣམས་སུ་གང་བྱུང་བར་གྱུར་པའི་ཕུང་པོ་
ལྔ་པོ་དེ་ལས་ད་ལྟར་གྱི་ཕུང་པོ་ལྔ་པོ་འདི་གཞན་ཡིན་པར་གྱུར་ན་སྔོན་གྱི་ཕུང་པོ་དེ་མེད་པར་ཡང་ད་ལྟར་གྱི་ཕུང་པོ་འདི་འབྱུང་བའི་སྐྱོན་དུ་འགྱུར་རོ། །དེའི་ཕྱིར། དེ་ནི་མི་འདོད་དེ། དེའི་ཕུང་པོ་ལྔ་པོ་བྱུང་བར་གྱུར་པ་གང་ཡིན་པ་དེ་འདིའི་རྐྱེན་ཉིད་ཡིན་པར་འདོད་དོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་རྗེས་སུ་དཔག་
པ་བསྟན་པའི་ཕྱིར། དེའི་ཕྱིར་རྗེས་སུ་དཔག་པ་ནི་ལྷས་བྱིན་གྱི་ཕུང་པོ་ལྔ་ནི་སྔོན་གྱི་ཕུང་པོ་རྣམས་ལས་གཞན་མ་ཡིན་ཏེ། རྒྱུད་ཐ་དད་པ་མ་ཡིན་ཏེ་འདས་པའི་ཕུང་པོའི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར་དཔེར་ན་ལྷས་བྱིན་གྱི་འདས་པའི་ཕུང་པོ་ལྔ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་།
བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལྷས་བྱིན་གྱི་འདས་པའི་ཕུང་པོ་རྒྱུད་ཐ་དད་པ་མ་ཡིན་ན་འདས་པའི་ཕུང་པོའི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར་སྔོན་གྱི་ཕུང་པོ་རྣམས་ལས་གཞན་མ་ཡིན་པ་དེ་བཞིན་དུ། ལྷས་བྱིན་གྱི་ད་ལྟར་གྱི་
ཕུང་པོ་ལྔ་ཡང་རྒྱུད་ཐ་དད་པ་མ་ཡིན་ན་འདས་པའི་ཕུང་པོའི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར་སྔོན་གྱི་ཕུང་པོ་རྣམས་ལས་གཞན་པ་མ་ཡིན་ནོ། །གལ་ཏེ་འདི་ནི་གཞན་གྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། །ཞེས་བྱ་བ་དེའི་སྐྱོན་གཞན་ཡང་བསྟན་པའི་ཕྱིར། དེ་མེད་པར་ཡང་འབྱུང་བར་
འགྱུར། །ཞེས་བྱ་བའི་སྐྱོན་དེ་འབའ་ཞིག་ཏུ་ཡང་མ་ཟད་དེ། དེ་བཞིན་དུ་ནི་གནས་འགྱུར་ཞིང་། །རྐྱེན་དེས་ཕུང་པོ་ཕྱི་མ་མཚན་ཉིད་མི་འདྲ་བ་མ་བསྐྱེད་པའི་ཕྱིར་སྔོན་བཞིན་དུ་གནས་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་གལ་ཏེ་གཞན་ཡིན་ན། སྔོན་གྱི་ཕུང་པོའི་
རྐྱེན་དེས་ཕུང་པོ་ཕྱི་མ་མཚན་ཉིད་མི་འདྲ་བ་འདི་མ་བསྐྱེད་པའི་ཕྱིར་སྔོན་གྱི་ཕུང་པོ་དེ་ད་ལྟར་ཡང་སྔོན་བཞིན་དུ་གནས་པའི་སྐྱོན་དུ་འགྱུར་བར་བསྟན་ཏོ། །དེ་ལྟ་ཡིན་ན། དེར་མ་ཤི་བར་སྐྱེ་བར་འགྱུར། ཚེ་རབས་གཞན་དེར་མ་ཤི་བ་ཁོ་ནར་གཞན་དག་ཉིད་ཐོབ་པས་རྣམ་པར་གནས་པ་ཞིག་འདིར་
เล่ม ๑๐๑ · หน้า 322b
སྐྱེས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་གལ་ཏེ་གཞན་ཡིན་ན་ད་ལྟར་གྱི་ཕུང་པོ་གཞན་འདི་སྔོན་གྱི་ཚེ་རབས་གཞན་དེར་མ་ཤི་བར་འདིར་སྐྱེས་པའི་སྐྱོན་དུ་འགྱུར་བར་བསྟན་ཏོ། །གཞན་ཡིན་པའི་སྐྱོན་གཞན་ཡང་བསྟན་པའི་ཕྱིར། དེ་ལྟར་གཞན་ཉིད་དུ་ཁས་ལེན་ན་སྐྱོན་འདི་
དག་ཏུ་ཡང་འགྱུར་ཏེ། ཆ་དང་ལས་རྣམས་ཆུད་ཟ་དང་། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང་། །དེ་ལ་སོགས་པར་ཐལ་བར་འགྱུར། །དེ་ལྟར་ན་ལས་བྱས་པ་ཆུད་ཟ་བ་དང་། མ་བྱས་པ་དང་ཕྲད་པ་ལ་སོགས་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་སྨྲས་
སོ། །ད་ནི་གལ་ཏེ་གཞན་ཡིན་ན་མ་བྱུང་བ་ལས་འབྱུང་བ་ཡིན་པར་མི་འགྱུར་བར་བསྟན་པའི་ཕྱིར། མ་བྱུང་བ་ལས་འབྱུང་མིན་ཏེ། །འདི་ལ་སྐྱོན་དུ་ཐལ་བར་འགྱུར། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་གཞན་ཡིན་ན་མ་བྱུང་བ་ལས་འབྱུང་བ་མ་ཡིན་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། མ་བྱུང་བ་ལས་
འབྱུང་བ་ཡིན་པར་འདོད་ན་འདི་ལ་སྐྱོན་དུ་ཐལ་བར་འགྱུར་རོ། །ཇི་ལྟར་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་མ་བྱུང་བ་ལས་འབྱུང་བ་ཡིན་ན་འདི་ལ་ཇི་ལྟར་སྐྱོན་དུ་ཐལ་བར་འགྱུར་ཞེས་འདྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ། བདག་ནི་བྱས་པར་འགྱུར་བ་དང་། །མ་བྱུང་བ་ལས་བྱུང་བའི་ཕྱིར། དཔེར་ན་
བུམ་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། ད་ལྟར་གྱི་ཕུང་པོ་དང་བདག་འདི་མ་བྱུང་བ་ལས་འབྱུང་བ་ཡིན་པར་གྱུར་ན་ཁྱེད་ཀྱི་བདག་དེ་བྱས་པར་འགྱུར་ཏེ། མ་བྱུང་བ་ལས་འབྱུང་བའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བའི་སྐྱོན་དུ་ཐལ་བར་འགྱུར་རོ། །འདི་ལ་སྐྱོན་གཞན་ཇི་ལྟ་བུར་ཐལ་བར་འགྱུར་བ་
ཡང་བསྟན་པའི་ཕྱིར། བྱུང་བ་རྒྱུ་མེད་ཅན་དུ་འགྱུར། སྐྱེད་པར་བྱེད་པའི་རྒྱུ་སྔོན་ལས་དང་ཉོན་མོངས་པས་ཉེ་བར་བསགས་པ་ཞེས་བྱ་བའི་ཕུང་པོ་གཞན་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ད་ལྟར་གྱི་ཕུང་པོ་དང་བདག་འདི་མ་བྱུང་བ་ལས་བྱུང་བ་ཡིན་པར་གྱུར་ན་ཁྱེད་ཀྱི་བདག་དང་ཕུང་པོ་བྱུང་
བ་འདི་རྒྱུ་མེད་པ་ཅན་གྱི་སྐྱོན་དུ་ཐལ་བར་ཡང་འགྱུར་ཏེ། སྐྱེད་པར་བྱེད་པའི་རྒྱུ་སྔོན་ལས་དང་ཉོན་མོངས་པས་ཉེ་བར་བསགས་པ་ཞེས་བྱ་བའི་ཕུང་པོ་གཞན་མེད་པའི་ཕྱིར་རོ། །དེ་དག་གིས་ནི་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བརྒྱད་པོ་དག་ལས་བདག་འདས་པའི་དུས་ན་བྱུང་བར་མ་གྱུར་ཅེས་བྱ་བར་ལྟ་བ་
เล่ม ๑๐๑ · หน้า 323a
མི་འཐད་པར་བསྟན་ཏོ། །ད་ནི་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བརྒྱད་པོ་དག་ལས་བདག་འདས་པའི་དུས་ན་བྱུང་བར་གྱུར་ཀྱང་གྱུར་ལ་བྱུང་བར་མ་གྱུར་ཀྱང་མ་གྱུར་ཅེས་བྱ་བ་དང་། བྱུང་བར་གྱུར་པ་ཡང་མ་ཡིན། བྱུང་བར་མ་གྱུར་པ་ཡང་མ་ཡིན་ཞེས་བྱ་བར་ལྟ་བ་གཉིས་མི་འཐད་
པར་བསྟན་པའི་ཕྱིར། གཉི་ག་དང་གཉི་ག་མ་ཡིན་པ་ཡང་མ་ཡིན་ཏེ། བདག་གཉི་ག་དང་གཉི་ག་མ་ཡིན་པའི་སྐྱོན་བསྟན་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །སྒྲུབ་པ་ཇི་སྐད་བསྟན་པས། །དེ་ལྟར་བདག་བྱུང་བདག་མ་བྱུང་། །གཉི་ག་གཉི་ག་མ་ཡིན་པར། །འདས་ལ་ལྟ་བ་གང་ཡིན་པ། །དེ་དག་
འཐད་པ་མ་ཡིན་ནོ། །ཞེས་བསྒྲུབ་པ་སྔར་བསྟན་ཟིན་པའི་དབང་གིས་མཇུག་བསྡུ་བར་བྱའོ་ཞེས་བྱ་བ་ནི་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བརྒྱད་པོ་དག་ལས་སྔ་མ་བཞི་པོ་མི་འཐད་པར་བསྟན་པའི་མཇུག་བསྡུ་བ་བསྟན་ཏོ། །ད་ནི་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་བརྒྱད་པོ་དག་ལས། རེ་ཞིག་བདག་མ་འོངས་
པའི་དུས་གཞན་དུ་འབྱུང་བར་འགྱུར་ཞེས་བྱ་བ་དང་། འབྱུང་བར་མི་འགྱུར་ཞེས་བྱ་བ་དང་། འབྱུང་བར་འགྱུར་ཡང་འགྱུར་ལ། འབྱུང་བར་མི་འགྱུར་ཡང་མི་འགྱུར་ཞེས་བྱ་བ་དང་། འབྱུང་བར་འགྱུར་བ་ཡང་མ་ཡིན། འབྱུང་བར་མི་འགྱུར་བ་ཡང་མ་ཡིན་ཞེས་བྱ་བ་ལྟ་བ་སྔ་མ་བཞི་པོ་སྔར་བསྟན་པ་དག་བཞིན་དུ་མི་འཐད་པར་
མཚུངས་པར་བསྟན་པའི་ཕྱིར། ད་ནི། མ་འོངས་དུས་གཞན་འབྱུང་འགྱུར་དང་། །འབྱུང་བར་མི་འགྱུར་ཞེས་བྱ་བར། །ལྟ་བ་གང་ཡིན་དེ་དག་ནི། །འདས་པའི་དུས་དང་མཚུངས་པ་ཡིན། དེ་ཁོ་ན་བཞིན་དུ་གཅིག་པ་ཉིད་དང་། གཞན་ཉིད་དང་། གཉི་ག་ཉིད་དང་། གཉི་ག་མ་ཡིན་པ་ཉིད་དགག་
པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །ད་ནི་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བརྒྱད་པོ་དག་ལས་འཇིག་རྟེན་རྟག་པ་དང་། འཇིག་རྟེན་མི་རྟག་པ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བར་ལྟ་བ་ཕྱི་མ་བཞི་མི་འཐད་པར་བསྟན་པར་བྱའོ། །
དེ་ལ་རེ་ཞིག་འཇིག་རྟེན་རྟག་ཅེས་བྱ་བར་ལྟ་བ་མི་འཐད་པར་བསྟན་པའི་ཕྱིར་ཡང་། གཞན་ཡང་གཅིག་པ་ཉིད་ཡིན་ན། །གལ་ཏེ་ལྷ་དེ་མི་དེ་ན། །དེ་ལྟ་ན་ནི་རྟག་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བདག་འདས་པའི་དུས་ན་བྱུང་བར་གྱུར་ཅེས་བྱ་བར་ལྟ་བ་ལ་བརྟེན་ནས། འཇིག་རྟེན་རྟག་ཅེས་བྱ་བར་ལྟ་བ་འདི་
เล่ม ๑๐๑ · หน้า 323b
འབྱུང་བར་འགྱུར་ཏེ། དེ་ཡང་བདག་འདས་པའི་དུས་ན་བྱུང་བར་གྱུར་ཅེས་བྱ་བ་དེའི་གཞི་ལས་གལ་ཏེ། བདག་འདས་པའི་དུས་ན་ལྷར་གྱུར་པ་དེ་ད་ལྟར་གྱི་མི་འདི་ཡིན་ནོ་ཞེས་བྱ་བར་ལྟ་བར་གྱུར་པས་དེ་ལྟ་ན་འཇིག་རྟེན་རྟག་པར་ལྟ་བར་གྱུར་པའི་ཕྱིར་དེ་ཡང་མི་འཐད་པར་སྟོན་ཏོ། །གལ་ཏེ་དེ་ལྟར་གྱུར་ན་ཅི་ཉེས་ཤེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་
འདི་སྐད་ཅེས་འདྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ། ལྷ་ནི་མ་སྐྱེས་ཉིད་འགྱུར་ཏེ། །རྟག་ལ་སྐྱེ་བ་མེད་ཕྱིར་རོ། །རྟག་པ་ནི་སྐྱེ་བ་མེད་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་གྱུར་ན་བདག་འདས་པའི་དུས་ན་ལྷར་གྱུར་པ་དེ་ད་ལྟར་གྱི་མི་འདིར་མ་སྐྱེས་པ་ཉིད་ཀྱི་སྐྱོན་དུ་འགྱུར་ཏེ། རྟག་པ་ལ་སྐྱེ་བ་མེད་པའི་ཕྱིར་རོ། །ཕྱིར་
རྒོལ་བ་དག་ན་རེ། བདག་སྐྱེས་པ་ཁོ་ནས་ལྷ་ལ་སོགས་པའི་བྱ་བ་བྱེད་པ་ལ་སྦྱོར་བའི་ཕྱིར། ལྷ་ལ་སོགས་པ་དག་གི་བདག་གཅིག་ཁོ་ན་ཡིན་པར་བསྟན་པར་བྱ་བ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ། ཁྱེད་དབུ་མ་པས། རྟག་ལ་སྐྱེ་བ་མེད་ཕྱིར་རོ། །ཞེས་སྨྲས་པ་དེ་ནི་ཁོ་བོ་ཅག་འདོད་པ་ཡིན་ཏེ། འདི་ལྟར་བདག་རྟག་
པ་ངེས་པར་གནས་པ་ནི་ལྷ་ལ་སོགས་པའི་ལུས་ཀྱི་བྱ་བ་བྱེད་པ་ལ་སྦྱོར་བའི་ཕྱིར། ལྷ་ལ་སོགས་པ་དག་གི་ལུས་ཐ་དད་པའི་བདག་ནི་གཅིག་ཁོ་ན་ཡིན་པའི་ཕྱིར་རོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། བདག་རྒྱུ་སྔོན་དུ་འགྲོ་བ་ཉིད་དང་ལྡན་
པ་ནི་མི་རྟག་པ་ཉིད་དུ་བསྟན་པའི་ཕྱིར་དང་། ཡོད་པ་ཉིད་དུ་མ་གྲགས་པ་ལྷ་ལ་སོགས་པའི་བྱ་བ་བྱེད་པ་ལ་སྦྱོར་བ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བདག་ལྷ་ལ་སོགས་པའི་ལུས་ལ་སྦྱོར་བའི་རྒྱུ་སྔོན་དུ་འགྲོ་ཞིང་། ཕྱིས་ལྷ་ལ་སོགས་པའི་འབྲས་བུའི་བྱ་བ་བྱེད་པ་དང་ལྡན་པ་ནི་མི་རྟག་པ་ཉིད་ཡིན་པའི་ཕྱིར་དང་། སྔར་བསྟན་པའི་
ཚུལ་གྱིས་བརྟག་པ་ཡོད་པ་ཉིད་དུ་མ་གྲགས་པ་ལྷ་ལ་སོགས་པའི་འབྲས་བུའི་བྱ་བ་བྱེད་པ་ལ་སྦྱོར་བ་ཡང་མི་སྲིད་པའི་ཕྱིར་དེ་ནི་བཟང་པོ་མ་ཡིན་ནོ། །ཅི་སྟེ་ཡང་གཅིག་པ་ཉིད་ཡིན་ན། ཅི་སྐད་བསྟན་པའི་སྐྱོན་དུ་གྱུར་ན་མི་རུང་བས་གཞན་ཉིད་ཡིན་པར་ཤེས་པར་བྱའོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དེ་སྐད་ཟེར་བའི་ཚིག་ཡིན་ནོ། །
དེའི་ལན་དུ། དེ་ལ་ཡང་སྐྱོན་འདི་ཡོད་དེ། གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། མིའི་བདག་སྐྱེས་པ་ན་ལྷའི་བདག་ཞིག་པའི་ཕྱིར་ཞེས་བྱ་བ་སྨྲས་སོ། །ཅི་སྟེ་དེ་ལྟར་གྱུར་ན་ཅི་ཉེས་ཤེ་ན་ཞེས་བྱ་བ་ནི། ཕ་རོལ་པོ་དག་དེ་སྐད་ཅེས་འདྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ། གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་
เล่ม ๑๐๑ · หน้า 324a
ནི་འཐད་པར་མི་འགྱུར་རོ། །གཞན་ཡིན་པའི་ཕྱིར་དཔེར་ན། ལྷས་བྱིན་དང་མཆོད་སྦྱིན་གྱི་བདག་གི་རྒྱུད་དག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་གྱུར་ན་རྒྱུད་གཅིག་པ་ཉིད་དུ་འཐད་པར་མི་འགྱུར་བས། བདག་འདས་པའི་དུས་ན་བྱུང་བར་གྱུར་ཅེས་བྱར་མི་རུང་སྟེ། དཔེར་ན་ལྷས་བྱིན་
དང་མཆོད་སྦྱིན་གྱི་བདག་གི་རྒྱུད་དག་ནི་གཞན་ཡིན་པའི་ཕྱིར་རྒྱུད་གཅིག་ཏུ་འཐད་པར་མི་འགྱུར་བ་དེ་བཞིན་དུ། ལྷ་དང་མི་གཞན་ཡིན་པའི་ཕྱིར་བདག་གི་རྒྱུད་དག་ཀྱང་གཞན་ཡིན་པའི་ཕྱིར་རྒྱུད་གཅིག་ཏུ་འཐད་པར་མི་འགྱུར་བས། བདག་འདས་པའི་དུས་ན་ནི་བྱུང་བར་གྱུར་ཅེས་བྱ་བའི་གཞི་མ་གྲུབ་པས་འཇིག་
རྟེན་རྟག་ཅེས་བྱ་བར་ལྟ་བ་མི་འཐད་དོ། །གལ་ཏེ་རྒྱུད་ཐ་དད་པ་དང་རྒྱུད་ཐ་དད་པ་མ་ཡིན་པ་དག་གི་གཞན་ཉིད་གཏན་ཚིགས་སུ་རྟོག་ན་གཏན་ཚིགས་མ་གྲུབ་པ་དང་། དཔེ་མ་གྲུབ་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ། དབུ་མ་པའི་གཏན་ཚིགས་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་དེའི་དོན་གང་ཡིན།
ཅི་རྒྱུད་ཐ་དད་པ་དག་གི་གཞན་ཉིད་དམ། འོན་ཏེ་རྒྱུད་ཐ་དད་པ་མ་ཡིན་པ་དག་གི་གཞན་ཉིད་ཡིན། དེས་ཅིར་འགྱུར་ཞེ་ན། གལ་ཏེ་རྒྱུད་ཐ་དད་པ་དག་གི་གཞན་ཉིད་དོན་དམ་པར་གཏན་ཚིགས་སུ་རྟོག་ན་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། འདི་ལྟར་དོན་དམ་པར་ཁྱེད་ལ་འདས་པ་དང་ད་ལྟར་
གྱི་རྒྱུད་ཐ་དད་པ་དག་གཞན་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །འོན་ཏེ་རྒྱུད་ཐ་དད་པ་མ་ཡིན་པ་དག་གི་གཞན་ཉིད་གཏན་ཚིགས་སུ་རྟོག་ན་ནི་དཔེ་མ་གྲུབ་པ་ཉིད་ཡིན་ཏེ། དེ་ལྟར་རྒྱུད་ཐ་དད་པ་མ་ཡིན་པ་དག་གི་གཞན་ཉིད་ཀྱི་དཔེར་ལྷས་བྱིན་དང་། མཆོད་སྦྱིན་གྱི་རྒྱུད་ཐ་དད་པ་དག་མི་རུང་ངོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་
ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གཏན་ཚིགས་སྤྱིར་བརྗོད་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོས་རྒྱུད་ཐ་དད་པ་དང་། རྒྱུད་ཐ་དད་པ་མ་ཡིན་པ་དག་གི་གཞན་ཉིད་ཅེས་བྱེ་བྲག་ཏུ་མ་ཕྱེ་བར་སྤྱིར་གཞན་ཉིད་ཡིན་པའི་ཕྱིར་རྒྱུད་ནི་འཐད་པར་མི་འགྱུར་རོ་
ཞེས་གཏན་ཚིགས་སྤྱིར་བརྗོད་པའི་ཕྱིར་སྐྱོན་མེད་དོ། །གང་དག་ལྷ་ཡང་ཡིན་ལ། མི་ཡང་ཡིན་ནོ་ཞེས་ཟེར་བ་དག་གི་ཕྱིར་བཤད་པ། གལ་ཏེ་ཕྱོགས་གཅིག་ལྷ་ཡིན་ལ། །ཕྱོགས་གཅིག་མི་ནི་ཡིན་གྱུར་ན། །དེ་ལྟ་ན་ལྷ་ཉིད་ཀྱང་ཡིན་ལ་མི་ཉིད་ཀྱང་ཡིན་པར་འཐད་དོ་ཞེས་བྱ་བས་
เล่ม ๑๐๑ · หน้า 324b
ནི་རྣམ་པ་གཉིས་སུ་སྨྲ་བ་དག་གི་གཞུང་ལས་སྲོག་གི་རྣམ་གྲངས་ལ་ལྟོས་ནས་ནི་ད་ལྟར་གྱི་མི་འདི་ཉིད་སྔོན་གྱི་ལྷ་ཡིན་ལ། ལུས་ཀྱི་རྣམ་གྲངས་ལ་ལྟོས་ནས་ནི་ད་ལྟར་གྱི་མི་ཡང་ཡིན་ནོ་ཞེས་གཉི་ག་ཡིན་པར་སྨྲ་བ་དག་གི་གཞུང་དགག་པའི་ཕྱིར་འདི་བཤད་དེ། གལ་ཏེ་གཞོགས་ཕྱེད་
ལྷ་ཡིན་ལ། །གཞོགས་ཕྱེད་མི་ཡིན་ན་ནི་ཁྱེད་ཀྱི་གཞུང་དེ་མི་འཐད་དོ་ཞེས་བསྟན་ཏོ། །དེ་ལྟ་ན་སྐྱོན་ཅི་ཡོད་ཅེ་ན། དེ་ལྟ་ན་ཡང་སྐྱོན་འདིར་འགྱུར་ཏེ། །རྟག་དང་མི་རྟག་འགྱུར་བའི་ཕྱིར། །དེ་ཡང་རིགས་པ་མ་ཡིན་ནོ། །ཕྱེད་ཤི་ཕྱེད་གསོན་པ་མི་འཐད་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ།
དེའི་ཕྱིར་གཉི་གའི་བདག་ཉིད་མི་འཐད་པས་བདག་འདས་པའི་དུས་ན་བྱུང་བར་གྱུར་ཅེས་བྱ་བའི་གཞི་མ་གྲུབ་པའི་ཕྱིར། འཇིག་རྟེན་རྟག་ཅེས་བྱ་བར་ལྟ་བ་མི་རིགས་སོ། །གང་དག་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ནོ་ཞེས་ཟེར་བ་དེ་དག་གི་ཕྱིར་བཤད་པ། །གལ་ཏེ་རྟག་དང་མི་
རྟག་པ། །གཉི་ག་གྲུབ་པར་གྱུར་ན་ནི། །རྟག་པ་མ་ཡིན་མི་རྟག་མིན། །འགྲུབ་པར་འགྱུར་བ་འདོད་ལ་རག །དེ་དག་བཀག་པས་དེ་ལྟ་བུ་མ་གྲུབ་པའི་ཕྱིར་དང་། དེ་དག་བཞིན་དུ་དེ་ཡང་བསྟན་དཀའ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི་གང་དག་བདག་ནི་རྟག་པ་དང་མི་རྟག་
པ་གཉི་ག་མ་ཡིན་ནོ་ཞེས་ཟེར་བ་དག་དགག་པའི་ཕྱིར་འདི་བསྟན་ཏེ། གལ་ཏེ་རྟག་པ་དང་མི་རྟག་པ་གཉིས་གྲུབ་པར་གྱུར་ན་ནི་དེ་གཉིས་བཀག་པས་དེ་ལྟ་བུ་འགྲུབ་པར་འདོད་ལ་རག་ན། དེ་གཉིས་མ་གྲུབ་པས་དེ་ཡང་མི་འགྲུབ་པའི་ཕྱིར་དང་། དེ་གཉིས་འགྲུབ་པ་བསྟན་དཀའ་བ་བཞིན་
དུ་དེ་ཡང་འགྲུབ་པར་བསྟན་དཀའ་བས། དེ་ལྟར་གཉི་གའི་བདག་ཉིད་ཀྱི་བདག་མ་གྲུབ་པས་བདག་འདས་པའི་དུས་ན་བྱུང་བར་གྱུར་ཅེས་བྱ་བར་ལྟ་བའི་གཞི་མ་གྲུབ་པའི་ཕྱིར་འཇིག་རྟེན་རྟག་ཅེས་བྱ་བར་ལྟ་བ་མི་འཐད་དོ། །གཞན་ཡང་དོན་དམ་པར། གལ་ཏེ་གང་ཞིག་གང་ནས་འོངས། །
ཅི་ཞིག་གང་དུ་འགྲོ་འགྱུར་ན། །དེའི་ཕྱིར་དེ་ལ་ཐོག་མེད་པས། །རྟག་པར་འགྱུར་ན་དེ་ཡང་མེད། །གལ་ཏེ་ལྷའམ་མི་གང་ཞིག །ལྷའི་འགྲོ་བའམ་མིའི་འགྲོ་བ་གང་ནས་འོངས་ཤིང་། འགྲོ་བ་གཞན་ཅི་ཞིག་ཏུ་ལྷ་འམ་མི་ལ་སོགས་པའི་འགྲོ་བ་གང་དུ་གནས་པར་འགྲོ་བར་འགྱུར་ན་ནི་དེའི་
เล่ม ๑๐๑ · หน้า 325a
ཕྱིར་དེ་ལ་ཐོག་མ་མེད་པས་རྟག་པར་ཡང་འགྱུར་བ་ཞིག་ན། དེ་ཡང་མེད་དེ། སེམས་ཅན་ནམ། གང་ཟག་གཅིག་ལ་འོང་བ་དང་འགྲོ་བ་མི་འགྲུབ་པས་དགག་པ་སྔར་བསྟན་ཟིན་པའི་ཕྱིར་རོ་ཞེས་བྱ་བས་ནི་གཞན་ཡང་གལ་ཏེ་དོན་དམ་པར་བུམ་པར་བྱེའུ་བཅུག་པའི་ཚུལ་བཞིན་དུ་བདག་
དེ་ལྟ་བུ་ཞིག་ཡོད་པར་གྱུར་ན་ནི་དེ་ལ་ཐོག་མ་མེད་པས་རྟག་པར་ཡང་འགྱུར་བ་ཞིག་ན། དེ་ཡང་མེད་པས་རྟག་པར་མི་འགྲུབ་པོ། །དེ་ལྟར་བུམ་པར་བྱེའུ་བཅུག་པ་ལྟ་བུའི་ཚུལ་གྱི་བདག་རྟག་པ་མེད་པས་བདག་འདས་པའི་དུས་ན་བྱུང་བར་གྱུར་ཅེས་བྱ་བའི་གཞི་མ་གྲུབ་པའི་ཕྱིར་འཇིག་རྟེན་རྟག་ཅེས་བྱ་བར་ལྟ་བ་མི་
འཐད་དོ། །དེའི་ཕྱིར་དེ་ལྟར་རྟག་པ་མེད་དོ་ཞེས་བྱ་བ་ནི་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བརྒྱད་ལས་འཇིག་རྟེན་རྟག་ཅེས་བྱ་བར་ལྟ་བ་མི་འཐད་པར་བསྟན་པའི་མཇུག་བསྡུ་བ་ཡིན་ནོ། །ད་ནི་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བརྒྱད་ལས་འཇིག་རྟེན་མི་རྟག་ཅེས་བྱ་བར་ལྟ་བ་མི་འཐད་པར་བསྟན་
པའི་ཕྱིར་གལ་ཏེ་མི་རྟག་པར་འགྱུར་རོ་ཞེ་ན་དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་རྟག་པ་འགའ་མེད་ན། །མི་རྟག་གང་ཞིག་ཡིན་པར་འགྱུར། །དེ་ཡང་རྟག་པ་ལ་ལྟོས་པས་སམ། དེ་བསལ་བས་མི་རྟག་པ་ཉིད་དུ་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བདག་འདས་པའི་དུས་ན་བྱུང་བར་མ་གྱུར་ཅེས་
བྱ་བར་ལྟ་བའི་གཞི་ལས། འཇིག་རྟེན་མི་རྟག་ཅེས་བྱ་བར་ལྟ་བ་འདི་འབྱུང་བར་འགྱུར་ཏེ། དེ་ཡང་བདག་རྟག་པ་མ་གྲུབ་པས་བདག་འདས་པའི་དུས་ན་བྱུང་བར་ལྟ་བའི་གཞི་མ་གྲུབ་པའི་ཕྱིར་འཇིག་རྟེན་རྟག་ཅེས་བྱ་བར་ལྟ་བ་མི་འཐད་པས། རྟག་པ་འགའ་ཡང་མེད་ན་མི་རྟག་པ་གང་ཞིག་ཡིན་པར་འགྱུར་ཏེ།
དེ་ཡང་མི་འཐད་དོ་ཞེས་བསྟན་ཏོ། །ད་ནི་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བརྒྱད་ལས་རྟག་ཀྱང་རྟག་ལ། མི་རྟག་ཀྱང་མི་རྟག་པ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བར་ལྟ་བ་ཐ་མ་གཉིས་མི་འཐད་པར་བསྟན་པའི་ཕྱིར། གཉི་ག་དང་གཉི་ག་མ་ཡིན་པ་ཉིད་ཀྱང་མི་འཐད་པས་དེའི་
ཕྱིར་བཤད་པ། རྟག་པ་དང་ནི་མི་རྟག་དང་། །དེ་གཉིས་གསལ་བར་གྱུར་པའོ། །གང་ཞིག་ཡིན་པར་འགྱུར་ཞེས་བྱ་བར་སྦྱར་རོ་ཞེས་བྱ་བ་སྨྲས་ཏེ། བདག་འདས་པའི་དུས་ན་བྱུང་བར་གྱུར་ཀྱང་གྱུར་ལ། བྱུང་བར་མ་གྱུར་ཀྱང་མ་གྱུར་ཅེས་བྱ་བར་ལྟ་བའི་གཞི་ལས་ནི་འཇིག་རྟེན་རྟག་ཀྱང་རྟག་ལ་མི་རྟག་
เล่ม ๑๐๑ · หน้า 325b
ཀྱང་མི་རྟག་ཅེས་བྱ་བར་ལྟ་བ་འབྱུང་ལ། བདག་འདས་པའི་དུས་ན་བྱུང་བར་གྱུར་པ་ཡང་མ་ཡིན། བྱུང་བར་མ་གྱུར་པ་ཡང་མ་ཡིན་ཞེས་བྱ་བར་ལྟ་བའི་གཞི་ལས་ནི། འཇིག་རྟེན་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བར་ལྟ་བ་འབྱུང་སྟེ། དེ་གཉིས་ཀྱང་རྟག་པ་དང་མི་རྟག་པར་ལྟ་བ་མི་འཐད་པས་
མི་འགྲུབ་པོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་རེ་ཞིག་སྔོན་གྱི་མཐའ་ལས་བརྩམས་ཏེ། རྟག་པ་ལ་སོགས་པ་བཞི་པོ་དག་མེད་དོ་ཞེས་བྱ་བ་ནི་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བརྒྱད་པོ་དག་ལས་འཇིག་རྟེན་རྟག་ཅེས་བྱ་བ་ལ་སོགས་པར་ལྟ་བ་ཕྱི་མ་བཞི་པོ་དག་མི་འཐད་པར་བསྟན་པའི་མཇུག་བསྡུ་བ་ཡིན་
ནོ། །ད་ནི་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་བརྒྱད་པོ་དག་ལས་སྔ་མ་བཞི་སྔར་བསྟན་པའི་ལྷག་མ་འཇིག་རྟེན་མཐའ་ཡོད་པ་དང་། འཇིག་རྟེན་མཐའ་མེད་པ་དང་། མཐའ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་ལྟ་བ་བཞི་པོ་དག་མི་འཐད་
པར་རིམ་བཞིན་དུ་དཔྱད་པར་བྱའོ། །དེ་ལ་རེ་ཞིག་འཇིག་རྟེན་མཐའ་ཡོད་ཅེས་བྱ་བར་ལྟ་བ་མི་འཐད་པར་བསྟན་པའི་ཕྱིར། གལ་ཏེ་འཇིག་རྟེན་མཐའ་ཡོད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །མཐའ་ཞེས་བྱ་བ་ནི་མུ་དང་མཇུག་ཅེས་བྱ་བ་དག་གི་རྣམ་གྲངས་སོ། །མཐའ་ཡོད་ཅེས་བྱ་བ་ནི་དེ་ལ་དེ་
ཡོད་པ་དེ། ས་བོན་ཚིག་པ་བཞིན་དུ་ཉིང་མཚམས་སྦྱོར་བ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་ཞེས་བྱ་བར་ལྟ་བའི་གཞི་ལས་འཇིག་རྟེན་མཐའ་ཡོད་ཅེས་བྱ་བར་ལྟ་བ་འདི་འབྱུང་བར་འགྱུར་ཏེ། འདིར་གལ་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་
འཇིག་རྟེན་མཐའ་ཡོད་པར་རྟོག་ན་མཐའ་ཞེས་བྱ་བ་ནི་མུ་དང་མཇུག་ཟད་པ་ཡིན་པས་དེ་ཡོད་ན་ས་བོན་ཚིག་པ་བཞིན་དུ་ཉིང་མཚམས་སྦྱོར་བ་མེད་པའི་ཕྱིར་འཇིག་རྟེན་ཕ་རོལ་མེད་པས་བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་ཞེས་བྱ་བར་ལྟ་བའི་གཞི་མི་འགྲུབ་པའི་ཕྱིར། འཇིག་རྟེན་མཐའ་ཡོད་
ཅེས་བྱ་བར་ལྟ་བ་མི་འཐད་པར་སྟོན་ཏོ། །དེ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར། དེ་ལྟ་ན་འཇིག་རྟེན་ཕ་རོལ་ཡོད་པར་མི་འཐད་དེ། མཐའ་ཡོད་པའི་ཕྱིར་དགྲ་བཅོམ་པའི་ཕུང་པོ་མཐའ་མ་སྔོན་དུ་བཏང་བ་ལས་ཕུང་པོ་ཕྱི་མ་འབྱུང་བར་མི་འགྱུར་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་འཇིག་རྟེན་མཐའ་
เล่ม ๑๐๑ · หน้า 326a
ཡོད་ན། །འཇིག་རྟེན་ཕ་རོལ་ཡོད་པར་མི་རུང་སྟེ། མཐའ་ཡོད་པའི་ཕྱིར་དཔེར་ན་དགྲ་བཅོམ་པའི་ཕུང་པོ་ཐ་མ་བཞིན་དུ་འགྱུར་བའི་སྐྱོན་ཡོད་པས་འཇིག་རྟེན་མཐའ་ཡོད་པར་ལྟ་བ་མི་འཐད་དོ་ཞེས་བསྟན་ཏོ། །གླགས་ཡོད་པའི་ཚིག་དེ་ལས་བཟློག་པས་སྐབས་ཀྱི་དོན་དང་དེ་
སྒྲུབ་པའི་ཆོས་བསྟན་པའི་ཕྱིར། འཇིག་རྟེན་ཕ་རོལ་དེ་ཡང་ཡོད་པས། འདིས་ནི་ཕུང་པོ་སྔ་མ་རྣམས་ཀྱི་འབྲས་བུ་ནི་ཕུང་པོ་ཕྱི་མ་རྣམས་ཡིན་པས། དེའི་ཕྱོགས་ཀྱི་ཆོས་ནི་དེའི་འབྲས་བུ་ཡོད་པ་ཡིན་པར་བསྟན་ཏོ་ཞེས་བྱ་བ་སྨྲས་ཏེ། འཇིག་རྟེན་ཕ་རོལ་དེ་ཡང་ཡོད་པས་འཇིག་རྟེན་མཐའ་ཡོད་པ་
མ་ཡིན་པར་སྒྲུབ་པའི་ཕྱོགས་ཀྱི་ཆོས་གཏན་ཚིགས་ནི་དེའི་འབྲས་བུ་ཡོད་པ་ཡིན་པར་བསྟན་ཏེ། དེའི་རྗེས་སུ་དཔག་པ་ནི་འོག་ནས་སྟོན་ཏོ། །ད་ནི་འཇིག་རྟེན་མཐའ་མེད་ཅེས་བྱ་བར་ལྟ་བ་མི་འཐད་པར་བསྟན་པའི་ཕྱིར། དེ་བཞིན་དུ། གལ་ཏེ་འཇིག་རྟེན་མཐའ་མེད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་
འགྱུར། །རྒྱུ་དེ་ཁོ་ན་བཞིན་དུ་གནས་པའི་འབྲས་བུ་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བདག་མ་འོངས་པའི་དུས་ན་གཞན་དུ་འབྱུང་བར་མི་འགྱུར་ཞེས་བྱ་བར་ལྟ་བའི་གཞི་ལས་འཇིག་རྟེན་མཐའ་མེད་ཅེས་བྱ་བར་ལྟ་བ་འདི་འབྱུང་བར་འགྱུར་ཏེ། འདིར་གལ་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་འཇིག་
རྟེན་མཐའ་མེད་པར་རྟོག་ན་མཐའ་ཞེས་བྱ་བ་ནི་མུ་དང་མཇུག་ཟད་པ་ཡིན་པས། དེ་མེད་ན་ཐུག་པ་མེད་པར་འབྱུང་བའི་ཕྱིར་བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་མི་འགྱུར་ཞེས་བྱ་བར་ལྟ་བའི་གཞི་མ་འགྲུབ་པའི་ཕྱིར་འཇིག་རྟེན་མཐའ་མེད་ཅེས་བྱ་བར་ལྟ་བ་མི་འཐད་པར་སྟོན་ཏོ། །གླགས་
ཡོད་པའི་ཚིག་དེ་ལས་བཟློག་པས་སྐབས་ཀྱི་དོན་དང་འཇིག་རྟེན་མཐའ་ཡོད་པ་མ་ཡིན་པ་དང་། མེད་པ་མ་ཡིན་པར་སྒྲུབ་པ་གཉི་གའི་ཆོས་མཐུན་པའི་དཔེ་བསྟན་པའི་ཕྱིར། དེ་ཡང་ཡོད་པས། འདིས་ཀྱང་། གང་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན། །འདི་ནི་མར་མེའི་འོད་དང་མཚུངས། །ཞེས་བྱ་བ་
ཆོས་མཐུན་པའི་དཔེའི་ཚིག་ཡིན་པར་བསྟན་ཏོ་ཞེས་བྱ་བ་སྨྲས་ཏེ། དེའི་ཕྱིར་འདིར་སྦྱོར་བའི་ཚིག་ནི། སྔོན་གྱི་ཕུང་པོའི་རྒྱུན་མ་རིག་པ་དང་བཅས་པ་ནི་རྒྱུན་མི་འཆད་དེ། དེའི་འབྲས་བུ་ཡོད་པའི་ཕྱིར་དཔེར་ན་མར་མེའི་རྒྱུན་བཞིན་ནོ་ཞེས་བྱ་བས་ནི་འཇིག་རྟེན་མཐའ་ཡོད་པ་མ་ཡིན་པར་རྗེས་སུ་དཔག་པ་སྟོན་
เล่ม ๑๐๑ · หน้า 326b
ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མར་མེའི་རྒྱུན་སྔ་མ་མར་དང་། རས་དང་བཅས་པ་ནི་དེའི་འབྲས་བུ་ཡོད་པའི་ཕྱིར་རྒྱུན་མི་འཆད་པ་དེ་བཞིན་དུ་སྔོན་གྱི་ཕུང་པོའི་རྒྱུན་མ་རིག་པ་དང་། སྲིད་པ་དང་བཅས་པ་ཡང་དེའི་འབྲས་བུ་
ཡོད་པའི་ཕྱིར། རྒྱུན་མི་འཆད་པས་འཇིག་རྟེན་ཕ་རོལ་ཡོད་པའི་ཕྱིར་འཇིག་རྟེན་མཐའ་མེད་པ་ས་བོན་ཚིག་པ་བཞིན་དུ་ཉིང་མཚམས་སྦྱོར་བ་མེད་པ་མ་ཡིན་ནོ། །དེ་བཞིན་དུ་དེ་དང་རིགས་མཐུན་པའི་འབྲས་བུའི་རྒྱུན་སྐྱེས་པ་ཡང་མི་འཇིག་པ་མ་ཡིན་ཏེ། དེའི་འབྲས་བུ་ཡོད་པའི་ཕྱིར། དཔེར་ན་མར་མེའི་རྒྱུན་སྔ་མ་བཞིན་
ནོ་ཞེས་བྱ་བས་ནི་འཇིག་རྟེན་མཐའ་མེད་པ་མ་ཡིན་པར་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མར་མེའི་རྒྱུན་སྔ་མ་ནི་དེའི་འབྲས་བུ་ཡོད་པའི་ཕྱིར་མི་འཇིག་པ་མ་ཡིན་པ་དེ་བཞིན་དུ་ཕུང་པོ་སྔ་མ་དེ་
དང་རིགས་མཐུན་པའི་འབྲས་བུའི་རྒྱུན་ད་ལྟར་གྱི་ཕུང་པོ་སྐྱེས་པ་ཡང་དེའི་འབྲས་བུ་ཡོད་པའི་ཕྱིར། མི་འཇིག་པ་མ་ཡིན་པས་འཇིག་རྟེན་མཐའ་མེད་པ་དེ་ཁོ་ན་བཞིན་དུ་གནས་པའི་འབྲས་བུ་མི་འབྱུང་བ་མ་ཡིན་ནོ། །དེའི་ཕྱིར་མཐའ་ཡོད་ཉིད་དང་ནི། །མཐའ་མེད་པ་ཡང་མི་རིགས་སོ། །ཞེས་བྱ་བས་ནི་
འཇིག་རྟེན་མཐའ་ཡོད་པ་མ་ཡིན་པ་དང་། མཐའ་མེད་པ་མ་ཡིན་པར་རྗེས་སུ་དཔག་པ་སྔ་མ་གཉིས་ཀྱི་མཇུག་བསྡུ་བ་བསྟན་ཏེ། དེ་དག་གིས་ནི་རྗེས་སུ་འགྲོ་བའི་སྒོ་ནས་འཇིག་རྟེན་མཐའ་ཡོད་པར་ལྟ་བ་དང་། མཐའ་མེད་པར་ལྟ་བ་མི་རིགས་པར་བསྟན་ཏོ། །ད་ནི་ལྡོག་པའི་སྒོ་ནས་འཇིག་རྟེན་མཐའ་
ཡོད་པར་ལྟ་བ་དང་། མཐའ་མེད་པར་ལྟ་བ་མི་རིགས་པར་བསྟན་པའི་ཕྱིར། གང་གི་ཕྱིར་རྗེས་སུ་དཔག་པ་ཇི་སྐད་བསྟན་པ་དེ་དག་མེད་པར་གྱུར་ཅིང་། གལ་ཏེ་སྔ་མ་འཇིག་འགྱུར་ཞིང་། །ཕུང་པོ་འདི་ལ་བརྟེན་བྱས་ནས། །ཕུང་པོ་དེ་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཐའ་ཡོད་འགྱུར། །ཕུང་པོ་
ཕྱི་མ་རྣམས་དུས་ཐམས་ཅད་དུ་མི་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ། གལ་ཏེ་སྔ་མ་མི་འཇིག་ཅིང་། །ཕུང་པོ་འདི་ལ་བརྟེན་བྱས་ནས། །ཕུང་པོ་དེ་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཐའ་མེད་འགྱུར། །ཕུང་པོ་སྔ་མ་རྣམས་དུས་ཐམས་ཅད་དུ་ངེས་པར་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་
เล่ม ๑๐๑ · หน้า 327a
གི་ཕྱིར་དེ་ལྟར་དབུ་མ་པའི་རྗེས་སུ་དཔག་པ་ཇི་སྐད་བསྟན་པ་གཉིས་པོ་དེ་དག་མེད་པར་གྱུར་ཅིང་། ཕ་རོལ་པོ་དག་འདོད་པའི་གཞུང་ཚིག་ལེའུར་བྱས་པ་འདི་གཉིས་ལྟར་གྱུར་ན་ནི་དེས་ན་འཇིག་རྟེན་མཐའ་ཡོད་པ་དང་། མཐའ་མེད་པར་ཡང་འགྱུར་བ་ཞིག་ན། དེ་ལྟ་མ་ཡིན་པས་
འཇིག་རྟེན་མཐའ་ཡོད་པ་དང་། མཐའ་མེད་པར་ལྟ་བ་མི་འཐད་དོ་ཞེས་བྱ་བར་སྦྱར་རོ། །ད་ནི་འཇིག་རྟེན་མཐའ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་བྱ་བ་ལྟ་བ་མི་འཐད་པར་བསྟན་པའི་ཕྱིར། ད་ནི་གལ་ཏེ་ཕྱོགས་གཅིག་མཐའ་ཡོད་ལ། །ཕྱོགས་གཅིག་མཐའ་ནི་མེད་གྱུར་ན། །འཇིག་
རྟེན་མཐའ་ཡོད་མཐའ་མེད་འགྱུར། །དེ་ཡང་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཇི་ལྟ་བུར་ན་ཉེར་ལེན་པ། །ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། །ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར། །དེ་ལྟར་དེ་ནི་མི་རིགས་སོ། །ཕྱོགས་གཉི་གར་བསྟན་པའི་རྗེས་སུ་དཔག་པ་དག་
གིས་གནོད་པའི་ཕྱིར་རོ། །ཇི་ལྟ་བུར་ན་ཉེར་བླང་བ། །ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། །ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར། །དེ་ལྟར་དེ་ཡང་མི་རིགས་སོ། །འདིར་ཡང་ཕྱོགས་གཉི་གར་བསྟན་པའི་རྗེས་སུ་དཔག་པ་དག་གིས་གནོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བདག་མ་འོངས་པའི་
དུས་གཞན་དུ་འབྱུང་བར་འགྱུར་ཡང་འགྱུར་ལ་འབྱུང་བར་མི་འགྱུར་ཡང་མི་འགྱུར་ཞེས་བྱ་བར་ལྟ་བའི་གཞི་ལས་འཇིག་རྟེན་མཐའ་ཡོད་ཀྱང་ཡོད་ལ། མཐའ་མེད་ཀྱང་མེད་ཅེས་བྱ་བར་ལྟ་བ་འདི་འབྱུང་སྟེ། དེ་ཡང་གལ་ཏེ་རྣམ་པ་གཉིས་སུ་སྨྲ་བ་དག་འདོད་པ་ལྟར་ལུས་ཀྱི་རྣམ་གྲངས་ལ་བརྟེན་ནས། ཕྱོགས་གཅིག་
མཐའ་ཡོད་ལ། སྲོག་གི་རྣམ་གྲངས་ལ་བརྟེན་ནས་ཕྱོགས་གཅིག་མཐའ་མེད་པར་གྱུར་ན་ནི། འཇིག་རྟེན་མཐའ་ཡོད་ཀྱང་ཡོད་ལ། མཐའ་མེད་ཀྱང་མེད་པར་འགྱུར་བ་ཞིག་ན། དེ་ཡང་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཉེ་བར་ལེན་པ་པོ་བདག་དང་། ཉེ་བར་བླང་བ་ཕུང་པོ་དག་ཕྱོགས་གཅིག་
རྣམ་པར་འཇིག་པར་འགྱུར་ལ། ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་བ་དེ་ལྟར་རིགས་པ་མ་ཡིན་པའི་ཕྱིར་བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་ཡང་འགྱུར་ལ། འབྱུང་བར་མི་འགྱུར་ཡང་མི་འགྱུར་ཞེས་བྱ་བར་ལྟ་བའི་གཞི་མ་གྲུབ་པའི་ཕྱིར་འཇིག་རྟེན་མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་
เล่ม ๑๐๑ · หน้า 327b
མེད་ཅེས་བྱ་བར་ལྟ་བ་མི་འཐད་དོ། །ད་ནི་འཇིག་རྟེན་མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བར་ལྟ་བ་མི་འཐད་པར་བསྟན་པའི་ཕྱིར། དེ་བཞིན་དུ། གལ་ཏེ་མཐའ་ཡོད་མཐའ་མེད་པ། །གཉི་ག་གྲུབ་པར་གྱུར་ན་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །འགྲུབ་པར་འགྱུར་བ་འདོད་
ལ་རག །དེ་དག་བཀག་པས་དེ་ལྟ་བུ་འགྲུབ་པའི་ཕྱིར་དང་། དེ་དག་བཞིན་དུ་དེ་ཡང་བསྟན་དཀའ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། །བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་བ་ཡང་མ་ཡིན། འབྱུང་བར་མི་འགྱུར་བ་ཡང་མ་ཡིན་ཞེས་བྱ་བར་ལྟ་བའི་གཞི་ལས་འཇིག་རྟེན་མཐའ་ཡོད་
པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བར་ལྟ་བ་འདི་འབྱུང་སྟེ། དེ་ཡང་གལ་ཏེ། གཉི་ག་མ་ཡིན་པ་སྨྲ་བ་དག་འདོད་པ་ལྟར། མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བ་ནི་མཐའ་ཡོད་པ་དང་། མཐའ་མེད་པ་གཉི་ག་གྲུབ་པར་གྱུར་ན་འགྲུབ་པར་
འདོད་ལ་རག་ན་དེ་གཉིས་མ་གྲུབ་པས་དེ་ཡང་མི་འགྲུབ་པའི་ཕྱིར་དང་། དེ་གཉིས་འགྲུབ་པ་བསྟན་དཀའ་བ་བཞིན་དུ་དེ་ཡང་འགྲུབ་པ་བསྟན་དཀའ་བས། དེ་ལྟར་གཉི་གའི་བདག་ཉིད་ཀྱི་བདག་མ་གྲུབ་པས་བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་བ་ཡང་མ་ཡིན། འབྱུང་བར་མི་འགྱུར་བ་ཡང་མ་ཡིན་ཞེས་བྱ་
བར་ལྟ་བའི་གཞི་མ་གྲུབ་པའི་ཕྱིར་འཇིག་རྟེན་མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བར་ལྟ་བ་མི་འཐད་དོ། །དེ་ལྟར་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་རྣམས་རེ་རེ་ནས་མི་འཐད་པར་བསྟན་ནས། ད་ནི་ལྟ་བ་ཐམས་ཅད་སྤྱིར་དགག་པ་བསྟན་པའི་ཕྱིར།
ད་ནི་དོན་དམ་པར་ལྟ་བ་ཐམས་ཅད་སྤྱིར་མི་འཐད་པར་བསྟན་པའི་ཕྱིར་འདི་བཤད་དེ། ཡང་ན་དངོས་པོ་ཐམས་ཅད་དག །སྟོང་ཕྱིར་རྟག་ལ་སོགས་ལྟ་བ། །གང་དུ་གང་ལ་གང་དག་ནི། །ཅི་ཕྱིར་ཀུན་ཏུ་འབྱུང་བར་འགྱུར། །ཡང་ན་དོན་དམ་པར་དངོས་པོ་ཐམས་ཅད་སྟོང་པའི་ཕྱིར་རྟག་པ་ལ་སོགས་པར་ལྟ་
བ་དག་གང་དུ་གང་ལ་གང་དག་ཅིའི་ཕྱིར་ཀུན་དུ་འབྱུང་བར་འགྱུར་ཏེ། ཡུལ་དང་བྱེད་པ་པོ་དང་ལྟ་བ་དང་། རྒྱུ་དག་མ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གང་དུ་གང་དག་ཅིའི་ཕྱིར་ཞེས་བྱ་བ་དང་། ཡུལ་བྱེད་པ་པོ་དང་ལྟ་བ་དང་། རྒྱུ་ཞེས་བྱ་བ་དག་གོ་རིམས་བཞིན་དུ་སྦྱར་རོ། །དེའི་
เล่ม ๑๐๑ · หน้า 328a
ཕྱིར་དོན་དམ་པར་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། ལྟ་བའི་གནས་ཡིན་པའི་ཕྱིར་རོ་ཞེས་གང་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། དོན་དམ་པར་ལྟ་བ་མི་འཐད་པར་བསྟན་པའི་ཕྱིར་རོ། །ཀུན་རྫོབ་པའི་གཏན་ཚིགས་ཡིན་པར་རྟོག་
ན་ནི་དོན་འགལ་བ་ཉིད་དོ་ཞེས་བྱ་བ་ནི་ཕ་རོལ་པོའི་སྒྲུབ་པ་སུན་དབྱུང་བས། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་མཇུག་བསྡུ་བ་ཡིན་ཏེ། དེ་ལྟར་ལྟ་བ་ཐམས་ཅད་མི་འཐད་པ་དེའི་ཕྱིར། ཕ་རོལ་པོ་དག་གིས་རབ་ཏུ་བྱེད་པ་འདིའི་དང་པོར་བསྒྲུབ་པ་དེ་སྐད་སྨྲས་པ་དེའི་གཏན་ཚིགས་
དོན་དམ་པར་ནི་མི་འགྲུབ་ལ་ཀུན་རྫོབ་ཏུ་ནི་འགལ་བ་ཉིད་ཡིན་པར་བསྟན་ཏོ། །ད་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་དེ་ལྟར་བསྟན་བཅོས་བརྩམས་པ་མཛད་པ་མཐར་ཕྱིན་ནས། བསྒྲུབ་པའི་མཆོད་པ་དེ་ཉིད་སྔོན་དུ་བཏང་སྟེ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆེ་བ་ཉིད་སྨོས་ནས་ཕྱག་འཚལ་
བ་བསྟན་པའི་ཕྱིར། དེའི་ཕྱིར་དེ་ལྟར་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཏུ་རྟོག་པ་ལས་བྱུང་བའི་ལྟ་བ་དག་ནི་སྡུག་བསྔལ་སྣ་ཚོགས་ཀྱི་ས་བོན་ཡིན་པར་ཐུགས་སུ་ཆུད་ནས། འགྲོ་བ་མཐའ་དག་གི་རྩ་ལག་སངས་རྒྱས་བཅོམ་ལྡན་འདས། གང་གིས་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་
ཐམས་ཅད་སྤང་བའི་ཕྱིར། །དམ་པའི་ཆོས་ནི་བསྟན་མཛད་པ། །གཽ་ཏ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་སྨྲས་སོ། །དེ་དག་གི་ཚིག་གི་དོན་བསྟན་པའི་ཕྱིར། །གང་གིས་ཞེས་བྱ་བ་ནི། འགྲོ་བ་མཐའ་དག་གི་རྩ་ལག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སོ། །ཐུགས་བརྩེ་ཉེར་བཟུང་ནས། ཞེས་བྱ་བ་
ནི་རྙེད་པ་དང་བཀུར་སྟི་ལ་སོགས་པའི་རྒྱུའི་ཕྱིར་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་དམ་པའི་ཆོས་དཀོན་མཆོག །ཤིན་ཏུ་རྨད་དུ་བྱུང་བ་བླ་ན་མེད་པ་རབ་ཏུ་སྟོན་པར་མཛད་པ་ཡིན་པའི་ཕྱིར་རོ། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །ཞེས་བྱ་བ་ནི་ལྟ་བ་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པའི་ཕྱིར་རོ། །
དམ་པའི་ཆོས་ཞེས་བྱ་བ་ནི་དེ་དམ་པ་ཡང་ཡིན་ཆོས་ཀྱང་ཡིན་པས་དམ་པའི་ཆོས་སོ། །དམ་པ་ཞེས་བྱ་བ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པའི་མེ་ཞི་བར་གྱུར་པའི་ཕྱིར་དང་། ཡོན་ཏན་རབ་ཀྱི་མཐར་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཡིན་པའི་ཕྱིར་དམ་པ་སྟེ་བཟང་བའོ། །ཆོས་ཞེས་བྱ་བ་
เล่ม ๑๐๑ · หน้า 328b
ནི་གཞན་དག་ལེགས་པ་ལ་འཛིན་པར་བྱེད་པའམ། འཁོར་བའི་འཁོར་ལོར་འཁྱམ་པ་ལས་འཛིན་པར་བྱེད་པའམ། རྟོག་པར་བྱེད་པའི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རབ་ཀྱི་མཐར་ཕྱིན་པ་བླ་ན་མེད་པའི་མཐུ་འཛིན་པའི་ཕྱིར་ཆོས་སོ། །དམ་པའི་ཆོས་ནི་བཟང་པོའི་ཆོས་ཏེ། ཐེག་པ་ཆེན་པོ་ཡིན་ནོ། །
དེ་ལྟར་ཡང་འཕགས་པ་ལྷ་མོ་དཔལ་ཕྲེང་གི་སེང་གེའི་སྒྲ་ཞེས་བྱ་བའི་མདོ་ལས། བཅོམ་ལྡན་འདས་དམ་པའི་ཆོས་ཡོངས་སུ་བཟུང་བ་ཞེས་བགྱི་བ་ནི་ཐེག་པ་ཆེན་པོའི་ཚིག་གི་བླ་དགས་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་དང་། འཇིག་
རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་ཐམས་ཅད་ནི་ཐེག་པ་ཆེན་པོས་རབ་ཏུ་ཕྱེ་བ་ལགས་པའི་སླད་དུ་སྟེ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་ཆུ་བོ་ཆེན་པོ་བཞི་ནི་མཚོ་མ་དྲོས་པས་རབ་ཏུ་ཕྱེ་བ་ལགས་པ་དེ་བཞིན་དུ། བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་དང་།
འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་ཐམས་ཅད་ཀྱང་ཐེག་པ་ཆེན་པོས་རབ་ཏུ་ཕྱེ་བ་ལགས་སོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །བསྟན་མཛད་པ་ཞེས་བྱ་བ་ནི་བསྟན་པར་གྱུར་པའོ། །གཽ་ཏ་མ་ཞེས་བྱ་བ་ནི། གདུང་གཽ་ཏ་མའི་རྒྱུད་ཡིན་པའི་ཕྱིར་ཏེ། དེ་ལ་སྒྲུབ་པའི་མཆོད་པ་
སྔོན་དུ་བཏང་སྟེ། ཕྱག་འཚལ་ལོ་ཞེས་བྱ་བ་སྨྲས་སོ། །དཔལ་ཕྲེང་གི་སེང་གེའི་སྒྲའི་མདོ་སྡེའི་དོན་ནི། གང་གི་ཕྱིར་ཐེག་པ་ཆེན་པོ་ལས་སངས་རྒྱས་ཉིད་འབྱུང་ཞིང་སངས་རྒྱས་ཉིད་ཀྱིས་མོས་པ་ལ་གཟིགས་ནས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་བཀའ་སྩལ་པ་དེའི་ཕྱིར། ཐེག་པ་ཆེན་པོ་
ཉིད་དམ་པའི་ཆོས་ཞེས་བྱ་བ་དངོས་ཡིན་པར་བསྟན་ཏོ།། །།བམ་པོ་བརྒྱད་ཅུ་པ་སྟེ་ཐ་མའོ། །ད་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་ལུང་ལས་ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ཆོས་ཉིད་ཀྱང་སྤང་བར་བྱ་ན། ཆོས་མ་ཡིན་པ་རྣམས་ལྟ་ཅི་སྨོས་ཞེས་གསུངས་པའི་ཚུལ་ཉིད་
བསྒྲུབ་པའི་ཕྱིར་བསྟན་བཅོས་ཀྱི་ལུས་རྣམ་པར་གཞག་པ་འདིར་དོན་དམ་པའི་དེ་ཁོ་ན་བསྟན་པ་དག་རང་དང་གཞན་གྱི་ཕྱོགས་ལ་མ་གྲགས་པ་སྒྲུབ་པ་དང་སུན་དབྱུང་བའི་ཆེད་དུ་རྗེས་སུ་དཔག་པའི་གསལ་བ་དང་དེ་ཁོ་ན་དག་བསྟན་བཅོས་ཀྱི་ལུས་མཐའ་དག་རྫོགས་པར་བྱས་ཤིང་དོན་དམ་པའི་དེ་ཁོ་ན་
เล่ม ๑๐๑ · หน้า 329a
བསྟན་པ་དག་རང་དང་གཞན་གྱི་ཕྱོགས་ལ་གྲུབ་པར་གྱུར་པས་དེ་དག་སྒྲུབ་པའི་རྗེས་སུ་དཔག་པའི་གསལ་བ་དང་། དེ་ཁོ་ན་དེ་དག་ཀྱང་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་སྒྲུབ་པ་སྟོན་ཏོ། །དེའི་ཕྱོགས་སྔ་མ་ཉེ་བར་གཞག་པ་བསྟན་པའི་ཕྱིར། དེ་ལྟར་དངོས་པོ་ཐམས་ཅད་
ཀྱི་ངོ་བོ་ཉིད་མེད་པ་ཉིད་བསྟན་ཀྱང་། སྨྲ་བ་ངན་པ་དངོས་པོ་ངོ་བོ་ཉིད་ཡོད་པ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་ཀྱིས་བློ་གྲོས་ཉམས་པ་རབ་རིབ་ཅན་གྱིས་ཡང་དག་པ་མ་ཡིན་པ་མཐོང་བ་ལྟ་བུ་དག་རང་གི་ཕྱོགས་བསྒྲུབ་པའི་ཕྱིར། ཕྱིར་ཟློག་པར་བྱེད་དེ་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར་ཕྱིར་ཟློག་པར་
བྱེད་པ་དེ་དག་ན་རེ་འདི་སྐད་ཅེས་འདི་ལ་ཁྱེད་ཀྱིས་སྒྲུབ་པ་དང་སུན་དབྱུང་བའི་ཚད་མ་དག་གིས་ཉེ་བར་བརྟགས་ནས་རང་གི་ཕྱོགས་གྲུབ་པར་བསྟན་པ་དེ་ལ། གལ་ཏེ་སྒྲུབ་པ་དང་སུན་དབྱུང་བའི་ཚད་མ་དག་ངོ་བོ་ཉིད་མེད་པ་ཉིད་ཡིན་ན་ནི་དེ་དག་ལ་བརྟག་པར་འདོད་པའི་དངོས་པོའི་དེ་ཁོ་ན་རྟོག་པའི་མཐུ་ཉིད་མེད་དེ།
ངོ་བོ་ཉིད་མེད་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུའི་ལྟ་བ་ལ་སོགས་པ་བཞིན་ནོ་ཞེས་ཟེར་རོ་ཞེས་བྱ་བར་སྦྱར་ཏེ། འདིས་ནི་ཕ་རོལ་པོ་དག་ན་རེ་དབུ་མའི་བསྟན་བཅོས་འདི་ལ་ཁྱེད་དབུ་མ་པས་བསྒྲུབ་པར་བྱ་བ་དང་། སུན་དབྱུང་བར་བྱ་བའི་དོན་དག་སྒྲུབ་པ་དང་། སུན་འབྱིན་པའི་ཚད་མ་དག་ལ་རག་ལས་ཤིང་ཚད་མ་
གཙོ་བོ་ཡིན་པར་མཐོང་བ་ཚད་མ་ལ་གུས་པ་བསྐྱེད་ནས། བསྒྲུབ་པར་བྱ་བ་དང་སུན་དབྱུང་བར་བྱ་བའི་དོན་དག་སྒྲུབ་པ་དང་སུན་འབྱིན་པའི་ཚད་མ་དག་གིས་ཉེ་བར་བརྟགས་ནས་རང་གི་ཕྱོགས་གྲུབ་པར་བསྟན་པ་དེ་ལ་གལ་ཏེ་ཁྱེད་ཀྱི་སྒྲུབ་པ་དང་སུན་འབྱིན་པའི་ཚད་མ་དག་ངོ་བོ་ཉིད་མེད་པ་ཡིན་ན་ནི་དེ་དག་ལ་བརྟག་པར་འདོད་པའི་
དངོས་པོའི་དེ་ཁོ་ན་ད་དུང་མ་རྟོགས་པ་དག་རྟོགས་པའི་མཐུ་ཉིད་མེད་དེ། ངོ་བོ་ཉིད་མེད་པའི་ཕྱིར་དཔེར་ན་མོ་གཤམ་གྱི་བུའི་ལྟ་བ་ལ་སོགས་པ་ལ་བརྟག་པར་འདོད་པའི་དངོས་པོའི་དེ་ཁོ་ན་ད་དུང་མ་རྟོགས་པ་དག་རྟོགས་པའི་མཐུ་ཉིད་མེད་པ་བཞིན་ནོ་ཞེས་ཟེར་བའི་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ནི་ཆོས་ཅན་
དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མོ་གཤམ་གྱི་བུའི་ལྟ་བ་ལ་སོགས་པ་ནི་ངོ་བོ་ཉིད་མེད་པའི་ཕྱིར་དེ་ལ་བརྟག་པར་འདོད་པའི་དངོས་པོའི་དེ་ཁོ་ན་ད་དུང་མ་རྟོགས་པ་དག་རྟོགས་པའི་མཐུ་ཉིད་མེད་པ་དེ་བཞིན་དུ། གལ་ཏེ་སྒྲུབ་
เล่ม ๑๐๑ · หน้า 329b
པ་དང་སུན་འབྱིན་པའི་ཚད་མ་དག་ངོ་བོ་ཉིད་མེད་པ་ཡིན་ན། དེ་དག་ཀྱང་ངོ་བོ་ཉིད་མེད་པའི་ཕྱིར་དེ་དག་ལ་ཡང་བརྟག་པར་འདོད་པའི་དངོས་པོའི་དེ་ཁོ་ན་ད་དུང་མ་རྟོགས་པ་དག་རྟོགས་པའི་མཐུ་ཉིད་མེད་དོ་ཞེས་ཟེར་རོ། །འོན་ཏེ་དེ་དག་ངོ་བོ་ཉིད་ཡོད་པ་ཡིན་ན་ནི་དེ་དག་བཞིན་དུ་དངོས་པོ་ཐམས་ཅད་གྲུབ་
པས་བསྟན་བཅོས་མཐའ་དག་ཏུ་བསྟན་པའི་རྗེས་སུ་དཔག་པ་དག་མ་ངེས་པ་ཉིད་ཀྱང་ཡིན་ནོ་ཞེའོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་འོན་ཏེ་ཁྱེད་དབུ་མ་པའི་སྒྲུབ་པ་དང་། སུན་འབྱིན་པའི་ཚད་མ་དེ་དག་ངོ་བོ་ཉིད་ཡོད་པ་ཡིན་ན་ནི་ཇི་ལྟར་ཚད་མ་དེ་དག་ངོ་བོ་ཉིད་ཡོད་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་ངོ་བོ་ཉིད་ཡོད་པར་
འགྲུབ་པས། ཁྱེད་དབུ་མ་པས་བསྟན་བཅོས་འདིའི་ལུས་མཐའ་དག་ཏུ་བསྟན་པའི་རྗེས་སུ་དཔག་པ་དག་མ་ངེས་པ་ཉིད་ཀྱང་ཡིན་ཏེ། དེ་ལྟར་ཁྱེད་ཀྱི་ཚད་མ་དེ་དག་ངོ་བོ་ཉིད་ཡོད་པ་ཡིན་པས། དེས་ན་ཇི་རེ་ཞིག་ཚད་མ་དག་ངོ་བོ་ཉིད་ཡོད་པ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་ངོ་བོ་ཉིད་ཡོད་པར་འགྱུར་རམ།
འོན་ཏེ་ཁྱེད་ཀྱི་ཚད་མ་དག་གིས་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པར་བསྒྲུབས་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་ངོ་བོ་ཉིད་མེད་པར་འགྱུར་བ་མ་ངེས་པ་ཉིད་ཀྱང་ཡིན་ནོ། །ཀྱང་གི་སྒྲས་ནི་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་པ་ཡང་བསྡུས་ཏེ། འདི་ལྟར་ཁྱེད་ལ་ཚད་མ་དག་ཡོད་པས་དངོས་པོ་
ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པ་བཞིན་དུ། ཁོ་བོ་ཅག་ལ་ཡང་ཁྱེད་ཀྱི་ཚད་མ་དག་ངོ་བོ་ཉིད་ཡོད་པ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་ངོ་བོ་ཉིད་ཡོད་པ་ཉིད་དུ་སྟོན་པའི་འཐད་པ་ཡོད་པའི་ཕྱིར་རོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འདིར་ཞེས་
བྱ་བ་ལ་སོགས་པས་ཕ་རོལ་པོ་དག་གི་གཏན་ཚིགས་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་བྱ་བ་དེའི་དོན་གང་ཡིན། ཅི་རང་དབང་དུ་རྗེས་སུ་དཔག་པ་ཡིན་ནམ། འོན་ཏེ་གཞན་སུན་འབྱིན་པ་ཡིན། དེ་ལ་གལ་ཏེ་རང་དབང་དུ་རྗེས་སུ་དཔག་པ་ཡིན་ཏེ། ཕ་རོལ་པོ་དག་ཉིད་ཚད་མ་ལ་སོགས་པ་དངོས་པོ་ཐམས་ཅད་ངོ་བོ་ཉིད་
མེད་པར་སྒྲུབ་ན་ནི་རང་ལ་མ་གྲུབ་པ་ཉིད་ཡིན་ལ། འོན་ཏེ་གཞན་སུན་འབྱིན་པ་ཡིན་ཏེ། དབུ་མ་པ་ལ་ཚད་མ་ལ་སོགས་པ་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་ཐལ་བར་སྐྱོན་འདོགས་པ་ཡིན་ན་ནི་གཞན་ལ་མ་གྲུབ་པ་ཉིད་ཡིན་པར་སྟོན་ཏོ། །དེ་ལ་རེ་ཞིག་ཕ་རོལ་པོ་དག་གི་གཏན་ཚིགས་ངོ་བོ་ཉིད་མེད་པའི་
เล่ม ๑๐๑ · หน้า 330a
ཕྱིར་ཞེས་བྱ་བ་དེ་རང་དབང་དུ་རྗེས་སུ་དཔག་པ་ཡིན་ན་རང་ལ་མ་གྲུབ་པ་ཉིད་ཡིན་པར་བསྟན་པའི་ཕྱིར། གལ་ཏེ་གཏན་ཚིགས་ཀྱི་དོན་ངོ་བོ་ཉིད་མེད་པའི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་པར་འདོད་ན་ནི་རང་ལ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། གལ་
ཏེ་ཕ་རོལ་པོ་དག་གི་གཏན་ཚིགས་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་བྱ་བ་དེ་ཕ་རོལ་པོ་དག་རང་གི་ཕྱོགས་ཉིད་ལ་ཚད་མ་ལ་སོགས་པ་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་པར་འདོད་ན་ནི་རང་ལ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། འདི་ལྟར་ཕ་རོལ་པོ་དག་གི་ཕྱོགས་ལ་
ཚད་མ་ལ་སོགས་པ་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །ཇི་སྟེ་ཕ་རོལ་པོ་དག་གི་གཏན་ཚིགས་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་བྱ་བ་དེ་གཞན་སུན་འབྱིན་པ་ཡིན་ན་ནི་གཞན་ལ་མ་གྲུབ་པ་ཉིད་ཡིན་པར་བསྟན་པའི་ཕྱིར། ཇི་སྟེ་གཞན་ཡིན་ན་ནི་གཞན་ལའོ་ཞེས་བྱ་བ་སྨྲས་ཏེ། ཇི་སྟེ་ཕ་རོལ་
པོ་དག་གི་གཏན་ཚིགས་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་བྱ་བ་དེ་རང་དབང་དུ་རྗེས་སུ་དཔག་པ་ལས་གཞན་པ་གཞན་སུན་འབྱིན་པ་ཡིན་ཏེ། དབུ་མ་པ་ལ་ཚད་མ་ལ་སོགས་པ་དངོས་པོ་ཐམས་ཅད་ངོ་བོ་ཉིད་དུ་ཐལ་བར་སྐྱོན་འདོགས་པ་ཡིན་ན་ནི་གཞན་ལ་མ་གྲུབ་པ་ཉིད་ཡིན་ཏེ། འདི་ལྟར་ཁོ་བོ་ཅག་དབུ་མ་པ་ནི་ཚད་མ་
ལ་སོགས་པ་དངོས་པོ་ཐམས་ཅད་གཏན་ངོ་བོ་ཉིད་མེད་པ་མོ་གཤམ་གྱི་བུའི་ལྟ་བ་ལ་སོགས་པ་ལྟ་བུར་མི་འདོད་ཀྱི་ཐ་སྙད་དུ་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་སྒྱུ་མ་ལ་སོགས་པ་ལྟ་བུར་ཡོད་པར་འདོད་པའི་ཕྱིར་རོ། །དེས་ན་ཁོ་བོ་ཅག་གི་ཕྱོགས་ལ་ཐ་སྙད་དུ་བསྒྲུབ་པ་དང་། སུན་འབྱིན་པའི་ཚད་མ་དག་མོ་གཤམ་གྱི་བུའི་ལྟ་བ་
ལ་སོགས་པ་བཞིན་དུ་གཏན་ངོ་བོ་ཉིད་མེད་པ་མ་ཡིན་པས། དེ་དག་ལ་རྟག་པར་འདོད་པའི་དངོས་པོའི་དེ་ཁོ་ན་ད་དུང་མ་རྟོགས་པ་དག་རྟོགས་པའི་མཐུ་ཉིད་མེད་པ་མ་ཡིན་ནོ། །ད་ནི་ཕ་རོལ་པོ་དག་གིས་གལ་ཏེ་སྒྲུབ་པ་དང་སུན་འབྱིན་པའི་ཚད་མ་དག་ངོ་བོ་ཉིད་མེད་པ་མ་ཡིན་ན་ནི། དེ་དག་རྟག་པར་འདོད་
པའི་དངོས་པོའི་དེ་ཁོ་ན་རྟོགས་པའི་མཐུ་ཉིད་མེད་དེ་ཞེས་སྨྲས་པ་དེ་དོན་དམ་པར་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ལ། ཐ་སྙད་དུ་སྒྲུབ་ན་ནི་ཁས་བླངས་པས་གནོད་པ་ཡིན་པར་བསྟན་པར་བྱ་སྟེ། དེ་ལ་རེ་ཞིག་དོན་དམ་པར་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཡིན་པར་བསྟན་པའི་ཕྱིར། དོན་དམ་པར་ཚད་མ་ལ་
เล่ม ๑๐๑ · หน้า 330b
སོགས་པ་ངོ་བོ་ཉིད་མེད་པས་མཐུ་ཉིད་སེལ་བར་བྱེད་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོ་ཅག་དབུ་མ་པ་ལ་ཡང་དེ་ལྟར་གྲུབ་ཟིན་པའི་ཕྱིར་རོ། །ཐ་སྙད་དུ་གྲུབ་ན་ཁས་བླངས་པས་གནོད་པར་བསྟན་པའི་ཕྱིར་ཐ་སྙད་དུ་ན་ནི་ཁས་བླངས་པས་གནོད་དོ་ཞེས་བྱ་བ་སྨྲས་ཏེ། ཁྱོད་ཀྱིས་ཀྱང་ཐ་སྙད་དུ་ཚད་
མ་ལ་སོགས་པ་ཡོད་པར་ཁས་བླངས་པའི་ཕྱིར་རོ། །དེ་ལྟར་སྨྲ་བ་ངན་པ་དངོས་པོ་ངོ་བོ་ཉིད་ཡོད་པ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་ཀྱིས་བློ་གྲོས་ཉམས་པ་རབ་རིབ་ཅན་གྱིས་ཡང་དག་པ་མ་ཡིན་པ་མཐོང་བ་ལྟ་བུ་དག་རང་གི་ཕྱོགས་བསྒྲུབ་པའི་ཕྱིར། ཕྱིར་ཟློག་པར་བྱེད་པ་དེ་དག་གི་གླན་ཀ་སྐབས་མེད་
པར་བྱས་ནས། ད་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་རང་དབང་དུ་རྗེས་སུ་དཔག་པ་དོན་དམ་པར་ཚད་མ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར། དོན་དམ་པར་ཚད་མ་རྣམས་ལ་ཡང་རྟོགས་པར་བྱ་བ་རྟོགས་པ་དང་། ཡིད་ཆེས་པར་བྱ་བ་སྟོན་པའི་མཐུ་ཉིད་མེད་དེ། འདུས་བྱས་ཡིན་པའི་ཕྱིར་
དཔེར་ན་བོང་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བོང་བ་ནི་འདུས་བྱས་ཡིན་པའི་ཕྱིར་དེ་ལ་མངོན་སུམ་གྱི་ཚད་མའི་ཡུལ་རྟོགས་པར་བྱ་བ་རྟོགས་པ་དང་། རྗེས་སུ་དཔག་པའི་
ཚད་མའི་ཡུལ་ཡིད་ཆེས་པར་བྱ་བ་སྟོན་པའི་མཐུ་ཉིད་མེད་པ་དེ་བཞིན་དུ་ཚད་མ་རྣམས་ཀྱང་འདུས་བྱས་ཡིན་པའི་ཕྱིར་དེ་རྣམས་ལ་ཡང་མངོན་སུམ་གྱི་ཚད་མའི་ཡུལ་རྟོགས་པར་བྱ་བ་རྟོགས་པ་དང་། རྗེས་སུ་དཔག་པའི་ཚད་མའི་ཡུལ་ཡིད་ཆེས་པར་བྱ་བ་སྟོན་པའི་མཐུ་ཉིད་མེད་དོ། །དེ་བཞིན་དུ་སྐྱེ་བ་
ཅན་ཉིད་དང་། རྐྱེན་གྱི་དབྱེ་བས་ཐ་དད་པ་ཉིད་དང་། འཇིག་པ་ཉིད་དང་། རྟོགས་པར་བྱ་བ་ཉིད་དང་། བརྗོད་པར་བྱ་བ་ཉིད་ལ་སོགས་པའི་གཏན་ཚིགས་དག་གི་ཕྱིར་རོ་ཞེས་ཀྱང་རྗེས་སུ་དཔག་པ་རྒྱས་པར་བརྗོད་པར་བྱ་སྟེ། སྔར་བསྟན་པའི་ཚུལ་གྱིས་སྤྱིར་སྐྱེ་བ་བཀག་པའི་ཕྱིར་དང་། བྱ་བ་
བཀག་པའི་ཕྱིར་རོ་ཞེས་བྱ་བས་ནི་དམ་བཅས་པ་སྔ་མའི་གཏན་ཚིགས་ནི་འདི་དག་ཀྱང་ཡིན་པར་སྦྱར་ཏེ། དེ་དག་གིས་དོན་དམ་པར་ཚད་མ་རྣམས་ངོ་བོ་ཉིད་མེད་པས་མཐུ་ཉིད་མེད་པར་རྗེས་སུ་དཔག་པར་བྱ་སྟེ། དེ་ཡང་སྔར་སྐྱེ་བ་མེད་པའི་རབ་ཏུ་བྱེད་པ་ལ་སོགས་པར་བསྟན་པའི་ཚུལ་གྱིས་སྤྱིར་
เล่ม ๑๐๑ · หน้า 331a
ཚད་མ་ལ་སོགས་པ་དངོས་པོ་ཐམས་ཅད་ཀྱི་སྐྱེ་བ་དང་བྱ་བ་བགག་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་ཚད་མ་རྣམས་ངོ་བོ་ཉིད་ཡོད་པ་ཡིན་ན་དེས་ན་ངོ་བོ་ཉིད་ནི་ལྟོས་པ་མེད་པའི་ཕྱིར་གཞལ་བྱ་མེད་ཅིང་གཞལ་བྱ་མི་འཇལ་བར་ཡང་རང་ཉིད་ཀྱི་ཚད་མར་འགྱུར་བ་དང་གཞལ་བྱ་
ཡང་ཚད་མ་མེད་ཅིང་ཚད་མས་ཡོངས་སུ་མ་གཞལ་བར་ཡང་རང་ཉིད་ཀྱིས་གཞལ་བྱར་འགྱུར་བ་ཞིག་ན་དེ་ལྟར་མ་ཡིན་ཏེ། དེ་ལྟར་ཚད་མ་ཡང་གཞལ་བྱ་འཇལ་ན་ཚད་མ་ཡིན་གྱི་མི་འཇལ་ན་མ་ཡིན་ལ། གཞལ་བྱ་ཡང་ཚད་མས་གཞལ་ན་གཞལ་བྱ་ཡིན་གྱི་མ་གཞལ་ན་མ་ཡིན་པས། དེའི་ཕྱིར་ཚད་
མ་དང་གཞན་བྱ་གཉི་གའི་མཚན་ཉིད་ངེས་པར་གནས་པ་མ་ཡིན་གྱི་བརྗོད་པ་ཁྱད་པར་ཅན་རྟེན་པ་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཡིན་ཏེ། རེ་ཞིག་དེ་དག་གིས་ནི་ཚད་མ་རྣམས་སྤྱིར་དགག་པ་བསྟན་ཏོ། །ད་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་བསྒྲུབ་པའི་ཡན་
ལག་རྣམས་རེ་རེ་ནས་ཁྱད་པར་ལས་དགག་པ་བསྟན་པར་བྱ་སྟེ། དེའི་ཕྱིར། ཁྱད་པར་ལས་དཔག་པར་བྱ་བ་ནི་དོན་དམ་པར་མངོན་སུམ་ལ་མངོན་སུམ་གྱི་ངོ་བོ་ཉིད་མེད་དེ། དབང་པོ་ལ་བརྟེན་པའི་ཕྱིར། དཔེར་ན་འཁྲུལ་པའི་ཤེས་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ནི་མངོན་སུམ་དགག་
པའི་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འཁྲུལ་པའི་ཤེས་པ་ནི་དབང་པོ་ལ་བརྟེན་པའི་ཕྱིར་དེ་ལ་མངོན་སུམ་གྱི་ངོ་བོ་ཉིད་མེད་པ་དེ་བཞིན་དུ། མངོན་སུམ་ཡང་དབང་པོ་ལ་བརྟེན་པའི་ཕྱིར་
དེ་ལ་མངོན་སུམ་གྱི་ངོ་བོ་ཉིད་མེད་དོ། །དེ་བཞིན་དུ་དོན་དམ་པར་རྗེས་སུ་དཔག་པ་ལ་ཡང་རྗེས་སུ་དཔག་པའི་ངོ་བོ་ཉིད་མེད་དེ། ཚད་མ་ཡིན་པའི་ཕྱིར་དཔེར་ན་མངོན་སུམ་བཞིན་ནོ་ཞེས་བྱ་བས་ནི་རྗེས་སུ་དཔག་པ་དགག་པའི་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་
པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མངོན་སུམ་ནི་ཚད་མ་ཡིན་པའི་ཕྱིར་དེ་ལ་རྗེས་སུ་དཔག་པའི་ངོ་བོ་ཉིད་མེད་པ་དེ་བཞིན་དུ་རྗེས་སུ་དཔག་པ་ཡང་ཚད་མ་ཡིན་པའི་ཕྱིར་དེ་ལ་ཡང་རྗེས་སུ་དཔག་པའི་ངོ་བོ་ཉིད་རྗེས་སུ་དཔག་པའི་ཚད་མ་དེ་ལ་མེད་དོ། །ཡང་ན་དོན་དམ་པར་རྗེས་སུ་དཔག་པ་
เล่ม ๑๐๑ · หน้า 331b
ནི་ཚད་མ་མ་ཡིན་ཏེ། རྣམ་པར་རྟོག་པ་ཡིན་པའི་ཕྱིར། དཔེར་ན་སྡོང་དུམ་ལ་མིར་ཤེས་པ་བཞིན་ནོ་ཞེས་བྱ་བས་ནི་རྗེས་སུ་དཔག་པ་ཚད་མ་མ་ཡིན་པར་དགག་པའི་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་
ཏེ། དཔེར་ན་སྡོང་དུམ་ལ་མིར་ཤེས་པ་ནི་རྣམ་པར་རྟོག་པ་ཡིན་པའི་ཕྱིར་ཚད་མ་མ་ཡིན་པ་དེ་བཞིན་དུ། རྗེས་སུ་དཔག་པ་ཡང་རྣམ་པར་རྟོག་པ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ནོ། །ད་ནི་དམ་བཅས་པ་དེ་ལ་སོགས་པ་སྒྲུབ་པའི་ཡན་ལག་རྣམས་མི་འཐད་པར་བསྟན་པའི་ཕྱིར། དེ་བཞིན་དུ་དམ་བཅས་པ་ལ་སོགས་
པ་སྒྲུབ་པའི་ཡན་ལག་རྣམས་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་རེ་ཞིག་དམ་བཅས་པ་མི་འཐད་པར་བསྒྲུབ་པའི་ཕྱིར། དེའི་མཚན་ཉིད་ཇི་བསྟན་པར་བྱ་སྟེ། དེའི་ཕྱིར། དེ་དག་གིས་བསྒྲུབ་པར་བྱ་བ་བསྟན་པ་ནི་བསྒྲུབ་པར་བྱ་བ་ངེས་པར་གཟུང་བ་སྟེ། བསྒྲུབ་པར་འདོད་པས་བསྒྲུབ་པར་
བྱ་བ་ཉིད་དུ་འདོད་པའི་ཕྱོགས་དོན་འགལ་བ་ལ་སོགས་པས་མ་བསལ་བ་གང་ཡིན་པ་ནི་དམ་བཅས་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་དམ་བཅས་པའི་མཚན་ཉིད་བསྟན་ཏོ། །རིགས་པའི་བསྟན་བཅོས་ལས་དམ་བཅས་པའི་མཚན་ཉིད་ནི་བསྒྲུབ་པར་བྱ་བ་ལ་ཡོད་པ་ཉིད་དུ་ངེས་
པའི་ཚུལ་ཡིན་པར་འབྱུང་བས་དེ་ལ་བསྒྲུབ་པར་བྱ་བ་བསྟན་པའི་ཚུལ་གསུམ་པོ་བསྒྲུབ་པར་བྱ་བ་ལ་ཡོད་པ་ཉིད་དུ་ངེས་པའི་ཚུལ་དང་། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དུ་ངེས་པའི་ཚུལ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་གསུམ་ལས་བསྒྲུབ་པར་བྱ་བ་ལ་ཡོད་པ་ཉིད་དུ་ངེས་
པའི་ཚུལ་ཡིན་ཏེ། དེ་ནི་བསྒྲུབ་པར་བྱ་བ་ངེས་པར་བཟུང་བ་སྟེ་ཞེས་བྱ་བ་འདིས་བསྟན་ཏོ། །དེ་ཇི་ལྟར་ཡོད་པ་ཉིད་དུ་ངེས་པའི་ཚུལ་ཡིན་ཞེ་ན། བསྒྲུབ་པར་འདོད་པས་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་ཕྱོགས་དོན་འགལ་བ་ལ་སོགས་པས་མ་བསལ་བ་གང་ཡིན་པ་དེ་ནི་ཡོད་པ་ཉིད་དུ་ངེས་པ་སྟེ། རྗེས་སུ་
དཔག་པར་བྱ་བའི་ཆོས་ཅན་ལ་བསྒྲུབ་པར་བྱ་བ་ཆོས་ཡོད་པའི་ཕྱོགས་དེ་ལ་བསྒྲུབ་པར་འདོད་པའི་རྟགས་གསུམ་པོ་ངོ་བོ་ཉིད་དང་། མི་དམིགས་པ་དང་། འབྲས་བུ་ཞེས་བྱ་བ་དག་གིས་ངོ་བོ་ཉིད་ལས་མི་རྟག་པར་རྗེས་སུ་དཔག་པ་དང་། མི་དམིགས་པ་ལས་དངོས་པོ་མེད་པར་རྗེས་སུ་དཔག་པ་དང་། འབྲས་བུ་
เล่ม ๑๐๑ · หน้า 332a
ལས་རྒྱུ་རྗེས་སུ་དཔག་པའི་གཏན་ཚིགས་ཀྱི་དོན་འགལ་བ་དང་། མ་གྲུབ་པ་དང་། མ་ངེས་པ་ལ་སོགས་པའི་སྐྱོན་དག་གིས་མ་བསལ་བ་གང་ཡིན་པ་དེ་ནི་བསྒྲུབ་པར་བྱ་བ་ལ་ཡོད་པ་ཉིད་དུ་ངེས་པའི་ཚུལ་ཞེས་བྱ་སྟེ་དེ་ནི་དམ་བཅས་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་གང་དག་
སྒྲུབ་པ་དང་སུན་འབྱིན་པ་དག་དོན་དམ་པ་པ་ཡིན་པ་སྨྲས་པ་དེ་དག་ལ་འདི་སྐད་ཅེས་དྲི་བ་བྱ་སྟེ། བསྒྲུབ་པར་བྱ་བ་གང་ཡིན། གྲུབ་པའམ་འོན་ཏེ་མ་གྲུབ་པ་ཡིན་ཞེས་བྱ་བས་ནི་དབུ་མ་པས་རིགས་པ་ཅན་ལ་སོགས་པ་གང་དག་སྒྲུབ་པ་དང་སུན་འབྱིན་པའི་ཚད་མ་དག་དོན་དམ་པ་པ་ཡིན་པར་སྨྲ་བ་དེ་དག་ལ་
འདི་སྐད་ཅེས་སྒྲུབ་པར་འདོད་པའི་རྟགས་གསུམ་པོ་ངོ་བོ་ཉིད་དང་མི་དམིགས་པ་དང་འབྲས་བུ་ཞེས་བྱ་བ་དག་གིས་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་ལ་བསྒྲུབ་པར་བྱ་བ་ཆོས་མི་རྟག་པ་དང་། དངོས་པོ་མེད་པ་དང་། རྒྱུ་དང་ཞེས་བྱ་བ་དག་བསྒྲུབ་པར་བྱའོ་ཞེས་རིགས་པའི་བསྟན་བཅོས་ལས་བྱུང་ན་བསྒྲུབ་པར་བྱ་
བ་དེ་གང་ཡིན། ཇི་སྟེ་སྒྲུབ་པའམ་འོན་ཏེ་མ་གྲུབ་པ་ཡིན་ཞེས་བརྟག་པ་རྣམ་པ་གཉིས་བསྟན་ཏོ། །དེ་ལ་རེ་ཞིག་བརྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར། དེ་ལ་གལ་ཏེ་གྲུབ་པ་ཡིན་ན་ནི་དེ་བསྒྲུབ་པ་དོན་མེད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བསྒྲུབ་པར་བྱ་བ་དེ་གྲུབ་པ་ཡིན་ན་ནི་དེ་སྒྲུབ་པ་དོན་
མེད་པ་ཉིད་དེ། གྲུབ་པ་ལ་སྒྲུབ་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །བརྟག་པ་གཉིས་པ་མི་འཐད་པར་བསྟན་པའི་ཕྱིར། འོན་ཏེ་མ་གྲུབ་པ་ཉིད་ཡིན་ན་ནི། དོན་དམ་པར་དེ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། མ་གྲུབ་པ་ཡིན་པའི་ཕྱིར། དཔེར་ན་རི་བོང་གི་རྭའི་ཡོན་པོ་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། འོན་
ཏེ་བསྒྲུབ་པར་བྱ་བ་དེ་མ་གྲུབ་པ་ཡིན་ན་ནི་དོན་དམ་པར་དེ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། མ་གྲུབ་པ་ཡིན་པའི་ཕྱིར། དཔེར་ན་རི་བོང་གི་རྭའི་ཡོན་པོ་ཉིད་བཞིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རི་བོང་
གི་རྭའི་ཡོན་པོ་ཉིད་ནི་ཡོད་པ་ཉིད་དུ་མ་གྲུབ་པ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་མ་ཡིན་པ་དེ་བཞིན་དུ། བསྒྲུབ་པར་བྱ་བ་མ་གྲུབ་པ་ཡང་མ་གྲུབ་པ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་མ་ཡིན་ནོ། །དེ་ལྟར་བསྒྲུབ་པར་བྱ་བ་གྲུབ་པ་དང་། མ་གྲུབ་པ་གཉི་ག་སྒྲུབ་པའི་ཆོས་དག་གི་བསྒྲུབ་པར་བྱ་བ་མ་
เล่ม ๑๐๑ · หน้า 332b
ཡིན་པས་དོན་དམ་པར་དམ་བཅས་པའི་མཚན་ཉིད་ཡོད་པར་མི་འཐད་དོ། །ཇི་སྟེ་ཡང་འདི་སྙམ་དུ་རང་དང་གཉི་ག་ལ་མ་གྲུབ་པ་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །འོན་ཏེ་གཞན་ལ་མ་གྲུབ་པ་བསྒྲུབ་པར་བྱ་བ་མ་ཡིན་ཞེ་ན་ནི་དཔེ་མེད་དེ་རི་བོང་གི་རྭ་མེད་པ་ལ་གྲུབ་པའི་ཆོས་མེད་པའི་ཕྱིར་དང་།
གཏན་ཚིགས་ཀྱི་དོན་ཀྱང་མ་གྲུབ་པ་ཉིད་ཡིན་ནོ་སྙམ་དུ་སེམས་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་ཁྱེད་དབུ་མ་པས་བསྒྲུབ་པར་བྱ་བ་དེ་གལ་ཏེ་གྲུབ་པ་ཡིན་ན་ནི་དེ་སྒྲུབ་པ་དོན་མེད་པ་ཉིད་དོ་ཞེས་སྨྲས་པ་ནི་བདེན་ནོ། །འོན་ཏེ་མ་གྲུབ་པ་ཡིན་ན་ནི་དོན་དམ་པར་དེ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། མ་གྲུབ་པ་ཡིན་པའི་ཕྱིར།
དཔེར་ན་རི་བོང་གི་རྭའི་ཡོན་པོ་ཉིད་བཞིན་ནོ་ཞེས་སྨྲས་པ་ནི་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བ་མ་གྲུབ་པ་ཞེས་བྱ་བ་དེ་གལ་ཏེ་རང་དང་གཉི་ག་ལ་མ་གྲུབ་པ་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་ཁྱོད་ཟེར་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཁོ་བོ་ཅག་གི་ཕྱོགས་ལ་ཡང་བསྒྲུབ་པར་བྱ་བ་རང་དང་གཉི་ག་ལ་མ་གྲུབ་པ་བསྒྲུབ་
པར་བྱ་བ་མ་ཡིན་པར་གྲུབ་ཟིན་པའི་ཕྱིར་རོ། །འོན་ཏེ་བསྒྲུབ་པར་བྱ་བ་གཞན་ལ་མ་གྲུབ་པ་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་ཁྱེད་ཟེར་ན་ནི་ཁྱེད་ཀྱི་དཔེ་མེད་དེ། འདི་ལྟར་ཁྱེད་ཀྱི་དཔེ་རི་བོང་གི་རྭའི་ཡོན་པོ་ཉིད་བཞིན་ནོ་ཞེས་བྱ་བ་དེ་ལ། རི་བོང་གི་རྭ་མེད་པ་ལ་ཁྱེད་ཀྱི་སྒྲུབ་པའི་ཆོས་མ་གྲུབ་པ་ཡིན་པའི་ཕྱིར་ཞེས་བྱ་
བ་དེ་མེད་དེ། རི་བོང་གི་རྭ་མེད་པ་ནི་གཞན་ལ་ཡང་མེད་པར་གྲུབ་པས་མ་གྲུབ་པ་མ་ཡིན་པའི་ཕྱིར་ཁྱེད་ཀྱི་དཔེ་རི་བོང་གི་རྭའི་ཡོན་པོ་བཞིན་ནོ་ཞེས་བྱ་བ་དེ་སྒྲུབ་པའི་ཆོས་མ་གྲུབ་པའི་ཕྱིར་ཞེས་བྱ་བ་དེ་མེད་པའི་ཕྱིར་ཁྱེད་ཀྱི་དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པས་དཔེར་མི་རུང་བའི་ཕྱིར་རོ། །གཞན་ཡང་བསྒྲུབ་པར་བྱ་བ་གཞན་
ལ་མ་གྲུབ་པ་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་ཁྱེད་ཟེར་ན་དེ་ལ་ཁྱེད་ཀྱི་གཏན་ཚིགས་ཀྱི་དོན་ཀྱང་མ་གྲུབ་པ་ཉིད་ཡིན་ཏེ་འདི་ལྟར་ཁྱེད་ཀྱི་གཏན་ཚིགས་མ་གྲུབ་པ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མི་རུང་སྟེ། རི་བོང་གི་རྭའི་ཡོན་པོ་མེད་པ་ཉིད་ནི་གཞན་ལ་ཡང་གྲུབ་པ་ཡིན་པའི་ཕྱིར་ཁྱེད་ཀྱི་གཏན་ཚིགས་མ་གྲུབ་པ་ཡིན་པའི་ཕྱིར་
ཞེས་བྱ་བ་དེ་མི་རུང་བའི་ཕྱིར་རོ། །དེ་ལྟ་བས་ན་བསྒྲུབ་པར་བྱ་བ་གཞན་ལ་མ་གྲུབ་པ་ནི་བསྒྲུབ་པར་བྱ་བ་ཡིན་པས་དམ་བཅས་པའི་མཚན་ཉིད་ནི་དོན་དམ་པ་ཡིན་པའི་ཕྱིར་ཚད་མ་རྣམས་ཀྱང་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཡིན་ལ། དེ་དག་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་དོན་དམ་པར་ངོ་བོ་ཉིད་ཡོད་པར་
เล่ม ๑๐๑ · หน้า 333a
འགྲུབ་པས་ཁྱེད་ཀྱིས་བསྟན་བཅོས་མཐའ་དག་ཏུ་བསྟན་པའི་རྗེས་སུ་དཔག་པ་དག་མ་ངེས་པ་ཉིད་ཀྱང་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གཏན་ཚིགས་སྤྱིར་བརྗོད་པའི་ཕྱིར་དང་། དཔེ་ལ་ཡང་སྤྱིར་རྗེས་སུ་འགྲོ་བ་བསྟན་པའི་
ཕྱིར་དང་། གཞན་ལ་མ་གྲུབ་པ་ཉིད་ཀྱང་བཀག་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཡང་མ་ཡིན་ལ། དཔེ་དང་གཏན་ཚིགས་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དབུ་མ་པས་གཏན་ཚིགས་སྤྱིར་བརྗོད་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་མ་ཡིན་ཏེ། འདི་ལྟར་ཁོ་བོས་རང་དང་གཉི་ག་ལ་མ་གྲུབ་པ་བསྒྲུབ་པར་བྱ་བ་
མ་ཡིན་ནོ་ཞེའམ་གཞན་མ་གྲུབ་པ་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་ཁྱད་པར་དུ་རྣམ་པར་བརྟག་པ་མ་བྱས་པར་སྤྱིར་མ་གྲུབ་པ་ནི་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་གཏན་ཚིགས་སྤྱིར་བརྗོད་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ། །དབུ་མ་པས་དཔེ་ལ་ཡང་སྤྱིར་གཏན་ཚིགས་རྗེས་སུ་འགྲོ་བ་བསྟན་པའི་ཕྱིར་དཔེ་
མེད་པ་ཡང་མ་ཡིན་ཏེ། འདི་ལྟར་ཁོ་བོ་ཅག་གི་དཔེ་རི་བོང་གི་རྭའི་ཡོན་པོ་ཉིད་བཞིན་ནོ་ཞེས་བྱ་བ་དེ་ལ་ཡང་ཡོན་པོ་ཉིད་ཡོད་པར་མ་གྲུབ་པ་ཡིན་པའི་ཕྱིར་དེ་བསྒྲུབ་པར་བྱ་བ་མ་ཡིན་པར་རང་དང་གཞན་དང་གཉི་གའི་ཕྱོགས་ལ་གཏན་ཚིགས་རྗེས་སུ་འགྲོ་བ་བསྟན་པའི་ཕྱིར་དཔེ་སྒྲུབ་པའི་ཆོས་དང་ལྡན་པས་
དཔེ་མེད་པ་ཡང་མ་ཡིན་ནོ། །དབུ་མ་པས་བསྒྲུབ་པར་བྱ་བ་གཞན་ལ་མ་གྲུབ་པ་ཉིད་ཀྱང་བསྒྲུབ་པར་བྱ་བ་མ་ཡིན་པར་བཀག་པའི་ཕྱིར་གཏན་ཚིགས་མེད་པ་ཡང་མ་ཡིན་ཏེ། འདི་ལྟར་དབུ་མ་པའི་གཏན་ཚིགས་མ་གྲུབ་པ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་བསྒྲུབ་པར་བྱ་བ་གཞན་ལ་མ་གྲུབ་པ་ཉིད་ཀྱང་མ་གྲུབ་པ་ཡིན་པའི་
ཕྱིར་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་མ་གྲུབ་པ་ཉིད་ཡིན་ན་བསྒྲུབ་པར་བྱ་བ་མ་ཡིན་པའི་གཏན་ཚིགས་སུ་བསྟན་པའི་ཕྱིར་གཏན་ཚིགས་མེད་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་བསྒྲུབ་པར་བྱ་བ་སྤྱིར་མ་གྲུབ་པ་ནི་རི་བོང་གི་རྭའི་ཡོན་པོ་ཉིད་བཞིན་དུ་བསྒྲུབ་པར་བྱ་བ་མ་ཡིན་པས་དམ་བཅས་པའི་མཚན་ཉིད་དོན་དམ་པ་པ་
ཡིན་པར་མི་འགྲུབ་ཅིང་། ཚད་མ་གཞན་དག་ཀྱང་དེ་བཞིན་དུ་མི་འགྲུབ་པས་དེ་དག་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་མི་འགྲུབ་པའི་ཕྱིར་ཁོ་བོས་བསྟན་བཅོས་མཐའ་དག་ཏུ་བསྟན་པའི་རྗེས་སུ་དཔག་པ་དག་མ་ངེས་པ་ཉིད་ཀྱང་མ་ཡིན་ནོ་ཞེས་བསྟན་ཏོ། །གལ་ཏེ་བྱ་བ་དང་གདུལ་བ་བཞིན་དུ་བསྒྲུབ་པར་བྱ་བ་འགྲུབ་
เล่ม ๑๐๑ · หน้า 333b
པོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་ཁྱེད་དབུ་མ་པས་བསྒྲུབ་པར་བྱ་བ་གྲུབ་པ་དང་། མ་གྲུབ་པ་ཞེས་རྣམ་པར་བརྟགས་ནས་དེ་གཉི་ག་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་སྨྲས་པ་དེ་མི་རུང་སྟེ། འདི་ལྟར་དཔེར་ན་ལས་སུ་བྱ་བ་བྱས་པ་དང་མ་བྱས་པ་ཞེས་རྣམ་པར་བརྟག་པ་མ་བྱས་པར་བྱེད་པ་དང་། སེམས་
ཅན་གདུལ་བ་ཡང་མ་བཏུལ་བ་ཞེས་བྱ་བར་རྣམ་པར་བརྟག་པ་མ་བྱས་པར་འདུལ་བར་བྱེད་པ་དེ་བཞིན་དུ། བསྒྲུབ་པར་བྱ་བ་ཡང་གྲུབ་པ་དང་མ་གྲུབ་པ་ཞེས་རྣམ་པར་བརྟག་མི་དགོས་པར་བསྒྲུབ་པར་བྱ་བ་ཡིན་པར་འགྲུབ་པོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་
པ་ཉིད་ཀྱིས། དེ་ནི་ལན་མ་ཡིན་ཏེ། བརྒལ་ཞིང་བརྟག་པ་མཚུངས་པ་དང་ལན་བཏབ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་དག་གིས་ཚིག་དེ་ནི་ཁོ་བོས་བསྒྲུབ་པར་བྱ་བ་གྲུབ་པ་དང་མ་གྲུབ་པ་བསྒྲུབ་པར་བྱ་བ་མ་ཡིན་པར་བསྟན་པ་དེའི་ལན་མ་ཡིན་ཏེ། འདི་ལྟར་བྱ་བ་ཡང་གང་
ཡིན། བྱས་པའམ་འོན་ཏེ་མ་བྱས་པ་ཡིན། གདུལ་བ་གང་ཡིན་བཏུལ་བའམ། འོན་ཏེ་མ་བཏུལ་བ་ཡིན་ཞེས་བརྒལ་ཞིང་བརྟག་པ་ཡང་སྔར་བསྒྲུབ་པར་བྱ་བ་གང་ཡིན་གྲུབ་པའི་འོན་ཏེ་མ་གྲུབ་པ་ཡིན་ཞེས་བྱ་བ་དང་མཚུངས་པའི་ཕྱིར་དང་། ལན་ཀྱང་དེ་ལ་གལ་ཏེ་གྲུབ་པ་ཡིན་ན་ནི་དེ་སྒྲུབ་
པ་དོན་མེད་པ་ཉིད་དོ། །འོན་ཏེ་མ་གྲུབ་པ་ཡིན་ན་ནི་དོན་དམ་པར་དེ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། མ་གྲུབ་པ་ཡིན་པའི་ཕྱིར། དཔེར་ན་རི་བོང་གི་རྭའི་ཡོན་པོ་ཉིད་བཞིན་ནོ་ཞེས་བྱ་བས་བཏབ་ཟིན་པའི་ཕྱིར་ཏེ། འདིར་ཡང་གལ་ཏེ་བྱས་པ་དང་བཏུལ་བ་ཡིན་ན་ནི་དེ་བྱེད་པ་དང་བཏུལ་བ་དོན་མེད་པ་ཉིད་དོ། །
འོན་ཏེ་མ་བྱས་པ་དང་མ་བཏུལ་བ་ཡིན་ན་ནི་དོན་དམ་པར་དེ་བྱ་བ་དང་གདུལ་བ་མ་ཡིན་ཏེ། མ་བྱས་པ་དང་མ་བཏུལ་བ་ཡིན་པའི་ཕྱིར། དཔེར་ན་རི་བོང་གི་རྭའི་ཡོན་པོ་ཉིད་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་ལན་མ་ཡིན་པ་མ་ཡིན་ཏེ། ནུས་པའི་དོན་ཡིན་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་ཁོ་
བོས་བྱ་བ་དང་གདུལ་བ་བཞིན་དུ་བསྒྲུབ་པར་བྱ་བ་འགྲུབ་པོ་ཞེས་སྨྲས་པ་དེ་ལན་མ་ཡིན་པ་མ་ཡིན་ཏེ། འདི་ལྟར་བྱས་པ་དང་མ་བྱས་པ་དང་བཏུལ་བ་དང་མ་བཏུལ་བ་དག་བྱ་བ་དང་གདུལ་བ་མ་ཡིན་ཡང་བྱེད་བཞིན་པ་དང་། གདུལ་བ་བཞིན་པ་ནི་ནུས་པའི་དོན་ཡིན་པའི་ཕྱིར་བྱ་བ་དང་། གདུལ་བ་ཡིན་པ་བཞིན་དུ།
เล่ม ๑๐๑ · หน้า 334a
གྲུབ་པ་དང་མ་གྲུབ་པ་བསྒྲུབ་པར་བྱ་བ་མ་ཡིན་ཡང་བསྒྲུབ་བཞིན་པ་ནི་ནུས་པའི་དོན་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ཡང་ལན་མ་ཡིན་ཏེ། བརྒལ་ཞིང་བརྟག་པ་མཚུངས་པ་དང་ལན་བཏབ་ཟིན་པའི་
ཕྱིར་རོ་ཞེས་བྱ་བ་དེ་ཉིད་ཀྱིས་ལན་བཏབ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བྱེད་བཞིན་པ་དང་འདུལ་བཞིན་པ་དང་བསྒྲུབ་བཞིན་པ་ནུས་པའི་དོན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ལ་ཡང་བྱས་པའམ་མ་བྱས་པ་དང་། བཏུལ་བའམ་མ་བཏུལ་བ་དང་། གྲུབ་པའམ་མ་གྲུབ་པ་གང་ཡིན་ཞེས་བརྒལ་ཞིང་བརྟག་པ་དང་།
ལན་ཀྱང་སྔ་མ་བཞིན་པས་དེ་ཡང་ལན་མ་ཡིན་ནོ། །དོན་དམ་པར་དམ་བཅས་པ་ནི་སྒྲུབ་པར་བྱེད་པ་མ་ཡིན་ཏེ། བསྟན་པར་བྱ་བའི་དོན་དམ་བཅས་པ་ཡིན་པའི་ཕྱིར་དམ་བཅས་པ་ཙམ་སྨྲ་བས་བསྟན་པའི་དམ་བཅས་པ་བཞིན་ནོ་ཞེས་བྱ་བས་ནི་དམ་བཅས་པ་ནི་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་པར་
རྗེས་སུ་དཔག་པ་སྟོན་ཏོ། །དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རིགས་པའི་བསྟན་བཅོས་ལ་མི་མཁས་པའི་དམ་བཅས་པ་ཙམ་ཉི་ཚེ་སྨྲ་བའི་གཏན་ཚིགས་དང་དཔེ་ལ་སོགས་པ་བསྒྲུབ་པའི་ཡན་ལག་མ་ཚང་བ་སྨྲ་
བས་བསྟན་པའི་དམ་བཅས་པ་ནི་བསྟན་པར་བྱ་བའི་དོན་དམ་བཅས་པ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ། རིགས་པའི་བསྟན་བཅོས་ལ་མཁས་པ་གཏན་ཚིགས་དང་། དཔེ་ལ་སོགས་པ་སྒྲུབ་པའི་ཡན་ལག་ཚང་བ་སྨྲས་པ་དག་གི་དམ་བཅས་པ་ཡང་བསྟན་པར་བྱ་བའི་དོན་
དམ་བཅས་པ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དོན་དམ་པར་གཏན་ཚིགས་ཀྱང་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དཔེ་དང་ཆོས་མཐུན་པའི་ཕྱིར་དང་། མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཅན་ཡིན་པའི་ཕྱིར་དང་། ཕྱོགས་ཀྱི་ཆོས་ཡིན་པའི་ཕྱིར་དང་། དཔེར་
ན་མ་ངེས་པ་བཞིན་ནོ་ཞེས་བྱ་བས་ནི་གཏན་ཚིགས་ཀྱང་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་པར་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྐང་མིག་པ་དག་གི་གཏན་ཚིགས་མ་ངེས་པ་ནི་
เล่ม ๑๐๑ · หน้า 334b
དཔེ་དང་ཆོས་མཐུན་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་པ་དང་། རྩོད་པ་བྱེད་པ་དག་གི་གཏན་ཚིགས་མ་ངེས་པ་ནི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཅན་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་པ་དང་། འཕགས་པས་བྱིན་དག་གི་གཏན་ཚིགས་མ་ངེས་པ་ནི་ཕྱོགས་ཀྱི་
ཆོས་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ། རིགས་པ་ཅན་ལ་སོགས་པ་གཞན་དག་གི་གཏན་ཚིགས་མཚན་ཉིད་དང་ལྡན་པ་དག་ཀྱང་དཔེ་དང་། ཆོས་མཐུན་པའི་ཕྱིར་དང་། མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཅན་ཡིན་པའི་ཕྱིར་དང་། ཕྱོགས་ཀྱི་ཆོས་ཡིན་པའི་ཕྱིར་བསྒྲུབ་
པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དོན་དམ་པར་མཚན་ཉིད་གསུམ་པའི་གཏན་ཚིགས་ཀྱང་བསྒྲུབ་པར་བྱ་བའི་དོན་གོ་བར་བྱེད་པ་མ་ཡིན་ཏེ། མཚན་ཉིད་གསུམ་པ་ཡིན་པའི་ཕྱིར། དཔེར་ན་འགལ་བས་བཟློག་པ་བཞིན་ནོ་ཞེས་བྱ་བས་ནི་ཚུལ་གསུམ་པའི་རྟགས་དང་ལྡན་པའི་གཏན་ཚིགས་འགལ་
བས་བཟློག་པར་མ་གྱུར་པ་ཁྱད་པར་ཅན་ལས་གཞན་པ་འགལ་བས་བཟློག་པར་འགྱུར་རམ་མི་འགྱུར་བྱེ་བྲག་མ་ཕྱེ་བ་ཐ་མལ་པ་ཡང་བསྒྲུབ་པར་བྱ་བའི་དོན་གོ་བར་བྱེད་པ་མ་ཡིན་པར་དགག་པའི་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་
པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཚན་ཉིད་གསུམ་པའི་གཏན་ཚིགས་འགལ་བའི་སྐྱོན་གྱིས་བཟློག་པ་ནི་མཚན་ཉིད་གསུམ་པ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་གོ་བར་བྱེད་པ་མ་ཡིན་པ་དེ་བཞིན་དུ། མཚན་ཉིད་གསུམ་པའི་གཏན་ཚིགས་འགལ་བའི་སྐྱོན་གྱིས་མ་བཟློག་པ་ཁྱད་པར་ཅན་
མ་ཡིན་པ་ཡང་མཚན་ཉིད་གསུམ་པ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་གོ་བར་བྱེད་པ་མ་ཡིན་ནོ། །དོན་དམ་པར་མཚན་ཉིད་གསུམ་པའི་གཏན་ཚིགས་ཁྱད་པར་ཅན་འགལ་བས་མ་བཟློག་པ་ཡང་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་ཏེ། ཕྱོགས་ཀྱི་ཆོས་ཡིན་པའི་ཕྱིར། དཔེར་ན་འགལ་
བ་བཞིན་ནོ་ཞེས་བྱ་བ་ནི་མཚན་ཉིད་གསུམ་པའི་གཏན་ཚིགས་འགལ་བས་བཟློག་པར་འགྱུར་རམ་མི་འགྱུར་བྱེ་བྲག་མ་ཕྱེ་བ་ཁྱད་པར་ཅན་ཡིན་པ་ཐ་མལ་པ་ལས་ཁྱད་པར་ཅན་འགལ་བས་མ་བཟློག་པ་ཡང་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་པར་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་
เล่ม ๑๐๑ · หน้า 335a
དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཏན་ཚིགས་འགལ་བ་ནི་ཕྱོགས་ཀྱི་ཆོས་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ། མཚན་ཉིད་གསུམ་པའི་གཏན་ཚིགས་ཁྱད་པར་ཅན་
འགལ་བས་མ་བཟློག་པ་ཡང་ཕྱོགས་ཀྱི་ཆོས་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དེ་བཞིན་དུ་དོན་དམ་པར་དཔེ་ནི་བསྒྲུབ་པར་བྱ་བའི་དོན་གོ་བར་བྱེད་པ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་དང་ལྡན་པའི་ཕྱིར་དཔེར་ན་ནམ་མཁའ་རྟག་པ་ཡིན་ལ། ལུས་ཅན་མ་ཡིན་པས་
སྒྲ་རྟག་པ་བཞིན་ནོ་ཞེས་བྱ་བས་ནི་དཔེ་ཡང་བསྒྲུབ་པར་བྱ་བའི་དོན་གོ་བར་བྱེད་པ་མ་ཡིན་པར་དགག་པའི་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རིགས་པ་ལ་མི་མཁས་པ་ཁ་ཅིག་ན་རེ་སྒྲ་ནི་རྟག་སྟེ། ལུས་
ཅན་མ་ཡིན་པའི་ཕྱིར། དཔེར་ན་ནམ་མཁའ་བཞིན་ནོ་ཟེར་བ་དག་གི་དཔེ་ནམ་མཁའ་ནི་བསྒྲུབ་པར་བྱ་བ་རྟག་པ་དང་། བསྒྲུབ་པའི་ཆོས་ལུས་ཅན་མ་ཡིན་པ་དང་ལྡན་ཡང་དེས་སྒྲ་རྟག་པར་བསྒྲུབ་པར་བྱ་བའི་དོན་གོ་བར་བྱེད་པ་མ་ཡིན་པ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་དང་ལྡན་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་གོ་
བར་བྱེད་པ་མ་ཡིན་པ་དེ་བཞིན་དུ། རིགས་པ་ཅན་ལ་སོགས་པ་གཞན་དག་གི་དཔེ་ཡང་བསྒྲུབ་པར་བྱ་བ་དང་། བསྒྲུབ་པའི་ཆོས་དང་ལྡན་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་གོ་བར་བྱེད་པ་མ་ཡིན་ནོ། །གལ་ཏེ་ཡན་ལག་ཚང་བའི་ཚིག་ནི་སྒྲུབ་པ་ཉིད་ཡིན་པར་དམ་བཅས་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་
ན་རེ་ཁྱེད་དབུ་མ་པས་ཇི་སྐད་སྨྲས་པ་དེ་དག་ནི་དམ་བཅས་པ་དང་། གཏན་ཚིགས་དང་། དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ལ་སོགས་པ་སྒྲུབ་པའི་ཡན་ལག་མ་ཚང་བ་དག་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་པར་རྗེས་སུ་དཔོག་པ་ཡིན་གྱི། ཁོ་བོ་ཅག་གིས་ནི་སྒྲུབ་པའི་ཡན་ལག་ཐམས་ཅད་ཚང་བའི་རྗེས་སུ་
དཔག་པའི་ཚིག་ནི་བསྒྲུབ་པར་བྱ་བའི་དོན་སྒྲུབ་པ་ཉིད་ཡིན་པར་དམ་བཅས་པའི་ཕྱིར་དེ་དག་མི་འགྲུབ་པའི་སྐྱོན་མེད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཡན་ལག་ཚང་བའི་ཚིག་གང་གི་སྒྲུབ་པ་ཡིན་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་ལ་དེ་
เล่ม ๑๐๑ · หน้า 335b
སྐད་ཅེས་དྲི་བར་བྱའོ། །གལ་ཏེ་བསྒྲུབ་པར་བྱ་བའི་འོ་ཞེ་ན་ཞེས་བྱ་བས་ནི་གལ་ཏེ་དེ་སྐད་ཅེས་དྲིས་པ་ན། ཕ་རོལ་པོ་དག་འདི་སྐད་ཅེས་ཟེར་ནའོ། །འགྲེལ་པ་བྱེད་པས་དེ་མི་འཐད་པར་བསྟན་པའི་ཕྱིར་ཏེ། དེ་ནི་ལན་མ་ཡིན་ཏེ། དེ་ཉིད་བསྟན་དཀའ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བསྒྲུབ་པར་བྱ་བ་ཉིད་
སྔར་དམ་བཅས་པའི་མཚན་ཉིད་མི་འཐད་པར་བརྟག་པའི་སྐབས་སུ་བསྒྲུབ་པར་བྱ་བ་གང་ཡིན། གྲུབ་པའམ་འོན་ཏེ་མ་གྲུབ་པ་ཡིན་ཞེས་བྱ་བ་ལ་སོགས་པས་མི་འཐད་པར་བསྟན་ཟིན་པས། ད་དེ་ཉིད་ཡོད་པར་བསྟན་དཀའ་བའི་ཕྱིར་ཕ་རོལ་པོའི་ཚིག་དེ་ནི་ལན་མ་ཡིན་ནོ། །དོན་དམ་པར་ཡན་ལག་
ཚང་བའི་ཚིག་ཀྱང་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་ཏེ། ཡན་ལག་ཚང་བ་ཡིན་པའི་ཕྱིར། དཔེར་ན་རྟོག་གེ་ཕྱི་མས་གནོད་པར་འགྱུར་བ་བཞིན་ནོ་ཞེས་བྱ་བས་ནི་དམ་བཅས་པ་ལ་སོགས་པ་ཡན་ལག་མ་ཚང་བའི་ཚིག་རྟོག་གེ་ཕྱི་མས་གནོད་པར་མ་གྱུར་པ་ཁྱད་པར་ཅན་ལས་གཞན་པ་རྟོག་གེ་
ཕྱི་མས་གནོད་པར་འགྱུར་རམ་མི་འགྱུར་བྱེ་བྲག་མ་ཕྱེད་པ་ཐ་མལ་པ་ཡང་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་པར་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཡན་ལག་ཚང་
བའི་ཚིག་རྟོག་གེ་ཕྱི་མས་གནོད་པར་གྱུར་པ་ནི་ཡན་ལག་ཚང་བ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་ཡན་ལག་ཚང་བའི་ཚིག་ཁྱད་པར་ཅན་མ་ཡིན་པར་ཐ་མལ་པ་ཡང་ཡན་ལག་ཚང་བ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་རྟོག་གེ་ཕྱི་
མས་གནོད་པར་གྱུར་པ་ཉིད་མ་ཡིན་ན། ཡན་ལག་ཚང་བའི་ཚིག་ནི་སྒྲུབ་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་དམ་བཅས་པ་ལ་སོགས་པ་སྒྲུབ་པའི་ཡན་ལག་ཚང་བའི་ཚིག་རྟོག་གེ་ཕྱི་མས་གནོད་པར་གྱུར་པ་ཉིད་མ་ཡིན་ན། བསྒྲུབ་པར་བྱ་བའི་དོན་གྲུབ་པ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་
དུ། འགྲེལ་པ་བྱེད་པས། དེས་ནི་མི་ནུས་ཏེ། དཔེར་ན་འདི་ལྟ་བུའོ་ཞེས་བྱ་བའི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཡན་ལག་ཚང་བའི་ཚིག་རྟོག་གེ་ཕྱི་མས་གནོད་པར་གྱུར་པ་ཉིད་མ་ཡིན། བསྒྲུབ་པར་བྱ་བའི་དོན་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་དེ་ལ་ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་མེད་པའི་ཕྱིར་
เล่ม ๑๐๑ · หน้า 336a
དེས་ཀྱང་རྗེས་སུ་དཔག་པ་དག་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཉིད་དུ་སྒྲུབ་མི་ནུས་སོ། །འདིར་ཕ་རོལ་པོ་དག་ན་རེ་ཡན་ལག་ཚང་བའི་ཚིག་ཁྱད་པར་ཅན་མ་ཡིན་པ་ཐ་མལ་པ་སྒྲུབ་པའི་ཆོས་མ་ཡིན་ཡང་། ཡན་ལག་ཚང་བའི་ཚིག་ཁྱད་པར་ཅན་རྟོག་གེ་ཕྱི་མས་གནོད་པར་གྱུར་པ་ཉིད་མ་ཡིན་ན་ནི་
བསྒྲུབ་པར་བྱ་བའི་དོན་སྒྲུབ་པ་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཡན་ལག་ཚང་བའི་ཚིག་ཁྱད་པར་ཅན་སྒྲུབ་པ་མ་ཡིན་པ་ཉིད་ཕྱོགས་སུ་བྱས་པ་ལ་ཡང་ཡན་ལག་ཚང་བ་ཡིན་པའི་ཕྱིར། དཔེར་ན་རྟོག་གེ་ཕྱི་མས་གནོད་པར་གྱུར་པ་བཞིན་ནོ་ཞེས་བཀག་
པ་ཁོ་ནའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །དེ་ལ་ཡང་ཁོ་བོས་དོན་དམ་པར་ཡན་ལག་ཚང་བའི་ཚིག་ཁྱད་པར་ཅན་ནི་བསྒྲུབ་པ་མ་ཡིན་ཏེ་ཞེས་ཕྱོགས་སུ་བྱས་ལ། ཡན་ལག་ཚང་བ་ཡིན་པའི་ཕྱིར། དཔེར་ན་རྟོག་གེ་ཕྱི་མས་གནོད་པར་གྱུར་པ་བཞིན་ནོ་ཞེས་གཏན་ཚིགས་དང་དཔེ་དག་གིས་བཀག་པ་
ཁོ་ནའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ། །དེ་བཞིན་དུ་དོན་དམ་པར་སུན་འབྱིན་པ་ལ་ནི་སུན་འབྱིན་པའི་ངོ་བོ་ཉིད་མེད་དེ། ཚིག་གི་ངོ་བོ་ཉིད་ཡིན་པའི་ཕྱིར། དཔེར་ན་སུན་འབྱིན་པ་ལྟར་སྣང་བའི་སྒྲུབ་པ་ལ་སོགས་པ་བཞིན་ནོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བས་ནི་སུན་འབྱིན་པ་ལ་སུན་འབྱིན་པའི་ངོ་བོ་ཉིད་མེད་པར་རྗེས་སུ་
དཔག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སུན་འབྱིན་པའི་གསལ་བ་དང་། དེ་ཁོ་ན་མ་ཡིན་པ་སུན་འབྱིན་པ་ལྟར་སྣང་བའི་སྒྲུབ་པ་ལ་སོགས་པ་ནི་ཚིག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་ལ་སུན་འབྱིན་པའི་ངོ་
བོ་ཉིད་མེད་པ་དེ་བཞིན་དུ། སུན་འབྱིན་པའི་གསལ་བ་དང་དེ་ཁོ་ན་ཡང་ཚིག་གི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་ལ་ཡང་སུན་འབྱིན་པའི་ངོ་བོ་ཉིད་མེད་དོ་ཞེས་བརྗོད་པར་བྱའོ། །དེའི་ཕྱིར་དེ་ལྟར་ཚད་མ་ལ་སོགས་པ་མ་གྲུབ་པའི་ཕྱིར་དེ་བཞིན་དུ་གཞལ་བྱ་ཡང་མ་གྲུབ་པས་གཏན་ཚིགས་སྔ་མ་དག་མ་ངེས་པ་ཉིད་ཀྱང་མ་ཡིན་
ཏེ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། དེ་ལྟར་སྒྲུབ་པ་དང་། སུན་འབྱིན་པའི་ཚད་མ་སྤྱི་དང་ཁྱད་པར་དང་། དམ་བཅས་པ་ལ་སོགས་པ་སྒྲུབ་པའི་ཡན་ལག་རྣམས་དོན་དམ་པར་མ་གྲུབ་པའི་ཕྱིར་དེ་བཞིན་དུ་གཞལ་བྱ་ཡང་མ་གྲུབ་པས། དེའི་ཕྱིར་སྔར་ཕ་རོལ་པོ་དག་ན་རེ་འོན་ཏེ་དེ་དག་ངོ་བོ་ཉིད་ཡོད་པ་ཡིན་ན་ནི་དེ་
เล่ม ๑๐๑ · หน้า 336b
དག་བཞིན་དུ་དངོས་པོ་ཐམས་ཅད་འགྲུབ་པས་བསྟན་བཅོས་མཐའ་དག་ཏུ་བསྟན་པའི་རྗེས་སུ་དཔག་པ་དག་མ་ངེས་པ་ཉིད་ཀྱང་ཡིན་ནོ་ཞེས་ཟེར་བའི་ཚིག་གི་སྐབས་མེད་པས། དབུ་མ་པས་བསྟན་བཅོས་འདིའི་ལུས་མཐའ་དག་ཏུ་སྔར་བསྟན་པའི་གཏན་ཚིགས་སྔ་མ་དག་ལ་མི་མཐུན་པའི་ཕྱོགས་མེད་པས་མ་
ངེས་པ་ཉིད་ཀྱང་མ་ཡིན་ལ། ཕ་རོལ་པོ་དག་གི་དཔེ་རྗེས་སུ་དཔག་པ་དག་བཞིན་དུ་དངོས་པོ་ཐམས་ཅད་འགྲུབ་པས་ཞེས་བྱ་བ་མ་གྲུབ་པས་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡང་མེད་དོ། །ཞར་ལ་བཤད་པས་ཆོག་གོ་ཞེས་བྱ་བ་ནི་སྔར་དེ་ལྟར་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་ཀྱང་། སྨྲ་བ་ངན་
པ་དངོས་པོ་ངོ་བོ་ཉིད་ཡོད་པ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་ཀྱིས་བློ་གྲོས་ཉམས་པ་རབ་རིབ་ཅན་གྱིས་ཡང་དག་པ་མ་ཡིན་པ་མཐོང་བ་ལྟ་བུ་དག་རང་གི་ཕྱོགས་བསྒྲུབ་པའི་ཕྱིར། ཕྱིར་ཟློག་པར་བྱེད་པ་དག་གི་གླན་ཀའི་སྐབས་མེད་པར་བྱ་བ་དང་། འགྲེལ་པ་བྱེད་པ་ཉིད་ཀྱིས་ལུང་ལས་ཆོས་ཀྱི་རྣམ་གྲངས་
གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ཆོས་ཉིད་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་རྣམས་ལྟ་ཅི་སྨོས་ཞེས་གསུངས་པའི་ཚུལ་ཉིད་སྒྲུབ་པའི་ཕྱིར་བསྟན་བཅོས་ཀྱི་ལུས་འདིར་དོན་དམ་པའི་དེ་ཁོ་ན་བསྟན་པ་ཉིད་སྒྲུབ་པའི་ཕྱིར་རྗེས་སུ་དཔག་པ་དང་། སུན་དབྱུང་བའི་གསལ་བ་དང་། དེ་ཁོ་ན་དག་སྟོན་པའི་ཚད་
མ་དག་ཉེ་བར་བཞག་པ་ཡང་འདིར་བསྟན་བཅོས་ཀྱི་ལུས་མཐའ་དག་རྫོགས་ཤིང་དོན་དམ་པའི་དེ་ཁོ་ན་བསྟན་པ་ཉིད་གྲུབ་ནས་ཚད་མ་དེ་དག་ཀྱང་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་སྐབས་ཀྱི་མཇུག་བསྡུ་བ་ཡིན་ནོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོ་དག་གིས། བསྒྲུབ་པ་སྨྲས་
པའི་སུན་དབྱུང་བ་བརྗོད་པས་ལྟ་བ་སྟོང་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་རབ་ཏུ་བྱེད་པ་འདིའི་སྤྱིའི་མཇུག་བསྡུ་བ་དང་། ཚད་མའི་འབྲས་བུ་ཡིན་ཏེ། ལྟ་བ་བརྟག་པའི་རབ་ཏུ་བྱེད་པ་ཉི་ཤུ་བདུན་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་ལྟ་བ་ནི་ཕ་རོལ་པོ་དག་གིས་རབ་ཏུ་བྱེད་པ་
འདིའི་དང་པོར་འདི་སྐད་ཅེས་དོན་དམ་པར་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། ལྟ་བའི་གནས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྟོང་པ་ཉིད་ཀྱི་ཁྱད་པར་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་གྱི་སྒྲུབ་པ་སྨྲས་པའི་སུན་དབྱུང་བ་དབུ་མ་པས་བརྗོད་པས་ལྟ་བ་སྟོང་པ་ཉིད་དུ་བསྟན་པ་ཡིན་
เล่ม ๑๐๑ · หน้า 337a
ནོ། ལྟ་བ་སྟོང་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་དང་། དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་མ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པ་ལས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་ལྟ་བའི་རྣམ་པ་ཡང་མ་ཡིན་ལ་ལྟ་བའི་རྣམ་པ་སྤངས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ལྟ་བའི་རྣམ་པ་
ཡང་མ་ཡིན་ལ། ལྟ་བའི་རྣམ་པ་སྤངས་པ་ཡང་མ་ཡིན་ནོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལྟ་བའི་རྣམ་པ་སྤངས་པ་ཡང་མ་ཡིན་པ་ཉིད་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་
སྨྲས་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལྟར་ཕུང་པོ་ལྔ་པོ་དག་ལྟ་བའི་ཡུལ་ཉིད་མ་ཡིན་པར་དགག་པ་མཛད་པས། དེའི་ཕྱིར་ཁོ་བོས་ལྟ་བ་དེ་དག་དགག་པ་སྨྲས་པ་ནི་ཁས་བླངས་པ་ལ་གནོད་པ་མེད་དོ། །དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་ལྟ་བ་སྟོང་པ་ཉིད་དུ་བསྟན་པའི་ཡོན་ཏན་དང་ཁུངས་ཡིན་ཏེ། རེ་ཞིག་དེས་
ནི་ལུང་གྲུབ་པ་འདིའི་ཡོན་ཏན་ཡིན་པར་བསྟན་ཏོ། །ད་ནི་རིགས་པས་གྲུབ་པ་འདིའི་ཡོན་ཏན་ཡིན་པར་བསྟན་པའི་ཕྱིར། དེ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པས་བསྟན་བཅོས་ཀྱི་དོན་རྣམ་པར་མི་རྟོག་པའི་ཡེ་ཤེས་བདུད་རྩིའི་དེ་ཁོ་ན་རྣམ་པར་མི་རྟོག་པའི་དོན་དམ་
པ་སྟོན་ཀའི་ནམ་མཁའ་དྲི་མ་མེད་པ་ལྟ་བུའི་ཡུལ་ཅན་སྤྲོས་པ་མ་ལུས་པ་ལེགས་པར་ཉེ་བར་ཞི་བ་ཐ་དད་པ་ཉིད་དང་གཅིག་པ་ཉིད་དང་བྲལ་བ་ཞི་བ་སོ་སོ་རང་གིས་རིག་པར་བྱ་བ་བསྟན་པ་གྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་འདིའི་དོན་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་འགག་པ་མེད་པ་དང་། སྐྱེ་བ་མེད་
པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། དོན་ཐ་དད་པ་མ་ཡིན་པ་དང་། དོན་གཅིག་པ་མ་ཡིན་པའི་ཁྱད་པར་དང་ལྡན་པ་བསྟན་པས་དོན་དམ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་བདུད་རྩིའི་དེ་ཁོ་ན་རྣམ་པར་མི་རྟོག་པའི་དོན་དམ་པ་སྟོན་ཀའི་ནམ་མཁའ་དྲི་མ་
เล่ม ๑๐๑ · หน้า 337b
མེད་པ་ལྟ་བུའི་ཡུལ་ཅན་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་ཞི་བ་སོ་སོ་རང་གིས་རིག་པར་བྱ་བ་བསྟན་པ་ཡིན་པས་དེ་ཡང་གྲུབ་པ་ཡིན་ནོ། །དེ་གྲུབ་པ་ཡང་ལྟ་བ་སྟོང་པ་ཉིད་དུ་བསྟན་པ་འདིའི་ཡོན་ཏན་ཡིན་ཏེ། དེས་ནི་རིགས་པས་འགྲུབ་པ་འདིའི་ཡོན་ཏན་ཡིན་པར་བསྟན་ཏོ། །དེ་ལྟར་ལུང་དང་རིགས་པས་
གྲུབ་པ་དེ་དག་བསྟན་བཅོས་འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་དང་འགྲེལ་པ་བྱེད་པའི་མཁས་པ་ཉིད་ཡིན་ནོ། །ད་ནི་དེ་ལྟར་བསྟན་བཅོས་འདིའི་དོན་ནི་དོན་དམ་པའི་དེ་ཁོ་ན་ཉིད་བསྟན་པ་ཡིན་ན་འདིར་དེ་ཁོ་ན་ཉིད་གང་ཡིན་པ་མདོར་བསྟན་པ་མ་བྱས་
པར་རྗེས་སུ་དཔག་པ་དང་སུན་དབྱུང་བའི་གསལ་བ་དང་། དེ་ཁོ་ན་བསྟན་པའི་ཐམ་ལག་མང་པོ་དག་གིས་བསྒྲུབ་ཅི་དགོས་སྙམ་དུ་སེམས་པ་རྣམས་ལ་དེའི་དགོས་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་ཚུལ་ནི་དེ་ཁོ་ན་ཉིད་ཡིན་ཡང་ངན་རྟོག་རྣམས་དད་པར་མི་བྱེད་པའི་ཕྱིར་རྗེས་སུ་དཔག་པ་གཙོ་ཆེ་བས་དེའི་
ཕྱིར་དེ་ཡོངས་སུ་བཟུང་ངོ་ཞེས་བྱ་བ་སྨྲས་ཏེ། བཅོམ་ལྡན་འདས་ཀྱི་ཚུལ་དེ་ཁོ་ན་ཉིད་ཡིན་ཡང་མུ་སྟེགས་ཅན་ལ་སོགས་པ་ངན་རྟོག་རྣམས་དད་པར་མི་བྱེད་པའི་ཕྱིར་དེ་དག་ལ་རྗེས་སུ་དཔག་པས་བསྟན་པ་གཙོ་ཆེ་བས་དེའི་ཕྱིར་འདིར་རྗེས་སུ་དཔག་པ་དང་། སུན་དབྱུང་བའི་གསལ་བ་དང་། དེ་ཁོ་ན་དག་བསྟན་
པ་དང་ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དེ་ཡོངས་སུ་བཟུང་ངོ་། །ད་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་དབུ་མའི་བསྟན་བཅོས་ཤེས་རབ་ཅེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་བདུན་དང་ཚིག་ལེའུར་བྱས་པ་བཞི་བརྒྱ་ཞེ་དགུ་པ་མཛད་པའི་འགྲེལ་པ་
ཤེས་རབ་སྒྲོན་མ་ཞེས་བྱ་བ་འདི་བྱས་པའི་ཚུལ་བསྟན་པ་དང་། དེ་བྱས་པའི་དགེ་བའི་རྩ་བ་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་བདག་དང་གཞན་ལ་བསྔོ་བའི་ཚུལ་བསྟན་པའི་ཕྱིར་སྟག་རྣམ་པར་རྩེན་པ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་སྟོན་ཏེ། དེ་ལ་འཇིག་རྟེན་སྣང་མཛད་གཞན་དོན་
མཁས་རྣམས་སངས་རྒྱས་ཉིད་ཐོབ་མཛད་སླད་དུ། །ཤེས་རབ་ཕ་རོལ་ཕྱིན་སོགས་མདོ་སྡེ་གསུངས་ཚུལ་གསལ་བར་སྟོན་པ་ན། །ཐུབ་དབང་སྲས་པོ་ཀླུ་སྒྲུབ་གསུངས་པ་དབུ་མའི་བསྟན་བཅོས་གང་ཡིན་པ། །དེ་ཡི་རྣམ་བཤད་ལྟ་ངན་ཞི་བྱེད་ཤེས་རབ་སྒྲོན་མ་བདག་གིས་བྱས། །ཞེས་བྱ་
เล่ม ๑๐๑ · หน้า 338a
བ་འདིས་ནི་བདག་གིས་བྱས་པའི་ཚུལ་བསྟན་ཏེ། །འཇིག་རྟེན་སྣང་མཛད་གཞན་དོན་མཁས་རྣམས་ཞེས་བྱ་བ་ནི་ས་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ནི་སྣོད་ཀྱི་འཇིག་རྟེན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་རྒྱན་ཕུན་སུམ་
ཚོགས་པས་སྣང་བ་དང་། སེམས་ཅན་གྱི་འཇིག་རྟེན་བྱང་ཆུབ་སྙིང་པོའི་ཡེ་ཤེས་ཕུན་སུམ་ཚོགས་པས་སྣང་བ་འདས་པ་དང་ད་ལྟར་དང་མ་འོངས་པའི་དུས་སུ་མཛད་པ་དང་། མཛད་བཞིན་པ་དང་། མཛད་པར་འགྱུར་བའི་ཕྱིར་དང་། བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་།
ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གཞན་གྱི་དོན་མཛད་པ་ལས་ཤེས་རབ་ཀྱིས་དབང་པོའི་རིམ་པ་ལ་སོགས་པ་རྟག་པ་དང་། ཆོས་ཀྱི་དེ་ཁོ་ན་ཉིད་བསྟན་པ་ལ་མཁས་ཤིང་ཐབས་ཀྱིས་བསྡུ་བ་རྣམ་བཞི་ལ་སོགས་པའི་རིམ་གྱིས་བསྡུ་བ་དང་། མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་
འབྲས་བུ་ལ་སོགས་པ་ལ་འཇོག་པར་མཁས་པ་ཡིན་པའི་ཕྱིར་ཏེ། དེས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་སྟོན་ཏོ། །སངས་རྒྱས་ཉིད་ཐོབ་མཛད་སླད་དུ། །ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་སངས་རྒྱས་ཉིད་ཐོབ་པར་མཛད་པའི་སླད་དུ་སྟེ། དེ་བཞིན་གཤེགས་པ་ནི་རང་གི་སྲས་
ཐུགས་ལས་སྐྱེས་པ་ཞལ་ནས་སྐྱེས་པ་ཆོས་ལས་སྐྱེས་པ་རྣམས་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ཉིད་འཐོབ་པར་མཛད་པའི་སླད་དུ་དམ་པའི་ཆོས་སྟོན་པར་མཛད་པ་ཡིན་པའི་ཕྱིར་ཏེ། དེས་ནི་སངས་རྒྱས་ཀྱི་མཛད་པ་བསྟན་ཏོ། །ཤེས་རབ་ཕ་རོལ་ཕྱིན་སོགས་མདོ་སྡེ་གསུངས། །ཞེས་
བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་སངས་རྒྱས་ཉིད་ཐོབ་པར་མཛད་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་གསུངས་པ་སྟེ། ཐེག་པ་ཆེན་པོའི་མདོ་སྡེ་ནི་བྱང་ཆུབ་སེམས་དཔའ་འཇིག་རྟེན་སྣང་བར་མཛད་པ་དང་། གཞན་གྱི་དོན་ལ་མཁས་པ་
རྣམས་ཀྱི་ཆེད་ཡིན་པའི་ཕྱིར་ཏེ། དེས་ནི་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ཚུལ་བསྟན་ཏོ། །ཚུལ་གསལ་བར་སྟོན་པ་ན་ཞེས་བྱ་བ་ནི་སློབ་དཔོན་མཁས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་སྡེ་གསུངས་པའི་ཚུལ་དྲང་བའི་དོན་དང་ངེས་པའི་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด