དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) མ་དྷྱཱ་མ་ཀཱ་ཨ་བ་ཏཱ་ར་སྱ་ཊཱི་ཀཱ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐๔ · หน้า 214b

ཤེས་རབ་ཀྱིས་མ་བརྟགས་ན་ཉམས་དགའ་བར་སྒྱུ་མ་ལྟར་གཟུགས་ལ་སོགས་པ་འདི་རྣམས་སྣང་བ་ཡིན་ནོ་ཞེས་སྟོང་པ་ཉིད་ཀྱི་དོན་བརྟག་པར་བྱའོ། །མདོའི་སྒོ་ནས་ཀྱང་སྟོང་པ་ཉིད་ཀྱི་དོན་སྟོན་པ་ནི། མདོ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་རྟག་དོན་མེད་དོ་ཞེས་བྱ་བ་ནི་གསུངས་སོ་ཞེས་

བྱ་བ་ནི་གང་རྟག་ཏུ་མེད་པ་དེ་ནི་མི་རྟག་པའོ། །དེས་ན་མི་རྟག་པ་ལས་བསྟན་པས་སྟོང་པ་ཉིད་ཀྱི་དོན་ངེས་པར་བྱའོ། །མཚན་ཉིད་དེ་ལུང་གི་སྒོ་ནས་ཀྱང་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངེས་དོན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡི་གེ་ཐ་དད་ཅེས་བྱ་བ་

ནི་སྒྲ་ཐ་དད་པའོ། །དོན་གཅིག་སྟེ་ཞེས་བྱ་བ་ནི་སྔར་བསྟན་པའི་རྣམ་པས་སྟོང་པ་ཉིད་ཀྱི་དོན་གཅིག་སྟོན་པས་སོ། །ཡོངས་སུ་བསྒྲགས་པར་ནུས་མ་ཡིན། །ཞེས་བྱ་བ་ནི་མདོ་རྣམས་ཀྱི་མཚན་ཉིད་བརྗོད་པར་ནུས་པ་མ་ཡིན་ནོ་ཞེས་པའོ། །དངོས་པོ་གཅིག་ནི་བསམ་བྱས་ན། །ཞེས་བྱ་བ་ནི་གཟུགས་

ལ་སོགས་པའི་མཚན་ཉིད་ཅན་གྱི་དངོས་པོ་གཅིག་ལ་བསམ་པར་བྱས་ནས་སོ། །དེ་དག་ཐམས་ཅད་བསྒོམ་འགྱུར་ཏེ། །ཞེས་བྱ་བ་ནི། མདོའི་དོན་ཐམས་ཅད་བསྒོམ་པར་འགྱུར་བ་སྟེ། སྟོང་པ་ཉིད་ཀྱི་དོན་ཐམས་ཅད་བསྒོམ་པར་འགྱུར་ཞེས་བྱ་བ་ཡིན་ཏེ། སྟོང་པ་ཉིད་ཀྱི་དོན་ཐམས་

ཅད་དུ་མཚུངས་པ་ཡིན་པས་སོ། །སངས་རྒྱས་ཀུན་གྱིས་ཆོས་མང་པོ། །ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཇི་སྙེད་ཅིག་གསུངས་པ་དེ་རྣམས་ཀྱིས་ཆོས་ཐམས་ཅད་ཀྱི་བདག་མེད་པ་ཉིད་དུ་གསུངས་པ་ཡིན་ལ། མི་གང་དོན་ལ་མཁས་པ་སྟེ་བདག་མེད་པ་ཤེས་

པ་རྣམས་ཀྱིས་སོ། །གནས་འདི་ལ་ནི་བསླབ་བྱས་ནས། །ཞེས་བྱ་བ་ནི་བདག་མེད་པའི་གནས་འདི་ལ་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་སྒོ་ནས་བསླབ་པར་གྱུར་ནའོ། །སངས་རྒྱས་ཆོས་རྣམས་རྙེད་མི་དཀའ། །ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་སྟོབས་དང་

མི་འཇིགས་པ་ལ་སོགས་པ་རྣམས་བདེ་བླག་ཏུ་སྐྱེ་བར་འགྱུར་བའོ། །མདོ་གཞན་གྱི་སྒོ་ནས་ཀྱང་དྲང་བ་དང་ངེས་པའི་དོན་གྱི་མདོའི་མཚན་ཉིད་སྟོན་པ་ནི་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱ་ཆེར་བསྟན་པ་ཡང་ཞེས་བྱ་བ་ནི་དྲང་བ་དང་ངེས་པའི་མདོའི་མཚན་ཉིད་དོ། །འདི་ལྟར་མདོ་ལས་

เล่ม ๑๐๔ · หน้า 215a

དྲང་བའི་དོན་གྱི་མདོ་ནི་གང་ཞེ་ན། མདོ་གང་ལས་ཀུན་རྫོབ་གསུངས་པ་འདི་ནི་དྲང་བའི་དོན་ཡིན་ནོ། །ངེས་པའི་དོན་གྱི་མདོ་གང་ཞེ་ན། མདོ་གང་ལས་དོན་དམ་པའི་བདེན་པ་མངོན་དུ་བྱ་བའི་ཕྱིར་གསུངས་པ་འདི་ནི་ངེས་པའི་དོན་ཏོ། །མདོ་གང་ནས་ཚིག་དང་ཡི་གེ་སྣ་

ཚོགས་སུ་གསུངས་པ་དེ་ནི་དྲང་བའི་དོན་ཡིན་ལ། མདོ་གང་ཟབ་པ་བལྟ་བར་དཀའ་བ་ཁོང་དུ་ཆུད་པར་དཀའ་བར་གསུངས་པ་དེ་ནི་ངེས་པའི་དོན་ཡིན་ལ། མདོ་གང་བདག་དང་སེམས་ཅན་དང་། སྲོག་དང་། གསོ་བ་པོ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་།

ཤེད་བུ་དང་། བྱེད་པ་པོ་དང་། ཚོར་བ་པོའི་སྒྲ་དང་། སྐད་སྣ་ཚོགས་པ་བདག་པོ་མེད་པ་ལ་བདག་པོ་ཡོད་པ་བཞིན་དུ་གསུངས་པ་ནི་དྲང་བའི་དོན་ཡིན་ལ། མདོ་གང་ལས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། མ་བྱུང་བ་དང་།

མ་སྐྱེས་པ་དང་། དངོས་པོ་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། བདག་པོ་མེད་པ་དང་། རྣམ་པར་ཐར་པའི་སྒོ་གསུངས་པ་དེ་ནི་ངེས་པའི་དོན་ཡིན་ནོ་ཞེས་རྒྱས་པར་གསུངས་སོ། །ཕྱོགས་ཙམ་ཞིག་ནི་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་དྲང་བ་དང་ངེས་

པའི་དོན་གྱི་མདོའི་རྣམ་པར་དབྱེ་བ་བསྟན་པའི་དོན་དུ་ཕྱོགས་ཙམ་བརྗོད་པར་བྱ་སྟེ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་ངོ་བོ་གསུམ་བསྟན་པའི་སྒོ་ནས་བསྟན་པར་ནུས་པས་ཀུན་བརྟགས་དང་། གཞན་དབང་དང་། ཡོངས་སུ་གྲུབ་པའི་རབ་ཏུ་དབྱེ་བ་སྟོན་པ་ནི། དཔེར་ན་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཞེས་བྱ་བ་ནི་ལག་པའི་བྱ་བའི་ཁྱད་པར་དང་ཐག་པ་ལ་བརྟེན་ནས་འབྱུང་བའོ། །ཐག་པ་བསྡོགས་པ་ཞེས་བྱ་བ་ནི་འཁྱིལ་བའི་རྣམ་པ་ཡིན་པས་སོ། །བརྟགས་པ་ཡིན་ཏེ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཐ་སྙད་ཀྱིས་དེ་ལ་སྦྲུལ་མེད་པས་སོ། །ཡོངས་སུ་

གྲུབ་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཐ་སྙད་ཀྱིས་སྦྲུལ་དངོས་སུ་ཡོད་པས་སོ། །དེ་ལ་དཔེ་བསྟན་ནས་དོན་ལ་སྦྱར་བར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་དབང་གིས་བྱས་པ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་གྱི་དབང་གིས་འཇུག་པའི་ཕྱིར་གཟུགས་དང་སེམས་ལ་སོགས་

เล่ม ๑๐๔ · หน้า 215b

པ་ནི་གཞན་དབང་ངོ་། །ཀུན་ཏུ་བརྟགས་པ་ཡིན་ཏེ་ཞེས་བྱ་བ་ནི་གཟུགས་དང་། སེམས་ལ་སོགས་པ་དོན་དམ་པར་ཡོད་པ་ཡིན་ནོ་ཞེས་རང་བཞིན་གང་བརྟགས་པ་དེ་ནི་ཀུན་ཏུ་བརྟགས་པའོ། །དེ་ལ་དབུ་མ་རྩ་བའི་ཤེས་རབ་ལས་ཁུངས་སྟོན་པ་ནི། རང་བཞིན་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །

འདིའི་དོན་ནི་རང་གི་དངོས་པོ་ནི་རང་བཞིན་ཡིན་ཏེ། དངོས་པོ་གང་གི་གཉུག་མའི་རང་བཞིན་གང་ཡིན་པ་དེ་ནི་དེའི་རང་བཞིན་ཞེས་བརྗོད་པར་བྱའོ། །གང་གང་གི་བདག་གི་བ་ཡིན་ཞེ་ན། གང་བཅོས་མ་མ་ཡིན་པའོ། །གང་བཅོས་མ་མ་ཡིན་པ་དེ་ནི་བདག་གི་བ་ཡིན་ཏེ། དཔེར་ན་ཆུའི་དྲོ་བ་ཉིད་བཞིན་ནོ། །

ཡང་གང་གང་གི་དབང་དུ་གྱུར་པ་དེ་ནི་དེའི་བདག་གི་བ་ཡིན་ཏེ། དཔེར་ན་རང་གི་བྲན་དང་རྒྱལ་པོའི་བླས་བཞིན་ནོ། །གང་གང་གི་གཞན་དབང་དུ་གྱུར་པ་དེ་ནི་དེའི་བདག་གི་བ་མ་ཡིན་ཏེ། དཔེར་ན་དུས་ཇི་སྲིད་ཅིག་ཏུ་གཡར་བའི་རང་མི་དབང་བའི་དངོས་པོ་བཞིན་ནོ། །གང་གི་ཕྱིར་བཅོས་མ་དང་གཞན་

ལ་ལྟོས་པ་ལ་རང་བཞིན་འདོད་པ་མ་ཡིན་པ་དེའི་ཕྱིར་མེའི་དྲོ་བ་ཉིད་རྒྱུ་དང་རྐྱེན་ལ་རག་ལས་པ་དང་། སྔར་མ་བྱུང་བ་ཕྱིས་སྐྱེས་པའི་ཕྱིར་བྱས་པ་ཡིན་པས་རང་བཞིན་ཡོད་པ་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་མེ་ལས་དུས་གསུམ་ཆར་དུ་ཡང་མི་འཁྲུལ་བར་གཉུག་མར་

གནས་པ་བཅོས་མ་མ་ཡིན་པ། སྔར་མ་བྱུང་བ་མ་ཡིན་པ་གང་རྒྱུ་དང་རྐྱེན་ལ་ལྟོས་པ་མེད་པ་ཆུའི་དྲོ་བ་ཉིད་དང་། ཕ་རོལ་ཚུ་རོལ་དང་། རིང་བ་དང་། ཐུང་ངུ་ལ་སོགས་པ་བཞིན་དུ་གཞན་ལ་ལྟོས་པ་མེད་པ་ལ་རང་བཞིན་ཞེས་བརྗོད་པར་བྱའོ། །ཅི་མེ་ལ་དེ་ལྟ་བུའི་རང་བཞིན་ཡོད་དམ། རང་བཞིན་

ཡོད་པ་ཡང་མ་ཡིན་ལ་མེད་པ་ཡང་མ་ཡིན་ནོ། །དེ་ལྟར་ཡིན་ཡང་ཉན་པ་པོ་རྣམས་ལ་སྐྲག་པ་སྤང་བའི་དོན་དུ་ཀུན་རྫོབ་ཏུ་སྒྲོ་བཏགས་ནས་དེ་ཡོད་དོ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་ཡང་ཡི་གེ་མེད་པའི་ཆོས་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། དབུ་མ་རྩ་བའི་ཤེས་རབ་ལས་ཀྱང་།

སྟོང་ཉིད་ཅེས་ཀྱང་བརྗོད་མི་བྱ། །མི་སྟོང་ཞེས་ཀྱང་བརྗོད་མི་བྱ། །གཉིས་ཀ་གཉིས་མིན་ཞེས་མི་བརྗོད། །ཐ་སྙད་ཙམ་དུ་བརྗོད་པར་བྱ། །ཞེས་གསུངས་སོ། །གལ་ཏེ་སྒྲོ་བཏགས་ནས་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ན་ཇི་ལྟ་བུ་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་དེའི་རང་བཞིན་ནོ། །

เล่ม ๑๐๔ · หน้า 216a

འོ་ན་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་ཞེ་ན། ཆོས་རྣམས་ཀྱི་གཤིས་སོ། །ཆོས་རྣམས་ཀྱི་གཤིས་གང་ཞེ་ན། ངོ་བོ་ཉིད་དོ། །ངོ་བོ་དེ་ཉིད་གང་ཞེ་ན། སྟོང་པ་ཉིད་དོ། །སྟོང་པ་ཉིད་དེ་གང་ཞེ་ན། རང་བཞིན་མེད་པའོ། །རང་བཞིན་མེད་པ་གང་ཞེ་ན། དེ་བཞིན་ཉིད་དོ། །

དེ་བཞིན་ཉིད་གང་ཞེ་ན། དེ་བཞིན་ཉིད་དུ་ཡོད་པ་དང་། མི་འགྱུར་བ་ཉིད་དང་། དུས་རྟག་ཏུ་གནས་པ་ཉིད་དང་། རྣམ་པ་ཐམས་ཅད་དུ་མེ་ལ་སོགས་པའི་སྐྱེ་བ་མེད་པ་ཉིད་གཞན་གྱི་དབང་དུ་གྱུར་པ་དང་། བཅོས་མ་མ་ཡིན་པའི་ཕྱིར་རང་བཞིན་ཞེས་བརྗོད་པར་བྱའོ། །འདིའི་དོན་ནི་མ་རིག་

པའི་རབ་རིབ་ཀྱི་ནུས་པས་དམིགས་པའི་དངོས་པོའི་ཚོགས་རྣམས་མ་རིག་པའི་རབ་རིབ་སྤངས་པའི་འཕགས་པ་རྣམས་ལ་གང་གིས་བདག་ཉིད་མ་གཟིགས་པའི་ཚུལ་གྱིས་ཡུལ་ཉིད་དུ་གྱུར་པའི་རང་བཞིན་དེ་ཉིད་དེ་རྣམས་ཀྱི་རང་བཞིན་ཡིན་ནོ་ཞེས་རྣམ་གཞག་བྱའོ། །དེའི་རང་བཞིན་དག་ནི་བཅོས་

མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་སློབ་དཔོན་འདི་རྣམས་ཀྱིས་མཚན་ཉིད་རྣམ་བཞག་མཛད་པ་ཡིན་ནོ་ཞེས་རིགས་པར་བྱའོ། །དངོས་པོ་རྣམས་ཀྱི་སྐྱེ་བ་མེད་པའི་བདག་ཉིད་ཅན་གྱི་རང་བཞིན་དེ་ཡང་ཅིའི་ངོ་བོར་མ་གྲུབ་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཙམ་གྱི་རང་བཞིན་ཡིན་པས་རང་བཞིན་

མེད་པ་ཁོ་ན་ཡིན་པའི་ཕྱིར་དངོས་པོ་ལ་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེས་ན་གཟུགས་ལ་སོགས་པ་རྣམས་ལ་གཟུགས་ལ་སོགས་པ་ཉིད་དུ་རང་བཞིན་གང་བརྟགས་པ་དེ་ནི་ཀུན་ཏུ་བརྟགས་པའོ། །གཟུང་བཞིན་པའི་ཞེས་བྱ་བ་ལ་སོགས་པ་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་བྱས་

པ་ཅན་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ། །གཟུགས་བརྙན་དང་འདྲ་བ་དང་ཞེས་བྱ་བ་ནི་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པས་མི་འཐད་པས་སོ། །བརྟགས་པ་ཞེས་བྱ་བ་ནི་རང་བཞིན་ཡོད་པ་ཉིད་དུ་བརྟགས་པའོ། །སངས་རྒྱས་ཀྱི་སྤྱོད་ཡུལ་ལ་ནི་དངོས་པོ་ཡིན་ཏེ་ཞེས་བྱ་བ་ནི་གདོད་མ་ནས་

མ་སྐྱེས་པའི་དངོས་པོ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མ་གཟིགས་པའི་ཚུལ་གྱིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཀུན་ཏུ་མ་བརྟགས་པའི་ཕྱིར་རོ་ཞེས་བྱ་བ་ནི་བཅོས་མའི་དངོས་པོ་ལ་རང་བཞིན་ཀུན་ཏུ་མ་བརྟགས་པས་སོ། །དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར། དངོས་པོ་བྱས་པ་

เล่ม ๑๐๔ · หน้า 216b

ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་རིག་པའི་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དེར་མི་སྣང་བས་སོ། །རང་བཞིན་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ནོ། །མངོན་སུམ་དུ་མཛད་པས་ཞེས་བྱ་བ་ནི་མི་དམིགས་པའི་ཚུལ་གྱིས་སོ། །དེ་ཉིད་ཅེས་བྱ་བ་ནི་སྐྱེ་བ་མེད་པའི་མཚན་ཉིད་

ཅན་དེ་ཁོ་ན་ཉིད་དོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་ལ་སོགས་པ་གསུངས་ཏེ། རྣམ་པར་གཞག་པ་རྟོགས་པར་བྱས་ནས་ཞེས་བྱ་བ་ནི་སྔར་བསྟན་པའི་ཚུལ་གྱིས་སོ། །མདོའི་དགོངས་པ་རྣམ་པར་བཤད་པར་བྱའོ་ཞེས་བྱ་བ་ནི་དྲང་བ་དང་ངེས་པའི་མདོའི་དོན་བཤད་པར་

བྱའོ། །འདི་ལྟ་སྟེ་ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་གི་དོན་ལ་བརྟེན་ནས་མདོ་གང་གསུངས་པ་དེ་ནི་དྲང་བའི་དོན་ཡིན་ལ། གང་ཡོངས་སུ་གྲུབ་པའི་དོན་ལ་བརྟེན་ནས་གསུངས་པ་དེ་ནི་ངེས་པའི་དོན་ཏོ། །ད་ནི་སེམས་ཙམ་དུ་སྨྲ་བའི་འདོད་པའི་དབང་དུ་བྱས་ནས་ཀུན་བརྟགས་ཀྱི་རྣམ་

གཞག་རིགས་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གཟུང་བ་དང་འཛིན་པ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་དབང་ལས་མ་གཏོགས་པར་དངོས་པོ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཅི་ལྟར་ཁོ་བོ་ཅག་གི་འདོད་པ་ལྟར་ན་ནི་རང་བཞིན་ཡོངས་སུ་གྲུབ་པ་ལ་ཡོད་པས་གཟུགས་

དང་སེམས་ལ་སོགས་པ་བྱས་པ་ཅན་ལ་རང་བཞིན་དེ་བརྟགས་པ་ཡིན་ན་ཀུན་བརྟགས་རིགས་པ་ཡིན་ལ། ཁྱོད་ཀྱི་ལྟར་ན་གཟུང་བ་དང་། འཛིན་པ་གཉིས་ནི་གཞན་གྱི་དབང་ལས་མ་གཏོགས་པར་གཞན་དུ་དངོས་སུ་ཡོད་པ་མ་ཡིན་པ་མ་ཡིན་པའི་ཕྱིར་གཟུང་བ་དང་འཛིན་པ་དག་ཀུན་ཏུ་བརྟགས་པར་

མི་རིགས་པའོ། །དེ་གཉིས་ཞེས་བྱ་བ་ནི་གཟུང་འཛིན་གཉིས་སོ། །སྤྲོས་པས་ཆོག་གོ་ཞེས་བྱ་བ་ནི་སེམས་ཙམ་དུ་སྨྲ་བ་ཞར་ལ་འོངས་པ་དེས་ཆོག་གོ་ཞེས་པའོ། །དཀྱུས་མ་ཉིད་བཤད་པར་བྱའོ་ཞེས་བྱ་བ་ནི་སྐྱེ་བ་དགག་པ་ཉིད་དོ། །གཉིས་ཀ་ལས་སྐྱེ་བ་དགག་པར་བྱ་བའི་ཕྱིར། དེའི་ཕྱིར་

དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་ཀ་ལས་སྐྱེ་བའང་ཞེས་བྱ་བ་ནི་བདག་དང་གཞན་ལས་སོ། །རིགས་པའི་ངོ་བོ་མ་ཡིན་ཞེས་བྱ་བ་ནི་འཐད་པ་མ་ཡིན་ཞེས་པའོ། །དེ་དམ་བཅའ་བ་ཙམ་ཡིན་པས་དེའི་གཏན་ཚིགས་སྟོན་པ་ནི། བཤད་ཟིན་ཉེས་པ་ཞེས་བྱ་བ་ལ་སོགས་པ་

เล่ม ๑๐๔ · หน้า 217a

སྟེ། གང་གི་ཕྱིར་བདག་ལས་སྐྱེ་བའི་ཕྱོགས་དང་གཞན་ལས་སྐྱེ་བའི་ཕྱོགས་ལ་སྐྱོན་གང་བརྗོད་པ་དེ་དག་གཉིས་ཀ་ལས་སྐྱེ་བར་འདོད་པ་ལ་ཐོག་ཏུ་འབབ་པ་ཡིན་པས་དེའི་ཕྱིར་གཉིས་ཀ་ལས་སྐྱེ་བ་མི་འཐད་པའོ། །དེ་འགྲེལ་པས་སྟོན་པ་ལས་དང་པོར་གཅེར་བུ་པས་བརྗོད་

པའི་གཉིས་ཀ་ལས་སྐྱེ་བ་འགོག་པའི་ཕྱོགས་སྔ་མ་སྟོན་པ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་གཉིས་ཀ་ལ་སྐྱེ་བ་འགོག་པའི་གནས་སྐབས་ལའོ། །ཚིག་གལ་གཉིས་སུ་སྨྲ་བ་རྣམས་ནི་ཞེས་བྱ་བ་ནི་ཐམས་ཅད་ཐམས་ཅད་ཀྱི་བདག་ཉིད་ཡིན་ཞིང་ཐམས་ཅད་ཐམས་

ཅད་ཀྱི་བདག་ཉིད་མ་ཡིན་ནོ་ཞེས་བརྗོད་པ་ནི་ཚིག་གཉིས་སུ་སྨྲ་བ་སྟེ་གཅེར་བུ་པ་རྣམས་སོ། །གཉིས་ཀ་ལས་སྐྱེ་བའི་ཚུལ་རྒྱས་པར་སྟོན་པ་ནི། དེ་ལ་འཇིམ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུད་པ་དང་ཞེས་བྱ་བ་ནི་གང་གིས་འཇིམ་པའི་གོང་བུ་ལས་བུམ་པ་སོ་སོར་བྱེད་པའོ། །དབྱུ་

གུ་ཞེས་པ་ནི་གང་གིས་འཁོར་ལོ་སྐོར་བར་བྱེད་པའོ། །སོགས་པའི་སྒྲས་ནི་ལག་པའི་བྱ་བ་བསྡུ་བར་བྱའོ། །དེ་ལ་རང་ལས་སྐྱེ་བ་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་ལས་སྐྱེ་བ་སྟོན་པ་ནི། གང་གི་ཕྱིར་རྫ་མཁན་ཞེས་བྱ་བ་ལ་སོགས་པ་

གསུངས་སོ། །དེ་ལྟར་ཕྱི་རོལ་གྱི་དངོས་པོ་རྣམས་གཉིས་ཀ་ལས་སྐྱེ་བར་བརྗོད་ནས་ནང་གི་དངོས་པོ་རྣམས་ཀྱང་གཉིས་ཀ་ལས་སྐྱེ་བ་བསྟན་པར་བྱ་བའི་ཕྱིར། ཕྱི་རོལ་གྱི་དག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

སྲོག་ཅེས་བྱ་བ་ནི་འདི་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་བའོ། །སྲོག་མ་ཡིན་པ་ཞེས་བྱ་བ་ནི་དབང་པོ་ལ་སོགས་པའོ། །བསོད་ནམས་དང་སྡིག་པ་དང་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་ལས་དག་གོ། །ཟག་པ་དང་བཅས་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སོ། །སྡོམ་

པ་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མའི་སྡོམ་པ་ལྟ་བུའོ། །སོགས་པའི་སྒྲས་ནི་སྡོམ་པ་མ་ཡིན་པ་ལ་སོགས་པ་བསྡུ་བར་བྱའོ། །ལྷག་མ་ནི་གོ་སླའོ། །ཁོ་བོ་ཅག་ལ་གནོད་པར་བྱེད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་བདག་ལས་སྐྱེ་བའི་གཅིག་པུ་འགེགས་པ་དང་། གཞན་ལས་སྐྱེ་བའི་གཅིག་པུ་འགེགས་

เล่ม ๑๐๔ · หน้า 217b

པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། རྩོད་པ་འདི་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་ཞེས་བྱ་བ་ནི་གཉིས་ཀ་ལས་སྐྱེ་བར་སྨྲ་བ་ཡང་ངོ་། །ཕྱི་རོལ་གྱི་དངོས་པོ་རང་ལས་སྐྱེ་བར་འདོད་པའི་ཕྱོགས་ལ་སྐྱོན་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་

སོ། །ནང་གི་དངོས་པོ་རང་ལས་སྐྱེ་བར་འདོད་པའི་ཕྱོགས་ལ་སྐྱོན་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱི་རོལ་གྱི་དངོས་པོ་གཞན་ལས་སྐྱེ་བར་འདོད་པའི་ཕྱོགས་ལ་སྐྱོན་སྟོན་པ་ནི། གང་གི་ཕྱིར་བུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནང་གི་

དངོས་པོ་གཞན་ལས་སྐྱེ་བར་འདོད་པ་འགེགས་པ་ནི། ཕ་དང་མ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འཇིག་རྟེན་གྱི་ཀུན་རྫོབ་ཏུ་བདག་ལས་སྐྱེ་བ་བཀག་པ་ནི་འཇིག་རྟེན་གྱིས་ཀྱང་

འདི་དག་གཅིག་ཉིད་དུ་ནི་ཁས་མི་ལེན་ཞེས་བྱ་བ་ལ་སོགས་པས་སོ། །འཇིག་རྟེན་གྱི་ཀུན་རྫོབ་ཏུ་གཞན་ལས་སྐྱེ་བ་བཀག་པ་ནི་འཇིག་རྟེན་པའི་ས་བོན་ཙམ་ཞིག་བླུགས་པར་གྱུར་ནས། ང་ཡི་བུ་འདིས་བསྐྱེད་ཅེས་སྨྲ་བྱེད་པས། །ཞེས་བྱ་བ་ལ་སོགས་པས་སོ། །དོན་དམ་པར་རང་ལས་སྐྱེ་བ་བཀག་

པ་ནི། དེ་ནི་དེ་ལས་འབྱུང་བ་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པའོ། །དོན་དམ་པར་གཞན་ལས་སྐྱེ་བ་བཀག་པ་ནི་གཞན་ལ་བརྟེན་ནས་གཞན་ཞིག་འབྱུང་བར་འགྱུར་ན་ནི་ཞེས་བྱ་བ་ལ་སོགས་པས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། འདི་ནི་འཇིག་རྟེན་ལས་མིན་དེ་ཉིད་དུ་

ཡང་འདི་མིན་ཏེ། །ཞེས་བྱ་བ་གསུངས་སོ། །སྔར་བསྟན་པ་ལ་སྐྱོན་ལྷག་པ་བསྟན་པར་བྱ་བའི་ཕྱིར། སྔར་བཤད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བཤད་པས་ཀྱང་ཞེས་བྱ་བ་ནི་གཉིས་ཀ་ལས་སྐྱེ་བ་འགེགས་པའི་གནས་སྐབས་སུ་བསྟན་པས་ཀྱང་ངོ་། །དེ་ཉིད་བསྟན་པར་

བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་རེས་བསྐྱེད་པར་འགྱུར་ན་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་རེ་ལས་ནི་སྐྱེ་བ་གྲུབ་པ་ཡོད་མ་ཡིན། །ཞེས་བྱ་བ་ནི་གང་གི་ཕྱིར་བདག་ལས་སྐྱེ་བ་དང་། གཞན་ལས་སྐྱེ་བར་གྱུར་ན་ནི་དེའི་ཚེ་གཉིས་ཀ་ལས་སྐྱེ་བར་

เล่ม ๑๐๔ · หน้า 218a

འགྱུར་བ་ཡིན་པ་ལ། དེ་ལྟར་ཡང་མ་ཡིན་པའི་ཕྱིར་གཉིས་ཀ་ལས་སྐྱེ་བ་ཡོད་པ་མ་ཡིན་ནོ། །དེ་འགྲལ་པས་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་རེས་བསྐྱེད་པར་འགྱུར་ན་ནི། །ཞེས་བྱ་བ་ནི་བདག་གམ་གཞན་གང་

ཡང་རུང་བས་སོ། །དེ་ལྟ་བུའི་རང་བཞིན་ཅན་མང་པོ་རྣམས་ཀྱིས་ཀྱང་ཞེས་བྱ་བ་ནི་བསྐྱེད་པའི་ནུས་པ་ཅན་མང་པོ་རྣམས་ཀྱིས་ཀྱང་ངོ་། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གཉིས་ཀ་ལས་སྐྱེ་བ་འགེགས་པའི་མཇུག་བསྡུ་བའོ། །ད་ནི་རྒྱུ་མེད་པ་ལས་སྐྱེ་བར་འདོད་པ་དགག་པར་བྱ་

བའི་ཕྱིར། འདིར་རང་བཞིན་སྨྲ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེས་པ་དེ་དག་ཏུ་འགྱུར་བ་ཞིག་ན་ཞེས་བྱ་བ་ནི་བདག་དང་གཞན་དང་། གཉིས་ཀ་ལས་སྐྱེ་བར་འདོད་པའི་ཕྱོགས་ལ་སྐྱོན་གང་བརྗོད་པ་རྣམས་སོ། །དངོས་པོ་རྣམས་ཀྱི་སྐྱེ་བ་ནི་རང་བཞིན་ལས་བྱུང་བ་ཁོ་ན་ཡིན་ཏེ་ཞེས་

བྱ་བ་ནི་དངོས་པོ་རྣམས་རྒྱུ་ལ་མ་ལྟོས་ངོ་བོ་ཉིད་ཀྱིས་འབྱུང་བ་ཡིན་ནོ་ཞེས་པའོ། །རང་བཞིན་ལས་འབྱུང་བ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། འདི་ལྟར་པད་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགའ་ཞིག་ཅེས་བྱ་བ་ནི་རྒྱུའོ། །རྩུབ་པ་དང་འཇམ་པ་དག་ཅེས་བྱ་བ་ནི་སྡོང་བུ་རྣམས་རྩུབ་པ་

དང་། འདབ་མ་རྣམས་འཇམ་པ་ཉིད་དོ། །དེའི་འདབ་མ་དང་ཞེས་བྱ་བ་ལ་སོགས་པ་ནི་པདྨའི་འདབ་མ་དང་ཟེ་འབྲུ་ལ་སོགས་པའོ། །སྣ་ཚོགས་པ་དག་ཅེས་བྱ་བ་ལ། འདབ་མ་རྣམས་ནི་དམར་པོའོ་ཟེ་འབྲུ་རྣམས་ནི་སེར་པོ་དང་དཀར་པོ་དག་གོ། །སྙིང་པོ་རྣམས་ནི་སེར་པོ་ཉིད་དོ། །དེ་བཞིན་

དུ་དབྱིབས་ཀྱང་ཐ་དད་པའོ། །དེ་བཞིན་དུ་པ་ན་ས་དང་བལ་པོ་སེའུ་ལ་སོགས་པ་སྣ་ཚོགས་པ་ཡང་འགའ་ཞིག་གིས་བྱེད་པར་མཐོང་བ་མ་ཡིན་ནོ་ཞེས་སྦྱར་བར་བྱའོ། །པ་ན་ས་ཞེས་བྱ་བ་ནི་ཤིང་ཐོག་གི་ཁྱད་པར་རོ། །སོགས་པའི་སྒྲས་ནི་སྟར་ག་ལ་སོགས་པ་བསྡུ་བར་བྱའོ། །ཕྱི་རོལ་གྱི་དངོས་པོ་

རང་བཞིན་ལས་སྐྱེ་བ་ཡིན་ནོ་ཞེས་བསྟན་ནས། ནང་གི་དངོས་པོ་ཡང་རང་བཞིན་ལས་སྐྱེ་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཕྱི་རོལ་དག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏི་ཏི་རི་ཞེས་བྱ་བ་ནི་བྱའི་ཁྱད་པར་རོ། །སོགས་པའི་སྒྲས་ནི་ནེ་ཚོ་ལ་སོགས་པ་བསྡུ་བར་བྱའོ། །དེ་ལ་ལན་བསྟན་

เล่ม ๑๐๔ · หน้า 218b

པར་བྱ་བའི་ཕྱིར། འདི་ལ་བཤད་པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཚེ་ཞེས་བྱ་བ་ནི་རྒྱུ་མེད་པར་སྐྱེ་བར་འདོད་པའི་ཚེའོ། །མཐའ་དག་རྟག་ཏུ་ཐམས་ཅད་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་མཐའ་དག་དུས་རྟག་ཏུ་རྒྱུ་འམ་རྒྱུ་མ་ཡིན་པ་ཐམས་ཅད་ལས་སྐྱེ་བར་

འགྱུར་ཏེ་གཞན་ལ་ལྟོས་པ་མེད་པས་སོ། །འབྲས་འབྱུང་ཆེད་དུ་ཞེས་བྱ་བ་ལ་སོགས་པས་ནི་སྐྱོན་གཉིས་པ་སྟོན་པ་ཡིན་ཏེ། འཇིག་རྟེན་པ་རྣམས་ཀྱིས་ས་བོན་ལ་སོགས་པ་སྡུད་པར་ཡང་མི་འགྱུར་བས་སོ། །སོགས་པའི་སྒྲས་ནི་གོས་དང་རྒྱན་ལ་སོགས་པ་འདོད་པ་རྣམས་ཀྱིས་སྣལ་

མ་དང་གསེར་ལ་སོགས་པ་སྡུད་པར་བྱེད་པར་ཡང་མི་འགྱུར་བ་བསྡུ་བར་བྱའོ། །ཅི་ལྟར་ས་བོན་ལ་སོགས་པ་སྡུད་པར་བྱེད་ན་སྨྲས་པ། བརྒྱ་ཕྲག་དག་གི་སྒོ་ནས་ཞེས་བྱ་བ་གསུངས་ཏེ། ཐབས་དུ་མའི་སྒོ་ནས་སོ། །འདིས་ནི་མཐོང་བ་དང་འགལ་བ་ཉིད་བརྗོད་པ་ཡིན་ནོ། །དེ་འགྲེལ་པས་

བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གློ་བུར་བར་འགྱུར་ན་ནི་ཞེས་བྱ་བ་ནི་རྒྱུ་ལ་ལྟོས་པ་མེད་ནའོ། །དེས་ནི་ཤིང་ཐོག་གི་ཞེས་བྱ་བ་ནི་པ་ན་སའི་འབྲས་བུ་ཡིའོ། །ནིམ་པ་དང་ཨ་མྲ་ལ་སོགས་པ་ཞེས་བྱ་བ་ནི་ཤིང་གི་ཁྱད་པར་རོ། །དེ་དག་ལས་ཀྱང་ཞེས་བྱ་བ་

ནི་ནིམ་པ་དང་ཨ་མྲ་ལ་སོགས་པ་རྣམས་ལས་ཀྱང་ངོ་། །རྒྱུ་མ་ཡིན་པ་ཉིད་དུ་འདྲ་བའི་ཕྱིར་རོ་ཞེས་བྱ་བ་ནི་པ་ན་ས་དང་། ཨ་མྲ་དང་། ནིམ་པ་ལ་སོགས་པ་རྣམས་རྒྱུ་མ་ཡིན་པ་ཉིད་དུ་མཚུངས་པའི་ཕྱིར་རོ། །དེ་བཞིན་ཞེས་བྱ་བ་ནི་ཤིང་པ་ན་སའི་འོ། །དེ་ལྟར་རྒྱུ་མེད་པ་ལས་སྐྱེ་བར་ཐལ་བར་

འགྱུར་བ་ཉིད་བསྟན་ནས། ད་ནི་དུས་ཐམས་ཅད་དུ་སྐྱེ་བར་ཐལ་བར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། ཡང་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་ཚིགས་ལ་ལྟོས་ཤིང་ཞེས་བྱ་བ་ནི་དཔྱིད་ལ་སོགས་པའི་དུས་རྣམས་ལ་ལྟོས་པའོ། །སྨིན་པ་ལས་སྐྱེས་པའི་སྐྱེ་བ་ཞེས་བྱ་བ་ནི་སྐྱེ་བ་སྟོབས་ཀྱིས་

གང་དཀར་པོ་དང་དམར་པོ་ལ་སོགས་པའི་གནས་སྐབས་ཁྱད་པར་ཅན་སྐྱེའོ། །ཨ་མྲ་དང་ལ་གུ་ཙ་ལ་སོགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་ཤིང་ཐོག་གི་ཁྱད་པར་རྣམས་ཀྱིས་སོ། །རེས་འགའ་མངོན་པར་ཞེས་བྱ་བ་འདིས་ནི་དུས་ཚིགས་ལ་ལྟོས་པའི་བརྗོད་པ་ཉིད་དོ། །མངལ་གྱི་གནས་སྐབས་ན་ཡང་

เล่ม ๑๐๔ · หน้า 219a

ཞེས་བྱ་བ་ནི་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ན་ཡང་ངོ་། །རྟག་ཏུ་སྐྱེ་བར་འགྱུར་ན་ཞེས་བྱ་བ་ནི་དུས་ཀྱི་ཁྱད་པར་ལས་སྐྱེ་བར་མི་འགྱུར་བའོ། །དེས་ནི་ཡོད་པ་ཡང་མ་ཡིན་པས་ཞེས་བྱ་བ་ནི་རྟག་ཏུ་སྐྱེ་བ་ཡོད་པ་མ་ཡིན་པའོ། །རང་བཞིན་དུ་སྨྲ་བ་ཞེས་བྱ་བ་ནི་

རྒྱུ་མེད་པར་སྨྲ་བའོ། །རིགས་པ་དང་འགལ་བས་བརྗོད་ནས་ཞེས་བྱ་བ་ནི་རྒྱུ་མེད་པར་སྐྱེ་བར་ཁས་ལེན་ན་མི་འདོད་པར་ཐལ་བར་འགྱུར་བ་བསྟན་པས་སོ། །མཐོང་བ་དང་འགལ་བ་ཞེས་བྱ་བ་ནི་མངོན་སུམ་དང་འགལ་བའོ། །སྐྱོན་གཞན་བསྟན་པར་བྱ་བའི་ཕྱིར། །གཞན་ཡང་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། གལ་ཏེ་འགྲོ་བ་རྣམས་ལ་རྒྱུ་མེད་པར་འགྱུར་ན་ནི་དེའི་ཚེ་འགྲོ་བ་གཟུང་དུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའོ། །དེ་ལ་དཔེ་སྟོན་པ་ནི། ནམ་མཁའི་ཨུཏྤ་ལའི་དྲིའི་མདོག་ཇི་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ནམ་མཁའི་ཨུཏྤ་ལའི་དྲི་དང་ཁ་དོག་ལ་རྒྱུ་

མེད་པའི་ཕྱིར་གཟུང་དུ་མེད་པ་དེ་བཞིན་དུ་འགྲོ་བ་རྣམས་ཀྱང་གཟུང་དུ་མེད་པ་ཉིད་དུ་འགྱུར་ཏེ། རྒྱུ་ཡིས་སྟོང་པའི་ཕྱིར་རོ། །འགྲོ་བ་རྣམས་གཟུང་དུ་མེད་པ་ཉིད་ཀྱང་མ་ཡིན་པས་རྒྱུ་དང་ལྡན་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཤིན་ཏུ་ཆེས་བཀྲའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

རྣམ་པ་སྣ་ཚོགས་པའི་ཁ་དོག་དང་དབྱིབས་ལ་སོགས་པའི་དབྱེ་བས་ཤིན་ཏུ་ཆེས་བཀྲ་བའོ། །དེ་ལ་དཔེ་བསྟན་པར་བྱ་བའི་ཕྱིར། རང་གི་བློ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་རང་བཞིན་ལས་སྐྱེ་བར་སྨྲ་བ་པོ་རྣམས་ལ་སྔོན་པོར་སྣང་བའི་བློ་སྔོན་པོ་མེད་ན་མི་འགྱུར་བས་དེའི་ཕྱིར་བློ་རྒྱུ་

ལས་སྐྱེས་པ་ཡིན་ལ། དེ་བཞིན་དུ་འགྲོ་བ་འཛིན་པ་ཡང་འགྲོ་བ་མེད་ན་མི་འབྱུང་བས་འཛིན་པ་རྒྱུ་དང་ལྡན་པའི་ཕྱིར་འགྲོ་བ་ཡང་རྒྱུ་དང་ལྡན་པར་འགྱུར་བའོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཛིན་པའི་ལམ་དུ་མི་འགྱུར་བ་ཉིད་ན་ཞེས་

བྱ་བ་ནི་འཛིན་པའི་རྒྱུ་ཉིད་དུ་མི་འགྱུར་བའོ། །རང་གི་བློ་ཇི་ལྟར་ཞེས་བྱ་བའི་བཤད་པ་ནི། ཁྱོད་ཀྱི་ལྟར་ན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཁྱོད་ཀྱི་ཞེས་བྱ་བ་ནི་རང་བཞིན་སྨྲ་བའོ། །དེ་ལྟར་རང་བཞིན་ལས་སྐྱེ་བར་སྨྲ་བ་བཀག་ནས། མཐོང་བ་རྒྱུ་རུ་སྨྲ་བའི་ཕྱོགས་སྔ་མ་བསྟན་པར་བྱ་བའི་ཕྱིར། སེམས་

เล่ม ๑๐๔ · หน้า 219b

པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་པ་འབྱུང་བ་ལས་གྱུར་པ་དག་ནི་ཞེས་བྱ་བ་ནི་ས་ལ་སོགས་པའི་འབྱུང་བ་རྣམས་ལས་སེམས་འབྱུང་བར་བརྗོད་པ་དེ་དག་ནི་སེམས་པ་འབྱུང་བ་ལས་གྱུར་པ་དག་གོ། །དེའི་འདོད་པ་བསྟན་པར་བྱ་བའི་ཕྱིར། རྒྱུ་དམིགས་བཞིན་པ་ལ་ནི་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། རྒྱུ་དམིགས་བཞིན་པ་ལ་ཞེས་བྱ་བ་ནི་ཤིང་ཐོག་ཨ་མྲ་དང་པ་ན་ས་ལ་སོགས་པ་རྣམས་ཀྱི་མཐོང་བའི་རྒྱུ་ནི་ཤིང་པ་ན་ས་དང་ཨ་མྲ་ལ་སོགས་པ་རྣམས་ཀྱིས་སོ། །ཇི་སྐད་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ་ཞེས་བྱ་བ་ནི་རང་བཞིན་སྨྲ་བ་ལ་བརྗོད་པའི་སྐྱོན་དུ་ཐལ་

བར་འགྱུར་བའི་ཕྱིར་རོ། །མཐོང་བའི་རྒྱུ་ཉིད་བསྟན་པར་བྱ་བའི་ཕྱིར། རྒྱུ་དང་འབྲས་བུའི་དངོས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། དེ་ཉིད་བཞི་ཁོ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོངས་སུ་སྨིན་པའི་ཁྱད་པར་ལས་ཞེས་བྱ་བ་ནི་གནས་སྐབས་

ཁྱད་པར་ཅན་རྙེད་པ་ལས་སོ། །དངོས་པོའི་དེ་ཁོ་ན་ཉིད་སྣ་ཚོགས་ཡོངས་སུ་གཅོད་པ་པོར་གྱུར་པ་ཞེས་བྱ་བ་ནི་དངོས་པོའི་རང་བཞིན་གསལ་བར་བྱེད་པའི་དེ་ཁོ་ན་ཉིད་ལས་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ནི་ས་ལ་སོགས་པའི་འབྱུང་བ་ཆེན་པོ་རྣམས་ཁོ་ན་ལས་སྐྱེ་བ་ཡིན་ནོ་ཞེས་པའོ། །འབྱུང་བ་རྣམས་ལས་

བློ་སྐྱེ་བ་ལ་དཔེ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་བའི་བྱེ་བྲག་ཕྲད་པ་ཡོངས་སུ་འགྱུར་བའི་ཁྱད་པར་ལས་ཞེས་བྱ་བ་ནི་ཆང་གི་རྒྱུར་གྱུར་པའི་ཕབས་ལ་སོགས་པའི་འབྱུང་བའི་ཁྱད་པར་གང་ཡིན་པ་དེ་རྣམས་ཚོགས་པ་དེའི་ཡོངས་སུ་འགྱུར་བ་སྟེ། །དུས་

ཀྱི་ཁྱད་པར་གྱི་སྒོ་ནས་གོང་ནས་གོང་དུ་གནས་སྐབས་ཁྱད་པར་ཅན་ཐོབ་པ་གང་ཡིན་པའོ། །མྱོས་པར་འགྱུར་བའི་ནུས་པ་ཞེས་བྱ་བ་ལ། མྱོས་པ་ནི་རབ་ཏུ་དགའ་བ་སྟེ་སེམས་སྤྲོ་བའི་ཁྱད་པར་རོ། །བརྒྱལ་བ་ནི་དྲན་པ་ཉམས་པའོ། །སོགས་པའི་སྒྲས་ནི་འཐབ་རྩོད་ལ་སོགས་པ་བསྡུ་བར་བྱའོ། །

ནུར་ནུར་པོ་ལ་སོགས་པའི་འབྱུང་བ་ཆེན་པོའི་ཁྱད་པར་ཅན་ཡོངས་སུ་སྨིན་པ་ལས་ཞེས་བྱ་བ་ནི་མའི་མངལ་དུ་ཁུ་བ་དང་ཁྲག་གི་ཐིགས་པ་དང་ཚོགས་པའི་གནས་སྐབས་ནི་ནུར་ནུར་པོ་ཡིན་ལ། སོགས་པའི་སྒྲས་ནི་མེར་མེར་པོ་ལ་སོགས་པ་བསྡུ་བར་བྱའོ། །དེ་ནས་ས་ལ་སོགས་པ་འབྱུང་བ་ཁྱད་པར་ཅན་

เล่ม ๑๐๔ · หน้า 220a

གང་ཡོད་པ་དེ་རྣམས་དུས་ཀྱི་ཁྱད་པར་གྱིས་ཡོངས་སུ་སྨིན་པ་ལས་བློ་དག་སྐྱེ་བ་ཡིན་ནོ་ཞེས་པའོ། །འཇིག་རྟེན་ཕ་རོལ་པོ་དག་ཡོད་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཁ་ཅིག་གིས་གང་འཇིག་རྟེན་གཞན་ནས་འདིར་འོངས་པ་དང་། འདི་ནས་ཕ་རོལ་དུ་འགྲོ་བའི་བདག་ཡོད་དོ་

ཞེས་སྨྲ་བ་དང་། ཁ་ཅིག་གིས་སེམས་སུ་སྨྲ་བ་དང་། ཁ་ཅིག་གིས་སྲོག་ཏུ་སྨྲ་བ་དེ་རྣམས་ནི་ཡོད་པ་མ་ཡིན་ནོ་ཞེས་པའོ། །གང་དུ་ཞེས་བྱ་བ་ནི་བདག་གམ། སེམས་སམ། སྲོག་ལའོ། །བྱས་པའི་ལས་ཞེས་བྱ་བ་ནི་སྐྱེ་བ་གཞན་དག་ལའོ། །འཇིག་རྟེན་གཞན་དུ་ཞེས་བྱ་བ་ནི་མ་

འོངས་པའི་དུས་སུའོ། །དེ་ཉིད་སེམས་ལ་བཞག་ནས་སེམས་པ་འབྱུང་བ་ལས་གྱུར་པ་རྣམས་ཀྱིས། མཛེས་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཛེས་མ་ཞེས་བྱ་བ་ནི་གཟུགས་ཁྱད་པར་ཅན་དང་ལྡན་པའི་བུ་མོ་ལ་བོད་པའི་ཚིག་གོ། །ལེགས་པར་སྤྱོད་ཅིང་ཞེས་བྱ་བ་ནི་བགྲོད་པར་བྱ་བ་

དང་། བགྲོད་པར་བྱ་བ་མ་ཡིན་པ་སྤོངས་ལ་ལེགས་པར་ལོངས་སྤྱོད་ཅིག་ཅེས་པའོ། །བཟའ་བར་གྱིས་ཞེས་བྱ་བ་ནི་བཟའ་བར་བྱ་བ་དང་བཟའ་བར་བྱ་བ་མ་ཡིན་པ་དག་སྤོངས་ལ་བཟའ་བར་གྱིས་ཤིག་ཅེས་པའོ། །ལུས་མཆོག་ཅེས་བྱ་བ་ནི་ལུས་ཀྱི་ཁྱད་པར་ཅན་ནོ། །ཅིའི་ཕྱིར་དེ་ལྟར་

དཔྱད་པར་བྱ་ཞེ་ན། འདས་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དགེ་བ་དང་མི་དགེ་བའི་ལས་འདས་པ་དེ་དག་ཁྱོད་ལ་མི་འབྱུང་བ་སྟེ། ཁྱོད་དང་འབྲེལ་པར་མི་འགྱུར་བའོ། །ཅིའི་ཕྱིར་ཞེ་ན། ལུས་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིགས་མ་ཞེས་བྱ་བ་ནི་བུད་མེད་ཡིན་

པས་འཇིགས་མ་ཞེས་བོད་པའོ། །སོང་བ་ལྡོག་པར་མི་འགྱུར་རོ་ཞེས་བྱ་བ་ནི་གང་འདས་པ་དེ་སླར་འོང་བ་མ་ཡིན་ནོ། །དེས་ན་དགེ་བ་དང་མི་དགེ་བའི་ལས་དག་གི་འབྲས་བུ་ཡོད་པ་མ་ཡིན་ནོ། །ལུས་འདི་ཚོགས་པར་གྱུར་པ་ཙམ་ཞིག་སྟེ་ཞེས་བྱ་བ་ནི་ལུས་འདི་འབྱུང་བ་རྣམས་ཚོགས་པ་ཙམ་ཞིག་ཡིན་

ལ། དེས་ན་འཇིག་རྟེན་ཕ་རོལ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། འདི་ལ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱོད་ཀྱིས་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་མེད་པར་སྨྲ་བས་སོ། །གཞན་གྱིས་ལན་བརྗོད་པ་ནི།

เล่ม ๑๐๔ · หน้า 220b

མངོན་སུམ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཁོ་བོ་ཅག་ལ་འཇིག་རྟེན་ཕ་རོལ་མངོན་སུམ་དུ་མ་གྱུར་པ་དེའི་ཕྱིར་འཇིག་རྟེན་ཕ་རོལ་མེད་པར་ངེས་པ་ཡིན་ནོ་ཞེ་ན། དེ་ལ་སློབ་དཔོན་གྱིས་ལན་བརྗོད་པ་ནི། ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་

ཁྱོད་ཀྱིས་མངོན་སུམ་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་གཏན་ཚིགས་བརྗོད་པ་དེ་མངོན་སུམ་གྱི་ཡུལ་དུ་གྱུར་པ་ཞིག་གམ། འོན་ཏེ་མངོན་སུམ་གྱི་ཡུལ་མ་ཡིན་པ་ཞིག་གྲང་། དེ་ལ་གལ་ཏེ་མངོན་སུམ་མ་ཡིན་པ་ཉིད་དེ་མངོན་སུམ་གྱི་ཡུལ་ཉིད་དུ་བརྗོད་ན་དེ་ལ་ལན་སྟོན་པ་ནི། འཇིག་རྟེན་ཕ་རོལ་ཞེས་བྱ་བ་

ལ་སོགས་པ་གསུངས་ཏེ། གལ་ཏེ་དངོས་པོ་མེད་པ་མངོན་སུམ་གྱི་ཡུལ་ཡིན་ན་སྐྱོན་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དངོས་པོ་མེད་ན་སྐྱོན་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་དངོས་པོ་མེད་པ་ཞེས་བྱ་བ་གསུངས་ཏེ། ཟླ་བོ་མེད་པའི་ཕྱིར་ཞེས་བྱ་བ་ནི་དངོས་པོའི་

ཟླ་བོ་ནི་དངོས་པོ་མེད་པ་ཡིན་ན་དེ་མེད་པའི་ཕྱིར་དངོས་པོ་ཡང་མེད་པར་འགྱུར་ཏེ། གཉིས་ཀ་ཕན་ཚུན་ལྟོས་པའི་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པ་དག་མེད་ན་ཞེས་བྱ་བ་ནི་དངོས་པོ་མེད་པ་ནི་མེད་ན་དངོས་པོ་མེད་དེ། དངོས་པོ་མེད་པ་མངོན་སུམ་ཡིན་པས་དངོས་པོ་མེད་པ་མེད་ལ། དེའི་ཕྱིར་

གཉིས་ཀ་མེད་པས་འབྱུང་བ་རྣམས་ཀྱི་ཡོད་པ་ཉིད་ཉམས་པར་འགྱུར་བ་དང་། འཇིག་རྟེན་ཕ་རོལ་མེད་པ་ཡང་ཉམས་པར་འགྱུར་ཏེ། དངོས་པོ་མེད་པ་མེད་པའི་ཕྱིར་རོ། །དེས་ན་མངོན་སུམ་མ་ཡིན་པ་ཉིད་ནི་མངོན་སུམ་གྱི་ཡུལ་ཉིད་དུ་མི་འགྱུར་རོ་ཞེས་བསྟན་ནས། མངོན་སུམ་གྱི་ཡུལ་ཉིད་མ་

ཡིན་པར་ཡང་མི་འཐད་ཅེས་བསྟན་པར་བྱ་བའི་ཕྱིར། ཅི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་བྱ་བ་ནི་གང་འཇིག་རྟེན་ཕ་རོལ་མེད་པ་བསྒྲུབ་པའི་དོན་དུ་བཀོད་པའི་གཏན་ཚིགས་དེ་ཉིད་དོ། །མངོན་སུམ་མ་ཡིན་པའི་ཕྱིར་མ་བཟུང་བས་ཞེས་བྱ་བ་ནི་མངོན་སུམ་མ་ཡིན་པའི་མཚན་ཉིད་

ཅན་གྱི་གཏན་ཚིགས་མངོན་སུམ་གྱིས་མ་བཟུང་བས་སོ། །མ་བཟུང་བའི་སྒོ་ནས་ཞེས་བྱ་བ་ནི་མངོན་སུམ་མ་ཡིན་པའི་མཚན་ཉིད་ཅན་གྱིས་གཏན་ཚིགས་མ་བཟུང་བས་སོ། །འཇིག་རྟེན་ཕ་རོལ་མེད་པར་རྗེས་སུ་དཔོག་པར་འགྱུར། །ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་མེད་པར་རྗེས་སུ་དཔོག་པར་མི་རིགས་ཏེ།

เล่ม ๑๐๔ · หน้า 221a

གཏན་ཚིགས་ཁོང་དུ་མ་ཆུད་པས་སོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་དག་གི་ལན་ཡིན་ཏེ། གང་གི་ཕྱིར་མ་བཟུང་བ་གཏན་ཚིགས་མ་ཡིན་པ་དེའི་ཕྱིར་རྗེས་སུ་དཔག་པས་མངོན་སུམ་མ་ཡིན་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་གཏན་ཚིགས་བཟུང་བ་ཡིན་ལ། རྗེས་སུ་དཔག་པས་

གྲུབ་པའི་མངོན་སུམ་མ་ཡིན་པ་ཉིད་ཀྱིས་དོན་བསྒྲུབ་པ་ཡིན་ཏེ། འཇིག་རྟེན་ཕ་རོལ་མེད་པར་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། རྗེས་སུ་དཔག་པ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་རྗེས་སུ་དཔག་པས་དོན་བསྒྲུབ་པའོ། །ཁས་མ་

བླངས་པ་ཉིད་བསྟན་པར་བྱ་བའི་ཕྱིར། ཇི་ཙམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱོས་པར་བྱེད་པའི་ནུས་པ་དང་ལྡན་པའི་འབྱུང་བ་ཁྱད་པར་ཅན་ཆང་ཡིན་པ་དེ་བཞིན་དུ་སེམས་པའི་ནུས་པ་དང་ལྡན་པའི་འབྱུང་བའི་ཚོགས་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་གང་ཡིན་པ་དེ་ཉིད་སྐྱེས་བུ་ཡིན་ཏེ།

དེ་ལས་གཞན་པའི་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་སྐྱེས་བུ་མ་མཐོང་བའི་ཕྱིར་རོ། །འདིས་ནི་སེམས་པ་འབྱུང་བ་ལས་གྱུར་པར་སྨྲ་བ་རྣམས་ཀྱིས་མངོན་སུམ་ཁོ་ན་ཚད་མ་ཉིད་དུ་ཁས་བླངས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གཟུགས་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་བཟང་མོ་སྟེ་བོད་པའི་ཚིག་

གོ། །མང་དུ་ཐོས་པ་འགའ་ཞིག་གིས་འཇིག་རྟེན་ཕ་རོལ་ཡོད་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་ཉིད་སྤྱང་ཀིའི་རྗེས་དང་འདྲ་བ་ཡིན་ཏེ། སླུ་བར་བྱེད་པ་ཡིན་ནོ་ཞེས་པའི་དོན་ཏོ། །རྩིས་མཁན་འགའ་ཞིག་མི་བླུན་པོའི་ཡུལ་ཁམས་འགའ་ཞིག་ཏུ་འོངས་ནས་སྐྱེས་བུ་མང་པོའི་མདུན་དུ་དོ་ནུབ་སྤྱང་ཀི་འོངས་ནས་

ཁྱེད་ཐམས་ཅད་ཟ་བར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་དེ་རྣམས་འཇིགས་ཤིང་སྐྲག་ནས་མཚན་མོ་ཁྱིམ་དོར་ནས་རི་ལ་སོང་ངོ་། །རྩིས་མཁན་དེས་ལམ་དུ་སྤྱང་ཀིའི་རྗེས་མང་པོ་བྱས་ནས་དེ་རྣམས་ཀྱི་ཁྱིམ་དུ་སོང་སྟེ་ནོར་རྣམས་བླངས་ནས་སྐྱེ་བོ་མང་པོ་དེ་རྣམས་བསླུས་པར་བྱས་སོ། །དེ་བཞིན་དུ་མང་

དུ་ཐོས་པའི་ཚིག་ཀྱང་སླུ་བར་བྱེད་པ་ཡིན་ནོ་ཞེས་པའོ། །དེས་ན་རྗེས་སུ་དཔག་པ་མེད་པ་ཉིད་ཁྱོད་ཀྱིས་ཁས་བླངས་པ་ཡིན་ནོ་ཞེས་པའོ། །དེས་ན་རྗེས་སུ་དཔག་པས་མངོན་སུམ་མ་ཡིན་པ་ཉིད་འགྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སོགས་པའི་སྒྲས་ནི། བཟང་མོ་མ་ཤིའི་བར་དུ་བདེ་བར་འཚོས། །

เล่ม ๑๐๔ · หน้า 221b

ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །ལུས་ནི་ཐལ་བ་བཞིན་སོང་ནས། །སླར་སྐྱེ་བར་ཡང་ག་ལ་འགྱུར། །ཞེས་བྱ་བ་བསྡུ་བར་བྱའོ། །ཐམས་ཅད་ལ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པའོ། །སྐུར་པ་འདེབས་པར་བྱེད་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་མེད་དོ་ཞེས་བྱ་བ་

ལ་སོགས་པའོ། །སུན་འབྱིན་པ་བཤད་ཟིན་པའི་ལམ་གྱི་རྗེས་སུ་འབྲངས་ཏེ་ཞེས་བྱ་བ་ནི་སྔར་ཇི་ལྟར་འཇིག་རྟེན་ཕ་རོལ་སྐུར་པ་འདེབས་པ་རྣམས་ལ་སྐྱོན་བརྗོད་པ་དེའི་རྗེས་སུ་འབྲངས་ནས་ཏེ། འདི་ལྟར་ཁྱོད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཡོད་པ་མ་ཡིན་ནོ་སྙམ་པའི་ངེས་པ་ནི་ག་ལས་ཡིན།

མངོན་སུམ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། མངོན་སུམ་མ་ཡིན་པ་ཉིད་ཀྱི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་མངོན་སུམ་མ་ཡིན་པ་ཉིད་ཅི་མངོན་སུམ་ཞིག་གམ། མངོན་སུམ་མ་ཡིན་པ་ཞིག་ཡིན་གྲང་ཞེས་བྱ་བ་ལ་སོགས་པ་སྔར་སུན་འབྱིན་བཤད་ཟིན་པའི་རྗེས་སུ་འབྲངས་ལ་སུན་འབྱིན་པ་ཁོང་དུ་ཆུད་

པར་བྱའོ་ཞེས་པའོ། །ད་ནི་འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པ་གང་འཇིག་རྟེན་ཕ་རོལ་མེད་དོ་སྙམ་པའི་ཤེས་པ་ཡོད་པ་དེ་ལོག་པའི་ཤེས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་ཞེས་བྱ་བ་ནི་སྐྱོན་གཞན་ཡང་བརྗོད་པར་བྱའོ། །ཡང་

དག་མ་ཡིན་པའི་ཞེས་བྱ་བའི་བཤད་པ་ནི་རྣམ་པ་དེ་ལྟ་བུ་གཞན་ཡང་མི་བདེན་པ་ཁོ་ན་ཡིན་པ་ཞེས་བྱའོ། །མཐོང་བའི་དངོས་པོ་ཕྱིན་ཅི་ལོག་ཏུ་རྟོག་པའི་ཞེས་བྱ་བ་ནི་འབྱུང་བ་རྣམས་རང་བཞིན་མེད་པ་ལ་རང་བཞིན་དང་བཅས་པར་བཟུང་བས་སོ། །འཇིག་རྟེན་ཕ་རོལ་ལ་སོགས་པ་མེད་པར་ཤེས་པ་

གཞན་ཡང་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་མེད་པར་ཤེས་པ་དང་སངས་རྒྱས་པ་མེད་པར་འདོད་པ་གང་ཡིན་པའོ། །འབྱུང་བ་དེ་དག་ཅེས་བྱ་བ་ལ་སོགས་པ་ལ། ས་ལ་སོགས་པའི་འབྱུང་བ་རྣམས་བདག་ཉིད་གང་ཞིག་གིས་ཏེ། རང་བཞིན་དང་བཅས་པ་ཉིད་ཀྱིས་ཁྱོད་ཀྱི་བློའི་ཡུལ་དུ་བྱུང་བ་དེ་རྣམས་

དེའི་བདག་ཉིད་དེ། རང་བཞིན་དང་བཅས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །དེ་ཉིད་དུ་ཞེས་བྱ་བ་ནི་འབྱུང་བ་རྣམས་ལའོ། །གང་ལ་ཞེས་བྱ་བ་ནི་སེམས་པ་འབྱུང་བ་ལས་གྱུར་པར་སྨྲ་བ་རྣམས་ལའོ། །ཡིད་ཀྱི་མུན་པ་མཐུག་པོ་ཞེས་བྱ་བ་ནི་མི་ཤེས་པ་ཤིན་ཏུ་ཤས་ཆེ་བའོ། །དེས་ན་འཇིག་རྟེན་ཕ་རོལ་

เล่ม ๑๐๔ · หน้า 222a

ཡང་དག་རྟོགས་པར་འགྱུར། །ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པ་དེས་འཇིག་རྟེན་ཕ་རོལ་ཡང་དག་པར་ཇི་ལྟར་རྟོགས་པར་འགྱུར་ཏེ་ཡིད་ཀྱི་མུན་པ་མཐུག་པོ་ཡོད་པས་ཁོང་དུ་ཆུད་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་འགྲེལ་པས་

བསྟན་པར་བྱ་བའི་ཕྱིར། ས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་ཞེས་བྱ་བ་ནི་རང་བཞིན་དང་བཅས་པ་གང་ཡིན་པའོ། །འདིས་ནི་འཇིག་རྟེན་ཕ་རོལ་མ་རྟོགས་པ་ཉིད་བསྟན་པ་ཡིན་ནོ། །ད་ནི་འཇིག་རྟེན་ཕ་རོལ་མེད་པ་ཉིད་དུ་རྟོགས་པ་དེ་ལོག་པར་ལྟ་བ་ཡིན་ནོ་ཞེས་བསྟན་

པར་བྱ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས། །ཞེས་བྱ་སྟེ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་མེད་པའི་མཚན་ཉིད་ཅན་གྱི་ཤེས་བྱའི་རང་བཞིན་ལ་ཕྱིན་ཅི་ལོག་ཏུ་ལྟ་བ་འཇིག་རྟེན་རྒྱང་འཕེན་པ་འདི་ལ་ཡོད་པས་

ན་ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བ་ཞེས་བྱ་སྟེ། འཇིག་རྟེན་ཕ་རོལ་མེད་པའི་ཕྱིན་ཅི་ལོག་གི་ཤེས་པ་ཅན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བདག་ཉིད་ཅེས་བྱ་བ་ནི་སེམས་པ་འབྱུང་བ་ལས་གྱུར་པར་སྨྲ་བའི་རང་གི་བདག་ཉིད་དོ། །འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་

ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ཡོད་པ་མ་ཡིན་ནོ་ཞེས་འཇིག་རྟེན་ཕ་རོལ་མེད་པར་སྒྲུབ་པར་བྱེད་པའི་དུས་སུའོ། །འདིའི་དོན་ནི་འཇིག་རྟེན་རྒྱང་འཕེན་པའི་བདག་ཉིད་ཆོས་ཅན་ཡིན་ལ། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བ་དང་ལྡན་

པར་རྟོགས་པར་བྱ་སྟེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །གཏན་ཚིགས་ནི། དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་རྒྱང་འཕེན་པ་དེའི་འཇིག་རྟེན་ཕ་རོལ་མེད་དོ། །འཇིག་རྟེན་ན་སངས་རྒྱས་མེད་དོ་སྙམ་པའི་ལྟ་བའི་

རྣམ་པ་དེའི་རྟེན་མཚུངས་པ་དེ་ཡང་དག་པའི་ལྟ་བ་ལ་སོགས་པའི་རྟེན་དུ་མ་གྱུར་པ་ལོག་པའི་ལྟ་བ་དང་ལྡན་པ་ཉིད་ཡིན་ཏེ། རྒྱུ་གང་ཡིན་པ་དེ་ཉིད་ཡུལ་ཡིན་པ་དེ་དང་ལྡན་པའི་ཕྱིར་རོ། །དེ་ལ་དཔེ་བསྟན་པར་བྱ་བའི་ཕྱིར། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་

เล่ม ๑๐๔ · หน้า 222b

ས་ལ་སོགས་པའི་མཚན་ཉིད་ཅན་གྱི་འབྱུང་བ་རྣམས་ཀྱི་བདག་ཉིད་ཡོད་པ་ཉིད་ཁས་ལེན་པ་དེའི་ཚེ་བཞིན་དུ་སྟེ། ཅི་ལྟར་དེའི་ཚེ་དེའི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པ་ལུས་དང་ལྡན་པ་ཉིད་དང་ཕྱིན་ཅི་ལོག་ཏུ་ལྟ་བ་ཡོད་པ་དེ་བཞིན་དུ་འདིར་ཡང་ངོ་། །འདིའི་དོན་ནི་འབྱུང་བའི་རང་བཞིན་རྟོགས་

པའི་གནས་སྐབས་ན་ལོག་པར་ལྟ་བའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་དང་། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་རྣམས་ཀྱི་རང་བཞིན་མ་གྲུབ་པས་རང་བཞིན་ཡོད་པ་ཉིད་དུ་སྣང་བའི་ཕྱིར་ཕྱིན་ཅི་ལོག་གི་ཤེས་པ་ཡང་ཡོད་པ་ཉིད་ཡིན་ལ།

དེ་བཞིན་དུ་འཇིག་རྟེན་ཕ་རོལ་འགེགས་པ་རྟོགས་པའི་གནས་སྐབས་ན་ཡང་དེའི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་ཀྱི་ཕྱིར་ཕྱིན་ཅི་ལོག་གི་ཤེས་པ་ཡང་ཡོད་པར་འགྱུར་བ་ཡིན་ན་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། མཚུངས་པ་ནི་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། མཚུངས་པ་ནི་མཉམ་པ་སྟེ་འདྲ་བ་ཞེས་པའི་དོན་ཏོ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་སྟོན་པ་སྟེ། ཡང་དག་པའི་ལྟ་བ་དང་ཐེ་ཚོམ་གྱི་རྟེན་མ་ཡིན་ཞིང་ལོག་པར་ལྟ་བ་དང་ལྡན་པ་ཡིན་ནོ་ཞེས་པའོ། །རྟེན་གྱི་ཚིག་གི་དོན་སྟོན་པ་ནི། རྟེན་ནི་གནས་པའི་རྒྱུའོ་ཞེས་བྱ་བ་

ལ་གནས་ཡིན་ཏེ་དེའི་སྟོབས་ཀྱིས་གནས་པས་སོ། །ལུས་ཀྱི་ཚིག་གི་དོན་སྟོན་པ་ནི། ལུས་ནི་ཁོག་པའོ་ཞེས་སྨོས་སོ། །དེའི་ལྟ་བའི་རྣམ་པའི་ཚིག་བསྡུ་བ་སྟོན་པ་ནི་དེའི་ཞེས་བྱ་བ་ལ་སོགས་པའོ། །རྟེན་མཚུངས་ལུས་དང་ཞེས་བྱ་བའི་ཚིག་བསྡུ་བ་སྟོན་པ་ནི། བསྟན་པ་ཡང་ཞེས་བྱ་

བ་ལ་སོགས་པ་གསུངས་ཏེ། ཁྱད་པར་གྱི་ཚིག་བསྡུ་བའོ་ཞེས་བྱ་བ་ནི་རྟེན་དང་མཚུངས་པའི་ཚིག་དག་ལུས་ཀྱི་ཚིག་གི་ཁྱད་པར་ཡིན་ནོ་ཞེས་པའོ། །དེའི་ལྟ་བའི་རྣམ་པ་དང་རྟེན་མཚུངས་ལུས་ཞེས་བྱ་བའི་ཚིག་དག་གི་བསྡུ་བ་སྟོན་པ་ནི་རྟེན་དུ་མཚུངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །

ལྡན་པའི་ཚིག་གི་དོན་སྟོན་པ་ནི། དེ་འདི་ལ་ཡོད་པས་ན་མ་བཏུབ་ཀྱི་རྐྱེན་ནོ་ཞེས་བྱ། མ་བཏུབ་ཅེས་བྱ་བ་ནི་ལྡན་པ་ཡིན་ནོ་ཞེས་པའོ། །དེའི་དངོས་པོ་ནི་ཞེས་བྱ་བ་ནི་དེའི་དོན་ཏེ་བསྡུས་པའི་དོན་གང་ཡིན་པ་དེ་ཉིད་དོ། །སྔར་མཚུངས་པའི་སྒྲའི་རྣམ་གྲངས་བསྟན་ནས། ད་ནི་དོན་བཤད་པར་བྱ་

เล่ม ๑๐๔ · หน้า 223a

བའི་ཕྱིར། རྟེན་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟེན་དེ་ནི་ཞེས་བྱ་བ་ནི་ལུས་སོ། །ཐེ་ཚོམ་གྱི་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ཡོད་དམ་མེད་སྙམ་པའོ། །རྟེན་ཉིད་དུ་ཞེས་བྱ་བ་ནི་རྒྱུ་ཉིད་དུའོ། །རྟེན་དུ་མཚུངས་པ་ཉིད་དུ་འགྱུར་བས་ཞེས་བྱ་བ་ནི་ལུས་མཚུངས་པ་ཉིད་དུ་འགྱུར་བས་སོ། །དཔེ་

དང་དོན་གྱི་གནས་སྐབས་ཐ་དད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཞེས་བྱ་བ་ནི་སེམས་པ་འབྱུང་བ་ལས་གྱུར་པའོ། །གནས་སྐབས་གཉིས་སྟོན་པ་ནི་གཅིག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་གཅིག་ནི་ཕྱོགས་སུ་བྱས་

པ་ཉིད་ཀྱིས་ན་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པའི་གནས་སྐབས་ཕྱོགས་སུ་བྱས་པ་ཉིད་ཀྱིས་སོ། །དེ་ཚེ་བཞིན་ཞེས་བྱ་བའི་ཚིག་གི་དོན་སྟོན་པ་ནི། གནས་སྐབས་དེར་ཡང་ཞེས་བྱ་བ་གསུངས་ཏེ། དེར་ཡང་ཞེས་བྱ་བ་ནི་འབྱུང་བའི་བདག་ཉིད་ཅན་གྱི་ཡོད་པ་ཉིད་དུ་

ཁས་ལེན་པའི་དུས་ནའོ། །དེ་ལ་གཞན་གྱི་ཕྱོགས་སྔ་མ་འགོད་པ་ནི། ཅི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བདག་ཉིད་ཅེས་བྱ་བ་ནི་སེམས་པ་འབྱུང་བ་ལས་གྱུར་པ་ནི་བདག་ཉིད་ཅན་ནོ། །དཔེ་བསྒྲུབ་བྱས་སྟོང་པ་ཡིན་ནོ། །ཞེས་བྱ་བ་ནི་འབྱུང་བའི་བདག་ཉིད་ཅན་གྱི་ཡོད་པ་ཉིད་མཐོང་

བའི་དུས་ན་ཕྱིན་ཅི་ལོག་ཏུ་མཐོང་བ་མེད་པས་སོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་མཐོང་བ་ཡོད་པ་མ་ཡིན་ནོ་ཞེས་པའོ། །ཡང་སེམས་ལས་འབྱུང་བ་ལས་གྱུར་པ་རྣམས་ཀྱིས་སྨྲ་བ་ནི་

འབྱུང་བ་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ལན་སྟོན་པ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒྲུབས་ཟིན་པ་ཉིད་སྟོན་པ་ནི་འབྱུང་བ་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤད་ཟིན་པ་ཉིད་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ན་ཞེས་བྱ་བ་ལ་སོགས་

པ་གསུངས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དངོས་པོ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱོན་འདི་ཐམས་ཅད་ལ་སྦྱར་བར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་མཁྱེན་པ་ལ་སྐུར་པ་འདེབས་པ་དང་ཞེས་བྱ་བ་ནི་ཐམས་

เล่ม ๑๐๔ · หน้า 223b

ཅད་མཁྱེན་པ་ཉིད་ཡོད་པ་མ་ཡིན་ནོ་ཞེས་སྐུར་པ་འདེབས་པར་བྱེད་པའོ། །དངོས་པོ་ཡོད་པ་ཉིད་དུ་སྨྲ་བ་དང་ཞེས་བྱ་བ་ནི་དངོས་པོ་ཡོད་པ་ཉིད་ཡིན་ཞེས་སྨྲ་བ་གང་ཡིན་པའོ། །དངོས་པོ་མེད་པ་ཉིད་སྨྲ་བ་དང་ཞེས་བྱ་བ་ནི་ཕྱི་རོལ་གྱི་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་སྨྲ་བ་སྟེ། སེམས་ཙམ་དུ་སྨྲ་བ་རྣམས་

སོ། །དབང་ཕྱུག་དང་ཞེས་བྱ་བ་ནི་དབང་ཕྱུག་འགྲོ་བའི་བྱེད་པ་པོར་སྨྲ་བ་རྣམས་སོ། །དུས་དང་ཞེས་བྱ་བ་ནི་དུས་ཀྱི་ཁྱད་པར་ལས་དངོས་པོ་རྣམས་སྐྱེ་བ་ཡིན་ནོ་ཞེས་དུས་སུ་སྨྲ་བའོ། །རྡུལ་དང་ཞེས་བྱ་བ་ནི་རྡུལ་གཉིས་ལ་སོགས་པའི་རིམ་པས་བུམ་པ་ལ་སོགས་པའི་འབྲས་བུ་རྣམས་སྐྱེ་བ་ཡིན་ནོ་

ཞེས་སྨྲ་བའོ། །རང་བཞིན་དང་ཞེས་བྱ་བ་ནི་སྙིང་སྟོབས་དང་། རྡུལ་དང་། མུན་པའི་རང་བཞིན་ཅན་གྱི་རང་བཞིན་ལས་འབྲས་བུ་རྣམས་སྐྱེ་བ་ཡིན་ནོ་ཞེས་སྨྲ་བ་ནི་རང་བཞིན་སྨྲ་བའོ། །ངོ་བོ་ཉིད་སྨྲ་བ་ནི་ཞེས་བྱ་བ་ནི་ངོ་བོ་ཉིད་ལས་འགྲོ་བ་ཐམས་ཅད་སྐྱེ་བ་ཡིན་ནོ་ཞེས་ངོ་བོ་ཉིད་སྨྲ་བའོ། །དེ་དག་

ལས་གཞན་པ་ཞེས་བྱ་བ་ནི་བདག་ལ་སོགས་པ་སྨྲ་བ་རྣམས་སོ། །རང་གི་ཇི་ལྟ་བ་ཡིན་པ་སྨྲ་བ་ན་ཞེས་བྱ་བ་ནི་འབྱུང་བའི་བདག་ཉིད་ཡོད་པ་ཉིད་དུ་ཁས་ལེན་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ལ་སྐུར་པ་འདེབས་པ་དང་། དངོས་པོ་ཡོད་པ་ཉིད་ལ་སོགས་པའི་ཤེས་པ་ལ་ཡང་རྟོགས་པ་ཕྱིན་ཅི་

ལོག་སྦྱར་བར་བྱའོ། །རྟོགས་པ་ཕྱིན་ཅི་ལོག་ཏུ་སྦྱོར་བ་ལ་ཕྱོགས་ཙམ་ཞིག་བསྟན་པར་བྱ་བའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བ་རྟོགས་བྱ་སྟེ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་སྐུར་པ་འདེབས་པ་གང་ཡིན་པ་དེ་ནི་

ཤེས་བྱའི་རང་བཞིན་ཡིན་ལ། དེ་ལོག་པའི་ཤེས་པ་དང་ལྡན་པའི་བདག་ཉིད་དུ་ཤེས་པར་གྱིས་ཞེས་པའོ། །དེའི་ལྟ་བའི་རྣམ་པའི་རྟེན་དང་མཚུངས་པའི་ལུས་དང་ལྡན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་སྐུར་པ་འདེབས་པའི་ལྟ་བའི་རྣམ་པའི་རྟེན་དང་མཚུངས་པའི་ལུས་དང་

ལྡན་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །དེ་ལྟར་དཔེ་བསྟན་པར་བྱ་བའི་ཕྱིར། གང་ཚེ་འབྱུང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཚེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་འབྱུང་བའི་བདག་ཉིད་ཡོད་པ་ཉིད་དུ་ཁས་ལེན་པའི་ཚེ་དེའི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་ཡོད་པའི་

เล่ม ๑๐๔ · หน้า 224a

ལུས་དང་ལྡན་པ་ཉིད་ཡོད་པ་དང་། ཕྱིན་ཅི་ལོག་གི་ཤེས་པའི་བདག་ཉིད་ཡོད་པ་དེ་བཞིན་དུའོ། །ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། དངོས་པོ་སྒྲུབ་པར་བྱེད་པའི་དུས་སུ་བདག་ཉིད་ནི། །དེ་ཡི་ལྟ་བའི་རྣམ་

པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་འབྱུང་བའི་བདག་ཉིད་ཁས་ལེན་དེ་ཚེ་བཞིན། །ཞེས་བྱ་བ་དང་། ཕ་རོལ་བདག་ཉིད་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་

ལྡན་ཉིད་ཕྱིར། །རྣམ་པར་ཤེས་པའི་བདག་ཉིད་ཡོད་ཉིད་དེ་ཚེ་ཁས་ལེན་བཞིན། །ཞེས་བྱ་བ་དང་། དེ་བཞིན་དུ་དབང་ཕྱུག་ལ་སོགས་པ་ལ་ཡང་དབང་ཕྱུག་སྒྲུབ་པར་བྱེད་པའི་དུས་སུ་བདག་ཉིད་ནི་ཞེས་བྱ་བ་ལ་སོགས་པ་ཡང་སྦྱར་བར་བྱའོ། །གལ་ཏེ་ཁྱེད་ཅག་ལ་ཡང་རྩོད་པ་འདི་མཚུངས་

པ་ཡིན་ཏེ། འདི་ལྟར་གང་གི་ཚེ་ཁྱོད་ཀྱིས་སེམས་ཙམ་འགོག་པར་བྱེད་པ་དེའི་ཚེ་ན་དེའི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར་ཞེས་བྱ་བ་འདིས་ཁྱོད་ལ་ཕྱིན་ཅི་ལོག་གི་ཤེས་པ་དང་ལྡན་པར་བསྒྲུབ་པར་བྱ་སྟེ། ཁྱོད་ཀྱིས་སེམས་ཙམ་འགོག་པའི་དུས་སུ་སེམས་པ་ལ་གྲུབ་པའི་

གཟུགས་མེད་པ་ཁས་བླངས་པའི་ལུས་ཀྱི་གནས་སྐབས་དཔེར་བརྗོད་པ་ཡིན་ལ། དེའི་ཚེ་དབུ་མ་པ་ཁྱོད་ལ་རྣམ་པར་ཤེས་པ་ལ་སྐུར་པ་འདེབས་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་དང་ཕྱིན་ཅི་ལོག་གི་ཤེས་པ་ཡང་ཡོད་པ་ཡིན་ཏེ། གང་གི་ཕྱིར་གལ་ཏེ་དངོས་པོ་འགའ་ཞིག་ཡོད་པར་

གྱུར་ན་དེ་ལ་ལྟོས་པ་མེད་པ་ཉིད་དུ་འགྱུར་བ་ཡིན་ལ། གང་གི་ཚེ་ཡོད་པ་ཉིད་མེད་པས་མེད་པ་ཉིད་མེད་པ་དེའི་ཚེ་གཟུགས་མེད་པར་ཁས་ལེན་པའི་དུས་སུ་ཕྱིན་ཅི་ལོག་གི་ཤེས་པ་ཡོད་པ་ཡིན་ནོ། །དེས་ན་སེམས་ཙམ་པ་ལ་སྐུར་པ་འདེབས་པའི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་

ཉིད་ཡོད་པའི་ཕྱིར། ཕྱིན་ཅི་ལོག་གི་ཤེས་པ་ཡང་ཡོད་པས་ཁྱོད་ལ་ཡང་ཐལ་བར་འགྱུར་བ་འདི་མཚུངས་སོ་སྙམ་པའི་དོགས་པ་བསུ་ནས་ལན་འདེབས་པ་ནི། ཡོད་པ་དང་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་སྐབས་འགར་ཡང་ཞེས་བྱ་བ་ནི་སེམས་ཙམ་འགོག་པའི་

เล่ม ๑๐๔ · หน้า 224b

གནས་སྐབས་ནའོ། །མི་འདོད་པ་ཐོབ་པ་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་ཤེས་པ་ཐོབ་པ་མེད་པའོ། །འདིའི་དོན་ནི་གལ་ཏེ་ཁོ་བོ་ཅག་གིས་འགའ་ཞིག་མེད་པ་ཉིད་དུ་སྒྲུབ་པར་བྱེད་ན་ནི་དེའི་ཚེ་ཁོ་བོ་ཅག་ལ་ཕྱིན་ཅི་ལོག་གི་ཤེས་པར་ཐལ་བའི་སྐྱོན་འབྱུང་བ་ཡིན་ལ། འོན་ཀྱང་གདོད་

ནས་སྐྱེ་བ་མེད་པ་ཉིད་ཀྱིས་ཕྱོགས་གང་ཡང་ཁས་མི་ལེན་པའི་ཕྱིར། མི་འདོད་པ་འཐོབ་པ་མ་ཡིན་ནོ་ཞེས་པའོ། །ཚིགས་སུ་བཅད་པ་འདིས་གཞན་གྱི་ཕྱོགས་ཐམས་ཅད་མ་ལུས་པར་གསལ་བར་ངེས་པར་བྱའོ་ཞེས་མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་མཁས་པ་ཞེས་བྱ་བ་

ལ་སོགས་པ་གསུངས་ཏེ། ཡོངས་སུ་སྒྱུར་ལ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་འགོག་པའི་དུས་སུ་ཞེས་བྱ་བ་ལ་སོགས་པ་མིང་ཡོངས་སུ་བསྒྱུར་བའོ། །གཞན་གྱི་ཕྱོགས་བཀག་པའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། རྟོག་པའི་དྲ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྲིད་དུ་དངོས་པོ་

ལ་མངོན་པར་ཞེན་པ་ཡོད་པ་དེ་སྲིད་དུ་རྟོག་པ་རྣམས་འཇུག་པ་ཡིན་ལ། གང་གི་ཚེ་དངོས་པོ་རྣམས་མ་གྲུབ་པ་དེའི་ཚེ་ན་རྟོག་པ་རྣམས་ལོག་པ་ལས་ཐར་པ་ཐོབ་པར་འགྱུར་བ་ཡིན་ནོ་ཞེས་པའོ། །དེ་ལ་གཞན་དག་ན་རེ་གལ་ཏེ་གདོད་མ་ནས་སྐྱེ་བ་མེད་པ་ཡིན་པས་ཡོད་པ་དང་མེད་པ་ཉིད་མ་གྲུབ་པའི་ཕྱིར་

མེད་པ་ཉིད་སྒྲུབ་པར་མི་བྱེད་ཀྱང་གདོད་མ་ནས་སྐྱེ་བ་མེད་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ན། གདོད་མ་ནས་སྐྱེ་བ་མེད་པར་སྒྲུབ་པར་བྱེད་ན་ནི་གང་དུ་སྐྱེ་བ་མེད་པར་གྲུབ་པའི་དཔེ་འགའ་ཞིག་ངེས་པར་བརྗོད་དགོས་ལ། དཔེ་དེ་ལ་གདོད་མ་ནས་སྐྱེ་བ་མེད་པའི་ཤེས་པ་ནི་ལོག་པའི་ཤེས་པ་ཁོ་ན་ཡིན་ཏེ།

སྐྱེ་བ་མ་གྲུབ་པའི་ཕྱིར་སྐྱེ་བ་མེད་པ་ཡང་མ་གྲུབ་པའི་ཕྱིར་རོ། །དེས་ན་དེའི་ཁས་ལེན་པའི་དུས་སུ་དེའི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་དང་། ཕྱིན་ཅི་ལོག་གི་ཤེས་པ་ཡང་ཡོད་པས་གང་དུ་གདོད་མ་ནས་སྐྱེ་བ་མེད་པར་སྒྲུབ་པར་བྱེད་པ་དེར་ཕྱིན་ཅི་ལོག་གི་ཤེས་པར་ཐལ་བར་འགྱུར་

རོ་སྙམ་དུ་བསམས་ནས། ཅི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་ཞེས་བྱ་བ་ནི་ཐལ་བར་འགྱུར་བ་མཚུངས་པ་ཉིད་དོ། །ཅིའི་ཕྱིར་ཡོད་པ་མ་ཡིན་ཞེ་ན། དེ་ལ་ལན་ནི། ཁོ་བོ་ཅག་ཅེས་བྱ་བ་ལ་

เล่ม ๑๐๔ · หน้า 225a

སོགས་པ་གསུངས་ཏེ། ཅི་ལྟར་སེམས་པ་འབྱུང་བ་ལས་གྱུར་པར་སྨྲ་བ་རྣམས་ལ་ཕྱིན་ཅི་ལོག་པར་བསྒྲུབ་པ་ལ་དཔེ་ཡོད་པ་དེ་བཞིན་དུ་དབུ་མ་པས་སྐྱེ་བ་དང་སྐྱེ་བ་མེད་པ་དང་ཡོད་པ་དང་མེད་པ་ཉིད་ལ་སོགས་པ་ཁས་མི་ལེན་པའི་ཕྱིར་ཕྱིན་ཅི་ལོག་པར་བསྒྲུབ་པ་ལ་དཔེ་

ཡོད་པ་མ་ཡིན་ལ། གང་དཔེ་དང་བསྒྲུབ་པར་བྱ་བའི་ཆོས་དག་ལ་གདོད་མ་ནས་སྐྱེ་བ་མེད་པར་བརྗོད་པ་དེ་ནི་གཞན་ལ་གྲགས་པའི་བསྒྲུབ་པར་བྱ་བའི་ཆོས་ཅན་དང་དཔེའི་ཆོས་ཅན་དང་སྐྱེ་བ་ལ་བརྟེན་ནས་བརྗོད་པ་ཡིན་པས་སྐྱོན་ཡོད་པ་མ་ཡིན་ནོ་ཞེས་པའོ། །ཁོ་བོ་ཅག་ལ་སྐྱོན་དེ་མི་མཚུངས་པ་འབའ་

ཞིག་ཏུ་མ་ཟད་ཀྱི་ཡོན་ཏན་ཡང་ཡོད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གཞན་རྟོགས་ཡོད་པ་ཉིད་དུ་རྟོགས་པའི་དུས་སུ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་དུ་རྟོགས་པའི་སེམས་ཅན་རྣམས་ཡོད་པ་ཉིད་དུ་ཁོང་དུ་ཆུད་པའི་དུས་སུའོ། །

བདག་ཅེས་བྱ་བ་ནི་དབུ་མ་པའི་བདག་ཉིད་དོ། །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་པ་སྟེ་ཞེས་བྱ་བ་ནི་འཇིག་རྟེན་གཞན་དུ་རྟོགས་པའི་སེམས་ཅན་ཡོད་པ་ཉིད་ནི་ཤེས་བྱ་ཡིན་ལ། དེའི་རང་བཞིན་ངོ་བོ་སྟེ། དེའི་དམ་པའི་དོན་དུ་ལྟ་བ་ནི་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་སྟེ། གཞན་

གྱིས་དེ་ལྟར་ཤེས་པར་གྱིས་ཤིག་ཅེས་པའོ། །བདག་གི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་པ་ཉིད་ཕྱིར་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ཡོད་པར་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་དཔེ་སྟོན་པ་ནི། གང་གི་ཚེ་ནི་བདག་མེད་པར་རྟོགས་པར་ཁས་ལེན་དེ་ཚེ་

བཞིན་ཞེས་བྱ་བ་གསུངས་ཏེ། ཅི་ལྟར་བདག་མེད་ཁོང་དུ་ཆུད་པའི་དུས་ན་བདག་གི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་དང་། ཕྱིན་ཅི་མ་ལོག་པར་ལྟ་བ་ཡང་ཡོད་པ་དེ་བཞིན་དུ་འདིར་ཡང་བདག་གི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་དང་། ཕྱིན་ཅི་མ་ལོག་པར་

ལྟ་བ་ཉིད་ཀྱང་ཡོད་པ་ཡིན་ནོ་ཞེས་པའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ཡོད་པ་ལ་ཡང་སྦྱར་བར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ན་ཐམས་ཅད་མཁྱེན་པ་ཡོད་ཅེས་རྟོགས་པའི་དུས་སུ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཡོད་པ་ཡིན་ནོ་ཞེས་ཁོང་དུ་ཆུད་

เล่ม ๑๐๔ · หน้า 225b

པའི་དུས་སུའོ། །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བ་རྟོགས་བྱ་སྟེ། །ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཡོད་པ་ཉིད་དུ་ཕྱིན་ཅི་མ་ལོག་པར་མཐོང་བའོ། །གཏན་ཚིགས་དང་དཔེ་དག་ནི་དེ་ཁོ་ནའོ་ཞེས་བྱ་བ་ནི། བདག་གི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །ཞེས་བྱ་བ་

ནི་གཏན་ཚིགས་ཡིན་ཏེ། གང་གི་ཚེ། བདག་མེད་རྟོགས་པར་ཁས་ལེན་དེ་ཚེ་བཞིན། །ཞེས་བྱ་བ་ནི་དཔེའོ། །ཐམས་ཅད་མཁྱེན་པ་ཉིད་ཡོད་པ་ཡིན་ནོ་སྙམ་པའི་ལྟ་བའི་རྣམ་པའི་རྟེན་མཚུངས་པའི་ལུས་དང་ལྡན་པའི་ཕྱིར་ཞེས་པའོ། །གཞན་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་དངོས་

པོ་ཐམས་ཅད་ངེས་པ་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པ་འགེགས་པའི་དུས་སུ་ཡང་དེ་བཞིན་དུ་གཏན་ཚིགས་དང་དཔེ་ལ་སོགས་པ་སྦྱར་བར་བྱའོ་ཞེས་པའོ། །དེའི་ཕྱིར་ཚུལ་འདིས་ནི་ཞེས་བྱ་བ་ནི་སྔར་བསྟན་པའི་ཚུལ་གྱིས་སོ། །གཞན་གྱི་ཕྱོགས་སྔ་མ་འགོད་པ་ནི།

འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོ་ན་ཅི་ལྟར་སྐྱེ་ཞེས་བྱ་བ་ནི་སྐྱེ་བ་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། བཤད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམིགས་པར་འགྱུར་བ་ཞིག་གམ་ཞེས་བྱ་བ་ནི་དེ་ལ་སྐྱེ་བར་འགྱུར་བ་

དམིགས་པར་འགྱུར་བ་ཡིན་ནོ་ཞེས་པའོ། །སྐྱེ་བའི་རྣམ་པར་རྟོག་པ་གཞན་མི་སྲིད་པའི་ཕྱིར་ཞེས་བྱ་བ་ནི་བདག་དང་། གཞན་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་རྣམ་པར་རྟོག་པ་དོར་བའི་སྐྱེ་བའི་རྣམ་པར་རྟོག་པ་གཞན་མི་སྲིད་པའོ། །གལ་ཏེ་དབང་ཕྱུག་ལ་སོགས་པ་ལ་

སྐྱེའམ་སྙམ་པའི་རྣམ་པར་རྟོག་པ་ལྔ་པ་ཡོད་པ་ཡིན་ནོ་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་བདག་དང་གཞན་དང་གཉིས་ཀའི་ཕྱོགས་ཀྱི་ཁོངས་སུ་འདུས་པ་ཡིན་ནོ་ཞེས་པའོ། །བཤད་ཟིན་པའི་སྐྱོན་ལས་མི་འདའ་སྟེ་ཞེས་བྱ་བ་ནི་

བདག་དང་གཞན་དང་གཉིས་ཀའི་ཕྱོགས་ལ་བརྗོད་པའི་སྐྱོན་ལས་མི་འདའ་བའོ། །རྣམ་པར་རྟོག་པ་ལྔ་མེད་པས་སོ། །རྣམ་པར་རྟོག་པ་བཞིས་ཞེས་བྱ་བ་ནི་བདག་དང་གཞན་དང་གཉིས་ཀའི་དང་རྒྱུ་མེད་པའི་རྣམ་པར་རྟོག་པ་སྟེ་བཞིས་སོ། །གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཕྱིར་དངོས་

เล่ม ๑๐๔ · หน้า 226a

པོ་རྣམས་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་ལ་མ་ལྟོས་པ་སྐྱེ་བ་མེད་པ་དེའི་ཕྱིར་དངོས་པོ་རྣམས་རང་བཞིན་དང་བྲལ་བའོ། །དེའི་ཕྱིར་རང་བཞིན་ནི་སྐྱེ་བ་ཡོད་པ་མ་ཡིན་ནོ་ཞེས་པའོ། །དེ་ལ་གཞན་དག་གི་ཕྱོགས་སྔ་མ་སྔ་མ་འགོད་པ་ནི། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་

པ་གསུངས་ཏེ། མ་སྐྱེས་པ་ཞེས་བྱ་བ་ནི་རང་བཞིན་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། བཤད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱོད་ཀྱིས་གང་སྔོན་པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་འཛིན་པ་ཉིད་དུ་བསྟན་པ་དེ་ནི་མ་ཡིན་ཏེ་གང་གི་ཕྱིར་སྔོན་པོ་ལ་སོགས་པ་

རྣམས་ཀྱི་བཅོས་མ་མ་ཡིན་པ་དང་། གཞན་ལ་མི་ལྟོས་པའི་རང་བཞིན་དེ་ནི་སུས་ཀྱང་གཟུང་བར་འོས་པ་མ་ཡིན་ཏེ། དེ་ནི་འཕགས་པའི་སྐྱེ་བོ་རྣམས་ཀྱི་སོ་སོར་རང་རང་གིས་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། སྔོན་པོ་ལ་སོགས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་

གསུངས་སོ། །འདིའི་དོན་ནི་གལ་ཏེ་སྔོན་པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་ཡུལ་ཉིད་དུ་གྱུར་པ་ཡིན་ན་དེའི་ཚེ་དེ་རྣམས་ཀྱི་རང་བཞིན་འཛིན་པ་ཡིན་ལ། མ་རིག་པའི་མུན་པ་ཡོད་པའི་ཕྱིར་རང་བཞིན་ཡུལ་ཉིད་དུ་མི་འགྱུར་བས་གཟུང་བ་མ་ཡིན་ནོ་ཞེས་པའོ། །དེ་ལ་གཞན་གྱི་ཕྱོགས་སྔ་མ་སྟོན་པ་

ནི། གལ་ཏེ་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདུན་ན་སྣང་བར་མཐོང་བ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའོ། །ཅི་ཞིག་ཏུ་འགྱུར་བར་འོས་ཤེ་ན་ཞེས་བྱ་བ་ནི་གལ་ཏེ་རང་བཞིན་མ་ཡིན་ན་ཅི་ཞིག་ཡིན་ཞེས་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། བཤད་པ་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་མདུན་ན་སྣང་བའི་སྔོན་པོ་ལ་སོགས་པའོ། །རང་བཞིན་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་བཅོས་མ་མ་ཡིན་པ་ཉིད་ལ་སོགས་པ་མེད་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཉིད་ཀྱིས་ན་ཞེས་བྱ་བ་ནི་སྔོན་པོ་ལ་རང་བཞིན་མེད་པ་ལ་རང་བཞིན་ཡོད་པ་ཉིད་དུ་སྣང་བས་སོ། །

དེ་ལ་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། མ་རིག་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་དེར་ཞེས་བྱ་བ་ནི་རང་བཞིན་ཡོད་པར་རོ། །མ་རིག་པ་དང་བྲལ་བས་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱིས་སོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ལ། སྤྲིན་ཚོགས་དང་མཚུངས་

เล่ม ๑๐๔ · หน้า 226b

གཏི་མུག་སྟུག་པོ་ཞེས་བྱ་བ་ནི་དཔེར་ན་སྤྲིན་གྱི་ཚོགས་ཤིན་ཏུ་སྟུག་པོ་ཡོད་ན་ཅུང་ཟད་ཀྱང་མཐོང་བ་མ་ཡིན་པ་དེ་བཞིན་དུ་མ་རིག་པའི་མུན་པའི་ཚོགས་ཡོད་པར་གྱུར་ན་བྱིས་པ་རྣམས་ཀྱིས་དངོས་པོའི་རང་བཞིན་མཐོང་བ་མ་ཡིན་ནོ་ཞེས་པའོ། །ལོག་པ་དག་ཏུ་སྣང་བར་འགྱུར་ཏེ་ཞེས་བྱ་བ་

ནི་རང་བཞིན་ཡོད་པ་ཉིད་དུའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། སྤྲིན་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་ཞེན་པའི་གནས་སུ་གྱུར་པ་ཞེས་བྱ་བ་ནི་ཆགས་པའི་གནས་སུ་གྱུར་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ལན་ནི་འདི་བདེན་པར་མངོན་པར་ཞེན་པ་

རྣམས་ལ་ཞེས་བྱ་བ་སྨོས་ཏེ། གང་མདུན་ན་སྣང་བའི་སྔོན་པོ་ལ་སོགས་པ་འདི་རྣམས་ནི་བདེན་པ་ཡིན་ནོ་སྙམ་དུ་མངོན་པར་ཞེན་པས་སོ། །དེ་ལ་གཞན་དག་གིས་བརྗོད་པ་ནི། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་དོན་ནི་མུན་ནག་ཡོད་པར་གྱུར་ན་དངོས་པོ་རྣམས་མི་མཐོང་

བར་འགྱུར་ལ། རང་བཞིན་ཕྱིན་ཅི་ལོག་ཏུ་མཐོང་བ་ནི་མ་ཡིན་ལ། དེ་བཞིན་དུ་འདིར་ཡང་སྔོན་པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་མི་མཐོང་བ་ནི་འགྱུར་ལ་རག་ན་རང་བཞིན་ཕྱིན་ཅི་ལོག་ཏུ་མཐོང་བ་མ་ཡིན་ནོ་ཞེས་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། ཕྱི་རོལ་གྱི་དཔེའི་སྒོ་ནས་ཞེས་བྱ་བ་ནི་སྐྲ་ཤད་ལ་སོགས་པའི་མཚན་ཉིད་ཅན་ནོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགའ་ཞིག་ཅེས་བྱ་བ་ནི་རབ་རིབ་ཅན་ནོ། །ལོག་པར་འཛིན་པར་བྱེད་པ་ཞེས་བྱ་བ་ནི་ཕྱིས་ཀྱི་དུས་

ཀྱི་བློ་ལ་ལྟོས་ནས་སོ། །སོགས་པའི་སྒྲས་ནི་སྦྲང་བུ་མཆུ་རིངས་ལ་སོགས་པ་བསྡུ་བར་བྱའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་རབ་རིབ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔེ་བསྟན་ནས་དོན་ལ་སྦྱར་བར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་

ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་རབ་རིབ་ཅན་བཞིན་དུའོ། །འདིའི་དོན་ནི་ཅི་ལྟར་རབ་རིབ་ཅན་ལ་རབ་རིབ་ཀྱི་མཐུས་མ་སྐྱེས་པའི་སྐྲ་ཤད་ལ་སོགས་པ་མཐོང་བ་དེ་བཞིན་དུ་འགྲོ་བ་རྣམས་ཀྱང་གཏི་མུག་གི་སྟོབས་ཀྱིས་ཁམས་དང་འགྲོ་བ་དང་སྐྱེ་གནས་ལ་སོགས་པའི་དབྱེ་བས་ཐ་དད་པའི་འདུས་བྱས་

เล่ม ๑๐๔ · หน้า 227a

རྣམས་མཐོང་བར་འགྱུར་རོ། །མ་རིག་པའི་སྟོབས་ཀྱིས་ཕྱིན་ཅི་ལོག་ཏུ་སྣང་བ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནི་མ་རིག་པའི་རྒྱུ་ཅན་དགེ་བ་དང་མི་དགེ་བ་ལ་

སོགས་པའི་ལས་རྣམས་སོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་ཡང་མདོའི་ཁུངས་གཞན་སྟོན་པ་ནི། དེ་བཞིན་དུ་མ་རིག་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་རིག་པ་དང་རྗེས་སུ་འབྲེལ་པ་ཞེས་བྱ་བ་ནི་མ་རིག་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །མངོན་པར་འདུ་བྱ་བ་དང་ཞེས་བྱ་

བ་ནི་མངོན་པར་འདུ་བྱེད་པས་ན་འདུ་བ་སྟེ་ལས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མི་གཡོ་བ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པར་ངེས་པའི་ལས་སོ། །དེ་ལྟར་འཇུག་པའི་རིམ་པ་བསྟན་ནས། ལྡོག་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་མ་རིག་པ་འགགས་པས་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ན་མ་རིག་པའི་སྟོབས་ཀྱིས་ལས་དང་རྣམ་པར་ཤེས་པ་ལ་སོགས་པ་འཇུག་པས་དེ་འགགས་ནས་ལས་དང་རྣམ་པར་ཤེས་པ་ལ་སོགས་པ་འགག་པ་ཡིན་ནོ་ཞེས་གསུངས་པས། མ་རིག་པ་ནི་ལས་དང་རྣམ་པར་ཤེས་པ་ལ་སོགས་པ་སྣང་བའི་རྒྱུ་

ཉིད་དུ་འགྱུར་བ་ཡིན་ནོ་ཞེས་མདོ་ལས་གསུངས་པ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །ཕྱིན་ཅི་ལོག་ཏུ་ཤེས་པ་འདི་ཡང་མི་མཁས་པ་རྣམས་ཁོ་ན་ལ་འབྱུང་བ་ཡིན་ཏེ། མཁས་པ་རྣམས་ལ་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཚུལ་འདིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

ཚུལ་འདིས་ནི་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡིན་ལ། མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་གོ་ཞེས་བྱ་བའི་ཚུལ་གྱིས་སོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ། གཏི་མུག་མེད་པར་དེ་མི་འབྱུང་། །ཞེས་བྱ་བ་ནི་མ་རིག་པ་མེད་ན་ལས་འབྱུང་བ་མ་ཡིན་ནོ་ཞེས་

པའོ། །མི་མཁས་པ་ཁོ་ནས་རྟོགས་པར་གོར་མ་ཆག་ཅེས་བྱ་བ་ནི་གཉིས་ཀ་གདོད་མ་ནས་སྐྱེ་བ་མེད་པར་མ་རྟོགས་པར་མ་རིག་པའི་དབང་གིས་ལས་འབྱུང་བ་དང་། དེ་མེད་ན་དེ་མེད་དོ་ཞེས་རྟོགས་པས་སོ། །བློ་བཟང་ཉི་མས་མུན་པ་སྟུག་པོ་རྣམ་པར་བསལ་བའི་ཞེས་བྱ་བ་ནི་དངོས་

เล่ม ๑๐๔ · หน้า 227b

པོ་དང་དངོས་པོ་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བའི་བློ་གྲོས་མཆོག་ཏུ་གྱུར་པ་དེ་ཉི་མ་སྟེ། གཏི་མུག་གི་མུན་པ་སེལ་བར་བྱེད་པས་སོ། །དེས་མུན་པ་སྟུག་པོ་གང་ལ་རྣམ་པར་གསལ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། འཕགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མཁས་

པ་དག་ནི་ཞེས་བྱ་བ་ནི་བློ་གྲོས་དམ་པ་དང་ལྡན་པས་སོ། །སྟོང་ཉིད་ཁོང་དུ་ཆུད་ཅིང་ཞེས་བྱ་བ་ནི་གང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་སྐྱེ་བ་མེད་པ་ཡིན་པས་སྟོང་པ་ཉིད་ཡིན་ནོ་སྙམ་དུ་ཁོང་དུ་ཆུད་པ་ཡིན་གྱི་སྐྱེས་པ་འགགས་པ་ནི་མ་ཡིན་ནོ་ཞེས་པའོ། །གྲོལ་བར་འགྱུར་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་

རང་བཞིན་ཁོང་དུ་ཆུད་ཅིང་མ་རིག་པ་ལ་སོགས་པ་ཉོན་མོངས་པ་རྣམས་ལོག་པ་འཁོར་བ་ལས་གྲོལ་བར་འགྱུར་བ་ཡིན་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཤེས་རབ་ཅན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདུ་བྱེད་རྣམས་རང་བཞིན་མེད་པར་ཞེས་བྱ་བ་ནི་གདོད་

མ་ནས་སྐྱེ་བ་མེད་པར་ཡོངས་སུ་རྟོགས་པའོ། །འདུ་བྱེད་རྣམས་ཉེ་བར་མི་ལེན་པ་ལ་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། དེ་ཉེ་བར་ལེན་པའི་རྒྱུ་སྤངས་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། འདུ་བྱེད་ཀྱི་ཉེ་བར་ལེན་པའི་རྒྱུ་མ་རིག་པ་སྤངས་པའི་ཕྱིར་རོ་ཞེས་པའོ། །དེ་ལྟར་སྔོན་པོ་ལ་སོགས་པ་

རྣམས་རང་བཞིན་མེད་པ་ཉིད་དུ་ཟིན་ཀྱང་སྣང་བ་ཡིན་ནོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །ད་ནི་གཞན་དག་ན་རེ་སྔོན་པོ་ལ་སོགས་པ་རྣམས་སྣང་བའི་ཕྱིར་ན་དོན་དམ་པར་ཡོད་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་སྔ་མ་འགོད་པ་ནི། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གི་ཞེས་བྱ་བ་ནི་

གཟུགས་ལ་སོགས་པ་རྣམས་ཀྱིའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། གལ་ཏེ་དངོས་པོ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་དོན་དམ་པར་དངོས་པོ་རྣམས་ཡོད་པར་མི་འགྱུར་ན་དེའི་ཚེ་དངོས་པོ་དེ་རྣམས་ཀུན་རྫོབ་ཏུ་ཡང་ཡོད་པར་མི་འགྱུར་ཏེ། ཀུན་རྫོབ་ཏུ་ཡང་དེ་རྣམས་སྣང་

བར་མི་འགྱུར་བའོ། །དེ་ལ་དཔེ་བསྟན་པར་བྱ་བའི་ཕྱིར། མོ་གཤམ་གྱི་བུ་བཞིན་ཞེས་བྱ་བ་གསུངས་ཏེ། དེ་ལྟར་མོ་གཤམ་གྱི་བུ་དོན་དམ་པར་མེད་པས་ཀུན་རྫོབ་ཏུ་ཡང་མི་སྣང་བ་དེ་བཞིན་དུའོ། །དེ་དག་རང་བཞིན་གྱིས་ན་ཡོད་པ་ཉིད་ཅེས་བྱ་བ་ནི་གང་གི་ཕྱིར་དངོས་པོ་རྣམས་ཀུན་རྫོབ་ཏུ་སྣང་བ་

เล่ม ๑๐๔ · หน้า 228a

དེའི་ཕྱིར་དོན་དམ་པ་ཡིན་ནོ་ཞེས་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། འདི་ལ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་རབ་རིབ་ཅན་གྱི་དཔེའི་སྒོ་ནས་འགེགས་པར་བྱེད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་གང་དག་ཅེས་བྱ་བ་ལ་སོགས་པ་

གསུངས་ཏེ། དེ་དག་མ་སྐྱེས་པ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་མ་སྐྱེས་པར་ཁས་ལེན་པས་སོ། །རེ་ཞིག་དེ་དག་ཉིད་ལ་བརྩད་བྱ་སྟེ། །ཞེས་བྱ་བ་ནི་གང་དག་དོན་དམ་པར་རང་བཞིན་མེད་པ་དེ་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་ཏེ། མོ་གཤམ་གྱི་བུ་བཞིན་ནོ། །དེས་ན་རབ་རིབ་ཅན་ལ་ཡང་ངོ་བོ་ཉིད་

ཀྱིས་མེད་པའི་སྐྲ་ཤད་ལ་སོགས་པ་ཇི་ལྟར་སྣང་། གལ་ཏེ་དེ་ལྟར་ན་མོ་གཤམ་གྱི་བུ་ཡང་སྣང་བར་ཐལ་བར་འགྱུར་རོ་ཞེས་རབ་རིབ་ལ་བརྩད་པ་གྱིས་ཤིག་ཅེས་པའོ། །ཕྱི་ནས་མ་རིག་རབ་རིབ་རྗེས་འབྲེལ་པའོ། །ཞེས་བྱ་བ་ནི་མ་རིག་པ་དེ་ཉིད་རབ་རིབ་ཡིན་ལ་དེ་དང་རྗེས་སུ་འབྲེལ་པ་སྟེ་དེ་དང་

ལྡན་པའོ། །དེ་དང་ལྡན་པ་ལ་ཕྱིས་སྔར་བཞིན་དུ་རྩོད་པ་གྱིས་ཤིག་ཅེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་སླའོ། །དབུ་མ་པའི་ཕྱོགས་ལ་སྐྱོན་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཁོ་བོ་ཅག་ལ་ནི་ཞེས་བྱ་བ་ལ་སོགས་

པ་གསུངས་ཏེ། འདིར་བརྒལ་ཞིང་བརྟགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཅིའི་ཕྱིར་མ་སྐྱེས་པའི་རང་བཞིན་ཅན་གཟུགས་ལ་སོགས་པ་དག་མཐོང་ལ། མོ་གཤམ་གྱི་བུ་མ་ཡིན་ནོ་ཞེས་པའི་རྩོད་པ་དེ་ཁོ་བོ་ཅག་ལ་ནི་རིགས་པ་མ་ཡིན་ནོ་ཞེས་པའོ། །དེ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། ཇི་

ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུང་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ལུང་གི་རྗེས་སུ་འབྲངས་ནས་སོ། །རྣལ་འབྱོར་པ་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པའི་སྒོ་ནས་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པར་ཐུགས་སུ་ཆུད་པའི་སྒོ་ནས་རྣལ་འབྱོར་པ་རྣམས་ལ་ལྟོས་ནས་སོ། །གཞན་དག་ཅེས་

བྱ་བ་ལ་ནི་སོ་སོའི་སྐྱེ་བོའོ། །རང་གི་ཤེས་པ་ལ་ལྟོས་ནས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བདག་ནི་སོ་སོའི་སྐྱེ་བོ་ཡིན་པས་དངོས་པོ་རྣམས་རང་བཞིན་མེད་པར་ཁོང་དུ་མ་ཆུད་པས་སོ། །དེའི་རྒྱུ་མཚན་སྟོན་པ་ནི། ཁོ་བོ་ཅག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་

เล่ม ๑๐๔ · หน้า 228b

ཕྱིར་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་ཅེས་བྱ་བ་ནི་གཟུང་འཛིན་དག་གིས་སྟོང་པས་སོ། །གལ་ཏེ་གཟུང་བ་དང་འཛིན་པས་སྟོང་པའི་ཕྱིར་སྟོང་པ་ཉིད་ཡིན་ན་སེམས་ཙམ་དུ་སྨྲ་བའི་འདོད་པ་བཞིན་དུ་གཟུང་འཛིན་རྣམ་པ་གཉིས་དང་བྲལ་བའི་ཤེས་པ་ཡོད་པ་ཡིན་ནོ་

ཞེ་ན། དེ་ལ་ལན་ནི། དབེན་ཞེས་བྱ་བ་གསུངས་ཏེ། རྣམ་པར་ཤེས་པའི་རང་བཞིན་གྱིས་ཀྱང་དབེན་པའོ། །ཁམས་ཀྱི་རང་བཞིན་སྟོང་ཞིང་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་ཀྱི་རང་བཞིན་དང་དེ་བཞིན་དུའོ། །གང་ཆོས་དེ་ཡང་རང་བཞིན་སྟོང་པ་སྟེ་ཞེས་བྱ་བ་ནི་སྐྱེ་མཆེད་རྣམས་ཀྱང་དེ་བཞིན་

དུའོ། ཡེ་ཤེས་ལྡན་པས་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འཕགས་པའི་ལམ་སྐྱེས་པ་རྣམས་ལ་སྟོང་པ་ཉིད་ཡིན་ཏེ། དེས་ན་རང་བཞིན་མེད་པ་ཉིད་དུ་ཐུགས་སུ་ཆུད་པས་སོ། །བྱིས་པས་མིན་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིས་མ་ཡིན་ཏེ། དེས་དེའི་རང་

བཞིན་ཁོང་དུ་མ་ཆུད་པས་སོ། །གང་གང་ལ་སྟོང་པ་ཉིད་ཡོངས་སུ་ཤེས་པ་ཡོད་པ་དེ་ནི་བྱང་ཆུབ་ཀྱི་ལམ་ལ་སྤྱོད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཡེ་ཤེས་རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་པ་པོ་འདྲ་བར་རྟོགས་འགྱུར་ན་ཞེས་བྱ་བ་ནི་ཅི་ལྟར་གཞན་གྱིས་ཤེས་

པ་པོ་བདག་ཏུ་ཁས་བླངས་པ་ཇི་ལྟར་སྟོང་པ་དེ་བཞིན་དུ་འགྲོ་བ་ཐམས་ཅད་རྟོགས་པར་འགྱུར་ན་ཞེས་པའོ། །བྱང་ཆུབ་ལམ་ལ་དེ་དག་སྤྱོད་ཅེས་བྱ། །ཞེས་བྱ་བ་ནི་དེ་ལྟ་བུ་ནི་བྱང་ཆུབ་ཀྱི་སྤྱོད་པ་སྤྱོད་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་འདི་ནི་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་ཅིའི་ཕྱིར་མ་སྐྱེས་པའི་རང་བཞིན་ཅན་གཟུགས་ལ་སོགས་པ་དག་མཐོང་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། དེ་དག་གིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིའི་དོན་ནི་གལ་ཏེ་ཀུན་རྫོབ་ཏུ་

རྣལ་འབྱོར་པ་རྣམས་ལ་སྔོན་པོ་ལ་སོགས་པའི་རང་བཞིན་སྣང་བར་གྱུར་ན་དེའི་ཚེ་མོ་གཤམ་གྱི་བུ་ལ་སོགས་པ་ཡང་སྣང་བར་འགྱུར་བ་ལས་འོན་ཀྱང་དེ་རྣམས་ལས་ཀུན་རྫོབ་ཏུ་ཡང་སྔོན་པོ་ལ་སོགས་པའི་རང་བཞིན་སྣང་བ་མེད་པའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་རྣམས་ཅི་ལྟར་སྣང་བར་འགྱུར་

เล่ม ๑๐๔ · หน้า 229a

ཞེས་པའོ། །དོན་དམ་པར་ཡང་མ་ཡིན་ནོ་ཞེས་བྱ་བ་དེ་དོན་དམ་པ་ནི་མཐའ་བཞི་ལས་གྲོལ་བའི་ཕྱིར་རོ། །རབ་རིབ་ཅན་ལ་བརྒལ་ཞིང་བརྟག་པ་ལྟ་བུ་འདུག་ཤིག་ཅེས་བྱ་བ་ནི་རབ་རིབ་ཅན་ལ་བརྒལ་ཞིང་བརྟག་པ་མི་བྱའོ་ཞེས་པའོ། །འདི་ནི་ཞེས་བྱ་བ་ནི་འཆད་པར་

འགྱུར་བའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ། དྲི་ཟའི་གྲོང་ཁྱེར་ཞེས་བྱ་བ་ནི་འགའ་ཞིག་ནམ་མཁའ་ལ་ལྟས་ངན་པའི་དབང་གིས་གྲོང་ཁྱེར་དང་འདྲ་བ་གང་མཐོང་བ་དེ་ནི་དྲི་ཟའི་གྲོང་ཁྱེར་རོ། །སྨིག་རྒྱུའི་ཆུ་དང་འདྲ་ཞེས་བྱ་བ་ནི་ཉི་མའི་གུང་ལ་ཉི་མའི་འོད་ཟེར་དང་ལྡན་པའི་བྱེ་མའི་ཐང་ལ་

ཆུར་སྣང་བའོ། །ཅི་ལྟར་དེར་འགྱུར་ཏེ་མི་རིགས་ཞེས་བྱ་བ་ནི་རྨི་ལམ་ལ་སོགས་པ་མ་སྐྱེས་པ་ཉིད་སྣང་བ་དེ་བཞིན་དུ་མོ་གཤམ་གྱི་བུ་ཡང་ཇི་ལྟར་སྣང་བར་མི་རིགས་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་བརྒལ་ཞིང་

བརྟག་པར་གྱིས་དང་ཞེས་བྱ་བ་ནི་ཅིའི་ཕྱིར་མ་སྐྱེས་པའི་རྨི་ལམ་ལ་སོགས་པ་མཐོང་ལ། མོ་གཤམ་གྱི་བུ་མ་ཡིན་པར་འགྱུར་ཞེས་དེ་ལྟར་བརྒལ་ཞིང་བརྟག་པར་གྱིས་ཞེས་པའོ། །འདིས་ནི་རང་གི་འདོད་པ་དང་འགལ་བ་ཉིད་བསྟན་པའོ། །ད་ནི་མ་ངེས་པ་ཉིད་བསྟན་པར་བྱ་བའི་ཕྱིར་དེ་

ཉིད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་དུ་ཞེས་བྱ་བ་ནི་དོན་དམ་པར་རོ། །འདི་ཞེས་བྱ་བ་ནི་རྨི་ལམ་དུ་མཐོང་བ་ལ་སོགས་པའོ། །ཅི་ལྟར་རྐྱེན་མེད་ཀྱང་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ཡིན་ཡང་ངོ་། །འདིའི་དོན་ནི་གང་རྨི་ལམ་དུ་མཐོང་བ་ལ་སོགས་པ་དེ་རྣམས་དོན་དམ་པར་སྐྱེ་བ་

མེད་ཀྱང་མོ་གཤམ་གྱི་བུ་ལྟར་མཐོང་བའི་ཡུལ་དུ་མི་འགྱུར་བ་ཡིན་གྱི། འོན་ཀྱང་མཐོང་བའི་སྤྱོད་ཡུལ་དུ་འགྱུར་བ་ཡིན་ནོ་ཞེས་པའོ། །དེའི་ཕྱིར་ན་སྨྲས་པ། འདི་མ་ངེས་པའོ་ཞེས་བྱ་བ་ནི་གལ་ཏེ་དེ་ལྟར་གཟུགས་ལ་སོགས་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་རྨི་ལམ་ལ་

སོགས་པའི་དཔེ་རྣམས་ཀྱིས་མ་ངེས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་མདོའི་ཁུངས་སྟོན་པ་ནི། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བ་ན་འགྲོ་བ་ལྔ་པོ་རྣམས་གང་ཡོད་པ་དེ་རྣམས་རྨི་ལམ་དང་མཚུངས་པར་གསུངས་པའོ། །དེ་ཉིད་དུ་ནི་རྣམ་མ་བཞག །ཅེས་བྱ་བ་ནི་

เล่ม ๑๐๔ · หน้า 229b

དོན་དམ་པར་དེ་རྣམས་ལ་སྐྱེ་བ་ལ་སོགས་པའི་རྣམ་བཞག་བྱས་པ་མ་ཡིན་པའོ། །རྨི་ལམ་གང་ལའང་དངོས་པོ་མེད། །ཅེས་བྱ་བ་ནི་རྨི་ལམ་གྱི་དངོས་པོ་གང་ཡང་ཡོད་པ་མ་ཡིན་ནོ། །ལོག་པའི་བློ་ལྡན་མངོན་པར་ཞེན། །ཞེས་བྱ་བ་ནི་གང་ཕྱིན་ཅི་ལོག་གི་བློ་དང་ལྡན་པ་དེ་རྣམས་ཀྱིས་

འདི་རྣམས་འགྲོ་བ་ཡིན་ནོ་སྙམ་ན་མངོན་པར་ཞེན་པའོ། །གཞན་ན་ཞེས་བྱ་བ་ནི་ཕྱོགས་བཅུ་ལས་གཞན་ཡང་ངོ་། །གྲོང་ཁྱེར་མིང་ཙམ་ཞིག་གིས་རབ་ཏུ་གཞག །ཅེས་བྱ་བ་ནི་མིང་ལས་མ་གཏོགས་པའི་དངོས་པོ་གཞན་མེད་པས་སོ། །ཡོངས་སུ་རྟོག་པས་དཀྲུགས་ཞེས་བྱ་བ་ནི་

ཡོངས་སུ་རྟོག་པས་བསྐྱེད་པའོ། །གཞན་གོ་སླའོ། །ཁོ་བོ་ཅག་ལ་ནི་འདི་བརྩད་དུ་མེད་པ་ཉིད་དེ་ཞེས་བྱ་བ་ནི་གལ་ཏེ་དེ་ལྟར་གཟུགས་ལ་སོགས་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པའི་རྩོད་པ་དེ་ཁོ་བོ་ཅག་ལ་ཡོད་པར་མི་འགྱུར་བ་ཉིད་དེ། ཀུན་རྫོབ་ཏུ་ཡང་རང་བཞིན་ཡོད་པར་ཁས་མི་ལེན་

པས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་བཞིན་ནི་བཅོས་མ་མ་ཡིན་པ་དང་གཞན་ལ་མི་ལྟོས་པའི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་དབང་དུ་བྱས་ནས་རང་བཞིན་སྐྱེ་བར་མི་རིགས་པའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་དང་མཚུངས་

པ་ཁོ་ན་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཚེ་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པར་ཡང་རང་བཞིན་སྐྱེ་བ་མེད་པ་དེའི་ཕྱིར་རོ། །ཞི་ཞིང་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པས་སོ། །སྐྱེ་བྲལ་ཞེས་བྱ་བ་ནི་སྐྱེ་བ་མེད་པས་སོ། །རང་བཞིན་གྱིས་ཡོངས་སུ་མྱ་

ངན་ལས་འདས་པ་ཞེས་བྱ་བ་ནི་གདོད་མ་ནས་རང་བཞིན་མེད་པས་སོ། །རྟག་ཏུ་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་གནས་སྐབས་དག་ཏུའོ། །དེ་ལ་ལུང་གི་ཁུངས་སྟོན་པ་ནི། ལུང་བརྗོད་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་བྱ་བ་

ནི་ཀྱེ་མགོན་པོ་ཁྱོད་ཀྱིས་འཁོར་ལོ་བསྐོར་བའི་དུས་ན་ཆོས་ཀྱི་རྣམ་པ་འདི་ལྟ་བུ་གསུངས་པ་ཡིན་ནོ་ཞེས་པའོ། །ཕྱིས་བྱུང་ནས་ཀྱང་ཡང་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སྐད་ཅིག་མ་བརྒྱུད་མའི་སྒོ་ནས་སྐྱེ་བ་མེད་པས་སོ། །གཞན་ནི་གོ་སླའོ། །གལ་ཏེ་བུམ་པ་ལ་སོགས་པ་རྣམས་ཀུན་རྫོབ་

เล่ม ๑๐๔ · หน้า 230a

ཏུ་རང་བཞིན་གྱིས་མི་སྐྱེ་ན་འོ་ན་ཅི་ལྟར་སྣང་བར་འགྱུར། སྣང་བའི་ཕྱིར་ན་ཀུན་རྫོབ་ཏུ་རང་བཞིན་སྐྱེ་བས་དོན་དམ་པ་ཡང་ཡོད་པར་འགྱུར་རོ་སྙམ་པའི་དོགས་པ་བསུ་ནས་ལན་འདེབས་པ་ནི། རང་གི་སྡེ་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་བརྒལ་

བ་མ་ཡིན་པ་དེ་ཉིད་དེ་ཞེས་བྱ་བ་ནི་བསྟན་མ་ཐག་པའི་རྒོལ་བ་དེ་མི་རིགས་པས་སོ། །དེ་དག་གིས་ཞེས་བྱ་བ་ནི་རང་གི་སྡེ་པ་སྟེ། དབུ་མ་པ་རྣམས་སོ། །འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན། །ཞེས་བྱ་བ་ནི་དེ་ལྟར་བུམ་པ་ལ་སོགས་པ་རྣམས་འཇིག་རྟེན་ལ་རབ་ཏུ་གྲགས་པ་ཙམ་དུ་

འབྱུང་བར་འགྱུར་བའོ། །དེ་བཞིན་ཞེས་བྱ་བ་ནི་འཇིག་རྟེན་ལ་རབ་ཏུ་གྲགས་པ་ཙམ་གྱིས་ཐམས་ཅད་འགྲོ་བར་འགྱུར་བའི་དངོས་པོ་རྣམས་འབྱུང་བར་འགྱུར་རོ། །མོ་གཤམ་གྱི་བུ་དང་མཚུངས་པར་ཐལ་མི་འགྱུར། །ཞེས་བྱ་བ་ནི་མོ་གཤམ་གྱི་བུ་དང་མཚུངས་པར་མི་སྣང་བར་ཐལ་བར་

མི་འགྱུར་བས་སོ། །འདིའི་དོན་ནི་ཁོ་བོ་ཅག་གིས་སྣང་བ་ཙམ་གྱི་སྒོ་ནས་རང་བཞིན་སྐྱེ་བ་ནི་མི་བརྗོད་ཀྱི། འོན་ཀྱང་མ་བརྟགས་ན་ཉམས་དགའ་བར་འཇིག་རྟེན་ལ་རབ་ཏུ་གྲགས་པའི་དབང་དུ་བྱས་ནས་དེས་དངོས་པོ་རྣམས་དོན་དམ་པར་ཇི་ལྟར་ཡོད་པར་འགྱུར། དེས་ན་དོན་དམ་པར་

སྐྱེ་བ་མེད་དུ་ཟིན་ཀྱང་མ་བརྟགས་ན་ཉམས་དགའ་བའི་འཇིག་རྟེན་གྱི་ཀུན་རྫོབ་ཏུ་སྐྱེ་བས་དངོས་པོར་སྣང་བ་ལ་སྐྱོན་ཅི་ཡོད། མོ་གཤམ་གྱི་བུ་ལ་སོགས་པ་རྣམས་ནི་འཇིག་རྟེན་གྱི་ཀུན་རྫོབ་ཏུ་ཡང་སྐྱེ་བར་མ་གྲུབ་པས་སྣང་བ་མེད་པ་ཡིན་ནོ་ཞེས་པའོ། །གཞན་ཡང་གཞན་དག་གིས་མོ་གཤམ་

གྱི་བུ་དང་མཚུངས་པར་ཐལ་བའི་སྐྱོན་སྟོན་པ་ནི། ཅི་སྟེ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེག་བྱ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་རང་རིག་བསྡུ་བར་བྱའོ། །གདགས་པའི་རྟེན་ཞེས་བྱ་བ་ནི་བུམ་པ་དང་རྣམ་པར་ཤེས་པ་གདགས་པའི་རྟེན་དུ་གྱུར་པའོ། །རྒྱུ་དང་

བཅས་པ་ཞེས་བྱ་བ་ནི་ས་ལ་སོགས་པའི་རྟེན་དང་བཅས་པའོ། །ཐམས་ཅད་བཏགས་པ་ཙམ་ཁོ་ན་ཡིན་གྱི་ཞེས་བྱ་བ་ནི་དངོས་པོ་མེད་པའི་ཕྱིར་བཏགས་པ་ཙམ་ཉིད་དོ། །བརྟགས་པའི་རྟེན་ཞེས་བྱ་བ་ནི་ས་ལ་སོགས་པའོ། །མོ་གཤམ་གྱི་བུ་དང་འདྲ་བར་ཐལ་བ་ཞེས་བྱ་བ་ནི་ཅི་སྟེ་མོ་གཤམ་གྱི་

เล่ม ๑๐๔ · หน้า 230b

བུ་ལ་འདོགས་པའི་རྒྱུ་མེད་པས་མོ་གཤམ་གྱི་བུ་བཏགས་པ་མེད་པ་དེ་བཞིན་དུ་བུམ་པ་ལ་སོགས་པ་རྣམས་སུ་འདོགས་པ་ལ་ཡང་རྒྱུ་མེད་པར་ཐལ་བར་འགྱུར་རོ་ཞེས་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ཡང་མི་རིགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫས་སུ་སྒྲུབ་པར་མི་

ནུས་པའི་ཕྱིར་རོ་ཞེས་བྱ་བ་འདིའི་དགོངས་པ་ནི་བུམ་པ་ལ་སོགས་པར་འདོགས་པའི་རྒྱུ་རྫས་སུ་ཡོད་པར་སྒྲུབ་པར་བྱེད་པ་ཡིན་ནམ། འོན་ཏེ་བཏགས་ཡོད་དུའོ། །གལ་ཏེ་རྫས་ཡོད་དུ་བསྒྲུབ་པར་འདོད་ན་ལན་ནི་རྫས་སུ་བསྒྲུབ་པར་མི་ནུས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་རྫས་ཡོད་དུ་སྒྲུབ་པར་

མི་ནུས་པ་དེ་ལྟར་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞི་བརྒྱ་པ་ལས་སོ། །གཟུགས་ལ་སོགས་པ་མ་གཏོགས་པར། །ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་ལས་ཐ་དད་པའི་བུམ་པ་མ་གྲུབ་པ་དེ་བཞིན་དུ་བུམ་པར་འདོགས་པའི་རྒྱུར་གྱུར་

པའི་གཟུགས་ལ་སོགས་པ་རྣམས་ཀྱང་རླུང་ལ་སོགས་པའི་འབྱུང་བ་ཆེན་པོ་བཞི་ལས་ཐ་དད་དུ་གྱུར་པའི་རིགས་པ་མ་ཡིན་ཏེ། རྒྱུ་མེད་པར་ཐལ་བར་འགྱུར་བས་སོ། །ཇི་ལྟར་རླུང་ལ་སོགས་པ་ལས་མ་གཏོགས་པའི་གཟུགས་དང་རོ་ལ་སོགས་པ་མི་སྲིད་པ་དེ་བཞིན་དུ་འབྱུང་བ་རྣམས་ཀྱང་ཕན་ཚུན་དུ་

མ་ལྟོས་པར་མ་གྲུབ་པའི་ཕྱིར་རང་བཞིན་མ་གྲུབ་པ་ཡིན་ནོ་ཞེས་རིན་པོ་ཆེ་ཕྲེང་བའི་ཁུངས་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་ལ་སོགས་པ་རྣམས་ཀྱི་ནང་ནས་འབྱུང་བ་རེ་རེ་ངོ་བོ་ཉིད་དུ་ཡོད་པ་ནི་མ་ཡིན་ནོ། །ངོ་བོ་ཉིད་དུ་མེད་པ་ལ་རྒྱུ་མཚན་སྟོན་པ་ནི།

གང་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ས་ལ་སོགས་པ་རེ་རེ་ཡང་ཆུ་ལ་སོགས་པ་གསུམ་གསུམ་མེད་ན་ཡང་མེད་ལ། ས་ལ་སོགས་པའི་མཚན་ཉིད་ཅན་གྱི་འབྱུང་བ་གཅིག་མེད་པར་ཡང་གསུམ་མེད་ལ། དེ་ནས་འབྱུང་བ་རྣམས་རང་བཞིན་ཡོད་པ་མ་ཡིན་ཏེ། ཕན་

ཚུན་ལྟོས་ནས་རང་བཞིན་ཐོབ་པས་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །རང་བཞིན་མེད་པ་ལ་འདུས་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། སོ་སོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །རྣམ་པ་གཞན་གྱི་སྒོ་ནས་བཏགས་པའི་བུམ་པ་ལ་རྒྱུ་རྫས་ཡོད་དུ་མི་

เล่ม ๑๐๔ · หน้า 231a

རིགས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟག་པ་ལས་མི་རྟག་པ་སྐྱེ་བར་མི་འདོད་པ་ཞེས་བྱ་བ་ནི་རྒྱུ་ལ་རྣམ་འགྱུར་མེད་པར་འབྲས་བུ་མེད་པས་སོ། །དེ་བཞིན་དུ་རྫས་སུ་ཡོད་པའི་གཟུགས་ལ་སོགས་པ་ལས་རྫས་སུ་མེད་པའི་

བུམ་པ་འབྱུང་བར་མི་རིགས་པའོ། །ཇི་སྐད་དུ་ཞེས་བྱ་བ་ནི། དངོས་པོ་རྟག་པ་ལས་བྱུང་བ། །ཞེས་བྱ་བ་ནི་མི་རྟག་པའི་ས་བོན་ལས་མྱུ་གུ་ཞེས་བྱ་བའི་འབྲས་བུ་མི་རྟག་པ་སྐྱེ་བ་ཡིན་ནོ་ཞེས་འཇིག་རྟེན་ལ་རབ་ཏུ་གྲགས་པ་ཡིན་གྱི། གང་དུ་ཡང་རྟག་པས་མི་རྟག་པ་སྐྱེ་བ་ནི་མ་ཡིན་ཏེ། འདི་ལྟར་

རྒྱུ་འབྲས་མཚན་ཉིད་མི་མཐུན་པ་ནམ་ཡང་མཐོང་བ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། རྒྱུ་རྟག་པ་ཡིན་ལ་འབྲས་བུ་མི་རྟག་པ་ཡིན་ནོ་ཞེས་བྱ་བའི་མཚན་ཉིད་མི་འདྲ་བ་ཉིད་འཇིག་རྟེན་ན་ནམ་ཡང་མཐོང་བ་མ་ཡིན་པས་རྟག་པ་རྒྱུ་ཉིད་དུ་མི་རིགས་པའོ། །བསྡུས་པའི་དོན་བསྟན་པའི་སྒོ་ནས་བཏགས་པར་

ཡོད་པ་ནི་བཏགས་པར་ཡོད་པའི་རྒྱུ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞིན་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་མགུལ་པ་ལ་སོགས་པ་བསྡུ་བར་བྱའོ། །བཞིན་ལ་སོགས་པ་ལ་བཏགས་སུ་ཡོད་པ་ཉིད་བུམ་པ་ལ་སོགས་

པ་བཞིན་དུ་ཤེས་པར་བྱའོ། །གཟུགས་བརྙན་ཞེས་བྱ་བ་ནི་སྐྱེས་བུ་དང་འདྲ་བའི་རྣམ་པའོ། །ཐམས་ཅད་དུ་བཏགས་པར་ཡོད་པ་ཉིད་སྔར་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །དེ་ལ་དབུ་མ་རྩ་བའི་ཤེས་རབ་ཀྱི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་

ནི་རྫུ་འཕྲུལ་ཕུན་སུམ་ཚོགས་སྤྲུལ་ཞིང་། །སྤྲུལ་པས་སྤྲུལ་པ་གཞན་སྤྲུལ་བྱེད། །དེས་ཀྱང་སྤྲུལ་པ་གཞན་སྤྲུལ་ལ། །དེ་ལྟར་སྤྲུལ་པ་དང་མཚུངས་པའི། །བྱེད་པ་པོ་དང་དེས་བྱས་ལས། །ཅི་ལྟར་སྤྲུལ་པས་སྤྲུལ་པ་གཞན། །སྤྲུལ་པ་བྱེད་པ་དེ་བཞིན་དུ། །ཉོན་མོངས་དང་ནི་ལས་

དག་དང་། །ལུས་དང་བྱེད་པོ་འབྲས་བུ་ཡིན། །ཞེས་བྱ་བའི་གཞུང་འདི་སོགས་པའི་སྒྲ་དང་བར་དུ་ཞེས་བྱ་བའི་ཚིག་གིས་གཟུང་བར་བྱའོ། །འདིའི་དོན་ནི་ཅི་ལྟར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་མཐུས་སྤྲུལ་པ་སྤྲུལ་པར་མཛད་ལ། གང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་

เล่ม ๑๐๔ · หน้า 231b

སྤྲུལ་པ་སྤྲུལ་པ་དེས་ཀྱང་སྤྲུལ་པ་གཞན་སྤྲུལ་པར་བྱེད་དོ། །དེ་ལ་སྤྲུལ་པ་གཞན་སྤྲུལ་པར་བྱེད་པའི་སྤྲུལ་པ་གང་ཡིན་པ་དེ་སྟོང་པ་ཉིད་རང་བཞིན་མེད་པ་དེ་བཞིན་གཤེགས་པའི་རང་བཞིན་དང་བྲལ་བ་ཡིན་ནོ་ཞེས་པའོ། །སྤྲུལ་པ་སྤྲུལ་པའི་སྤྲུལ་པ་གང་ཡིན་པ་དེ་ཡང་སྟོང་པ་ཉིད་རང་བཞིན་

མེད་པ་དེ་བཞིན་གཤེགས་པའི་རང་བཞིན་དང་བྲལ་བའོ། །ཇི་ལྟར་འདིར་རང་བཞིན་མེད་པ་རྣམས་ཀྱི་རང་བཞིན་མེད་པ་འབྲས་བུས་བྱེད་པ་དང་། བྱེད་པ་པོ་དང་ལས་ཀྱི་མིང་འཐོབ་པར་འགྱུར་བ་དེ་བཞིན་དུ་འདིར་ཡང་ལས་བྱེད་པ་པོ་དེ་ནི་སྤྲུལ་པའི་རྣམ་པ་སྟེ་ངོ་བོ་ཉིད་ཀྱིས་སྟོང་པའོ། །

ངོ་བོ་ཉིད་ཀྱིས་སྟོང་པའི་བྱེད་པ་པོ་དེས་ལས་གང་ཅུང་ཟད་བྱེད་པ་དེ་ཡང་རང་བཞིན་གྱིས་སྟོང་པ་ཡིན་ཏེ། དཔེར་ན་སྤྲུལ་པ་པོས་སྤྲུལ་པ་གཞན་སྤྲུལ་པ་དེ་བཞིན་དུ་རིག་པར་བྱའོ། །སྤྲུལ་པའི་དཔེས་རང་བཞིན་མེད་པར་ལྟ་བ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་དཔེ་འདི་དག་གི་སྒོ་ནས་ཀྱང་གསལ་

བར་དངོས་པོ་རྣམས་རང་བཞིན་མེད་པར་ཁོང་དུ་ཆུད་པར་གྱིས་ཤིག་ཅེས་བསྟན་པར་བྱ་བའི་ཕྱིར། ཉོན་མོངས་དང་ནི་ལས་དག་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །སེམས་ཀྱི་རྒྱུན་ཉོན་མོངས་ཤིང་གནོད་པར་བྱེད་པས་སོ། །

ལས་ནི་དགེ་བ་དང་མི་དགེ་བ་དང་མི་གཡོ་བའོ། །ལུས་དང་བྱེད་པ་པོ་ཞེས་བྱ་བ་ནི་སེམས་དང་ལུས་ནི་བྱེད་པ་པོའོ། །འབྲས་བུ་ནི་རྣམ་པར་སྨིན་པ་དང་། བདག་པོ་དང་། རྒྱུ་མཐུན་གྱི་ལ་སོགས་པའོ། །ཉོན་མོངས་པ་ལ་སོགས་པའི་དངོས་པོ་དེ་རྣམས་དྲི་ཟའི་གྲོང་ཁྱེར་གྱི་རྣམ་པ་ལ་སོགས་པ་

བཞིན་དུ་རང་བཞིན་མེད་པར་རིག་པར་བྱའོ། །དེས་ན་རྫས་སུ་ཡོད་པ་རྟགས་ཀྱི་རྒྱུ་མ་ཡིན་པ་ཉིད་དུ་ཟིན་ཀྱང་བཏགས་ཡོད་རྒྱུར་ནི་རིགས་པ་ཡིན་ནོ། །དེའི་ཕྱིར་འདི་བརྒལ་བ་མ་ཡིན་ནོ་ཞེས་བྱ་བ་ནི། བཏགས་པ་ལ་རྒྱུ་མེད་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་བརྒལ་བ་དེ་

མ་ཡིན་ནོ། །དེ་ལ་གཞན་གྱི་ཕྱོགས་སྔ་མ་འགོད་པ་ནི། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱོགས་སྔ་མ་གཉིས་ཀར་ཡང་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་ཕྱོགས་དག་ཏུའོ། །ཀུན་རྫོབ་ཏུ་སྐྱེ་བ་ཅི་ལྟར་ངེས་པར་བྱ་སྟེ་འགལ་བ་ཡིན་ནོ་ཞེས་པའོ། །དེ་ལ་ལན་བསྟན་

เล่ม ๑๐๔ · หน้า 232a

པར་བྱ་བའི་ཕྱིར། དེ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར་ཞེས་བྱ་བ་ནི་མ་བརྟགས་ན་ཉམས་དགའ་བར་གཞན་ལ་བརྟེན་ནས་སྐྱེ་བ་ཡིན་གྱི། རང་བཞིན་སྐྱེ་བ་ནི་མ་ཡིན་ཏེ་ཕྱོགས་གཉིས་ཆར་ཡང་རང་བཞིན་སྐྱེ་བར་

འགེགས་པར་འདོད་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་བཤད་པའི་ཚུལ་གྱིས་ཞེས་བྱ་བ་ནི་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སོ། །སྲེད་མེད་ཀྱི་བུ་ཞེས་བྱ་བ་ནི་ཁྱབ་འཇུག་སྟེ། འགའ་ཞིག་

གིས་ཁྱབ་འཇུག་འགྲོ་བ་རྣམས་ཀྱི་རྒྱུར་འདོད་པས་སོ། །སོགས་པའི་སྒྲས་ནི་བདག་ལ་སོགས་པ་བསྡུ་བར་བྱའོ། །དེ་ཙམ་ཞིག་ལ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་ལའོ། །འཇིག་རྟེན་གྱི་ཐ་སྙད་མི་བཅད་པའི་དོན་དུ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མ་བརྟེན་ན་འཇིག་རྟེན་

གྱི་ཐ་སྙད་རྒྱུན་ཆད་པར་འགྱུར་བས་སོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་བརྡ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་སྐྱེ་བའི་ཐ་སྙད་དོ། །འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ནི་རྒྱུའི་དངོས་པོ་འདི་ཡོད་ན་འབྲས་བུའི་དངོས་པོ་འདི་འབྱུང་བར་

འགྱུར་བ་ཡིན་གྱི་རང་བཞིན་སྐྱེ་བར་འགྱུར་བ་ནི་མ་ཡིན་པའོ། །འོ་ན་རྟག་པ་ཡང་རྒྱུར་འགྱུར་ཏེ། དབང་ཕྱུག་ཡོད་ན་འབྲས་བུ་ཡོད་པར་འགྱུར་བས་སོ་ཞེ་ན། དེ་ལ་ལན་ནི། འདི་སྐྱེས་པས་འདི་སྐྱེ་སྟེ་ཞེས་བྱ་བ་གསུངས་ཏེ། མི་རྟག་པ་ཁོ་ན་རྒྱུ་ཡིན་གྱི་རྟག་པ་ནི་རྒྱུ་མ་ཡིན་ནོ་ཞེས་པའོ། །དེ་ལ་དཔེས་

བསྟན་པར་བྱ་བའི་ཕྱིར། གང་འདི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དོན་འདི་ཉིད་རིན་པོ་ཆེའི་ཕྲེང་བའི་ཁུངས་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡོད་པས་ན་འདི་འབྱུང་ཞེས་བྱ་བ་ནི་རྒྱུ་ཡོད་ན་འབྲས་བུ་འབྱུང་བའོ། །དེ་དག་རང་བཞིན་གྱིས་གྲུབ་

པ་ནི་མ་ཡིན་ཏེ། ཕན་ཚུན་ལྟོས་པའི་ཕྱིར་རོ། །དེ་ལ་དཔེ་སྟོན་པ་ནི། དཔེ། རིང་པོ་ཡོད་ན་ཐུང་ངུ་བཞིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་འདིར་ཕན་ཚུན་ལྟོས་ནས་འགྲུབ་པ་དེ་བཞིན་དུ་ཡང་ངོ་། །རྟག་པ་རྒྱུར་འདོད་པ་འགེགས་པ་ནི། འདི་སྐྱེས་པས་ན་འདི་སྐྱེས་དཔེར། །ཞེས་བྱ་བ་

เล่ม ๑๐๔ · หน้า 232b

གསུངས་སོ། །བསྟན་བཅོས་ལས་ཞེས་བྱ་བ་ནི་རྩ་བའི་ཤེས་རབ་ལས་སོ། །འདི་ཙམ་ཞིག་ཁོ་ན་ལ་ཞེས་བྱ་བ་ནི་ཕན་ཚུན་ལྟོས་ནས་རྒྱུ་དང་འབྲས་བུའི་དངོས་པོ་ཙམ་མོ། །བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ཞེས་བྱ་བ་ནི་འདིར་ལས་ལ་མ་ལྟོས་པའི་ཅུང་ཟད་ཀྱང་མི་བྱེད་པ་ནི་བྱེད་པ་པོ་ཉིད་མ་ཡིན་པས་

ལས་ལ་ལྟོས་པའི་བྱེད་པ་པོ་ནི་བྱེད་པ་པོ་ཉིད་ཡིན་ནོ། །ལས་ཀྱང་བྱེད་པ་པོ་ལ་མ་ལྟོས་པར་ལས་སུ་བྱ་བ་མི་རིགས་པས་བྱེད་པ་པོ་ཁོ་ན་ལ་ལྟོས་པ་ཡིན་ནོ། །དེས་ན་བྱེད་པ་པོ་དེ་ལ་བརྟེན་ནས་ལས་འབྱུང་བ་ཡིན་ནོ། །དེ་ལྟར་ལས་དང་བྱེད་པ་པོ་དག་ཕན་ཚུན་ལྟོས་ཏེ་གྲུབ་པ་མ་གཏོགས་པ་གྲུབ་པའི་

རྒྱུ་གཞན་ནི་མ་མཐོང་བའོ། །ཅི་ལྟར་ལས་དང་བྱེད་པ་པོ་དག་ཕན་ཚུན་ལྟོས་ནས་གྲུབ་པ་དེ་བཞིན་དུ་དངོས་པོ་གཞན་ལ་ཡང་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཞེས་བྱ་བ་འདིས་ནི་བསྟན་མ་ཐག་པའི་ལས་དང་བྱེད་པ་པོ་དག་བཏགས་པ་ཉིད་

དུ་བསྟན་པ་ཡིན་ནོ། །ཉེར་ལེན་ཞེས་བྱ་བ་འདིས་ནི་ཉེ་བར་ལེན་པས་ན་ཉེ་བར་ལེན་པ་སྟེ་ཞེས་བྱ་བ་བསྟན་པ་ཡིན་ནོ། །དེ་ཡང་རང་གི་སྒྲུབ་པར་བྱེད་པ་བྱེད་པ་པོ་དང་ལེན་པ་པོ་དང་། ཉེ་བར་བླང་བར་བྱ་བ་ལ་མ་ལྟོས་པ་ཡིན་ནོ། །ཉེ་བར་བླང་བར་བྱ་བ་དང་ཉེ་བར་ལེན་པ་པོ་དག་ལས་དང་བྱེད་པ་པོ་བཞིན་

དུ་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན་གྱི་རང་བཞིན་གྱིས་ནི་མ་ཡིན་ནོ། །ཅིའི་ཕྱིར་རང་བཞིན་གྱིས་མ་ཡིན་ཞེ་ན། ལས་དང་བྱེད་པོ་བསལ་ཕྱིར་རོ། །ཞེས་བྱ་བ་བསལ་བ་ནི་སྤངས་པའོ། །དེས་ན་འདིའི་དོན་ནི་རྒྱུ་མཚན་གང་གིས་བྱེད་པ་པོ་དང་ལས་དག་ལ་ཁོ་བོ་ལན་བརྗོད་པའི་རྒྱུ་མཚན་དེ་ཉིད་ཀྱིས་ཉེ་

བར་ལེན་པ་པོ་དང་ཉེ་བར་བླང་བར་བྱ་བ་དག་ཀྱང་བཀག་པར་རིག་པར་བྱའོ། །ཕན་ཚུན་ལྟོས་ནས་གྲུབ་པའི་ཕྱིར་བྱེད་པ་དང་ལས་དག་བཀག་པ་ཡིན་པ་འབའ་ཞིག་ཏུ་མ་བས་ཀྱི་གཞན་ཡང་ཡོད་དོ་ཞེས་སྟོན་པ་ནི། བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་བྱ་བ་སྨོས་ཏེ།

ཤེས་རབ་ཅན་གྱིས་ཞེས་བྱ་བ་ཚིག་གི་ལྷག་མའོ། །ལས་དང་བྱེད་པ་པོ་དང་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བར་བྱ་བ་ལས་མ་གཏོགས་པའི་གང་དངོས་པོ་གཞན་སྐྱེད་པར་བྱེད་པ་དང་། བསྐྱེད་པར་བྱ་བ་དང་། འགྲོ་བ་པོ་དང་། འགྲོ་བ་དང་། མཐོང་བར་བྱ་བ་དང་། མཐོང་བ་དང་། མཚན་ཉིད་དང་།

เล่ม ๑๐๔ · หน้า 233a

མཚན་བྱ་དང་། དེ་བཞིན་དུ་ཆ་ཤས་དང་། ཡོན་ཏན་དང་། ཡོན་ཏན་ཅན་དང་། ཚད་མ་དང་། གཞལ་བྱ་ལ་སོགས་པ་དངོས་པོ་མ་ལུས་པ་དེ་རྣམས་ལས་དང་བྱེད་པ་པོ་དག་དཔྱད་པའི་སྒོ་ནས་རང་བཞིན་གྱིས་ཡོད་པ་ཉིད་བཀག་ནས་ཕན་ཚུན་ལྟོས་ནས་གྲུབ་པར་ཤེས་རབ་

ཅན་གྱིས་རྟོགས་པར་བྱའོ་སྙམ་པ་དེ་ལྟ་བུའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་བླངས་པ་ལ་ཡོན་ཏན་བསྟན་པར་བྱ་བའི་ཕྱིར་དེ་ལྟར་རྐྱེན་ཉིད་འདི་པ་ཙམ་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྐྱེན་འདི་ཉིད་འདི་པ་ཙམ་གྱིས་ཞེས་བྱ་བ་ནི་འདི་ཡོད་པས་ན་འདི་འབྱུང་ངོ་ཞེས་བྱ་བ་འདི་ཙམ་གྱིས་སོ། །

སྐྱེ་བ་ལ་སོགས་པ་ལ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་བདག་ལས་སྐྱེ་བ་ལ་སོགས་པ་བསྡུ་བར་བྱའོ། །རྟག་པ་དང་ཞེས་བྱ་བ་ནི་རྒྱུན་མི་འཆད་པས་སོ། །ཐེར་ཟུག་པ་དང་ཞེས་བྱ་བ་ནི་སྐྱེ་བ་དང་འཇིག་པ་མེད་པས་སོ། །གཉིས་པ་ལ་སོགས་པ་ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་བདག་

དང་བཅས་པ་དང་བདག་མེད་པ་ལ་སོགས་པ་བསྡུ་བར་བྱའོ། །གང་ཕྱིར་དངོས་པོ་ཞེས་བྱ་བ་ལ་སོགས་པ་ལ། རྟོག་པ་འདི་དག་བརྟག་པར་མི་ནུས་པས། །ཞེས་བྱ་བ་ནི་རྟག་པ་ལ་སོགས་པའི་རྟོག་པ་རྣམས་ཏེ། དངོས་པོའི་རང་བཞིན་ཡོད་པར་གྱུར་ན་རྟོག་པ་རྣམས་འཇུག་པར་འགྱུར་བ་ལས་

རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱིས་དངོས་པོའི་རང་བཞིན་མེད་པས་རྟག་པ་ལ་སོགས་པའི་རྟོག་པ་རྣམས་གང་དུ་འཇུག་པར་འགྱུར་ཞེས་པའོ། །རྟེན་འབྱུང་རིགས་པ་འདི་ཡིས་ནི། །ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཉིད་རིགས་པ་ཡིན་པས་སོ། །ལྟ་ངན་དྲ་བ་ཞེས་བྱ་བ་ནི་

རྟག་པ་ལ་སོགས་པའི་ལྟ་བའི་དྲ་བ་རྣམས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་དུ་མ་ཡིན་པ་དེའི་ཕྱིར་ཞེས་བྱ་བ་ནི་བཅོས་མ་མ་ཡིན་པ་དང་། གཞན་ལ་མི་ལྟོས་པ་མ་ཡིན་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་རིགས་པ་འདིས་

ཅི་ལྟར་ལྟ་བ་ངན་པའི་དྲ་བ་གཅོད་པར་འགྱུར་ཞེ་ན། དེ་ལ་ལན་ནི། འདི་ལྟར་རྐྱེན་ཉིད་ཅེས་བྱ་བ་ལ་སོགས་པ་ནི་གསུངས་ཏེ། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་སོ། །དེ་དང་དེ་རྟེན་གང་འབྱུང་བས་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་དང་རྐྱེན་གྱི་དངོས་པོ་དེ་དང་དེ་ལ་བརྟེན་

เล่ม ๑๐๔ · หน้า 233b

ནས་མྱུ་གུ་ལ་སོགས་པ་གང་སྐྱེས་པ་དེ་དག་རང་གི་ངོ་བོར་སྐྱེས་པ་མ་ཡིན་ཞིང་། དེ་ལ་རང་བཞིན་ཡོད་པ་མ་ཡིན་ཏེ། རང་བཞིན་ནི་བཅོས་མ་མ་ཡིན་པ་ལ་སོགས་པ་དང་ལྡན་པས་སོ། །གང་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དེ་ནི་སྐྱེས་པ་ཞེས་ཇི་ལྟར་བརྗོད་པར་བྱ་སྟེ། རང་བཞིན་མེད་པའི་ཕྱིར་

རོ། །དེས་ན་རང་བཞིན་སྐྱེ་བ་མེད་པས་ལྟ་བ་ངན་པའི་དྲ་བ་མཐའ་དག་འགག་པར་འགྱུར་བ་ཡིན་ལ། དབུ་མ་རྩ་བའི་ཤེས་རབ་ཀྱི་ཁུངས་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ་རྒྱུ་དང་རྐྱེན་ལ་ལྟོས་པའི་མྱུ་གུ་དང་

རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་རབ་ཏུ་སྐྱེ་བ་དེ་ངོ་བོ་ཉིད་ཀྱིས་སྐྱེ་བ་ནི་མ་ཡིན་ཏེ། གང་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དེ་སྟོང་པ་ཉིད་དེ་རྐྱེན་གྱིས་བསྐྱེད་པ་ལ་རང་བཞིན་མེད་པས་སོ། །གལ་ཏེ་སྟོང་པ་ཉིད་ཡིན་པ་དེ་ལ་རྒྱུར་བྱས་ནས་བཏགས་པ་ཡིན་ནོ་ཞེས་རྣམ་པར་བཞག་པར་བྱ་སྟེ།

འཁོར་ལོ་ལ་སོགས་པ་ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟ་ཞེས་འདོགས་པ་ཡིན་ལ། དེ་ལ་རང་གི་ཡན་ལག་ལ་བརྟེན་ནས་བཏགས་པ་གང་ཡིན་པ་དེ་ནི་རང་བཞིན་གྱིས་མ་སྐྱེས་པ་ཡིན་ལ། གང་རང་བཞིན་གྱིས་མ་སྐྱེས་པ་དེ་ནི་སྟོང་པ་ཉིད་ཡིན་ནོ། །གང་རང་བཞིན་གྱིས་མ་སྐྱེས་པའི་

མཚན་ཉིད་ཅན་སྟོང་པ་ཉིད་དེ་ཉིད་ལ་དབུ་མའི་ལམ་ཞེས་བརྗོད་པར་བྱ་སྟེ། ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དེ་ལ་ཡོད་པ་ཉིད་མེད་པ་དང་། ངོ་བོ་ཉིད་མ་སྐྱེས་པ་ལ་འཇིག་པ་མེད་པས་མེད་པ་ཉིད་ལ། དེས་ན་དངོས་པོ་དང་དངོས་པོ་མེད་པའི་མཐའ་གཉིས་དང་བྲལ་བའི་ཕྱིར། རང་བཞིན་གྱིས་མ་སྐྱེས་པའི་

མཚན་ཉིད་ཅན་སྟོང་པ་ཉིད་དེ་ཉིད་ལ་དབུ་མའི་ལམ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེས་ན་སྟོང་པ་ཉིད་ཁོ་ན་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། སྟོང་པ་ཉིད་དང་རྒྱུར་བྱས་ནས་བརྟགས་པ་དང་། དབུ་མའི་ལམ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་སོ། །དོན་འདི་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར།

མདོ་སྡེ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་རྐྱེན་ལས་སྐྱེ་བ་དེ་ནི་མ་སྐྱེས་པ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། དེ་ལ་སྐྱེ་བའི་རང་བཞིན་ཡོད་པ་མ་ཡིན་ཞེས་བྱ་བ་གསུངས་ཏེ། རང་བཞིན་བཅོས་མ་མ་ཡིན་ཞིང་། །གཞན་ལ་ལྟོས་པ་ཡོད་མ་ཡིན། །ཞེས་གསུངས་པས་སོ། །དེས་ན་གང་རྐྱེན་

เล่ม ๑๐๔ · หน้า 234a

གྱི་དབང་དུ་གྱུར་པ་དེ་ནི་སྟོང་པ་ཉིད་དོ། །བག་ཡོད་ཡིན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་བག་མེད་པར་མ་གྱུར་པའོ། །གང་གི་ཚེ་དེ་ལྟར། རང་བཞིན་ཁས་མ་བླངས་པ་དེ་ཡི་ཚེ། །ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཡིན་པས་

རང་བཞིན་ཁས་མ་བླངས་པ་དེའི་ཚེ་ཅི་ལྟར་བསྟན་པའི་འདུ་བྱེད་ལ་སོགས་པ་རྣམས་ལ་རང་བཞིན་མེད་པས་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་གང་དུ་འཇུག་པར་འགྱུར་ཞེས་པའོ། །དེ་ཉིད་རྒྱས་པར་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་

གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་མེད་ནའོ། །རྟོག་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། །ཞེས་བྱ་བ་ནི་དེ་རྣམས་དངོས་པོའི་ཡུལ་ཅན་ཡིན་པས་སོ། །དངོས་པོ་ཅི་ལྟར་མེད་པ་ཡོངས་དཔྱད་ཟིན། །ཞེས་བྱ་བ་ནི་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པས་དངོས་པོ་མེད་པ་ཉིད་དུ་

བསྒྲུབ་པས་སོ། །འདི་རྣམས་ཞེས་བྱ་བ་ནི་རྟོག་པའོ། །དེ་ལ་དཔེ་བསྟན་པར་བྱ་བའི་ཕྱིར། དཔེར་ན་བུད་ཤིང་མེད་པར་མེ་ཡོད་མིན་དེ་བཞིན། །ཞེས་བྱ་བ་གསུངས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་གཟིགས་པའི་

ཚུལ་གྱིས་ཞེས་བྱ་བའི་ཆོས་གང་ཡང་མ་གཟིགས་པ་དེ་ཉིད་གཟིགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཆོས་གང་ལ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཁོ་ན་ཉིད་མཐོང་བའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། ཐོག་མ་མེད་པས་གོམས་པ་ཞེས་

བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པར་རྟོག་པ་ལོག་པ་ཙམ་གྱི་འབྲས་བུ་དེ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གཞན་གྱིས་ཞེས་བྱ་བ་ནི། ཡོད་པའི་རང་བཞིན་གྱིས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་རྣམ་པར་རྟོག་པ་ལོག་པ་དེའི་

ཕྱིར་རོ། །རྟོག་པས་བཅིངས་ཞེས་བྱ་བ་ནི་དངོས་པོ་ལ་མངོན་པར་ཞེན་པས་འདོད་ཆགས་ལ་སོགས་པའི་རྣམ་པར་རྟོག་པའི་སྒོ་ནས་འཁོར་བར་ལྟུང་བར་བྱེད་པས་སོ། །མི་རྟོག་རྣལ་འབྱོར་པས་ནི་གྲོལ་འགྱུར་བས། །ཞེས་བྱ་བས་ནི་རྣལ་འབྱོར་པས་དངོས་པོར་མི་རྟོག་ཅིང་འདོད་ཆགས་ལ་སོགས་

เล่ม ๑๐๔ · หน้า 234b

པའི་རྣམ་པར་རྟོག་པ་ལོག་པས་འཁོར་བ་ལས་གྲོལ་བར་འགྱུར་རོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཉིད་འདི་ཞེས་བྱ་བ་ནི་དངོས་པོ་རང་བཞིན་མེད་པ་ཉིད་ཀྱིས་རྣམ་པར་རྟོག་པ་ལྡོག་པ་མེད་པའི་མཚན་ཉིད་

ཅན་ནོ། །ཇི་སྐད་དུ་ཞེས་བྱ་བ་ནི་བཞི་བརྒྱ་པ་ལས་སོ། །དངོས་པོ་ཞེས་བྱ་བ་ལ་སོགས་པ་ནི་དེ་ཁོ་ན་ཉིད་མཐོང་བའི་དོན་དུ་སྟོང་པ་ཉིད་གསུངས་ན་དེ་ཁོ་ན་ཉིད་ནི་རང་བཞིན་ཏེ། ངོ་བོ་ཉིད་ཡིན་ལ། རང་བཞིན་དེ་དངོས་པོ་འགའ་ཞིག་ཡོད་པར་འགྱུར་ན། དེའི་ཚེ་དེ་ཉིད་དོན་དམ་པ་ཡིན་པའི་ཕྱིར་

དེ་མཐོང་བ་ཁོ་ན་གྲོལ་བར་འདོད་པ་རྣམས་ལ་བདེ་ལེགས་སུ་འགྱུར་བ་ཡིན་གྱི། སྟོང་པ་ཉིད་མཐོང་བས་ནི་གྲོལ་བ་མ་ཡིན་ཏེ། དེའི་ཚེ་ཡོན་ཏན་གྱི་དོན་དུ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་སྐུར་པ་འདེབས་པ་ལ་ཞུགས་པའི་ཕྱིར་སྐྱོན་འདི་ཁོ་ནའི་དོན་དུ་འགྱུར་བ་ཡིན་ལ། གང་གི་ཚེ་དངོས་པོ་རང་

བཞིན་མེད་པ་རྣམས་ཕྱིན་ཅི་ལོག་གི་དབང་གིས་རང་བཞིན་དང་བཅས་པར་སྣང་བ་ནི་འཇིག་རྟེན་པའི་མངོན་པར་ཞེན་པའི་རྒྱུར་འགྱུར་བ་ཡིན་ནོ། །དེས་ན་འཁོར་བའི་རྒྱུན་འཇུག་པ་ཡིན་ནོ། །དངོས་པོར་ཞེན་པའི་རྒྱུན་ཅན་གྱི་ལས་དང་ཉོན་མོངས་པ་དག་ལས་སྐྱེ་བའི་རྒྱུན་འབྱུང་བ་ཡིན་པས་སོ། །

དེས་ན་རང་བཞིན་མེད་པ་གསལ་བར་བྱེད་པའི་བསྟན་བཅོས་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དག་གསལ་བའི་སྒོ་ནས་རང་བཞིན་མེད་པའི་དངོས་པོ་རྣམས་རང་བཞིན་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །འཇིག་རྟེན་པ་རྣམས་ཀྱི་དངོས་པོའི་རང་བཞིན་མེད་པ་རྣམས་རང་བཞིན་མེད་པ་ཉིད་དུ་རྟོགས་

ནས་གཟུགས་བརྙན་ལ་སོགས་པ་བཞིན་དུ་དངོས་པོ་རྣམས་ལ་མངོན་པར་ཞེན་པ་མེད་ཅིང་དངོས་པོ་ལ་མངོན་པར་ཞེན་པའི་རྒྱུ་ཅན་ལས་དང་ཉོན་མོངས་པ་དག་ཟད་པ་ལས་འདོད་ཆགས་ལ་སོགས་པའི་འཆིང་བ་མཐའ་དག་རྒྱུན་ཆད་པའི་སྒོ་ནས་ངེས་པར་གྲོལ་བར་འགྱུར་བའོ། །དེས་ན་བསྟན་

བཅོས་འདིར་དངོས་པོ་རྣམས་རང་བཞིན་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྐུར་པ་འདེབས་པ་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། རྟོག་པ་མཐོང་བས་འཆིང་བ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་པ་མ་ཡིན་པའི་དངོས་པོ་ལ་

เล่ม ๑๐๔ · หน้า 235a

སྒྲོ་འདོགས་པ་ལ་རྟོག་པ་ཞེས་བྱ་ལ། དེའི་སྒོ་ནས་སེམས་ཅན་རྣམས་བཅིངས་པ་རྟོགས་ནས་རྟོག་པ་དེ་ལྡོག་པའི་ཆེད་དུ་སེམས་ཅན་རྣམས་སྡུག་བསྔལ་བས་སྡུག་བསྔལ་བ་ཐུགས་རྗེ་ཆེན་པོ་མངའ་བ་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་

ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མི་གནོད་པར་དངོས་པོ་རྣམས་རང་བཞིན་མེད་པ་ཉིད་དུ་སེམས་ཅན་རྣམས་ལ་འཁོར་བའི་སྡུག་བསྔལ་རྒྱུན་བཅད་པར་བྱ་བའི་དོན་དུ་གསུང་བར་མཛད་པ་ཡིན་ནོ་ཞེས་པའོ། །དེས་གསུངས་པའི་མདོར་བསྡུས་པའི་དོན་ནི་འདི་ཡིན་ནོ་ཞེས་སློབ་དཔོན་གྱིས་

བསྟན་བཅོས་འདི་འཆད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་བསྟན་བཅོས་ནི་རྣམ་པར་རྟོག་པ་ལྡོག་པའི་ཆེད་དུ་ཡིན་པ་དེའི་ཕྱིར་རོ། །དཔྱད་ཅེས་བྱ་བ་ནི་ཆོས་ཀྱི་རང་བཞིན་གྱི་ཡུལ་ཅན་གྱི་ཡོངས་སུ་དཔྱོད་པའོ། །རྩོད་ལ་ཆགས་པའི་ཕྱིར་ཞེས་བྱ་བ་ནི་རང་གི་ཕྱོགས་རྣམ་པར་

གཞག་པ་དང་། གཞན་གྱི་ཕྱོགས་བཟློག་པའི་རང་བཞིན་ཅན་གྱི་རྩོད་པ་ལ་ཆགས་པའི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ནོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་དཔྱོད་པ་ཤིན་ཏུ་ཆེར་མཛད་

པ། །ཞེས་བྱ་བ་ནི་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པའོ། །དེ་ནི་རྩོད་ལ་ཆགས་པ་སྟེ། །ཞེས་བྱ་བའི་བཤད་པ་ནི་གཞན་ཟིལ་གྱིས་གནོན་པར་འདོད་པས་མ་མཛད་དོ་ཞེས་བྱ་བའོ། །ཐར་པ་ཐོབ་པར་གྱུར་ན་ཅི་མ་རུང་། །ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ལོག་ནས་སོ། །

དེ་ལས་གཞན་དག་གི་ཕྱོགས་སྔ་མ་འགོད་པ་ནི། གལ་ཏེ་ཁྱོད་ཀྱིས་ཞེས་བྱ་བ་གསུངས་ཏེ། བཀོད་ཅིང་བཀོད་ཅིང་ཞེས་བྱ་བ་ནི་ཕྱོགས་སྔ་མ་བཀོད་ཅིང་བཀོད་ཅིང་སྟེ་འདི་ལྟར་བདག་ལས་སྐྱེ་བ་འགོག་པའི་གནས་སྐབས་ན་གལ་ཏེ་འདི་སྙམ་དུ་མྱུ་གུ་སྐྱེ་བ་ལས་ཕན་འདོགས་པའི་ཆུ་ལ་སོགས་པའི་

རྐྱེན་རྣམས་ཞེས་བྱ་བ་ལ་སོགས་པས་ཕྱོགས་སྔ་མར་བཀོད་པར་མཛད་པ་དང་། དེ་བཞིན་དུ་གཞན་ལས་སྐྱེ་བ་འགོག་པའི་གནས་སྐབས་ན་གང་། གཞན་དག་ལས་ནི་ག་ལ་ཞིག །ཅེས་བྱ་བ་ལ་སོགས་པ་གང་བརྗོད་པ་དེ་ནི་མི་རིགས་སོ་ཞེས་བྱ་བ་ལ་སོགས་པས་ཕྱོགས་སྔ་མ་འགོད་པ་

เล่ม ๑๐๔ · หน้า 235b

ཡིན་ནོ། །དེས་ན་བསྟན་བཅོས་རྩོད་པའི་དོན་དུ་ཅིའི་ཕྱིར་མ་ཡིན་ཞེ་ནའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་དོན་ནི་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པས་དངོས་པོ་རྣམས་སྐྱེ་བ་བཀག་པའི་སྒོ་ནས་སྟོང་པ་

ཉིད་ཀྱི་མཚན་ཉིད་ཅན་གྱི་དོན་བསྟན་ནས། དངོས་པོ་རང་བཞིན་གྱིས་ཞིག་པར་འགྱུར་བས་ཁོ་བོ་ཅག་ལ་ཉེས་པ་ཅི་ཞིག་ཡོད་ཅེས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། གལ་ཏེ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་སྐད་དུ་ཞེས་བྱ་བ་ནི་བཞི་བརྒྱ་པ་ལས་སོ། །

ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པ་མཛད་ཕྱིར་གསུངས་མ་ཡིན། །ཞེས་བྱ་བ་ནི་གལ་ཏེ་ཆོས་འདི་རྩོད་པ་བྱ་བའི་ཆེད་དུ་གསུངས་པར་གྱུར་ན་དེའི་ཚེ་ལྟ་བ་ངན་པ་ཐམས་ཅད་རབ་ཏུ་གཞོམ་པའི་ཕྱིར་ཆོས་བསྟན་པ་ཡིན་ནོ་ཞེས་བྱ་བར་འགྱུར་བ་ཡིན་པ་ལས་རྩོད་པའི་ཆེད་དུ་

གསུངས་པ་ནི་མ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་ཉིད་དུ་གསུངས་པའི་ཕྱིར་རོ། །དེ་ལྟར་ཡིན་དུ་ཟིན་ཀྱང་། འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །འདི་ཡིས་ཕས་ཀྱི་རྒོལ་བ་སྲེག །ཅེས་བྱ་བ་གསུངས་ཏེ། ཆོས་འདི་རྩོད་པ་མཛད་པའི་ཆེད་དུ་མ་གསུངས་ཀྱང་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་

གཅོད་པ་ཡིན་ཏེ། དཔེར་ན་མེ་དོན་དུ་གཉེར་བ་ནི་འཚེད་པ་ལ་སོགས་པའི་དོན་དུ་ཡིན་གྱི་བུད་ཤིང་བསྲེག་པའི་དོན་དུ་མ་ཡིན་ནོ། །དེ་ལྟར་ན་ཡང་རང་གི་འདོད་པའི་འབྲས་བུ་སྒྲུབ་པར་བྱེད་ཅིང་སྲེག་པར་བྱེད་པའི་རང་བཞིན་ཅན་ཡིན་པས་བུད་ཤིང་ཡང་སྲེག་པར་བྱེད་པ་ཡིན་ནོ། །མེ་ཅི་ལྟ་བ་དེ་

བཞིན་དུ་ཆོས་ཐམས་ཅད་བདག་མེད་པར་ཤེས་པ་ཡང་དད་པ་ཅན་གྱི་རྒྱུད་ལ་སྐྱེ་ཞིང་ཤེས་པར་བྱའོ། །དེ་ལྟར་མ་ཡིན་ཏེ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་དོན་དུ་མ་ཡིན་ནོ། །རྟོག་པ་ལྡོག་པ་ཉིད་མི་སྲིད་དོ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་གི་རྣམ་པར་རྟོག་པ་འཇུག་པས་སོ། །དེ་ཉིད་སྟོན་པ་ནི། ཅིའི་

ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་ལྟ་བ་ལ་འཁྲུག་གང་། །ཞེས་བྱ་བ་ནི་རྟོག་པ་ཉིད་ཡིན་ནོ་ཞེས་སྦྱར་བར་བྱའོ། །རྩོད་པའི་ཆེད་དུ་མ་མཛད་ལ་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། གང་གི་ཚེ་ཆོས་འདི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་སྐད་དུ་ཞེས་བྱ་བ་ལ་

เล่ม ๑๐๔ · หน้า 236a

སོགས་པ་ནི་འཕགས་པ་ལྷའི་ཞབས་ཀྱིས་སོ། །རྩོད་མེད་ཆེ་བའི་བདག་ཉིད་ཅན། །ཞེས་བྱ་བ་ནི་བདག་ཉིད་ཆེན་པོ་འཕགས་པ་རྣམས་ལ་ནི་རྩོད་པ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་འཕགས་པ་རྣམས་ལ་ཡོད་པ་དང་མེད་པ་ལ་སོགས་པའི་ཕྱོགས་འགའ་ཡང་ཡོད་

པ་མ་ཡིན་པས་སོ། །གང་ལ་ཕྱོགས་ཡོད་པ་མ་ཡིན་པ་དེ་ལ་གཞན་གྱི་ཕྱོགས་ལྟ་ག་ལ་ཡོད་དེ། གཞན་གྱི་ཕྱོགས་ནི་རང་གི་ཕྱོགས་ལ་ལྟོས་ནས་འཇོག་པ་ཡིན་པས་སོ། །དེས་ན་རང་གི་ཕྱོགས་དང་གཞན་གྱི་ཕྱོགས་དག་མེད་པས་རྩོད་པ་མེད་པའི་ཆེད་དུ་བྱ་བའི་བདག་ཉིད་ཅན་རྣམས་

སོ། །དེའི་ཕྱིར་ཆོས་འདི་ནི་རྩོད་པ་མཛད་པའི་ཕྱིར་གསུངས་པ་མ་ཡིན་ནོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྡུ་ན་ཕྱོགས་ནི་རྣམ་པ་གཉིས་ཏེ། རང་གི་ཕྱོགས་དང་། གཞན་གྱི་ཕྱོགས་སོ། །དེ་ལ་གལ་ཏེ་སྟོང་པ་ཉིད་ཀྱི་ཕྱོགས་དག་ལེགས་པ་ཡིན་ནོ་ཞེས་རང་གི་ཕྱོགས་ལ་

ཆགས་པ་ཡོད་ན་གཞན་གྱི་ཕྱོགས་ཕྱིན་ཅི་ལོག་ཡིན་པས་ཁྱོད་མི་དགའ་བ་དེའི་ཕྱིར་མྱ་ངན་ལས་འདས་པར་འགྲོ་བ་མ་ཡིན་ཏེ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དག་གིས་ཉེ་བར་བཅོམ་པའི་གཉིས་ལ་དཔྱོད་པ་ལ་མྱ་ངན་ལས་འདས་པ་ཡོད་པ་མ་ཡིན་པས་སོ། །ཐམས་ཅད་ལ་བཏང་སྙོམས་

པས་ཆགས་པ་དང་སྡང་བ་དག་བཅད་ནས་ལྡོག་པ་མེད་པ་བདེ་བ་དང་རོ་གཅིག་པ་ཞི་བ་ཉིད་ཐོབ་པ་ཡིན་ནོ། །གང་ལ་འདོད་ཆགས་དང་ཞེ་སྡང་དག་ཡོད་པ་དེས་མྱ་ངན་ལས་འདས་པ་ཐོབ་པ་མ་ཡིན་ནོ་ཞེས་མདོའི་ཁུངས་ཀྱི་སྒོ་ནས་སྟོན་པ་ནི། མདོ་སྡེ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

གང་ལུང་འདིར་ཆོས་འདི་ཐོས་ནས་རྗེས་སུ་ཆགས་ཤིང་འདོད་ཆགས་སྐྱེད་པ་དང་། མུ་སྟེགས་པའི་བསྟན་བཅོས་ལས་བསྟན་པའི་ཆོས་མ་ཡིན་པ་ཐོས་ནས་ཁོང་ཁྲོ་སྐྱེད་པར་བྱེད་པའི་རྣམ་པ་དེ་ལྟ་བུའི་ང་རྒྱལ་དང་རྒྱགས་པས་བཅོམ་པ་དེ་ནི་ངན་སོང་དུ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་

པའོ། །དེ་ལྟར་ཆོས་ཀྱི་བདག་མེད་པ་བསྟན་ནས། ད་ནི་གང་ཟག་གི་བདག་མེད་པ་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུང་དང་རིགས་པ་དག་གིས་ཞེས་བྱ་བ་ལ་སོགས་པ་རིགས་པ་ནི་བདག་ལས་མ་ཡིན་གཞན་ལས་མིན་ཞེས་བྱ་བ་ལ་སོགས་

เล่ม ๑๐๔ · หน้า 236b

པས་སོ། །ལུང་ནི་ཇི་སྐད་དུ་འཕགས་པ་ས་བཅུ་པའི་མདོ་ལས་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལ་གང་ཟག་གི་བདག་མེད་པ་སྟོན་པའི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། ཉོན་མོངས་སྐྱོན་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་ཚོགས་ལ་ལྟ་བས་འབྱུང་བར་ཞེས་བྱ་བ་ནི་

བདག་དང་བདག་གི་བར་ལྟ་བ་ལས་སྐྱེས་པར་རོ། །ཉོན་མོངས་སྐྱོན་རྣམས་མ་ལུས་ཞེས་བྱ་བ་ནི་ཁམས་གསུམ་པའི་འདོད་ཆགས་ལ་སོགས་པ་རྣམས་དང་། སྐྱེ་བ་ལ་སོགས་པ་རྣམས་སོ། །འདིའི་ཡུལ་དུ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བའི་ཡུལ་དུའོ། །རྣལ་འབྱོར་པ་ཡིས་

བདག་ནི་འགོག་པར་བྱེད། །ཅེས་བྱ་བ་ནི་བདག་བཀག་པའི་སྒོ་ནས་འཇིག་ཚོགས་ལ་ལྟ་བ་འགོག་པར་བྱེད་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ང་དང་ངའི་སྙམ་པའི་རྣམ་པ་ཅན་གྱི་ཤེས་རབ་ཉན་ཐོས་ལ་སོགས་པ་ལ་ཡོད་

པས། དེའི་ཕྱིར་ཉོན་མོངས་པ་ཅན་ཞེས་བྱ་བ་གསུངས་ཏེ། ཉན་ཐོས་ལ་སོགས་པ་ལ་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་མེད་པས་དེ་རྣམས་ཀྱི་འཇིག་ཚོགས་ལ་ལྟ་བར་ཐལ་བར་མི་འགྱུར་བའོ། །ཉོན་མོངས་པ་ལ་སོགས་པ་རྣམས་འཇིག་ཚོགས་ལ་ལྟ་

བའི་རྒྱུ་ཡིན་པ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཉོན་མོངས་པ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཞེས་བྱ་བ་ལ་སོགས་པ་ལ། ཕྱི་མ་ཕྱི་མ་སྔ་མ་སྔ་མའི་བཤད་པ་ཡིན་པར་ཤེས་པར་བྱའོ། །འདུ་བྱེད་མངོན་པར་གྲུབ་

པའི་ཕྱིར་དང་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་རྣམས་མངོན་པར་འགྲུབ་པའི་ཕྱིར་རོ། །མ་ལུས་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང་སྐྱོན་ནོ། །བདག་གི་བདག་མེད་པ་ཉིད་ཁོང་དུ་ཆུད་པ་ལ་ཞེས་བྱ་བ་ནི་བདག་གི་སྟོང་པ་ཉིད་ཁོང་དུ་ཆུད་པས་སོ། །བདག་ཅེས་བྱ་བ་ནི་ཅི་ཞིག་ཅེས་བྱ་བའི་

བཤད་པ་ནི། བདག་དེ་ཅི་ཞིག་ཅེས་པ་དེ་ཉིད་མི་ཤེས་སོ་ཞེས་བྱ་བའོ། །དེ་ལ་གཞན་གྱི་ཀུན་བརྟགས་པའི་བདག་གི་རང་བཞིན་བསྟན་པར་བྱ་བའི་ཕྱིར། དེ་ལ་རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟག་དངོས་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་འགྱུར་བ་མེད་པས་སོ། །བྱེད་པ་པོ་མིན་

เล่ม ๑๐๔ · หน้า 237a

ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རྣམ་པས། རང་བཞིན་ལ་སོགས་པ་རྣམས་བྱེད་པ་པོ་འདི་ཉིད་དུ་ཁས་ལེན་པས་སོ། །ཟ་བ་པོ་ཞེས་བྱ་བ་ནི་ཡུལ་ལ་ཉེ་བར་ལོངས་སྤྱོད་པས་སོ། །ཡོན་ཏན་མེད་ཅེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་དང་གཏི་མུག་གི་རང་བཞིན་

ཅན་གྱི་ཡོན་ཏན་མེད་པས་སོ། །བྱ་མེད་ཅེས་བྱ་བ་ནི་ཐམས་ཅད་ལ་ཁྱབ་པའི་ཕྱིར་ཡུལ་གཞན་དུ་འགྲོ་བའི་མཚན་ཉིད་ཅན་གྱི་བྱ་བ་མེད་པས་སོ། །དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །ཞེས་བྱ་བ་ནི་ཡོན་ཏན་དང་བཅས་པ་ཉིད་དང་བྱ་བ་དང་བཅས་པ་ཉིད་ལ་སོགས་པའོ། །འདི་ནི་

འགྲེལ་པས་གསལ་བར་འཆད་དོ། །ལུགས་ནི་ཞེས་བྱ་བ་ནི་རྣམ་པར་གཞག་པའོ། །དེ་ལ་གྲངས་ཅན་པ་རྣམས་ཀྱིས་བདག་གི་རྣམ་གཞག་བསྟན་པར་བྱ་བའི་ཕྱིར། དེ་ལ་གྲངས་ཅན་པ་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་བའི་རང་བཞིན་ཞེས་བྱ་བ་ལ། རྩ་བ་སྨོས་པ་ནི་དེ་ལ་

རྒྱུ་གཞན་མེད་པས་འདི་ཉིད་ཐམས་ཅད་ཀྱི་རྒྱུ་ཡིན་ནོ་ཞེས་པའི་དོན་ཏོ། །རྣམ་པར་འགྱུར་མིན་ལ་ཞེས་བྱ་བ་ནི་རྣམ་པར་འགྱུར་བ་ལ་མི་བརྟེན་པས་རྟག་པ་ཡིན་ནོ་ཞེས་པའོ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང་། །ཞེས་བྱ་བ་ལ་དེ་ལ་ཆེན་པོའི་སྒྲ་ནི་བློ་བརྗོད་པ་ཡིན་ལ། དེས་

ན་བློ་དང་ང་རྒྱལ་དང་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲི་ཞེས་བྱ་བ་སྟེ་བདུན་ནི་འབྲས་བུ་གཞན་བྱེད་པའི་ཕྱིར་རང་བཞིན་ཡིན་ལ། རང་བཞིན་གྱིས་དེ་རྣམས་བྱེད་པ་ཡིན་པས་རྣམ་འགྱུར་ཞེས་ཀྱང་བརྗོད་པར་བྱའོ། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །ཞེས་བྱ་བ་ནི་ངག་དང་། ལག་

པ་དང་། རྐང་པ་དང་། རྐུབ་དང་། མདོམས་ཏེ། ལས་ཀྱི་དབང་པོ་ལྔ་དང་། རྣ་བ་དང་། པགས་པ་དང་། མིག་དང་། ལྕེ་དང་། སྣ་སྟེ་བློའི་དབང་པོ་ལྔ་དང་། ནམ་མཁའ་དང་། རླུང་དང་། མེ་དང་། ཆུ་དང་། ས་ཞེས་བྱ་བ་སྟེ་འབྱུང་བ་ཆེན་པོ་དང་། ཡིད་དེ་བཅུ་དྲུག་པོ་ནི་

རྣམ་པར་འགྱུར་བ་ཁོ་ན་ཡིན་གྱི་རང་བཞིན་མ་ཡིན་ཏེ། གཞན་གྱི་འབྲས་བུ་ཡིན་པ་དང་འདི་གཞན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་བྱ་བ་ནི་བྱེད་པ་པོ་མ་ཡིན་པ་དང་རྟག་པའི་ཕྱིར་གཞན་གྱིས་རྣམ་འགྱུར་བྱར་མེད་པས་སོ། །དེ་ཉིད་འགྲེལ་པས་བསྟན་

เล่ม ๑๐๔ · หน้า 237b

པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་བྱེད་པས་ན་རང་བཞིན་ནོ་ཞེས་བྱ་བའི་འབྲས་བུ་སྐྱེད་པར་བྱེད་པས་ན་ཞེས་བྱའོ། །སྐྱེས་བུའི་འདོད་པ་མཐོང་བའི་དུས་སུའོ། །ཞེས་བྱ་བ་ནི་གང་གི་ཚེ་སྐྱེས་བུ་ལ་ཡུལ་ལ་འདོད་པ་སྐྱེས་པ་མཐོང་བ་དེའི་ཚེ་དེ་ཉིད་བསྟན་

པར་བྱ་བའི་ཕྱིར། གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་རེག་བྱ་ལ་སོགས་པ་བསྡུ་བར་བྱའོ། །རང་བཞིན་དང་སྐྱེས་བུ་སྦྱོར་ཞིང་ཞེས་བྱ་བ་ནི་ཐེང་པོ་དང་ལོང་པ་བཞིན་དུ་བསྡེབས་ནས་ཏེ། ཇི་ལྟར་ཐེང་པོ་རང་ཉིད་ཀྱིས་འགྲོ་མི་ནུས་ལ་ལོང་བས་

ཀྱང་མི་མཐོང་བའི་ཕྱིར་གཅིག་པུས་བྱ་བ་བྱེད་མི་ནུས་པས་གཉིས་བསྡེབས་ནས་འགྲོ་བ་ལ་སོགས་པའི་བྱ་བ་བྱེད་པ་དེ་བཞིན་དུ་སྐྱེས་བུས་རང་བཞིན་ལ་བསྐུལ་ནས་རང་བཞིན་གྱིས་སྒྲ་ལ་སོགས་པའི་ཡུལ་རྣམས་འབྱིན་པར་བྱེད་པའོ། །དེ་ལ་ཚུལ་ནི་འདི་ཡིན་ཏེ། །ཞེས་བྱ་བ་ནི། དེ་ལ་འབྱིན་

པར་བྱེད་པའི་རིམ་པ་ནི་འདི་ཡིན་ནོ་ཞེས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། རང་བཞིན་ལས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆེན་པོ་ཞེས་བྱ་བ་ནི་བློ་ཡིན་ཏེ་འདི་ནི་བུམ་པའོ། །འདི་ནི་སྣམ་བུའོ་ཞེས་བྱ་བར་ཡུལ་ངེས་པའི་མཚན་ཉིད་ཅན་ནོ། །དེ་ལས་ང་རྒྱལ་ལོ་ཞེས་བྱ་བ་ནི་ཆེན་

པོ་ལས་ང་རྒྱལ་སྐྱེ་བ་ཡིན་ལ། དེ་ཡང་བདག་སྐལ་བ་དང་ལྡན་པར་བལྟ་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ཅན་ནོ། །དེ་ལས་བཅུ་དྲུག་པོའི་ཚོགས་སོ་ཞེས་བྱ་བ་ནི་ང་རྒྱལ་དེ་ལས་ཀྱི་དབང་པོ་ལྔ་དང་། བློའི་དབང་པོ་ལྔ་དང་། དེ་ཙམ་ལྔ་དང་། ཡིད་དེ་བཅུ་དྲུག་པོའི་ཚོགས་

སྐྱེ་བའོ། །དེ་ལ་ཡིད་ནི་ཀུན་ཏུ་རྟོག་པའི་མཚན་ཉིད་ཅན་ཡིན་ཏེ། དཔེར་ན་བྲམ་ཟེ་ཕྲུ་གུས་གྲོང་གཞན་སྟོན་མོ་ཡོད་དོ་ཞེས་ཐོས་པ་ཡིན་ལ་དེར་ང་འགྲོའོ་སྙམ་པའི་རྣམ་པར་རྟོག་པ་ཡིན་ལ། ཅི་དེ་ན་བུ་རམ་དང་ཞོ་ཡོད་དམ་འོན་ཏེ་ཞོ་ཡོད་སྙམ་པའི་ཀུན་ཏུ་རྟོག་པའི་མཚན་ཉིད་ཅན་གྱི་ཡིད་དོ། །

ལྔ་ལས་ནི་འབྱུང་བ་ལྔ་སྟེ་ཞེས་བྱ་བ་ནི་མདོར་བསྟན་པའོ། །དེ་ཉིད་རྒྱས་པར་སྟོན་པ་ནི། སྒྲ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲ་ལས་ནམ་མཁའ་དང་། རེག་བྱ་ལས་རླུང་དང་། གཟུགས་ལས་མེ་དང་། རོ་ལས་ཆུ་དང་། དྲི་ལས་སའོ་ཞེས་དེ་ཙམ་ལྔ་ལས་འབྱུང་བ་རྣམ་པ་ལྔ་

เล่ม ๑๐๔ · หน้า 238a

སྐྱེ་བའོ། །རང་བཞིན་གྱི་དོན་བསྟན་པར་བྱ་བའི་ཕྱིར། རྣམ་པར་འགྱུར་མིན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རབ་ཏུ་བྱེད་པ་ཁོ་ན་ཡིན་གྱི་ཞེས་བྱ་བ་ནི་ཆེན་པོ་ལ་སོགས་པའི་འབྲས་བུ་བྱེད་པ་ཁོ་ནའོ། །རྣམ་པར་འགྱུར་བ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་རྟག་པ་ཡིན་པས་རྣམ་

འགྱུར་ལ་བརྟེན་པ་མ་ཡིན་ནོ་ཞེས་བྱའོ། །རང་གི་རྣམ་པར་འགྱུར་བ་ལ་ལྟོས་ནས་ཞེས་བྱ་བ་ནི་ང་རྒྱལ་ལ་སོགས་པའི་རྣམ་འགྱུར་ལ་ལྟོས་ནས་སོ། །རང་བཞིན་ལ་ལྟོས་ནས་རྣམ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་དེས་རྣམ་པར་བསྒྱུར་བར་བྱ་བ་ཡིན་པས་སོ། །བློའི་དབང་པོ་ལ་སོགས་པ་ཞེས་བྱ་བ་ལ་

སོགས་པའི་སྒྲས་ནི་ལས་ཀྱི་དབང་པོ་ལྔ་དང་འབྱུང་བ་ཆེན་པོ་ལྔ་དང་ཡིད་བསྡུ་བར་བྱའོ། །རྣམ་པར་འགྱུར་བ་ཁོ་ན་སྟེ། །ཞེས་བྱ་བ་ནི་གཞན་གྱི་རྒྱུ་མ་ཡིན་པས་སོ། །དེ་ཉིད་ཀྱི་ཕྱིར་ནའི་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་རྒྱུ་མ་ཡིན་པ་དང་།

རྟག་པ་ཡིན་པའི་ཕྱིར་རོ། །རིམ་པ་འདིས་ཞེས་བྱ་བ་ནི། རང་བཞིན་ལས་ནི་ཆེན་པོའོ། །ཞེས་བྱ་བ་ལ་སོགས་པས་སོ། །རྣམ་པར་འགྱུར་བའི་ཚོགས་ཞེས་བྱ་བ་ནི་ཆེན་པོ་ལ་སོགས་པའོ། །སྐྱེས་བུ་ཅི་ལྟར་ལོངས་སྤྱོད་པ་པོ་ཡིན་སྙམ་ནས་དྲི་བ་ནི། འདོད་པ་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་

གསུངས་སོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར་ན། རྣ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་ཀྱིས་བྱིན་གྱིས་བརླབས་པ་དག་གིས་ཞེས་བྱ་བ་ནི་སྒྲ་ལ་སོགས་པ་རྟོགས་པར་གྱུར་ཅིག་ཅེས་ཡིད་ཀྱིས་བྱིན་གྱིས་རློབ་པའོ། །ཡོངས་སུ་གཟུང་བའི་ཞེས་བྱ་བ་ནི་རྣ་བ་ལ་

སོགས་པ་འཇུག་པ་ཙམ་གྱི་སྒོ་ནས་དམིགས་པའོ། །བློས་ཞེན་པར་བྱེད་ལ་ཞེས་བྱ་བ་ནི་སྒྲ་ལ་སོགས་པ་འདིའོ་ཞེས་མངོན་པར་ཞེན་པར་བྱེད་པའོ། །སྐྱེས་བུ་སེམས་པར་བྱེད་དེ་ཞེས་བྱ་བ་ནི་མངོན་པར་ཞེན་པར་བྱེད་པའི་སྒྲ་ལ་སོགས་པའི་རང་བཞིན་ཤེས་པར་བྱེད་པའོ། །འདིའི་དོན་ནི་ཡིད་

ཀྱིས་བྱིན་གྱིས་བརླབས་པའི་རྣ་བ་ལ་སོགས་པས་འཇུག་པས་གང་གི་ཚེ་གཟུགས་ལ་སོགས་པ་ལ་དམིགས་པ་དེའི་ཚེ་མངོན་པར་ཞེན་པའི་རང་བཞིན་ཅན་མེ་ལོང་ངོས་གཉིས་པ་དང་འདྲ་བའི་བློ་འཇུག་པ་ཡིན་ལ། གང་ལ་ཡུལ་གྱི་གྲིབ་མ་འཆར་བ་དང་། སྐྱེས་བུའི་གྲིབ་མ་འཆར་བའོ། །དེས་ན་

เล่ม ๑๐๔ · หน้า 238b

གཟུགས་བརྙན་གཉིས་ཕྲད་པ་ནི་གནས་སྐབས་ན་ཡུལ་ཉམས་སུ་མྱོང་བའི་མཚན་ཉིད་ཅན་ལོངས་སྤྱོད་པར་འགྱུར་བའོ། །དེས་ན་སྐྱེས་བུ་ནི་སེམས་པ་ཡོད་པའི་རང་བཞིན་ཡིན་པས་ཡུལ་ཉེ་བར་ལོངས་སྤྱོད་པའོ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་འཁོར་བར་སྐྱེ་བའི་རིམ་པ་བསྟན་ནས་འདོད་ཆགས་

དང་བྲལ་བའི་རིམ་པ་བསྟན་པར་བྱ་བའི་ཕྱིར། དེ་ལྟར་འདོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་རྣ་བ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པས་བརྗོད་པའི་རིམ་པས་སོ། །བསམ་གཏན་བསྒོམས་ཤིང་ལྷའི་ཤེས་པ་ཡང་དག་པར་བླངས་པ་ཞེས་བྱ་བ་ནི་བསམ་གཏན་གྱི་

སྟོབས་ཀྱིས་ཡང་དག་པར་བླངས་པ་སྟེ་བསྐྱེད་པ་ལྷའི་མིག་གི་ཤེས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་བལྟས་པ་དང་ཞེས་བྱ་བ་ནི་རང་བཞིན་ལ་བལྟས་པ་ནའོ། །རང་ཉིད་ཕྱིར་ནུར་བྱེད་ཅིང་ཞེས་བྱ་བ་ནི་རང་བཞིན་དེ་རང་གི་བདག་ཉིད་ཕྱིར་ནུར་བའོ། །དེ་ཉིད་དུ་ཞེས་བྱ་བ་ནི་རང་བཞིན་ལའོ། །

རྣམ་པར་འགྱུར་བའི་ཚོགས་ཞེས་བྱ་བ་ནི་ཆེན་པོ་ལ་སོགས་པའོ། །སྐྱེ་བའི་རིམ་པ་ལས་བཟློག་པའི་སྒོ་ནས་ཞེས་བྱ་བ་ནི་འབྱུང་བ་ལྔ་པོ་རྣམས་དེ་ཙམ་ལྔ་ལ་ཐིམ་པར་འགྱུར་བ་དང་། ཚོགས་བཅུ་དྲུག་པོ་རྣམས་ནི་ང་རྒྱལ་ལ་ཐིམ་པར་འགྱུར་ཞིང་། ང་རྒྱལ་ནི་བློ་དང་། བློ་ནི་རང་བཞིན་ལ་

ཐིམ་པར་འགྱུར་རོ་ཞེས་བྱ་བའི་རིམ་པ་འདིས་སོ། །མི་གསལ་བའི་ངོ་བོར་འགྱུར་བ་ཞེས་བྱ་བ་ནི་རྣམ་པར་འགྱུར་བའི་ཚོགས་རྣམས་མི་སྣང་བར་འགྱུར་བ་ཡིན་ནོ་ཞེས་པའོ། །དེའི་ཚེ་སྐྱེས་བུ་ཉག་གཅིག་གནས་ཏེ་ཞེས་བྱ་བ་ནི་རང་བཞིན་དང་བྲལ་བས་སྔོན་པོ་ལ་སོགས་པར་སྣང་བ་དང་བྲལ་བའི་སྐྱེས་

བུ་གཅིག་པུ་གནས་པའོ། །དེས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་འཆིང་བ་རྣམས་མེད་པས་རྣམ་པར་གྲོལ་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ཡང་རྟག་པ་ཡིན་ནོ་ཞེས་སྟོན་པ་ནི་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཞེས་བྱ་བ་ནི་སྐྱེས་བུའོ། །རྣམ་པར་འགྱུར་བ་

ཞར་ཟིན་ཀྱང་། །ཞེས་བྱ་བ་ནི་རང་བཞིན་ལ་ཐིམ་ནས་ཀྱང་ངོ་། །ཞ་བར་ཡང་མི་འགྱུར་བ་ཉིད་ཀྱིས་ཞེས་བྱ་བ་ནི་མི་གསལ་བའི་ངོ་བོ་ཉིད་དུ་མི་འགྱུར་བས་སོ། །ཡན་གར་བའི་ངོ་བོར་ཞེས་བྱ་བ་ནི་རང་བཞིན་དང་བྲལ་བའི་ངོ་བོར་རོ། །རྟག་པ་ཞེས་བྱ་བ་ནི་རང་བཞིན་ནི་གློ་བུར་བ་ཡིན་པས་སོ། །དེ་ལྟར་

เล่ม ๑๐๔ · หน้า 239a

རྟག་པའི་ངོ་བོ་ཉིད་དུ་བསྟན་ནས་བྱེད་པ་པོ་མ་ཡིན་པ་ལ་སོགས་པའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། རང་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་འགྱུར་བ་རྣམས་ལས་ཀྱང་ཁ་ཅིག་ཅེས་བྱ་བ་ནི་བློ་དང་ང་རྒྱལ་དང་། དེ་ཙམ་གྱི་མཚན་ཉིད་ཅན་ནོ། །

སྙོམ་ལས་ཅན་ཉིད་ཅེས་བྱ་བ་ནི། འབྲས་བུས་བྱེད་པའི་བྱ་བ་མེད་པས་སོ། །རྡུལ་དང་། མུན་པ་དང་། སྙིང་སྟོབས་ཀྱི་རང་བཞིན་མེད་པའི་ཕྱིར་ན་ཞེས་བྱ་བ་ནི་བདེ་བ་དང་། སྡུག་བསྔལ་དང་། གཏི་མུག་གི་རང་བཞིན་མེད་པས་སོ། །ཁྱད་པར་བྱེད་པ་ཉིད་ཡོད་པའི་ཕྱིར་ན་བྱ་བ་མེད་པ་

ཉིད་དེ་ཞེས་བྱ་བ་ནི་མ་ཁྱབ་པའི་ཡུལ་དུ་འགྲོ་བའི་ཕྱིར་བྱ་བ་དང་བཅས་པར་རིགས་ཀྱི། ཁྱབ་པ་ལ་ནི་མ་ཁྱབ་པའི་ཡུལ་མེད་པས་བྱ་བ་མེད་པ་ཡིན་ནོ། །རྡུལ་དང་། མུན་པ་དང་། སྙིང་སྟོབས་རྣམས་ནི་ཡོན་ཏན་གསུམ་མོ་ཞེས་བྱ་བ་ནི་སྡུག་བསྔལ་དང་། གཏི་མུག་དང་། བདེ་བའི་མཚན་

ཉིད་ཅན་གྱི་ཡོན་ཏན་གསུམ་མོ་ཞེས་པའོ། །དེ་ལ་རྡུལ་ནི་གཡོ་བ་དང་། འཇུག་པའི་བདག་ཉིད་ཅན་ཞེས་པའོ། །རྡུལ་གྱི་སྟོབས་ཀྱིས་བློ་ལ་སོགས་པ་རྣམས་བསྟན་པར་མི་འགྱུར་བའི་ཕྱིར་ན་གཡོ་བ་དང་། དེ་ཉིད་ཀྱི་ཕྱིར་འཇུག་པའི་བདག་ཉིད་ཅན་ཡིན་ཏེ་གནས་གཅིག་ཏུ་དགའ་བ་མེད་པས་

སོ། །འབྲས་བུ་རྣམས་རྒྱུ་ལ་ཡོད་པས་རྡུལ་ལ་གཡོ་བ་དང་འཇུག་པའི་བདག་ཉིད་ཅན་ཞེས་བྱའོ། །མུན་པ་ནི་ལྕི་བ་དང་གཡོ་བའི་བདག་ཉིད་ཅན་ནོ་ཞེས་བྱ་བ་ནི་མུན་པའི་སྟོབས་ཀྱིས་ལུས་ལ་སོགས་པ་རྣམས་ལྕི་བ་ཉིད་དུ་འགྱུར་བ་དང་། དངོས་པོའི་རང་བཞིན་ཡོངས་སུ་མི་ཤེས་པས་སོ། །རྒྱུ་

ལ་འབྲས་བུ་ཡོད་པ་ནི་སྔར་བཞིན་དུའོ། །སྙིང་སྟོབས་ནི་ཡང་བ་དང་རབ་ཏུ་གསལ་བའི་བདག་ཉིད་ཅན་ནོ་ཞེས་བྱ་བ་ནི་སྙིང་སྟོབས་ཀྱི་འབྲས་བུ་ནི་ལུས་ལ་སོགས་པ་རྣམས་ཡང་བ་ཉིད་དང་རབ་ཏུ་དང་བའོ། །འདིར་ཡང་རྒྱུ་ལ་འབྲས་བུ་ཡོད་པར་ནི་སྔར་བཞིན་དུ་ཤེས་པར་བྱའོ། །འདི་དག་ཁོ་ནའི་རྣམ་

གྲངས་སོ་ཞེས་བྱ་བ་ནི་རྡུལ་དང་། མུན་པ་དང་། སྙིང་སྟོབས་རྣམས་ཀྱིའོ། །འདི་དག་ཅེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་རྣམས་སོ། །ཆ་མཉམ་པའི་གནས་སྐབས་ནི་ཞེས་བྱ་བ་ནི་རྡུལ་ལ་སོགས་པའི་ནང་ནས་གང་ལ་ཡང་ཤས་ཆེ་བར་གྱུར་པ་མེད་པའོ། །གནས་སྐབས་དེ་ལ་གཙོ་བོ་ཞེས་

เล่ม ๑๐๔ · หน้า 239b

བརྗོད་པར་བྱ་བའི་རང་བཞིན་གྱི་སྒྲས་ནི་བརྗོད་པར་མི་བྱའོ། །དེ་ཉིད་ཀྱི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། འདིར་ཡོན་ཏན་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཙོ་བོར་འགྱུར་བ་སྟེ་རབ་ཏུ་ཞི་བར་འགྱུར་བ་སྟེ་ཤས་ཆེ་བར་འགྱུར་བ་མ་ཡིན་ནོ་ཞེས་པའོ། །དེ་དག་ཅེས་བྱ་བ་ནི། སྡུག་བསྔལ་

དང་། གཏི་མུག་དང་། བདེ་བ་རྣམས་སོ། །དེ་དག་རྣམ་པར་འགྱུར་བའི་གནས་སྐབས་ནི་རང་བཞིན་ནོ་ཞེས་བྱ་བ་ནི་གང་ཡང་རུང་བ་ཤས་ཆེ་བའི་གནས་སྐབས་ནི་རང་བཞིན་ཡིན་ནོ་ཞེས་པའོ། །རྣམ་པར་འགྱུར་བ་ཅན་དང་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཆ་དང་ལྡན་པའོ། །སྙིང་སྟོབས་ཅན་

དང་ཞེས་བྱ་བ་ནི་བདེ་བའི་ཆ་དང་ལྡན་པའོ། །གཉིས་ཀའི་བདག་ཉིད་ཅན་གྱི་ཡིད་དེ་ཞེས་བྱ་བ་ནི་ལས་ཀྱི་དབང་པོ་དང་། བློའི་དབང་པོ་དག་གིས་བྱིན་གྱིས་རློབ་པ་པོ་ཡིན་ནོ་ཞེས་པའོ། །ང་རྒྱལ་གཉིས་ཀའི་འཇུག་པར་བྱེད་པ་པོ་ཞེས་བྱ་བ་ནི་རྣམ་པར་འགྱུར་བས་དང་སྙིང་སྟོབས་ཅན་གྱི་ང་རྒྱལ་

དག་གིའོ། །རང་བཞིན་དང་རྣམ་པར་འགྱུར་བ་ཉིད་ཡིན་ཞིང་ཞེས་བྱ་བ་ནི་བློ་ལ་སོགས་པ་གཞན་དག་གི་བྱེད་པ་པོ་ཡིན་པ་དང་རང་བཞིན་ལ་སོགས་པ་གཞན་གྱིས་བསྐྱེད་པར་བྱ་བ་ཡིན་པས་སོ། །རྣམ་པར་འགྱུར་བ་ཉིད་ཁོ་ན་ཡིན་ལ་ཞེས་བྱ་བ་ནི་གཞན་གྱིས་སྐྱེད་པར་བྱེད་པ་མ་ཡིན་

པས་སོ། །དེའི་དབྱེ་བ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་ཞེས་བྱ་བ་ནི་བདག་གི་ཁྱད་པར་ལ་བརྟེན་ནས་སོ། །དེ་ལ་བྱེ་བྲག་པས་འདོད་པའི་བདག་གི་རྣམ་གཞག་བསྟན་པར་བྱ་བའི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་ནི་དེ་ལས་བཟློག་པའོ་ཞེས་བྱ་བ་ནི་སྡུག་བསྔལ་

ནི་མི་འདོད་པའི་ཡུལ་ཉམས་སུ་མྱོང་བའོ། །དེའི་མཐར་ཐུག་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་ནན་ཏན་བྱེད་པའོ། །དེ་ལས་བཟློག་པ་ནི་ཆོས་མ་ཡིན་པའོ་ཞེས་བྱ་བ་ནི་གང་ལས་ངན་སོང་དང་འཁོར་བ་འགྲུབ་པ་དེ་ནི་ཆོས་མ་ཡིན་པའོ། །ཤེས་པ་ལས་སྐྱེས་ཤིང་ཤེས་པའི་རྒྱུར་གྱུར་པ་ཞེས་བྱ་

བ་ནི་ལྷན་ཅིག་བྱེད་པའི་རྐྱེན་འཆད་པ་པོའི་སྒྲ་ལ་སོགས་པ་དང་། ཉེ་བར་ལེན་པའི་རྒྱུ་ཡིད་ཀྱི་རྣམ་པར་ཤེས་པ་ལས་སྐྱེས་པ་སྔར་དང་འདྲ་བའི་ཤེས་པ་རྒྱུ་གང་ཡིན་པ་དེ་ནི་འདུས་བྱས་པའི་ཤུགས་ཏེ། དཔེར་ན་མདའི་འཕོང་གི་འདུ་བྱེད་ཡུལ་གཞན་འཐོབ་པའི་རྒྱུར་འགྱུར་བ་དེ་བཞིན་དུ་ཤེས་པ་ཁྱད་པར་ཅན་

เล่ม ๑๐๔ · หน้า 240a

སྐྱེ་བའི་རྒྱུ་འདུ་བྱེད་ཀྱི་ཤུགས་ཡིན་ནོ་ཞེས་པའོ། །ཅི་ལྟར་འཁོར་བ་དང་ཐར་པ་ཐོབ་པར་གྱུར་པ་དག་བསྟན་པར་བྱ་བའི་ཕྱིར། བདག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ལ་འདུ་ཤིང་ཡོད་པ་ཞེས་བྱ་བ་ནི་བདག་ལ་འདུ་བའི་འབྲེལ་པའི་སྒོ་ནས་འདུ་བའོ། །

དེ་དག་གིས་སྦྱར་བའི་ཞེས་བྱ་བ་ནི་འདོད་པ་དང་སྡང་བ་ལ་སོགས་པས་འཇུག་པའོ། །ཡང་དག་པར་རྟོགས་པའི་ཤེས་པས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་པ་ཐོབ་པས་སོ། །རྩ་བ་དང་བཅས་པར་གཅོད་པར་ཞེས་བྱ་བ་ནི་འདི་ཇི་ལྟར་ཡང་སྐྱེ་བར་མི་འགྱུར་བ་དེ་ལྟར་གཅོད་པའོ། །རང་

གི་བདག་ཉིད་ལ་གནས་ཤིང་ཐར་པར་འགྱུར་རོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་འཆིང་བ་མེད་པས་སོ། །དེ་ལྟར་ཁྱད་པར་བསྟན་པར་བྱ་བའི་ཕྱིར། བདག་དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟག་པ་དང་ཞེས་བྱ་བ་ནི་སྐྱེ་བ་དང་འཇིག་པ་མེད་པས་སོ། །བྱེད་པ་

པོ་དང་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་ཀྱི་བྱེད་པ་པོ་ཡིན་པས་སོ། །ཟ་བ་པོ་དང་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུའོ། །ཡོན་ཏན་དང་བཅས་པ་ཞེས་བྱ་བ་ནི་འདོད་པ་དང་སྡང་བ་ལ་སོགས་པའི་ཡོན་ཏན་རྣམས་དང་ལྡན་པས་སོ། །ཁྱབ་པ་ནི་སྔར་བཞིན་

ཤེས་པར་བྱའོ། །བསྐུམ་པ་དང་བརྐྱང་བ་ཉིད་ཀྱིས་ཞེས་བྱ་བ་ནི་གང་ལུས་འདོར་བར་བྱེད་པ་དེ་ལས་བསྐུམ་པ་དང་། གང་ལུས་ལེན་པ་དེ་ལ་བརྐྱང་བའོ། །བུམ་པ་ལ་སོགས་པའི་ནམ་མཁའ་ལྟ་བུར་ལུས་ཐ་དད་པས་གཅིག་སྣ་ཚོགས་པ་ཉིད་ཅེས་བྱ་བ་ནི་ཅི་ལྟར་ནམ་མཁའ་གཅིག་ཉིད་ཡིན་དུ་ཟིན་

ཀྱང་བུམ་པ་ལ་སོགས་པ་ཐ་དད་པས་ནམ་མཁའ་ཐ་དད་པ་ཡིན་ནོ་ཞེས་བསྟན་པ་དེ་བཞིན་དུ་འདིར་ཡང་བདག་གཅིག་ཡིན་དུ་ཟིན་ཀྱང་ལུས་ཐ་དད་པས་དེ་ཡང་ཐ་དད་པ་ཡིན་ནོ། །སོགས་པའི་སྒྲས་ནི་མ་ཁྱབ་པ་ལ་སོགས་པ་བསྡུ་བར་བྱའོ། །དེ་ལྟར་ཕྱོགས་སྔ་མ་བཀོད་ནས་ལན་བསྟན་པར་བྱ་

བའི་ཕྱིར། མུ་སྟེགས་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞུང་ལུགས་རེ་རེ་ལས་ཞེས་བྱ་བ་ནི་གྲུབ་མཐའ་སོ་སོ་ལས་སོ། །དེ་ལྟར་གྱུར་པའི་ཞེས་བྱ་བ་ནི་སྔར་བསྟན་པའི་ཆོས་དང་ལྡན་པའིའོ། །ཡོད་མིན་ཞིང་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་པོའོ། །འདི་ནི་ངར་འཛིན་

เล่ม ๑๐๔ · หน้า 240b

རྟེན་དུ་འང་མི་རིགས་ལ། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གཉིས་པའོ། །འདི་ཞེས་བྱ་བ་ནི་བདག་གོ། །ངར་འཛིན་གྱི་རྟེན་དུ་ཞེས་བྱ་བ་ནི་ངར་འཛིན་གྱི་ཡུལ་ལོ། །སྐྱེ་བ་དང་བྲལ་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །མོ་གཤམ་བུ་ལྟར་ཞེས་བྱ་བ་ནི་དཔེ་སྟེ་ཇི་ལྟར་མོ་གཤམ་གྱི་བུ་སྐྱེ་བ་དང་བྲལ་

བའི་ཕྱིར་ཡོད་པ་མ་ཡིན་པ་དང་། ངར་འཛིན་གྱི་རྟེན་དུ་མ་གྱུར་པ་དེ་བཞིན་དུ་བདག་ཀྱང་ཡིན་ནོ་ཞེས་པའོ། །གལ་ཏེ་དོན་དམ་པར་དེ་ཡོད་པ་མ་ཡིན་ཞིང་ངར་འཛིན་གྱི་ཡུལ་དུ་གྱུར་པ་མ་ཡིན་ཀྱང་འོན་ཀྱང་ཀུན་རྫོབ་ཏུ་དེ་གཉིས་ཡོད་པར་འགྱུར་རོ་ཞེ་ན། དེ་ལ་ལན་ནི། འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་མི་འདོད། །

ཅེས་བྱ་བ་གསུངས་ཏེ། སྐྱེ་བ་དང་བྲལ་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་བདག་འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་པ་དང་། ངར་འཛིན་གྱི་རྟེན་དུ་མ་གྱུར་པར་བསྟན་པས་ཀུན་རྫོབ་ཏུ་ཡང་འདི་གཉིས་ཆར་ཡོད་པ་མ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། རང་ཉིད་ཀྱི་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ཉིད་ཀྱི་རྗེས་སུ་དཔག་པ་དང་འགལ་བའི་ཕྱིར་ཞེས་བྱ་བ་ནི་ཅི་ལྟར་ཁྱོད་ཀྱིས་མོ་གཤམ་གྱི་བུ་ལ་སྐྱེ་བ་དང་བྲལ་བའི་ཕྱིར་རོ། །ཡོད་པ་ཉིད་དང་ངར་འཛིན་གྱི་ཡུལ་དུ་མི་འདོད་པ་དེ་བཞིན་དུ་བདག་ལ་ཡང་མ་སྐྱེས་པའི་ཕྱིར་གཉིས་པོ་འདི་དག་མེད་པར་ཐལ་

བར་འགྱུར་བས། དེ་ཉིད་ཀྱི་རྗེས་སུ་དཔག་པ་དང་འགལ་བས་སོ། །ཇི་སྐད་སྨྲས་པའི་ཞེས་བྱ་བ་ནི་སྔར་བསྟན་པའི་ཆོས་ཀྱི་ཁྱད་པར་དང་ལྡན་པའོ། །ད་ནི་བདག་ལ་མུ་སྟེགས་པ་རྣམས་ཀྱིས་ཆོས་གང་ཀུན་དུ་བརྟགས་པ་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འདི་ཡང་ཡོད་པ་ཉིད་དང་ཞེས་

བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཞེས་བྱ་བ་ནི་བདག་གོ། །བསྟན་བཅོས་ལས་ཞེས་བྱ་བ་ནི་གྲངས་ཅན་དང་བྱེ་བྲག་པའི་བསྟན་བཅོས་ལས་སོ། །དེའི་ཁྱད་པར་ཞེས་བྱ་བ་ནི་རྟག་པ་ཉིད་ལ་སོགས་པའོ། །རང་གྲགས་མ་སྐྱེས་གཏན་ཚིགས་ཀྱིས། །ཞེས་བྱ་བ་ནི་སྐྱེ་བ་དང་བྲལ་བའི་གཏན་

ཚིགས་ཏེ་མུ་སྟེགས་པ་ཉིད་ལ་གྲགས་པ་ཡིན་ཏེ་དེས་དེ་ལྟར་ཁས་བླངས་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེ་ལ་གྲངས་ཅན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ཉིད་ཀྱིས་ཞེས་བྱ་བ་ནི་ཕུང་པོ་རང་ཉིད་ལ་གྲགས་པས་སོ། །བདག་ཏུ་སྨྲ་བ་ཐམས་ཅད་ཅེས་བྱ་བ་ནི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด