བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) བོ་དྷི་ས་ཏྭ་ཡོ་ག་ཙ་ར་ཙ་ཏུ་ཤ་ཏ་ཀ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐๓ · หน้า 200a

པ་ལས་མ་གཏོགས་པ་གཞན་གཞག་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་ཁ་དོག་ལྟར་དབྱིབས་ཀྱང་མི་རིགས་ལ། དེ་མེད་པས་ཀྱང་འགའ་ལ་ཡང་མངོན་སུམ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །འདིར་སྨྲས་པ། གཟུགས་ཀྱི་སྐྱེ་མཆེད་ནི་ཡོད་པ་ཁོ་ན་སྟེ་དེའི་

རྒྱུ་ཡོད་པའི་ཕྱིར་རོ། །འདིར་གཟུགས་ཀྱི་རྒྱུ་ནི་འབྱུང་བ་ཆེན་པོ་བཞི་ཡིན་ལ། དེ་དག་ནི་རེ་ཞིག་ཡོད་པ་ཡིན་ནོ། །དེ་དག་ཡོད་པས་དེ་དག་གི་འབྲས་བུ་གཟུགས་ཀྱི་སྐྱེ་མཆེད་ཀྱང་ཡོད་པར་འགྱུར་རོ་ཞེས་སྨྲའོ། །འདི་ཡང་ཡང་དག་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ།

གཟུགས་ནི་ལྟ་ཞིག་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ནི་མི་སྣང་ངོ་། །རྫས་བརྒྱད་ལྷན་ཅིག་འབྱུང་བར་ངེས་པ་འབྱུང་བ་ཆེན་པོ་བཞི་མ་གཏོགས་པར་གཟུགས་མི་དམིགས་ལ། གཟུགས་ཀྱི་སྐྱེ་མཆེད་མ་གཏོགས་པར་ཡང་གཟུགས་ཀྱི་རྒྱུ་མི་དམིགས་སོ། །གཟུགས་

ཀྱི་སྐྱེ་མཆེད་ནི་མིག་གི་དབང་པོས་གཟུང་བར་བྱ་བ་ཡིན་ལ། གཟུགས་ཀྱི་རྒྱུ་ནི་ལུས་ཀྱི་དབང་པོས་གཟུང་བར་བྱ་བ་ཡིན་ནོ། །དེའི་ཕྱིར་གལ་ཏེ་གཟུགས་ཀྱི་རྒྱུ་ཞེས་བྱ་བ་ཅུང་ཟད་ཅིག་རང་གི་ངོ་བོས་འགྲུབ་པར་འགྱུར་ན་ནི་དེའི་ཚེ་གཟུགས་ཀྱང་རང་གི་ངོ་བོས་གྲུབ་པར་འགྱུར་བ་ཞིག་ན།

གཟུགས་ཀྱི་རྒྱུ་གཟུགས་ལས་ཐ་དད་པར་གྲུབ་པ་གང་ཡིན་པ་འདི་ནི་སྲིད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་གཟུགས་ཀྱི་རྒྱུ་མེད་ན་རྒྱུ་མེད་པའི་གཟུགས་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཅི་སྟེ་འོ་ན་ནི་ཐ་དད་པ་མ་ཡིན་པར་གནས་པའི་གཟུགས་ཀྱི་རྒྱུ་ལས་གཟུགས་

ཡིན་པར་རག་གོ་སྙམ་དུ་སེམས་ན། དེ་ཡང་སྲིད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟར་འགྱུར་ན་ནི། །གཉི་ག་ཡང་ནི་མིག་ཉིད་ཀྱིས། །འཛིན་པར་ཅི་ཡི་ཕྱིར་མི་འགྱུར། །གཟུགས་ཀྱི་རྒྱུ་ཡང་གཟུགས་ལས་ཐ་མི་དད་པའི་ཕྱིར་མིག་གི་དབང་པོས་རྒྱུ་དང་འབྲས་བུ་གཉིས་ཀ་

ཡང་འཛིན་པར་འགྱུར་ན་འདི་ནི་སྲིད་པ་ཡང་མ་ཡིན་ཏེ། དབང་པོ་ཐ་དད་པའི་ཡུལ་ཡིན་པའི་ཕྱིར་དང་། མཚན་ཉིད་ཐ་དད་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་བཤད་པ། ས་ནི་བརྟན་ཞེས་བྱ་བར་མཐོང་། །དེ་ཡང་ལུས་ཀྱིས་འཛིན་པར་འགྱུར། །འཛིན་པའི་ལས་

เล่ม ๑๐๓ · หน้า 200b

ཀྱིས་རྟེན་གྱི་དངོས་པོར་གནས་པའི་ཕྱིར་རྟེན་ཉིད་ཡིན་པས་བརྟན་པ་ཉིད་ཀྱིས་ནས་ནི་བརྟན་པ་ཞེས་བྱ་བར་མཐོང་ལ། དེ་ཡང་ལུས་ཀྱིས་འཛིན་ཏེ་དེའི་སྲ་བ་ལུས་ཀྱི་དབང་པོའི་གཟུང་བྱ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ། དེས་ན་རེག་པ་འགའ་ཞིག་འདི། །སའོ་ཞེས་

ནི་བྱ་བར་བརྗོད། །གཟུགས་ཀྱི་སྐྱེ་མཆེད་ནི་མིག་གི་དབང་པོའི་གཟུང་བར་བྱ་བའོ། །དེའི་ཕྱིར་དེ་ལྟར་ན་རྒྱུ་དང་འབྲས་བུ་གཉིས་ཐ་མི་དད་པ་མེད་དེ། མཚན་ཉིད་ཐ་དད་པའི་ཕྱིར་དང་། འཛིན་པར་བྱེད་པ་ཐ་དད་པའི་ཕྱིར་རོ། །ཐ་དད་པ་ཡོད་ན་ཡང་རྒྱུ་མེད་པ་པར་སྨྲ་བར་འགྱུར་རོ། །

དེ་ཉིད་དང་གཞན་ཉིད་དང་བྲལ་བའི་དངོས་པོ་འདི་འགའ་ཞིག་ལ་རང་གི་ངོ་བོས་ཡོད་པ་ཉིད་དུ་རྟག་པར་རིགས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་གཟུགས་ཀྱི་རྒྱུ་ཡོད་པ་མ་ཡིན་ནོ། །གཟུགས་ཀྱི་རྒྱུ་མེད་ན་ཡང་གཟུགས་རང་གི་ངོ་བོས་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དེ་ཉིད་ཀྱི་ཕྱིར་

བཅོམ་ལྡན་འདས་ཀྱིས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །འོ་ན་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་

བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་གསུངས་སོ། །འདིར་ཁ་ཅིག་དག་ན་རེ་བུམ་པ་ནི་རང་གི་ངོ་བོས་བལྟ་བར་བྱ་བ་མ་ཡིན་ཞིང་། བལྟ་བར་བྱ་བ་མ་ཡིན་པའང་མ་ཡིན་མོད་ཀྱི། བལྟ་བར་བྱ་བ་ཉིད་དང་འབྲེལ་པ་ལས་བལྟ་བར་བྱ་བར་ནི་འགྱུར་ན། བལྟ་བར་

བྱ་བར་གྱུར་པས་ཀྱང་མངོན་སུམ་དུ་འགྱུར་རོ་ཞེས་ཟེར་རོ། །འདི་ཡང་མི་རིགས་སོ་ཞེས་བསྟན་པའི་ཕྱིར་བཤད་པ། བལྟ་བྱ་སྐྱེས་པས་བུམ་པ་ནི། །འདི་ལ་ཡོན་ཏན་འགར་མི་འགྱུར། །དེས་ན་བལྟ་བྱ་ཉིད་སྐྱེ་ལྟར། །ཡོད་པའི་ངོ་བོའང་ཡོད་མ་ཡིན། །གལ་ཏེ་བལྟ་བར་

བྱ་བ་ཉིད་ནི་མངོན་པར་གསལ་བའམ་ཅིས་ཁྱད་པར་དུ་གྱུར་པ་ཡིན་པ་ཞིག་ན། གཉི་ག་ལྟར་འདི་ལ་བལྟ་བར་བྱ་བ་ཉིད་དགོས་པ་མེད་དེ། །འདིར་བལྟ་བར་བྱ་བ་ཉིད་འདི་ཡོངས་སུ་བརྟགས་ནས་དོན་བལྟ་བར་བྱ་བའི་རང་གི་ངོ་བོའམ། བལྟ་བར་བྱ་བ་མ་ཡིན་པའི་རང་གི་ངོ་བོ་ཞིག་

เล่ม ๑๐๓ · หน้า 201a

ལ་རྟོག །རེ་ཞིག་གལ་ཏེ་བལྟ་བར་བྱ་བའི་རང་གི་ངོ་བོ་ལ་ཡིན་ན་དེའི་ཚེ་དེ་བརྟགས་པས་ཅི་ཞིག་བྱ། གང་གི་དོན་ཡོངས་སུ་རྟོག་པ་དེ་ནི་མེད་པར་ཡང་ཡོད་པ་ཉིད་པས་བརྟག་པར་མི་རིགས་སོ། །ཅི་སྟེ་བལྟ་བར་བྱ་བ་མ་ཡིན་པར་གྱུར་པ་ལ་

བལྟ་བར་བྱ་བ་ཉིད་རྟོག་ན་ཡང་མི་རིགས་ཏེ་ལུས་ཅན་མ་ཡིན་པ་རྣམས་ཀྱང་བལྟ་བར་བྱ་བ་ཉིད་དུ་ཐལ་བའི་ཕྱིར་དང་། བལྟ་བར་བྱ་བ་ཉིད་སྐྱེས་པ་མེད་པ་ལ་འགལ་བའི་ཕྱིར་རོ། །བལྟ་བར་བྱ་བ་ཉིད་སྐྱེས་པ་མེད་པ་དེས་ན་བལྟ་བྱ་ཉིད་སྐྱེ་བ་ལྟར་བལྟ་བར་བྱ་བ་མ་ཡིན་པའི་བུམ་

པ་ལ་རྣམ་པ་ཐམས་ཅད་དུ་བལྟ་བར་བྱ་བ་ཉིད་མི་རིགས་པས་སྐྱེ་བ་མི་སྲིད་པ་དེ་བཞིན་དུ་བལྟ་བར་བྱ་བར་མ་གྱུར་པའི་བུམ་པ་ཡོད་པའི་ངོ་བོར་ཡང་ཡོད་པ་མ་ཡིན་ལ། ཡོད་པ་ཡང་མ་ཡིན་པའི་བུམ་པ་ལ་ནི་བལྟ་བར་བྱ་བ་ཉིད་བརྟག་པར་རིགས་པ་ཡང་མ་ཡིན་པས་འདི་ནི་མི་རིགས་སོ། །

འདིར་སྨྲས་པ། ཡུལ་གཟུགས་ལ་སོགས་པ་མངོན་སུམ་དག་ནི་ཡོད་པ་ཁོ་ན་སྟེ་དེའི་འཛིན་པར་བྱེད་པ་མིག་ལ་སོགས་པའི་དབང་པོ་ཡོད་པའི་ཕྱིར་རོ། །ཡོད་པར་གྱུར་པའི་དབང་པོ་འདི་རྣམས་ནི་གདོན་མི་ཟ་བར་རང་གི་ཡུལ་ལ་འཇུག་པར་འགྱུར་དགོས་ལ། གང་དུ་དེ་རྣམས་

འཇུག་པ་སྲིད་པ་གཟུགས་ལ་སོགས་པ་དོན་དེ་དག་ནི་མངོན་སུམ་ཡིན་ནོ། །བཤད་པར་བྱ་སྟེ། གལ་ཏེ་དབང་པོ་རྣམས་ཀྱིས་ཡོངས་སུ་གཅོད་པར་ནུས་པར་འགྱུར་ན་ནི་གཟུགས་ལ་སོགས་པའི་དོན་དག་ཏུ་འགྱུར་བ་ཞིག་ན་འགྱུར་བ་ཉིད་ཀྱང་མ་ཡིན་ནོ། །ཇི་ལྟར་ཞེ་ན། འདི་ན་མིག་ལ་

སོགས་པ་ལྔ་པོ་ནི་སྤྱིར་འབྱུང་བ་ལས་གྱུར་པ་ཉིད་དུ་ཉེ་བར་སྟོན་ལ། དེ་རྣམས་ཀྱི་བྱ་བ་ནི་ཡུལ་ཐ་དད་པས་ཐ་དད་པ་ཞིག་གོ། །འདི་ལྟར་མིག་གིས་གཟུགས་ཁོ་ན་མཐོང་གི་སྒྲ་མི་ཐོས་ལ། རྣ་བས་ཀྱང་སྒྲ་ཐོས་ཀྱི་གཟུགས་མི་མཐོང་ངོ་། །གང་གི་ཚེ་དེ་ལྟར། མིག་ནི་འབྱུང་

འགྱུར་རྣ་དེ་བཞིན། །མིག་གིས་མཐོང་གི་གཞན་གྱིས་མིན་པ་དེའི་ཚེ་འཐད་པ་དང་འགལ་བའི་བྱ་བ་མི་སྲིད་པའི་ཕྱིར་མིག་ལ་སོགས་པ་རྣམས་ཀྱི་རང་གི་ངོ་བོ་རྟོག་པ་ག་ལ་ཡོད། འབྱུང་བ་ལས་གྱུར་པ་ཉིད་དུ་མཚུངས་བཞིན་དུ་ཡུལ་འཛིན་པ་ཐ་དད་པ་བརྟག་པར་ནི་མི་རིགས་སོ། །

เล่ม ๑๐๓ · หน้า 201b

མིག་ལ་སོགས་པ་རྣམས་ཀྱི་ཡོད་པ་ཉིད་ནི་ཡུལ་འཛིན་པ་ལས་རྗེས་སུ་དཔོག་པ་ཡིན་ན་དེ་ཡང་འགལ་བས་མི་སྲིད་དེ་དེའི་ཕྱིར་དབང་པོ་ཡོད་པས་ཡུལ་རྣམས་མངོན་སུམ་ཉིད་དུ་མི་རིགས་སོ། །གལ་ཏེ་དེ་ལྟར་མིག་ལ་སོགས་པ་རྣམས་མི་སྲིད་ན། དེའི་ཕྱིར་ཇི་ལྟར་མིག་ལ་

སོགས་པའི་དབང་པོ་འདི་རྣམས་ལས་ཀྱི་རྣམ་པར་སྨིན་པའི་ངོ་བོར་རྣམ་པར་གཞག་ཅེ་ན། ཅི་ཁོ་བོ་ཅག་གིས་འདི་རྣམས་ཀྱི་རྣམ་པར་སྨིན་པའི་ངོ་བོ་ཉིད་བཀག་གམ། གལ་ཏེ་མིག་ལ་སོགས་པ་རྣམས་འགོག་པར་སྒྲུབ་པས་དེ་ཇི་ལྟར་མ་བཀག་ཅེ་ན། ཁོ་བོ་ཅག་གི་རྣམ་པར་

དཔྱོད་པ་དོན་རང་བཞིན་ཚོལ་བ་ལྷུར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཁོ་བོ་ཅག་ནི་འདིར་དངོས་པོ་རྣམས་རང་གི་ངོ་བོས་གྲུབ་པ་འགོག་གི་མིག་ལ་སོགས་པ་བྱས་ཤིང་རྟེན་ཅིང་འབྲེལ་པར་འབྱུང་བའི་ལས་ཀྱི་རྣམ་པར་སྨིན་པ་ཉིད་ནི་མི་འགོག་པའོ། །དེའི་ཕྱིར་དེ་ཡོད་པས་གང་ཞིག་རྣམ་པར་སྨིན་

པ་ཉིད་དུ་བསྙད་པས་མིག་ལ་སོགས་པ་ཡོད་པ་ཉིད་དོ། །གལ་ཏེ་དེ་ལྟར་ན་ཡང་། མིག་ནི་འབྱུང་འགྱུར་རྣ་དེ་བཞིན། །མིག་གིས་མཐོང་གི་གཞན་གྱིས་མིན། །ཞེས་བྱ་བའི་ཉེས་པ་དེ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། ཉེས་པ་འདི་ནི་མེད་དེ། ལས་རྣམས་ཀྱི་རྣམ་པར་སྨིན་པ་

བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །ལས་རྣམས་ཀྱི་རྣམ་པར་སྨིན་པ་ནི་རིགས་པ་བཅུག་ནས་བསམ་པར་བྱ་བར་མི་ནུས་ཏེ། རེ་ཞིག་ལས་དེ་ཉིད་རང་གི་ངོ་བོས་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་དེ་རང་གི་ངོ་བོས་གྲུབ་པར་གྱུར་ན་ནི་དེའི་ཚེ་དུས་ཐམས་ཅད་དུ་རྣམ་པར་མི་འཆད་པར་འགྱུར་

ཞིང་རྣམ་པར་སྨིན་པ་བྱུང་ཟིན་པ་ལས་ཀྱང་སླར་རྣམ་པར་སྨིན་པར་འགྱུར་བའམ་ཡང་ན་རྣམ་པར་སྨིན་པར་མི་འགྱུར་བ་ཉིད་དེ། རང་བཞིན་གཞན་ཉིད་དུ་བསྒྱུར་བར་མི་ནུས་པའི་ཕྱིར་རོ། །ལས་ཀྱི་འབྲས་བུ་མཐོང་བ་མེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་མཁས་པས་འཇིག་རྟེན་པའི་དོན་

ལ་ཇི་སྐད་བཤད་པའི་རྣམ་པར་དཔྱད་པ་དེ་ཁོ་ན་ཉིད་མཐོང་བ་དང་རྗེས་སུ་མཐུན་པ་མ་བཅུག་པར་ལས་རྣམས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ཉིད་དུ་ཁས་བླངས་ཏེ་སྤྲུལ་པ་ལས་སྤྲུལ་པ་འབྱུང་བའི་ཚུལ་དུ་འཇིག་རྟེན་པ་ཐམས་ཅད་ཁས་བླང་བར་བྱའོ། །མཐོང་བ་ལ་ནི་བསྙོན་

เล่ม ๑๐๓ · หน้า 202a

པར་མི་ནུས་ལ། གང་མིག་འབྱུང་བ་ལས་གྱུར་པ་ཡིན་ཡང་གཟུགས་ཁོ་ན་མཐོང་གི་སྒྲ་མི་ཐོས་སོ་ཞེས་བྱ་བ་ལ་སོགས་པ་འདི་ནི་མཐོང་བ་ཡང་ཡིན་ནོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ། དེས་ན་ངེས་པར་ལས་རྣམ་སྨིན། །ཐུབ་པ་བསམ་མི་ཁྱབ་པར་གསུངས། །

དངོས་པོ་རང་བཞིན་མེད་པ་རྣམས་ཀྱང་བྱ་བའི་འབྲས་བུ་ངེས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས། སེམས་ཅན་ལས་ཀྱི་རྣམ་སྨིན་བསམ་ཡས་པས། །རླུང་ལས་འཇིག་རྟེན་འདི་ཀུན་འབྱུང་འགྱུར་ཏེ། །མཚོ་དང་རི་དང་ལྷ་ཡི་གཞལ་མེད་ཁང་། །རིན་པོ་ཆེས་ཕྱེ་ས་བོན་བཀྲམ་རྣམས་སོ། །

རླུང་ལས་བྱུང་བའི་སྤྲིན་གྱིས་ཆར་འབེབས་ཤིང་། །སླར་ཡང་རླུང་གིས་སྤྲིན་ནི་རབ་ཏུ་འཇིལ། །རླུང་ལས་འཇིག་རྟེན་ལོ་ཏོག་རྒྱས་འགྱུར་ཏེ། །རླུང་གིས་འགྲོ་བ་ཀུན་ལ་བདེ་བ་འདྲེན། །ཞེས་བྱ་བ་དང་། དེ་བཞིན་དུ། གང་དག་སྲིད་པར་གྱུར་ཡང་སྲིད་པའི་སྐྱོན་ལས་གྲོལ་བ་རྣམས། །

སྟོང་པར་སྨྲ་ཞིང་ལས་ཀྱི་འབྲས་བུའང་འདོར་མི་འགྱུར། །གང་དག་ཤེས་པས་དྲི་མ་བསྲེགས་ཀྱང་བརྩེས་བརླན་པ། །སྤྱོད་པ་བདག་མེད་དབང་བསྒྱུར་དེ་དག་ཀྱང་དཀྲིས་འགྱུར། །ཞེས་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པར་གསུངས་སོ། །འདིར་སྨྲས་

པ། མིག་ལ་སོགས་པ་ནི་རང་བཞིན་གྱིས་ཡོད་པ་ཉིད་དེ། དེའི་འབྲས་བུ་རྣམ་པར་ཤེས་པ་མཐོང་བའི་ཕྱིར་རོ། །བཤད་པར་བྱ་སྟེ། གལ་ཏེ་དེའི་འབྲས་བུ་རྣམ་པར་ཤེས་པ་ཉིད་ཡོད་ན་ནི་མིག་ལ་སོགས་པ་ཡོད་པར་འགྱུར་ན་སྲིད་པ་ནི་མ་ཡིན་ནོ། །ཇི་ལྟ་ཞེ་ན། དེ་ལ་རེ་ཞིག །རྐྱེན་

མ་ཚང་ཕྱིར་ཤེས་པ་ནི། །ལྟ་བའི་སྔ་རོལ་ཡོད་མ་ཡིན། །འོན་ཏེ་ཕྱིས་ན་ཤེས་དོན་མེད། །གསུམ་པར་བྱེད་པ་དོན་མེད་འགྱུར། །རེ་ཞིག་ལྟ་བའི་སྔ་རོལ་དུ་ནི་མིག་གི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་ནོ། །མིག་གི་ལྟ་བ་བདག་པོའི་རྐྱེན་མ་ཚང་བའི་ཕྱིར་རོ། །ཅི་སྟེ་ལྟ་བའི་འོག་རོལ་

དུ་རྟོག་ན་ནི་དེའི་ཚེ་ཤེས་པ་དོན་མེད་དེ། གལ་ཏེ་རྣམ་པར་ཤེས་པ་མེད་པའི་མིག་གིས་གཟུགས་མཐོང་ན་ནི་འོ་ན་རྣམ་པར་ཤེས་པ་ཡོངས་སུ་རྟོག་པ་དོན་མེད་དོ། །གསུམ་པར་བྱེད་པ་དོན་མེད་འགྱུར་ཏེ་རྟོག་པ་གསུམ་པ་ནི་ལྟ་བ་དང་ཤེས་པ་གཉིས་ཅིག་ཅར་འབྱུང་བ་སྟེ། དེ་ལ་རྒྱུ་

เล่ม ๑๐๓ · หน้า 202b

དོན་མེད་དོ། །འདི་ལྟ་བས་ན་ལྟ་བ་སྟེ་བྱེད་པ་དེ་དོན་མེད་པར་འགྱུར་རོ། །ལྟ་བ་དང་ཤེས་པ་གཉིས་ཅིག་ཅར་ཡོད་ན་ནི་རྣམ་པར་ཤེས་པ་གང་ཞིག་ལྟ་བ་དང་དུས་མཚུངས་པ་དེ་ལྟ་བ་ལ་རག་ལས་ཏེ་འབྱུང་བར་མི་རིགས་སོ། །བ་ལང་གི་རྭ་གཡས་གཡོན་ལྷན་ཅིག་འབྱུང་བ་དག་ལ་ནི་ཅིག་

ཤོས་ལ་རག་ལས་ཏེ་སྐྱེ་བ་ཉིད་མི་སྲིད་དེ། དེ་བཞིན་དུ་ལྟ་བ་དང་ལྷན་ཅིག་འབྱུང་བའི་རྣམ་པར་ཤེས་པ་ལྟ་བ་ལ་རག་ལས་ཏེ་སྐྱེ་བ་ཉིད་དུ་མི་འགྱུར་བས་ལྟ་བ་དོན་མེད་པ་ཁོ་ནར་འགྱུར་རོ། །ཅི་སྟེ་སྒྲོན་མ་དང་འོད་བཞིན་དུ་དུས་མཉམ་པ་དག་ཡིན་ཡང་ལྟ་བ་ལ་རག་ལས་ཏེ་གནས་པ་ཉིད་

དུ་འགྱུར་རོ་སྙམ་དུ་སེམས་ན། དེ་ཡང་ཡོད་པ་མ་ཡིན་ཏེ། དེར་ཡང་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་རོ། །འཇིག་རྟེན་པའི་མཐོང་བས་དེ་ཁོ་ན་ཉིད་མཐོང་བ་གསལ་བར་རིགས་པ་ཡང་མ་ཡིན་ཏེ། དེ་ནི་འཇིག་རྟེན་པ་ཁོ་ན་ལས་ཚད་མ་ཉིད་ཡིན་པའི་ཕྱིར་དང་། དེས་དམིགས་

པའི་དོན་ཡང་བརྫུན་པ་བསླུ་བའི་ཆོས་ཅན་ཉིད་དུ་སྒྲུབ་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་རྣམ་པར་ཤེས་པ་མི་སྲིད་པ་དེའི་ཚེ་དེ་ཡོད་པས་མིག་ལ་སོགས་པ་རྣམས་ཡོད་པར་བརྟག་པ་གང་ཡིན་པ་དེ་ནི་མི་རིགས་སོ། །འདིར་སྨྲས་པ། མིག་ནི་བྱེད་པའི་ངོ་བོར་མ་ཡིན་པ་ཁོ་ན་སྟེ། འོ་ན་ཅི་ཞེ་ན།

བྱེད་པ་པོ་ཉིད་དོ། །བྱེད་པ་པོ་དངོས་པོར་ཁས་བླངས་པའི་ཕྱིར། གསུམ་པར་བྱེད་པ་དོན་མེད་འགྱུར། །ཞེས་གང་སྨྲས་པ་དེ་ནི་མི་རིགས་སོ། །དེ་ལྟར་བརྟགས་ན་ཡང་མིག་ལྟ་བའི་བྱ་བ་དང་བྲལ་བ་ཉིད་དུ་འགྱུར་རོ། །ཇི་ལྟ་ཞེ་ན། གལ་ཏེ་མིག་གིས་གཟུགས་དེ་ལྟ་བ་ན་ཡུལ་

གྱི་ཡུལ་དུ་སོང་ནས་སམ་མ་སོང་བར་ལྟ་གྲང་ན། གཉི་ག་ལྟར་ཡང་སྐྱོན་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། མིག་དེ་འགྲོས་དང་ལྡན་འགྱུར་ན། །ཐག་རིང་ཡུན་རིང་གིས་མཐོང་འགྱུར། །ཧ་ཅང་ཉེ་དང་ཆེས་རིང་དུ། །གཟུགས་དེ་གསལ་བ་ཅི་སྟེ་མིན། །གལ་ཏེ་མིག་

ཕྲད་ན་འཛིན་པའི་ཕྱིར་ཡུལ་གྱི་ཡུལ་དུ་འགྲོ་ན་ནི་དེའི་ཚེ་ཕྱེ་བ་ཙམ་གྱིས་ཟླ་བ་དང་སྐར་མ་ལ་སོགས་པའི་དོན་དག་འཛིན་པར་མི་འགྱུར་རོ། །འགྲོ་བའི་དུས་ཐ་དད་པའི་ཕྱིར་ན་འགྲོ་བ་དང་ལྡན་པའི་དོན་གྱིས་ཡུལ་ཉེ་བར་འཛིན་པ་དང་། དུས་མཉམ་པར་ཡུལ་ཐག་རིང་བར་འཛིན་

เล่ม ๑๐๓ · หน้า 203a

པ་ནི་མི་རིགས་ན། ཕྱེ་བ་ཙམ་གྱིས་མིག་གིས་ཐག་རིང་བ་ན་གནས་པ་ཡང་ཉེ་བ་ན་གནས་པ་ལྟར་མཐོང་བ་ཡང་ཡིན་པས་འདི་ནི་མི་རིགས་སོ། །གལ་ཏེ་ཡང་མིག་ཕྲད་ནས་འཛིན་པར་འགྱུར་ན་ནི་དེའི་ཚེ་ཧ་ཅང་ཉེ་བར་ཡང་མིག་ལ་གནས་པའི་མིག་སྨན་ནམ་

ཐུར་མ་མཐོང་བར་འགྱུར་ལ། ཐག་རིང་པོར་ཡང་གསལ་བར་མཐོང་བར་འགྱུར་ན། འདི་ནི་སྲིད་པ་ཡང་མ་ཡིན་པས་འདི་མི་རིགས་སོ། །གཞན་ཡང་གལ་ཏེ་མིག་གིས་ཕྱིན་ནས་གཟུགས་མཐོང་ན། དེ་ཅི་སྟེ་མཐོང་ནས་དེའི་ཡུལ་དུ་འགྲོ་འམ་འོན་ཏེ་མ་མཐོང་བ་ཡིན།

དེ་ལས་ཅིར་འགྱུར། གཉི་ག་ལྟར་ཡང་སྐྱོན་དུ་འགྱུར་རོ་ཞེས་བཤད་པ། གལ་ཏེ་གཟུགས་མཐོང་མིག་འགྲོ་ན། །སོང་བས་ཡོན་ཏན་འགའ་ཡང་མེད། །ཡང་ན་བལྟ་བྱར་འདོད་པ་ནི། །ངེས་པར་བྱ་བ་བརྫུན་པར་འགྱུར། །གལ་ཏེ་གཟུགས་མཐོང་ནས་གཟུགས་ཀྱི་

ཡུལ་དུ་མིག་འགྲོ་སྙམ་དུ་རྟོགས་ན་ནི་འགྲོ་བ་སྟེ་དོང་བས་མིག་ལ་དགོས་པ་ཅི་ཡང་མེད་དོ། །མིག་འགྲོ་བ་ནི་ཡུལ་བལྟ་བར་བྱ་བའི་ཕྱིར་ཡིན་ན། དེ་ཡུལ་དེ་ཡང་སྔ་ཉིད་དུ་འདི་ན་གནས་པ་མཐོང་བས་འགྲོ་བ་ལ་དགོས་པ་ཅི་ཡང་མེད་དོ། །ཅི་སྟེ་མ་མཐོང་བར་འགྲོ་ན་ནི་དེའི་ཚེ་

བལྟ་བར་འདོད་པའི་ཡུལ་ངེས་པར་མཐོང་བར་མི་འགྱུར་རོ། །མ་མཐོང་བར་མངོན་པར་མ་རྟོགས་པའི་ཡུལ་དུ་འགྲོ་བའི་ཕྱིར་ལོང་བ་ལྟར་བལྟ་བར་བྱ་བའི་ཡུལ་ངེས་པར་མཐོང་བར་མི་འགྱུར་རོ། །ཅི་སྟེ་སྐྱོན་འདི་སྤང་བར་འདོད་ནས་གལ་ཏེ། མིག་མ་སོང་བར་འཛིན་ན་ནི།

འགྲོ་བ་འདི་ཀུན་མཐོང་འགྱུར་ཏེ། །གང་ལ་འགྲོ་བ་ཡོད་མིན་པ། །དེ་ལ་རིང་མེད་སྒྲིབ་པ་འང་མེད། །གང་ཞིག་མིག་དང་ཡིད་དང་རྣ་བ་ནི་ཡུལ་དང་མ་ཕྲད་པ་ཡིན་ནོ་ཞེས་བྱ་བའི་ལུང་ལས་ནི་མིག་གི་ཡུལ་དང་མ་ཕྲད་པ་ཁོ་ནའོ་སྙམ་དུ་སེམས་པ་དེ་ལ་བརྗོད་པར་བྱ་སྟེ། རེ་

ཞིག་ལུང་དང་འགལ་བ་ནི་མེད་དེ་ཕྲད་ནས་འཛིན་པ་ཉིད་ཙམ་ཞིག་འགོག་པ་ལྷུར་བྱེད་པའི་ཕྱིར་རོ། །འགའ་ཞིག་ཏུ་ནི་སྒྲུབ་པ་གཙོ་བོ་ཉིད་ཡིན་ཏེ་གང་དུ་དེ་མི་འགལ་བའོ། །ལ་ལར་ནི་དགག་པ་གཙོ་བོ་ཉིད་ཡིན་ཏེ་གང་དུ་དེ་མི་འགལ་བའོ། །དེའི་ཕྱིར་འདི་ལ་རྣམ་པར་

เล่ม ๑๐๓ · หน้า 203b

དཔྱད་པ་སྲིད་པས་ཕྲད་ནས་འཛིན་པ་ཉིད་བཀག་པ་ཙམ་གྱིས་ཡུལ་དང་མི་ཕྲད་པ་ཉིད་དུ་རྣམ་པར་གཞག་སྟེ། སྒྲུབ་པའི་སྒོ་ནས་ཡུལ་དང་མ་ཕྲད་པ་ཉིད་དུ་རྟོག་ན་ནི་འདི་ན་གནས་པའི་མིག་ཁོ་ནས་འགྲོ་བ་ཐམས་ཅད་མཐོང་བར་འགྱུར་རོ། །འདི་ལྟར་གང་ལ་འགྲོ་བ་ཡོད་པ་མ་ཡིན་

པ་དེ་ལ་ཐག་རིང་བ་ག་ལ་ཡོད་དེ་འདིས་ནི་ཉེ་བ་ན་གནས་པའི་དོན་ཡང་མ་སོང་བར་བལྟ་བར་བྱ་བ་ཡིན་ལ། ཐག་རིང་བ་ན་གནས་པ་ཡང་ཡིན་པས། ཐག་རིང་བར་བྱས་པའི་ཁྱད་པར་དུ་མི་འགྱུར་རོ། །གང་གི་ཚེ་མ་སོང་བར་མཐོང་བ་དེའི་ཚེ་འདི་ན་གནས་པ་བཞིན་ཐག་རིང་པོ་ན་

གནས་པ་ཡང་མཐོང་བར་འགྱུར་ལ། དེ་བཞིན་དུ་བསྒྲིབས་པ་ཡང་མཐོང་བར་འགྱུར་རོ། །འགྲོ་བ་ཡོད་ན་ནི་བསྒྲིབས་པས་དེ་བཅོམ་པའི་ཕྱིར་བསྒྲིབས་པ་མི་མཐོང་ངོ་ཞེས་བྱ་བར་རིགས་ན། གང་གི་ཚེ་མ་སོང་བར་བལྟ་བར་བྱ་བ་ཡིན་པ་དེའི་ཚེ་ནི་བསྒྲིབས་པ་ལ་ཡང་འགྲོ་བའི་

གེགས་མེད་པས་མ་བསྒྲིབས་པ་བཞིན་མཐོང་བར་འགྱུར་རོ། །ཡང་གལ་ཏེ་མིག་ལྟ་བའི་རང་བཞིན་དུ་འགྱུར་ན་ནི་དེའི་ཚེ་ཐམས་ཅད་དུ་རང་བཞིན་མི་ཉམས་པའི་ཕྱིར་རང་གི་ངོ་བོ་ལ་ཡང་བལྟ་བར་འགྱུར་རོ། །འདི་ལྟར་འཇིག་རྟེན་ན། དངོས་པོ་ཀུན་གྱི་རང་བཞིན་ནི། །དང་

པོར་བདག་ལ་སྣང་འགྱུར་ན། །མིག་ནི་མིག་ཉིད་ཀྱིས་འཛིན་པ། །གང་ཞིག་གིས་ནི་འགྱུར་མ་ཡིན། །གལ་ཏེ་ཇི་ལྟར་མེ་ཏོག་ཙམ་པ་ཀ་དང་ཨུཏྤལ་ལ་སོགས་པ་དག་གི་དྲི་བསུང་དང་པོར་རང་གི་རྟེན་ཉིད་ལ་དམིགས་ཏེ། ཕྱིས་དེ་དག་ཕྲད་པ་ལས་ཏིལ་ལ་སོགས་པ་དག་

ལ་ཡང་ཡིན་པ་དང་། ཡང་ཇི་ལྟར་རང་ལ་གནས་པའི་མེའི་ཚ་བ་དེ་དང་འབྲེལ་པ་ལས་གཞན་གྱི་བདག་ཉིད་ལ་དམིགས་པ་དེ་བཞིན་དུ་མིག་ལྟ་བའི་རང་བཞིན་དུ་གྱུར་ན་ནི་དེའི་ཚེ་དེ་རང་གི་བདག་ཉིད་ཁོ་ན་ལ་ལྟ་བར་འགྱུར་ཏེ། ཅིའི་ཕྱིར་མིག་མིག་ཉིད་ཀྱིས་འཛིན་པར་མི་འགྱུར།

དངོས་པོ་རྣམས་ཀྱི་རང་བཞིན་ཡང་ཆེས་དང་པོར་རང་གི་བདག་ཉིད་ལ་ཡོད་པའི་ཕྱིར་མིག་ཁོ་ནས་མིག་འཛིན་པར་རིགས་ན་མིག་ནི་རང་གི་བདག་ཉིད་ལ་བལྟ་བ་ཡང་མ་ཡིན་པས་བོང་བ་ལ་སོགས་པ་ལྟར་གཞན་ལ་ལྟ་བ་ཡང་མ་ཡིན་པས་དེ་ལ་མི་སྲིད་དོ། །གང་ཞིག་མིག་

เล่ม ๑๐๓ · หน้า 204a

འབའ་ཞིག་ལ་གཟུགས་ལྟ་བའི་ནུས་པ་མེད་ཀྱི། འོན་ཀྱང་མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་གསུམ་ཚོགས་པ་ཡོད་དང་གཟུགས་མཐོང་བར་འགྱུར་རོ་སྙམ་དུ་སེམས་པ་དེ་ཡང་སྙིང་པོ་མེད་དེ། གང་གི་ཕྱིར། མིག་ལ་རྣམ་ཤེས་ཡོད་མིན་

ཞིང་། །རྣམ་པར་ཤེས་པ་ལྟ་མེད་ལ། །གཉི་ག་གཟུགས་ལ་ཡོད་མིན་ན། །དེ་དག་གིས་གཟུགས་ཇི་ལྟར་མཐོང་། །དེ་ལ་རེ་ཞིག་མིག་ལ་རྣམ་པར་ཤེས་པ་མེད་དོ། མིག་གིས་ནི་ཡུལ་རྣམ་པར་ཤེས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་མ་ཡིན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །

མིག་ནི་འབྱུང་བ་ལས་གྱུར་པ་ཡིན་ཏེ། བེམས་པོ་ཡིན་པས་དེ་ལ་ཡུལ་རྟོག་པ་མི་སྲིད་དོ། །དེ་ལྟར་ན་མིག་ལ་རྣམ་པར་ཤེས་པ་མེད་དོ། །རྣམ་པར་ཤེས་པ་ལ་ཡང་མིག་མེད་དོ། །དེ་ནི་གཟུགས་ཅན་མ་ཡིན་པ་ཞིག་སྟེ། དེ་ལ་ལྟ་བ་ག་ལ་ཡོད་དེ་མེད་པས་ན་ལོང་བ་ལྟར་མི་མཐོང་

ངོ་། །གཟུགས་ལ་ནི་གཉི་ག་ཡང་ཡོད་པ་མ་ཡིན་ནོ། །རྣམ་པར་ཤེས་པ་ནི་མ་ཡིན་ཏེ། རྟོག་པའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །ལྟ་བ་ཡང་མ་ཡིན་ཏེ། ལྟ་བ་མ་ཡིན་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་

དོན་ཕན་ཚུན་མ་ཚང་བ་དེའི་ཚེ་དེ་དག་ཚོགས་པར་ཡོད་ཀྱང་དེ་དག་གིས་གཟུགས་མཐོང་བ་མ་ཡིན་པ་ཉིད་དེ། གཟུགས་ལྟ་བའི་ཡན་ལག་མ་ཚང་བའི་ཕྱིར་ལོང་བའི་ཚོགས་བཞིན་ནོ་སྙམ་དུ་དགོངས་སོ། །གང་གི་ཚེ་དེ་ལྟར་གཟུགས་ལ་ལྟ་བ་མེད་པ་དེའི་ཚེ་དེ་ཉིད་

རིགས་པ་སུ་ཞིག་གིས་གཟུགས་མཐོང་ངོ་ཞེས་བྱ་བར་བརྗོད་པའམ་ལྟ་བར་འོས། ཇི་ལྟར་དེ་ཁོ་ན་ཉིད་རིག་པས་གཟུགས་ལྟ་བར་མི་འོས་པ་དེ་བཞིན་དུ་སྒྲ་ཡང་མཉན་པར་མི་འོས་ཏེ། གཟུགས་ལྟ་བ་བཞིན་སྒྲ་ཉན་པ་ཡང་མེད་པའི་ཕྱིར་རོ། །འདི་ན་གལ་ཏེ་སྒྲ་

ཐོས་ན་དེ་ཉན་པའི་ཡུལ་དུ་ཕྱིན་པའམ་མ་ཕྱིན་པ་ཞིག་ཐོས་གྲང་ན། གལ་ཏེ་རེ་ཞིག་ཕྱིན་ཏེ་ཐོས་ན་དེ་ཉན་པའི་ཡུལ་དུ་འགྲོ་བ་ན་སྒྲ་འབྱིན་ཞིང་འགྲོ་བའམ་སྒྲ་མེད་པ་ཡིན། དེ་ཡང་གལ་ཏེ་རྟོག་པ་དང་པོ་ཡིན་ན་ནི་དེའི་ཚེ་གལ་ཏེ་སྨྲ་ཞིང་སྒྲ་འགྲོ་ན། གང་གིས་སྨྲ་བ་པོར་མི་

เล่ม ๑๐๓ · หน้า 204b

འགྱུར། །འོན་ཏེ་མི་སྨྲ་བར་འགྲོ་ནའང་། །གང་གིས་དེ་ལ་ཤེས་པ་སྐྱེ། །དེའི་ཕྱིར་སྨྲ་བ་པོ་ཡིན་པའི་ཕྱིར་ལྷ་སྦྱིན་ལྟར་སྒྲར་མི་འགྱུར་རོ། །ཅི་སྟེ་མི་སྨྲ་བར་འགྲོ་ན་ནི་དེའི་ཚེ་སྒྲ་མེད་པར་འགྲོ་བའི་སྒྲ་དེ་ལ་འདི་ནི་སྒྲའོ་སྙམ་དུ་ངེས་པར་སུ་ཞིག་ལ་འགྱུར། མ་བཟུང་བ་དེ་ནི་ཡོད་པ་

ཉིད་ཀྱང་མ་ཡིན་པས་འདི་ནི་མི་རིགས་སོ། །གཞན་ཡང་། གལ་ཏེ་ཕྲད་དེ་སྒྲ་འཛིན་ན། །སྒྲ་ཡི་དང་པོ་གང་གིས་འཛིན། །སྒྲ་ནི་རྐྱང་པའང་མི་འོང་ན། །རེང་བུ་ཇི་ལྟར་འཛིན་པར་འགྱུར། །གལ་ཏེ་རྣ་བའི་དབང་པོའི་གནས་སུ་ཕྱིན་པའི་སྒྲ་འཛིན་ན་འོ་ན་ནི་དེའི་དབང་པོ་གང་གིས་

འཛིན། །ཕྲད་ནས་འཛིན་པའི་ཕྱིར་རྣ་བ་ལ་ནི་སྒྲའི་དང་པོར་འཛིན་པ་མེད་ལ། དེའི་འཛིན་པར་བྱེད་པའི་དབང་པོ་གཞན་ཡང་ཡོད་པ་མ་ཡིན་པས་འདི་དབང་པོ་གང་གིས་ཀྱང་མི་འཛིན་ནོ། །དེའི་ཕྱིར་མ་བཟུང་བའི་དོན་དེ་ནི་སྒྲ་ཉིད་དུ་མི་འགྱུར་རོ་སྙམ་དུ་དགོངས་སོ། །སྒྲའི་

རྡུལ་ཕྲ་རབ་ནི་རྫས་དགུའི་བདག་ཉིད་ཡིན་པའི་ཕྱིར་སྒྲ་ནི་རྐྱང་པར་མི་འོང་ན། ཁྱོད་ཀྱིས་ནི་སྒྲ་ཙམ་ཞིག་ཁོ་ན་རྣ་བས་འཛིན་གྱི། དྲི་ལ་སོགས་པ་དག་ནི་མ་ཡིན་ནོ་ཞེས་ཏེ་མི་རིགས་སོ། །རྣམ་པ་གཅིག་ཏུ་ན་སྒྲ་ཡང་མི་འཛིན་པར་འགྱུར་བའམ། ཡང་ན་དྲི་ལ་སོགས་པ་

དག་ཀྱང་ཟུང་ཤིག །འདི་ནི་དེ་ལྟར་ཡང་མ་ཡིན་པས་སྒྲ་ཕྲད་པའི་ཡུལ་ཉིད་མ་ཡིན་ནོ། །ཅི་སྟེ། གལ་ཏེ་ཕྲད་དེ་སྒྲ་འཛིན་ན། །སྒྲ་ཡི་དང་པོ་གང་གིས་འཛིན། །ཞེས་གང་སྨྲས་ན། གལ་ཏེ་དེའི་དང་པོ་མ་བཟུང་ན་དེའི་ཚེ་ཉེས་པ་ཅི་ཞིག་ཡོད་ཅེ་ན། གང་ཞིག་དེའི་

སྒྲ་ཉིད་ཉམས་པར་འགྱུར་བ་འདི་ནི་ཉེས་པ་ཡིན་ནོ། །འདི་ལྟར། ཇི་སྲིད་སྒྲ་ཐོས་མ་གྱུར་པ། །དེ་ཡི་བར་དུ་སྒྲར་མི་འགྱུར། །སྒྲ་མེད་པ་ཡང་མཐར་སྒྲ་ཉིད། །འགྱུར་ན་དེ་ནི་མི་རིགས་སོ། །གང་ཞིག་མི་ཐོས་པ་དེ་ནི་ཐོས་བཞིན་པ་མ་ཡིན་པའི་ཕྱིར་དྲི་ལ་སོགས་པ་ལྟར་སྒྲ་

ཉིད་དུ་མི་འགྱུར་རོ། །ཅི་སྟེ་གང་ཞིག་གི་ཚེ་ཐོས་པ་དེའི་ཚེ་སྒྲར་འགྱུར་རོ་སྙམ་དུ་སེམས་ན། འདི་ཡང་སྲིད་པ་མ་ཡིན་ནོ། །དྲི་ལ་སོགས་པ་ཕྱིས་སྒྲ་ཉིད་དུ་མཐོང་བ་ནི་མ་ཡིན་ཏེ་དེ་བཞིན་དུ་སྒྲ་མེད་པ་འདི་ཡང་ཕྱིས་སྒྲ་ཉིད་དུ་མི་རིགས་སོ། །བཅོམ་ལྡན་འདས་ཀྱིས། ཡིད་དུ་

เล่ม ๑๐๓ · หน้า 205a

འོང་བའི་སྒྲ་གང་ཐོས་གྱུར་པ། །དེ་ནི་ནམ་ཡང་ནང་དུ་ཞུགས་པ་མེད། །དེ་ཡི་འཕོ་བ་རྙེད་པར་མི་འགྱུར་མོད། །རྟོག་པའི་དབང་གིས་སྒྲ་ནི་འབྱུང་བར་འགྱུར། །ཞེས་བྱ་བ་དང་། དེ་བཞིན་དུ། དཔེར་ན་ཤིང་དང་རྒྱུད་ལ་བརྟེན་བྱས་ལ། །ལག་པས་

རྩོལ་བ་བྱས་པ་གསུམ་ཚོགས་ན། །སྒྲོགས་བྱེད་པི་ཝང་གླིང་བུ་ལ་སོགས་པ། །དེ་དག་ལས་ནི་སྒྲ་ཡང་འབྱུང་བར་འགྱུར། །དེ་ནས་མཁས་པ་ལ་ལས་བརྟག་བྱ་སྟེ། །དེ་ནི་གང་ནས་འོངས་ལ་གར་སོང་ཞེས། །ཕྱོགས་དང་ཕྱོགས་མཚམས་ཀུན་དུ་བརྟག་བྱས་ན། །སྒྲ་ཡི་འགྲོ་

བའམ་འོང་བ་མི་དམིགས་སོ། །ཞེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །དེ་ལྟར་རེ་ཞིག་དབང་པོ་རྣམས་ལ་ཡུལ་འཛིན་པའི་ནུས་པ་མེད་པར་བརྗོད་ནས་ཡིད་ལ་ཡང་ཡུལ་དེ་འཛིན་པའི་ནུས་པ་མེད་པར་བརྗོད་པའི་ཕྱིར་བཤད་པ། དབང་པོ་རྣམས་དང་བྲལ་སེམས་ཀྱིས། །སོང་

སྟེའང་ཅི་ཞིག་བྱེད་པར་འགྱུར། །གལ་ཏེ་སེམས་ཡུལ་གྱི་ཡུལ་དུ་སོང་ནས་ཡུལ་ཡོངས་སུ་གཅོད་པར་བྱེད་དོ་སྙམ་དུ་རྟོག་ན་དེ་ནི་མི་རིགས་སོ། །འདི་ན་སེམས་འདི་དབང་པོ་དང་ལྷན་ཅིག་པ་ཞིག་ཡུལ་གྱི་ཡུལ་དུ་འགྲོའམ། རེང་བུ་ཞིག་ཡིན་གྲང་ན། དེ་ལ་རེ་ཞིག་དབང་པོ་དང་བཅས་

པ་ནི་མི་འགྲོ་སྟེ། དབང་པོ་རྣམས་ནི་རྟག་ཏུ་ལུས་ཁོ་ན་ལ་ཉེ་བར་གནས་པའི་ཕྱིར་ལ་འགྲོ་བ་ཡིན་ན་ལུས་དབང་པོ་མེད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །ཅི་སྟེ། རེང་བུ་འགྲོ་ན་དེའི་ཚེ་ཡང་། །དབང་པོ་རྣམས་དང་བྲལ་སེམས་ཀྱིས། །སོང་སྟེའང་ཅི་ཞིག་བྱེད་པར་འགྱུར། །མིག་ལ་སོགས་པ་དབང་

པོའི་སྒོ་སྤངས་པ་དེ་ལ་ནི་གཟུགས་ལ་སོགས་པ་ལྟ་བ་ལ་སོགས་པའི་ནུས་པ་ཡོད་པ་མ་ཡིན་ཏེ། ལོང་བ་ལ་སོགས་པ་རྣམས་ལ་ཡང་ལྟ་བ་ལ་སོགས་པ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཡང་ཅི་ཞིག་ལྟར་འདི་ལ་ཡང་ཡུལ་གྱི་ཡུལ་དུ་འགྲོ་བས་དོན་དམིགས་པར་རྟོག་ན་དེའི་ཚེ་

ན་ཡང་དོན་རྟོགས་པ་མཐར་ཐུག་པ་མེད་པའི་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་ལྟར་ཡིན་དང་སྲོག་འདི་ནི། །རྟག་ཏུ་ཡིད་མེད་ཅི་སྟེ་མིན། །དུས་ཐམས་ཅད་དུ་བདག་སེམས་མེད་པ་ཁོ་ནར་འགྱུར་ན། སེམས་མེད་པ་ནི་བདག་ཉིད་དུ་སྲིད་པར་རིགས་པ་ཡང་མ་ཡིན་ཏེ། ཀ་བ་དང་བུམ་པ་

เล่ม ๑๐๓ · หน้า 205b

ལ་སོགས་པ་རྣམས་ཀྱང་བདག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་རིགས་པས་རྣམ་པར་དཔྱད་པ་ན་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ལ་ཡོད་པའི་ངོ་བོ་མེད་པས་རང་གི་ངོ་བོས་གྲུབ་པ་མེད་དོ། །གལ་ཏེ་འདི་རྣམས་རང་གི་ངོ་བོས་གྲུབ་པར་འགྱུར་ན་ནི་

དེའི་ཚེ་འཐད་པས་རྣམ་པར་དཔྱད་པ་རྣམས་ཆེས་གསལ་བར་ཇི་ལྟར་གནས་པའི་ངོ་བོས་ཡོད་པ་ཉིད་དུ་དམིགས་པར་འགྱུར་ན་དམིགས་པ་ཡང་མ་ཡིན་ཏེ་དེའི་ཕྱིར་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་གྲུབ་བོ། །གལ་ཏེ་དེ་རྣམས་ལ་རང་བཞིན་མེད་ན་འོ་ན་གང་ཞིག་བྱེ་བྲག་རྣམ་པར་

གཞག་པའི་རྒྱུ་ཉིད་དུ་སྟོན་པ་དེ་རྣམས་ཀྱི་ཁྱད་པར་ཡོངས་སུ་གཅོད་པར་བྱེད་པའི་བདག་ཉིད་ཅན་གྱི་འདུ་ཤེས་ཀོ་ཇི་ལྟར་ཞེ་ན། བརྗོད་པར་བྱ་སྟེ། དངོས་པོ་རྣམས་ཡོད་ན་ནི། དེ་རྣམས་ཀྱི་བྱེ་བྲག་ཡོངས་སུ་གཅོད་པའི་བདག་ཉིད་ཅན་གྱི་འདུ་ཤེས་རིགས་ན།

གང་གི་ཚེ་དངོས་པོ་དེ་རྣམས་ཡོད་པ་མ་ཡིན་པ་ཉིད་དུ་བསྟན་པ་དེའི་ཚེ། དེ་རྣམས་ཀྱི་སྒོ་ནས་འདུ་ཤེས་དེ་རང་གི་ངོ་བོས་གྲུབ་པར་ག་ལ་འགྱུར། །གལ་ཏེ་ཡུལ་ཡོངས་སུ་གཅོད་པ་འདི་རྣམ་པ་ཐམས་ཅད་དུ་མེད་དམ་ཞེ་ན། མེད་པ་མ་ཡིན་ཏེ། རང་བཞིན་མེད་པའི་དངོས་

པོས་ཡོད་པའི་ཕྱིར་རོ། །འདི་ལྟར། སྔར་མཐོང་བ་ཡི་དོན་གང་ཞིག །ཡིད་ཀྱིས་སྨིག་རྒྱུ་ལྟར་འཛིན་པ། །དེ་ནི་ཆོས་ཀུན་རྣམ་གཞག་ལ། །འདུ་ཤེས་ཕུང་པོ་ཞེས་བྱའོ། །འདི་ན་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེས་ནས་འགག་པ་ན་དབང་པོ་དང་ཡུལ་

རྣམས་དང་ལྷན་ཅིག་འགག་པར་འགྱུར་རོ། །དེ་འགགས་ན་སྔར་མཐོང་བའི་དོན་གང་ཡིན་པ་དེ་ཉིད་ཕྱིས་ཡིད་ཀྱིས་འཛིན་ཏོ། །ཡང་ཇི་ལྟར་ཉེ་བ་མ་ཡིན་པ་ལ་འཛིན་པ་སྲིད་ཅེ་ན། སྨིག་རྒྱུ་ལྟར་ཞེས་བྱ་བ་སྨོས་ཏེ། སྨིག་རྒྱུ་ལ་ཆུ་བག་ཙམ་ཀྱང་མེད་མོད་ཀྱི། འོན་ཀྱང་རྒྱུ་དང་རྐྱེན་

གྱི་དབང་གིས་ཆུའི་རྣམ་པ་ཅན་གྱི་འདུ་ཤེས་འབྱུང་བ་ཉིད་ཡིན་པ་དེ་བཞིན་དུ་སྨིག་རྒྱུ་ལ་བྱ་བ་ལྟར་ཡོད་པ་མ་ཡིན་པའི་རང་བཞིན་ཅན་གྱི་དངོས་པོ་གཟུང་ཟིན་པ་ལ་ཡང་གང་རྣམ་པར་རྟོག་པ་ཅན་གྱི་རྣམ་པར་ཤེས་པ་སྐྱེ་བ་དེ་ནི་ཆོས་ཐམས་ཅད་རྣམ་པར་འཇོག་པའི་རྒྱུ་ཡིན་ནོ། །ཆོས་ཐམས་

เล่ม ๑๐๓ · หน้า 206a

ཅད་རྣམ་པར་འཇོག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ན་དེ་ཉིད་ལ་འདུ་ཤེས་ཕུང་པོ་ཞེས་བསྙད་དེ། རྣམ་པ་དེ་ལྟ་བུའི་འདུ་ཤེས་ཀྱི་ཁྱད་པར་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་རྣམ་པར་གཞག་པ་ཡང་འདུ་ཤེས་ཀྱི་དབང་གིས་ཤེས་

པར་བྱ་བའི་དངོས་པོ་རང་གི་ངོ་བོའི་རྒྱུ་ཅན་ནི་མ་ཡིན་ཏེ་རང་བཞིན་རྣམ་པ་ཐམས་ཅད་དུ་མི་རུང་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ནི་འོ་ན་འདུ་ཤེས་ཀྱི་ཕུང་པོ་རང་བཞིན་གྱིས་ཡོད་པ་ཡིན་ཏེ་དེ་མེད་ན་ནི་ཆོས་ཐམས་ཅད་རྣམ་པར་གཞག་པར་མི་ནུས་སོ་ཞེ་ན། བརྗོད་པར་བྱ་སྟེ།

འདུ་ཤེས་དེ་ཡང་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཕྱིར་རྣམ་པར་ཤེས་པ་དེ་མ་གཏོགས་པར་མེད་ལ། རྣམ་པར་ཤེས་པ་དེ་ཡང་འདུ་ཤེས་དེ་མ་གཏོགས་པར་མ་གྲུབ་པའི་ཕྱིར་རང་གི་ངོ་བོས་མེད་དོ། །འདི་ལས་ཀྱང་ཡིན་ཏེ། གང་གི་ཕྱིར། མིག་དང་གཟུགས་ལ་

བརྟེན་ནས་ཡིད། །སྒྱུ་མ་བཞིན་དུ་སྐྱེ་བར་འགྱུར། །གང་ཞིག་སྐྱེ་བར་བྱ་བའི་རྟེན་ཉིད་དུ་འབྱུང་བར་འགྱུར་བ་རྣམ་པར་ཤེས་པ་དེ་སྐྱེ་བའི་སྔ་རོལ་ན་ནི་ཡོད་པ་མ་ཡིན་ཏེ། མིག་ལ་སོགས་པའི་རྐྱེན་རྣམས་ཡོད་ཀྱང་རྣམ་པར་ཤེས་པའི་རང་གི་ངོ་བོ་མེད་པར་སྐྱེ་བའི་བྱ་བ་མི་

འཇུག་པའི་ཕྱིར་སྐྱེ་བ་མི་རིགས་ན། རྣམ་པར་ཤེས་པ་འདི་ནི་སྐྱེ་བ་མ་ཡིན་ནོ། །དེའི་ཕྱིར་སྒྱུ་མའི་ཆོས་ཉིད་ལས་མ་གཏོགས་པར་ཅི་ཞིག་ངེས་པར་བྱ་བར་ནུས། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་དཔེར་ན་སྒྱུ་མ་མཁན་ནམ་སྒྱུ་མའི་མཆན་བུ་ཞིག་གིས་ལམ་པོ་ཆེའི་

བཞི་མདོར་སྒྱུ་མའི་ལས་རྣམ་པ་སྣ་ཚོགས་སྟོན་པ་འདི་ལྟ་སྟེ་གླང་པོ་ཆེའི་ཚོགས་དང་རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དང་ཞེས་རྒྱ་ཆེར་འབྱུང་ཞིང་། དེ་སྐྱེས་བུ་མིག་དང་ལྡན་པ་ཞིག་ལྟ་བར་བྱེད་སེམས་པར་བྱེད་ཚུལ་བཞིན་དུ་ཡོངས་

སུ་རྟོག་པར་བྱེད་པ་ན་ལྟ་ཞིང་སེམས་ལ་ཚུལ་བཞིན་དུ་ཡོངས་སུ་རྟོག་པ་དེ་ལ་ཡོད་པ་མ་ཡིན་པར་ཡང་སྣང་། གསོག་དང་གསོབ་དང་སྙིང་པོ་མེད་པར་ཡང་སྣང་ངོ་། །དེ་ཅིའི་སླད་དུ་ཞེ་ན། ཅི་སྒྱུ་མ་བྱས་པ་དེ་ལ་སྙིང་པོ་ལྟ་ཡོད་དམ། དགེ་སློང་དག་དེ་བཞིན་དུ་རྣམ་པར་ཤེས་པ་

เล่ม ๑๐๓ · หน้า 206b

གང་ཅི་ཡང་རུང་བ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའམ་ནང་གི་འམ་ཕྱིའི་འམ། རགས་པའམ་ཕྲ་བའམ། ངན་པའམ་གྱ་ནོམ་པའམ་ཐག་རིང་པོ་ན་ཡོད་པ་གང་ཡིན་པའམ། ཉེ་བ་ན་ཡོད་པ་གང་ཡིན་པ་དེ་དགེ་སློང་ཞིག་ལྟ་བར་བྱེད། སེམས་པར་བྱེད་ཚུལ་བཞིན་

དུ་ཡོངས་སུ་རྟོག་པར་བྱེད་པ་ན་ལྟ་ཞིང་སེམས་ལ་ཚུལ་བཞིན་དུ་ཡོངས་སུ་རྟོག་པར་བྱེད་པ་དེ་ལ་ཡོད་པ་མ་ཡིན་པར་ཡང་སྣང་། གསོག་དང་གསོབ་དང་སྙིང་པོ་མེད་པ་དང་ནད་དང་འབྲས་དང་། ཟུག་རྔུ་དང་སྡིག་པ་དང་མི་རྟག་པ་དང་། སྡུག་བསྔལ་བ་དང་སྟོང་པ་དང་།

བདག་མེད་པར་ཡང་སྣང་ངོ་། །དེ་ཅིའི་སླད་དུ་ཞེ་ན། ཅི་རྣམ་པར་ཤེས་པའི་ཕུང་པོ་འདི་ལ་སྙིང་པོ་ལྟ་ཡོད་དམ་ཞེས་རྒྱ་ཆེར་གསུངས་ཏེ། ཇི་ལྟར་དམིགས་པ་དེ་ལྟར་རྣམ་པར་དཔྱད་པ་ལ་རང་གི་ངོ་བོས་མེད་པའི་ཕྱིར་རྣམ་པར་ཤེས་པ་སྒྱུ་མའི་ན་ཆུང་དང་འདྲའོ་ཞེས་བྱ་བར་ངེས་

པར་ནུས་སོ། །དེའི་ཕྱིར། མིག་དང་གཟུགས་ལ་བརྟེན་ནས་ཡིད། །སྒྱུ་མ་བཞིན་དུ་སྐྱེ་བར་འགྱུར། །ཞེས་བྱ་བའི་ལེགས་པར་གསུངས་པ་ཡིན་ནོ། །ཡང་གལ་ཏེ་འདིའི་རང་གི་ངོ་བོ་ཞིག་དུ་འགྱུར་ན་ནི་དེའི་ཚེ་རང་གི་ངོ་བོས། གང་ལ་ཡོད་པ་ཉིད་ཡོད་དེ། །སྒྱུ་མ་ཞེས་བྱར་

མི་རིགས་སོ། །རང་བཞིན་གྱིས་མི་སྟོང་ཞིང་ཡོད་པར་འགྱུར་བའི་བུད་མེད་ནི་འཇིག་རྟེན་ན་སྒྱུ་མ་ཞེས་བྱ་བར་མི་རིགས་ཏེ། དེ་བཞིན་དུ་རྣམ་པར་ཤེས་པ་ཡང་རང་གི་ངོ་བོས་ཡོད་པས་སྒྱུ་མ་ལྟ་བུར་མི་འགྱུར་ན། རྣམ་པར་ཤེས་པ་སྒྱུ་མ་ལྟ་བུར་བསྟན་པ་ཡང་མ་ཡིན་ནོ། །

དེའི་ཕྱིར་རྣམ་པར་ཤེས་པ་རང་བཞིན་མེད་དོ། །གང་གི་ཆོས་རྣམ་པར་ཤེས་པ་རང་བཞིན་མེད་པ་དེའི་ཚེ་རང་བཞིན་མེད་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འདུ་ཤེས་ཀྱང་རང་བཞིན་མེད་དོ་ཞེས་བྱ་བར་གནས་སོ། །བཅོམ་ལྡན་འདས་ཀྱིས། རབ་རྫོགས་

ཤེས་པ་དོན་ཅན་གྱི། །འཛིན་ལ་འདུ་ཤེས་ངེས་པར་བསྟན། །འདུ་ཤེས་དེ་ཡང་འཛིན་མེད་དེ། །རྣམ་པར་དབེན་པའི་དོན་གྱིས་བསྟན། །རྣམ་དབེན་གང་དེའང་འདུ་ཤེས་ཏེ། །རྣམ་དབེན་གང་དེ་བསྟན་པ་ཡིན། །དེ་ལྟར་དོན་དེ་བསམ་བྱས་ན། །དེས་ན་འདུ་ཤེས་འབྱུང་མི་

เล่ม ๑๐๓ · หน้า 207a

འགྱུར། །འདུ་ཤེས་འདི་ཡང་སྤང་སྙམ་དུ། །གང་ལ་འདུ་ཤེས་འབྱུང་བ་ནི། །འདུ་ཤེས་སྤྲོས་ལ་སྤྱོད་འགྱུར་གྱི། །འདུ་ཤེས་ལས་ནི་གྲོལ་མི་འགྱུར། །འདུ་ཤེས་འདི་ཀོ་ག་ལ་འབྱུང་། །གང་ཞིག་གིས་ནི་འདུ་ཤེས་བཀག །གང་ལ་འདུ་ཤེས་འབྱུང་

འགྱུར་བའི། །ཆོས་ནི་སངས་རྒྱས་ཀྱིས་མ་བརྙེས། །དེ་ལྟར་དོན་དེ་བསམ་བྱས་ན། །དེ་ནས་འདུ་ཤེས་འབྱུང་མི་འགྱུར། །ཞེས་གསུངས་སོ། །འདིར་སྨྲས་པ། ཅི་ནས་ཀྱང་དབང་པོ་རྣམས་ཡུལ་འཛིན་པ་མི་སྲིད་པ་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་

ཡང་སྐྱེའོ་ཞེས་བྱ་བ་འདི་ནི་ངོ་མཚར་བ་ཞིག་གོ། །བརྗོད་པར་བྱ་སྟེ། ཅི་འདི་ཁོ་ན་ངོ་མཚར་གྱི་གང་འགགས་པ་དང་འགག་བཞིན་པའི་ས་བོན་ལས་མྱུ་གུ་འབྱུང་བར་མི་རིགས་ལ་ས་བོན་ལ་བརྟེན་ནས་མྱུ་གུ་སྐྱེ་བ་ཡང་ཡིན་པ་དང་། དེ་བཞིན་དུ་བྱས་ཤིང་བསགས་པའི་ལས་འགགས་

ནས་ཡུན་ཤིན་ཏུ་རིང་པོར་ལོན་པ་ལ་འགར་ཡང་གནས་པ་མེད་མོད་ཀྱི། འོན་ཀྱང་འགགས་ནས་བསྐལ་པ་དུ་མས་ཆོད་པའི་ལས་ལས་ཀྱང་འབྲས་བུ་དངོས་སུ་འབྱུང་བ་དང་བུམ་པ་ལ་སོགས་པ་རྣམས་རང་གི་རྒྱུ་ལས་དེ་ཉིད་དང་གཞན་དུ་རྣམ་པ་ལྔར་དཔྱད་པ་ན་ཡོད་པ་མ་ཡིན་མོད་

ཀྱི། དེ་ལྟ་ན་ཡང་བརྟེན་ནས་བརྟགས་པས་སྦྲང་རྩི་དང་ཆུ་དང་འོ་མ་འཛིན་པ་དང་འཆུ་བ་ལ་སོགས་པའི་བྱ་བ་ལ་རུང་བར་འགྱུར་བ་འདི་ཅི་ངོ་མཚར་བ་ཞིག་གམ། དེའི་ཕྱིར་དེ་ལྟར་ན། གང་ཚེ་མཁས་ལ་ས་སྟེངས་ན། །ངོ་མཚར་ཅན་མིན་ཅང་མེད་པ། །དེ་ཚེ་དབང་རྟོགས་དེ་འདྲ་ལ། །

ཡ་མཚན་ཞེས་བྱ་ཅི་ཞིག་ཡོད། །འབྲས་བུ་ནི་རང་གི་རྒྱུའི་རྗེས་སུ་བྱེད་པར་མཐོང་སྟེ། དཔེར་ན་བ་ལང་ལས་བ་ལང་དང་། རྟ་ལས་རྟ་དང་། སཱ་ལུ་ལས་སཱ་ལུ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཡིན་ན། འབྱུང་བ་རྣམས་དང་གཟུགས་དང་སྒྲ་ལ་སོགས་པ་རྣམས་ལ་ནི་ཚུལ་འདི་

མི་རིགས་སོ། །འདི་ལྟར་འབྱུང་བ་ཆེན་པོ་དག་ནི་ལུས་ཀྱི་དབང་པོས་གཟུང་བར་བྱ་བ་ཡིན་ཞིང་མཉན་པར་བྱ་བ་མ་ཡིན་ལ། དེ་དག་ལས་གཟུགས་མིག་གིས་གཟུང་བར་བྱ་བ་དང་། མཉན་པར་བྱ་བ་སྐྲ་འབྱུང་བ་ཞེས་བྱ་བ་འདི་ནི་མཆོག་ཏུ་ངོ་མཚར་བ་ཞིག་གོ། །དེ་བཞིན་དུ་སྣ་ལ་

เล่ม ๑๐๓ · หน้า 207b

སོགས་པའི་ཡུལ་དང་མིག་ལ་སོགས་པ་དག་ལ་ཡང་སྦྱར་བར་བྱའོ། །ཡང་ན་དབང་པོ་རྣམས་ཀྱི་དོན་རྟོགས་པ་འདི་ནི་ཡ་མཚན་གྱི་རྒྱུ་མ་ཡིན་ནོ། །གལ་ཏེ་ངོ་མཚར་བ་འདི་དབང་པོ་རྣམས་ཀྱི་དོན་རྟོགས་པ་འབའ་ཞིག་ཁོ་ན་ལ་འགྱུར་ན་ནི། དེའི་ཚེ་འདི་ཡ་མཚན་པའི་

གནས་སུ་འགྱུར་ན། གང་གི་ཚེ་ཇི་སྐད་བཤད་པའི་ཚུལ་གྱིས་མཁས་པ་རྣམས་ལ་འགྲོ་བ་ཐམས་ཅད་མིག་འཕྲུལ་ལྟར་ཡ་མཚན་གྱི་རྒྱུ་ཡིན་པ་དེའི་ཚེ་འདི་ངོ་མཚར་བ་མ་ཡིན་ནོ། །སྲིད་པར་མི་འོས་པ་ཅུང་ཟད་ཅིག་ཕྱོགས་འགར་གནས་པར་དམིགས་པ་ནི་ཡ་མཚན་དུ་བྱེད་པར་

འགྱུར་གྱི། ཐམས་ཅད་དུ་མཚུངས་པའི་ངོ་བོ་ནི་མ་ཡིན་ཏེ། མེའི་ཚ་བ་ཡ་མཚན་ཅན་གྱི་རྒྱུ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་རང་གི་ངོ་བོ་མ་ངེས་པས་རྐྱེན་ཇི་ལྟ་བ་དེ་ལྟ་དེ་ལྟར་རྣམ་པར་འགྱུར་བའི་ཕྱིར་མཁས་པ་རྣམས་ལ། མགལ་མེའི་འཁོར་ལོ་

སྤྲུལ་པ་དང་། །རྨི་ལམ་སྒྱུ་མ་ཆུ་ཟླ་དང་། །ཁུག་རྣ་ནང་གི་བྲག་ཅ་དང་། །སྨིག་རྒྱུ་སྤྲིན་དང་སྲིད་པ་མཚུངས། །ཇི་ལྟར་མེ་དང་བཅས་པའི་ཡོག་པ་མྱུར་དུ་བསྐོར་བའི་འགྲོས་དེ་མཐོང་བ་ཕྱིན་ཅི་ལོག་གི་རྒྱུ་ཡིན་པའི་ཕྱིར་འཁོར་ལོའི་རྣམ་པར་དམིགས་པར་འགྱུར་མོད་ཀྱི།

དེ་ལ་འཁོར་ལོ་རང་གི་ངོ་བོ་བག་ཙམ་ཡང་ཡོད་པ་མ་ཡིན་པ་དང་། ཇི་ལྟར་སྤྲུལ་པའི་ཏིང་ངེ་འཛིན་གྱི་རྐྱེན་ལས་བྱུང་བའི་བུད་མེད་དག་ཡོད་པར་འགྱུར་བའི་བུད་མེད་རྣམས་ལྟར་འདོད་ཆགས་ཅན་རྣམས་ཀུན་ནས་ཉོན་མོངས་པའི་རྒྱུར་འགྱུར་ཞིང་། ཐུབ་པ་རྣམས་ཀྱིས་སྤྲུལ་པའི་

ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྤྲུལ་པའི་ཐུབ་པའི་རང་གི་ངོ་བོ་མེད་ཅིང་ཡོད་པར་གྱུར་པའི་ཐུབ་པའི་རང་བཞིན་དང་བྲལ་བ་རྣམས་བདེན་པར་གྱུར་པའི་ཐུབ་པ་དག་ལྟར་སྐྱེ་བོ་མ་ལུས་པའི་ཡིད་ཀྱི་མུན་པ་འཇོམས་པ་ན་སེམས་ཅན་རྣམས་ཀྱི་མཐོ་རིས་དང་བྱང་གྲོལ་གྱི་ལམ་གྱི་རྒྱུར་འགྱུར་

ལ། དེ་རྣམས་སེམས་དང་སེམས་ལས་བྱུང་བ་དང་བྲལ་བས་བདེན་པར་གྱུར་པ་མ་ཡིན་པ་དང་། ཇི་ལྟར་སད་པའི་བདག་གི་དངོས་པོ་ལྟར་གཉིད་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་དང་ལྡན་པའི་བདག་གི་དངོས་པོའི་རྐྱེན་ཅན་རྨི་ལམ་གྱི་བདག་གི་དངོས་པོ་

เล่ม ๑๐๓ · หน้า 208a

བདག་ལ་ཆགས་པ་ཕྱིན་ཅི་ལོག་གི་རྒྱུ་ཡིན་ལ། སད་པས་དེ་ལྟར་མཐོང་བ་མེད་པས་དེ་བདེན་པར་གྱུར་པ་ཡང་མ་ཡིན་པ་དང་། ཇི་ལྟར་སྒྱུ་མ་མཁན་གྱི་འཁྲུལ་འཁོར་གྱི་རྒྱུ་ཅན་སྒྱུ་མར་བྱས་པའི་ན་ཆུང་རྣམས་བདེན་པར་གྱུར་པའི་ན་ཆུང་གིས་སྟོང་

བཞིན་དུ་དེའི་རང་བཞིན་རྣམ་པར་མི་ཤེས་པ་རྣམས་ཀྱིས་སེམས་རྨོངས་པ་ལྷུར་བྱེད་པར་འགྱུར་བ་དང་། ཇི་ལྟར་བདེན་པར་གྱུར་པའི་ཟླ་བས་སྟོང་པའི་ཆུའི་ཟླ་བ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྟོབས་ཀྱིས་དེ་ལྟར་འབྱུང་བ་ན་བྱིས་པ་རྣམས་ལ་ཟླ་བར་ཕྱིན་ཅི་ལོག་པའི་རྒྱུར་འགྱུར་བ་དང་། ཇི་

ལྟར་ཡུལ་དང་དུས་དང་རྒྱུ་མཚན་རྣམ་པ་དེ་ལྟ་བུ་དག་ལ་བརྟེན་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་སྟོབས་ཉིད་ལས་ཁུག་རྣ་བྱུང་བ་ན་རྒྱང་རིང་པོ་ན་གནས་པ་རྣམས་ལ་བདེན་པར་འགྱུར་བའི་ངུ་བར་ཕྱིན་ཅི་ལོག་པའི་རྒྱུར་འགྱུར་བ་དང་། ཇི་ལྟར་རིའི་ཚང་ཚིང་དང་། རི་ཁྲོད་ཀྱི་

སུལ་དང་། རླུང་གི་ཟབས་རྣམས་ཀྱི་ནང་གི་བྲག་ཅས་སྐྱེ་བོ་རྣམས་ལ་ཡོད་པར་གྱུར་པའི་སྒྲར་མངོན་པར་རློམ་པ་སྐྱེད་པར་བྱེད་པ་དང་། ཇི་ལྟར་ཡུལ་དང་དུས་ཀྱི་ཁྱད་པར་དུ་ཉེ་བར་ལྷགས་པའི་ཉི་མའི་འོད་ཟེར་གྱི་རྟེན་ཅན་གྱི་སྨིག་རྒྱུ་ཆུའི་རང་གི་ངོ་བོས་དབེན་བཞིན་དུ་ཐག་

རིང་བ་རྣམས་ལ་ཆུར་ཕྱིན་ཅི་ལོག་སྐྱེད་པར་བྱེད་པ་དང་། ཡང་ཇི་ལྟར་སྤྲིན་རྣམས་ཐག་རིང་པོ་ནས་རི་ལ་སོགས་པའི་རྣམ་པར་ཕྱིན་ཅི་ལོག་ཉེ་བར་སྐྱེད་པར་བྱེད་པ་དེ་བཞིན་དུ་མཁས་པ་ཇི་ལྟ་བ་བཞིན་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་ལ་བཟོ་བ་རྣམས་ལ་མ་རིག་པའི་ཕྱིན་ཅི་ལོག་

གིས་འཕངས་པ་ལས་ཀྱི་རྐྱེན་ཅན་གྱི་འཁོར་བ་རྣམ་པར་ཤེས་པ་ལ་སོགས་པའི་སྐྱེ་བ་ཕྱི་རོལ་གྱི་སྣོད་དང་བཅས་པར་སྐྱེ་བཞིན་པ་མགལ་མེའི་འཁོར་ལོ་ལ་སོགས་པ་ལྟར། བརྫུན་པ་སླུ་བའི་ཆོས་ཅན་ཡིན་དང་རང་བཞིན་གྱིས་སྟོང་པར་གྱུར་དུ་ཟིན་ཀྱང་བྱིས་པའི་སྐྱེ་བོ་འདྲིད་

པར་སྣང་བར་འགྱུར་ཏེ་དངོས་པོའི་རང་བཞིན་ཤེས་པས་རྣམ་པ་ཐམས་ཅད་དུ་ཆགས་པ་ཟད་པས་རྣམ་པར་གྲོལ་བ་ལ་བརྟེན་པར་འགྱུར་བར་འཁོར་བ་མགལ་མེའི་འཁོར་ལོ་ལ་སོགས་པ་ལྟར་རང་བཞིན་མེད་དོ་ཞེས་བྱ་བ་འདི་མི་གཡོ་བར་གནས་སོ། །ཇི་སྐད་དུ། ཇི་ལྟར་

เล่ม ๑๐๓ · หน้า 208b

མིག་ནི་འཁྲུལ་བ་ཡིས། །མགལ་མེའི་འཁོར་ལོ་འཛིན་བྱེད་པ། །དེ་བཞིན་དབང་པོ་རྣམས་ཀྱིས་ནི། །ད་ལྟའི་ཡུལ་དག་འཛིན་པར་བྱེད། །ཅེས་བྱ་བ་དང་། བདེན་པའི་དགེ་སློང་དངོས་བྲལ་དགེ་སློང་གཉིས་ཤིག་གིས། །དཀོན་མཆོག་བརྩེགས་ལས་ཐུབ་པ་

ཡོངས་སུ་མྱ་ངན་མ་འདས་པར། །ཐུབ་དབང་ཟླ་བའི་དམ་པའི་ཆོས་ཀྱི་ཉི་མའི་འོད་ཟེར་གྱིས། །དགེ་སློང་བརྒྱ་ཕྲག་ལྔ་དེ་དག་གི་གཏི་མུག་མུན་པ་བསལ། །དེ་བཞིན་དུ། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་འབྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ནས་དགའ་

ཞིང་ཤི་ནས་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ནམ་

མཁའ་དངས་པར་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དང་བའི་ཚོར་སྣང་སྟེ། །ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །ཆོས་ཀུན་མཚན་ཉིད་དེ་འདྲར་ཤེས་པར་གྱིས། །བྲག་ཕུག་རི་རྫོང་ཆུ་ཀླུང་ངོགས་དག་ཏུ། །དེ་དག་ལ་བརྟེན་བྲག་ཅ་འབྱུང་ཇི་ལྟར། །དེ་བཞིན་འདུས་བྱས་འདི་

ཀུན་ཤེས་པར་གྱིས། །འགྲོ་བ་ཐམས་ཅད་སྒྱུ་མ་སྨིག་རྒྱུ་མཚུངས། །ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་ཡིས། །སྨིག་རྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྨིག་རྒྱུ་ལ་ཡང་

ཆུ་ནི་ཡོང་མེད་ན། །སེམས་ཅན་རྨོངས་པ་དེ་ལ་འཐུང་འདོད་དེ། །མི་བདེན་ཆུ་ནི་བཏུང་བར་ཡོང་མི་ནུས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བར་སྣང་ཆུང་ཟད་སྤྲིན་མེད་པར། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་། །ཐོག་མར་གང་ནས་བྱུང་བར་

ཤེས་པར་བྱ། །དེ་བཞིན་ཆོས་རྣམས་ཐམས་ཅད་ཤེས་པར་གྱིས། །ཇི་ལྟར་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང་། །སྒྱུ་མ་ཇི་བཞིན་རྨི་ལམ་ཇི་ལྟ་བུར། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྣང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་

เล่ม ๑๐๓ · หน้า 209a

སོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། དབང་པོ་དང་དོན་དགག་པ་བསྒོམ་པ་བསྟན་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་གསུམ་པའི་འགྲེལ་བའོ།། །།འདིར་སྨྲས་པ།

གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་སྲིད་པ་མགལ་མེའི་འཁོར་ལོ་དང་སྤྲུལ་པ་དང་རྨི་ལམ་ལ་སོགས་པ་ལྟར་རང་བཞིན་མེད་ན་འོ་ན་དེ་གང་ཞིག་རང་བཞིན་དུ་འགྱུར་ཞེ་ན། དངོས་པོ་འགའ་ལ་ཡང་རང་བཞིན་བརྟག་པར་མི་ནུས་ཏེ། རྣམ་པ་དེ་ལྟ་བུའི་དངོས་པོ་རྣམ་པ་

ཐམས་ཅད་དུ་མི་དམིགས་པའི་ཕྱིར་རོ། །འདི་ལྟར། དངོས་པོ་གང་ཞིག་གཞན་འགའ་ལའང་། །རག་ལས་པ་ཞིག་མི་འགྱུར་ན། །དེ་ཡི་བདག་ཉིད་འགྲུབ་འགྱུར་ན། །དེ་ནི་གང་ལའང་ཡོད་མ་ཡིན། །གལ་ཏེ་དངོས་པོ་འགའ་ཞིག་འགྲུབ་པ་ལ་འགའ་ལ་ཡང་ཅུང་ཟད་ཅིག་རག་

ལས་པར་གནས་པ་ཉིད་དུ་མི་འགྱུར་ན་ནི་དེའི་ཚེ་རང་དབང་བ་གཞན་ལ་རག་མ་ལས་པ་དེ་རང་ཉིད་ཀྱིས་རྣམ་པར་གནས་པའི་ཕྱིར་རང་བཞིན་གྱིས་ཡོད་པ་ཉིད་དུ་བརྟགས་པར་རིགས་ན་གང་ཞིག་རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བའི་དངོས་པོ་གཞན་ལ་རག་ལས་པ་ཉིད་དུ་མི་འགྱུར་བའམ།

རྒྱུ་མེད་པའི་དངོས་པོ་འགའ་ཞིག་འབྱུང་བ་འདི་ནི་སྲིད་པ་ཡང་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་རྒྱུ་མེད་པར་ཐལ་བར་འགྱུར་བས་འགའ་ཞིག་ཏུ་དངོས་པོ་འགའི་རང་བཞིན་རང་གི་ངོ་བོ་མེད་པ་དེའི་ཕྱིར་འགའ་ལ་ཡང་རང་བཞིན་མེད་ལ། རང་བཞིན་མེད་པས་ཀྱང་མགལ་མེའི་

འཁོར་ལོ་ལ་སོགས་པ་ལྟར་རང་བཞིན་གྱིས་གྲུབ་པ་མེད་དོ་ཞེས་བྱ་བར་གནས་སོ། །གལ་ཏེ་དངོས་པོ་འདི་དག་མགལ་མེའི་འཁོར་ལོ་དང་སྤྲུལ་པ་ལ་སོགས་པ་ལྟར་སླུ་བས་དངོས་པོ་མེད་པར་མི་འགྱུར་ན་ནི་དེའི་ཚེ་ངེས་པར་འཐད་པས་རྣམ་པར་དཔྱད་པ་ན་ས་ལེ་སྦྲམ་ལ་

སོགས་པ་ལྟར་རང་གི་ངོ་བོ་ཆེས་གསལ་བར་དམིགས་པར་འགྱུར་ན། དེ་དག་ནི་ཕྱིན་ཅི་ལོག་ཙམ་གྱི་རྒྱུ་ཅན་ཡིན་པས་རྣམ་པར་དཔྱོད་པའི་མེས་བསྲེགས་པས་ན་རང་གི་ངོ་བོས་མེད་པར་ནི་མི་འགྱུར་བ་མ་ཡིན་ནོ། །དངོས་པོ་ནི་འཐད་པ་དང་བྲལ་བ་མ་ཡིན་ཏེ། དེ་རྣམ་པ་ཐམས་

เล่ม ๑๐๓ · หน้า 209b

ཅད་དུ་མི་སླུ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་དངོས་པོ་ལ་མངོན་པར་ཞེན་པ་ལྷོད་པར་བྱ་བའི་ཕྱིར་འདི་མན་ཆད་དུ་ཇི་ལྟར་བུམ་པ་ལ་སོགས་པ་རྣམས་ལ་རང་གི་ངོ་བོ་མི་སྲིད་པ་དེ་ལྟར་འཐད་པ་བཤད་པ། གཟུགས་ཉིད་བུམ་ཞེས་གཅིག་མ་ཡིན། །གཟུགས་ལྡན་

བུམ་གཞན་ཡོད་མིན་ལ། །བུམ་པ་ལ་གཟུགས་ཡོད་མིན་ཞིང་། །གཟུགས་ལ་བུམ་པ་ཡོད་མ་ཡིན། །འདི་ན་བུམ་པ་ཞེས་བྱ་བའི་དངོས་པོ་འགའ་ཞིག་ཡོད་པར་འགྱུར་ན་ནི། དེ་ལྟ་བའི་དབང་པོའི་གཟུང་བར་བྱ་བ་ཡིན་པས་ཐ་དད་པའམ་མི་དད་པ་ཞིག་ཏུ་རྟོག་གྲང་ན། དེ་ལ་རེ་ཞིག །

གཟུགས་ཉིད་བུམ་ཞེས་གཅིག་མ་ཡིན། །གཟུགས་གང་ཡིན་པ་དེ་ཉིད་བུམ་པའོ་ཞེས་གཟུགས་དང་བུམ་པ་གཅིག་པ་ནི་མི་སྲིད་དོ། །གལ་ཏེ་གཟུགས་དང་བུམ་པ་གཉིས་གཅིག་ཉིད་དུ་འགྱུར་ན་ནི། དེའི་ཚེ་གང་དང་གང་ན་གཟུགས་ཡོད་པ་དེ་དང་དེ་ན་བུམ་པའོ་ཞེས་གཟུགས་

ཐམས་ཅད་ལ་བུམ་པ་ཡོད་པ་ཉིད་དུ་འགྱུར་ཞིང་། སོ་བཏང་བ་ལས་སྐྱེས་པའི་ཡོན་ཏན་འབྱུང་བས་གཟུགས་འཇིག་པའི་ཚེ་བུམ་པ་འཇིག་པར་འགྱུར་ན། འདི་ནི་སྲིད་པ་ཡང་མ་ཡིན་པས་གཟུགས་ཉིད་བུམ་པའོ་ཞེས་གཅིག་པ་ཡོད་པ་མ་ཡིན་ནོ། །ཅི་སྟེ་ཉེས་པ་འདི་སྤང་བར་

འདོད་ནས་དཔེར་ན་ལྷ་སྦྱིན་དོན་གཞན་དུ་གྱུར་པའི་བ་ལང་དག་དང་ལྡན་པ་ལྟར་གཟུགས་ལས་གཞན་པའི་བུམ་པ་ཞིག་གཟུགས་དང་ལྡན་པར་ཡོངས་སུ་རྟོག་ན། འདི་ཡང་མི་རིགས་ཏེ་འདི་ལྟར། གཟུགས་ལྡན་བུམ་གཞན་ཡོད་མིན་ལ། །གལ་ཏེ་བུམ་པ་གཟུགས་

ལས་གཞན་དུ་འགྱུར་ན་ནི་དེ་གཟུགས་ལ་མི་ལྟོས་པར་གཟུང་དུ་ཡོད་པར་འགྱུར་རོ། །བ་ལང་དག་ལས་ཐ་དད་པའི་ལྷ་སྦྱིན་ནི་བ་ལང་ལས་ཐ་དད་པར་མི་འཛིན་པ་མ་ཡིན་ཏེ། དེ་བཞིན་དུ་བུམ་པ་ཡང་གཟུགས་ལ་མི་ལྟོས་པར་བཟུང་དུ་ཡོད་པར་འགྱུར་ན་འཛིན་པ་ཡང་མ་ཡིན་ནོ། །

དེའི་ཕྱིར་གཟུགས་ལས་ཐ་དད་པའི་བུམ་པ་མེད་དོ། །གང་གི་ཚེ་མེད་པ་དེའི་ཚེ་ཡོད་པ་མ་ཡིན་པ་ཇི་ལྟར་དེ་དང་ལྡན་པ་ཉིད་དུ་འཛིན། མོ་གཤམ་གྱི་བུ་ཡོད་པ་མ་ཡིན་པ་ནི་བ་ལང་དང་ལྡན་ནོ་ཞེས་བྱ་བར་མི་བསྙད་དེ། དེ་བཞིན་དུ་བུམ་པ་གཟུགས་དང་ལྡན་ནོ་ཞེས་བྱ་བར་མི་རུང་

เล่ม ๑๐๓ · หน้า 210a

ངོ་། །གཞན་ཉིད་མི་སྲིད་པ་ཉིད་ཀྱི་ཕྱིར་གཟུགས་དང་བུམ་པ་གཉིས་རྟེན་དང་བརྟེན་པའི་རྟོག་པ་ཉིད་ཀྱིས་གྲུབ་པ་ཡང་མེད་པས། བུམ་པ་ལ་གཟུགས་ཡོད་མིན་ཞིང་། །གཟུགས་ལ་བུམ་པ་ཡོད་མ་ཡིན། །གཟུགས་དང་བུམ་པ་གཉིས་གཞན་ཉིད་

ཡིན་ན་ནི་འཁར་གཞོང་དང་ཞོ་ལྟར་བུམ་པ་ལ་གཟུགས་ཞེས་བྱ་བར་འགྱུར་ཞིང་། རེ་ལྡེ་ལ་ལྷ་སྦྱིན་ལྟར་གཟུགས་ལ་བུམ་པ་ཞེས་བྱ་བར་ཡང་འགྱུར་ན། འདི་ནི་སྲིད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་བུམ་པ་རང་བཞིན་གྱིས་མེད་དོ། །གང་ཞིག་རང་བཞིན་གྱིས་མེད་ལ་དམིགས་

པ་ཡང་ཡིན་པ་དེ་ནི་མགལ་མེའི་འཁོར་ལོ་ལྟར་རང་བཞིན་གྱིས་སྟོང་པ་ཡིན་ནོ། །གཞན་ཡང་ཇི་ལྟར་བདག་བྱེད་པ་པོ་དང་ཉེ་བར་ལེན་པ་ལས་གཅིག་ཉིད་དུ་ཐལ་བའི་ཕྱིར་དང་། ཕུང་པོ་བཞིན་སྐྱེ་བ་དང་འཇིག་པ་ལ་བརྟེན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཕུང་པོ་བདག་མ་

ཡིན་པ་དེ་བཞིན་དུ་གཟུགས་ཀྱང་བུམ་པ་མ་ཡིན་ཏེ། ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོ་དག་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང་། ཉེ་བར་ལེན་པ་མང་བས་བུམ་པ་མང་པོ་ཉིད་དུ་ཐལ་བའི་ཕྱིར་རོ། །ཇི་ལྟར་སོ་སོར་འཛིན་པར་ཐལ་བའི་ཕྱིར་དང་། རྒྱུ་མེད་པ་ཉིད་

དུ་ཐལ་བར་འགྱུར་བའི་ཕྱིར་བདག་ཕུང་པོ་དག་ལ་གཞན་དུ་མི་འགྱུར་བ་དེ་བཞིན་དུ་བུམ་པ་ཡང་གཟུགས་ལས་ཐ་དད་པར་མི་འགྱུར་ཏེ། སོ་སོར་འཛིན་པར་ཐལ་བའི་ཕྱིར་དང་། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ཇི་ལྟར་ཕུང་པོ་དག་ལས་དེ་ཉིད་དང་གཞན་

ཉིད་དུ་རྟོག་པ་མེད་པས་བདག་ཕུང་པོ་དང་ལྡན་ནོ་ཞེས་བྱ་བར་བསྙད་པ་མ་ཡིན་པ་དེ་བཞིན་དུ་བུམ་པ་གཟུགས་དང་ལྡན་ནོ་ཞེས་བྱ་བར་ཡང་མི་སྲིད་དོ། །གཟུགས་དང་བུམ་པ་དག་དེ་ཉིད་དང་གཞན་ཉིད་དུ་རྟོག་པ་མེད་པའི་ཕྱིར་རོ། །ཇི་ལྟར་ཕུང་པོ་དག་ལས་དེ་ཉིད་དང་གཞན་

ཉིད་དུ་རྟོག་པ་མེད་པས་བདག་ལ་ཕུང་པོ་དག་དང་ཕུང་པོ་དག་ལ་བདག་གོ་ཞེས་བྱ་བ་རྣམ་པ་གཉི་ག་ཡང་མི་རིགས་པ་དེ་བཞིན་དུ་བུམ་པ་ལ་གཟུགས་དང་། གཟུགས་ལ་བུམ་པ་ཞེས་བྱ་བའི་རྟོག་པ་གཉིས་ཀྱང་མི་འཐད་དོ། །ཡང་ཇི་ལྟར་གཟུགས་ལ་ལྟོས་ནས་བུམ་པ་ལ་རྟོག་

เล่ม ๑๐๓ · หน้า 210b

པ་གཞི་མི་སྲིད་པ་དེ་བཞིན་དུ་བརྟགས་པའི་རྒྱུ་ཐམས་ཅད་ལ་ལྟོས་པའི་གཞི་ཡང་མི་སྲིད་པས་བུམ་པ་རང་གི་ངོ་བོས་གྲུབ་པ་མེད་དོ། །ཇི་ལྟར་བུམ་པ་རང་བཞིན་གྱིས་ཡོད་པ་མ་ཡིན་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་བཙལ་བ་ན་རང་བཞིན་གྱིས་ཡོད་པ་མ་ཡིན་པས་སྲིད་པ་མགལ་མེའི་

འཁོར་ལོ་དང་སྤྲུལ་པ་ལ་སོགས་པ་དང་འདྲ་བ་ཉིད་དུ་འགྱུར་རོ། །འདིར་ཁ་ཅིག་དག་ན་རེ་གཟུགས་དང་བུམ་པ་དག་ལ་གཞན་ཉིད་མི་སྲིད་མོད་ཀྱི། དེ་ལྟ་ན་ཡང་དངོས་པོ་དང་བུམ་པ་གཉིས་ལ་གཞན་ཉིད་ཡོད་དོ། །གང་གི་ཕྱིར་ཁོ་བོ་ཅག་གི་ལྟར་ན་ནི་བུམ་པ་ཡང་གཞན་ཉིད་

ཡིན་ལ་ཡོད་པ་ཡང་གཞན་ཉིད་ཡིན་ནོ། །ཡོད་པ་ཞེས་བྱ་བ་ནི་སྤྱི་ཆེན་པོ་ཡིན་ལ་བུམ་པ་ནི་ཁྱད་པར་གྱི་རྫས་ཡིན་ཏེ། དེ་ནི་ཡོད་པ་དང་འབྲེལ་པ་ལས་ཡོད་དོ་ཞེས་བྱ་བར་བསྙད་དོ་ཞེས་ཟེར་རོ། །དེ་དག་ལ་བརྗོད་པར་བྱ་སྟེ། གཉིས་མཚན་མི་མཐུན་མཐོང་ནས་ནི། །

གལ་ཏེ་དངོས་ལས་བུམ་གཞན་ན། །མ་ཡིན་དེ་ལྟར་དངོས་པོ་ཡང་། །བུམ་པ་ལས་གཞན་ཅིས་མི་འགྱུར། །གལ་ཏེ་བུམ་པ་ལ་སོགས་པའི་རྫས་རྣམས་ལ་རྗེས་སུ་འཇུག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་དངོས་པོ་ནི་སྤྱི་ཡིན་ལ། བུམ་པ་ནི་ལྡོག་པའི་མཚན་ཉིད་ཅན་ཡིན་

པའི་ཕྱིར་ཁྱད་པར་གྱི་མཚན་ཉིད་དོ་ཞེས་དངོས་པོ་དང་བུམ་པ་དེ་གཉིས་ཀྱི་མཚན་ཉིད་མི་མཐུན་པ་མཐོང་ནས་དངོས་པོ་ལས་བུམ་པ་གཞན་དུ་འགྱུར་ན་ནི་དེ་ཁོ་ན་ལྟར་མཚན་ཉིད་མི་མཐུན་པ་ལས་དངོས་པོ་ཡང་བུམ་པ་ལས་གཞན་དུ་ཅིའི་ཕྱིར་མི་འགྱུར། དེའི་ཕྱིར་མཚན་ཉིད་མི་

མཐུན་པ་ཁོ་ན་ལས་གཞན་གྱི་བློ་དང་སྒྲ་འཇུག་པ་གྲུབ་པས་གཞན་གྱི་བློ་དང་སྒྲའི་རྒྱུ་མཚན་རྗེས་སུ་འཇུག་པའི་མཚན་ཉིད་ཅན་གཞན་ཉིད་གཞན་བརྟག་པར་མི་བྱ་བ་ཞིག་ན། གཞན་ཉིད་གཞན་རྟོག་པ་ཡང་ཡིན་པས་འོ་ན་དངོས་པོ་དང་བུམ་པ་དག་ལ་མཚན་ཉིད་མི་མཐུན་

པ་ལ་ལྟོས་པའི་མཚན་ཉིད་ཡོད་པ་མ་ཡིན་ནོ། །དེའི་ཕྱིར། གཉིས་མཚན་མི་མཐུན་མཐོང་ན་ནི། །དངོས་ལས་བུམ་གཞན་ཞེས་བྱ་བ་དེ་མ་ཡིན་ནོ། །ཇི་ལྟར་དངོས་པོ་རྗེས་སུ་འཇུག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་བུམ་པ་ལས་གཞན་ཡིན་པ་དེ་བཞིན་དུ། གཞན་ཉིད་

เล่ม ๑๐๓ · หน้า 211a

ཀྱང་རྗེས་སུ་འཇུག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་བུམ་པ་ལས་གཞན་དུ་འགྱུར་ལ། གཞན་ཉིད་དེ་ལ་གཞན་གྱི་བློ་དང་སྒྲ་འཇུག་པའི་རྒྱུ་མཚན་གཞན་ཉིད་གཞན་ཡོད་པར་ཡང་མི་འགྱུར་རོ། །གལ་ཏེ་འགྱུར་ན་ནི་གཞན་ཉིད་རྣམས་ལ་མཐར་ཐུག་པ་མེད་པའི་

སྐྱོན་དུ་འགྱུར་རོ། །ཅི་སྟེ་གཞན་ཉིད་མེད་པ་ཁོ་ནར་གཞན་ཉིད་ལ་གཞན་ཉིད་ཀྱི་བློར་འགྱུར་ན་ནི་དེ་ཁོ་ན་ལྟར་གཞན་ལ་ཡང་སྲིད་པར་འགྱུར་བར་གྱིས་ཤིག །དེའི་ཕྱིར་ཅུང་ཟད་ཀྱང་མི་བྱེད་པའི་གཞན་ཉིད་ཡོངས་སུ་བརྟགས་པས་ཅི་ཞིག་བྱ། གཞན་ཉིད་མེད་ན་ཡང་འགའ་ལ་ཡང་

གང་ལས་ཀྱང་གཞན་ཉིད་མེད་དོ་ཞེས་བྱ་བར་གྲུབ་པོ། །གཞན་ཡང་འདི་བསམ་པར་བྱ་སྟེ། ཡོད་པ་ཅི་འདྲ་བ་ཞིག་གཞན་ཉིད་དང་ལྡན་པར་འགྱུར། ཅི་གཞན་དུ་གྱུར་པ་ཞིག་གམ་འོན་ཏེ་གཞན་མ་ཡིན་པར་གྱུར་པ་ཞིག་ཡིན་གྲང་གལ་ཏེ་གཞན་དུ་གྱུར་པ་ཞིག་ཡིན་ན་ནི། དེའི་ཚེ་

གཞན་ཉིད་དང་ལྡན་པའི་དོན་མེད་དོ། །འོན་ཏེ་གཞན་མ་ཡིན་པར་གྱུར་པ་ཡིན་ན་དེ་ལྟ་ན་ཡང་འགལ་བ་གཞན་མ་ཡིན་པ་ཉིད་དང་ལྡན་པས་གཞན་ཉིད་དང་ལྡན་པར་མི་འགྱུར་རོ། །གཞན་ཉིད་མེད་པས་ན་བུམ་པ་ལས་དངོས་པོ་གཞན་ཡིན་ནོ་ཞེས་བྱ་བ་མི་རུང་ངོ་། །འཇིག་

རྟེན་ན་ནི་ཕྱིན་ཅི་ལོག་ཚད་མར་བྱས་ཏེ་ཡོད་པའི་བློ་དང་སྒྲ་འཇུག་པའི་རྒྱུ་མཚན་ཡིན་པས་བུམ་པའི་རང་གི་ངོ་བོ་ཁོ་ན་དངོས་པོ་ཞེས་བྱ་བར་འཇོག་གི །གཟུགས་ལས་རྣམ་པ་བཞིར་དཔྱད་པ་ན་དེ་ལ་རང་བཞིན་ཡོད་པ་མ་ཡིན་པས་དེ་ཁོ་ན་ཉིད་རིག་པ་ལ་ལྟོས་ནས་བུམ་པ་མགལ་

མེའི་འཁོར་ལོ་ལ་སོགས་པ་བཞིན་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་འགྲུབ་བོ། །འདིར་སྨྲས་པ། བུམ་པ་ནི་ཡོད་པ་ཉིད་དེ་ཡོན་ཏན་གྱི་རྟེན་ཡིན་པའི་ཕྱིར་རོ། །ཡོད་པ་མ་ཡིན་པ་ནི་ཡོན་རྟེན་གྱི་རྟེན་དུ་མ་མཐོང་ན་བུམ་པ་གཅིག་བུམ་པ་གཉིས་ཞེས་བུམ་པ་ཡོན་ཏན་གྱི་

རྟེན་དུ་འགྱུར་བ་ཡང་ཡིན་ནོ། །གཅིག་ཉིད་ལ་སོགས་པ་རྣམས་ནི་ཡོན་ཏན་གྱི་ཚིག་གི་དོན་གྱིས་བསྡུས་ལ་བུམ་པ་ནི་རྫས་ཡིན་ཞིང་། ཡོན་ཏན་རྣམས་རྫས་ལ་བརྟེན་པ་ཉིད་ཀྱང་སྲིད་པ་ཡིན་ནོ། །དེའི་ཕྱིར་ཡོན་ཏན་གྱི་རྟེན་ཡིན་པའི་ཕྱིར་བུམ་པ་ཡོད་པ་ཁོ་ནའོ། །འདི་ལ་བརྗོད་པར་

เล่ม ๑๐๓ · หน้า 211b

བྱ་སྟེ། ཁྱོད་ཀྱི་ལུགས་ཀྱིས། གལ་ཏེ་གཅིག་བུམ་མི་འདོད་ན། །བུམ་པའང་གཅིག་ཏུ་མི་འགྱུར་རོ། །གལ་ཏེ་ཚིག་གི་དོན་ཐ་དད་པས་གཅིག་བུམ་པར་མི་འགྱུར་རོ་སྙམ་དུ་སེམས་ན། འོ་ན་ནི་བུམ་པ་ཡང་གཅིག་ཏུ་མི་འགྱུར་རོ། །ཇི་ལྟར་གཅིག་ཉིད་དེ་གཅིག་

གི་གྲངས་བུམ་པར་མི་འགྱུར་བ་དེ་བཞིན་དུ་རྫས་ཉིད་ཀྱིས་གཅིག་གི་གྲངས་ལས་གཞན་དུ་འགྱུར་བའི་ཕྱིར་བུམ་པ་ཡང་གཅིག་ཏུ་མི་འགྱུར་ཏེ། གཉིས་ཉིད་ལ་སོགས་པ་བཞིན་ནོ་སྙམ་དུ་དགོངས་སོ། །གཞན་ཡང་བུམ་པ་འདི་རང་བཞིན་གཅིག་ལ་གཅིག་གིས་རྟོག་གམ། རང་

བཞིན་དུ་མ་ལ་ཡིན་གྲང་། །གལ་ཏེ་རང་བཞིན་གཅིག་ལ་ཡིན་ན་ནི་དེའི་ཚེ་གཅིག་རྟོག་པ་དོན་མེད་དོ། །འོན་ཏེ་རང་བཞིན་དུ་མ་ལ་ཡིན་ན་ནི་དེའི་ཚེ་ཡང་འགལ་བའི་ཕྱིར་མི་རིགས་པ་ཉིད་དོ། །དེའི་ཕྱིར་འཇིག་རྟེན་ན་དོན་གཞན་མི་ཉེ་བའི་བུམ་པའི་རང་གི་ངོ་བོ་ཁོ་ན་ལ་གཅིག་ཏུ་རྟོག་པར་ཤེས་

པར་བྱའོ། །ཅི་སྟེ་ཡོན་ཏན་རྣམས་རྫས་ལ་བརྟེན་པས་བུམ་པ་ཁོ་ན་གཅིག་ཏུ་འགྱུར་གྱི་གཅིག་ཉིད་ནི་བུམ་པར་མི་འགྱུར་རོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། ལྡན་འདི་མཚུངས་པའང་མ་ཡིན་ལ། །དེས་ཀྱང་གཅིག་ཏུ་མི་འགྱུར་རོ། །ལྡན་པ་ཞེས་བྱ་བ་ནི་མཚུངས་པ་དག་ཁོ་

ན་ལ་འགྱུར་གྱི་མི་མཚུངས་པ་དག་ལ་ནི་མ་ཡིན་ཏེ། དཔེར་ན་ལྡན་པ་གཉིས་ལ་གནས་པས་སྤུན་གཉི་ག་ལ་ཡང་སྤུན་ཟླ་ཉིད་དང་འབྲེལ་པ་ཡིན་གྱི་གང་ཡང་རུང་བ་ནི་མ་ཡིན་པ་བཞིན་ནོ། །གཅིག་དང་བུམ་པ་གཉིས་ནི་མཚུངས་པ་མ་ཡིན་ཏེ། བུམ་པ་ཁོ་ན་གཅིག་ཉིད་དང་ལྡན་པའི་ཕྱིར་

ལ་གཅིག་ཉིད་བུམ་པ་དང་མི་ལྡན་པའི་ཕྱིར་ཏེ། ཡོན་ཏན་རྣམས་ནི་རྫས་ལ་བརྟེན་པའོ་ཞེས་ཁས་བླངས་པའི་ཕྱིར་རོ། །དེ་ལ་གང་གི་ཕྱིར་གཅིག་ནི་ཡོན་ཏན་དུ་མཐོང་ལ་བུམ་པ་ནི་རྫས་ཡིན་ཞིང་རྫས་དང་ཡོན་ཏན་གཉིས་ཀྱང་མཚུངས་པར་མི་འགྱུར་བ་དེའི་ཕྱིར་དེ་གཉིས་ལྡན་པ་ཉིད་

དུ་མི་འགྱུར་རོ། །ལྡན་པ་མེད་པས་ཀྱང་གང་གཅིག་དང་ལྡན་པ་ལས་བུམ་པ་ཁོ་ན་གཅིག་ཏུ་འགྱུར་རོ་ཞེས་བྱ་བ་དེ་ཡང་མ་ཡིན་ནོ། །གལ་ཏེ་འདིར་ལྡན་པ་མཐོང་ན་ནི་དེའི་ཚེ་བུམ་པ་ཡང་གཅིག་དང་ལྡན་པར་འགྱུར་ལ་གཅིག་ཀྱང་བུམ་པ་དང་ལྡན་པར་འགྱུར་ན། དེ་ནི་དེ་ལྟར་སྲིད་པ་ཡང་

เล่ม ๑๐๓ · หน้า 212a

མ་ཡིན་པས་དེ་གཉིས་ཀྱི་ལྡན་པ་ཉིད་མི་འཐད་དོ། །ལྡན་པ་མེད་པས་ཀྱང་གཅིག་བུམ་པར་མི་འགྱུར་བས་བུམ་པ་ཡང་གཅིག་མ་ཡིན་ནོ། །དེའི་ཕྱིར་འདིར་ཕྱེད་སྔ་མས་ནི་ལྡན་པ་ཁས་བླངས་ནས་སུན་འབྱིན་པ་བཤད་ལ། ཕྱེད་ཕྱི་མས་ནི་ལྡན་པ་མི་སྲིད་པའི་

སྒོ་ནས་སུན་འབྱིན་པ་བཤད་དོ། །ཀྱང་གི་སྒྲ་ནི་སུན་འབྱིན་པའི་རྒྱུ་བསྡུ་བའི་དོན་དུ་བལྟ་བར་བྱའོ། །གཞན་ཡང་ཕ་རོལ་པོའི་གཞུང་ལུགས་ལ། གང་ཡོན་ཏན་རྣམས་རྫས་ལ་བརྟེན་པར་རྣམ་པར་འཇོག་ཅིང་ཁྱད་པར་གྱི་ཡོན་ཏན་རྣམས་ཡོན་ཏན་ལ་བརྟེན་པར་ནི་མ་ཡིན་པ་

ཆེས་མི་རིགས་པ་འདི་སྣང་ན། ཡོན་ཏན་རྣམས་ཀྱང་ཡོན་ཏན་ལ་བརྟེན་པ་ཉིད་དུ་རིགས་པ་ཡང་མ་ཡིན་ནོ། །འདི་ན་བུམ་པ་བོད་ཚད་ཅི་ཙམ་ཡིན་པ་དེ་ཙམ་ཁོ་ནར་དེའི་རྟེན་ཅན་གྱི་གཟུགས་ཀྱང་འགྱུར་དགོས་སོ། །དེའི་ཕྱིར་རྫས་ལྟར་གཟུགས་ཀྱང་ཆེན་པོ་ཉིད་དུ་འགྱུར་རོ། །གང་ཚེ་

རྫས་ཅི་ཙམ་གཟུགས་ན། །དེའི་ཚེ་གཟུགས་ཆེན་ཅི་སྟེ་མིན། །གང་གི་ཚེ་རྫས་ཅི་ཙམ་སྟེ། རྫས་ཀྱི་ཆུ་ཞེང་གི་བདག་ཉིད་ཅན་གྱི་དབྱིབས་ཇི་ཙམ་ཡིན་པ་དེ་ཙམ་གཟུགས་ཏེ་གཟུགས་ཀྱི་ཆུ་ཞེང་གི་བདག་ཉིད་ཅན་གྱི་དབྱིབས་ཡིན་ནོ་ཞེས་གཞན་གྱིས་ཁས་བླངས་པ་དེའི་ཚེ་ངེས་པར་ཕྲ་

བ་དང་ཆེ་བའི་རྫས་དེ་ལ་གཟུགས་ཀྱང་ཕྲ་བ་དང་ཆེ་བ་ཉིད་དུ་འགྱུར་དགོས་སོ། །དེའི་ཕྱིར་གང་རྫས་བཞིན་དུ་གཟུགས་ལ་ཕྲ་བ་དང་ཆེན་པོ་ཉིད་དག་མི་འདོད་པ་འདི་ལ་རྒྱུ་ཅི་ཞིག་ཡོད། ཅི་སྟེ་གཟུགས་ནི་ཡོན་ཏན་ཡིན་ཞིང་ཕྲ་བ་ཉིད་དང་ཆེན་པོ་ཉིད་ཀྱང་ཡོན་ཏན་ཁོ་ན་ཡིན་ལ།

ཡོན་ཏན་ནི་ཡོན་ཏན་གྱི་དབྱིབས་སུ་ཡང་མི་འགྱུར་བ་ཞེས་བྱ་བ་འདི་ནི་ཁོ་བོ་ཅག་གི་ལུགས་ཡིན་ཏེ་དེའི་ཕྱིར་རྫས་ཇི་ཙམ་ཡིན་པ་དེ་ཙམ་ཁོ་ནར་གཟུགས་ཀྱང་ཡིན་མོད་ཀྱི་དེ་ལྟར་ན་ཡང་གྲུབ་པའི་མཐའ་དང་འགལ་བའི་འཇིགས་པས་གཟུགས་ལ་ཕྲ་བ་ཉིད་དང་ཆེན་པོ་ཉིད་དག་

ཡོད་པ་མ་ཡིན་ནོ་སྙམ་ན། བརྗོད་པར་བྱ་སྟེ། གལ་ཏེ་ཕྱིར་རྒོལ་གཞན་མིན་ན། །གཞུང་ལུགས་བསྙད་པར་བྱ་བར་འགྱུར། །གལ་ཏེ་ཕྱིར་རྒོལ་ཁྱོད་རང་གི་སྡེ་ཚན་ཉིད་དུ་འགྱུར་ན་ནི་དེའི་དེ་ལ་གནོད་པར་ནུས་པས་དེ་བཟློག་པར་བྱ་བའི་ཕྱིར་དེ་ལ་གྲུབ་པའི་མཐའ་དང་འགལ་

เล่ม ๑๐๓ · หน้า 212b

བར་བརྗོད་པར་རིགས་ན། གང་གི་ཚེ་ཕ་རོལ་པོ་ཕྱིར་རྒོལ་བ་ཡིན་ན་ནི་དེ་ལ་གྲུབ་པའི་མཐའ་དང་འགལ་བ་བརྗོད་པ་ཅི་ཡང་མི་བྱེད་པ་ཞིག་སྟེ། དེའི་གྲུབ་པའི་མཐའ་དེ་སེལ་བར་ཞུགས་པའི་ཕྱིར་རོ། །དེ་ལ་རིགས་པ་དང་འཇིག་རྟེན་དང་འགལ་བ་བརྗོད་པ་ནི་རིགས་ཏེ། དེའི་སྒོ་ནས་དེ་

བཟློག་པར་ནུས་པའི་ཕྱིར་རོ། །དེའི་ཕྱིར་ལུང་དང་འགལ་བ་བརྗོད་པ་གང་ཡིན་པ་འདི་ནི་ལན་མ་ཡིན་པ་ཉིད་པས་ཉེས་པ་དེ་ཉིད་མ་གཡོས་པ་ཡིན་ནོ། །དེའི་ཕྱིར་དངོས་པོ་དང་བུམ་པ་གཉིས་ལ་གཞན་ཉིད་མེད་དོ། །དེའི་ཕྱིར་འདིར་ཡོད་པ་གཞན་ཉིད་བཀག་པས་དེ་ལས་གཞན་བུམ་

པ་ཉིད་ལ་སོགས་པ་སྤྱི་དང་བྱེ་བྲག་རྣམས་དགག་པ་ཡང་ཤེས་པར་བྱ་སྟེ། སྤྱིའི་ཡོན་ཏན་རྣམས་ནི་གྲངས་དང་འདྲ་ལ་བྱེ་བྲག་གི་ཡོན་ཏན་རྣམས་ནི་ཆེན་པོ་ཉིད་དང་འདྲའོ། །འདིར་སྨྲས་པ། བུམ་པ་ལ་སོགས་པ་དག་ལས་དངོས་པོ་གཞན་ཉིད་ཡིན་པ་དགག་པ་ནི་

བཤད་ན། བུམ་པའི་རང་བཞིན་ནི་མ་བཀག་པས་དངོས་པོ་བུམ་པ་ཞེས་བྱ་བ་རང་གི་ངོ་བོས་ཡོད་པ་ཁོ་ནའོ། །བརྗོད་པར་བྱ་སྟེ། མཚན་ཉིད་ཀྱིས་ཀྱང་མཚན་གཞི་ནི། །གང་དུ་གྲུབ་པ་ཡོད་མིན་པ། །དེར་ནི་གྲངས་སོགས་ཐ་དད་པར། །དངོས་པོ་ཡོད་པ་མ་ཡིན་ནོ། །

འདིར་བུམ་པ་དང་ཡོད་པ་དག་ལ་ལྡོག་པ་དང་རྗེས་སུ་འཇུག་པའི་མཚན་ཉིད་སྨྲ་བ་ན། ཕ་རོལ་པོས་བུམ་པ་ལ་ལྡོག་པའི་མཚན་ཉིད་རྣམ་པར་གཞག་སྟེ། དེའི་ཕྱིར་མཚན་ཉིད་འདིས་ཀྱང་མཚན་གཞི་གྲུབ་པ་མེད་དོ། །གང་ཞིག་མཚན་གཞི་ཉིད་དུ་གྲུབ་པར་འགྱུར་

བ་ལྡོག་པ་ཙམ་གྱིས་དངོས་པོ་རྣམས་ཀྱི་དངོས་པོའི་རང་གི་ངོ་བོ་ངེས་པར་མི་ནུས་སོ། །རེ་ཞིག་གཅིག་ནི་ཡོན་ཏན་ཡིན་པའི་ཕྱིར་བུམ་པར་མི་འགྱུར་ལ། ཕྲ་བ་དང་ཆེན་པོ་ཞེས་བྱ་བ་དང་། གཟུགས་ལ་སོགས་པ་རྣམས་ཀྱང་ཡོན་ཏན་ཡིན་པའི་ཕྱིར་བུམ་པ་ཞེས་བྱ་བར་མི་

འགྱུར་རོ། །ཡོད་པ་ཡང་རྫས་དང་ཡོན་ཏན་དང་ལས་རྣམས་ཀྱི་སྤྱི་ཡིན་པའི་ཕྱིར་བུམ་པར་མི་འགྱུར་རོ། །དེའི་ཕྱིར་འདི་གྲངས་དང་ཕྲ་བ་དང་ཆེན་པོ་དང་གཟུགས་ལ་སོགས་པ་རྣམས་ལས་ལྡོག་པ་ནི་རང་བཞིན་འདི་འདྲ་བ་ཞིག་གོ་ཞེས་བྱ་བར་རྣམ་པར་གཞག་པར་མི་ནུས་

เล่ม ๑๐๓ · หน้า 213a

སོ། །དེའི་ཕྱིར་དེ་ལྟར་རྒོལ་བ་གཞན་གྱི་ཕྱོགས་གང་དུ་མཚན་ཉིད་ཀྱིས་ཀྱང་མཚན་གཞིའི་བུམ་པའི་རང་གི་ངོ་བོས་གྲུབ་པ་ཡོད་པ་མ་ཡིན་པའི་ཕྱོགས་དེར་དངོས་པོ་བུམ་པ་ཞེས་བྱ་བའི་གྲངས་ལ་སོགས་པ་ལས་ཐ་དད་པར་རང་གི་ངོ་བོ་ཡོད་པ་མ་

ཡིན་ནོ། །དེའི་ཕྱིར་བུམ་པ་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་གྲུབ་བོ། །རྣམ་པ་གཅིག་ཏུ་ན་གྲངས་དང་གཟུགས་ལ་སོགས་པ་དག་ནི་བུམ་པའི་མཚན་ཉིད་ཡིན་ལ་བུམ་པ་ནི་དེ་དག་གིས་མཚོན་པར་བྱ་བ་ཡིན་པས་མཚན་གཞི་ཡིན་ཏེ། དེ་ལ་ནི་མཚན་ཉིད་ཀྱང་རང་

གི་ངོ་བོ་ལོགས་སུ་གྲུབ་པ་ཡོད་པ་མ་ཡིན་ཏེ། གྲངས་ལ་སོགས་པ་ལས་ཐ་དད་པར་དེའི་རང་གི་ངོ་བོ་མ་དམིགས་པའི་ཕྱིར་རོ། །གལ་ཏེ་མཚན་གཞི་དེ་རང་གི་ངོ་བོས་རྙེད་ན་ནི་དེའི་ཚེ་ངེས་པར་འདི་ནི་བུམ་པའི་རང་གི་ངོ་བོས་གྲངས་ལ་སོགས་པ་ལས་ཐ་དད་པ་དེ་ཡིན་ལ།

ཡང་འདི་ནི་དེའི་མཚན་ཉིད་གྲངས་ལ་སོགས་པའོ་ཞེས་གྲངས་ལ་སོགས་པ་ཐ་དད་པར་གཟུང་དུ་ཡོད་པར་འགྱུར་ན། འདི་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར། མཚན་ཉིད་ཀྱིས་ཀྱང་མཚན་གཞི་ནི། །གང་དུ་གྲུབ་པ་ཡོད་མིན་པ། །དེར་ནི་གྲངས་སོགས་ཐ་དད་པར། །

དངོས་པོ་ཡོད་པ་མ་ཡིན་ནོ། དེའི་ཕྱིར་བུམ་པ་རང་གི་ངོ་བོས་མེད་དོ། །རེ་ཞིག་མཚན་ཉིད་དང་མཚན་གཞི་དག་གཞན་ཉིད་ཡིན་དང་དགག་པ་བཤད་ཟིན་ཏོ། །གང་ཞིག་གི་བུམ་པ་གཟུགས་ལ་སོགས་པ་རྣམས་དང་གཅིག་པ་གྲུབ་པའི་མཐའ་ཡིན་པ་དེ་དགག་པའི་ཕྱིར་འདི་

བརྗོད་པར་བྱ་སྟེ། མཚན་ཉིད་རྣམས་དང་སོ་སོ་ནི། །མིན་ཕྱིར་བུམ་པ་གཅིག་མ་ཡིན། །རེ་རེ་བུམ་པ་མེད་ན་ནི། །མང་ཉིད་འཐད་པར་མི་འགྱུར་རོ། །གང་དག་གཟུགས་ལ་སོགས་པ་རྣམས་ནི་མཚན་ཉིད་སྣ་ཚོགས་པ་ཡིན་ཞིང་དེ་རྣམས་དང་བུམ་པ་སོ་སོ་མ་ཡིན་

པ་ཉིད་དུ་འདོད་པ་དེ་དག་གི་ལྟར་ན། བུམ་པ་མཚན་ཉིད་གཟུགས་ལ་སོགས་པ་རྣམས་དང་སོ་སོ་མ་ཡིན་པའི་ཕྱིར་གཅིག་ཏུ་མི་འཐད་དེ་མང་པོ་རྣམས་དང་གཞན་མ་ཡིན་པའི་ཕྱིར་རོ། །དེ་ལ་གལ་ཏེ་བུམ་པ་གཅིག་ཏུ་མི་འགྱུར་ན་འོ་ན་མང་པོ་ཉིད་དུ་འགྱུར་རོ་སྙམ་དུ་

เล่ม ๑๐๓ · หน้า 213b

འདོད་ན་འདི་ལ་བརྗོད་པར་བྱ་སྟེ། གང་གི་ཕྱིར་གཟུགས་ལ་སོགས་པ་རྣམས་ལས་རེ་རེ་ལ་བུམ་པ་མེད་པ་མཐོང་བ་དེའི་ཕྱིར་མང་པོ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་གཟུགས་ལ་སོགས་པ་མཚན་ཉིད་རྣམས་དང་སོ་སོ་མ་ཡིན་པའི་ཕྱིར་བུམ་པ་ལ་

གཅིག་མེད་ན། དེ་རྣམས་ཕན་ཚུན་སྦྱོར་བ་ལས་བུམ་པ་གཅིག་ཏུ་འགྱུར་རོ། །འདི་ལ་བརྗོད་པར་བྱ་སྟེ། རེག་ལྡན་རེག་དང་མི་ལྡན་དང་། །ལྷན་ཅིག་སྦྱོར་བ་ཞེས་བྱ་མེད། །དེའི་ཕྱིར་གཟུགས་སོགས་རྣམས་སྦྱོར་བ། །རྣམ་པ་ཀུན་ཏུའང་རིགས་མ་ཡིན། །དེ་ལ་

རེག་པས་ན་རེག་པ་སྟེ་ལུས་ཀྱི་དབང་པོའི་གཟུང་བར་བྱ་བ་ཉིད་དོ། །དེ་འདི་ལ་ཡོད་པས་ན་རེག་ལྡན་ནོ། །ལུས་ཀྱི་དབང་པོའི་གཟུང་བར་བྱ་བ་ཡིན་པའི་ཕྱིར་རེག་བྱ་ཁོ་ན་རེག་ལྡན་ཡིན་ཏེ། རེག་བྱ་རེག་པ་དང་ལྡན་པ་དེ་གཟུགས་དང་། དྲི་དང་། རོ་དང་། རེག་པ་དང་མི་

ལྡན་པ་རྣམས་དང་སྦྱོར་བ་སྟེ། ཕྲད་ཅིང་རེག་པ་མི་སྲིད་དེ་དཔེར་ན་ནམ་མཁའ་དང་བུམ་པ་བཞིན་ནོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ་དེའི་ཕྱིར་གཟུགས་ལ་སོགས་པ་རྣམས་ཀྱི་སྦྱོར་བ་རྣམ་པ་ཐམས་ཅད་དུ་མི་སྲིད་དོ། །གང་གི་ཚེ་དེ་ལྟར་ཡིན་པ་དེའི་ཚེ་གཟུགས་ལ་

སོགས་པ་རྣམས་ཀྱི་ཁྱད་པར་ཕན་ཚུན་ཕྲད་པས་བྱས་པ་ལས་ཚོགས་པའི་རྒྱུ་ཅན་བུམ་པ་ཡིན་ནོ་ཞེས་བྱ་བ་གང་སྨྲས་པ་དེ་མི་རིགས་སོ། །ཅི་སྟེ་ཕན་ཚུན་རེག་པ་མེད་པར་ཡང་དེ་རྣམས་ཀྱི་ཚོགས་པ་ཉིད་དུ་བུམ་པ་ཞེས་བྱ་བར་འགྱུར་རོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་

ཏེ། འདི་ལྟར། གཟུགས་ནི་བུམ་པའི་ཡན་ལག་སྟེ། །དེས་ན་རེ་ཞིག་དེ་བུམ་མིན། །གང་ཕྱིར་ཡན་ལག་ཅན་མེད་པ། །དེས་ན་ཡན་ལག་ཀྱང་ཡོད་མིན། །གཟུགས་ལ་སོགས་པའི་ཚོགས་པའི་ངོ་བོ་ཅན་བུམ་པའི་གཟུགས་ལ་སོགས་པ་རྣམས་ནི་རེ་རེ་ཞིང་ཡན་ལག་ཏུ་གྱུར་པའི་

ཕྱིར་བུམ་པའི་བརྗོད་པ་ལ་བརྟེན་པར་མི་འགྱུར་རོ། །བུམ་པ་ནི་ཡན་ལག་ཅན་ཡིན་ལ་གཟུགས་ལ་སོགས་པ་ནི་ཡན་ལག་ཡིན་ནོ། །རེ་ཞིག་གཟུགས་ནི་ཡན་ལག་ཡིན་པའི་ཕྱིར་བུམ་པ་མ་ཡིན་ནོ། །གཟུགས་ཇི་ལྟར་ཡིན་པ་དེ་བཞིན་དུ་དྲི་ལ་སོགས་པ་དག་ལ་ཡང་བརྗོད་

เล่ม ๑๐๓ · หน้า 214a

པར་བྱའོ། །གལ་ཏེ་འོ་ན་ནི་གཟུགས་ཡན་ལག་ཡིན་པའི་ཕྱིར་ཡན་ལག་ཅན་ཞེས་བྱ་བ་དེ་འགའ་ཞིག་ཡོད་པ་མ་ཡིན་ནམ། ཡན་ལག་ཅན་ལ་མི་ལྟོས་པའི་ཡན་ལག་དག་ནི་མི་རིགས་སོ་ཞེ་ན། བཤད་པར་བྱ་སྟེ། །འདིར་གཟུགས་ལ་སོགས་པ་རེ་རེ་ལ་

བུམ་པ་ཉིད་མེད་ན་ཡན་ལག་ཅན་འགའ་ཞིག་ལྟ་ག་ལ་ཡོད། །ཡན་ལག་ཅན་ཞེས་བྱ་བ་གཟུགས་ལ་སོགས་པ་ལས་ཐ་དད་པར་ཡོངས་སུ་བཅད་པར་ནུས་པ་མ་ཡིན་ལ། རང་གི་ངོ་བོ་ཡོངས་སུ་མ་བཅད་པ་ནི་ཡོད་པ་ཉིད་དུ་གཞག་པར་ནུས་པ་ཡང་མ་ཡིན་པས་ཡན་ལག་ཅན་

མེད་དོ། །གང་གི་ཕྱིར་ཡན་ལག་ཅན་མེད་པའི་ཕྱིར་གཟུགས་ཡན་ལག་ཉིད་དུ་ཡང་མི་སྲིད་པས་ཡན་ལག་དང་ཡན་ལག་ཅན་གཉིས་མེད་པ་ཉིད་དོ། །འདི་ལས་ཀྱང་། གཟུགས་ལ་སོགས་པ་ཚོགས་པ་བུམ་པ་མ་ཡིན་ཏེ། གང་གི་ཕྱིར། གཟུགས་རྣམས་ཀུན་ལའང་

གཟུགས་ཉིད་ནི། །མཚན་ཉིད་མི་མཐུན་མ་ཡིན་ན། །གཅིག་ལ་བུམ་པ་ཡོད་འགྱུར་ཞིང་། །གཞན་དག་ལ་མིན་རྒྱུ་ཅི་ཞིག །གཟུགས་རྣམས་ཀུན་ལའང་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོས་བསྡུས་པ་ཡིན་པའི་ཕྱིར་གཟུགས་དང་དྲི་ལ་སོགས་པ་རྣམས་ལ་གཟུགས་

ཞེས་བྱའོ། །གཟུགས་དེ་རྣམས་བུམ་པ་ལྟར་སྣམ་བུ་ལ་སོགས་པ་དག་ལ་ཡང་ཡོད་ལ། དེ་རྣམས་བུམ་པ་ལ་སོགས་པ་ཐ་དད་ཀྱང་རང་གི་མཚན་ཉིད་ལ་འཁྲུལ་པ་ཡང་མ་ཡིན་ཏེ། ཐམས་ཅད་དུ་ངོ་བོ་མཚུངས་པའི་ཕྱིར་རོ། །དེ་ལ་ཇི་ལྟར་གཟུགས་གཅིག་བུམ་

པ་ཉིད་དུ་གནས་པ་དེ་བཞིན་དུ་སྣམ་བུ་ལ་སོགས་པ་དང་འབྲེལ་པའི་གཟུགས་གཞན་ཡང་བུམ་པ་ཉིད་དུ་གནས་པར་ཅིའི་ཕྱིར་མི་འདོད། དེ་ཡང་བུམ་པ་ཉིད་དུ་གནས་པར་ནི་མི་རིགས་ཏེ། མཚན་ཉིད་ཐ་མི་དད་པའི་ཕྱིར་བུམ་པ་ཉིད་དུ་གནས་པའི་གཟུགས་ལ་སོགས་

པ་བཞིན་ནོ། །དེ་ལྟར་ཁས་མི་ལེན་པ་ལ་ནི་རྒྱུ་ཉིད་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་བུམ་པ་ཉིད་ཁོ་ནར་འགྱུར་བའམ། ཡང་ན་བུམ་པ་ཡང་བུམ་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །ཇི་ལྟར་བུམ་པ་ལ་སོགས་པ་རྣམས་ཐ་མི་དད་པར་ཐལ་བར་འགྱུར་བ་དེ་བཞིན་དུ་

เล่ม ๑๐๓ · หน้า 214b

གཟུགས་དང་དྲི་ལ་སོགས་པ་རྣམས་ཀྱང་ཐ་མི་དད་པར་ཐལ་བར་འགྱུར་ཏེ། བུམ་པ་གཅིག་ལས་གཞན་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་དེ་རྣམས་བུམ་པ་ལས་གཞན་མ་ཡིན་པ་ཉིད་ཡིན་མོད་ཀྱི། དེ་ལྟ་ན་ཡང་གཟུགས་དང་རོ་ལ་སོགས་པ་དག་ལ་ཐ་དད་པ་ཡོད་དེ་དེའི་ཕྱིར་

ཐ་མི་དད་པར་ཐལ་བ་མེད་དོ་སྙམ་ན། འདི་ཡང་མི་རིགས་སོ་ཞེས་བསྟན་པའི་ཕྱིར་བཤད་པ། རོ་སོགས་དག་ལས་གཟུགས་གཞན་ཞིང་། །བུམ་ལས་མིན་ཞེས་ཁྱོད་འདོད་ན། །དེ་རྣམས་མ་རྟོགས་རང་མེད་གང་། །གང་དེ་གཟུགས་གཞན་ཇི་ལྟར་མིན། །གལ་

ཏེ་དབང་པོ་ཐ་དད་པའི་གཟུང་བར་བྱ་བ་ཡིན་པའི་ཕྱིར་གཟུགས་རོ་ལ་སོགས་པ་དག་ལས་གཞན་དུ་རྣམ་པར་འཇོག་ན་ནི་གཟུགས་དེ་བུམ་པ་ལས་ཀྱང་གཞན་ཡིན་ནོ་ཞེས་བྱ་བར་ཅི་སྟེ་མི་གཞག །དེ་གཟུགས་ལས་གཞན་རོ་ལ་སོགས་པ་དག་ལས་ཐ་མི་དད་པའི་ཕྱིར་རོ་ལ་སོགས་

པའི་རང་གི་བདག་ཉིད་ལྟར་གཟུགས་ལས་གཞན་ཉིད་དུ་འགྱུར་ན། གཞན་ཉིད་དུ་འདོད་པ་ཡང་མ་ཡིན་པས་འདི་མི་རིགས་སོ། །གང་གི་ཚེ་དེ་ལྟར་གཟུགས་ལ་སོགས་པ་རྣམས་ལ་བུམ་པའི་རྒྱུ་ཉིད་མི་སྲིད་པ་དེའི་ཚེ་ངེས་པར། བུམ་པ་ལ་ནི་རྒྱུ་ཡོད་མིན། །རྒྱུ་དང་བྲལ་བ་ལ་ནི་

རང་ཉིད་ལ་རྒྱུ་མེད་པ་ཅན་གྱི་འབྲས་བུ་ཉིད་མེད་པས་རང་ཉིད་འབྲས་བུར་མི་འགྱུར་ཏེ། གང་གི་ཕྱིར་དེ་ལྟར་འདི་རྒྱུ་མེད་པའི་འབྲས་བུ་ཉིད་མི་སྲིད་པ། དེའི་ཕྱིར་གཟུགས་སོགས་ལས་གཞན་དུ། །བུམ་པ་འགའ་ཡང་ཡོད་མ་ཡིན། །གཟུགས་ལ་སོགས་པ་ལས་ཐ་དད་པར་

བུམ་པ་འབྲས་བུར་གྱུར་པར་མ་དམིགས་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ལས་ཐ་དད་པའི་བུམ་པ་མེད་དོ་ཞེས་བྱ་བར་གྲུབ་བོ། །ཅི་སྟེ་བུམ་པ་ནི་གཟུགས་ལ་སོགས་པའི་ཉེ་བར་ལེན་པ་ཅན་མ་ཡིན་པ་ཁོ་ནའོ། །འོ་ན་ཅི་ཞེ་ན། རང་གི་ཡན་ལག་ཏུ་གྱུར་པའི་རྒྱུ་གྱོ་མོ་

རྣམས་ལ་ལྟོས་ནས་བུམ་པ་འབྲས་བུ་ཉིད་ཡིན་ལ་གྱོ་མོ་རྣམས་ནི་རྒྱུ་ཉིད་ཡིན་ནོ་སྙམ་དུ་སེམས་ན་འདི་ཡང་སྙིང་པོ་མེད་དོ་ཞེས་བཤད་པ། བུམ་པ་རྒྱུ་ལས་གྲུབ་འགྱུར་ཞིང་། །རྒྱུ་ནི་གཞན་ལས་གྲུབ་འགྱུར་ན། །གང་ལ་རང་ལས་གྲུབ་མེད་པ། །དེ་ཡིས་གཞན་པོ་ཇི་ལྟར་བསྐྱེད། །

เล่ม ๑๐๓ · หน้า 215a

གལ་ཏེ་བུམ་པའི་རྒྱུ་གྱོ་མོ་རྣམས་ལས་རྟེན་ནས་བུམ་པ་འགྲུབ་ན་དེའི་ཚེ་གྱོ་མོ་དེ་རྣམས་གང་ལ་ལྟོས་ནས་འགྲུབ། རེ་ཞིག་དེ་རྣམས་ངོ་བོ་ཉིད་ཀྱིས་འགྲུབ་པ་ནི་མ་ཡིན་ཏེ་རྒྱུ་མེད་པ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་དེ་རྣམས་ལ་ཡང་རྒྱུ་གང་

ཞིག་འདོད་ན། འོ་ན་ནི་གྱོ་མོ་རྣམས་ལ་རང་གི་ངོ་བོ་གྲུབ་པ་མེད་དེ་དེ་རྣམས་ཀྱང་རྒྱུ་གསེག་མ་ལ་ལྟོས་པའི་ཕྱིར་རོ། །གྱོ་མོ་གང་དག་ལ་རང་ཉིད་ལས་གྲུབ་པ་ཡོད་པ་མ་ཡིན་པ་དེ་རྣམས་ཀྱིས་ནི་ཇི་ལྟར་གཞན་རང་གི་ངོ་བོས་གྲུབ་པར་འགྱུར། དེའི་ཕྱིར་བུམ་པ་མེད་

དོ། །བུམ་པ་འགོག་པར་བྱེད་པའི་ཚུལ་གང་ཡིན་པ་འདི་ཉིད་ནི་འབྲས་བུ་ཐམས་ཅད་མི་འགྲུབ་པ་ལ་ཡང་སྦྱར་བར་བྱའོ། །འདིར་སྨྲས་པ། གཟུགས་ལ་སོགས་པ་ཚོགས་པ་རྣམས་ལ་བུམ་པར་བརྗོད་པའི་ཕྱིར་གཟུགས་ལ་སོགས་པ་མང་པོ་ཉིད་ཡིན་ཡང་བུམ་པ་མང་

པོ་ཉིད་དུ་ཐལ་བར་མི་འགྱུར་རོ། །འདི་ཡང་མི་རིགས་ཏེ། ཚོགས་པ་ཉིད་མེད་པའི་ཕྱིར་རོ། །འདི་ལྟར་འཕྲོད་པ་འདུས་པར་གྱུར་ཀྱང་གཟུགས་དྲི་ཉིད་དུ་ནི་མི་འཐད་དེ། དེས་ན་བུམ་པ་བཞིན་ཚོགས་པ། །གཅིག་ཉིད་དུ་ནི་མི་རིགས་སོ། །གཟུགས་ལ་སོགས་པ་

རྣམས་ཚོགས་ཀྱང་ཚོགས་པ་ལ་གནས་པ་རྣམས་ཀྱིས་རང་རང་གི་མཚན་ཉིད་མི་འདོར་རོ། །དེའི་ཕྱིར་ཇི་ལྟར་ཚོགས་པའི་གནས་སྐབས་ན་གཟུགས་ལ་རང་གི་ངོ་བོས་ཡོངས་སུ་བཏང་བ་ལས་དྲི་ཉིད་མི་སྲིད་པ་དེ་བཞིན་དུ་དུ་མའི་རྟེན་ཅན་གྱི་ཚོགས་པ་ལ་གཅིག་ཉིད་མི་སྲིད་དོ། །ཚོགས་པ་དེ་ནི་

གཟུགས་ལ་སོགས་པ་རྣམས་ལས་ཐ་མི་དད་ལ་གཟུགས་ལ་སོགས་པ་དེ་རྣམས་ཀྱང་ཕན་ཚུན་དུ་ཐ་དད་ན་གཟུགས་ལ་སོགས་པ་རྣམས་ལས་ཐ་མི་དད་པའི་ཚོགས་པ་གཅིག་ཏུ་ཇི་ལྟར་འགྱུར། དཔེ་བཤད་པ་ནི་བུམ་པ་བཞིན་ཞེས་བྱ་བ་སྟེ། ཇི་ལྟར། མཚན་ཉིད་རྣམས་དང་སོ་སོ་

ནི། །མིན་ཕྱིར་བུམ་པ་གཅིག་མ་ཡིན། །ཞེས་བྱ་བ་ལ་སོགས་པ་བཤད་པ་དེ་བཞིན་དུ་འདིར་ཡང་། མཚན་ཉིད་རྣམས་དང་སོ་སོ་ནི། །མིན་ཕྱིར་ཚོགས་ལ་གཅིག་མེད་དོ། །དེ་ལྟར་ན། དེས་ན་བུམ་པ་བཞིན་ཚོགས་པ། །གཅིག་ཉིད་དུ་ནི་མི་རིགས་སོ། །དེའི་ཕྱིར་

เล่ม ๑๐๓ · หน้า 215b

ཚོགས་པ་མི་སྲིད་པས་གཟུགས་ལ་སོགས་པ་ལ་ཡང་བུམ་པ་བརྟག་པར་མི་རིགས་སོ། །ཇི་སྐད་དུ་བཤད་པའི་རྣམ་པར་དཔྱད་པས། ཇི་ལྟར་གཟུགས་སོགས་མ་གཏོགས་པར། །བུམ་པ་ཡོད་པ་མ་ཡིན་པ། །དེ་བཞིན་རླུང་ལ་སོགས་པ་ནི། །མ་གཏོགས་

གཟུགས་ཀྱང་ཡོད་མ་ཡིན། །ཇི་ལྟར་གཟུགས་ལ་སོགས་པ་མ་གཏོགས་པར་བུམ་པ་མ་གྲུབ་པ་དེ་བཞིན་དུ་བུམ་པར་བཏོགས་པའི་ཉེ་བར་ལེན་པར་གྱུར་པ་གཟུགས་ལ་སོགས་པ་རྣམས་ཀྱང་རླུང་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་ནི་མ་གཏོགས་པར་མི་འགྲུབ་སྟེ།

རྒྱུ་མེད་པ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ཇི་ལྟར་རླུང་ལ་སོགས་པ་མ་གཏོགས་པར་གཟུགས་དང་དྲི་ལ་སོགས་པ་མི་སྲིད་པ་དེ་བཞིན་དུ་འབྱུང་བ་ཆེན་པོ་རྣམས་ཀྱང་ཕན་ཚུན་མ་གཏོགས་པར་འགྲུབ་པ་མེད་པས་རང་གི་ངོ་བོས་མ་གྲུབ་པར་བརྗོད་པའི་ཕྱིར་

བཤད་པ། ཚ་བ་མེ་ཉིད་དུ་འགྱུར་ཏེ། །ཚ་བ་མིན་པ་ཇི་ལྟར་སྲེག །དེས་ན་བུད་ཤིང་ཞེས་བྱ་བ། །ཡོད་མིན་དེ་མེད་མེ་ཡོད་མིན། །འདི་ནི་མེ་ནི་སྲེག་པ་པོ་ཡིན་ལ་འབྱུང་བ་གསུམ་ནི་བསྲེག་པར་བྱའོ། །དེའི་ཕྱིར་བུད་ཤིང་ཞེས་བྱ་བ་འབྱུང་བ་ཆེན་པོ་གསུམ་པོ་དེ་

མེ་ཁོ་ནས་བསྲེག་གི་གཞན་གྱིས་ནི་མ་ཡིན་ལ་བུད་ཤིང་ཁོ་ན་ཚིག་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །དེ་ལ་གལ་ཏེ་བུད་ཤིང་ཚ་བ་མེས་བསྲེགས་ན་ནི་དེའི་ཚེ་ཚ་བ་དེ་མེ་ཁོ་ནར་འགྱུར་གྱི་བུད་ཤིང་ནི་མ་ཡིན་ནོ། །ཚ་བ་མ་ཡིན་པ་ལ་ཡང་སྲེག་པ་མི་སྲིད་པས་ཚ་བ་མ་ཡིན་

པ་ཡང་བུད་ཤིང་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་རྣམ་པ་ཐམས་ཅད་དུ་དེས་བསྲེག་པར་བྱ་བ་མི་སྲིད་པས་གང་ཞིག་འབྱུང་བ་གསུམ་གྱི་བདག་ཉིད་ཅན་དུ་གྱུར་པ་བུད་ཤིང་ཞེས་བྱ་བ་མེད་དོ། །གང་གི་ཚེ་དེ་ལྟར་མེ་མ་གཏོགས་པར་བུད་ཤིང་ཞེས་བྱ་བ་གཞན་མི་སྲིད་པ་

དེའི་ཚེ་བུད་ཤིང་མེད་དང་རྒྱུ་མེད་པའི་མེ་ཡང་མི་སྲིད་པས། །དེ་མེད་མེ་ཡོད་མ་ཡིན་ནོ། །འདིར་སྨྲས་པ། བུད་ཤིང་ནི་སྲ་བ་ལ་སོགས་པའི་ངོ་བོ་ཡིན་པས་ཚ་བ་མ་ཡིན་པའི་བདག་ཉིད་ཅན་ཞིག་སྟེ། དེ་ཚ་བའི་རང་བཞིན་གྱི་མེས་ཟིལ་གྱིས་མནན་པ་ལས་ཚ་བར་

เล่ม ๑๐๓ · หน้า 216a

འགྱུར་ལ། ཚ་བ་ཡིན་དང་བསྲེག་པར་བྱ་བར་འགྱུར་རོ་ཞེ་ན། དེ་ལྟར་ཡོངས་སུ་བརྟགས་ན་ཡང་བུད་ཤིང་ཞེས་བྱ་བའི་དོན་ཏེ། གལ་ཏེ་ཟིལ་མནན་ཚ་ན་ཡང་། །དེ་ཡང་ཅི་སྟེ་མེར་མི་འགྱུར། །གལ་ཏེ་བུད་ཤིང་ཞེས་བྱ་བའི་དོན་ཚ་བའི་རང་བཞིན་

མ་ཡིན་པ་ཡང་མེས་ཟིལ་གྱིས་མནན་ཏེ་ཚ་བར་འགྱུར་རོ་སྙམ་དུ་རྟོག་ན་དེ་ཡང་མེ་ཁོ་ནར་འགྱུར་ཏེ་ཚ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བུད་ཤིང་མེད་པ་ཉིད་དུ་འགྱུར་རོ། །འོན་ཏེ་མི་ཚ་ན་དངོས་གཞན། །མེ་ལ་ཡོད་ཅེས་བྱར་མི་རུང་། །ཅི་སྟེ་དོན་དེ་ཟིལ་གྱིས་

མནན་ཡང་ཚ་བ་མ་ཡིན་པ་ཉིད་དུ་འདོད་ན། འོ་ན་ནི་མེ་ལས་གཞན་པའི་དངོས་པོ་བུད་ཤིང་ཞེས་བྱ་བ་དང་འབྱུང་བ་གསུམ་པོ་ཚ་བ་དང་འགལ་བས་ཚ་བ་མ་ཡིན་པའི་རང་བཞིན་ཅན་དེ། མེ་ལ་ཡོད་དོ་ཞེས་བྱ་བར་མི་རིགས་སོ། །དེའི་ཕྱིར་འབྱུང་བ་གསུམ་དང་བྲལ་བའི་

མེ་ཙམ་ཞིག་ཏུ་འགྱུར་ན། འབྱུང་བ་ཆེན་པོ་འདི་རྣམས་ལ་ནི་ཕན་ཚུན་མེད་པར་འབྱུང་བ་ཡོད་པ་མ་ཡིན་པ་དེའི་གྲུབ་པའི་མཐའ་དང་འགལ་བའི་ཕྱིར་རོ། །མེ་ལ་བུད་ཤིང་ཞེས་བྱ་བའི་དངོས་པོ་གཞན་མེད་པས་མེ་རྒྱུ་མེད་པ་ཅན་ཉིད་དུ་ཡང་འགྱུར་བས་འདི་ནི་མི་རིགས་སོ། །ཅི་

སྟེ་མེའི་རྫས་ཀྱི་རྡུལ་ཕྲ་རབ་ལས་འབྱུང་བ་གསུམ་མེད་པས་བུད་ཤིང་མེད་པར་ཡང་མེ་ཡོད་པ་ཉིད་དོ་སྙམ་དུ་སེམས་ན་བཤད་པར་བྱ་སྟེ། གལ་ཏེ་རྡུལ་ལ་ཤིང་མེད་ན། །དེས་ན་ཤིང་མེད་མེ་ཡོད་དོ། །དེའི་ཕྱིར་རྒྱུ་མེད་པ་ཅན་ཉིད་ཀྱི་སྐྱོན་དུ་ཐལ་བ་དེ་ཉིད་ཀྱི་དོན་དུ་འགྱུར་

རོ། །རྒྱུ་མེད་པ་ཉིད་དུ་ཐལ་བའི་སྐྱོན་དེ་ཉིད་ཀྱི་ཕྱིར་བྱེ་བྲག་པ་དག་ལྟར་རང་གི་སྡེ་པ་རྣམས་ཀྱིས་རྫས་ཀྱི་རྡུལ་ཕྲ་རབ་ཁས་བླང་བར་མི་རིགས་སོ། །བྱེ་བྲག་པའི་རྡུལ་ཕྲ་རབ་ཏུ་སྨྲ་བ་ན་རབ་ཏུ་བྱེད་པ་དགུ་པ་ཉིད་ལས་བཀག་པའི་ཕྱིར་ཡང་མི་དགག་གོ། །ཅི་སྟེ་མེ་རྒྱུ་མེད་པ་

ཅན་ཉིད་དུ་ཐལ་བས་འཇིགས་ནས་རྡུལ་ཕྲ་རབ་ལ་བུད་ཤིང་ཡོད་པར་རྟོག་ན། དེའི་ཕྱིར། གལ་ཏེ་དེ་ལའང་ཤིང་ཡོད་ན། །གཅིག་གི་བདག་ཅན་རྡུལ་ཡོད་མིན། །གལ་ཏེ་རྡུལ་ལ་བུད་ཤིང་ཡོད་དོ་ཞེས་བྱ་བར་རྟོག་ན། འོ་ན་ནི་མེའི་རྫས་ཀྱི་རྡུལ་ཕྲ་རབ་གཅིག་གི་ངོ་བོར་

เล่ม ๑๐๓ · หน้า 216b

ཡོད་དོ་ཞེས་ཁས་བླང་བར་མི་བྱའོ། །རྫས་བརྒྱད་ལྷན་ཅིག་འབྱུང་བར་ངེས་པ་རྡུལ་ཕྲ་རབ་གཅིག་གི་བདག་ཉིད་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་དེ་ལས་གཞན་པའི་དངོས་པོ་ཡང་སྟེ། དངོས་པོ་གང་ཡང་ཡོངས་བཏགས་པ། །དེ་དང་དེ་ལ་གཅིག་ཉིད་མེད། །ཇི་ལྟར་

དེ་ལས་གཞན་ལ་གཞན་ཡོད་པས་འབྱུང་བ་ཆེན་པོ་རྣམས་ལ་གཅིག་གི་བདག་ཉིད་ཅན་ཡོད་པ་མ་ཡིན་པ་དེ་བཞིན་དུ་རྒྱུ་མེད་པ་ཅན་ཉིད་དུ་ཐལ་བར་འགྱུར་བས་འབྱུང་བ་ལས་གྱུར་པ་ཡང་འབྱུང་བ་རྣམས་མེད་པར་རྐྱང་བ་མེད་དོ། །དེ་བཞིན་དུ་སེམས་མེད་པར་སེམས་ལས་

བྱུང་བ་རྣམས་མི་སྲིད་ལ། སེམས་ལས་བྱུང་བ་རྣམས་མེད་པར་ཡང་སེམས་མ་ཡིན་ནོ། །དེ་བཞིན་དུ་སྐྱེ་བ་ལ་སོགས་པ་མཚན་ཉིད་རྣམས་མེད་པར་མཚན་གཞི་གཟུགས་ལ་སོགས་པ་ཡོད་པ་མ་ཡིན་ལ། མཚན་གཞི་མེད་པ་ཡང་རྟེན་མེད་པའི་མཚན་ཉིད་མི་སྲིད་དོ། །གང་གི་

ཕྱིར་དེ་ལྟར་དངོས་པོ་གཅིག་པོ་འགའ་ལ་ཡང་གྲུབ་པ་ཡོད་པ་མ་ཡིན་པ་དེའི་ཚེ་གཅིག་པ་རྣམས་ཀྱི་ཚོགས་པ་མེད་ན་དུ་མ་གྲུབ་པ་རྒྱང་རིང་དུ་སྤངས་པ་ཉིད་དོ་ཞེས་བཤད་པ། གང་གིས་གཅིག་ཀྱང་ཡོད་མིན་པ། །དེས་ན་དུ་མ་དག་ཀྱང་མེད། །རེ་རེ་མ་གྲུབ་པ་ཡིན་དང་ཚོགས་

པ་རྣམས་ཀྱང་གྲུབ་པ་མེད་དོ། །ཅི་སྟེ་ལྷན་ཅིག་འབྱུང་བར་ངེས་པར་ཁས་བླངས་པས་སུན་དབྱུང་བ་འདི་རང་གི་སྡེ་པ་ལ་འཐད་ཀྱི་ཕ་རོལ་པོ་ལ་ནི་མ་ཡིན་ཏེ། ས་ལ་སོགས་པའི་རྡུལ་ཕྲ་རབ་དེ་ལས་གཞན་པའི་དངོས་པོ་ལ་ཡོད་པ་དང་བྲལ་བ་བརྟག་པ་རྣམས་ཡོད་པ་ཉིད་དུ་ཁས་

བླངས་པའི་ཕྱིར་རོ་སྙམ་ན། དེ་ལ་ཡང་མི་རིགས་པ་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། གལ་ཏེ་གང་ན་དངོས་དེ་རྣམས། །མེད་དེར་གཅིག་ཡོད་ཅེས་འདོད་ན། །དེ་ཡང་ཡང་དག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གིས་ཀུན་ལ་གསུམ་ཉིད་ཡོད། །དེས་ན་གཅིག་

ཉིད་ཡོད་མ་ཡིན། །ཕ་རོལ་པོ་ལ་ཡང་གཅིག་ཅེས་བྱ་བའི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་དེ་ལ་ཡང་སའི་རྡུལ་ཕྲ་རབ་ལ་རྫས་ཉིད་དང་གཅིག་ཉིད་དང་ཡོད་པ་ཉིད་ཅེས་བྱ་བ་གསུམ་ཡོད་ལ། དེ་བཞིན་དུ་ཡོན་ཏན་ལ་ཡོན་ཏན་ཉིད་དང་ཡོད་པ་ཉིད་དང་

เล่ม ๑๐๓ · หน้า 217a

གཅིག་ཉིད་ཅེས་བྱ་བ་ཡོད་དོ། །གང་གི་ཕྱིར་གསུམ་ཡོད་པ་དེའི་ཕྱིར་གཅིག་ཅེས་བྱ་བ་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་གྲངས་ཅན་ལ་ཡང་ཐམས་ཅད་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར་གཅིག་གི་དངོས་པོ་

འགའ་ཡང་མེད་པས་འགའ་ཡང་བཤད་ཟིན་པའི་སུན་འབྱིན་པ་ལས་མི་འདའོ། །གཞན་ཡང་སུན་འབྱིན་པའི་ཚུལ་འདི་མཁས་པས་རྒོལ་བ་ཐམས་ཅད་ཀྱི་ཕྱོགས་བསལ་བར་བྱ་བའི་ཕྱིར་སྦྱར་བར་བྱའོ་ཞེས་བསླབ་པའི་ཕྱིར་སློབ་དཔོན་གྱིས་བཤད་པ། ཡོད་དང་མེད་དང་ཡོད་

མེད་དང་། །ཡོད་མེད་མིན་ཞེས་བྱ་བའི་ཚུལ། །འདི་ནི་མཁས་པས་གཅིག་ཉིད་སོགས། །དག་ལ་རྟག་ཏུ་སྦྱར་བར་བྱ། །གཅིག་ཉིད་ལ་སོགས་པ་དག་ནི་གཅིག་ཉིད་དང་། གཞན་ཉིད་དང་། གཉི་ག་དང་། གཉི་ག་མ་ཡིན་པ་ཞེས་བྱ་བ་སྟེ། བློ་བཟང་པོས་རྒོལ་བ་

རྣམས་ཀྱི་གཅིག་ཉིད་ལ་སོགས་པའི་ཕྱོགས་རྣམ་པར་གནས་པ་དེ་དག་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་ཡོད་པ་དང་མེད་པ་ཉིད་ལ་སོགས་པས་མཚོན་པའི་སུན་འབྱིན་པའི་ཕྱོགས་ཚུལ་གཞུག་པར་བྱའོ། །དེ་ལ་འབྲས་བུ་ཡོད་པར་སྨྲ་བའི་ཕྱོགས་ནི་རྒྱུ་དང་འབྲས་བུ་གཉིས་གཅིག་

པ་ཉིད་ཅེས་བྱ་བ་སྟེ། དེ་ལྟར་ན་འབྲས་བུ་དེའི་རྒྱུའི་བདག་ཉིད་དུ་རྣམ་པར་གནས་པ་ཉིད་དུ་གྱུར་པ་འབྲས་བུའི་བདག་ཉིད་དུ་ཡོངས་སུ་འགྱུར་བ་སྟེ་མེད་པ་ནི་བྱ་བར་མི་ནུས་སོ། །གལ་ཏེ་འབྱུང་ན་ནི་དེའི་ཚེ་ཐམས་ཅད་ལས་ཐམས་ཅད་འབྱུང་བར་འགྱུར་ན། ཐམས་ཅད་ལས་ཐམས་

ཅད་འབྱུང་བར་མཐོང་བ་ཡང་མ་ཡིན་ཏེ། འོ་མ་ལ་སོགས་པ་ཁོ་ན་ལས་ཞོ་ལ་སོགས་པ་སོ་སོར་ངེས་པར་མཐོང་བའི་ཕྱིར་རོ། །དེའི་ཕྱིར་རྒོལ་བ་དེའི་ལྟར་ན་རྒྱུ་དང་འབྲས་བུ་དག་གཅིག་ཉིད་དུ་ཁས་བླངས་པས་འབྲས་བུ་ཡོད་པ་ཉིད་དུ་སྐྱེ་སྟེ་དེ་ལྟར་ན་གཅིག་ཉིད་ཀྱི་ཕྱོགས་སོ། །

གཅིག་ཉིད་ཀྱི་ཕྱོགས་དེ་ལ་འབྲས་བུ་ཡོད་པར་སྨྲ་བ་དཔྱད་པའི་སྒོ་ནས་སུན་འབྱིན་པ་རྟག་ཏུ་བརྗོད་པར་བྱ་སྟེ། དེ་ཡང་། འབྲས་བུ་ཡོད་ཉིད་གང་འདོད་ལ། །ཁྱིམ་གྱི་དོན་དུ་ཀ་བ་ལ། །སོགས་པའི་རྒྱན་ནི་དོན་མེད་འགྱུར། །ཞེས་བྱ་བ་འདིས་བཤད་ལ། དེ་བཞིན་དུ། གང་ཞིག་

เล่ม ๑๐๓ · หน้า 217b

འབྱུང་བར་བྱེད་པ་དེ། །སྔར་ཡོད་ཅེས་བྱར་མི་རིགས་ཏེ། །གལ་ཏེ་ཡོད་པ་སྐྱེ་འགྱུར་ན། །སྐྱེས་ཟིན་པའང་འབྱུང་བར་འགྱུར། །གལ་ཏེ་བྱས་པ་མེད་ཀྱང་ཆོས། །ཡོད་ན་དེས་སྡོམ་དོན་མེད་འགྱུར། །ཅི་སྟེ་ཅུང་ཟད་བྱེད་ན་ཡང་། །འབྲས་བུ་ཡོད་པ་མི་སྲིད་དོ། །

ཞེས་བཤད་དོ། །དེ་ལྟར་མཁས་པ་རྣམས་ཀྱིས་འབྲས་བུ་ཡོད་པར་སྨྲ་བས་ཉེ་བར་མཚོན་པའི་སུན་འབྱིན་པ་གཅིག་ཉིད་ཀྱི་ཕྱོགས་ལ་སྦྱར་བར་བྱའོ། །འབྲས་བུ་མེད་པར་སྨྲ་བ་ནི་རྒྱུ་དང་འབྲས་བུ་དག་གཞན་ཉིད་དུ་སྨྲ་བ་དག་གོ། །དེ་དག་གིས་ནི་ཡོད་པ་སྐྱེ་

བ་དོན་མེད་པར་སེམས་ཤིང་འབྲས་བུ་མེད་པ་ཁོ་ན་སྐྱེའོ་ཞེས་རྟོགས་ཏེ། དེ་དག་གི་གཞན་ཉིད་ཀྱི་ཕྱོགས་ལ་ཡང་འབྲས་བུ་མེད་པས་ཉེ་བར་མཚོན་པའི་སུན་འབྱིན་པར་བརྗོད་པར་བྱའོ། །དེ་ཡང་། འབྲས་བུ་མེད་ཉིད་གང་འདོད་ལ། །ཁྱིམ་གྱི་དོན་དུ་ཀ་བ་ལ། །

སོགས་པའི་རྒྱན་ནི་དོན་མེད་འགྱུར། །ཞེས་བཤད་དོ། །གང་དག་རྒྱུ་དང་འབྲས་བུ་གཉིས་གཅིག་ཉིད་དུ་འགྱུར་ལ་གཞན་ཉིད་དུ་ཡང་འགྱུར་རོ་སྙམ་དུ་རྟོགས་པ་དེ་དག་ནི་འབྲས་བུ་ཡོད་པ་དང་མེད་པར་སྨྲའོ། །དེ་དག་ནི་ལྷ་སྦྱིན་སྲོག་གི་བདག་ཉིད་དུ་རྣམ་པར་གནས་ཤིང་

ལྷ་སྦྱིན་གྱི་བདག་ཉིད་དུ་རྣམ་པར་མི་གནས་པར་སྐྱེ་བར་འདོད་ལ། དེ་བཞིན་དུ་གདུ་བུ་དང་དཔུང་རྒྱན་ལ་སོགས་པ་གསེར་གྱི་བདག་ཉིད་དུ་རྣམ་པར་གནས་ཤིང་གདུ་བུ་དང་དཔུང་རྒྱན་ལ་སོགས་པའི་བདག་ཉིད་དུ་རྣམ་པར་མི་གནས་པ་རྣམས་སྐྱེ་བར་རྟོགས་སོ། །དེ་དག་

གཅིག་ཉིད་དང་གཞན་ཉིད་གཉི་གའི་ཕྱོགས་ལ་འབྲས་བུ་ཡོད་པ་དང་མེད་པར་སྨྲ་བ་དགག་པས་ཉེ་བར་མཚོན་པའི་སུན་འབྱིན་པ་བརྗོད་པར་བྱའོ། །དེ་ཡང་། འབྲས་བུ་ཡོད་ཉིད་གང་འདོད་དང་། །ཞེས་པ་ལ་སོགས་པས་བཤད་དེ། རྒོལ་བ་གཉིས་ཀྱི་སྐྱོན་གྱི་ཕྱོགས་གཅིག་ལ་སྦྱར་བར་བྱ་བ་

འདི་ནི་ཁྱད་པར་རོ། །གང་དག་གི་ལྟར་ན་བུམ་པ་ལ་སོགས་པའི་དངོས་པོ་མེད་པར་རང་གི་རྒྱུ་དག་ལས་གཅིག་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པ་དག་དངོས་པོ་རྫས་སུ་ཡོད་པའི་རྒྱུ་ཅན་ཡིན་པ་དེ་དག་ལ་ཡོད་པ་དང་མེད་པར་སྨྲ་བ་བཟློག་པའི་སྒོ་ནས་ཡོད་པ་ཡང་མ་ཡིན་

เล่ม ๑๐๓ · หน้า 218a

མེད་པ་ཡང་མ་ཡིན་པ་ཞེས་བྱ་བ་དཔྱད་པས་སུན་འབྱིན་པ་བརྗོད་པར་བྱའོ། །དེ་ཡང་སྨྲ་བ་གཉི་ག་སྲིད་ན་ནི་དེ་དག་བཀག་པའི་སྒོ་ནས་གཉི་ག་མ་ཡིན་པ་ཞེས་བྱ་བར་འགྱུར་ན། གང་གི་ཚེ་འདི་གཉི་ག་མི་སྲིད་པ་དེའི་ཚེ་གང་བཀག་པས་གཉིས་མ་ཡིན་པར་

རྟོགས་པར་འགྱུར་ཞེས་དོན་གྱིས་བཤད་ཟིན་པ་ཉིད་དོ། །དེ་ལྟར་ན་གོ་རིམས་ཇི་ལྟ་བ་བཞིན་དུ། ཡོད་དང་མེད་དང་ཡོད་མེད་པ། །ཡོད་མེད་མིན་ཞེས་བྱ་བའི་ཚུལ། །འདི་ནི་མཁས་པས་གཅིག་ཉིད་སོགས། །དག་ལ་རྟག་ཏུ་སྦྱར་བར་བྱ། །གཞན་དག་ནི་གལ་ཏེ་གཅིག་ཉིད་དང་

གཞན་ཉིད་ལ་སོགས་པའི་ཚུལ་ཁོ་ནས་དངོས་པོ་རྣམས་བཀག་གམ་འོན་ཏེ་ཚུལ་གཞན་གྱིས་ཀྱང་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ཡོད་དང་མེད་དང་ཡོད་མེད་དང་། །ཡོད་མེད་མིན་ཞེས་བྱ་བའི་ཚུལ། །འདི་ནི་མཁས་པས་གཅིག་ཉིད་སོགས། །དག་ལ་རྟག་ཏུ་སྦྱར་བར་བྱ། །

ཡོད་པ་དང་མེད་པ་དང་། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ཞེས་བྱ་བའི་ཚུལ་འདི་ནི་མཁས་པ་རྣམས་ཀྱིས་གཅིག་ཉིད་ལ་སོགས་པ་ཕྱོགས་བཞི་ལ་རྟག་ཏུ་དེ་ཁོ་ན་སྦྱར་བར་བྱའོ། །དེ་ལ་ཡོད་པ་ཞེས་བྱ་བ་ནི་བདོག་པ་ཞེས་བྱ་བའི་དོན་ཏོ། །མེད་

པ་ཞེས་བྱ་བ་ནི་བདོག་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཡོད་ཀྱང་ཡོད་ལ་མེད་ཀྱང་མེད། །ཅེས་བྱ་བ་ནི་བདོག་ཀྱང་བདོག་ལ་མི་བདོག་ཀྱང་མི་བདོག་ཅེས་བྱ་བའི་དོན་ཏོ། །ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བྱ་བ་ནི་བདོག་པ་ཡང་མ་ཡིན་མི་བདོག་པ་ཡང་མ་ཡིན་ཞེས་བྱ་བའི་དོན་ཏོ། །

གཅིག་ཉིད་ལ་སོགས་པ་དག་ཅེས་བྱ་བ་ནི་གཅིག་ཉིད་དང་གཞན་ཉིད་དང་གཉི་ག་དང་གཉི་ག་མ་ཡིན་པ་ཞེས་བྱའོ། །དེ་ལ་གཉིས་སམ་མང་པོ་རྣམས་ལ་གཅིག་ཉིད་དམ་གཞན་ཉིད་དང་། གཉི་ག་དང་གཉི་ག་མ་ཡིན་པ་ཞིག་ཏུ་འགྱུར་གྲང་ན། དེ་ལ་གང་དག་གི་ལྟར་ན་

སྣམ་བུ་དང་དཀར་པོ་གཅིག་ཉིད་ཅེས་བྱ་བ་ཕྱོགས་ཡིན་པ་དེ་ལ་ཡོད་པ་ཞེས་བྱ་བའི་ཚུལ་འདི་ཡུལ་དང་དུས་དང་མཚན་ཉིད་ལ་སྦྱར་བར་བྱའོ། །དེ་ལ་རེ་ཞིག་ཡུལ་ལས་ནི་གལ་ཏེ་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་ཡིན་ན། གང་དང་གང་ན་དཀར་པོ་ཡོད་པ་དེ་དང་དེ་ན་སྣམ་

เล่ม ๑๐๓ · หน้า 218b

བུ་ཡང་ཡོད་པར་འགྱུར་བར་བྱ་དགོས་སོ། །གང་དང་གང་ན་སྣམ་བུ་ཡོད་པ་དེ་དང་དེ་ན་དཀར་པོ་ཡང་ཡོད་པར་འགྱུར་བར་བྱ་དགོས་སོ། །ཅི་སྟེ་གང་དང་གང་ན་དཀར་པོ་ཡོད་པ་དེ་དང་དེ་ན་སྣམ་བུ་ཡོད་པར་མི་འགྱུར་ཞིང་། གང་དང་གང་ན་སྣམ་བུ་ཡོད་པ་དེ་དང་དེ་ན་དཀར་པོ་ཡོད་པར་མི་འགྱུར་ན་ནི།

དེ་ལ་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་ཡིན་ནོ་ཞེས་གང་འདོད་པ་དེ་མི་འཐད་དེ། ཡུལ་ཐ་དད་པའི་ཕྱིར་རོ། །དུས་ལས་ཀྱང་སྟེ། དེ་ལ་དུས་ནི་རྣམ་པ་གསུམ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་རོ། དེ་ལ་འདས་པ་ལ་ནི་འདས་པའི་གནས་སྐབས་ཁོ་ནར་སྔར་སྐྱེས་པའི་དཀར་

པོ་མཐོང་ངོ་། །གལ་ཏེ་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་ཡིན་ན་ནི། དེའི་ཚེ་གལ་ཏེ་དཀར་པོ་སྔར་སྐྱེས་ན་ནི་སྣམ་བུ་ཡང་སྔར་སྐྱེས་པར་འགྱུར་དགོས་སོ། །ཅི་སྟེ་སྣམ་བུ་ཕྱིས་སྐྱེས་ན་དཀར་པོ་ཡང་ཕྱིས་སྐྱེ་བར་འགྱུར་དགོས་སོ། །གལ་ཏེ་དཀར་པོ་སྔར་སྐྱེས་ན་ནི་དེ་ལྟ་ན་སྣམ་བུ་

ཕྱིས་སྐྱེས་པ་ཡིན་ལ། གང་ཞིག་སྔར་སྐྱེས་པ་དང་གང་ཞིག་ཕྱིས་སྐྱེས་པ་དེ་དག་ནི་གཅིག་ཉིད་དུ་མི་འགྱུར་ཏེ། སྐྱེ་བའི་རིམ་པ་ཐ་དད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་དུ་འགྱུར་ན་ནི་དེའི་ཚེ་དཀར་པོ་ཞིག་ན་སྣམ་བུ་འཇིག་པར་འགྱུར་དགོས་

ལ། སྣམ་བུ་ཞིག་ནི་ཡང་དཀར་པོ་འཇིག་པར་འགྱུར་དགོས་ན། གང་གི་ཚེ་དཀར་པོ་ཞིག་ན་དཀར་པོ་འཇིག་པར་འགྱུར་གྱི། སྣམ་བུ་འཇིག་པར་མི་འགྱུར་ལ། སྣམ་བུ་ཞིག་ན་ཡང་སྣམ་བུ་ཁོ་ན་འཇིག་པར་འགྱུར་གྱི། དཀར་པོ་འཇིག་པ་ནི་མ་ཡིན་ཏེ། དེ་ལ་སྣམ་བུ་དང་དཀར་

པོ་དག་གཅིག་ཉིད་དོ་ཞེས་གང་འདོད་པ་དེ་མ་ཡིན་ཏེ། འཇིག་པ་དང་མི་འཇིག་པ་ཐ་དད་པའི་ཕྱིར་རོ། །གཞན་ཡང་དཀར་པོ་ཞེས་སྨྲ་ན་དཀར་པོ་ཞེས་བྱ་བ་ཁོ་ན་སྨྲས་པར་འགྱུར་གྱི་སྣམ་བུ་ཞེས་སྨྲས་པ་ནི་མ་ཡིན་ལ། སྣམ་བུ་ཞེས་སྨྲ་ན་ཡང་སྣམ་བུ་ཁོ་ན་སྨྲས་པར་འགྱུར་གྱི་དཀར་

པོ་ཞེས་སྨྲས་པ་ནི་མ་ཡིན་ནོ། །གང་གི་ཕྱིར་དཀར་པོ་ཞེས་བྱ་བ་ཁོ་ན་སྨྲས་པར་འགྱུར་གྱི་སྣམ་བུ་ཞེས་སྨྲས་པར་ནི་མི་འགྱུར་ལ་སྣམ་བུ་ཞེས་སྨྲས་ན་ཡང་སྣམ་བུ་ཁོ་ན་སྨྲས་པར་འགྱུར་གྱི་དཀར་པོ་མ་ཡིན་པ་དེའི་ཕྱིར་ཡང་དེ་དག་གཅིག་ཏུ་མི་འགྱུར་གྱི་སྨྲས་པ་དང་མ་སྨྲས་པ་

เล่ม ๑๐๓ · หน้า 219a

ཐ་དད་པའི་ཕྱིར་རོ། །མཚན་ཉིད་ལས་ཀྱང་སྟེ། འདི་ན་མཚན་ཉིད་ནི་དཀར་པོའི་ངོ་བོ་ཡིན་ལ། མཚན་གཞི་ནི་སྣམ་བུ་ཡིན་ན་གལ་ཏེ་དེ་གཉིས་གཅིག་ཉིད་དུ་འགྱུར་ན་ནི། དེའི་ཚེ་གལ་ཏེ་དཀར་པོ་མཚན་ཉིད་ཡིན་ན་སྣམ་བུ་ལང་མཚན་ཉིད་ཁོ་ནར་འགྱུར་

རོ། །གལ་ཏེ་སྣམ་བུ་མཚན་ཉིད་དུ་མི་འགྱུར་ན་ནི་དཀར་པོ་ཡང་མཚན་ཉིད་དུ་མི་འགྱུར་རོ། །གལ་ཏེ་དཀར་པོ་ཁོ་ན་མཚན་ཉིད་དུ་འགྱུར་གྱི་སྣམ་བུ་མ་ཡིན་པ་ལ་སྣམ་བུ་ཁོ་ན་མཚན་གཞིར་འགྱུར་གྱི་དཀར་པོ་ནི་མ་ཡིན་ན་ནི་དེ་ལ་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་དོ་ཞེས་

གང་འདོད་པ་དེར་མི་འགྱུར་ཏེ། མཚན་ཉིད་དང་མཚན་གཞི་ཐ་དད་པའི་ཕྱིར་རོ། །ཇི་ལྟར་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་བཀག་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱི་གཅིག་ཉིད་ཀྱི་དགག་པ་ཡང་རྒྱས་པར་བརྗོད་པར་བྱའོ། །འདིར་སྨྲས་པ། སྣམ་བུ་དང་

དཀར་པོ་དག་གཅིག་ཉིད་དགག་པ་ནི་སྨྲས་ན་གཞན་ཉིད་ལ་བརྗོད་པར་བྱའོ། བརྗོད་པར་བྱ་སྟེ། གལ་ཏེ་སྣམ་བུ་དང་དཀར་པོ་དག་གཞན་ཉིད་ཡིན་ཞིང་། གལ་ཏེ་ཡོན་ཏན་རྫས་ལ་བརྟེན་པའི་ཕྱིར་དཀར་པོ་སྣམ་བུར་མི་འགྱུར་ན་ནི་ཇི་ལྟར་གལ་ཏེ་མཆོད་སྦྱིན་ལྷ་སྦྱིན་ཞེས་བྱ་བའི་

སྤུན་ཟླ་མ་ཡིན་ན་ལྷ་སྦྱིན་ཡང་མཆོད་སྦྱིན་གྱི་སྤུན་ཟླར་མི་འགྱུར་བ་ཉིད་ཡིན་པ་ལྟར་སྣམ་བུ་ཡང་དཀར་པོར་མི་འགྱུར་རོ། །གལ་ཏེ་དཀར་པོ་དང་ལྡན་པ་ལས་སྣམ་བུ་དཀར་པོར་འགྱུར་རོ་ཞེས་འདོད་ན། དེ་ལ་ཡང་བརྗོད་པར་བྱ་སྟེ། གལ་ཏེ་དཀར་པོ་དང་ལྡན་པས་སྣམ་བུ་

དཀར་པོར་འགྱུར་ན། སྣམ་བུ་དེ་གཅིག་དཀར་པོ་དང་ལྡན་པས་དཀར་པོའི་མཚན་ཉིད་ཐོབ་པ་ཞིག་གམ་འོན་ཏེ་མ་ཐོབ་པ་ཞིག་ཡིན་གྲང་ན། གལ་ཏེ་དེ་ཞིག་དཀར་པོའི་མཚན་ཉིད་ཐོབ་པས་སྣམ་བུ་དཀར་པོ་ཉིད་དུ་འགྱུར་ན་ནི་འདིའི་སྣམ་བུ་ཉིད་ཉམས་པར་འགྱུར་རོ། །ཅི་སྟེ་དཀར་པོའི་

མཚན་ཉིད་མ་ཐོབ་པ་ཡིན་ན་ནི་དཀར་པོའི་མཚན་ཉིད་མ་ཐོབ་པའི་ཕྱིར་ལྡན་པ་ཡོད་ཀྱང་སྣམ་བུ་དཀར་པོར་མི་འགྱུར་ཏེ། །དེ་ལ་དཀར་པོ་དང་ལྡན་པས་སྣམ་བུ་དཀར་པོ་ཡིན་ནོ་ཞེས་བྱ་བ་གང་འདོད་པ་མ་ཡིན་ནོ། །ཇི་ལྟར་སྣམ་བུ་དཀར་པོར་མི་འགྱུར་བ་དེ་བཞིན་དུ་སྣམ་བུའི་ཁྱད་

เล่ม ๑๐๓ · หน้า 219b

པར་གང་དག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དམར་སེར་དང་། སེར་སྐྱ་དང་། ཕུག་རོན་ཁ་དང་། ནག་པོ་དང་། རིང་པོ་དང་། ཐུང་ངུ་དང་། འཇམ་དང་རྩུབ་པ་ལ་སོགས་པ་དེ་དག་ལས་སྣམ་བུ་གཞན་ཉིད་ཡིན་པའི་ཕྱིར་ཐམས་ཅད་དུ་སྲིད་པ་མེད་པར་འགྱུར་རོ། །ཐམས་

ཅད་དུ་སྲིད་པ་མེད་པས་ཀྱང་སྣམ་བུ་ཉིད་དུ་མི་འགྱུར་རོ། །ཇི་ལྟར་སྣམ་བུ་སྣམ་བུ་ཉིད་དུ་མི་འགྱུར་བ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་ཡོན་ཏན་གྱི་ཁྱད་པར་དེ་དང་དེ་དག་ལ་གཞན་ཉིད་ཡིན་པའི་ཕྱིར་ཐམས་ཅད་དུ་སྲིད་པ་མེད་པར་འགྱུར་རོ། །འདིར་སྨྲས་པ། ཡོད་པ་དང་མེད་པ་དག་

གིས་གཅིག་ཉིད་དང་གཞན་ཉིད་ལ་ནི་དགག་པ་སྨྲན་གཉི་གའི་ཕྱོགས་ལ་ཡང་དགག་པ་བརྗོད་པར་བྱའོ། །བརྗོད་པར་བྱ་སྟེ། གང་གི་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་དུ་ཡང་འགྱུར་ལ་གཞན་ཉིད་དུ་ཡང་འགྱུར་རོ་ཞེས་བྱ་བ་ཕྱོགས་ཡིན་པ་དེ་ལ་གཅིག་ཉིད་དང་གཞན་ཉིད་དགག་

པ་སྔར་བཤད་པ་དག་ཁོ་ནས་དགག་པ་རྣམ་པར་བཤད་དོ། །གཉི་ག་མ་ཡིན་པ་གང་གི་ཕྱོགས་ཡིན་པ་དེ་ལ་མདོར་བསྡུས་ནས་དགག་པ་བརྗོད་པར་བྱའོ། །གལ་ཏེ་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་མ་ཡིན་ལ། གཉི་ག་ཉིད་ཀྱང་མ་ཡིན་ན་ནི་གཉི་གའི་མཚན་ཉིད་མ་ཐོབ་

པའི་ཕྱིར་དཀར་པོ་ཡང་དཀར་པོ་ཉིད་མ་ཡིན་ཞིང་། དཀར་པོ་མ་ཡིན་པ་ཡང་མ་ཡིན་ལ་སྣམ་བུ་ཡང་སྣམ་བུ་ཉིད་མ་ཡིན་ཞིང་སྣམ་བུ་མ་ཡིན་པ་ཡང་མ་ཡིན་ནོ། །དེའི་ཕྱིར་མཚན་ཉིད་གཉི་ག་མ་ཐོབ་པའི་དཀར་པོ་ལ་ཅིའི་ཕྱིར་དཀར་པོ་ཞེས་བརྗོད་ཀྱི་ནག་པོ་ཞེས་མ་ཡིན།

གང་གི་ཕྱིར་དཀར་པོ་དེ་ལ་དཀར་པོ་ཞེས་བྱ་བ་བརྗོད་ཀྱི་ནག་པོ་ཞེས་བྱ་བ་མ་ཡིན་པ་དེའི་ཕྱིར་དཀར་པོ་ཉིད་དུ་ཡོད་དོ། །མཚན་ཉིད་གཉི་ག་མ་ཐོབ་པའི་སྣམ་བུ་དེ་ལ་ཡང་ཅིའི་ཕྱིར་སྣམ་བུ་ཞེས་བརྗོད་ཀྱི་བུམ་པ་ཞེས་མ་ཡིན། གང་གི་ཕྱིར་སྣམ་བུ་དེ་ལ་སྣམ་བུ་ཞེས་བྱ་བ་ཉིད་

བརྗོད་ཀྱི་བུམ་པ་ཞེས་བྱ་བ་མ་ཡིན་པ་དེའི་ཕྱིར་སྣམ་བུ་ཡང་སྣམ་བུ་ཉིད་དུ་ཡོད་དོ། །དེ་ལྟར་དཀར་པོ་ཉིད་དང་སྣམ་བུ་ཉིད་དུ་གྲུབ་པ་དང་། གདོན་མི་ཟ་བར་དེ་དག་གཅིག་ཉིད་དམ་གཞན་ཉིད་དུ་འགྱུར་དགོས་ལ་གཅིག་ཉིད་ཡིན་ན་ནི་སླར་ཡང་གཅིག་ཉིད་འགོག་པའི་རིམ་

เล่ม ๑๐๓ · หน้า 220a

པ་ཁོ་ན་བརྗོད་པར་བྱའོ། །གཞན་ཉིད་ཡིན་ན་ཡང་གཞན་ཉིད་འགོག་པའི་ཚུལ་ལོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ལ་ཡང་འགོག་པའི་ཚུལ་རྒྱས་པར་བརྗོད་པར་བྱའོ་ཞེས་རྣམ་པར་འཆད་དོ། །འདིར་སྨྲས་པ། གལ་ཏེ་དེ་ལྟར་མ་གྲུབ་པའི་

ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་མེད་ན་རྒོལ་བ་དེ་དག་འཐད་པ་གང་གིས་རངས་ཏེ་དངོས་པོ་ཡོད་པར་རྟོག་ཅེ་ན། དེ་ལ་འཐད་པ་འགའ་ཡང་མེད་ཀྱི་འོན་ཀྱང་། ཇི་ལྟར་རྒྱུན་ལ་བལྟ་ཉེས་ན། །རྟག་པ་ཡོད་ཅེས་བྱར་འགྱུར་བ། །དེ་བཞིན་ཚོགས་ལ་བལྟ་ཉེས་ན། །དངོས་པོ་

ཡོད་ཅེས་བྱ་བར་འགྱུར། །ཇི་ལྟར་མར་མེའི་མེ་ལྕེ་སྐད་ཅིག་རེ་རེ་ལ་འཇིག་ཅིང་སྔ་མ་དང་ཕྱི་མ་སྐད་ཅིག་རྒྱུ་དང་འབྲས་བུའི་འབྲེལ་པ་རྣམ་པར་མ་ཆད་པར་གནས་པ་ལ་རྒྱུ་དང་རྐྱེན་གྱི་ཚོགས་པ་ཡོད་ན་ཡོད་པའི་རྒྱུན་འབྱུང་བ་དེ་བཞིན་དུ་འདུ་བྱེད་སྐྱེས་མ་ཐག་ཏུ་འཇིག་པ་ཐམས་ཅད་ལ་

བདག་ཉིད་ཇི་ལྟ་བུའི་རྒྱུ་དང་རྐྱེན་གྱི་ཚོགས་པ་ཡོད་ན་ཡོད་པའི་རྒྱུན་རྒྱུ་དང་འབྲས་བུའི་འབྲེལ་པ་རྣམ་པར་མ་ཆད་པར་གནས་པ་ཐོག་མ་མེད་པར་འབྱུང་ངོ་། །དེའི་ཕྱིར་ཇི་ལྟར་རྒྱུན་དེའི་རང་གི་ངོ་བོ་ཇི་ལྟར་གནས་པ་ལྟར་ངེས་པར་མ་འཕྲིགས་ཤིང་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱི་རོལ་པའི་དྲང་སྲོང་

རྣམས་ལ་སྔོན་གྱི་གནས་རྗེས་སུ་དྲན་ཞིང་འདིར་སྐད་ཅིག་མར་འཇིག་པ་མངོན་སུམ་མ་ཡིན་པས་ཕུང་པོ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་ལ་ངེས་པར་མཐོང་བ་ཡིན་དང་བདག་གམ་གཞན་ཡང་རུང་སྟེ། དངོས་པོ་རྟག་པ་ཡོད་དོ་སྙམ་པར་འབྱུང་བ་དེ་བཞིན་དུ་ཚོགས་པ་དེ་

དང་དེ་ལ་བརྟེན་ནས་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་དང་། སེམས་དང་སེམས་ལས་བྱུང་བ་དང་། མཚན་གཞི་དང་མཚན་ཉིད་ལ་སོགས་པའི་བདག་ཉིད་ཅན་དང་། དེའི་ཉེ་བར་ལེན་པ་ཅན་རྩྭ་དང་ཕྱམ་དང་རྫས་ལ་སོགས་པ་ཚོགས་ལ་ཁྱིམ་ལ་སོགས་པ་དང་གཟུགས་དང་དྲི་

ལ་སོགས་པའི་ཡོན་ཏན་ཚོགས་པ་བུམ་པ་ལ་སོགས་པ་དང་། དངོས་པོ་ཚོགས་པ་བདག་དང་ནམ་མཁའ་ལ་སོགས་པ་ཡོད་དོ། །ཚོགས་པ་ལས་ལོགས་ཤིག་ཏུ་མཚན་ཉིད་མ་གྲུབ་པའི་ཆོས་འབྱུང་བ་དང་འབྱུང་བ་ལས་གྱུར་པ་དང་། སེམས་དང་སེམས་ལས་བྱུང་བ་དང་།

เล่ม ๑๐๓ · หน้า 220b

བུམ་པ་ལ་སོགས་པ་གཟུགས་བརྙན་དང་བྲག་ཅ་ལ་སོགས་པ་དང་འདྲ་བ་དེ་དང་དེ་ལས་སོ་སོ་སོ་སོར་འཇིག་རྟེན་པའི་ཕྱིན་ཅི་ལོག་ཚད་མར་བྱས་ཏེ་འཇིག་རྟེན་གཞུག་པར་བྱ་བའི་ཕྱིར་ཉེ་བར་བླངས་ནས་སམ་བརྟེན་ནས་རང་དང་སྤྱིའི་མཚན་ཉིད་དུ་འདོགས་པ་ཙམ་ཞིག་ཏུ་བྱེད་ལ། དེ་དག་ཀྱང་

སྐྱེ་བ་ན་ཚོགས་པ་ཁོ་ན་སྐྱེ་ཞིང་ཚོགས་པ་ཁོ་ན་འགག་པར་འགྱུར་རོ། །དེའི་ཕྱིར་ཚོགས་པ་དེ་ཇི་ལྟ་བ་བཞིན་མ་ཤེས་པ་དང་བལྟ་བ་ཉེས་པས་རྒོལ་བ་དག་ལ་སོགས་པ་སོ་སོ་ལ་རང་གི་ངོ་བོས་ཡོངས་སུ་གྲུབ་པར་རྟོག་ཅིང་ཕྱིན་ཅི་ལོག་ཙམ་ལས་རིགས་པ་མེད་པའི་དངོས་པོ་ཁོ་ན་རྟོགས་

སོ། །གལ་ཏེ་དེ་ལྟར་དངོས་པོ་མེད་པས་ཁོ་བོ་ཅག་གི་དངོས་པོར་ལྟ་བ་ཕྱིན་ཅི་ལོག་ཡིན་ན། ཁྱོད་ཀྱང་དངོས་པོ་ཁས་མི་ལེན་ན་དངོས་པོ་མེད་པར་ལྟ་བར་འགྱུར་ན་དེ་ཡང་ཤིན་ཏུ་མི་རིགས་ཏེ། མཐོང་བ་དང་མ་མཐོང་བ་འགལ་བའི་ཕྱིར་རོ་ཞེ་ན། བཤད་པར་བྱ་སྟེ།

བདག་གི་དངོས་པོ་མེད་པར་སྨྲ་བ་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་ཡིན་པའི་ཕྱིར་རོ། །ཅི་ཁྱོད་དངོས་པོར་སྨྲ་བ་ཞིག་གམ་ཞེ་ན་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཁྱོད་ཅི་འདྲ་བ་ཞིག་ཅེ་ན། རྟེན་ཅིང་འབྲེལ་པར་འབྱུང་བར་སྨྲ་བའོ། །

ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་གང་ཞིག་ཅེ་ན། རང་བཞིན་མེད་པའི་དོན་དེ། རང་བཞིན་མ་སྐྱེས་པའི་དོན་དང་། སྒྱུ་མ་དང་སྨིག་རྒྱུ་དང་གཟུགས་བརྙན་དང་དྲི་ཟའི་གྲོང་ཁྱེར་དང་སྤྲུལ་པ་དང་རྨི་ལམ་དང་མཚུངས་པའི་རང་བཞིན་ཅན་གྱི་འབྲས་བུ་འབྱུང་བའི་དོན་དང་སྟོང་པ་ཉིད་

བདག་མེད་པའི་དོན་ཏོ། །འདི་ལྟར། གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ནི་རང་དབང་མི་འགྱུར་རོ། །འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །འདི་ན་གང་རང་གི་ངོ་བོ་དང་རང་བཞིན་དང་རང་དབང་དང་གཞན་ལ་རག་མ་ལས་པ་ཉིད་ཡིན་པ་དེ་ལ་ནི་རང་ལས་

མ་གྲུབ་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་པ་མ་ཡིན་ན་འདུས་བྱས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་ཡིན་ནོ། །དེ་ལྟར་ན་དངོས་པོ་གང་ལ་བརྟེན་ནས་འབྱུང་བ་ཡོད་པ་དེ་ནི་རང་དབང་དུ་མི་འགྱུར་ཏེ། རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བའི་ཕྱིར་རོ། །འདི་ཀུན་རང་དབང་མེད་པ་

เล่ม ๑๐๓ · หน้า 221a

སྟེ། དེའི་ཕྱིར་དངོས་པོ་གང་ལ་ཡང་བདག་སྟེ་རང་བཞིན་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་རང་དབང་གི་ངོ་བོ་དང་བྲལ་བའི་ཕྱིར་རང་དབང་གི་ངོ་བོ་དང་བྲལ་བའི་དོན་སྟོང་པ་ཉིད་ཀྱི་དོན་ཡིན་གྱི་ཐམས་ཅད་དངོས་པོ་མེད་པའི་དོན་ནི་མ་ཡིན་

ནོ། །དེའི་ཕྱིར་འདི་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་བྱས་ཤིང་སྒྱུ་མ་དང་འདྲ་བ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུ་ལ་སྐུར་པ་བཏབ་པས་དེ་མེད་པར་ལྟ་བ་ཕྱིན་ཅི་ལོག་ཡིན་ལ་རང་བཞིན་ཡོད་པ་མ་ཡིན་པའི་ཕྱིར་ན་དངོས་པོར་ལྟ་བ་ཡང་ཕྱིན་ཅི་ལོག་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་

དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པ་དང་རྟག་པ་དང་ཆད་པར་ལྟ་བའི་སྐྱོན་དུ་འགྱུར་རོ། །ཅི་སྟེ་གལ་ཏེ་རང་དབང་མེད་པའི་དོན་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཡིན་ན་ནི་འོ་ན་གང་ཁྱེད་ཀྱིས་ངེད་ཅག་ལ་གནོད་པར་འགྱུར་བ་ཁྱོད་དང་ངེད་ཅག་

ལ་ཁྱད་པར་ཅི་ཡོད་སྙམ་དུ་སེམས་ན་བཤད་པར་བྱ་སྟེ། གང་ཁྱེད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཇི་ལྟ་བ་བཞིན་རྟོགས་པ་དང་བརྗོད་མི་ཤེས་པ་འདི་ནི་ཁྱད་པར་རོ། །ཇི་ལྟར་བྱིས་པ་གཞོན་ནུ་ཐ་སྙད་ལ་མ་བྱང་བས་གཟུགས་བརྙན་ལ་བདེན་པར་གྱུར་པར་ལྷག་པར་སྒྲོ་བཏགས་པས་

ཇི་ལྟ་བ་བཞིན་གནས་པའི་རང་བཞིན་སྟོང་པ་ཉིད་བསལ་ནས་རང་བཞིན་དང་བཅས་པར་རྟོགས་པ་ན་གཟུགས་བརྙན་རྟོག་མི་ཤེས་པ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་བླངས་ཀྱང་གཟུགས་བརྙན་དང་མཚུངས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་

གྱིས་སྟོང་པ་ཉིད་དུ་གྱུར་ཀྱང་རང་གི་ངོ་བོས་ཇི་ལྟར་གནས་པ་བཞིན་ཁོང་དུ་ཆུད་པར་མི་ཤེས་ཏེ། རང་བཞིན་མེད་པ་ལ་རང་བཞིན་མེད་པ་ཉིད་དུ་མི་འཛིན་པའི་ཕྱིར་དང་། ཡོད་པ་མ་ཡིན་པའི་རང་གི་ངོ་བོ་ལ་ཡོད་པའི་རང་གི་ངོ་བོ་ཉིད་དུ་ལྷག་པར་སྒྲོ་བཏགས་ནས་འཛིན་པའི་ཕྱིར་རོ། །

བརྗོད་ཀྱང་མི་ཤེས་ཏེ། རང་བཞིན་མེད་པ་ཉིད་དུ་མི་བརྗོད་པའི་ཕྱིར་དང་དངོས་པོའི་རང་གི་ངོ་བོ་ཉིད་དུ་བརྗོད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་རྟོགས་པ་དང་བརྗོད་མི་ཤེས་པ་ན་བདག་ཉིད་དང་གཞན་ཉིད་སླུ་བར་བྱེད་དོ། །དེའི་ཕྱིར་ཁོ་བོ་ཅག་ཆེས་ཚེགས་ཆེ་བ་འདིར་གནས་པས་བསྟན་

เล่ม ๑๐๓ · หน้า 221b

བཅོས་བྱེད་པའི་རྩོམ་པ་འདི་འབྲས་བུ་མེད་པ་མ་ཡིན་ནོ། །གང་གི་ཕྱིར་འགའ་ལ་ཡང་ངོ་བོ་ཉིད་ཀྱི་སྐྱེ་བ་ཡོད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར། འབྲས་བུ་མེད་པར་དངོས་པོ་ནི། །ཀུན་ལ་འདུ་བ་ཡོད་མ་ཡིན། །འབྲས་བུའི་དོན་དུ་འདུ་བ་གང་། །འདི་ནི་འཕགས་ལ་འདུས་པའོ། །གལ་

ཏེ་དངོས་པོ་རྣམས་ཀྱི་འཇུག་པ་རང་བཞིན་པར་འགྱུར་ན་ནི་དེ་རྟག་པ་དང་འབྲས་བུ་ལ་ལྟོས་པར་མི་འགྱུར་ཏེ་རང་བཞིན་ནི་འབྲས་བུ་ལ་མི་ལྟོས་སོ། །གཅིག་གི་དངོས་པོ་ནི་འགས་ཀྱང་འབྲས་བུ་ཅུང་ཟད་ཀྱང་སྒྲུབ་པར་མི་ནུས་པས་ཚོགས་པའི་འབྲས་བུ་བསྒྲུབ་པར་བྱ་བ་ལ་ཕན་ཚུན་འདུ་བར་

ཡང་འགྱུར་ལ། གང་ཞིག་འབྲས་བུའི་ཆེད་དུ་འདུ་བ་དེ་ནི་དེའི་རང་བཞིན་གཟིགས་པའི་འཕགས་པ་རྣམས་ལ་འདུ་བ་མེད་པ་ཞིག་སྟེ་བདེན་པར་གྱུར་པ་ཉིད་དུ་མངོན་པར་མི་བཞེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པ་དངོས་པོའི་རང་གི་ངོ་བོ་ལྷག་པར་སྒྲོ་འདོགས་

པར་བྱེད་པ་ཉོན་མོངས་པ་ཅན་གྱི་མི་ཤེས་པའི་དབང་གིས་དངོས་པོ་རྣམས་ལ་ཆགས་པ་དང་ལྡན་ཞིང་འཁོར་བར་འཇུག་པའི་ས་བོན་དུ་གྱུར་པ་རྣམ་པ་ཐམས་ཅད་དུ་དགག་པ་ལས་འཁོར་བ་ལྡོག་པར་རྣམ་པར་གཞག་གོ་ཞེས་བསྟན་པའི་ཕྱིར་བཤད་པ། སྲིད་པའི་ས་བོན་

རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཇི་སྐད་བཤད་པའི་ཚུལ་གྱིས་ཡུལ་རང་བཞིན་མེད་པར་མཐོང་བས་ཆགས་པའི་རྒྱུ་རྣམ་པར་ཤེས་པ་སྲིད་པའི་ས་བོན་དུ་གྱུར་པ་རྣམ་པ་ཐམས་ཅད་དུ་ལོག་པ་

ལས་ཉན་ཐོས་དང་རང་སངས་རྒྱས་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བ་ལྡོག་པ་རྣམ་པར་གཞག་གོ། །དེ་བཞིན་གཤེགས་པའི་ཡེ་ཤེས་འབྱུང་བའི་ས་བོན་བྱང་ཆུབ་ཀྱི་སེམས་དེ་ནི་དེ་རྣམས་ལ་མི་ལྡོག་སྟེ། ཐམས་ཅད་ལ་དེ་བཞིན་

གཤེགས་པའི་ཡེ་ཤེས་རྙེད་པ་གདོན་མི་ཟ་བར་འབྱུང་བའི་ཕྱིར་རོ། །གང་དག་གིས་བྱང་ཆུབ་ཀྱི་སེམས་རྣམ་པ་དེ་ལྟ་བུ་མ་བསྐྱེད་པ་དེ་དག་གིས་ཀྱང་ཕྱིས་གདོན་མི་ཟ་བར་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྤྱོད་པས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བ་ཁོ་ན་སྟེ། འདི་ནི་འཕགས་

เล่ม ๑๐๓ · หน้า 222a

པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལ་སོགས་པ་ལས་བཙལ་བར་བྱའོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་མཐར་འཛིན་པ་དགག་པ་བསྒོམ་པ་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་བཞི་

པའི་འགྲེལ་པའོ།། །།འདིར་སྨྲས་པ། འདུས་བྱས་རང་བཞིན་གྱིས་ཡོད་པ་ཉིད་དེ་དེའི་མཚན་ཉིད་སྐྱེ་བ་ལ་སོགས་པ་ཡོད་པའི་ཕྱིར་རོ། །བོང་བུའི་རྭ་ལ་སོགས་པ་ཡོད་པ་མ་ཡིན་པ་ལ་ནི་འདུས་བྱས་ཀྱི་མཚན་ཉིད་ཡོད་པ་མ་ཡིན་ཏེ་འདུས་བྱས་ལ་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ལ་

སོགས་པ་ཡོད་པ་ཡང་ཡིན་ནོ། །དེའི་ཕྱིར་འདུས་བྱས་ཀྱང་ཡོད་དོ། །བཤད་པར་བྱ་སྟེ། གལ་ཏེ་དེའི་ཚེ་མཚན་ཉིད་ལྟ་ཞིག་ཏུ་འགྱུར་ན་ནི་འདུས་བྱས་ཡོད་པར་འགྱུར་ན་ཡོད་པ་ཡང་མ་ཡིན་ནོ། །ཇི་ལྟར་བྱས་ཏེ་ཞེ་ན། འདི་ན་སྐྱེ་བ་འདི་འདུས་བྱས་ཀྱི་དངོས་པོ་བསྐྱེད་པ་ན་འདུས་བྱས་

མེད་པའམ་ཡོད་པ་ཞིག་བསྐྱེད་གྲང་ན། དེ་ལ་རེ་ཞིག་གང་འབྲས་བུ་མེད་པར་སྨྲ་བ་དེའི་ལྟར་ན་ས་བོན་གྱི་གནས་སྐབས་ན་མྱུ་གུ་མེད་པའི་ཕྱིར་རྒྱུ་དང་རྐྱེན་གྱི་ཚོགས་པས་ས་བོན་གྱི་མཐའི་སྐད་ཅིག་ལས་མྱུ་གུ་སྐྱེའོ། །དེའི་ཕྱིར་རྒོལ་བ་དེའི། ཐ་མར་མེད་པར་སྐྱེ་བར་འགྱུར། །ཞེས་བྱ་བ་ཕྱོགས་

ཡིན་ན། ཡོད་པ་མ་ཡིན་པ་ནི་འབྱུང་བར་རིགས་པ་ཡང་མ་ཡིན་པ་སྟེ། བོང་བུའི་རྭ་ལ་སོགས་པ་ཡང་སྐྱེ་བར་ཐལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དེས་ན་མེད་པ་གང་ལ་སྐྱེ། །ཞེས་བྱ་བ་སྨོས་སོ། །དེས་ན་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་ཉིད་ཀྱི་རྒྱུས་སོ། །གང་ལ་ཞེས་བྱ་བ་ནི་མི་སྲིད་པ་ལ་སྟེ།

ཡོད་པ་མ་ཡིན་པའི་ཕྱིར་མེད་པ་ལ་སྐྱེ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཉེས་པ་འདིས་འཇིགས་ནས་འབྲས་བུ་ཡོད་པར་སྨྲ་བས་ཡོད་པ་ཁོ་ན་ལ་སྐྱེ་བར་འདོད་ན། དེ་ལྟ་ན། ཡོད་པ་གདོད་ནས་སྐྱེ་འགྱུར་བ། །དེས་ན་ཡོད་པ་གང་ལ་སྐྱེ། །གལ་ཏེ་སྐྱེ་བའི་ཆེས་སྔ་རོལ་ས་བོན་གྱི་གནས་སྐབས་

ཁོ་ནར་མྱུ་གུ་སྐྱེ་བར་རྟོག་ན་དེའི་ཚེ་སྐྱེ་བར་མི་འགྱུར་ཏེ་ཡོད་པའི་ཕྱིར་རོ། །ཅི་སྟེ་ཡོད་པ་ལ་སྐྱེ་བར་ཡོངས་སུ་རྟོག་ན་དེའི་ཚེ་སྐྱེ་བ་ཐུག་པ་མེད་པར་འགྱུར་ཞིང་། དེ་ལ་སླར་སྐྱེ་བས་བྱས་པའི་བོགས་སུ་ཡང་འགྱུར་ན་དེ་ནི་སྲིད་པ་ཡང་མ་ཡིན་པས་ཡོད་པ་ལ་ཡང་སྐྱེ་བ་ཡོད་པ་མ་ཡིན་ནོ། །

เล่ม ๑๐๓ · หน้า 222b

གཞན་ཡང་། འབྲས་བུ་ཡིས་ནི་རྒྱུ་བཤིག་པ། །དེས་ན་མེད་པ་སྐྱེ་མི་འགྱུར། །གང་གི་ཕྱིར་མྱུ་གུ་སྐྱེ་བཞིན་པས་རྒྱུ་ས་བོན་ཞེས་བྱ་བ་བཤིག་པ་དེའི་ཕྱིར་མྱུ་གུ་མེད་པ་ཁོ་ན་ས་བོན་ལས་སྐྱེའོ་ཞེས་བྱ་བར་ཡང་མི་རིགས་སོ། །ཇི་ལྟར་ནས་དང་གྲོ་ལ་སོགས་པ་དག་ལ་ཡོད་པ་མ་ཡིན་པའི་སཱ་

ལུའི་མྱུ་གུ་དེ་དག་རྣམ་པར་འགྱུར་བས་སྐྱེ་བ་མ་ཡིན་པ་དེ་བཞིན་དུ་ཡོད་པ་མ་ཡིན་པས་སཱ་ལུའི་ས་བོན་རྣམ་པར་འགྱུར་བས་ཀྱང་སྐྱེ་བ་མ་ཡིན་པ་ཞིག་ན་འབྲུ་མར་འབྱུང་ན་ཏིལ་ལ་སོགས་པ་དག་ལྟར་མྱུ་གུ་སྐྱེ་བ་ན་ས་བོན་དེ་འཇིག་པ་ཡང་ཡིན་ནོ། །དེའི་ཕྱིར་མེད་པ་མི་སྐྱེའོ། །གྲུབ་ལ་སྒྲུབ་

བྱེད་ཡོད་མ་ཡིན། །དེ་ཕྱིར་ཡོད་པའང་མི་སྐྱེའོ། །གྲུབ་ཟིན་པའི་མྱུ་གུ་ནི་སླར་འགྲུབ་པ་མ་ཡིན་པས་ཡོད་པ་ཡང་མི་སྐྱེའོ། །སྐྱེ་བའི་དུས་མི་སྲིད་པའི་ཕྱིར་ཡང་སྐྱེ་བ་ཡོད་པ་མ་ཡིན་པར་བརྗོད་པའི་ཕྱིར་བཤད་པ། དེའི་ཚེ་སྐྱེ་བ་ཡོད་མིན་ཞིང་། །གཞན་ཚེ་སྐྱེ་བ་ཡོད་མ་ཡིན། །དེ་ཚེ་གཞན་

ཚེ་མི་སྐྱེ་ན། །ནམ་ཞིག་སྐྱེ་བ་ཡོད་པར་འགྱུར། །གང་གི་ཚེ་མྱུ་གུ་འདི་བདག་གི་དངོས་པོ་རྙེད་པ་ཡིན་པ་དེའི་ཚེ་ནི་གྲུབ་པའི་ངོ་བོ་ཡིན་པའི་ཕྱིར་འདི་ལ་སྐྱེ་བ་མི་སྲིད་དོ། །གང་གི་ཚེ་འདི་མ་གྲུབ་པའི་ངོ་བོ་ཡིན་པའི་དུས་དེར་ཡང་མི་སྐྱེ་བ་མི་རིགས་ཏེ། མ་གྲུབ་པ་ནི་མེད་པ་ཉིད་ཀྱིས་རྟེན་མེད་པའི་སྐྱེ་བའི་

བྱ་བ་མི་འབྱུང་བས་གཞན་གྱི་ཚེ་སྐྱེ་བ་མི་སྲིད་དོ། །ཅུང་ཟད་ཅིག་གྲུབ་ཅིང་ཅུང་ཟད་ཅིག་མ་གྲུབ་པ་གྲུབ་བཞིན་པ་ལ་ཡང་ཕྱོགས་གཉི་གར་བརྗོད་པའི་སྐྱོན་དུ་ཐལ་བའི་ཕྱིར་དེའི་ཚེ་དང་གཞན་གྱི་ཚེ་སྐྱེ་བ་མི་སྲིད་དོ། །གང་གི་ཚེ་དེ་ལྟར་དུས་གསུམ་ཆར་དུ་ཡང་སྐྱེ་བ་མི་སྲིད་པ་དེའི་ཚེ་དེ་ལས་

ཐ་དད་པ་གཞན་མི་སྲིད་པས་ནམ་ཞིག་སྐྱེ་བ་ཡོད་པར་འགྱུར་ཏེ། གང་དུ་འདི་སྐྱེ་བར་འགྱུར་བའི་དུས་དེ་ཡོད་པ་མ་ཡིན་ནོ་སྙམ་དུ་དགོངས་སོ། །འདིར་སྨྲས་པ། འོ་མ་ཞོའི་དངོས་པོར་འབྱུང་བར་སྐྱེ་བ་ཡིན་ནོ། །འདི་ཡང་མི་རིགས་ཏེ། འོ་མ་ལ་ཞོའི་དངོས་པོ་མི་སྲིད་པའི་ཕྱིར་རོ། །

རེ་ཞིག་འོ་མའི་དངོས་པོར་གནས་པའི་འོ་མ་ལ་ནི་དེའི་བདག་ཉིད་དུ་སྐྱེ་བ་མེད་དེ། དེ་འོ་མའི་བདག་ཉིད་དེར་ཡོད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན། དེ་ལ་དེ་ཡི་དངོས་པོ་རུ། །ཇི་ལྟར་སྐྱེ་བ་ཡོད་མིན་ལྟར། །དེ་བཞིན་གཞན་གྱི་དངོས་པོར་ཡང་། །དེ་ལ་སྐྱེ་བ་ཡོད་མ་ཡིན། །ཇི་ལྟར་

เล่ม ๑๐๓ · หน้า 223a

འོ་མའི་ངོ་བོར་གནས་པའི་འོ་མ་ལ་སྐྱེ་བ་མི་སྲིད་པ་དེ་བཞིན་དུ་འོ་མ་ལས་གཞན་ཞོའི་དངོས་པོར་སྐྱེ་བ་ཡང་མི་སྲིད་དོ། །གང་ལས་འོ་མ་ཞོའི་ཡིན་ནོ་ཞེས་བྱ་བར་འགྱུར་བ་འོ་མ་ལ་ཞོ་ཞེས་བསྙད་པ་ཡང་མ་ཡིན་ཏེ། གང་གི་ཚེ་དེ་ཞོ་ཡིན་པ་དེའི་ཚེ་དེ་འོ་མ་མ་ཡིན་ལ།

ཡང་གང་གི་ཚེ་དེ་འོ་མ་ཡིན་པ་དེའི་ཚེ་དེ་ཞོ་མ་ཡིན་པས་འོ་མ་ཞོར་འགྱུར་རོ་ཞེས་བྱ་བར་མི་རུང་ངོ་། །འདི་ལས་ཀྱང་འདུས་བྱས་ལ་སྐྱེ་བ་མེད་དེ། འདི་ལྟར། ཐོག་མ་བར་དང་ཐ་མ་རྣམས། །སྐྱེ་བའི་སྔ་རོལ་སྲིད་མ་ཡིན། །འདིར་ཐོག་མ་དང་བར་དང་ཐ་མ་དག་ནི་དངོས་པོའི་སྐྱེ་བ་དང་

གནས་པ་དང་འཇིག་པ་སྟེ། རེ་ཞིག་དེ་དག་སྐྱེ་བའི་སྔ་རོལ་གྱི་གནས་སྐབས་ན་ཡོད་པའི་ངོ་བོར་མེད་པས་སྐྱེ་བའི་སྔ་རོལ་ན་འདུས་བྱས་མི་སྲིད་དོ། །ཅི་སྟེ་སྐྱེ་བའི་དུས་ན་སྐྱེ་བ་ཡིན་ལ་གནས་པའི་དུས་ན། གནས་པ་ཡིན་ཞིང་འཇིག་པའི་དུས་ན་འཇིག་པའོ་སྙམ་ན། འདི་ཡང་མི་རིགས་

ཏེ། འདི་ལྟར། གཉིས་གཉིས་དག་ནི་མེད་པ་རུ། །ཇི་ལྟར་རེ་རེ་རྩོམ་པར་འགྱུར། །འདིར་སྐྱེ་བའི་དུས་ན་གནས་པ་དང་མི་རྟག་པ་གཉིས་མེད་པས་གནས་པ་དང་། འཇིག་པ་དང་བྲལ་བའི་འདུས་བྱས་ཉིད་མེད་པའི་ཕྱིར་སྐྱེ་བར་ཡང་མི་འགྱུར་རོ། །དེ་བཞིན་དུ་གནས་པའི་དུས་དང་

འཇིག་པའི་དུས་སུ་ཡང་གཉིས་གཉིས་དག་མེད་པར་རེ་རེ་འཇུག་པ་མི་སྲིད་དོ། །དེ་མེད་པས་འདུས་བྱས་མ་ཡིན་ནོ། །འདི་ལས་ཀྱང་འདུས་བྱས་ཀྱི་སྐྱེ་བ་མི་རིགས་ཏེ། གང་གི་ཕྱིར། གཞན་གྱི་དངོས་པོ་མེད་པར་ནི། །བདག་གི་དངོས་པོ་འབྱུང་བ་མེད། །དེ་ཡི་ཕྱིར་ན་བདག་གཞན་ནི། །

གཉིས་ཀ་ལས་འབྱུང་ཡོད་མ་ཡིན། །འདིར་བུམ་པ་རང་ལས་གྲུབ་པའི་ངོ་བོ་མེད་དེ་གྱོ་མོ་ལ་ལྟོས་པའི་ཕྱིར་རོ། །གྱོ་མོ་དེ་དག་ལ་ཡང་བདག་གི་དངོས་པོ་མེད་དེ་གསེག་མ་ལ་ལྟོས་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་གཞན་གྱི་དངོས་པོ་གྱོ་མོ་མེད་ན་བུམ་པ་ལ་བདག་གི་དངོས་པོ་ཡོད་པ་མ་

ཡིན་ནོ། །དེ་བཞིན་དུ་གྱོ་མོ་དག་ལས་གྱོ་མོའི་བདག་གི་དངོས་པོ་མེད་ན་གྱོ་མོ་དག་ལ་བུམ་པ་ལ་ལྟོས་ནས་གཞན་པ་ཉིད་དུའང་མི་འགྱུར་རོ། །གང་གི་ཕྱིར་དེ་ལྟར་བདག་གི་དངོས་པོ་མེད་པར་འགའ་ཡང་གཞན་ཉིད་དུ་མི་འགྱུར་བ་དེའི་ཕྱིར་གཉིས་ཀ་ལ་སྐྱེ་བ་མི་སྲིད་དེ། བདག་དང་

เล่ม ๑๐๓ · หน้า 223b

གཞན་དག་ནི་མི་སྲིད་པའི་ཕྱིར་རོ། །རང་གི་ངོ་བོ་མེད་པས་རང་ལ་སྐྱེ་བ་མི་སྲིད་ལ། གཞན་ཡང་རང་གི་ངོ་བོས་མ་གྲུབ་པའི་ཕྱིར་གཞན་ལས་སྐྱེ་བ་ཡང་མི་སྲིད་པས་སྐྱེ་བ་མེད་དོ། །གཞན་ཡང་སྐྱེ་བ་མེད་པ་འདི་སྐྱེ་བ་པོའི་སྔ་རོལ་ལམ་ཕྱིས་སམ་ཅིག་ཅར་རྟོག་གྲང་ན། དེ་ལ་གལ་ཏེ་སྔ་

རོལ་དུ་ཡིན་ན་ནི། མི་རིགས་ཏེ་རྟེན་མེད་པའི་ཕྱིར་རོ། །ཅི་སྟེ་ཕྱིས་ཡིན་ན་དེ་ཡང་མི་རིགས་ཏེ། མ་སྐྱེས་པ་ནི་ཡོད་པ་མ་ཡིན་པའི་ཕྱིར་དང་། སྐྱེ་བ་དོན་མེད་པའི་ཕྱིར་རོ། །ཅི་སྟེ་ཅིག་ཅར་ཡིན་ན་ནི་དེའི་ཚེ་གཉི་ག་ཡང་ཕན་ཚུན་ལྟོས་པ་མེད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན། སྔོན་

དང་ཕྱིས་དང་ཅིག་ཅར་ཞེས། །བརྗོད་པ་ཉིད་དུ་མི་ནུས་པ། །དེའི་ཕྱིར་སྐྱེ་དང་བུམ་པ་ལ། །ཅིག་ཅར་འབྱུང་བ་ཡོད་མ་ཡིན། །གང་གི་ཕྱིར་སྐྱེ་བ་པོ་དང་སྐྱེ་བ་ལ་རིམ་པ་འདི་མི་སྲིད་པ་དེའི་ཕྱིར་སྐྱེ་བ་དང་བུམ་པ་ལ་ཅིག་ཅར་འབྱུང་བ་ཡོད་པ་མ་ཡིན་ནོ། །གང་གི་ཚེ་ཡོད་པ་མ་ཡིན་པ་དེའི་ཚེ་བུམ་

པ་སྐྱེའོ་ཞེས་བྱ་བར་མི་རིགས་སོ། །འདིར་སྨྲས་པ། བུམ་པའི་སྐྱེ་བ་ཡོད་པ་ཉིད་དེ། གལ་ཏེ་འདི་སྐྱེ་བར་མི་འགྱུར་ན་ནི་དེའི་ཚེ་འདིའི་རྙིང་པའི་ངོ་བོར་མི་འགྱུར་བ་ཞིག་ན། འདི་ལ་གོག་པ་ཉིད་ཀྱི་མཚན་ཉིད་ཅན་རྙིང་པའི་ངོ་བོར་ཡོད་པར་མཐོང་བ་ཡང་ཡིན་ནོ། །དེའི་ཕྱིར་རྙིང་བའི་ངོ་བོ་

ཡོད་པས་སྐྱེ་བ་ཡོད་པ་ཉིད་དོ། །བཤད་པར་བྱ་སྟེ། གལ་ཏེ་འགའ་ཞིག་ལ་རྙིང་པ་ཉིད་ཡོད་ན་ནི་སྐྱེ་བ་ཡོད་པར་འགྱུར་ན་སྲིད་པ་ཡང་མ་ཡིན་ནོ། །ཇི་ལྟ་ཞེ་ན། འདི་ན་གལ་ཏེ་རྙིང་པ་ཞེས་བྱ་བ་ཅུང་ཟད་ཅིག་ཡོད་ན་ནི་སྔར་སྐྱེས་པ་ཉིད་དམ་ཕྱིས་སྐྱེས་པ་ཞིག་ཡིན་གྲང་ན་གཉི་ག་ལྟར་ཡང་མི་

སྐྱེའོ་ཞེས་བསྟན་པའི་ཕྱིར་བཤད་པ། སྔར་སྐྱེས་པ་ཡི་ཕྱིར་ན་ནི། །སྔར་སྐྱེས་རྙིང་པར་མི་འགྱུར་ཞིང་། །ཕྱི་ནས་ཀུན་ཏུ་སྐྱེས་པ་ཡང་། །ཕྱི་ནས་སྐྱེས་པར་མི་འགྱུར་རོ། །རྙིང་པའི་རྙིང་པ་ཉིད་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་དངོས་པོ་སྔར་སྐྱེས་པ་ལ་རྟོག་ན། བུམ་པའི་སྔར་སྐྱེས་

པའི་གནས་སྐབས་ནི་རྙིང་པ་ཉིད་དུ་མི་རིགས་ཏེ། དེའི་ཚེ་དེ་ལ་སར་པ་ཞེས་བསྙད་པའི་ཕྱིར་རོ། །ཕྱིས་སྐྱེ་བའི་གནས་སྐབས་ཁེ་ཚང་མ་ལ་ཡང་ཕྱིས་སྐྱེས་པའི་ཕྱིར་སར་པ་ཡིན་པས་རྙིང་པ་ཉིད་དུ་ག་ལ་འགྱུར། གལ་ཏེ་གང་སྔར་སྐྱེས་པ་དེ་ད་ལྟར་རྙིང་པ་ཡིན་ནོ་ཞེ་ན། ཅི་སྟེ་དེ་ཉིད་

เล่ม ๑๐๓ · หน้า 224a

ཡིན་ནམ། གཞན་ཡིན། གལ་ཏེ་དེ་དེ་ཉིད་ཡིན་ན་ནི་དེའི་ཚེ་སར་པའི་གནས་སྐབས་མ་ཉམས་པའི་ཕྱིར་དེ་རྙིང་པ་མ་ཡིན་ནོ། །ཅི་སྟེ་གཞན་ཡིན་ན་ནི་དེ་ཡང་དེ་ལྟར་སྐྱེས་པའི་ཕྱིར་སར་པ་ཁོ་ནར་འགྱུར་བས་དེ་རྙིང་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་

རྙིང་པ་ཉིད་མེད་པས་དེ་ཡོད་པས་མཚོན་པའི་སྐྱེ་བ་མི་སྲིད་དོ། །དེ་ལྟར་རྣམ་པར་དཔྱད་པ་གྲུབ་པ་ཡིན་དང་། དུས་ཆེས་ཡུན་རིང་བར་ཏིང་ངེ་འཛིན་བསྒོམས་པས་རྒ་བ་དང་། འཁོར་བ་རྙིང་པར་བྱེད་ཅིང་ཕམ་པར་བྱེད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཐམས་ཅད་རང་བཞིན་

མེད་པ་བསྒོམས་པས་ཀྱང་། འཆི་བའི་མི་དགའ་བ་འཇོམས་ཤིང་ཕམ་པར་བྱེད་དོ། །དེ་སྐད་དུ། དེའི་ཚེ་རྒ་བ་རྒྱ་ཆེན་ནི། །མེད་ཅིང་སྡུག་བསྔལ་འཆི་བ་མེད། །ཅེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ། གང་ཞིག་རྟག་ཏུ་སྐྱེ་བ་སྐྱེ་མེད་པར། །ཤེས་ཏེ་འཆི་བདག་ཕ་

རོལ་འདའ་བར་འགྱུར། །ཞེས་རྒྱ་ཆེར་གསུངས་སོ། །འདི་ལས་ཀྱང་སྐྱེ་བ་མི་སྲིད་དོ། །དུས་གསུམ་ཆར་དུ་ཡང་དེ་མི་རིགས་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་བཤད་པ། ད་ལྟར་བ་ཡི་དངོས་པོ་ནི། །དེ་ཉིད་ལས་བྱུང་མ་ཡིན་ཞིང་། །མ་འོངས་ལས་བྱུང་ཡོད་མིན་ལ། །འདས་

པ་ལས་ཀྱང་ཡོད་མ་ཡིན། །ད་ལྟར་བའི་དོན་འདི་ཉིད་ལས། དེ་ཉིད་འབྱུང་བ་ནི་མེད་དེ། རྒྱུ་དང་འབྲས་བུ་དག་ཅིག་ཅར་མེད་པའི་ཕྱིར་ལ། ཅིག་ཅར་བ་ཉིད་དུ་ཡོད་ན་ཡང་རྒྱུ་དང་འབྲས་བུའི་དངོས་པོ་མི་འཐད་པའི་ཕྱིར་རོ། །མ་འོངས་པ་ལས་བྱུང་བ་ཡོད་མིན་ལ་སྟེ། མ་འོངས་པ་ཡོད་

པ་མ་ཡིན་པའི་ཕྱིར་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །འདས་པ་ལས་ཀྱང་འབྱུང་བ་ཡོད་པ་མ་ཡིན་ཏེ། འདས་པ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གང་གི་ཚེ་དུས་གསུམ་ཆར་དུ་ཡང་འབྱུང་བ་ཡོད་པ་མ་ཡིན་པ་དེའི་ཚེ་རང་བཞིན་གྱིས་སྐྱེ་བ་མེད་དོ་ཞེས་བྱ་བར་གནས་སོ། །གཞན་

ཡང་གལ་ཏེ་དངོས་པོ་དེ་དག་ལ་རང་གི་ངོ་བོས་ཡོད་ན་ནི་དེའི་ཚེ་རང་བཞིན་ལ་ལྡོག་པ་མེད་པས་དངོས་པོ་སྐྱེས་པའི་རང་བཞིན་ལ་མ་བྱུང་བ་ལས་འབྱུང་བ་མེད་པའི་ཕྱིར་གཤེད་ནས་འོངས་པར་འགྱུར་རོ། །འགགས་པའི་རང་བཞིན་ལ་ཡང་བྱུང་ནས་མེད་པ་མེད་པའི་ཕྱིར་གཤེད་དུ་འགྲོ་བར་འགྱུར་

เล่ม ๑๐๓ · หน้า 224b

ན་འདི་ནི་སྲིད་པ་ཡང་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་དེ་ལྟར་ན་མིག་ནི་སྐྱེ་བ་ན་གང་ནས་ཀྱང་འོངས་པ་མ་ཡིན་ལ་འགག་པ་ན་གར་ཡང་འགྲོ་བ་མ་ཡིན་ནོ་ཞེས་གསུངས་ལ། དེ་བཞིན་དུ་འཕགས་པ་གླང་པོའི་རྩལ་གྱི་མདོ་ལས། གལ་ཏེ་ཆོས་རྣམས་རང་བཞིན་ཡོད་འགྱུར་

ན། །རྒྱལ་བ་ཉན་ཐོས་བཅས་པས་དེ་མཁྱེན་འགྱུར། །ཐེར་ཟུག་ཆོས་ནི་མྱ་ངན་འདའ་མི་འགྱུར། །མཁས་རྣམས་ནམ་ཡང་སྤྲོས་དང་བྲལ་མི་འགྱུར། །ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟར་ན་དོན་གང་ཞིག །སྐྱེས་པ་ལ་ནི་འོང་བ་དང་། །དེ་བཞིན་འགགས་ལ་འགྲོ་བ་མེད། །དེ་ལས་

ངེས་པར་རང་བཞིན་མེད་དོ། །གལ་ཏེ་དེ་ལ་རང་བཞིན་མེད་ན། ཅི་ཞིག་ཡོད་ཅེ་ན། བརྗོད་པར་བྱ་སྟེ། གང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུར་བྱས་པའི་ངོ་བོ་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཡོད་ལ། སྒྱུ་མར་བྱས་པའི་གླང་པོ་ཆེ་དང་རྟ་ལ་སོགས་པ་དང་འདྲ་བ་དེ་ཡང་བྱིས་

པ་ཕྱིན་ཅི་ལོག་པ་དག་གིས་རང་བཞིན་དང་བཅས་པ་ཉིད་དུ་ཡོངས་སུ་རྟོག་གོ། །འཕགས་པ་རྣམས་ཀྱིས་ནི་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པ་ལྟར་རང་བཞིན་མེད་པར་དོན་ཇི་ལྟ་བ་བཞིན་ཡོངས་སུ་གཅོད་དོ། །ཇི་སྐད་དུ་མདོ་ལས། སེམས་ཅན་མི་དང་ཤེད་སྐྱེས་ཀྱང་རུང་སྟེ། །འདིར་སྐྱེ་ཤི་བ་

འགའ་ཡང་སྐྱེ་མི་འགྱུར། །ཆོས་ཀུན་རང་བཞིན་སྒྱུ་འདྲ་སྟོང་པ་སྟེ། །མུ་སྟེགས་ཅན་གྱིས་ཤེས་པར་ནུས་མ་ཡིན། །ཞེས་གསུངས་ལ། དེ་བཞིན་དུ། ཆོས་ཀུན་སྒྱུ་མ་འདྲ་ཞིང་དེ་བཞིན་དུ། །རྨི་ལམ་དང་མཚུངས་སྤྲིན་ལྟར་བལྟ་བྱས་ནས། །འདི་འདྲའི་ཆོས་ཀྱི་ཚུལ་ལ་རྣམ་དཔྱད་པ། །

རྫོགས་པར་གནས་ཤིང་ཆོས་ལ་ལེགས་གནས་སྒོམ། །གང་ཞིག་བདག་དང་བདག་གི་སྙམ་སེམས་ཤིང་། །དངོས་པོ་ཕྲ་མོ་དེ་བཞིན་དུ་ཞེན་པ། །འཛིན་གནས་མི་མཁས་དེ་ནི་འཇིགས་འགྱུར་ཏེ། །ཆགས་ཤིང་སྡང་ལ་དེ་བཞིན་རྨོངས་པར་འགྱུར། །ཤཱཀྱའི་སྲས་པོ་རང་

བཞིན་མེད་པའི་ཆོས། །རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་འགྱུར་ཏེ། །ནམ་མཁའ་ལྟ་བུའི་སེམས་དང་ལྡན་པ་ནི། །ལེགས་པར་མཐོང་ནས་མི་འཁོར་གྲོལ་མི་འགྱུར། །ཞེས་གསུངས་སོ། །སློབ་དཔོན་ཡང་འཕགས་པའི་ཡེ་ཤེས་ལ་ལྟོས་ནས་རྣམ་པར་དཔྱོད་པའི་

เล่ม ๑๐๓ · หน้า 225a

འབྲས་བུ་བརྗོད་པའི་ཕྱིར་གསུངས་པ་ནི། དེ་ལྟར་ཡིན་ན་ཇི་ལྟ་བུར། །སྲིད་པ་སྒྱུ་མ་འདྲ་མ་ཡིན། །ཞེས་བྱ་བ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཇི་ལྟ་བ་བཞིན་མཐོང་བ་ན་སྒྱུ་མ་བྱས་པ་ལྟ་བུར་འགྱུར་གྱི་མོ་གཤམ་གྱི་བུ་ལྟ་བུ་ནི་མ་ཡིན་ནོ། །གལ་ཏེ་རྣམ་པར་

དཔྱོད་པ་འདིས་སྐྱེ་བ་རྣམ་པ་ཐམས་ཅད་དུ་བཀག་པ་ལས་འདུས་བྱས་སྐྱེ་བ་མེད་པར་བསྟན་པར་འདོད་ན་ནི་དེའི་ཚེ་སྒྱུ་མ་ལྟ་བུ་ཉིད་དུ་མི་འགྱུར་གྱི་མོ་གཤམ་གྱི་བུ་ལ་སོགས་པ་དག་གིས་ཉེ་བར་གཞལ་བར་འགྱུར་བ་ཞིག་ན། རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པར་ཐལ་བར་འགྱུར་

བའི་འཇིགས་པས་དེ་དག་དང་བསྟུན་པར་མི་བྱེད་ཀྱི། དེ་དང་མི་འགལ་བ་སྒྱུ་མ་ལ་སོགས་པ་དག་དང་ནི་མི་བྱེད་དོ། །དེའི་ཕྱིར་འཕགས་པ་ནི་སྒྱུ་མ་བྱས་པ་ལྟ་བུའི་སྲིད་པ་སྙིང་པོ་མེད་པ་ཉིད་དུ་གཟིགས་པ་ན་སྙིང་པོ་མེད་པའི་འཁོར་བ་ལ་ཆགས་པ་ཐམས་ཅད་ཡོངས་སུ་ཟད་

པས་རྣམ་པར་གྲོལ་བར་འགྱུར་བས་འདི་ལ་མི་རིགས་པ་ཅི་ཡང་མེད་དོ། །འདི་རྟེན་ཅིང་འབྲེལ་པར་འབྱུང་བར་འགྱུར་བ་ལ་སྐུར་པ་མ་བཏབ་བས་འཇིག་རྟེན་པའི་རྣམ་པར་གཞག་པ་ཐམས་ཅད་མི་འཇིག་ལ། ཡང་དག་པ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པར་ཐར་པ་འགྲུབ་པའི་ཕྱིར་

རོ། །དེ་ལྟར་འདུས་བྱས་སྒྱུ་མ་བྱས་པ་ལྟ་བུར་བརྗོད་ནས་དེའི་མཚན་ཉིད་རྣམས་ཀྱང་ཡོད་པའི་ངོ་བོ་མ་ཡིན་པར་བསྟན་པའི་ཕྱིར་བཤད་པ། སྐྱེ་དང་གནས་དང་འཇིག་པ་རྣམས། །ཅིག་ཅར་འབྱུང་བ་ཡོད་མིན་ཞིང་། །རིམ་གྱིས་འབྱུང་བ་ཡོད་མིན་ན། །ནམ་ཞིག་འབྱུང་བ་ཡོད་པར་འགྱུར། །རེ་

ཞིག་ཕན་ཚུན་འགལ་བའི་ཕྱིར་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་སྐད་ཅིག་མ་གཅིག་ལ་འབྱུང་བ་ནི་མེད་དོ། །རིམ་གྱིས་ཀྱང་འབྱུང་བ་ནི་ཡོད་པ་མ་ཡིན་ནོ། །གཉིས་གཉིས་དག་མེད་པར་རེ་རེ་འབྱུང་བ་མེད་པའི་ཕྱིར་རོ། །རིམ་དང་ཅིག་ཅར་མ་གཏོགས་པར་གྲུབ་པའི་རྒྱུ་

གཞན་མ་གཟིགས་པའི་ཕྱིར་རོ། །ནམ་ཞིག་འབྱུང་བ་ཡོད་པར་འགྱུར། །ཞེས་བྱ་བ་སྨོས་སོ། །གཞན་ཡང་སྐྱེ་བ་ལ་སོགས་པ་འདི་རྣམས་འདུ་བྱེད་ཀྱི་ཕུང་པོའི་ཁོངས་སུ་གཏོགས་པའི་ཕྱིར་འདུས་བྱས་ཉིད་ཡིན་ཏེ། དེའི་ཕྱིར་ངེས་པར་དེ་རྣམས་ལ་ཡང་འདུས་བྱས་ཀྱི་

เล่ม ๑๐๓ · หน้า 225b

མཚན་ཉིད་གཞན་དག་ཅིག་འགྱུར་བར་བྱ་དགོས་སོ་ཞེས་བསྟན་པའི་ཕྱིར་བཤད་པ། སྐྱེ་བ་ལ་སོགས་ཐམས་ཅད་ལ། །སླར་ཡང་ཐམས་ཅད་འབྱུང་བ་སྟེ། །དེ་ལས་འཇིག་པ་སྐྱེ་འདྲ་ཞིང་། །གནས་པ་འཇིག་དང་འདྲ་བར་སྣང་། །སྐྱེ་བ་ལ་སོགས་ཏེ་སྐྱེ་བ་དང་གནས་པ་

དང་འཇིག་པ་འདུས་བྱས་ཉིད་དུ་ཁས་བླངས་པ་རྣམས་ལ་སླར་ཡང་ཐམས་ཅད་འབྱུང་བ་སྟེ། ཡང་འབྱུང་བ་ཡིན་ན་ནི་སྐྱེ་བ་ལ་སྐྱེ་བ་གཞན་དུ་འགྱུར་རོ། །ཇི་ལྟར་སྐྱེ་བ་ལ་སྐྱེ་བ་གཞན་ཡིན་པའི་ཚུལ་དེ་ལས་འཇིག་པ་སྐྱེ་འདྲ་ཞིང་སྟེ། འཇིག་པ་ལ་ཡང་འདུས་བྱས་ཡིན་པས་མཚན་ཉིད་

གསུམ་དང་ལྡན་ནོ། །དེའི་ཕྱིར་འཇིག་པ་ལ་ཡང་འཇིག་པ་གཞན་ཡོད་པས་འཇིག་པའི་འཇིག་པར་འགྱུར་རོ། །དེ་བཞིན་དུ་གནས་པ་ལ་ཡང་འདུས་བྱས་ཀྱི་མཚན་ཉིད་གསུམ་ཡོད་པ་དང་། གནས་པའི་གནས་པར་འགྱུར་བས་གནས་པ་འཇིག་པ་དང་འདྲ་བར་སྣང་ངོ་། །

དེ་དག་ལ་ཡང་འདུས་བྱས་ཡིན་པའི་ཕྱིར་གཞན་དག་ཏུ་འགྱུར་བར་བྱ་དགོས་ལ། དེ་དག་ལ་ཡང་གཞན་དག་ཡིན་ཞིང་། དེ་ལ་ཡང་གཞན་དག་ཏུ་འགྱུར་བས་ཐུག་པ་མེད་དོ། །ཐུག་པ་མེད་པ་ཡིན་ན་ཡང་དངོས་པོ་ཐམས་ཅད་མི་འགྲུབ་པས་འདུས་བྱས་ཀྱི་མཚན་ཉིད་

རྣམས་རང་བཞིན་གྱིས་མེད་དོ། །གཞན་ཡང་མཚན་ཉིད་འདི་རྣམས་འབྱུང་བ་ན་མཚན་གཞི་ལས་ཐ་དད་པའི་ངོ་བོ་ཅན་ཞིག་གམ་ཐ་མི་དད་པ་ཞིག་མཚན་ཉིད་ཀྱི་ལས་ལ་འཇུག་གྲང་ན། དེ་ལ་རེ་ཞིག །མཚན་ལས་མཚན་གཞི་གཞན་ཞེ་ན། །མཚན་གཞི་མི་རྟག་ཉིད་ག་

ལས། །ཇི་ལྟར་ཚ་བ་དང་གྲང་བ་དང་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་དག་གཅིག་ལ་གཅིག་མེད་པར་འགྱུར་བས་གཞན་ཉིད་དུ་གནས་པ་དེ་བཞིན་དུ་མཚན་གཞི་ཡང་མཚན་ཉིད་ལས་ཐ་དད་པར་འཇུག་པ་ནི་མི་རྟག་པ་ཉིད་མེད་པར་ཡང་འབྱུང་བར་འགྱུར་ན། འདུས་བྱས་ནི་

མི་རྟག་པའི་ཕྱིར་མི་རྟག་པ་ཉིད་མེད་པར་འབྱུང་བ་མ་ཡིན་པས་འདིའི་གཞན་ཉིད་མི་རིགས་སོ། །ཅི་སྟེ་ཉེས་པ་འདི་སྤང་བར་འདོད་ནས་མཚན་ཉིད་དང་མཚན་གཞི་གཞན་མ་ཡིན་པ་ཉིད་དུ་རྟོག་ན་ནི་དེའི་ཚེ་སྐྱོན་གཞན་འདི་ཡིན་ཏེ། འདི་ལྟར། ཡང་ན་བཞི་ག་ཡང་ཡོད་པའི། །

เล่ม ๑๐๓ · หน้า 226a

ངོ་བོར་གསལ་བར་ཡོད་མ་ཡིན། །གལ་ཏེ་མཚན་ཉིད་གསུམ་དང་མཚན་གཞི་གཅིག་ཉིད་དུ་ཁས་ལེན་ན། དེའི་ཚེ་མཚན་ཉིད་གསུམ་དང་མཚན་གཞི་སྟེ་བཞི་ཆར་ཡང་དངོས་པོ་མེད་པར་འགྱུར་རོ། །ཇི་ལྟར་ཞེ་ན། འདིར་གཅིག་ཉིད་དུ་ཁས་བླངས་པ་

ཡིན་ན་ནི་མཚན་ཉིད་མཚན་གཞི་ཉིད་དུ་མི་རིགས་པའི་ཕྱིར་ལ་མཚན་གཞི་ཡང་མཚན་ཉིད་དུ་མི་རིགས་པའི་ཕྱིར་བཞི་ཆར་ཡང་མེད་པར་འགྱུར་བ་འམ། ཡང་ན་རང་གི་ངོ་བོས་མ་གྲུབ་པའི་ཕྱིར་དེ་ཉིད་དང་གཞན་ཉིད་དུ་ཁས་བླང་བར་མི་བྱའོ། །འདིར་སྨྲས་པ། སྐྱེ་བ་ལ་སོགས་

པ་རྣམས་ནི་ཡོད་པ་ཉིད་དེ། དེ་དག་གི་རྒྱུ་མཚན་གྱི་རྒྱུ་ཡོད་པའི་ཕྱིར་རོ། །འདི་མྱུ་གུ་ལ་སོགས་པ་རྣམས་རྒྱུའི་ཚོགས་པ་དེ་དང་དེ་ལ་བརྟེན་ནས་འབྱུང་བར་དེ་ལ་མཁས་པ་རྣམས་འཆད་དོ། །གལ་ཏེ་སྐྱེ་བ་ལ་སོགས་པ་རྣམས་མེད་ན་ནི་རྒྱུའི་ཚོགས་པ་དོན་མེད་པ་ཉིད་དུ་འགྱུར་ན། དོན་

མེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་སྐྱེ་བ་ལ་སོགས་པ་རྣམས་ཡོད་པ་ཉིད་དོ། །བཤད་པར་བྱ་སྟེ། གལ་ཏེ་འགའ་ཞིག་ལས་འགའ་ཞིག་སྐྱེ་བར་འགྱུར་ན་ནི་སྐྱེ་བ་ལ་སོགས་པ་དག་ཏུ་འགྱུར་ན་སྲིད་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། དངོས་པོ་དངོས་ལས་མི་སྐྱེ་སྟེ། །

དངོས་པོ་དངོས་མེད་ལས་མི་སྐྱེ། །དངོས་པོ་དངོས་མེད་མི་སྐྱེ་སྟེ། །དངོས་མེད་དངོས་ལས་མི་སྐྱེའོ། །རེ་ཞིག་དངོས་པོ་མྱུ་གུ་གྲུབ་པའི་ངོ་བོ་ནི་དངོས་པོ་ས་བོན་རྣམ་པར་མ་གྱུར་པ་ལས་སྐྱེ་བ་མི་སྲིད་དེ་རྣམ་པར་འགྱུར་བཞིན་པ་མ་ཡིན་པའི་ས་བོན་སྐྱེད་པར་བྱེད་པ་ཉིད་དུ་མི་རིགས་པའི་ཕྱིར་ལ།

གྲུབ་པའི་དངོས་པོ་མྱུ་གུ་དངོས་པོའི་ངོ་བོ་སླར་ཡང་སྐྱེ་བར་མི་རིགས་པའི་ཕྱིར་དངོས་པོ་དངོས་ལས་མི་སྐྱེའོ། །དངོས་པོ་དངོས་པོ་མེད་པ་ལས་ཀྱང་མི་སྐྱེ་སྟེ། དངོས་པོ་མེད་པ་མེས་ཚིག་པའི་ས་བོན་ལ་ནི་འབྲས་བུ་བསྐྱེད་པའི་ནུས་པ་མེད་ལ་སྐྱེ་བའི་ངོ་བོ་ཅན་གྱི་དངོས་པོ་ལ་

ཡང་སླར་སྐྱེ་བ་མེད་པས་དངོས་པོ་འགའ་ཡང་མེད་པ་ལས་མི་སྐྱེའོ། །དངོས་པོ་མེད་པ་དང་དངོས་པོ་མེད་པ་ལས་ཀྱང་མི་སྐྱེ་སྟེ། དངོས་པོ་མེད་པ་ལས་ཅུང་ཟད་ཀྱང་སྐྱེ་བའི་ནུས་པ་མེད་པའི་ཕྱིར་ལ། དངོས་པོ་མེད་པ་ལ་མོ་གཤམ་གྱི་བུ་ལ་སོགས་པ་ལྟར་སྐྱེ་བ་མི་སྲིད་པའི་ཕྱིར་

เล่ม ๑๐๓ · หน้า 226b

དངོས་པོ་མེད་པ་ལས་ཀྱང་དངོས་པོ་མེད་པ་མི་སྐྱེའོ། །དངོས་པོ་མེད་པ་ནི་དངོས་པོ་ལས་ཀྱང་མི་སྐྱེ་སྟེ། བཤད་ཟིན་པའི་ཉེས་པ་ཐོག་ཏུ་འབབ་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་དངོས་པོ་ལས་ཀྱང་དངོས་པོ་མེད་པ་མི་སྐྱེའོ། །གང་གི་ཚེ་དངོས་པོ་དང་དངོས་པོ་མེད་པ་ལས་དངོས་པོ་དང་

དངོས་པོ་མེད་པ་སྐྱེ་བ་ཡོད་པ་མ་ཡིན་པ་དེའི་ཚེ་སྐྱེ་བ་མི་སྲིད་པས་རྒྱུ་དང་རྐྱེན་གྱི་ཚོགས་པས་དངོས་པོ་དགོས་པ་ཅི་ཞིག་ཡོད་དེ། འདི་ནི་གྱི་ནའོ། །འདི་ལས་ཀྱང་ཡོད་པ་མ་ཡིན་ཏེ། སྐྱེ་བ་དང་འཇིག་པ་དག་མི་རིགས་པའི་ཕྱིར་རོ། །འདིར་སྐྱེ་བའི་དངོས་པོའི་རང་བཞིན་གྱི་དོན་ནམ་

དངོས་པོ་མེད་པའི་རང་བཞིན་ལ་རྟོག་གྲང་ན། དེ་བཞིན་དུ་འཇིག་པ་ཡང་རྟོག་པ་ན། དངོས་པོའམ་དངོས་པོ་མེད་པ་ཞིག་ལ་རྟོག་གྲང་ན། རྣམ་པ་ཐམས་ཅད་དུ་མི་སྲིད་དོ་ཞེས་བསྟན་པའི་ཕྱིར་བཤད་པ། དངོས་པོ་དངོས་པོར་མི་འགྱུར་ཏེ། །དངོས་མེད་དངོས་པོར་མི་འགྱུར་

རོ། །དངོས་མེད་དངོས་མེད་མི་འགྱུར་ཏེ། །དངོས་ཡོད་དངོས་མེད་མི་འགྱུར་རོ། །དེ་ལ་དངོས་པོ་ཞེས་བྱ་བ་ནི་སྐྱེས་ཤིང་བདག་ཉིད་ཀྱི་དངོས་པོ་རྙེད་པའི་དོན་ཏེ། དེ་སླར་ཡང་དངོས་པོར་མི་འགྱུར་ཞིང་། སླར་ཡང་སྐྱེ་བར་མི་འགྱུར་ཏེ། ཡོད་པ་སྐྱེ་བ་དོན་མེད་པའི་ཕྱིར་རོ། །དེ་

ལྟར་ན་ཡང་དངོས་པོ་དངོས་པོར་མི་འགྱུར་རོ། །དངོས་པོ་མེད་པ་ཡང་དངོས་པོར་མི་འགྱུར་རོ། །དངོས་པོ་མེད་པ་ཞེས་བྱ་བ་ཡོད་པ་མ་ཡིན་པ་ཇི་ལྟར་དངོས་པོར་འགྱུར་ཏེ། མོ་གཤམ་གྱི་བུ་ཡང་སྐྱེ་བར་ཐལ་བའི་ཕྱིར་རོ། །དེ་ལྟར་ན་དངོས་པོ་མེད་པ་ཡང་དངོས་པོར་མི་འགྱུར་རོ། །

དེ་ལྟར་ན་རེ་ཞིག་དངོས་པོའམ་དངོས་པོ་མེད་པ་དང་དངོས་པོར་མི་འགྱུར་བས་སྐྱེ་བ་མི་སྲིད་དོ། །ད་ནི་འཇིག་པ་ཡང་མི་སྲིད་དོ། །ཇི་ལྟར་ཞེ་ན། རེ་ཞིག་དངོས་པོ་མེད་པ་ནི་དངོས་པོ་མེད་པར་མི་འགྱུར་ཏེ། ཡོད་པ་མ་ཡིན་པ་ལ་ནི་རི་བོང་གི་རྭ་ལྟར་ཡང་དངོས་པོ་མེད་པ་མེད་པའི་ཕྱིར་

རོ། །དེའི་ཕྱིར་དངོས་པོ་མེད་དེ་དངོས་པོ་མེད་པར་མི་འགྱུར་རོ། །དངོས་པོ་ཡང་དངོས་པོ་མེད་པར་མི་འགྱུར་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ། །དངོས་པོ་མེད་པ་མེད་ན་ནི་འཇིག་པ་མེད་ལ། སྐྱེ་བ་དང་འཇིག་པ་མེད་ན་ཡང་འདུས་བྱས་མེད་དོ་ཞེས་བྱ་བར་གྲུབ་བོ། །ཇི་སྐད་

เล่ม ๑๐๓ · หน้า 227a

དུ། བཅོམ་ལྡན་འདས་ཀྱིས། འདུས་བྱས་འདུས་མ་བྱས་ཀུན་རྣམ་པར་དབེན། །དྲང་སྲོང་དེ་དག་རྣམ་རྟོག་མི་མངའ་སྟེ། །འགྲོ་བ་ཀུན་ལ་འདུས་མ་བྱས་ཐོབ་ཅིང་། །རྟག་ཏུ་ལྟ་བར་གྱུར་པས་རྣམ་པར་དབེན། །ཞེས་གསུངས་སོ། །འདིར་སྨྲས་པ།

སྐྱེས་པ་མི་སྐྱེ་ལ་མ་སྐྱེས་པ་ཡང་མི་སྐྱེ་སྟེ། དངོས་པོ་དང་དངོས་པོ་མེད་པ་དག་ལ་སྐྱེ་བ་བཀག་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། སྐྱེ་བཞིན་པའི་དོན་སྐྱེའོ། །འདི་ཡང་མི་རིགས་སོ་ཞེས་བསྟན་པའི་ཕྱིར་བཤད་པ། སྐྱེ་བཞིན་པ་ནི་ཕྱེད་སྐྱེས་ཕྱིར། །སྐྱེ་བཞིན་པ་ནི་སྐྱེ་མི་འགྱུར། །གལ་ཏེ་

གང་ཅུང་ཟད་ཅིག་སྐྱེས་ཤིང་ཅུང་ཟད་ཅིག་མ་སྐྱེས་པ་དེ་སྐྱེ་བཞིན་པ་ཡིན་ན། དེ་ལྟར་ན་ནི་འོ་ན་སྐྱེ་བཞིན་པ་དེ་ཡོད་པ་མ་ཡིན་ཏེ་སྐྱེས་པ་དང་མ་སྐྱེས་པ་དག་ལ་རྗེས་སུ་ཞུགས་པས་གཞན་གསུམ་པ་སྐྱེ་བཞིན་པའི་དུས་ཀྱི་རྣམ་པ་མེད་དོ། །དེའི་ཕྱིར་མེད་པ་ཉིད་ཀྱིས་སྐྱེ་བཞིན་པ་མི་

སྐྱེའོ། །གལ་ཏེ་གཉི་གའི་ངོ་བོ་སྐྱེ་བཞིན་པ་ཡིན་ན་ནི་དེའི་ཕྱིར་དེའི་གང་ཅུང་ཟད་ཅིག་སྐྱེས་པ་དེ་ནི་སྐྱེས་པའི་ཁོངས་སུ་གཏོགས་པའི་ཕྱིར་མི་སྐྱེ་སྟེ། དངོས་པོ་ནི་མི་སྐྱེའོ་ཞེས་བརྗོད་པའི་ཕྱིར་རོ། །དེའི་ཅུང་ཟད་མ་སྐྱེས་པ་གང་ཡིན་པ་དེ་ཡང་མི་སྐྱེ་སྟེ། དངོས་པོ་མེད་པ་མི་སྐྱེའོ་ཞེས་

བརྗོད་པའི་ཕྱིར་རོ། །ཅི་སྟེ་སྐྱེས་པ་དང་མ་སྐྱེས་པ་དག་ལ་སྐྱེ་བཞིན་པ་ཉིད་དུ་རྟོག་ན། དེ་ལྟ་ཡིན་ན་འདས་པ་དང་མ་འོངས་པ་གཉིས་ཀྱང་སྐྱེ་བཞིན་པ་ཉིད་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། ཡང་ན་ཐམས་ཅད་སྐྱེ་བཞིན་པ། །ཉིད་ནི་ཡན་པར་ཐལ་བར་འགྱུར། །ཞེས་

བྱ་བ་སྨོས་སོ། །སྐྱེ་བའི་བྱ་བ་ཐོབ་པར་འགྱུར་བ་སྐྱེས་ཟིན་པ་ནི་མི་གནས་པའི་ཕྱིར་འདས་པ་ཁོ་ནར་འགྱུར་ལ། མ་སྐྱེས་པ་ནི་མ་འོངས་པར་འགྱུར་རོ། །དེའི་ཕྱིར་འདིར་སྐྱེ་བཞིན་པ་ལ་སྐྱེ་བར་རྟོག་ན། ཡང་ན་དུས་གསུམ་པོ་ཐམས་ཅད་སྐྱེ་བཞིན་པའི་ཁོངས་སུ་གཏོགས་

པའམ། ཡང་ན་སྐྱེ་བཞིན་པ་ཞེས་བྱ་བ་གང་ན་ཡང་མེད་དོ་ཞེས་བྱ་བར་གནས་སོ། །གཞན་ཡང་སྐྱེ་བཞིན་པའི་དངོས་པོར་གནས་པ་ཡོངས་སུ་བརྟག་པ་གང་ཡིན་པ་དེ་ཅི་སྐྱེ་བཞིན་པའི་བདག་ཉིད་དུ་བྱ་བའམ་སྐྱེ་བཞིན་པའི་བདག་ཉིད་དུ་བྱ་བ་མ་ཡིན་པ་ཞིག་ཏུ་འགྱུར་གྲང་ན། གཉི་ག་ལྟར་

เล่ม ๑๐๓ · หน้า 227b

ཡང་སྐྱོན་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། སྐྱེ་བཞིན་པ་ཡི་བདག་ཉིད་དུ། །བྱ་བ་སྐྱེ་བཞིན་པར་མི་འགྱུར། །སྐྱེ་བཞིན་པ་ཡི་བདག་ཉིད་དུ། །མི་བྱའང་སྐྱེ་བཞིན་པར་མི་འགྱུར། །སྐྱེ་བཞིན་པའི་རང་བཞིན་གང་ཡིན་པ་དེ་ནི་དེའི་བདག་ཉིད་དུ་རྣམ་པར་གནས་པའི་ཕྱིར་བྱ་

བ་མ་ཡིན་ལ། གང་ཞིག་སྐྱེ་བཞིན་པའི་བདག་ཉིད་དུ་མི་བྱ་བ་དེ་ཡང་སྐྱེ་བཞིན་པར་མི་འགྱུར་ཏེ། སྐྱེ་བཞིན་པའི་བདག་ཉིད་དུ་མ་གྱུར་པའི་ཕྱིར་རོ། །གང་ཞིག་སྐྱེ་བཞིན་པའི་བདག་ཉིད་དུ་བྱ་བ་དེ་ནི་ཡང་སྐྱེ་བཞིན་པ་མ་ཡིན་པ་ལྟར་སྐྱེ་བཞིན་པར་མི་འགྱུར་བས་སྐྱེ་བཞིན་པ་མེད་དོ། །སྐྱེ་

བཞིན་པ་མེད་པས་ཀྱང་སྐྱེ་བཞིན་པ་མི་སྐྱེའོ། །འདིར་སྨྲས་པ། སྐྱེ་བཞིན་པའི་དོན་དེ་ནི་ཡོད་པ་ཉིད་དེ་འདས་པ་དང་མ་འོངས་པའི་བར་ན་གནས་པའི་ཕྱིར་རོ། །འདིར་འདས་པ་དང་མ་འོངས་པའི་བར་ན་སྐྱེ་བཞིན་པ་ཞེས་བྱ་བ་ཡོད་དེ། གལ་ཏེ་མེད་ན་ནི་ཅི་ལ་ལྟོས་ནས་འདས་

པ་དང་མ་འོངས་པ་རྣམ་པར་འཇོག་པར་འགྱུར། དེ་ཡོད་ན་ནི་མ་འོངས་པའི་དོན་དེ་ལ་མ་འོངས་པ་དང་ཐལ་བ་ཞེས་བྱ་བ་དེ་འདས་པ་ཞེས་བརྗོད་དོ། །དེའི་ཕྱིར་སྐྱེ་བཞིན་པ་ལ་ལྟོས་པ་ཉིད་ཀྱིས་དུས་གཉིས་པོ་དེ་རིགས་སོ། །བཤད་པར་བྱ་སྟེ། གང་གིས་གཉིས་པོ་བར་མེད་

པར། །སྲིད་པ་ཡོད་པ་མ་ཡིན་པ། །དེ་ལ་སྐྱེ་བཞིན་པ་མེད་དོ། །གང་ཕྱིར་དེ་ལའང་བར་ཡོད་ཕྱིར། །རྒོལ་བ་གང་གི་ལྟར་ན་བར་མེད་པར་ཏེ། དཀྱིལ་མེད་པར་འདས་པ་དང་མ་འོངས་པ་གཉིས་སྲིད་པ་ཡོད་པ་མ་ཡིན་པ་དེ་ལ་སྐྱེ་བཞིན་པ་མེད་དོ། །ཇི་ལྟར་ཞེ་ན། གང་

ཕྱིར་དེ་ལའང་བར་ཡོད་ཕྱིར་ཏེ། ཇི་ལྟར་སྐྱེ་བཞིན་པ་འདས་པ་དང་མ་འོངས་པ་དག་གི་བར་ན་གནས་པ་ཉིད་ཡིན་པ་དེ་བཞིན་དུ་སྐྱེ་བཞིན་པ་སྐྱེས་པ་དང་མ་སྐྱེས་པའི་རང་བཞིན་ཅན་དེ་ལ་ཡང་གང་ལ་ལྟོས་ནས་སྐྱེས་པ་དང་མ་སྐྱེས་པར་རྣམ་པར་འཇོག་པར་འགྱུར་བ་བར་ཞིག་ཏུ་འགྱུར་བར་བྱ་

དགོས་ན། སྐྱེས་པ་དང་མ་སྐྱེས་པའི་བར་དུ་གཞན་གསུམ་པ་སྐྱེ་བཞིན་པ་ཞེས་བྱ་བ་དེ་རྣམ་པར་གཞག་པར་ནུས་པ་ཡང་མ་ཡིན་ཏེ། ཐམས་ཅད་དུ་སྐྱེས་པ་དང་མ་སྐྱེས་པའི་བར་དུ་སྐྱེ་བཞིན་པར་རྟོག་པ་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདིར་སྨྲས་པ། གང་ལ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด