བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ
ชื่อสันสกฤต (อักษรทิเบต ตามตัวบท) བོ་དྷི་ཙཱརྱ་ཨ་བ་ཏཱ་ར་པཉྩི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๐๕ · หน้า 126a
ན་ཕྲག་དོག་གི་དྲི་མ་བཀྲུ་བར་བྱ་བའི་ཕྱིར། གཞན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོན་ཏན་ལྷག་པ་ཡོད་པར་བསྟོད་པས་གལ་ཏེ་དགའ་བའི་བདེ་བ་འབའ་ཞིག་ཐོབ་ན་དེའི་ཚེ་ཀྱེ་ཡིད་ཁྱོད་ཀྱང་དེའི་ཡོན་ཏན་ཡང་དག་པར་བརྗོད་ནས་ཅི་སྟེ་དགའ་
བའི་བདེ་བ་ཉམས་སུ་མྱོང་བར་མི་བྱེད། ཅིའི་ཕྱིར་དགོས་པ་མེད་པར་དེ་ལ་ཕྲག་དོག་གི་མེ་འབར་བས་རང་གི་རྒྱུད་བུད་ཤིང་ལྟ་བུར་བྱེད། བདེ་བ་ཐམས་ཅད་ནི་ཆགས་པའི་བདག་ཉིད་ཡིན་པའི་ཕྱིར། རྟེན་པ་བཀག་པ་ཉིད་མ་ཡིན་ནམ། དེ་བས་ན་བདག་ནི་བདེ་བ་ཐམས་ཅད་
ལས་ཕྱིར་ཕྱོགས་པ་ཡིན་པའི་ཕྱིར་འདི་ཡང་ལེན་པར་མི་བྱེད་དེ། བདེ་བར་རྣམ་པར་རྨོངས་པའི་ཡིད། །གང་དང་གང་ལ་ཆགས་གྱུར་པ། །དེ་དང་དེ་བསྡོངས་སྟོང་གྱུར་དུ། །སྡུག་བསྔལ་ཉིད་དུ་གྱུར་ཅིང་ལྡང་། །ཞེས་འཆད་པར་འགྱུར་བ་ཡིན་ནོ་ཞེ་ན། ཁྱོད་ཀྱིས་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། དགའ་བའི་བདེ་བ་ཐམས་ཅད་ནི་དགག་པ་མ་ཡིན་ཏེ། འོན་ཀྱང་ཁ་ན་མ་ཐོ་བ་དང་བཅས་པ་མི་དགེ་བའི་རྒྱུ་དེ་དག་དགག་པ་ཡིན་ནོ། །ཁྱོད་ཀྱིས་གཞན་གྱི་ཡོན་ཏན་ལ་བརྟེན་པའི་དགའ་བའི་བདེ་བ་ཁ་ན་མ་ཐོ་བ་མེད་པ་འདི་ནི་མི་དགེ་བའི་རྒྱུ་མ་ཡིན་ནོ། །
དེའི་ཕྱིར་ན་བདེ་འབྱུང་སྟེ་འདི་ལ་བདེ་བ་འབྱུང་བ་ཡོད་པས་ཞེས་དེ་ལྟར་ཡིན་པས་སོ། །དེ་ཉིད་ཀྱི་ཕྱིར་ཡོན་ཏན་ལྡན་པ་རྣམས་ཀྱིས་སྣང་བ་སྟེ། བཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་ཤེས་པ་རྣམས་ཀྱིས་སོ། །གཞན་ཡང་འདིའི་ཡོན་ཏན་གང་གཞན་སྡུད་པའི་མཆོག་ཀྱང་ཡིན་ཏེ།
གཞན་གྱི་ཡོན་ཏན་རྣམས་ལ་དགའ་བས་འདི་ནི་ཡོན་ཏན་དག་ལ་ཕྲག་དོག་མེད་པ་ཡིན་ནོ་སྙམ་ནས་སེམས་ཅན་གཞན་ཡང་སྡུད་པར་འགྱུར་རོ། །དེ་བས་ན་འདིར་དགའ་བའི་བདེ་བ་བླང་བར་རིགས་པ་ཡིན་ནོ། །འོན་ཏེ་ཕ་རོལ་གྱི་ཡོན་ཏན་དག་ལ་བདག་མི་བཟོད་པ་ནི་གང་ཡང་མེད་དེ། །འོན་
ཀྱང་བསྟོད་པ་བྱེད་པའི་བདེ་བ་དེ་བདག་གིས་བསྟན་པར་མི་ནུས་སོ་ཞེ་ན། འདིར། གཞན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ལ་ནི་བསྟོད་པ་བྱེད་པའོ། །བདེ་འགྱུར་ཞེས་པ་ནི་དེ་ལྟ་བས་ན་དགོངས་པ་འདིས་ཁྱོད་གལ་ཏེ་གཞན་གྱི་ཡོན་ཏན་བསྟོད་པའི་དགའ་བ་ལས་བྱུང་
เล่ม ๑๐๕ · หน้า 126b
བའི་བདེ་བ་གང་ཡིན་པ་འདི་མི་འདོད་ན་དེའི་ཚེ་ཤིན་ཏུ་དོགས་པར་ལྷུང་བར་འགྱུར་བ་ཡིན་ནོ། །ཇི་ལྟར་ཞེ་ན། བྲན་ལ་གླ་རྔན་སྦྱིན་སོགས་སྤང་། །གཞན་ཡང་ཁྱོད་བདག་རང་བདེ་བའི་རྒྱུ་མཚན་དུ་རང་གི་བྲན་ལ་སོགས་པ་ལ་བྲན་གྱི་གླ་རྔན་ལས་ཀྱི་རིན་སྦྱིན་པ་དང་། དེ་བཞིན་དུ་ཕན་འདོགས་པ་
ལ་ལེན་དུ་ཕན་འདོགས་པ་སྟེ། དེ་དག་ལ་སོགས་པ་སྤོང་བ་དེ། ཕྱིར་ཕྱོགས་པའི་ཕྱིར་གཞན་གྱི་བདེ་བ་ལ་སྡང་བ་ཅན་ལ་དེ་ཡང་མི་བྱ་བ་ཉིད་དུ་འགྱུར་རོ། །གང་གི་ཕྱིར་དེས་ཀྱང་དེ་ལ་བདེ་བ་ཉིད་དུ་བསྒྲུབ་པར་འགྱུར་ཏེ། དེ་ལྟ་བས་ན་མཐོང་བ་ནི་ཚེ་འདིའི་འབྲས་བུ་དང་མ་མཐོང་བ་ནི་
འཇིག་རྟེན་ཕ་རོལ་གྱི་སྟེ་གཞན་གྱི་བདེ་བ་ཕུན་སུམ་ཚོགས་པ་ལ་མི་བཟོད་པའི་གཉི་ག་ཉམས་པར་འགྱུར་རོ། །གཞན་ཡང་འདི་ནི་ཁྱོད་ཀྱི་ལོག་པའི་ལན་ཡིན་ནོ་ཞེས་བསྟན་པ། རང་གི་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་འགའ་ཞིག་ཁྱོད་ལ་ཡོན་ཏན་རྗོད་པར་
བྱེད་ན་ནི་དེའི་ཚེ་གཞན་དེ་ལ་མི་འདོད་ཀྱང་བདེ་བར་འདོད་ལ་ཇི་སྟེ་གཞན་གྱི་ཡོན་ཏན་གྱི་རྗེས་སུ་བསྔགས་པ་བྱེད་པ་ནི་དེའི་ཚེ་ཕྲག་དོག་གི་དྲི་མ་དང་ལྡན་པའི་ཡིད་ཀྱིས་རང་གི་བདེ་བ་ཡང་མི་འདོད་བྱེད། གཞན་གྱི་བདེ་བ་ལྟར་རེ་ཞིག་ཞོག་ཅིག་ཅེས་བྱ་བ་ནི་འང་གི་སྒྲའོ། །དེ་བས་ན་ཁྱོད་ཀྱི་ཡོན་ཏན་
ཕུན་སུམ་ཚོགས་པ་ལ་ཕྲག་དོག་པ་ཉིད་ཡིན་ཏེ། སྟོད་པར་བྱེད་པ་པོའི་བདེ་བ་མི་བཟོད་པ་ནི་མ་ཡིན་ནོ། །གཞན་ཡང་དེ་ལྟར་བདེ་འགྱུར་ཞེས། །གལ་ཏེ་ཁྱོད་བདེ་བ་འདི་མི་འདོད་ཅེས་གང་གསུངས་པ་དེ་ལ་ཁྱད་པར་སུན་འབྱིན་པ། སེམས་ཅན་ཐམས་ཅད་ཅེས་བྱ་བ་
ལ་སོགས་པ་གསུངས་ཏེ། ཁྱད་པར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕ་རོལ་གཞན་གྱི་བདེ་བ་ཕུན་སུམ་ཚོགས་པ་མི་བཟོད་པ་ཞེས་བྱ་བ་གང་ཡིན་པ་ནི་ཤིན་ཏུ་སྨད་པ་ཁོ་ན་ཡིན་ནོ། །གང་གི་ཕྱིར་བདག་གིས་སངས་རྒྱས་ཉིད་ཐོབ་ནས་ཁམས་གསུམ་པར་གཏོགས་པའི་སེམས་
ཅན་ཐམས་ཅད་ལ་བདེ་བ་ཕུན་སུམ་ཚོགས་པ་མཐའ་དག་འབྱོར་པར་བྱའོ་སྙམ་དུ་ཡིད་ལ་བྱེད་པས། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས་ཏེ། དེ་བསྐྱེད་ནས་སེམས་ཅན་ལ་ཇི་སྟེ་ཁྲོ་བར་བྱེད་དེ་དད་པར་བྱ་བའི་གནས་རང་གི་སེམས་མངོན་པར་དང་བས་བྱས་ནས་བདག་རང་གི་བདེ་
เล่ม ๑๐๕ · หน้า 127a
བ་ཐོབ་པ་རྣམས་ལ་ད་ཀོ་སྟེ། ད་ལྟ་ཅི་སྟེ་ཁྲོ་བར་བྱེད། དེ་བས་ན་བྱང་ཆུབ་སེམས་དཔས་གཞན་གྱི་བདེ་བ་ལ་ཕྱིར་ཕྱོགས་པ་དེ་ལྟ་བུ་མི་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཞིག་བདག་གི་རྙེད་པ་དང་བཀུར་སྟི་ཕུན་
སུམ་ཚོགས་པ་མཐོང་ནས་སེམས་ཕྲག་དོག་གིས་ཉོན་མོངས་པའི་མྱ་ངན་དེས་ཚིག་པ་དེས་སྤྱོ་བའི་དོན་དུ། འཇིག་རྟེན་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ན་དེ་ལྟར་གྱུར་མོད་བདག་གིས་བདེ་བ་དེ་མི་བཟོད་པ་ནི་མ་ཡིན་ནོ། །འོན་ཀྱང་དེས་བརྗོད་པའི་ཡོན་
ཏན་གཞན་གྱིས་ཐོས་པ་ན་ཡིད་དད་པས་དེ་དག་ལ་རྙེད་པ་དང་བཀུར་སྟི་འབུལ་བར་བྱེད་པ་མི་བཟོད་པ་ཡིན་ནོ་ཞེ་ན། འཇིག་རྟེན་གསུམ་མཆོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གསུམ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་མཚན་ཉིད་དམ།
འཇིག་རྟེན་དུ་གྲགས་པའི་མཐོ་རིས་ལ་སོགས་པའི་རང་བཞིན་གྱི་འཇིག་རྟེན་གསུམ་སྟེ་དེ་དག་བསྡུས་པའོ། །དེ་ལ་མཆོད་པར་འོས་པས་ན་མཆོད་བྱ་སྟེ། རྗེད་པར་བྱ་བའོ། །འདིས་ནི་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཉིད་དུ་བསྟན་པ་སྟེ། དེ་ལྟ་བུར་གྱུར་པའི་སངས་རྒྱས་ཉིད་དུ་
དུའོ། །སེམས་ཅན་རྣམས་ནི་འདོད་ཅེ་ན་ཞེས་བྱ་བ་ལ་ལོ་ཞེས་བྱ་བ་འདིས་ནི་ཕྱིན་ཅི་ལོག་ཏུ་མཐོང་ནས་མ་མགུ་བར་སྟོན་པར་བསྙེན་བཀུར་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་རྙེད་པ་ཡང་ངོ་། །ལྷག་མ་ནི་གོ་སླའོ། །རྙེད་པ་ལ་བསམས་ནས། གསོ་བྱ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ཁྱོད་ཀྱིས་གསོ་བར་བྱ་བ་ཕོངས་པའི་བུ་ལ་སོགས་པ་ཁྱོད་ཉིད་ཀྱིས་གསོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་ནི་སྦྱིན་པར་བྱ་བ་སྟེ་དེས་ནི་ཁྱོད་ཀྱི་ཟད་པར་བྱས་པར་འགྱུར་རོ། །དེའི་ཕྱིར་ཁྱོད་ཀྱི་གཉེན་གྱིས་འཚོ་བ་སྟེ། ཁྱོད་ཀྱི་བཟའ་ཡིས་འཚོ་བ་གང་ཡིན་པ་སྟེ་རྣམ་པ་དེ་ལྟ་བུའི་
སྐྱེས་བུས་རྙེད་གྱུར་ན་སྟེ། ཐོབ་པར་གྱུར་ནས་དགའ་བར་མི་འགྱུར་རམ་ཞེས་ཟུར་གྱིས་འདྲི་བའོ། །སླར་ཁྲོའམ་དགའ་བར་མི་བྱེད་དམ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྐབས་ལ་ཡང་སྦྱར་ཏེ། གང་གི་ཕྱིར་སེམས་ཅན་ཐམས་ཅད་བདག་གིར་བཟུང་བ་དེའི་བདེ་བས་
เล่ม ๑๐๕ · หน้า 127b
བདེ་བ་ཉིད་དུ་རིགས་པ་ཡིན་ནོ། །འོན་ཏེ་དེ་དག་སངས་རྒྱས་ཉིད་དུ་བྱ་བར་བདག་གིས་དམ་བཅས་ཀྱི། བདེ་བ་གཞན་ལ་ནི་མ་ཡིན་ནོ་སྙམ་དུ་དོགས་པ་ལ། དེ་ཅི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ཀྱང་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར། བདག་གིས་དེ་རིང་སྐྱོབ་པ་
ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ཞེས་དམ་བཅས་པ་ཡིན་ནོ། །དེ་ལྟར་གྱུར་མོད་དེ་ལྟར་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་སེམས་ཅན་དེ་དག་བྱང་ཆུབ་སྟེ། སངས་རྒྱས་ཉིད་བྱ་བར་འདོད་ཀྱི། ཅི་སྟེ་
གཞན་གྱི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དོན་གྱི་རྣམ་པ་མི་འདོད་པ་ཡིན་ནམ་ཞེ་ན། ཇི་སྟེ་དེ་ལྟར་མི་འདོད་ན་དེའི་ཚེ་བྱང་ཆུབ་ཀྱི་སེམས་ཀྱང་ཉམས་པར་འགྱུར་རོ་ཞེས་གསུངས་པ། དེ་ལ་བྱང་ཆུབ་སེམས་ནི་རང་ལ་ཡོད་དེ་བྱང་ཆུབ་སེམས་དཔའ་ལོག་པར་དམ་བཅས་
པ་ལའོ། །སུ་ལ་ཞེ་ན། གང་ཞིག་གཞན་འབྱོར་ཁྲོ་དེ་ལ། །འབྱོར་པ་ངན་ངོན་རྙེད་པ་དང་བཀུར་སྟི་བྱུང་བ་ལའོ། །དེ་ལྟར་གནོད་བྱེད་པ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་ལས་ལྡོག་པའི་རྒྱུ་ཡིན་ནོ། །གཞན་ཡང་གཞན་ལ་རྙེད་པ་དང་བཀུར་སྟི་ཕུན་སུམ་ཚོགས་པ་མེད་ན་ཡང་དངོས་
པོ་དེ་ཁྱེད་ལ་ནི་མི་འབྱུང་ན། དེ་ཅིའི་ཕྱིར་རྒྱུ་མེད་པར་དེ་ལ་སྡང་བས་བདག་ཉིད་འཇོམས་པའི་དོན་དུ་འབད་པར་བྱེད་ཅེས་བསྟན་པ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཞིག་ན་ཁྱོད་མི་བཟོད་པའི་ཡུལ་དུ་གྱུར་པའི་སེམས་ཅན་དེས་སྟེར་བར་བྱེད་པའི་དངོས་པོ་དེ་མ་ཐོབ་པ་དེ་
ལྟར་ན་ཡང་སྦྱིན་བདག་ཁྱིམ་དུ་གནས་པར་གྱུར་པ་དེ་ལས་ཁྱོད་ལ་ཅི་ཞིག་བྱུང་བར་གྱུར། རྣམ་པ་ཀུན་ཏུའང་དེས་རྙེད་པའང་། ཁྱིམ་ན་གནས་པའང་རུང་སྟེ། དངོས་པོ་དེ་ཁྱོད་ལ་ཡོད་པ་མ་ཡིན་ནོ། །དེ་བས་ན་བྱིན་དང་མ་བྱིན་རུང་དེས་ཅི་བྱ། ཁྱོད་ལ་དགོས་པ་ཅུང་ཟད་ཀྱང་མེད་དོ། །
དེའི་ཕྱིར་ན་དེ་ལ་ནི་མཁས་པས་བཏང་སྙོམས་སུ་བྱ་བར་རིགས་སོ། །གཞན་ཡང་རེ་ཞིག་འདི་ལྟར་ཡང་བརྟག་པར་བྱའོ་ཞེས་བསྟན་པ། བསོད་ནམས་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པ་བྱེད་པ་དང་སྦྱིན་བདག་ལ་སོགས་པས་མངོན་པར་དད་པས་རྙེད་པ་དང་བཀུར་སྟི་
เล่ม ๑๐๕ · หน้า 128a
རྣམས་ཀྱིས་གང་ཞིག་ལ་མཆོད་པ་བྱས་པའི་བསོད་ནམས་དེ་ཅིའི་ཕྱིར་དོར་བར་བྱ། གང་གི་དབང་གིས་དེ་ལ་རྙེད་པ་དང་བཀུར་སྟི་བྱུང་བར་གྱུར་པ་སྔོན་གྱི་ལས་ཀྱིས་བྱས་པའི་རྣམ་པར་སྨིན་པ་མངོན་པར་ཕྱོགས་པ་དང་། དེས་ཏེ་རབ་ཏུ་དང་བ་དང་། སྦྱིན་པ་པོ་དང་
སྦྱིན་བདག་དོར་རམ། འོན་ཏེ་གང་ལ་བརྟེན་ནས་འདི་དག་གི་དད་པ་སྐྱེ་བ་དེ་འགྲོ་བ་འདི་དག་བདག་ལ་མ་དད་པར་གྱུར་ཅིག་ཅེས་རང་གི་ཡོན་ཏན་དོར་བའམ། ཇི་སྟེ་རྙེད་པར་འགྱུར་བ་ཡང་དེ་དག་ལས་མི་བླང་བར་བྱ་བའམ། རྣམ་པ་གང་གིས་འདིར་ཁྱོད་མགུ་བར་མི་འགྱུར་
བར་སྨྲོས་ཤིག །དེ་ལ་བསོད་ནམས་ལ་སོགས་པ་ནི་ལྡོག་པར་མི་ནུས་པའི་ཕྱིར་དང་། རྙེད་པར་འགྱུར་བ་འཛིན་པ་ལ་ཡང་ཀུན་ཏུ་དེ་ཁྱོད་ལ་མེད་ན་ཞེས་བྱ་བ་ལ་སོགས་པ་གནོད་པ་གང་གསུངས་པའི་ཕྱིར། མགུ་བའི་རྒྱུ་ཅུང་ཟད་ཀྱང་མེད་དོ། །ཇི་སྟེ་ཡང་གཞན་ནི་རྙེད་པ་
དང་བཀུར་སྟི་ཕུན་སུམ་ཚོགས་པ་ཡོད་ལ། འོན་ཏེ་བདག་ལ་ནི་མེད་པ་དེའི་ཚེ་གཞན་ལའང་བྱུང་བར་མ་གྱུར་ཅིག་སྙམ་སྟེ་དེ་དག་བདག་གི་རྒྱུ་ཡིན་ནོ་ཞེ་ན། དེའི་ཕྱིར་ཁྱོད་ནི་རང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་སླ་སྟེ་སྡུག་བསྔལ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་
ནི་སྡིག་པ་ལས་བྱུང་བ་ཡིན་ལ། མངོན་པར་འདོད་པའི་གེགས་ཀྱང་སྡུག་བསྔལ་ཡིན་ཏེ། གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་བའོ་ཞེས་གསུངས་པའི་ཕྱིར་རོ། །གང་། འདོད་པ་རྣམས་དང་བྲལ་བ་ནི། །སྡིག་པ་སྤྱོད་ལ་འབྱུང་བར་འགྱུར། །ཞེས་འཆད་
པར་འགྱུར་བའོ། །གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་བསོད་ནམས་ལས་བྱུང་བ་ཡིན་ནོ་ཞེས་དེ་ལྟར་བྱས་ནས་བདེ་བ་འདོད་པ་རྣམས་དགེ་བའི་ལས་ལ་བརྩོན་པར་བྱའོ། །གང་། བསོད་ནམས་བྱེད་པ་བདེ་འདོད་པ། །ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའི་
ཕྱིར། ཇི་ལྟར་ན་བསོད་ནམས་བྱས་པ་དང་ལྷན་ཅིག་འགྲན་པར་རིགས། ལེགས་པར་བྱས་པ་བྱེད་པ་ཉིད་ལ་བདེ་བ་ཉིད་མངོན་པར་འདོད་པ་ནི་འགྲན་པར་རིགས་སོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་འདི་འདྲི་བར་བྱ་སྟེ། གལ་ཏེ་ཁྱོད་ཀྱི་དགྲ་བོ་ཞེ་སྡང་གི་ཡུལ་དུ་གྱུར་པ་ལ་
เล่ม ๑๐๕ · หน้า 128b
ཁྱོད་འདོད་པ་ཙམ་གྱིས་མི་དགའ་བ་མི་འདོད་པ་བྱུང་ཞིང་སྐྱེས་ན་རེ་ཞིག་དེ་ལ་མི་འདོད་པ་བྱུང་ཡང་གྱུར་མོད། ཁྱོད་ལ་དེ་ཙམ་ཞིག་གིས་ཅིར་འགྱུར། ཡང་གཞན་ལ་གྱུར་རུང་མ་གྱུར་རུང་བདག་གི་ཅུང་ཟད་དེ་ཙམ་ཞིག་གིས་དགོས་པ་ཡིན་ཞེས་གཞན་གྱི་བསམ་པའི་དོགས་པ་བསུ་བ། ཁྱོད་
ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་ཀྱིས་ཡིད་སྨོན་ནི་འདོད་པ་སྟེ་མངོན་པར་འདོད་པ་ཞེས་བྱ་བའི་དོན་ཏོ། །དེ་ཙམ་གྱིས་རྒྱུར་མི་འགྱུར་ན་འདི་ལ་རྒྱུ་ཡོད་པ་མ་ཡིན་པ་ནི་རྒྱུ་མེད་པའི་དོན་ཏེ། མི་འགལ་བའི་མི་འབྱུང་ངོ་། །དེ་ལྟར་གྱུར་དུ་ཟིན་མོད་ཅེས་ཁས་བླངས་ནས་ཀྱང་བརྗོད་
པར་བྱ་བ་ཡིན་པས་ན། ཇི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཞིག་ན་ཁྱོད་ཀྱི་འདོད་པའི་དགྲ་ལ་མི་དགའ་བ་བསྒྲུབ་ཅིང་རྫོགས་ན་དེ་ལྟ་ན་ཡང་དེ་ལ་སྡུག་བསྔལ་འབྱུང་བ་ལ་ཁྱོད་བདེར་ཅི་ཡོད། ཅུང་ཟད་ཀྱང་མེད་དེ་འདོད་པ་འདི་ནི་དགོས་པ་མེད་པ་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །དེ་སྡུག་བསྔལ་བས་བདག་དགའ་བ་གང་ཡིན་པ་འདི་ཉིད་དགོས་པ་ཡིན་ནོ་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཡང་ཕ་རོལ་སྡུག་བསྔལ་བ་ལ་དགའ་བ་དེ་གལ་ཏེ་འཚེངས་པར་དང་དགོས་པ་ཡིན་ནོ་ཞེ་ན། དེའི་ཚེ་དེ་ལས་གཞན་
ཕུང་བ་ཅི་ཡོད། ཅི་ཞེས་བྱ་བ་ནི་ཁྱད་པར་ཏེ། འདི་ཉིད་ནི་ཕུང་བ་ཆེན་པོའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན་འདི་དོན་མེད་པ་ཡིན་ཞེ་ན། ཉོན་མོངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་འདི་ནི་སྟེ་རྣམ་པ་འདི་ལྟ་བུ་གཞན་ཕུང་ན་རུང་སྙམ་པའི་སེམས་མཆིལ་པ་
མི་བཟད་གཟེ་བ་ཆེར་འཇིགས་པར་བྱེད་པའོ། །ཇི་ལྟ་བུར་གྱུར་པ་ཞིག་ཡིན་ཞེ་ན། ཉོན་མོངས་ཉ་བས་བཏབ་པའི་སྟེ། ཉོན་མོངས་པ་ཉིད་ཉ་བ་བཞིན་དུ་སྤྱོད་པ་ཡང་ཡིན་པས་ཉ་བ་སྟེ་དེས་བཏབ་པ་ནི་བཏབ་པའོ། །ཉོན་མོངས་ཉ་བ་གང་གིས་ཉ་བ་ཉ་ལ་བྱ་བ་བཞིན་
དུ་དམྱལ་བའི་སྲུང་མ་གཤིན་རྗེའི་སྐྱེས་བུས་ཁྱོད་བཟུང་ནས་བུམ་པར་ནི་སེམས་ཅན་དམྱལ་བའི་བྱེ་བྲག་ཏུ་འཚེད་དེས་ཏེ་སྐོལ་ཞིང་གདུང་བར་བྱེད་དོ། །དེ་ལྟ་བས་ན་འདི་ལ་འདོད་པར་མི་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །གང་བསྟོད་པ་ལ་སོགས་པའི་གེགས་བྱེད་པས་སྡུག་
เล่ม ๑๐๕ · หน้า 129a
བསྔལ་སྐྱེ་བ་དེ་ཡང་མ་བརྟགས་པ་ཁོ་ན་ཡིན་ནོ་ཞེས་ཉེ་བར་བསྟན་པ། བསྟོད་དང་གྲགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་རྣམ་པ་ལྔ་ནི་མཁས་པ་དག་སྐྱེས་བུའི་དོན་དུ་འདོད་པ་ཡིན་ཏེ། འདི་ལྟ་སྟེ། བསོད་ནམས་དང་ཚེ་འཕེལ་བ་དང་།
སྟོབས་འཕེལ་བ་དང་། ནད་མེད་པ་འཐོབ་པ་དང་། ལུས་བདེ་བ་འཐོབ་པ་དང་། བསྟོད་པ་ལ་སོགས་པ་ནི་དེ་དག་འགའ་ལ་ཡང་མི་མཁོའི། རང་གི་དོན་དུ་འགྱུར་ན་ནི་འདི་དག་འགྱུར་ལ་རང་དོན་ཤེས་པ་ནི་ཤེས་རབ་དང་ལྡན་པ་སྟེ། གཞན་ལ་ནི་གཞན་དུའང་འགྱུར་རོ་ཞེས་
བདག་ཉིད་ལ་སྤྱོད་དེ། གལ་ཏེ་རང་གི་དོན་ཤེས་པ་ཡིན་ན་ཡང་དེ་ལྟ་མོད་ཀྱི་རང་གི་དོན་ཤེས་པའི་ཐབས་མ་ཡིན་པའི་ཕྱིར་ལོགས་ཤིག་ཏུ་མ་བསྟན་ཏོ། །བློ་ལྡན་ཞེས་བྱ་བ་ནི་སྐབས་དེ་དང་འབྲེལ་པའི་ཕྱིར་དེ་ཡང་བསྟན་པ་ཡིན་ནོ། །འོ་ན་ཡིད་བདེ་བ་ཡོད་པ་མ་ཡིན་ནམ། དེའི་ཕྱིར་
ངེས་པར་གཟུང་བར་མི་རིགས་སོ་ཞེ་ན། འདིར་རྒྱན་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་བདེ་བ་ནི་སེམས་བདེ་བ་སྟེ་དེ་ཙམ་ཞིག་འདོད་ན་ནི་ཆང་དང་རྒྱན་པོ་དང་སྨད་འཚོང་མ་དང་གཞན་གྱི་བུད་མེད་ལ་སོགས་པ་བསྟེན་པར་བྱ་དགོས་པར་འགྱུར་རོ། །དམ་པའི་
ཆོས་ལ་སོགས་པ་ཐོས་པ་ལས་ཡིད་བདེ་བ་གང་ཡིན་པ་དེ་ནི་བསོད་ནམས་སྨོས་པས་བསྡུས་པ་ཡིན་པས་ན་ཉེས་པ་མེད་དོ། །དེ་ལྟ་བས་ན་ཡིད་བདེ་བའི་རྒྱུས་བསྟོད་པ་ལ་སོགས་པ་བྱིས་པའི་སྐྱེ་བོ་དགའ་བར་བྱས་པ་ནི་བླང་བར་བྱ་བ་ཉིད་མ་ཡིན་ནོ། །དེ་ལྟ་ན་ཡང་བསྟོད་པ་ལ་
སོགས་པ་ནི་བྱིས་པ་སྐྱེ་བོའི་ཚིག་ཡིན་ནོ་ཞེས་གྲགས་པའི་དོན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་བུ་རྨོངས་པ་འགའ་ཞིག་ཡོན་ཏན་དེ་འདྲ་བ་རང་ལས་ཤིན་ཏུ་རིང་བ་གནས་ན་ཡང་བརྒྱ་བྱིན་ལ་སོགས་པའི་ཡོན་ཏན་གྱིས་སྐྱེ་བོ་སློང་མོ་གཞན་དག་གིས་སྟོད་པར་བྱེད་པ་ནི། མིག་
གདངས་པའི་བཞིན་གྱིས་གྲགས་པ་དོན་དུ་གཉེར་བས་གླང་པོ་ཆེ་དང་རྟ་ལ་སོགས་པའི་ནོར་རྩྭ་བཞིན་དུ་སྦྱིན་པར་བྱེད་དོ། །དེ་བཞིན་དུ་ཡོན་ཏན་དེ་དག་དང་ལྡན་པར་ཡིད་ལ་བྱས་པས་བདག་བརྒྱ་བྱིན་ལྟར་དགྲ་ལས་རྣམ་པར་རྒྱལ་བ་ལས་བྱུང་བའི་བདག་གིས་གྲགས་པ་འགྲོ་བར་རྒྱ་ཆེར་འབྱུང་
เล่ม ๑๐๕ · หน้า 129b
བར་འགྱུར་རོ་སྙམ་དུ་མངོན་པར་ཞེན་པས་བཟོད་པར་དཀའ་བའི་གཡུལ་དུ་ཆས་ཏེ་གསོད་པར་བྱེད་དོ། །འདི་ལ་དོན་དམ་པར་དགོས་པ་ཅུང་ཟད་ཀྱང་མེད་དེ། གཞན་དུ་ན་ལོག་པའི་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ། ཚིག་འབྲུ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། བསྟོད་པ་ལ་སོགས་པ་རྗོད་པར་བྱེད་པའི་ཡིག་འབྲུ་སྟེ་ཡི་གེ་རྣམས་ཀྱིས་ཅི་བཟའ་ཞིང་མྱུར་དུ་རུང་ངམ། གྲགས་པའི་དོན་དུ་ཤི་བར་གྱུར་ན་གྲགས་པ་ཐོས་པ་ལས་བྱུང་བའི་བདེ་བ་དེ་ཀོ་སུ་ལ་བདེ། དེ་ལྟ་བས་ན་དེ་དག་བྱིས་པའི་རྩེད་མོ་དང་མཚུངས་སོ་ཞེས་ཉེ་བར་
བསྟན་པ། བྱེ་མའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱིས་པ་ཁ་ཅིག་རྡུལ་ལས་བྱས་པའི་ཁང་བུས་ཤིན་ཏུ་དགའ་ཞིང་ཡོངས་སུ་རྩེ་བ་ན་འགའ་ཞིག་གིས་དེ་བཤིག་པ་དང་། སྡུག་བསྔལ་ཆེན་པོས་ཟིན་ཏེ། མཆོག་ཏུ་ཉམ་ཐག་པར་གཟིར་བས་ངའི་ཁང་པ་བཤིག་གོ་ཞེས་སྙིང་རྗེ་རྗེར་
ཆོ་ངེས་འདེབས་པའོ། །དཔེ་དེ་ཉིད་ལྟར་འདིར་ཡང་གསུངས་པ། དེ་བཞིན་ཞེས་བྱ་བ་ལ་དེ་བཞིན་དུ་བསྟོད་པ་དང་གྲགས་པ་ཉམས་ན་སྟེ་རྣམ་པར་བཅོམ་ན། རང་གི་སེམས་ནི་སྡུག་བསྔལ་ཞུགས་པས་བྱིས་པ་བཞིན་སྣང་སྟེ། རྣམ་པར་དཔྱད་ན་འདིར་ཡང་བདག་གི་དངོས་པོར་
གྱུར་པ་སུས་ཀྱང་བཤིག་པ་མེད་དོ་ཞེས་བརྟག་པར་བྱའོ། །ཡང་གཞན་དུ་དཔྱད་ན་འདི་ནི་བྱིས་པའི་ཚིག་ཡིན་ནོ་ཞེས་ཚིགས་སུ་བཅད་པ་བཞིན་གསུངས་པ། རེ་ཞིག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། སྒྲ་ནི་རྗོད་པར་བྱེད་པའི་བདག་ཉིད་དེ་ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར་སེམས་མེད་
ཅིང་སེམས་མེད་པ་སྟེ་དེའི་དངོས་པོ་ནི་དེ་ཡིན་པའི་ཕྱིར་རོ། །སྒྲ་དེ་བདག་ལ་བསྟོད་སེམས་ཏེ་བདག་གི་བསྔགས་པ་བརྗོད་པའི་བསམ་པ་ཡོད་མི་སྲིད་དེ་དེ་མི་འབྱུང་ངོ་། །དེ་ཇི་ལྟར་ན་ཡིད་བདེ་བར་འགྱུར་ཞེ་ན། བདག་ལ་གཞན་ཞེས་བྱ་བ་གསུངས་ཏེ། སྐྱེས་སུ་ཕ་རོལ་
སེམས་པའི་བདག་ཉིད་ཅན་ནོ། །གྲག་ཅེས་བྱ་བ་ནི་འདི་ཡང་དོན་མེད་པ་ཡིན་ནོ་ཞེས་མི་འདོད་པ་སྟོན་པར་བྱེད་པའོ། །བདག་ལ་དགའ་བ་ནི་མངོན་པར་འདོད་པའོ། །དེ་ནི་སྟེ་བསམས་པ་དེ་དགའ་བའི་རྒྱུ་ཡིན་གྲང་ན་དེ་ལ་ཡང་འབྲེལ་པ་མེད་པའི་ཕྱིར་བྱིས་པའི་སྤྱོད་པ་ཁོ་ནར་
เล่ม ๑๐๕ · หน้า 130a
ཟད་ཅེས་སྦྱར་རོ། །འབྲེལ་པ་མེད་པ་ཉིད་བསྟན་པ་གཞན་ནམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་སེམས་ཅན་གཞན་ལའམ། བདག་ལ་དགའ་བ་གཞན་གྱི་རྒྱུད་ལ་ཡོད་པས་ཅི་ཞིག་འོངས་ཏེ། བདག་ལ་ཕན་པ་ཅུང་ཟད་ཀྱང་མེད་དོ། །
ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱིས་ཏེ་དེའི་ཕྱིར་རོ། །བདེ་བ་གང་ཡིན་པ་ནི་བསྟོད་པ་བྱེད་པ་དེའི་དགའ་བ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །དེ་བས་ན་ཤས་ནི་གཞན་གྱི་རྒྱུད་ལ་ཡོད་པའི་དགའ་བ་དེ་དེ་ལས་ཅུང་ཟད་ཙམ་སྟེ་བདག་གིས་མི་འཐོབ་བོ། །དེ་ལྟ་ཡིན་མོད་བྱང་ཆུབ་སེམས་དཔའ་
རྣམས་ནི་གཞན་བདེ་བས་བདེ་བར་གྱུར་པ་ཡིན་ན་དེ་ཅིའི་ཕྱིར་དེ་ལ་ཆ་ཤས་མི་འཐོབ་ཅེ་ན། འདིར་བདེ་བ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཕ་རོལ་བདེ་བས་བདེ་བ་དང་ལྡན་པར་འགྱུར་ན། དེའི་ཚེ་ཐམས་ཅད་ལའང་སྟེ་གཞན་དགའ་བས་བདེ་བར་གྱུར་པ་ལ་ཡང་དེ་
བཞིན་དུ་བྱ་དགོས་ན། ཅིའི་ཕྱིར་བདག་ལ་གཞན་མངོན་པར་དང་བས་ནི་གཞན་ལ་སླར་དགའ་ཞིང་གཞན་ལ་དད་པས་བདེ་བར་གྱུར་པའི་སེམས་ཅན་ལ་བདག་བདེ་བ་མ་ཡིན། །དེ་ལྟ་བས་ན་དེས་ནི་ཚིག་ཙམ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་བས་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལས་རྒྱུ་མཚན་གཞན་མེད་པའི་ཕྱིར་རོ། །བདག་ལ་བསྟོད་དོ་ཞེས་དེ་ལྟར་རྣམ་པར་རྟོག་པས་རང་ལ་དགའ་བ་སྐྱེ་བར་འགྱུར་ཞིང་གཞན་བདེ་བས་བདེ་བར་མི་འགྱུར་བའི་ཕྱིར་རོ། །དེ་ལ་ཡང་སྟེ་དེ་གཞན་ལ་དགའ་བས་བདེ་བར་མི་འགྱུར་བ་
འབའ་ཞིག་ཏུ་མ་ཟད་ཀྱི། བདག་ཉིད་ཀྱང་དེ་ལྟར་བསྟན་པའི་རིམ་པས་མི་འཐད་ཅིང་འབྲེལ་པ་མེད་པས་དེ་དག་གི་ནི་བྱིས་པའི་རྩེད་མོ་འབའ་ཞིག་ཏུ་ཟད་དོ། །གཞན་ཡང་བསྟོད་འདོད་པ་ལ་སོགས་པས་ནི་བདག་ལ་གོད་པ་ཉིད་བསྒྲུབ་པ་ཡིན་ནོ་ཞེས་ཉེ་བར་བསྟན་པ་བསྟོད་སོགས་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། བསྟོད་པ་ལ་སོགས་པ་འདི་དག་ནི་བདག་གི་ལེགས་པ་སྟེ་དགེ་བའོ། །ཡང་ན་དགེ་བ་ནི་དགེ་བའི་ཕྱོགས་ཡོངས་སུ་སྐྱོང་བའོ། །དེ་བཞིན་དུ་སྐྱོ་བ་ནི་འཁོར་བའི་སྡུག་བསྔལ་ལ་སྐྱོ་བ་སྟེ། འཇིག་པར་བྱེད་པ་ནི་འཇོམས་པར་བྱེད་པའོ། །
เล่ม ๑๐๕ · หน้า 130b
དེ་དག་ཙམ་དུ་མ་ཟད་ཀྱི་འོན་ཀྱང་ཡོན་ཏན་ལྡན་ལ་ཕྲག་དོག་དང་སྟེ་བདག་གི་ཡོན་ཏན་ལྷག་པར་བྱའོ་སྙམ་པ་དེས་གཞན་གྱི་ཡོན་ཏན་སྦེད་པའི་ཕྱིར་རམ། དེའི་ཡོན་ཏན་ལ་མི་བཟོད་པའི་ཕྱིར་རོ། །ཕུན་སུམ་ཚོགས་པ་ནི་རྙེད་པ་དང་བཀུར་སྟི་ལ་སོགས་པའི་ངོ་བོའོ། །ཁྲོ་བར་བྱེད་པ་ནི་
དེ་དག་ལ་མི་བཟོད་པར་བྱེད་པའོ། །བདག་ཉིད་ཁོ་ན་ཡོན་ཏན་ལྷག་པ་དང་། བདག་ཁོ་ན་ལ་ཕུན་སུམ་ཚོགས་པ་ཐམས་ཅད་རིགས་ཀྱི་གཞན་དག་ལ་ནི་མ་ཡིན་ནོ་སྙམ་ནས་སོ། །གང་གི་ཕྱིར་བསྟོད་པ་ལ་སོགས་པ་ལ་ཉེས་པ་དེ་དག་འབྱུང་བ་དེ་ལྟ་བས་ན་བསྟོད་ལ་སོགས་
གཞོམ་ཕྱིར་ཏེ། དགག་པར་བྱ་བའི་ཕྱིར་སེམས་ཅན་གང་དག་ཉེ་བར་གནས་པ་སྟེ་འབད་པར་བྱེད་པའོ། །ངན་སོང་དུ་ལྷུང་བ་ནི་སེམས་ཅན་དམྱལ་བ་ལ་སོགས་པར་ལྟུང་བའོ། །དེ་ལས་བདག་ནི་བསྲུང་བའི་ཕྱིར་ཏེ་བསྐྱབ་པའི་དོན་དུ་སྟེ། བསྲུང་བར་བྱ་བའི་རྒྱུ་མཚན་དུ་ཞུགས་ཤིང་
བརྩོན་པར་བྱེད་པ་མིན་ནམ། དེའི་ཕྱིར་དེ་དག་ནི་དགེ་བའི་བཤེས་གཉེན་ཡིན་ཏེ་གནོད་པ་བྱེད་པ་མ་ཡིན་པས་རྙེད་པ་ལ་སོགས་པའི་གེགས་བྱེད་པ་ལ། རྣམ་པ་ཐམས་ཅད་དུ་བདག་ཁོང་ཁྲོ་བའི་སེམས་སུ་མི་རིགས་སོ་ཞེས་བསྟན་པར་བྱ་བའི་ཕྱིར་བདག་ནི་གྲོལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
རྣམ་པར་གྲོལ་བར་འདོད་པ་ལ་ནི་རྙེད་པ་དང་བཀུར་སྟི་རྣམས་འཆིང་བ་དང་འདྲ་སྟེ། ཆགས་པའི་གནས་ཡིན་པའི་ཕྱིར་རོ། །མི་དགོས་པ་ནི་ཐར་པའི་འདོད་པ་ལ་འཆིང་བ་མི་རིགས་པའོ། །བདག་བཅིངས་པ་ལས་འཁོར་བ་སྡུག་བསྔལ་གྱི་མཚན་ཉིད་དམ། རྙེད་པ་ལ་སོགས་པའི་
ངོ་བོ་ལས་དགྲ་བོ་མངོན་པར་འདོད་པས་དགེ་བའི་བཤེས་གཉེན་གྱི་བྱ་བ་བྱེད་པས་གྲོལ་བར་བྱེད་པ་སྟེ་བྲལ་བར་བྱེད་པའོ། །དེ་དག་སྟེ་མཆོག་ཏུ་ཕན་འདོགས་པ་དགའ་བའི་གནས་དག་ལ་བདག་ནི་ཇི་ལྟར་ཁྲོ་སྟེ་མི་རིགས་སོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ཇི་ལྟར་མི་རིགས་ཤེ་ན། བདག་
ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྙེད་པ་དང་བཀུར་སྟི་ལ་མངོན་པར་ཞེན་པར་གྱུར་པས་ཏེ། འཁོར་བའི་སྡུག་བསྔལ་ལས་གྲོལ་བར་འདོད་པ་ལ། སྐྱེས་བུ་དམ་པའི་བྱེ་བྲག་གང་ཞིག་སྒོ་འཕར་ཉིད་དེ་སྒོ་གླེགས་ཉིད་དུ་གྱུར་པ་སྟེ་སོན་པའོ། །གང་ལས་ཤེ་ན། སངས་རྒྱས་
เล่ม ๑๐๕ · หน้า 131a
རྣམས་ཀྱི་བྱིན་རླབས་མཐུ་ཆེན་པོ་བཞིན་དུ་སྟེ། དེ་ལ་བདག་ནི་ཇི་ལྟར་ཁྲོའོ། །དགེ་བ་འཇོམས་པར་བྱེད་པ་རྣམས་ལ་ཡང་སྡང་བ་བཟློག་པར་བྱ་བ་གསུངས་པ། འདི་ནི་བསོད་ནམས་ཀྱི་གེགས་བྱེད་དོ་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ནི་དགེ་བའི་གེགས་
བྱས་སོ་ཞེས་དེ་ལྟར་ཡིད་ལ་བཞག་ལ། འདིར་བསོད་ནམས་ཀྱི་གེགས་བྱེད་པ་རྣམས་ལ་སྡང་བར་རིགས་པ་མིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བཟོད་པ་སྟེ་སྲོན་པ་དང་མཚུངས་ཤིང་མཉམ་པའི་དཀའ་ཐུབ་ནི་ལེགས་པར་སྤྱོད་པ་ཡོད་པ་མ་ཡིན་ན་སྟེ། དགེ་བའི་ལས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་
ཕྱིར་ཏེ། བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལ་སྟེ་འབད་རྩོལ་འདི་ཉིད་ལ་གནས་ཤིང་བསྒྲུབ་པ་མ་ཡིན་ནམ། བསོད་ནམས་ཀྱི་གེགས་བྱེད་པ་ལྟ་བུའི་དོར་གྱིས་བསོད་ནམས་ཀྱི་རྒྱུ་ཉེ་བར་གནས་པ་དེ་ལ་ཁྲོ་ན་བདག་ཉིད་ཀྱིས་བསོད་ནམས་ཀྱི་གེགས་བྱས་པར་
འགྱུར་རོ་ཞེས་གསུངས་པ། གལ་ཏེ་བདག་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཇི་སྟེ་གལ་ཏེ་བདག་ཉིད་ཀྱི་སྐྱོན་མི་བཟོད་པའི་བདག་ཉིད་ཀྱིས་གེགས་བྱེད་པ་འདི་ལ་བཟོད་ཅིང་སྲོན་པར་མི་བྱེད་ན་དེའི་ཚེ་བདག་ཉིད་ཀྱིས་ཏེ་གཞན་གྱིས་ནི་མ་ཡིན་པར་བསོད་ནམས་འདི་ལ་གེགས་བྱས་པར་ཟད་དོ། །ཅིའི་
ཕྱིར་ཞེ་ན། བསོད་ནམས་ཀྱི་རྒྱུ་ལ་བསོད་ནམས་ཀྱི་གེགས་བྱེད་པ་ཉིད་དུ་མངོན་པར་འདོད་པས་ཉེ་བར་གནས་པ་སྟེ་ཉེ་བར་གྱུར་པས་སོ། །ཡང་ན་འདི་ལ་ནི་བསོད་ནམས་ཀྱི་རྒྱུ་འདི་ལ་ཞེས་སྦྱར་རོ། །གལ་ཏེ་བསོད་ནམས་ཀྱི་གེགས་བྱེད་ན་འདི་ཇི་ལྟར་ན་བསོད་ནམས་ཀྱི་རྒྱུར་གྱུར། འོན་
ཀྱང་དེ་ཉིད་ནི་གེགས་ཡིན་ནོ་ཞེ་ན། གང་ཞིག་གང་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་གང་འབྲས་བུར་མངོན་པར་འདོད་པ་གང་ཞིག་རྒྱུར་མངོན་པར་འདོད་པ་གང་མེད་ན་མི་འབྱུང་ལ་སྟེ། དེ་ལོག་ན་མེད་པའི་འབྲས་བུ་མངོན་པར་འདོད་པ་དེའི་སྐྱེད་པར་བྱེད་པའི་རྒྱུ་གཞན་མ་ཡིན་པ་
སྟེ། དེ་དང་རྗེས་སུ་འགྲོ་བ་དང་ལྡོག་པ་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་སྐབས་སུ་བབ་པ་ལ་ཡང་སྐྱེད་པར་བྱེད་པ་དེ་ཇི་ལྟར་ན་བསྐྱེད་པར་བྱ་བའི་གེགས་སུ་བརྗོད་དོ། །གེགས་ཀྱི་རྒྱུ་ཞེས་རྗོད་པར་བྱེད། རྣམ་པ་དེ་ལྟ་བུ་ལ་ཡང་དེ་ལྟར་ཐ་སྙད་དུ་བྱེད་ན་མིང་ལ་ལོག་པར་རྟོག་པར་ཟད་དོ། །
เล่ม ๑๐๕ · หน้า 131b
བསྟན་པའི་དོན་དཔེ་ཉེ་བར་བསྟན་པའི་སྒོ་ནས་གསལ་བར་བྱེད་པ་དུས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་སྦྱིན་བདག་འགའ་ཞིག་སྦྱིན་པ་བྱེད་པའི་དུས་ལ་བབ་པ་ན། སློང་མོ་པ་སློང་བར་བྱེད་པས་སྦྱིན་པའི་གེགས་བྱེད་པ་མ་ཡིན་པར་བརྗོད་དེ། གང་གི་ཕྱིར་དེ་ནི་སྦྱིན་
པའི་རྒྱུ་ཉིད་ཡིན་ནོ། །རབ་ཏུ་བྱུང་བར་འདོད་པ་གང་ལ་ལའི་རབ་ཏུ་འབྱིན་པར་བྱེད་པ་དང་ཕྲད་པ་ན་རབ་ཏུ་འབྱུང་བར་སྡོམ་པ་ལ་སོགས་པ་ལེན་པའི་ངོ་བོ་དེའི་ཚེ་གེགས་ཞེས་བྱ་བར་ནི་མི་རུང་ངོ་། །འོན་ཀྱང་དེ་ནི་རྒྱུ་ཉིད་ཡིན་ཏེ། དེ་མེད་པར་དེ་མི་འབྱུང་བའི་ཕྱིར་རོ། །དེ་ལྟར་སྐབས་སུ་
བབས་པ་ལ་ཡང་བལྟ་བར་བྱའོ།། །།བམ་པོ་བཅུ་གཅིག་པ། གཞན་ཡང་བཟོད་པའི་རྒྱུ་ནི་ཤིན་ཏུ་དཀོན་པ་ཡིན་པས་དེ་དང་ཕྲད་པ་ན་དགའ་བ་ཁོ་ནར་རིགས་སོ་ཞེས་བསྟན་པ། འཇིག་རྟེན་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དུ་ཐམས་ཅད་
ན་འཇིག་རྟེན་ན་སློང་བར་བྱེད་པ་ནི་ཤིན་ཏུ་མང་བར་གྱུར་པ་ཡིན་ཏེ། དེ་ལྟར་སྦྱིན་པར་བྱེད་པ་ན་ཕྱིར་མི་ལྡོག་པའི་ཕྱིར་རོ། །གནོད་པ་བྱེད་པ་ནི་དེ་ལྟ་མ་ཡིན་ཏེ་དེ་བས་ན་དེ་དག་དཀོན་པ་སྟེ། སྟོང་ཕྲག་བརྒྱའི་ནང་ནས་གལ་ཏེ་ཇི་ཞིག་ལྟར་འགའ་ཞིག་འབྱུང་བའམ་མ་ཡིན་ནོ། །དེ་དེ་
ལྟར་ཡིན་པ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཕར་གནོད་པ་མ་བྱས་ན་སྟེ། ཕ་རོལ་ལ་གནོད་པ་བྱེད་པ་ལས་ལྡོག་ན་བདག་ལ་རྒྱུ་མཚན་མེད་པས་འགའ་ཡང་སྟེ་གཅིག་ཀྱང་གནོད་པ་མི་བྱེད་དོ། །དེ་ལྟར་ན་ཤིན་ཏུ་དཀོན་པའི་ཕྱིར་དང་། མཆོག་
ཏུ་ཕན་འདོགས་པའི་ཕྱིར་གནོད་པ་བྱེད་པ་ལ་མངོན་པར་དགའ་བར་བྱའོ་ཞེས་གསུངས་པ། དེ་བས་ངལ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཇི་ཞིག་ལྟར་གནོད་པ་བྱེད་པ་དང་ཕྲད་ན་དེའི་ཚེ་ཁྱིམ་དུ་བྱུང་བའི་གཏེར་བཞིན་དུ་ངལ་བ་མ་བྱས་པར་ཐོབ་པའི་དགྲ་ལ་བདག་
གིས་འདོད་པར་བྱའོ། །བྱང་ཆུབ་སྤྱོད་པ་ནི་སངས་རྒྱས་ཉིད་ཀྱི་ཚོགས་ཉེ་བར་རྫོགས་པ་ན་གྲོགས་བྱེད་པར་གྱུར་པས་སོ། །རྣམ་པ་དེ་ལྟ་བུར་སྐྱེས་བུ་མཆོག་གི་དོན་ལ་གྲོགས་བྱེད་པ་ལ་བྱས་པ་ཤེས་པའི་ཕྱིར་བདག་ལེན་དུ་ཕན་གདགས་པར་རིགས་པ་ཡིན་ནོ་ཞེས་ཉེ་བར་བསྟན་
เล่ม ๑๐๕ · หน้า 132a
པ། འདི་དང་བདག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ལ་འདིས་གྲོགས་སུ་བྱས་པས་རྒྱུ་ཉིད་ཡིན་གྱི་གེགས་མ་ཡིན་པ་དེའི་ཕྱིར་བདག་གིས་བཟོད་པ་གོམས་པར་བྱས་པ་དང་། འདིས་ཀྱང་གནོད་པ་བྱས་པ་ཡིན་ཏེ་གཉི་གས་
བསྐྱེད་པ་ཡིན་ནོ། །འདི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཕྱིར་གྲོགས་བྱས་ཤིང་བསྟེན་པའི་བཟོད་པའི་འབྲས་བུ་སྟེ། བསོད་ནམས་ཐོབ་པའི་མཚན་ཉིད་དོ། །འདི་ལ་སྟེ་ཆོས་ཀྱི་གྲོགས་ལ་ཐོག་མར་ཕུད་བདར་བར་བྱའོ། །དཔེར་ན་བྱང་ཆུབ་སེམས་དཔའ་བྱམས་པའི་སྟོབས་
ཀྱིས་ལྔ་སྡེའི་ཆེད་དུ་སྨོན་ལམ་བཏབ་པ་ལྟར་བདག་གིས་སྨོན་ལམ་གདབ་པར་བྱའོ། །དེ་ལ་རྒྱུ་གསུངས་པ་ནི་གང་གི་ཕྱིར་ཞེས་སོ། །གལ་ཏེ་བསམས་པ་དེ་ཉིད་ཀྱིས་དེ་འཇུག་ན་དེ་དེ་ལྟར་རིགས་ན། འོན་ཀྱང་འདི་ནི་གནོད་པ་བྱེད་པའི་བསམ་པ་ཅན་ཡིན་ནོ་ཞེས་དོགས་པ། གལ་ཏེ་བཟོད་
བསྒྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའི་བཟོད་པ་བསྒྲུབ་པོ་སྙམ་པའི་བསམ་པ་མེད་པར་གནོད་པར་བརྩོན་པ་དེའི་ཕྱིར་ན་གལ་ཏེ་དགེ་བའི་རྒྱུ་ཡིན་ཡང་དགྲ་འདི་མཆོད་པར་འོས་པ་མ་ཡིན་ནོ་ཞེ་ན། འོན་ཏེ་དེ་ལྟར་ན་དགོས་པ་མི་མངའ་བའི་དགེ་བ་འགྲུབ་
པའི་རྒྱུ་དམ་པའི་ཆོས་གསུང་རབ་ཀྱི་མཚན་ཉིད་ཅི་སྟེ་མཆོད་པར་བྱེད་དེ་ཡང་བསམ་པ་དེས་སྟོང་པའི་ཕྱིར་མཆོད་པར་འོས་པར་མི་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། ཅི་སྟེ་དམ་པའི་ཆོས་ལ་བསམ་པ་མེད་པའི་ཕྱིར་གནོད་པ་བྱ་བའི་བསམ་པའང་མེད་ལ། འདི་ལ་དེ་ལས་བཟློག་པ་སྣང་ངོ་
ཞེས་གལ་ཏེ་དགྲ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་དགྲ་འདི་གནོད་པ་བྱ་བའི་བསམ་པ་ཡོད་དོ་སྙམ་དུ་བསམས་ནས། དགྲ་བོ་མཆོད་བྱ་མ་ཡིན་ཏེ། །སྦྱིན་པས་བསྙེན་བཀུར་མི་བྱའོ། །ཞེ་ན། སྨན་པ་བཞིན་དུ་ཞེས་བྱ་བ་སྟེ་གནོད་པ་བྱེད་པ་ལ་ཁྲོ་བའི་སེམས་མ་
བཟློག་ན་ཇི་ལྟར་བདག་གི་བཟོད་པ་འགྲུབ། གནོད་པ་བྱེད་པ་ལ་མི་བཟོད་པ་འམ། སླར་གནོད་པ་བྱ་བར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་གཞན་དུ་གྱུར་མོད་ཅེ་ན། གཞན་དུ་ཡང་སྨན་པ་བཞིན་དུ་ཕན་བརྩོན་ན་སྟེ། སྨན་པ་བཟང་པོ་ལྟར་ཕན་པ་དང་བདེ་བ་སྒྲུབ་པར་བྱེད་པ་
เล่ม ๑๐๕ · หน้า 132b
ལ་ནི་གང་ལ་རྟག་ཏུ་དགའ་བ་དང་གུས་པ་ཡོད་པ་ཡིན་ཏེ། ཞེ་སྡང་གི་རྒྱུའི་དྲི་ཡང་མེད་དོ། །ཞེ་སྡང་གི་སེམས་ལོག་པ་ལས་ནི་བཟོད་པ་ཞེས་བརྗོད་དེ། །དེ་ལྟ་བས་ན་གནོད་པ་བྱེད་པ་ཉིད་ལ་ཁོང་ཁྲོ་བའི་སེམས་བཟློག་ན་བཟོད་པ་ཡིན་ནོ་ཞེས་དེ་ཉིད་བསྟན་པ་དེ་བས་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། གང་གི་ཕྱིར་སྨན་པ་ཕན་པར་བརྩོན་པ་ལ་བཟོད་པ་མི་རིགས་པ་དེ་བས་ན་སྟེ། གཏན་ཚིགས་འདི་ལས་སྡང་བའི་བསམ་པ་ཅན་དེ་ལ་བསྟན་ནས་རྒྱུ་མཚན་དུ་བྱས་ཏེ་བཟོད་པ་ཡང་དག་པར་སྐྱེ་བ་ཡིན་གྱི། དགེ་བའི་བསམ་པ་ལས་ནི་མ་ཡིན་ནོ། །དེའི་ཕྱིར་གང་གི་བསམ་པ་ལ་
བརྟེན་ནས་བཟོད་པ་སྐྱེ་བ་དེ་ནི་བཟོད་པའི་རྒྱུ་ཡིན་གྱི། གང་ཞིག་སྨན་པ་བཞིན་སྡང་བའི་བསམ་པ་མེད་པ་ལ་ནི་མ་ཡིན་ནོ། །དེ་བས་ན་བཟོད་པ་བསྒྲུབ་པའི་བསམ་པ་མེད་ཀྱང་དམ་པའི་ཆོས་ལྟར་འདི་བདག་གིས་མཆོད་པར་བྱའོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ་བདག་ལ་
བསམ་པ་དཔྱད་པ་འདིས་དགོས་པ་ཅི་ཞིག་ཡོད། བསྒྲུབ་བྱར་མངོན་པར་འདོད་པ་འགྲུབ་པ་ཡིན་ན་མཁོ་བ་ཡིན་ཏེ་དེ་ཙམ་ཞིག་བདག་གིས་བླང་བར་བྱ་བར་གྱུར་པ་ཡིན་ནོ། །བསམ་པ་ཡོན་ཏན་མེད་པ་ཅན་གྱི་འབྲས་བུ་ནི་བསམ་པ་ཡོན་ཏན་མེད་པ་གང་ཡིན་པ་དེ་ཉིད་ཀྱི་ཡིན་
ལ། བདག་ལ་ནི་དགེ་བ་འབྱུང་བའི་རྒྱུ་ཉིད་འདི་ཡིན་པས་ན་ཇི་ལྟར་མཆོད་པར་འོས་པར་མི་འགྱུར་ཞེས་སོ། །དེ་ལྟ་བས་ན་ཚོགས་ལ་མཁོ་བའི་རྒྱུ་དག་ལ་རང་གི་ངོ་བོ་དཔྱད་པས་ཅི་ཞིག་བྱ་སྟེ། དེ་དག་འདིའི་ཚོགས་ཀྱི་རྒྱུར་གྱུར་པ་ཡིན་ནོ་ཞེས་ལུང་ལས་རབ་ཏུ་བསྒྲུབ་པའི་
ཕྱིར་སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་འབྱུང་ཞིང་འཕེལ་བའི་རྒྱུ་ཡིན་པའི་ཕྱིར་སེམས་ཅན་གྱི་ཞིང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དེ་བཞིན་དུ་ཞིང་ཡིན་ཏེ། དེ་ལྟ་བུ་དེ་ཡིན་པས་ན་སངས་རྒྱས་ཉིད་ཀྱི་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རྣམ་
པ་འདིས་བཅོམ་ལྡན་འདས་ཀྱིས་བསྔགས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་གང་གི་ཕྱིར་སེམས་ཅན་དང་རྒྱལ་བ་དེ་དག་རྗེས་སུ་མཐུན་པར་བསྒྲུབས་པས་མགུ་བར་བྱས་ཏེ་མང་པོ་ཞིག་སངས་རྒྱས་ཉིད་ཐོབ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་
เล่ม ๑๐๕ · หน้า 133a
ཐམས་ཅད་མཐར་ཐུག་པ་ཐོབ་པ་ཡིན་ནོ། །འོ་ན་དེ་ལྟར་ཡིན་ན། གལ་ཏེ་ཞིག་ན་སེམས་ཅན་རྣམས་ཀྱང་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་ན་དེ་ལྟ་ན་ཡང་དེ་བཞིན་གཤེགས་པ་རྣམས་དང་མཚུངས་པ་མི་རིགས་སོ་ཞེ་ན། སེམས་ཅན་རྣམས་དང་ཞེས་བྱ་
ལ་སོགས་པ་གསུངས་ཏེ། གཉི་ག་ལས་ཀྱང་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པ་འགྲུབ་པ་དང་འཐོབ་པ་ལ་མཚུངས་ཤིང་ཁྱད་མེད་དེ། གཉི་ག་ཡང་དེ་ལ་རྒྱུ་ཉིད་ཡིན་པར་ཁྱད་མེད་དོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟ་བས་ན་རྒྱུའི་དངོས་པོ་ཐུན་མོང་ཡིན་
ཡང་རྒྱལ་བ་རྣམས་ལ་གུས་པར་བྱ་བ་ཅི་འདྲ་བ་དེ་བཞིན་དུ་སེམས་ཅན་རྣམས་མིན་པ་དེ་ལྟ་བུ་ཅིའི་ཚུལ་དང་གོ་རིམས་ཡིན། རྟོག་པ་དང་ལྡན་པས་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །འོ་ན་སེམས་ཅན་རྣམས་ལ་འདོད་ཆགས་ལ་སོགས་པའི་དྲི་མ་རྣམས་ཀྱིས་བསམ་པ་ཞེན་པར་གྱུར་
པའི་ཕྱིར་རྒྱུ་ཉིད་ཡིན་ན་ཡང་ཇི་ལྟར་ན་བཅོམ་ལྡན་འདས་དང་མཚུངས་པ་ཉིད་དུ་རིགས་པ་ཡིན་སྙམ་དུ་དོགས་པ་ལ། བསམ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་ཡང་བཅོམ་ལྡན་འདས་ནི་བསོད་ནམས་དང་ཡེ་ཤེས་དཔག་ཏུ་མེད་པས་བསྐྱེད་པ་བླ་ན་མེད་པའི་
བདག་ཉིད་ཆེན་པོའོ། །དེ་ལྟར་ཡང་ཉེ་བར་མཁོ་བར་སྦྱོར་བ་ཉིད་ཀྱི་ཕྱིར་རྒྱུའི་དངོས་པོ་མཚུངས་པས་ན་ཆེ་བའི་བདག་ཉིད་མཉམ་པར་བརྗོད་དོ། །གཏན་ཚིགས་དེའི་ཕྱིར་སེམས་ཅན་དེ་དག་རྒྱལ་བ་རྣམས་དང་མཉམ་པ་ཡིན་ཏེ་འདྲ་བར་ཞེས་བརྗོད་དོ། །དེ་ལྟར་ན་འདིར་བྱེད་པ་
ལ་ཁྱད་པར་མེད་པ་ཡིན་ནོ། །གང་དུ་སོ་སོར་ངེས་པའི་བདག་ཉིད་ཀྱི་ཚུལ་ལ་ནི་ཁྱད་པར་དེ་བསྟན་པའི་ཕྱིར། བྱམས་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་རྣམས་ལ་བྱམས་པའི་སེམས་སུ་གནས་པ་ལ་སྐྱེ་བོ་རྣམས་ཀྱིས་མཆོད་པ་གང་ཡིན་པ་དེ་ནི་
བྱམས་སེམས་ལྡན་པ་དེའི་སོ་སོ་རང་གི་རྣམ་པའི་ཆེ་བའི་བདག་ཉིད་དེ་གཞན་གྱིས་ནི་མ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་དམིགས་ནས་རང་གི་སེམས་དད་པར་བྱེད་པའི་བསོད་ནམས་སྐྱེ་བ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཉིད་ཀྱི་ཆེ་བའི་བདག་ཉིད་ཐུན་མོང་མ་ཡིན་པ་སྟེ།
เล่ม ๑๐๕ · หน้า 133b
གཞན་ལ་རྣམ་པ་དེ་ལྟ་བུའི་ཡོན་ཏན་མེད་པའི་ཕྱིར་རོ། །དེ་ལྟར་ཐུན་མོང་མ་ཡིན་པའི་ཡོན་ཏན་བརྗོད་ནས། སྐབས་ལ་བབ་པའི་མཇུག་བསྡུ་བ། སངས་རྒྱས་ཆོས་འགྲུབ་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མཚུངས་པར་བསྒྲུབ་པའི་ས་བོན་ནི་འདི་ཡིན་ནོ་ཞེས་བྱ་བའི་
དོན་ཏོ། །དོན་དམ་པར་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མཚུངས་པའི་སེམས་ཅན་དུ་གྱུར་པ་འགའ་ཡང་མེད་དོ། །གལ་ཏེ་རྣམ་པ་དེ་ལྟ་བུར་གྱུར་ན་དེའི་ཚེ་ཡང་སངས་རྒྱས་ཉིད་ཡིན་ནོ། །ཇི་ལྟར་གྱུར་པའི་ཞེ་ན། ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི། །ཡོན་
ཏན་རྣམས་ཀྱི་རྒྱ་མཚོ་ནི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཡིན་ཏེ། གཏིང་མཐའ་མི་དཔོགས་པའི་ཕྱིར་ན་དེ་རྣམས་དང་ངོ་། །ཡང་དེ་དག་གི་ཁྱད་པར་དུ་བྱེད་པ་གསུངས་པ། མཐའ་ཡས་ཆ་ནི་མཐའ་ཡས་ཤིང་མུ་མེད་པའི་ཆ་ཉིད་ནི་ཕྱོགས་ཀྱང་སྟེ། ཡོན་ཏན་རྒྱ་མཚོ་གང་ལ་
ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་སེམས་རྣམས་དང་ངོ་། །བསྟན་པའི་དོན་ཉིད་གསལ་བར་བྱེད་པ་ཡོན་ཏན་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོན་ཏན་རྣམས་ལ་གཙོ་བའི་ཕུང་པོ་གཅིག་པུ་མངའ་བའི་བཅོམ་ལྡན་འདས་གང་ཡིན་པ་དང་དེ་དག་གི་ཡོན་ཏན་ཤས་ཙམ་ནི་རྡུལ་
ཕྲ་རབ་ཙམ་ཡང་སྟེ། ཡོན་ཏན་ཕྲ་མོ་ཡང་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སེམས་འགའ་ཞིག་ལ་ཁྱད་པར་སྣང་ན་ཡང་དེ་ལ་སྟེ་ཡོན་ཏན་རྒྱ་མཚོ་དེ་མཆོད་པའི་རྒྱུ་མཚན་དུ་ཁམས་གསུམ་ཕུལ་ཡང་ཆུངས་པར་འགྱུར། འཇིག་རྟེན་གསུམ་དུ་བྱུང་བའི་རིན་པོ་ཆེ་ལ་སོགས་པ་
རྣམས་འཚམ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ཡིན་ན་ཇི་ལྟར་ན་སེམས་ཅན་མགུ་བར་བྱ་བ་བསྟན་ཅེ་ན། སངས་རྒྱས་ཆོས་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བཤད་པ་ཉིད་ཡིན་ནོ། །འདི་དག་གིས་ཀྱང་སེམས་ཅན་མགུ་བར་བྱ་བར་རིགས་
པ་ཡིན་ནོ་ཞེ་ན། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོ་མེད་གཉེན་གྱུར་པ་ནི་བཅོས་མ་མ་ཡིན་པའི་ཤེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཕན་འདོགས་པ་མཐའ་ཡས་པ་མཛད་པ་རྣམས་ལ་ལན་ལྡོན་པ་ནི་དེས་ཕན་གདགས་པ་བྱས་པའི་ལན་
เล่ม ๑๐๕ · หน้า 134a
གླེན་པ་སྟེ། ལན་ཁྱེར་བ་ཞེས་བྱ་བའི་དོན་ཏོ། །གཞན་གང་ཞིག་གིས་འགྱུར་སེམས་ཅན་མགུ་བར་བྱ་བ་མིན་པར་ཏེ། དེ་ཉིད་མཆོག་ཏུ་ལན་ལྡོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་པོའི་སེམས་དང་མཐུན་པར་འཇུག་པ་ཉིད་བྲན་གྱི་འདོད་པ་
འགྲུབ་པར་འགྱུར་རོ་སྙམ་དུ་ཤེས་པར་བྱས་ནས་སེམས་ཅན་མགུ་བར་བྱ་བ་ཁོ་ན་བླང་བར་བྱ་བ་ཡིན་ནོ་ཞེས་བསྟན་པ། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དག་ལ་ཕན་པ་དང་བདེ་བ་བསྒྲུབ་པའི་ཕྱིར་ལག་པ་དང་རྐང་པ་དང་མགོ་དང་མིག་ལ་སོགས་པ་
བཅད་ཅིང་རབ་ཏུ་སྟེར་བར་བྱེད་པ་དང་། དེ་བཞིན་དུ་གང་གི་དབང་དུ་བྱས་ཏེ་དེ་དག་གི་གནོད་པ་ཞི་བར་བྱ་བའི་དོན་དུ་གཞན་སྡུག་བསྔལ་བས་སྡུག་བསྔལ་བར་གྱུར་པ་རྣམས་མནར་མེད་པར་ཡང་འཇུག་པ་སྟེ། སྐབས་སུ་བབ་པའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
རྣམས་ཡིན་ནོ། །དེ་ལ་སྟེ་སེམས་ཅན་རྣམས་ལ་ཕན་གདགས་ལན་ལྡོན་འགྱུར་བས་ན་གཞན་དུ་ནི་ཕན་བཏགས་ཀྱང་ལན་ལོན་པར་མི་འགྱུར་རོ། །ལན་གྱི་སྒྲ་ནི་འདིར་སྐབས་ཀྱི་དབང་དུ་བྱས་པས་ལེགས་པར་བྱེད་པ་ལ་འཇུག་གོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་
མཆོག་ཏུ་གནོད་པ་རྣམས་ལ་ཡང་སེམས་ཁྲོ་བར་མི་བྱ་སྟེ། འོན་ཀྱང་ཐམས་ཅད་དེ་རྣམ་པ་དུ་མར་ལུས་སམ། ངག་གམ། ཡིད་དག་གིས་བཟང་དགུ་ཞིག་ཏུ་འདི་དག་ལ་ཕན་པ་དང་བདེ་བ་བསྒྲུབ་པར་བྱ་བའོ། །བསྟན་པ་ཉིད་བསྒྲུབ་པ་ནི་རེ་ཞིག་ཅེས་བྱ་བ་ལ་སོགས་པ་
གསུངས་ཏེ། བདག་གི་རྗེར་གྱུར་ཉིད་ནི་སངས་རྒྱས་ལ་སོགས་པའོ། །རང་གི་བདག་ཉིད་ཀྱི་སྟེ་རེ་ཞིག་ཅེས་པ་ནི་དཔྱོད་པའོ། །གང་གི་ཕྱིར་ནི་གང་དག་གི་རྒྱུ་མཚན་དུ་སྟེ། རང་གི་སྐུ་ལའང་ནི་རང་ཉིད་ཀྱི་ལུས་འཚོ་བ་ལ་ཡང་བསྟན་པའི་རིམ་པས་མི་གཟིགས་པ་
སྟེ། མངོན་ཞེན་མེད་པར་རྩྭ་བཞིན་དུ་ཡོངས་སུ་འདོར་བའོ། །དེ་བས་ན་བདག་ནི་དེ་དག་གི་བྲན་དུ་གྱུར་པ་ཡིན་ན། སེམས་ཅན་བདག་པོ་ལྟ་བུ་དང་བུ་ལྟར་མཆོག་ཏུ་སྡུག་པ་དེ་དག་ལ་ཅི་ལྟར་ན་ང་རྒྱལ་བྱ་ཞིང་སྟེ་རེ་ཞིག་ཤེས་བཞིན་དུ་ཅིའི་ཕྱིར་མི་མཐུན་པར་བྱ་ཞིང་བྲན་གྱི་
เล่ม ๑๐๕ · หน้า 134b
དངོས་མི་བྱ་སྟེ་བྲན་དུ་གྱུར་ཏེ་བརྙས་པར་མི་བྱ། འདི་དག་གིས་ཀྱང་སེམས་ཅན་ལ་གནོད་པ་བྱེད་པ་ཡོངས་སུ་དོར་ལ་དེ་དག་མགུ་བར་བྱ་བ་ཁོ་ན་བྱའོ་ཞེས། གང་དག་བདེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུ་སྡུག་པ་ལྟ་བུའི་སེམས་ཅན་གང་དག་གི་ལུས་དང་ཡིད་
ལས་བྱུང་བ་བདེ་བས་ཕ་ལྟ་བུའི་ཐུབ་པའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགྱེས་པར་འགྱུར་ཞིང་དེ་དག་ལ་སྡུག་བསྔལ་ན་མི་དགྱེས་འབྱུང་བར་འགྱུར་བ་ནི་ཡོངས་སུ་མི་མགུ་བར་འགྱུར་བ་སྟེ་དེ་དག་མི་མཉེས་པའི་ཕྱིར་བཅོམ་ལྡན་འདས་ལ་དེ་སྐད་དུ་བརྗོད་དོ། །དེ་ནི་
སྟེའུ་དང་ཙན་དན་ལྟ་བུ་ཡིན་ཏེ། ཉན་ཐོས་རྣམས་ལ་ཡང་ཁོང་ཁྲོ་བས་རྗེས་སུ་ཆགས་པ་ནི་མི་འབྱུང་བའི་ཕྱིར་རོ། །གཞན་ནི་གོ་སླའོ། །ཇི་ལྟར་ན་དེ་ལ་གནོད་པ་བྱས་པས་ཐུབ་པ་རྣམས་ལ་གནོད་པ་བྱས་པར་འགྱུར་ཞེ་ན། འདིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
ཇི་ལྟར་སྐྱེས་བུའི་ལུས་ལ་ཀུན་ནས་ཡན་ལག་ཐམས་ཅད་ལ་ཁྱབ་པར་མེ་འབར་བ་ན་འདོད་པའི་ཡོན་ཏན་ལྔས་ཡིད་བདེ་བར་མི་འགྱུར་ཞིང་། ལུས་ལའང་བདེ་བ་མེད་དེ། དེ་ལ་རབ་ཏུ་འབར་བའི་སྡུག་བསྔལ་དེ་ཉིད་ཀྱིས་ནོན་པའི་ཕྱིར་རོ། །དེ་བཞིན་ཏེ་དེ་ལྟར་སེམས་ཅན་རྣམས་
ལ་གནོད་པ་བྱས་ན་ཡང་སྟེ་སྡུག་བསྔལ་མྱོང་བ་ན་ཐུགས་རྗེའི་བདག་ཉིད་སངས་རྒྱས་བཅོམ་ལྡན་འདས་རྣམས་དགྱེས་པ་སྟེ། ཡིད་བདེ་བའི་ཐབས་དང་རྒྱུ་མེད་དོ། །དེ་ནི་དེ་ལྟ་ཡིན་པས་ན་ཡོངས་སུ་མ་ཤེས་པས་སམ། ཉོན་མོངས་པའི་གདོན་དང་བཅས་པའི་དབང་གིས་
སེམས་ཅན་རྣམས་ལ་གནོད་པ་བྱས་པའི་མི་དགེ་བ་གང་བསགས་པ་དེ་ཡང་མཇུག་བསྡུ་བའི་སྒོ་ནས་བཤགས་པར་བྱ་བ། དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ལྟར་སེམས་ཅན་ལ་གནོད་པ་བྱས་ན་ཐུབ་པ་རྣམས་ལ་གནོད་པ་བྱས་པར་འགྱུར་བ་དེའི་ཕྱིར།
སྡིག་པ་དེ་རིང་ད་ལྟ་སོ་སོར་བཤགས་པར་བགྱི། སྐྱོབ་པས་ཐུགས་རྗེ་ཆེན་པོ་དེ་དག་གི་སྤྱན་སྔར་བཤགས་པར་བགྱི་ཞིང་། ཡང་དེ་བཞིན་དུ་ཤེས་བཞིན་དུ་མི་བགྱིད་དོ་ཞེས་སླན་ཆད་བསྡམ་པར་བགྱིའོ། །མི་མཐུན་པ་གང་ཞིག་སྤྱད་པ་དེ་ལ་ཐུགས་བརྩེ་བ་ཉེ་བར་བཟུང་
เล่ม ๑๐๕ · หน้า 135a
སྟེ་བདག་ལ་བཟོད་པ་མཛད་དུ་གསོལ། བཟོད་པ་གསོལ་ནས་ད་ནི་དེ་བཞིན་གཤེགས་པ་རྣམས་མཉེས་པར་བགྱི་སླད་དུ་ཞེས་བྱ་བ་ལ་སོགས་པས་དེ་ལ་བདག་ཉིད་གཅིག་པུ་གཞོལ་བར་སྟོན་པར་བྱེད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་བཞེད་པ་
བསྒྲུབ་པའི་ཕྱིར་འཇིག་རྟེན་དང་འཇིག་རྟེན་གྱི་ཡུལ་དུ་བདག་གི་ལུས་ཐམས་ཅད་ཀྱིས་སམ་ངག་གམ་ཡིད་ཀྱིས་བྲན་གྱི་དངོས་པོར་ཁས་བླང་བར་བྱའོ། །དེ་དག་ཀྱང་བདག་ལ་སྤྱི་བོར་རྡོག་པས་བཞག་ཀྱང་དེ་དག་གི་རྐང་པ་ལ་རབ་ཏུ་དགའ་བའི་སེམས་ཀྱིས་མགོ་བོར་བླང་བར་བགྱིའོ། །
འདིས་ཀྱང་བདག་གིས་སྔར་ཉེས་པ་བྱས་པ་སྤངས་པས་འགྲོ་བའི་བདག་པོ་བཅོམ་ལྡན་འདས་ཐུགས་དགྱེས་པར་མཛོད་ཅིག །བཅོམ་ལྡན་འདས་ལ་གུས་པ་བྱེད་པ་རྣམས་ཀྱིས་སེམས་ཅན་རྣམས་ལ་མ་གུས་པར་བྱའོ་ཞེས་རབ་ཏུ་བསྒྲུབ་པ་གསུངས་པ། འགྲོ་བ་འདི་ཀུན་ཞེས་བྱ་བ་ལ་
སོགས་པ་ཡིན་ཏེ། ཐམས་ཅད་དུ་ཆོས་ཀྱི་དབྱིངས་སོ་སོར་རྟོགས་པའི་ཕྱིར་སེམས་ཅན་ཐམས་ཅད་མཉམ་པར་བསྒྲུབ་པས་སམ། གཞན་དང་བདག་བརྗེ་བ་ལ་སོགས་པའང་རུང་སྟེ། འགྲོ་བ་འདི་ཀུན་ཐུགས་རྗེའི་བདག་ཉིད་མ་ཡིན་པ་ལ་བདག་གིར་མཛད་ཅིང་ཞལ་གྱིས་བཞེས་
ཏེ། འགའ་ཙམ་ལ་ནི་མ་ཡིན་ནོ། །གཞན་དུ་ན་སངས་རྒྱས་ཉིད་དུ་མི་རིགས་པའི་ཕྱིར་རོ། །དེ་བས་ན་སེམས་ཅན་གྱི་ངོ་བོར་ཏེ་སངས་རྒྱས་བཅོམ་ལྡན་འདས་ཉིད་དུ་སེམས་ཅན་འདི་དག་མཐོང་བ་ཉིད་ཡིན་ན་དེས་ན་འདིར་སེམས་རྨོངས་པ་དག་ཅིའི་ཕྱིར་གུས་པར་མི་བྱེད།
རིགས་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །སེམས་ཅན་མགུ་བར་བྱེད་པ་ནི་དོན་དུ་མ་གྲུབ་པར་བྱེད་པའི་ཕྱིར་ཡང་དེ་ཉིད་ལ་བརྩོན་པར་བྱའོ་ཞེས་གསུངས་པ། འདི་ཉིད་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདིའི་རང་གི་དོན་སངས་རྒྱས་ཉིད་ཀྱི་ཚོགས་ཀྱི་
མཚན་ཉིད་དམ། འཇིག་རྟེན་གྱི་སྡུག་བསྔལ་སེལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་ནི་སེམས་ཅན་མགུ་བར་བྱ་བ་ཡིན་པས་ཐམས་ཅད་དུ་སྦྱར་བར་བྱའོ། །གཞན་ཡང་མ་འོངས་པའི་འཇིགས་པ་བསྟན་པས་ཀྱང་གཞན་ལ་གནོད་པ་བྱེད་
เล่ม ๑๐๕ · หน้า 135b
པ་ལ་ཕྱིར་ཕྱོགས་པ་གོམས་པར་བྱའོ་ཞེས་དཔེ་བརྗོད་པས་གསུངས་པ། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་པོ་གང་གི་ཡུལ་ན་གནས་པ་དེའི་སྐྱེས་བུ་དེ་སྐྱེ་བོ་མང་པོ་ལ་སྟེ། གྲོང་ཁྱེར་དང་། གྲོང་རྡལ་དང་། གྲོང་དང་། ཚོང་རྡལ་ན་གནས་པ་རྣམས་ལ་གནོད་
པ་བྱེད་ཀྱང་སྟེ་རྣམ་པར་འཇོམས་པར་བྱེད་ཀྱང་དེ་དག་ཀྱང་མ་འོངས་པའི་རྒྱལ་པོའི་ཆད་པས་འཇིགས་པ་མཐོང་བས་སྐྱེ་བོ་མང་པོ་དག་ཚིག་ཙམ་གྱིས་ཀྱང་ཇི་ཙམ་དུ་རྣམ་པར་འགྱུར་བར་འགྲོ་བ་ཙམ་ཡང་མི་ནུས་སོ། །དེས་དེ་དག་ཤིན་ཏུ་ཡང་སེམས་ཀྱི་ཚུལ་བསྐུམ་པ་ཉིད་དུ་གནས་
ཏེ། གང་གི་ཕྱིར་འདི་ལྟར་རྒྱལ་པོའི་སྐྱེས་བུ་དེ་གྲོགས་མེད་པ་ཉིད་དུ་མི་བལྟའོ། །ཇི་ལྟར་ན་འདི་གྲོགས་མེད་པ་མ་ཡིན་ཞེ་ན། དེའི་ཞེས་གསུངས་ཏེ། རྒྱལ་པོའི་མཐུ་སྟོབས་ཉིད་དེའི་སྟོབས་ཡིན་ཏེ། དེའི་ཕྱོགས་འཛིན་པའི་ཕྱིར་རོ། །དེ་བས་ན་ནུས་པ་ཆུང་བ་ཡིན་
ཡང་དེས་གནོད་པ་བྱས་ནས་སླར་མི་བྱའོ། །གང་གི་ཕྱིར་དེ་ཡང་གཅིག་པུ་མ་ཡིན་པ་དེའི་ཕྱིར་སེམས་ཅན་མགུ་བར་བྱའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དམྱལ་བའི་སྲུང་མ་དང་སྟེ། དེ་ལ་གནོད་པ་བྱས་པ་བཞིན་དུ་བརྟུན་ཏེ་སླར་གནོད་པ་བྱེད་པའོ། །ཐུགས་རྗེ་ལྡན་རྣམས་
ནི་རྒྱལ་བ་ལ་སོགས་པ་སྟེ་དེའི་ཕྱོགས་སུ་ལྷུང་བས་དཔུང་ཡིན་ནོ། །ཇི་ལྟར་བྱ་ཞེ་ན། ཇི་ལྟར་དམངས་ཀྱིས་རྒྱལ་གཏུམ་བཞིན། །དཔེར་ན་རྒྱལ་པོ་འཇིགས་སུ་རུང་བ་ལ་རྗེས་སུ་འཕེལ་བའི་ལས་ཀྱིས་རྗེས་སུ་འཚོ་བར་བྱེད་པ་ཅན་ཐམས་ཅད་ཇི་ལྟར་མཉེས་པར་བྱེད་པ་དེ་
བཞིན་དུའོ། །གཞན་ཡང་འདི་ནི་འཇིག་རྟེན་གྲགས་པས་འདིར་བསྟན་པ་ཡིན་གྱི་སེམས་ཅན་ལ་གནོད་པ་བྱས་པ་ལས་བྱུང་བའི་འབྲས་བུ་དང་། རྒྱལ་པོ་ལ་གནོད་པ་བྱས་པའི་འབྲས་བུ་དག་མཚུངས་པ་མ་ཡིན་ནོ་ཞེ་ན། རྒྱལ་པོ་ལྟ་ཞིག་ཁྲོས་ན་ཡང་། །ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། ཅིའི་ཕྱིར་ཞེས་ཟུར་གྱིས་འདྲི་བ་ཡིན་ཏེ། ཅི་དེའི་སྡུག་བསྔལ་གྱི་རྣམ་པ་བསྐྱེད་པར་མིའི་བདག་པོས་ནུས་སམ་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། ཅི་འདྲ་བར་གྱུར་པ་ཞིག་ཅེ་ན། སྡུག་བསྔལ་གྱི་རྣམ་པ་གང་གིས་སེམས་ཅན་དམྱལ་བའི་
เล่ม ๑๐๕ · หน้า 136a
ཚོར་བ་ཉམས་སུ་མྱོང་བར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་ལས་ལེའུ་དྲུག་པའོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་སུ་མ་ཏི་ཀཱིརྟིའི་ཞལ་སྔ་ནས་
དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཨ་ཙཱརྱ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་པ།། །།དེ་ལྟར་མི་མཐུན་པའི་ཕྱོགས་བཀག་པའི་སྒོ་ནས་བཟོད་པ་གསུམ་བསྟན་ནས། བརྩོན་འགྲུས་བསྟན་པའི་ཕྱིར། དེ་ལྟར་བཟོད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དེ་ལྟར་ནི་བརྗོད་པའི་རིམ་པས་ཡིན་ལ། བཟོད་པ་དང་ལྡན་པས་ན་བཟོད་པ་སྟེ། རང་གིས་གོམས་པར་བྱས་པའི་བཟོད་པའོ། །བརྩོན་འགྲུས་བརྩམས་པ་ནི་བརྩོན་འགྲུས་ལ་འབད་པར་བྱ་བ་སྟེ། གཞན་དུ་སྡུག་བསྔལ་བཟོད་པར་མི་ནུས་པས་བརྩོན་འགྲུས་ཞེན་པར་འགྱུར་
རོ། །ཅིའི་ཕྱིར་བརྩོན་འགྲུས་བླང་བར་བྱ་བ་ཡིན་ཞེ་ན། འདི་ལྟར་བརྩོན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བརྩོན་ལ་བྱང་ཆུབ་གནས་པ་ནི་དེའི་རྒྱུ་ཉིད་ཀྱིས་ཡིན་ཏེ། དེ་ལ་རག་ལས་པས་སམ་སངས་རྒྱས་ཉིད་དོ། །འདི་ཡང་གང་ལས་ཤེ་ན། གང་གི་
ཕྱིར། བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་། །ཞེས་ཏེ་བསོད་ནམས་ཀྱི་ཚོགས་ཡོད་པ་མ་ཡིན་ནོ། འདི་ནི་མཚོན་པ་ཙམ་སྟེ་བརྩོན་འགྲུས་གཉི་གའི་རྒྱུ་ཡིན་པའི་ཕྱིར་ཡེ་ཤེས་ཀྱང་བལྟ་བར་བྱའོ། །དེས་ན་བརྩོན་འགྲུས་འདི་ལས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་
ཡིན་ལ། དེ་དག་ལས་སངས་རྒྱས་ཉིད་དོ་ཞེས་བརྗོད་པ་ཡིན་ནོ། །བརྩོན་འགྲུས་ཀྱི་རང་གི་ངོ་བོ་མི་ཤེས་ནས་བརྩོན་འགྲུས་གང་ཞེས་འདྲི་བར་བྱེད་དེ། བརྩོན་འགྲུས་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན། འདིར་གང་གསུངས་པ་དགེ་ལ་སྤྲོ་བ་སྟེ་ཞེས་པ་ལ། གང་འདི་དགེ་བའི་ལས་
སྦྱིན་པ་ལ་སོགས་པ་དང་ཐོས་པ་ལ་སོགས་པ་ལ་སྤྲོ་བ་དེ་ལ་བརྩོན་འགྲུས་ཞེས་བརྗོད་དོ། །མི་དགེ་བ་ལ་སྤྲོ་བ་ནི་ལེ་ལོ་ཉིད་དོ། །མངོན་པར་འདོད་པ་གྲུབ་པ་ལ་མི་མཐུན་པའི་ཕྱོགས་ཀྱིས་ཉམས་པར་བྱས་པའི་བརྩོན་འགྲུས་ཡན་ལག་མ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་དེ་
เล่ม ๑๐๕ · หน้า 136b
སྤང་བར་བསྟན་པའི་ཆེད་དུ། དེའི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ནི་བརྩོན་འགྲུས་ཀྱིའོ། །འགའ་ཞིག་ཉམས་པར་བྱེད་པའི་ཕྱོགས་ནི་མི་མཐུན་པའི་ཕྱོགས་སོ། །དེ་གང་ལ་བཤད་ཅེ་ན། ལེ་ལོ་ཞེས་པ་ལ་སོགས་པ་ལ། ལེ་ལོ་ནི་སྙོམ་ལས་
ཏེ། ལུས་དང་ཡིད་དག་ལས་སུ་མི་རུང་བའོ། །ངན་ལ་ནི་སྨད་པར་བྱ་བ་ཡིན་ཏེ། རྒོད་པ་དང་སྒེག་པ་ལ་སོགས་པ་ཡིན་ལ་དེ་ལ་ཞེན་པའོ། །སྒྱིད་ལུག་པ་ནི་སྒྱིད་ལུག་པ་ཉིད་དེ་དཀའ་བའི་ལས་ལ་སེམས་བཟློག་པ་ཡིན་ཏེ་ཞེན་པ་མེད་ཅེས་བྱ་བའི་དོན་ཏོ། །དེས་བདག་
ཉིད་ལ་བརྙས་པ་སྟེ་ཚོད་ཡོད་བྱེད་པ་ཡིན་ལ། འདི་ནི་དེའི་མི་མཐུན་པའི་ཕྱོགས་སོ། །དེ་ལེ་ལོ་དགག་པའི་དོན་དུ་དེའི་རྒྱུ་རེ་ཞིག་བསྟན་པར་འདོད་ནས་མི་རྩོལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བའི་སྡུག་བསྔལ་མི་སྐྱོ་ལས། །ཞེས་པ་ནི་སྐྱོ་བ་དང་བྲལ་བས་གང་ཞིག་མི་
རྩོལ་བ་ནི་བྱེད་པ་དང་བྲལ་བ་ཡིན་ཏེ། དེ་ལའང་དེས་བདེ་ཉམས་ལེན་པ་ནི་བདེ་བ་མངོན་པར་འདོད་པ་སྟེ་དེ་དང་གཉིད་ནི་གཉིད་ཀྱིས་ནོན་པ་ཡིན་ལ། དེ་དག་གིས་ཏེ་སྲེད་པ་ནི་བསྟན་པར་འདོད་པའོ། །དེ་ལས། ལེ་ལོ་ཉེ་བར་སྐྱེ་བར་འགྱུར། །ཞེས་སྦྱར་རོ། །ཡང་ན་འགྲོ་བའི་
སྡུག་བསྔལ་མི་སྐྱོ་ལས་མི་རྩོལ་བ་ཡིན་ཏེ། དགེ་བའི་ལས་གང་ལ་ཡང་མི་འཇུག་པའོ། །དེ་ལས་བདེ་ཉམས་ལེན་པ་ཡིན་ལ། དེ་ལས་ནི་གཉིད་ཡིན་ཏེ་དེ་ལས་ཀྱང་བསྟེན་སྲེད་པའོ། །དེའི་ཕྱིར་འཁོར་བའི་སྡུག་བསྔལ་ལ་མི་སྐྱོ་བ་བཟློག་པའི་དོན་དུ་འདིར་སྐྱོ་བ་བསྒོམ་པ་འདི་
མངོན་དུ་བྱའོ་ཞེས་བྱ་བར། ཉོན་མོངས་རྒྱ་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱ་ནི་ཉ་ལ་སོགས་པ་གསོད་པར་བྱེད་པའི་དྲ་བར་བརྗོད་ལ་དེ་སྤྱོད་པ་ནི་ཉ་ལ་སོགས་པ་རྣམས་ཏེ་དེ་བཞིན་དུ་ཉོན་མོངས་པ་ཉིད་རྒྱ་ཡིན་ལ་དེས་བཤོར་བ་ནི་དབང་དུ་བྱས་པ་ཡིན་ནོ། །འདི་ཅི་
ལྟར་ཞེ་ན། སྐྱེ་བའི་རྒྱར་ནི་ཆུད་པ་སྟེ། རིགས་མཐུན་ཞིང་སྐལ་བ་མཉམ་པར་སྐྱེས་པ་ཉིད་སྐྱེ་བའི་རྒྱར་ཆུད་པ་ཡིན་ཏེ། དེར་ཆུད་པ་ནི་དེའི་ནང་དུ་སོན་པ་ཞེས་པའི་ཐ་ཚིག་གོ། །འདི་འདིར་དེའི་དབང་དུ་གྱུར་པ་ནི་འཐད་པའོ། །ད་དུང་ནི་འདི་ལྟ་བུའི་གནས་སྐབས་ཐོབ་པར་
เล่ม ๑๐๕ · หน้า 137a
གྱུར་ན་ཡང་ངོ་། །འཆི་བདག་ཁར་ནི་སོང་གྱུར་པ། །ཡིན་ན་ཡང་མི་ཤེས་སམ་ཞེས་པ་སྟེ། གལ་ཏེ་སྐྱེས་པར་གྱུར་ན་ངེས་པར་འཆི་བར་འགྱུར་རོ་ཞེས་པའི་དོན་ཏོ། །སྐྱོ་བའི་རྒྱུ་གཞན་འདི་ཡང་གསུངས་པ། རང་སྡེ་ཞེས་པ་ལ་སོགས་པའོ། །རང་
སྡེ་ནི་སྡེ་ཚན་ཏེ། གང་དང་ལྷན་ཅིག་ཏུ་བྱིས་པ་ལ་སོགས་པའི་གནས་སྐབས་ན་རོལ་ཅིང་དགོད་པ་ལ་སོགས་པ་རྣམ་པར་སྤྱད་པའོ། །རང་སྡེ་དེ་རྣམས་ནི་གདོལ་པ་རྣམས་ཀྱིས་ངེས་པར་གསད་པར་བྱ་བའི་མ་ཧེ་དང་འདྲའོ། །མཐོང་བར་མ་གྱུར་ཏམ་ཞེས་པ་ནི། བདག་ཀྱང་གནས་
སྐབས་འདི་ཉིད་ལ་གནས་སོ་ཞེས་པའོ། །འདིས་དུས་ཅུང་ཟད་ཅིག་ཡོངས་སུ་ཐོབ་ནས་ངེས་པར་འཆི་བར་འགྱུར་ཏེ། དེས་ན་དུས་དེ་སྲིད་དུ་བདག་གིས་བདེ་བ་ཉམས་སུ་མྱོང་བར་བྱ་བ་ཉིད་རིགས་སོ་ཞེ་ན། གལ་ཏེ་དེ་ལྟར་གྱུར་པ་དེ་ལྟ་ན་ཡང་ངེས་པར་འཆི་བར་འགྱུར་བ་ལ་ཡིད་ཆེས་
པར་རིགས་པ་མ་ཡིན་ཏེ། ཐམས་ཅད་དུ་གསད་པར་བྱ་བའི་སྐྱེས་བུ་གཤེད་མས་བྱིན་གྱིས་བརླབས་པ་གསད་པར་བྱ་བའི་སར་ཁྲིད་པ་བཞིན་དུ་ཐར་པར་མ་མཐོང་ན་ཁྱོད་ཀྱི་བདེ་བ་ལ་སྤྱོད་པར་སྲིད་པ་རིགས་པ་མ་ཡིན་ནོ། །དེའི་ཕྱིར་སྐྱོ་བ་བསྒོམས་པས་རྒྱུ་དགག་པ་ལས་ལེ་ལོ་སྤངས་ཏེ།
དགེ་བའི་ཕྱོགས་ལ་སྤྲོ་བ་འཕེལ་བ་ཉམས་སུ་བླང་བར་བྱའོ། །གལ་ཏེ་ངེས་པར་འཆི་བར་འགྱུར་བ་དེ་ལྟ་ན་ཡང་དེ་དང་ཉེ་བ་དང་གོ་བར་བྱས་ལ་ལེ་ལོ་སྤང་བར་བྱའོ་ཞེས་འདོགས་ནས། ཇི་སྲིད་ཅེས་པ་ལ་སོགས་པ་གསུངས་ཏེ། བསགས་པ་ནི་ཚོགས་པར་བྱས་པ་ཡིན་ལ། ཚོགས་
པ་ནི་གང་གིས་འཆི་བའི་དོན་དུ་ནད་དང་རྒས་པའི་མཚན་ཉིད་འབྱོར་པའོ། །ཇི་སྲིད་ཅེས་པ་ནི་འཇིག་རྟེན་པའི་བརྗོད་པ་ཡིན་ལ། མྱུར་བ་ནི་མགྱོགས་པར་ཡིན་ཏེ། ཤིན་ཏུ་ཉེ་བར་གྱུར་པའི་ཕྱིར་རོ། །དེ་ལྟར་འཆི་བདག་གི་ཁར་སོན་པ་དེའི་ཚེ་དུས་མ་ཡིན་པར་ལེ་ལོ་སྤངས་ཀྱང་
ཅི་ཞིག་བྱ་སྟེ། དེའི་ཚེ་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏེ། ཚིགས་སུ་བཅད་པ་གསུམ་གྱིས་དུས་མ་ཡིན་པ་ཉིད་དུ་བསྒྲུབ་པའི་ཕྱིར། འདི་ནི་མ་ཐོབ་ཅེས་པ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་པ་ནི་ཕྱི་ནས་བྱའོ་ཞེས་པ་ཡིད་ལ་བྱས་པ་སྟེ་དེ་མ་ཐོབ་པའོ། །
เล่ม ๑๐๕ · หน้า 137b
འདི་བརྩམས་པ་ནི་དགོས་པ་གང་ཞིག་དང་པོ་ཉིད་དུ་བྱེད་པར་འདོད་པའོ། །འདི་ཆེད་བྱས་པར་གནས་པ་ལ། །ཞེས་པ་ནི་གང་གིས་ཅུང་ཞིག་བསྒྲུབས་ཤིང་ཅི་ཞིག་མ་བསྒྲུབས་པའོ། །དེའི་ཕྱིར་བྱ་བ་མཐར་མ་ཐུག་པ་ཉིད་དུ། གློ་བུར་འཆི་བདག་འོངས་ནས་ནི། །བདག་ནི་བཅོམ་ཞེས་
སེམས་པར་འགྱུར། །ཤིན་ཏུ་དཀའ་བས་སེམས་ཏེ་མྱོས་པར་འགྱུར་ཚེ་ཅི་ཞིག་བྱ་ཞེས་པ་ཕྱིས་འབྱུང་བ་དང་འབྲེལ་ཏོ། །མྱ་ངན་ནི་སྡུག་པ་དང་བྲལ་བས་སེམས་ཡོངས་སུ་གདུང་བར་བྱས་པའོ། །དེའི་ཤུགས་ནི་རྒྱུན་མི་འཆད་པར་འཇུག་པའོ། །དེས་སྐྲངས་པ་ནི་ཆེན་པོར་གྱུར་པ་ཡིན་ལ།
མཆི་མ་ནི་རླངས་པ་དང་བཅས་པའོ། །དམར་པོ་ནི་ཟངས་ཀྱི་ཁ་དོག་ཡིན་ལ། མིག་ནི་ལྟ་བར་བྱེད་པ་ཡིན་ཏེ། གང་གི་གདོང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུར་གྱུར་པའི་གདོང་ངམ་བྱད་ཉེ་དུ་གང་རྣམས་ཀྱི་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་རྣམས་མཐོང་ནས་ནི་རྣམ་
པར་བལྟས་པ་ནའོ། །ཅི་ལྟ་བུར་གྱུར་པ་ན་ཞེ་ན། རེ་ཐག་ཆད་པ་ལའོ། །གང་དུ་ཞེ་ན། སླར་གསོན་པའི་བསམ་པ་དང་བྲལ་བའམ་མགོན་དང་བྲལ་བ་དེ་ལའོ། །འཆི་བའི་དུས་ན་གནས་པའི་གཤིན་རྗེའི་ཕོ་ཉའི་བཞིན་ལ་ཡང་སྟེ། སྐྱེས་བུ་ཁྲོ་བ་དང་བཅས་པ་ཁྲོ་གཉེར་ཅན་མཐོང་བ་ན།
མྱོས་པར་འགྱུར་ཚེ་ཅི་ཞིག་བྱ། །ཞེས་སོ། །རང་སྡིག་དྲན་པས་གདུངས་པ་ནི་འཆི་བའི་དུས་ན་འདི་ཅིའི་ཕྱིར་བདག་གིས་བྱས་ཞེས་ཏེ། ཕྱིས་འགྱོད་པས་གདུངས་པ་ནའོ། །འདི་ཙམ་འབའ་ཞིག་ནི་མ་ཡིན་ཏེ། འོན་ཀྱང་དམྱལ་བའི་སྒྲ་ཐོས་པ་ན་སྟེ་སྡུག་བསྔལ་མི་བཟོད་པ་ཉམས་སུ་
མྱོང་བས་སྡུག་བསྔལ་བར་གྱུར་པས་བཏོན་པའི་འོ་དོད་བོས་པའི་སྒྲ་དམྱལ་བ་ལས་བྱུང་བ་དོན་འགའ་ཞིག་ལ་ཁྲོ་བའི་སྒྲ་བཞིན་དུ་དེ་ཐོས་ནས་བདག་ཀྱང་གནས་སྐབས་འདི་ཉིད་ལ་གནས་པ་ཡིན་ནོ་ཞེས་སོ། །སྐྲག་པས་གང་ཞིག་ལ་མི་གཙང་བ་འབྱུང་བ་ནི་དོར་བ་སྟེ། དེས་ལུས་
བསྒོས་པའོ། །མྱོས་པ་ནི་ལུས་དང་ངག་དང་ཡིད་ཀྱིས་འཇུག་པ་དབང་དུ་མ་གྱུར་པའོ། །ཅི་ཞིག་བྱ་ཞེས་པ་ནི་བྱ་བ་ཐམས་ཅད་ལ་བྱེད་པ་ལོག་པའོ། །འདི་ལྟར་རྟོགས་པར་བྱས་ནས་ནད་མེད་པའི་གནས་སྐབས་ཉིད་དུ་བསླབ་པར་འདོད་ནས། ཁྱོད་ནི་ཉ་གསོན་ཞེས་པ་ལ་སོགས་པ་
เล่ม ๑๐๕ · หน้า 138a
གསུངས་ཏེ། རིམ་གྱིས་བཟའ་བའི་དོན་དུ་ཉ་ཉིད་གསོ་བར་བྱེད་པ་ཡིན་ཏེ། ཕལ་ཆེར་ན་ཤར་ཕྱོགས་ན་གནས་པའི་སྐྱེ་བོ་རྣམས་ཀྱིས་སྲུང་བར་བྱེད་དོ། །གསོན་པས་མཚོན་པའི་ཉ་ནི་ཉ་གསོན་མ་ཡིན་ཏེ། དེའི་དུས་ནའོ། །དེ་དང་འདྲ་བར་བདག་ཀྱང་དེ་རིང་ངམ་
སང་ངེས་པ་ཉིད་དུ་འཆི་བར་འགྱུར་རོ་ཞེས་ཡིད་ལ་བྱས་ནས་ཁྱེད་ཀྱིས་འདི་ཉིད་དུ་འཇིགས་པར་རིགས་སོ། །འདིར་ཞེས་པ་ནི་ཤེས་བཞིན་ལྡན་པའི་གནས་སྐབས་ཉིད་ནའོ། །ཁྱེད་ནི་ཞེས་པ་ནི་འཆི་བ་འཐོབ་པར་གྱུར་པ་སྟེ། སྡིག་པ་བྱས་པར་གྱུར་པ་ཁྱེད་ཤིན་ཏུ་བཟོད་པར་དཀའ་བའི་
དམྱལ་བའི་སྡུག་བསྔལ་ལས་འཇིགས་པར་རིགས་པ་ལྟ་སྨོས་ཀྱང་ཅི་དགོས་པའོ། །མི་རྩོལ་བ་དང་བདེ་ཉམས་ལེན་པའི་དབང་དུ་བྱས་པའི་ཆུ་ཚན་ཞེས་པ་ལ་སོགས་པ་གསུངས་ཏེ། ཆུ་ཚན་གྱིས་ཀྱང་རེག་པའོ། །གཞོན་ཤ་ཅན་ཞེས་པ་ནི་བོད་པ་ཡིན་ཏེ། ཤིན་ཏུ་འཇམ་པའི་ལུས་
ཡིན་པས་བཟོད་པར་མི་ནུས་སོ། །གལ་ཏེ་དེ་ལྟར་ཡིན་པ་དེའི་ཚེ་སྡིག་བྱས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །གཞན་གྱིས་ཡང་དབང་དུ་བྱས་ཏེ། བརྩོན་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལ། བདེ་བའི་རྒྱུ་བསྐྱེད་པའི་དོན་དུ་བྱས་པས་སྟོང་པ་དེ་ལྟ་ན་ཡང་དེའི་འབྲས་བུ་བདེ་བ་འདོད་
པ་དང་སྡུག་བསྔལ་མི་བཟོད་པར་བྱེད། དེ་ལྟ་ནའང་གནོད་པ་མང་བར་བྱེད་པ་ཡིན་ཏེ། སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པའི་ཕྱིར་རོ། །འཆི་བདག་གིས་ཀྱང་དབང་དུ་བྱེད་པར་ཅིའི་ཕྱིར་བྱེད། དེ་ལྟར་ནའང་བདག་ཉིད་མི་འཆི་བར་ཅིའི་ཕྱིར་སེམས་པར་བྱེད་ཅེས་
པའོ། །དེ་ལྟར་ཡང་འདི་ལ་སྤྱོད་པའི་ཕྱིན་ཅི་ལོག་པ་མཐོང་ནས་སྙིང་རྗེ་བཞིན་པས་སྐྱོ་བ་དང་བཅས་པས། ཀྱི་ཧུད་སྡུག་བསྔལ་དག་གིས་བཅོམ། །ཞེས་གསུངས་ཏེ་འདི་རྨོངས་པ་ཆེན་པོ་ཉིད་ཀྱིས་དཀའ་བའི་གནས་སྐབས་སུ་ཞུགས་སོ་ཞེས་པ་དང་། བདག་ཉིད་ལ་ཡང་སྐྱོ་བར་
བྱེད་དེ། དེ་བཞིན་དུ་གཞན་དུ་ཡང་ཇི་ལྟར་རིགས་པར་བལྟ་བར་བྱའོ། །བརྩོན་མེད་ཅེས་པ་ལ་སོགས་པ་རྣམས་ནི་འབོད་པའི་ཚིག་རྣམས་ཡིན་ནོ། །གཉིད་ཀྱི་དབང་དུ་གྱུར་པའི་དབང་དུ་མཛད་ནས། མིའི་གྲུ་ཞེས་པ་ལ་སོགས་པ་གསུངས་པ་ལ། མི་ཁོམ་པ་བརྒྱད་ལས་
เล่ม ๑๐๕ · หน้า 138b
གྲོལ་བའི་མིའི་དངོས་པོ་ཐོབ་པ་གྲུ་དང་འདྲ་བ་མངོན་པར་མཐོ་བ་ལ་སོགས་པ་ཕ་རོལ་དུ་སྒྲོལ་བ་རྙེད་ནས་སོ། །སྡུག་བསྔལ་གྱི་རང་བཞིན་གྱི་ཆུ་བོ་ཆེན་པོ་ལས་སྒྲོལ་ཞེས་པ་ནི་བརྒལ་བར་གྱིས་ཞེས་པ་སྟེ། བརྩོན་འགྲུས་ལ་བརྟེན་ནས་སྡུག་བསྔལ་རྣམས་ལ་རྒྱབ་ཀྱིས་ཕྱོགས་པར་
གྱིས་ཤིག་པའོ། །ཀྱེ་རྨོངས་པའི་དབང་དུ་གྱུར་པ་ཇི་སྲིད་དུ་གྲུ་འདི་དང་ཉེ་བར་གྱུར་པའི་དུས་འདི་ནི་གཉིད་ལོག་པའི་དུས་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཉིད་དུ་འབད་པར་མི་བྱེད་ན། དེའི་ཚེ་ཡང་ངན་སོང་གི་འགྲོ་བ་ལས་སྒྲོལ་བའི་གྲུ་འདི་རྙེད་པར་དཀའ་སྟེ། ཕྱིས་འདི་ཡང་དག་འབྱོར་
པར་ག་ལ་འགྱུར། །ཞེས་གང་གསུངས་པའོ། །དེ་ལྟར་ལེ་ལོ་བཀག་ནས། ངན་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར། དམ་ཆོས་དགའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བ་ནི་ལས་རྣམས་ལ་དགའ་བའོ། །མཆོག་ནི་བླ་ན་མེད་པའོ། །ཅི་ལྟ་བུར་གྱུར་པ་ཞེ་ན།
བར་མེད་པའི་དགའ་བའི་རྒྱུན་ཡིན་ཏེ། བདེ་འགྲོ་གོང་ནས་གོང་དུ་བསྐྱེད་པའི་ཕྱིར་རོ། །མཐའ་ཡས་པ་ནི་མཐར་ཐུག་པ་མེད་པ་ཡིན་ཏེ་དགའ་བའི་རྒྱུན་ཏེ་གང་ལ་བདེ་བའི་རྒྱུན་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཉིད་ཀྱི་ཕྱིར་མཆོག་ཏུ་བརྗོད་པའོ། །དེ་སྤངས་ནས་ཏེ་དགའ་བ་ནི་མངོན་པར་
དགའ་བའོ། །གཡེང་བ་ནི་ལུས་དང་སེམས་འཕང་བསྟོད་པ་ཡིན་ཏེ་དགོད་པའི་ངང་ཚུལ་ཞེས་པའི་དོན་ཏོ། །དགོད་པ་ནི་ངག་གི་རྣམ་པར་གཡེང་བ་ཡིན་ཏེ། དགའ་བ་དང་བཅས་པའི་ངག་གི་རྣམ་པར་འགྱུར་བའོ་ཞེས་བྱ་བའི་དོན་ཏོ། །སྩོགས་ཀྱི་སྒྲས་ནི་གླུ་ལ་སོགས་པ་བཟུང་
ངོ་། །དེ་ལ་ཁྱོད་ཅིའི་ཕྱིར་དགའ་ཞེས་ཏེ་རིགས་པ་མ་ཡིན་ནོ་ཞེས་དགོངས་པའོ། །ཅི་ལྟ་བུར་གྱུར་པ་ལ་ཞེ་ན། སྡུག་བསྔལ་གྱི་རྒྱུ་ལས་ཏེ་དམྱལ་བ་ལ་སོགས་པ་ངན་འགྲོར་ཁྱེར་བར་བྱེད་པའི་ཕྱིར་སྡུག་བསྔལ་གྱི་རྒྱུའོ། །དེ་ལྟར་ངན་ལ་ཞེན་པ་སྤངས་ནས་སྒྱིད་ལུག་ཅིང་བདག་
ཉིད་བརྙས་པ་བརྩོན་འགྲུས་ཀྱིས་མི་མཐུན་པའི་ཕྱོགས་སྤོང་བར་འདོད་པས་དེའི་མི་མཐུན་པའི་ཕྱོགས་གཞན་ཡང་སྤང་བའི་ཕྱིར་དུ་བསྟན་པ། སྒྱིད་ལུག་མེད་ཅེས་པ་ལ་སོགས་པ་གསུངས་ལ། སྒྱིད་ལུག་པ་ལས་ཕྱིན་ཅི་ལོག་པ་ནི་སྒྱིད་ལུག་མེད་པ་ཡིན་ལ། དཔུང་ཚོགས་ནི་ཚོགས་
เล่ม ๑๐๕ · หน้า 139a
པ་ཡིན་ཏེ། འཆད་པར་འགྱུར་བའི་མཚན་ཉིད་ཅན་ནོ། །ལྷུར་བླང་བ་ནི་གྲིམས་པའོ། །བདག་ཉིད་དབང་དུ་བྱ་བ་ནི་བདག་ཉིད་དབང་དུ་གྱུར་པའོ། །འདི་དག་ཐམས་ཅད་ནི་ཟླས་དབྱེ་བའི་ཚིག་སྡུད་པ་ཡིན་ནོ། །ཡང་ན་འདི་རྣམས་དང་ལྷན་ཅིག་པའི་བདག་
ཉིད་དབང་དུ་བྱས་པ་ཡིན་ནོ། །བདག་དང་གཞན་དུ་མཉམ་པ་དང་། བདག་དང་གཞན་དུ་བརྗེ་བ་དག་ནི་བསམ་གཏན་གྱི་ལེའུར་འཆད་པར་འགྱུར་བའོ། །འདི་དག་མ་ལུས་པ་ནི་ལེ་ལོ་སྤང་བའི་ཕྱིར་བརྩོན་འགྲུས་སྤེལ་བ་ལ་མཐུ་དང་ལྡན་པ་ཡིན་ནོ་ཞེས་མདོར་བསྟན་པ་ཡིན་ལ།
མདོར་བསྟན་པའི་དོན་ཉིད་རིམ་གྱིས་རྒྱས་པར་བསྟན་པའི་ཆེད་དུ། བདག་གིས་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་གིས་བྱང་ཆུབ་ག་ལ་ཞེས་ཤེས་པ་ནི་ཉོན་མོངས་བདག་ཇི་ལྟར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྣོད་ཡིན་ཏེ། སངས་རྒྱས་ཉིད་ནི་དབང་པོ་རྣོན་པོ་བརྩོན་འགྲུས་
བརྩམས་པ། དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཚོགས་བསགས་པ་ཤིན་ཏུ་དཀའ་བ་སྤྱོད་པ་ཉམས་སུ་ལེན་པས་བསྐལ་པ་གྲངས་མེད་པ་དུ་མས་སྐྱེས་བུ་ཁྱད་པར་ཅན་འགའ་ཞིག་གིས་བསྒྲུབ་པར་བྱ་བ་ཡིན་ལ། བདག་ནི་དེ་ལྟ་བུ་མ་ཡིན་པའི་ཕྱིར་བདག་ཅི་ལྟ་བ་དེ་ལྟ་བུ་ལ་སངས་རྒྱས་ཉིད་ཅི་ལྟར་
སྲིད་པར་འགྱུར་ཞེས་རྣམ་པ་འདི་ལྟ་བུར་ཡིད་ལ་བྱ་བས་སྒྱིད་ལུག་ཅིང་བརྙས་པར་མི་བྱ་སྟེ་དོན་ཆེན་པོ་ལས་ཉམས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཇི་ལྟར་སྒྱིད་ལུག་པ་ཡང་དོན་མེད་ཡིན། །ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་བཞིན་གཤེགས་པས་ཏེ། འདི་ནི་འཆད་པར་འགྱུར་བ་ཡིན་ལ་
བདེན་པ་ནི་དེ་ལས་གཞན་དུ་མ་ཡིན་པ་ཡིན་ཏེ། གསུངས་པ་ན་བཀའ་སྩལ་པའོ། །ཇི་ལྟར་ཤེས་པར་བྱ་ཞེ་ན། བདེན་པ་གསུངས་པས་ཞེས་ཏེ། ཡེ་ཤེས་ཀྱི་བྱ་བ་མངའ་བས་ཕྱིན་ཅི་མ་ལོག་པར་གསུངས་པའོ། །དེའི་ཕྱིར་བདེན་པ་གསུངས་པ་ལ་འདི་ནི་གཏན་ཚིགས་ཀྱི་ཚིག་ཡིན་ནོ། །
ཇི་ལྟ་བུའི་བདེན་པ་གསུངས་ཤེ་ན། སྦྲང་བུ་ཞེས་པ་ལ་སོགས་པ་གསུངས་ཏེ། དེས་ཀྱང་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། རིན་ཆེན་གཙུག་ཏོར་ཅན་དང་། མར་མེ་མཛད་ལ་སོགས་པ་འཁོར་བའི་རྒྱ་མཚོའི་འཁོར་བའི་ནང་དུ་ཆུད་པ་སྔར་གྱི་སོ་སོའི་སྐྱེ་བོའི་
เล่ม ๑๐๕ · หน้า 139b
གནས་སྐབས་ན་ཡོངས་སུ་འཁོར་བར་གྱུར་པ་ཉིད་དུ་གནས་པ་ན། གང་གིས་བརྩོན་པའི་སྟོབས་བསྐྱེད་པ་ནི་བརྩོན་འགྲུས་འཕེལ་བའི་སྟོབས་ཀྱིས་ཚོགས་བསགས་པ་ནའོ། །བྱང་ཆུབ་ཐོབ་དཀའ་ནི་རྙེད་པར་དཀའ་བ་ཡིན་ལ་བླ་མེད་ཐོབ་པ་ནི་མཆོག་གོ། །བརྩོན་འགྲུས་བརྩམས་པ་ལ་ཅུང་ཟད་ཀྱང་
དཀའ་བ་ཡོད་པ་མ་ཡིན་ནོ་ཞེས་པ་ནི་བདེན་པ་ཉིད་དོ་ཞེས་དགོངས་སོ། །བདག་ནི་མིར་སྐྱེས་པ་སྟེ་མི་རུ་སྐྱེ་བ་ཐོབ་པ་ཡིན་ལ། ཕན་གནོད་ངོ་ཤེས་ནུས་པ་ཡིས། །ཞེས་པ་འདི་ནི་ཕན་པ་ཡིན་ལ་འདི་ནི་མི་ཕན་པ་ཡིན་ནོ་ཞེས་དགེ་བ་དང་མི་དགེ་བའི་ལས་ཉེ་བར་སྟོན་པ་དང་ངོ་ཤེས་པ་སྟེ། ཁོང་དུ་ཆུད་
པར་ནུས་པའོ། །དེའི་ཕྱིར་བདག་ལ་ཤིན་ཏུ་ཡང་བྱང་ཆུབ་རྙེད་དཀའ་བ་མ་ཡིན་ནོ་ཞེས་སྟོན་པ་ནི། བདག་གི་ཞེས་པ་སོགས་པ་གསུངས་ཏེ། འདི་ལྟར་བསམས་ནས་སོ། །ཐམས་ཅད་མཁྱེན་པ་ནི་དངོས་པོའི་དེ་ཁོ་ན་ཉིད་མཁྱེན་པ་ཡིན་ལ། ཚུལ་འདི་ནི་བླང་བ་དང་དོར་བའི་དེ་ཁོ་ན་ཉིད་སྟོན་
པའི་ཐེག་པའོ། །མ་བཏང་ན་ནི་ཡོངས་སུ་མ་སྤངས་པ་སྟེ། དེ་ལེན་པ་དང་ཡོངས་སུ་འཛིན་པ་དང་བསྟེན་པ་ཞེས་པ་ལ་སོགས་པའི་དོན་ཏོ། །སངས་རྒྱས་ཉིད་བདག་གིས་ཅིས་མི་འཐོབ་སྟེ་ཚིག་ཟུར་གྱིས་འཐོབ་པ་ཁོ་ནར་བསྟན་ཏོ། །འདི་བཅོམ་ལྡན་འདས་ཀྱིས་དཀོན་མཆོག་སྤྲིན་
དུ་གསུངས་པ་ཡིན་ཏེ། ཇི་ལྟར་འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་མིར་གྱུར་པ་ནི་བྱང་ཆུབ་ཐོབ་པ་དཀའ་སྟེ། བདག་གི་བརྩོན་འགྲུས་འདི་ནི་ཆུང་ཞིང་ཞན་ལ། བདག་ཀྱང་ལེ་ལོ་ཅན་ཏེ། བྱང་ཆུབ་ནི་མགོའི་ཐོད་ལ་མེ་འབར་བ་བཞིན་དུ་བསྐལ་པ་མང་པོ་བསྐལ་པ་བརྒྱ་ཕྲག་
མང་པོར་བསྒྲུབ་དགོས་པས་བདག་ནི་དེ་ལྟ་བུའི་ཁུར་བསྐུར་བར་མི་སྤྲོ་སྙམ་དུ་སེམས་མི་བསྐྱེད་དེ། འོན་ཀྱང་ཅི་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་དང་།
གང་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་དག་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་ཀྱང་ཚུལ་འདི་འདྲ་བ་དང་། ལམ་འདི་འདྲ་བ་ཉིད་དང་། བརྩོན་འགྲུས་འདི་འདྲ་བ་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས། མངོན་པར་རྫོགས་པར་འཚང་རྒྱ།
เล่ม ๑๐๕ · หน้า 140a
མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་ཀྱང་དེ་བཞིན་གཤེགས་པར་གྱུར་པ་ཤ་སྟག་ལས་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་གྱིས། བདག་ཀྱང་ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་
རྫོགས་པར་འཚང་རྒྱ་བར་འགྱུར་བར་སེམས་ཅན་ཐམས་ཅད་དང་ཐུན་མོང་གི་བརྩོན་འགྲུས་དང་། སེམས་ཅན་ཐམས་ཅད་ལ་དམིགས་པའི་བརྩོན་འགྲུས་ཀྱིས་བདག་གིས་ཀྱང་དེ་ལྟ་དེ་ལྟར་བཙལ་ལོ་འབད་དོ་ཞེས་སོ། །འདི་ནི་རིགས་པ་ཉིད་ཡིན་ཏེ། འོན་ཀྱང་གཅིག་པུ་ཤིན་ཏུ་དཀའ་
བའི་སྤྱོད་པ་ཐོས་པས་སྒྱིད་ལུག་པ་བཟློག་པར་མི་ནུས་སོ་ཞེས་པའི་རྣམ་པར་རྟོག་པ། འོན་ཏེ་རྐང་ལག་ཅེས་པ་ལ་སོགས་པ་གསུངས་ཏེ། ལག་པ་དང་རྐང་པ་དང་མགོ་ལ་སོགས་པའི་སྦྱིན་པ་མེད་པར་སངས་རྒྱས་ཉིད་ཐོབ་པ་མ་ཡིན་ནོ་ཞེས་ཤིན་ཏུ་དཀའ་བའི་ལས་རྣམས་ལ་འཇུག་པས་
འཇིགས་པ་སྤྲོ་བ་ཡང་ལྡོག་པ་ཉིད་དོ་ཞེས་གལ་ཏེ་སེམས་ན། རང་གི་སེམས་ཉིད་ལ་གསུངས་པ། དེ་ལ་ལྕི་བ་དང་ཡང་བ་ལ་བདག་རྨོངས་པ་ཉིད་དེ་ཆུང་ངུ་ལ་ཆེན་པོ་ཉིད་དང་། ཆེན་པོ་ཆུང་ངུ་ཉིད་དུ་གཏི་མུག་གི་དབང་དུ་གྱུར་པ་ཡིན་ལ། མ་དཔྱད་པ་ནི་མ་ཤེས་པས་ཏེ་བདག་གི་དོན་དམ་པར་
དཔྱད་པར་མ་གྱུར་ཏོ། །དོན་དམ་པར་དཔྱད་ན་ལྕི་བ་དང་ཡང་བ་འདི་ཕྱིན་ཅི་ལོག་པ་ཉིད་དོ་ཞེས། བསྐལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བའི་བཙོན་རར་གནས་པ་ན་དེ་ལྟ་བུའི་ལས་ཀྱི་དབང་གིས་བདག་བཅད་པ་སྟེ། ལག་པ་དང་རྐང་པ་ལ་སོགས་པ་ལུས་དང་ཡན་ལག་
དང་ཉིང་ལག་བཅད་པའི་ཕྱིར་དེ་དམྱལ་བ་ལ་སོགས་པ་རྣམས་སུ་ནི་མ་ཡིན་ནོ། །དེ་བཞིན་དུ་ཕུག་སྟེ་ནི་མདུང་དང་འཕང་མདུང་ལ་སོགས་པ་རྣམས་ཀྱིས་སོ། །སྲེག་པ་ནི་དམྱལ་བའི་མེ་ལ་སོགས་པས་སོ། །གཤེག་པ་ནི་སོག་ལེ་འབར་བ་ལ་སོགས་པས་སོ། །ལན་གྲངས་དུ་མར་ལན་
མང་དུ་ཡིན་ཏེ་འཁོར་བའི་ལམ་མཐར་ཐུག་པ་མེད་པར་དམྱལ་བ་ལ་སོགས་པ་རྣམས་སུ་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ནོ། །བསྐལ་པ་བྱེ་བ་གྲངས་མེད་དུ། །ཞེས་པ་ནི་བགྲང་བར་མི་ནུས་པ་ཡིན་ནོ། །དེའི་ཕྱིར་མི་འདོད་ཀྱང་མཐར་ཐུག་པ་མེད་པའི་སྡུག་བསྔལ་རྣམ་པ་དུ་མ་འབྱུང་
เล่ม ๑๐๕ · หน้า 140b
བར་འགྱུར་ཏེ། དེ་སངས་རྒྱས་ཀྱི་ཚོགས་སུ་གྱུར་པ་ནི་མ་ཡིན་ནོ། །འདི་ནི་འཁོར་བ་ལ་མཐར་ཐུག་པ་མེད་པས་སྡུག་བསྔལ་ཤིན་ཏུ་ཆེན་པོ་དང་འབྲས་བུ་མེད་པ་ཡང་ཡིན་ནོ། །སངས་རྒྱས་ཉིད་སྒྲུབ་པར་བྱེད་པ་ནི་ཤིན་ཏུ་ཆུང་བ་དང་འབྲས་བུ་དང་བཅས་པ་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར།
བདག་གི་ཞེས་པ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཉིད་སྒྲུབ་པར་བྱེད་པའི་བདག་གིས་སྡུག་བསྔལ་འདི་ནི་ཚད་ཡོད་དོ་ཞེས་པ་ནི་དུས་ངེས་པར་གྱུར་པའི་ཕྱིར་དང་། ཡང་སྡུག་བསྔལ་གྱི་རྒྱུ་དེ་དེ་ལྟ་བུར་གྱུར་པའི་ཟུག་རྔུ་དེས་གནོན་པ་དེ་བསལ་བའི་ཕྱིར་ཏེ། དེ་སེལ་བ་ནི་ལྡོག་པར་བྱེད་
པའོ། །དེའི་རྒྱུ་མཚན་དུ་དེ་བཏང་སྙོམས་སུ་བོར་ནས་ཇི་སྲིད་འཚོའི་བར་གྱི་སྡུག་བསྔལ་བསལ་བར་བྱས་སོ་ཞེས་པའི་དོན་ཏོ། །དེའི་ཟུག་རྔུ་ཁོང་རླག་གདོན་པའི་ཆེད་དུ་ལུས་ལ་རྨ་བཏོད་ནས་འབྱིན་ཅིང་འདོན་པར་བྱེད་དོ་ཞེས་པའི་དོན་ཏོ། །དུས་སོ་སོར་ངེས་པའི་སྡུག་བསྔལ་ཤིན་ཏུ་ཆུང་བ་དེས་
ཡུན་རིང་པོའི་སྡུག་བསྔལ་ཞི་བའི་རྒྱུ་མཚན་ཡིན་པ་དེ་བཞིན་དུ་སྡུག་བསྔལ་འདི་ལ་ཡང་བཟོད་པར་བྱ་བར་རིགས་སོ། །སྨན་པ་ཀུན་ཀྱང་ཞེས་པ་ལ་སོགས་པ་གསུངས་པ་འདིས་ཀྱང་སྡུད་པ་ཡིན་ཏེ། སྨན་པ་ཀུན་ཀྱང་ནི་བདག་འགའ་ཞིག་མ་ཡིན་པ་ཉིད་དོ། །བསྙུང་བ་དང་སྨན་པ་ལ་
སོགས་པ་བྱས་པས་ཇི་ལྟར་འདོད་པར་ཟ་བ་དང་འདུག་པ་ལ་སོགས་པ་བཀག་པ་ལས་བྱུང་བའི་བྱ་བའི་སྡུག་བསྔལ་གྱིས་གདུངས་པ་རྣམས་ལ་ནད་མེད་པ་སྐྱེད་པར་བྱེད་དེ། གཞན་དུ་ན་དེ་ཞི་བར་བྱེད་པར་མི་ནུས་སོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཤིན་ཏུ་ཡང་སྡུག་བསྔལ་ཆུང་ངུའི་
ཆུང་ངུ་ལ་བཟོད་པར་བྱའོ། །ཅིའི་ཕྱིར་ཞེ་ན། སྡུག་བསྔལ་མང་པོ་དག་གཞོམ་ཕྱིར། །ཞེས་ཏེ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཡུན་རིང་པོའི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །བློ་དང་ལྡན་པས་འདི་ལྟར་རེ་ཞིག་ཁས་བླངས་པར་རིགས་ཏེ་འདིར་
རིགས་པ་ཡིན་ཡང་དཀའ་བའི་ལས་ལ་བཅོམ་ལྡན་འདས་ཀྱིས་ལས་དང་པོ་པ་ལ་དང་པོར་རྗེས་སུ་གནང་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གསོ་དཔྱད་ཅེས་པ་ལ་སོགས་པ་གསུངས་ཏེ། གསོ་དཔྱད་འོས་པ་འདི་འདྲ་བ་བརྗོད་མ་ཐག་པའི་སྡུག་བསྔལ་སྐྱེད་པར་བྱེད་པ་རྣམས་ཡིན་ལ། འོས་
เล่ม ๑๐๕ · หน้า 141a
པ་ཡིན་ན་ཡང་བསྟན་པར་བྱ་བ་ཡིན་ན་ཡང་ངོ་། །སྨན་པའི་མཆོག་ནི་བཅོམ་ལྡན་འདས་ཏེ་ནད་ཐམས་ཅད་འཆོས་པར་མཛད་པས་རྣམ་པ་ཐམས་ཅད་དུ་དང་པོར་གནང་བ་མ་ཡིན་ལ། ལས་དང་པོ་པས་བྱ་བ་མ་ཡིན་པ་ཉིད་དུ་བསྟན་ཏོ། །འོ་ན་ཇི་ལྟར་འདོད་ཆགས་ལ་སོགས་
པའི་ནད་སེལ་བར་བྱེད་ཅེ་ན། ཉེ་བར་སྤྱོད་པ་འཇམ་པོས་ཞེས་པ་ལ་སོགས་པ་གསུངས་ཏེ། ཉེ་བར་སྤྱོད་པ་ཤིན་ཏུ་འཇམ་པོའི་རིམ་པས་ཏེ་ཇི་ལྟར་བཟོད་པར་གསོ་དཔྱད་གསུངས་པས་ཞེས་པའི་དོན་ཏོ། །གསོ་བར་མཛད་པ་ནི་ནད་ལས་གྲོལ་བར་མཛད་པའོ། །ནད་པ་ཆེན་པོ་ནི་ཡུན་རིང་
པོའི་ནད་པ་སྟེ། འདོད་ཆགས་ལ་སོགས་པའི་ནད་ཆེན་པོས་བཟུང་བ་རྣམས་སོ། །ཡང་ཅི་ལྟར་ཉེ་བར་སྤྱོད་པ་འཇམ་པོ་ཡིན་ཞེ་ན། ཚོད་དམ་ཞེས་པ་ལ་སོགས་པ་གསུངས་ཏེ། སེར་སྣའི་དྲི་མ་སྤང་བའི་ཕྱིར་དང་བདེ་ཞིང་བདེ་བའི་ཚོགས་སྤེལ་བའི་དོན་དུ་ཡོངས་སུ་གསོ་བར་ནུས་
པའི་སྔོ་རྔད་དང་ཕྱེ་ཟན་གྱི་ཆང་བུ་ཙམ་སྦྱིན་པ་ལ་ཐོག་མ་ཁོ་ནར་འདྲེན་པས་ཏེ་བཅོམ་ལྡན་འདས་ཀྱིས་སྦྱོར་བར་མཛད་དེ། ཡང་ཐབས་ཀྱི་ཁྱད་པར་གྱིས་སྦྱོར་བ་མཛད་དོ། །དེ་ལ་ཞེས་པ་ནི་འཇིག་རྟེན་པའི་བརྗོད་པ་ཡིན་ལ། གང་དེ་ལྟར་ན་སྦྱིན་པ་ཆུང་ངུ་ལ་སོགས་པ་སྟེར་བ་ལ་
གོམས་པའི་རིམ་པས་སྦྱིན་པ་ཆེན་པོའི་ཆེན་པོ་ལ་གོམས་པ་ཕུལ་དུ་ཕྱིན་པར་གྱུར་པ་ན་ཕྱི་ནས་དཀའ་བ་མེད་པ་ཉིད་དུ་རང་གི་ཤ་དང་ཁྲག་ལ་སོགས་པ་ཡང་དང་བས་སྟེར་བར་བྱེད་དོ། །ཡང་འདི་ཅིའི་ཕྱིར་ཞེས་དགོངས་ནས། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་དུས་ན་
སྦྱིན་པ་ལ་སོགས་པ་ལ་མཆོག་ཏུ་གོམས་པ་ཕུལ་དུ་ཕྱིན་པར་གྱུར་པ་ལས་སེར་སྣ་རྣམ་པ་ཐམས་ཅད་དུ་བྲལ་བས་རང་གི་ཤ་ལ་ཡང་སྔོ་རྔད་ལྟ་བུའི་ཞེན་པ་མེད་པའི་བློ་སྐྱེ་བར་འགྱུར་ལ། དེའི་ཚེ་རང་གི་ཤ་ལ་སོགས་པ་གཏོང་བ་ཡང་ཉམས་སུ་ལེན་པར་མི་ནུས་པ་མ་ཡིན་པའི་ཕྱིར་དེའི་
དུས་ན་དཀའ་བ་ཅི་ཞིག་ཡོད་དེ་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་དེ་ལྟར་གྱུར་ན་ཡང་དུས་ཡུན་རིང་པོར་གཞན་གྱི་དོན་དུ་འཁོར་བ་ཇི་སྲིད་ཀྱི་སྡུག་བསྔལ་ཅི་དང་འདྲ་བར་སྤང་ནུས་ཤེ་ན། སྡིག་པ་ཞེས་པ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་གྱི་གནོད་པ་
เล่ม ๑๐๕ · หน้า 141b
པ་རྣམ་པ་གཉིས་ཁོ་ན་སྐྱེད་པར་བྱེད་དེ། ལུས་ལས་བྱུང་བ་དང་ཡིད་ལས་བྱུང་བའོ། །དེ་ལ་གཉིས་པོ་འདི་ཡང་བྱང་ཆུབ་སེམས་དཔའ་ལ་སྲིད་པ་མ་ཡིན་ཏེ། ལུས་དང་ངག་དང་ཡིད་རྣམས་ཀྱིས་ཁ་ན་མ་ཐོ་བ་ཐམས་ཅད་སྤང་བའི་ཕྱིར་ལུས་ཀྱི་སྡུག་བསྔལ་འདི་ལ་སྐྱེ་བ་མ་ཡིན་
ནོ། །ལུང་དང་རིགས་པ་དག་གིས་བདག་མེད་པ་གཉི་ག་གཏན་ལ་ཕབ་པའི་ཕྱིར་ཡིད་ཀྱི་ཡང་ཇི་ལྟར་སྲིད་པ་ཡིན། འདི་ལྟར་ལོག་པར་རྟོག་པ་དང་ཞེས་པ་ནི་གང་བདེན་པ་མ་ཡིན་པའི་རྣམ་པར་རྟོག་པ་དེས་བདག་དང་བདག་གིར་འཛིན་པ་ལ་འཇུག་པ་དང་། དངོས་པོ་ལ་མངོན་པར་ཞེན་པར་
བྱས་པས་སེམས་ཅན་སྡུག་བསྔལ་བ་དང་སྡིག་པ་སྟེ་སྲོག་གཅོད་པ་ལ་སོགས་པའི་ལུས་སྡུག་བསྔལ་བ་ཡིན་ནོ། །དེ་ལྟར་རེ་ཞིག་སྡུག་བསྔལ་གྱི་རྒྱུ་སྤངས་པའི་ཕྱིར་འདི་ལ་སྡུག་བསྔལ་སྐྱེ་བ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ད་ནི་འདི་ལ་བདེ་བ་ཁོ་ན་ཡིན་ནོ་ཞེས་བསྟན་པའི་ཕྱིར་བསོད་
ནམས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ལ་བདེ་བ་སྐྱེས་པའི་ལུས་ནི་བདེ་བ་ཡིན་ལ། བདེ་བ་གང་ལ་ཡོད་པའི་ཡིད་ནི་བདེ་བ་ཡིན་ཏེ། དེ་ལྟར་གཉི་ག་ལ་ཡང་བདེ་བ་དང་ལྡན་པའི་ཕྱིར་རོ། །ཐུགས་རྗེ་དང་ལྡན་པ་གཞན་གྱི་དོན་དུ་འཁོར་བར་འཁོར་བ་ན་སྡུག་བསྔལ་གང་གིས་སྐྱོ་
བར་བྱེད་དེ་སྐྱོ་བར་སེམས། ཡང་ན་གང་གིས་སྐྱོ་བར་བྱེད་དེ་སྐྱོ་བའི་རྒྱུ་མེད་པའི་ཕྱིར་གང་གིས་ཀྱང་མ་ཡིན་ནོ་ཞེས་དགོངས་སོ། །དེ་ལྟར་ཅིའི་ཕྱིར་རྒྱུ་མེད་པར་འཇིགས་པས་ཕྱིར་ཕྱོགས་པར་བྱེད། དེ་ལྟར་གྱུར་ན་ཡང་ཡུན་རིང་པོར་བསྟེན་ཅིང་བསྒོམ་པ་མང་དུ་བྱས་པའི་བསོད་ནམས་ཀྱི་
ཚོགས་ཆེན་པོས་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ལ་དེ་བས་རྨོངས་པ་རྣམས་བྱེད་པ་མྱུར་བས་ཉན་ཐོས་ཀྱི་ཐེག་པ་ཉིད་ལ་བརྟེན་པ་བླའོ་ཞེས་དོགས་ནས། འདི་ནི་བྱང་ཆུབ་སེམས་སྟོབས་ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་བྱས་པའི་སྡིག་པ་གང་ཡིན་པ་དེ་རྣམས་ནི་
བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཉིད་ཀྱིས་ཟད་པར་བྱེད་དོ། །ཇི་ལྟར་སྔར་ཡང་། གང་གི་དུས་མཐའི་མེ་བཞིན་སྡིག་ཅན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་བརྗོད་པ་ལྟ་བུའོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཉིད་ཀྱིས་སྡུད་པར་བྱེད་པ་ནི་སྟེར་བར་
เล่ม ๑๐๕ · หน้า 142a
བྱེད་པ་སྟེ། བསོད་ནམས་ཀྱི་རྒྱ་མཚོ་རྣམས་ཏེ། རྒྱུན་མི་འཆད་པར་བསོད་ནམས་ཤུགས། །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གང་བརྗོད་པའོ། །རྣམ་པ་འདི་ལྟ་བུའི་དད་པའི་ཤུགས་ཀྱིས་ཐེག་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་
ཉན་ཐོས་ལ་སོགས་པ་རྣམ་པས་ཀྱང་མྱུར་ཞིང་མགྱོགས་པར་འགྲོའོ། །དེ་ལྟར་ཞེས་པ་ལ་སོགས་པས་བསྟན་པའི་དོན་ཉིད་བསྡུས་ནས་སྟོན་པར་བྱེད་དེ། དེ་ལྟར་ནི་བརྗོད་པའི་རིམ་པ་ཡིན་ལ། ཁ་ན་མ་ཐོ་བ་སྤངས་པ་དང་སྔར་བྱས་པའི་སྡིག་པ་ཟད་པའི་ཕྱིར་རྨི་ལམ་ན་ཡང་ངན་སོང་དུ་
འགྲོ་བ་དང་བྲལ་བའི་ཕྱིར་དང་བསམ་པ་ཤིན་ཏུ་དྲག་པའི་བདེ་བ་དུ་མས་ཉིན་མཚན་དུ་ནམ་མཁའ་ཁྱབ་པའི་བསོད་ནམས་ཀྱི་རྒྱ་མཚོ་མངོན་པར་འཕེལ་བར་བྱ་བའི་ཕྱིར་བདེ་འགྲོ་བརྒྱུད་པས་ལམ་བཟང་པོར་འཇུག་པའི་བྱང་ཆུབ་ཀྱི་སེམས་ཤིང་རྟ་དང་འདྲ་བ་བསྐྱེད་ཅིང་ཞོན་ནས་ཤེས་པའི་
དོན་ཏོ། །ཅི་ལྟ་བུར་གྱུར་པ་ཞེ་ན། སྐྱོ་བས་ནི་ཡོངས་སུ་ཉོན་མོངས་པ་སྟེ། ངལ་བ་ནི་དུབ་པའོ། །དེ་སེལ་བ་ནི་རིགས་པ་སྔར་བསྟན་པའི་ཚུལ་གྱིས་སྐྱོན་ཀུན་སེལ་བའོ། །དེ་བདེ་བ་གཅིག་ལས་གཞན་གོང་ནས་གོང་དུ་ལྷག་ཅིང་ལྷག་པར་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པའི་མཚན་ཉིད་དུ་
འགྲོ་སྟེ་ཐོབ་པར་གྱུར་ནའོ། །རྟོག་པ་དང་ལྡན་པ་རྣམས་སྒྱིད་ལུག་པར་འགྱུར་བ་ཇི་ལྟར་སྲིད། དེའི་ཕྱིར་དེ་ལྟར་ན་རྣམ་པ་དུ་མས་སྒྱིད་ལུག་པའི་རྒྱུ་མཚན་བཀག་པས་སྒྱིད་ལུག་པ་མེད་པ་ཉིད་དུ་བསྟན་ནས། དཔུང་གི་ཚོགས་བསྟན་པའི་ཕྱིར། སེམས་ཅན་དོན་ནི་ཞེས་པ་ལ་སོགས་པ་
གསུངས་ཏེ། འདིར་ཡང་མདོར་བསྟན་པའི་བདག་ཉིད་ཡིན་ནོ། །འདུན་པ་ནི་འདིར་དགེ་བའི་འདོད་པ་ཡིན་ལ། བརྟན་པ་ནི་བརྩམས་པ་ལ་བརྟན་པ་ཡིན་ཞིང་དགའ་བ་ནི་དམ་པའི་ལས་ལ་ཞེན་པ་ཡིན་ཏེ། གཏོང་བ་ནི་མི་ནུས་པ་ན་དུས་ཅུང་ཟད་ཅིག་འཇིག་པའོ། །འདི་ནི་དཔུང་
གི་ཚོགས་བཞི་ཡིན་ཏེ། ཆ་ཤས་དུ་མས་བསྡུས་པའི་བདག་ཉིད་ཡིན་པའི་ཕྱིར་གླང་པོ་ཆེ་ལ་སོགས་པའི་དཔུང་བཞིན་ནོ། །སེམས་དོན་གྲུབ་ཕྱིར་ཞེས་པ་ལ། འདི་བརྩོན་འགྲུས་ཀྱི་རྒྱུ་ཡིན་པའི་ཕྱིར་ལ། བརྩོན་འགྲུས་ཀྱང་མངོན་པར་འདོད་པ་ཐམས་ཅད་གྲུབ་པར་བྱེད་པའི་ཕྱིར་རོ་
เล่ม ๑๐๕ · หน้า 142b
ཞེས་པའི་དོན་ཏོ། །དེ་ལ་སྟོབས་ཀྱི་ཚོགས་ནི་བྱེད་པ་མང་བའི་ཕྱིར་འདུན་པ་ཞེས་པ་ལ་སོགས་པས་སྐྱེད་པའི་རྒྱུ་གསུངས་ཏེ། སྡུག་བསྔལ་འཇིགས་པས་ཤེས་པ་ནི་མི་དགེ་བའི་ལས་ལས་སྡུག་བསྔལ་འབྱུང་བས་འཇིགས་པ་ལས་འདུན་པ་བསྐྱེད་དོ། །དེའི་ཕན་ཡོན་བསམ་པས་
ཞེས་ཏེ། ཕན་ཡོན་ནི་འབྲས་བུའི་སྒོ་ནས་ཡོན་ཏན་གྱི་ཁྱད་པར་ཡིན་ཏེ་དེ་ཡང་ཤུགས་ཀྱིས་ལས་དགེ་བ་ཉིད་དོ། །དེ་བསྒོམ་པ་ནི་དགེ་བའི་ལས་ལས་རྣམ་པ་དུ་མའི་སྒོ་ནས་འབྲས་བུ་བཟང་པོ་འབྱིན་པར་ཡང་ནས་ཡང་དུ་བསམ་པས་ཞེས་པའི་དོན་ཏོ། །ད་ནི་དཔུང་གི་ཚོགས་ཀྱི་བྱ་བ་
བསྟན་པའི་ཕྱིར། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་བརྗོད་པའི་རྒྱུན་གྱི་རིགས་པས་སོ། །མི་མཐུན་པའི་ཕྱོགས་ནི་ལེ་ལོ་ལ་སོགས་པའོ། །སྤངས་པ་ནི་གཉེན་པོ་བསྒོམ་པའི་ཆོ་གས་སེལ་བ་སྟེ་བརྩོན་འགྲུས་སྤེལ་བའི་ཕྱིར་སྟོབས་བསྐྱེད་པར་བྱའོ། །ཐབས་གང་
གིས་ཤེ་ན། འདུན་དང་ཞེས་པ་ལ་སོགས་པ་སྨོས་ཏེ། ང་རྒྱལ་ནི་སེམས་མཐོན་པོ་ཡིན་ལ་འདི་ནི་བརྟན་པའི་དཔུང་འཕེལ་བར་བྱེད་པའམ་བརྟན་པའི་སྟོབས་ཉིད་ཡིན་ཏེ། འདི་རྣམས་ཀྱི་སྟོབས་ཀྱིས་ནི་མཐུ་རྣམས་ཀྱིས་སོ། །འདིར་ནུས་པའི་རྣམ་གྲངས་ནི་སྟོབས་ཀྱི་སྒྲ་ཡིན་ནོ། །དེ་
ལ་རེ་ཞིག་འདུན་པ་བསྐྱེད་པ་དང་པོར་བདག་དང་གཞན་གྱི་ཞེས་པ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་བཏགས་པས་བདག་ཉིད་ཀྱི་ཡང་ཉོན་མོངས་པ་ཐམས་ཅད་སྤང་བའི་ཆེད་དང་། ཡོན་ཏན་མ་ལུས་པ་བསྐྱེད་པའི་དོན་དུ་བདག་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་དེ་
ཡང་བྱ་བ་ཞན་པས་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་གོ་བར་བྱས་ནས་ཀྱང་གལ་ཏེ་བརྩོན་འགྲུས་མ་བརྩམས་པ་ཡིན་པས་རྩོམ་པར་ཞན་པར་གནས་པ་ཡིན་ལ། དེའི་ཚེ་ངན་སོང་དུ་ལྷུང་བ་ལས་གཞན་རྟེན་ཡོད་པ་མ་ཡིན་པར་བདག་གིས་བསམས་ནས་སྐྱོ་བ་མངོན་དུ་བྱ་སྟེ། འདུན་པ་བསྐྱེད་
པར་བྱའོ་ཞེས་པ་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། དཔག་ཏུ་མེད་པ་ནི་ཚད་དུ་བྱ་བར་མི་ནུས་པའོ། །ཉེས་པ་ནི་ལུས་དང་སེམས་ལ་བརྟེན་པའོ། །གཞོམ་པར་བྱ་བ་ནི་སྤང་བར་བྱ་བའོ། །བདག་དང་གཞན་ནི་རང་གི་བདག་ཉིད་དང་། གཞན་གྱི་བདག་ཉིད་
เล่ม ๑๐๕ · หน้า 143a
དོ། །རེ་རེ་ལ་ཞེས་པ་ནི་རེ་ཞིག་མང་པོ་རྣམས་བཞག་སྟེ། མང་དུ་ནི་དེ་རྣམས་ལའོ། །བསྐལ་པ་རྒྱ་མཚོ་སྟེ། བསྐལ་པ་བརྒྱ་སྟོང་དུ་མས་སོ། །ཟད་པ་ནི་སྤོང་བར་བྱེད་པས་སོ། །དེ་ལ་ནི་དེ་རྣམས་ལའོ། །ཉེས་ཟད་རྩོམ་པ་ནི་ཉེས་པ་སྤོང་བ་ལ་སྤྲོ་བའོ། །ཅུང་ཟད་
ཙམ་ནི་ཆ་ཙམ་ཡང་ངོ་། །བདག་ལ་མ་མཐོང་བ་ནི་མི་སྣང་བའོ། །དེའི་ཕྱིར་སྡུག་བསྔལ་དཔག་ཏུ་མེད་པའི་རྟེན་ཏེ། སྡུག་བསྔལ་ཚད་མེད་པའི་སྣོད་ཡིན་ནོ། །བདག་གི་སྙིང་མི་འགས་པ་ནི་ཅིའི་ཕྱིར་རལ་བར་མ་གྱུར་པ་སྟེ། རྣམ་པ་གང་གིས་སོ། །བདག་དང་གཞན་གྱི་ཞེས་པ་ལ་སོགས་པ་
ནི་གོ་སླའོ། །དོན་མེད་པ་ནི་འབྲས་བུ་མེད་པ་ཉིད་དེ། བདག་གི་སྐྱེ་བ་ནི་མི་ཁོམ་པ་བརྒྱད་ལས་གྲོལ་བ་ཡིན་ལ་ཁྱེར་བ་ནི་བསྐྱལ་བས་ཏེ་རྒྱབ་ཏུ་བྱས་ཞེས་པའི་ཐ་ཚིག་གོ། །བརྒྱ་ལ་ན་ཐོབ་པ་ནི། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །ཡུན་རིང་
པོས་ཐོབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ངོ་མཚར་བའི་གནས་ཡིན་པས་རྨད་དུ་བྱུང་བའོ། །འདིའི་ཕྱིར་ཡང་ཉམས་པ་ཡིན་ནོ་ཞེས། བདག་གིས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱས་པས་དགའ་སྟོན་ཆེན་པོ་སྟེ་ཤིན་ཏུ་མངོན་པར་དགའ་བ་
དང་ལྡན་པ་ཡིན་ཞིང་། དེས་བདེ་བ་ནི་ཡིད་བདེ་བ་ཡིན་ལ། མ་ཐོབ་པ་ནི་བདག་གིས་མ་རྟོགས་པའོ། །བསྟེན་པ་ནི་སྐུ་གཟུགས་དང་མཆོད་རྟེན་དང་། དམ་པའི་ཆོས་ལ་སོགས་པ་ལ་བཀུར་སྟི་དང་། ལྷ་ཁང་དང་། ཀུན་དགའ་ར་བ་དང་། གཟིམས་ཆ་ལ་སོགས་པའི་དངོས་པོ་དབུལ་
བ་བྱ་བ་སྟེ་མཆོད་པ་ཡང་མ་བྱས་སོ། །དབུལ་བ་རྣམས་ནི་ནོར་ཞན་པ་རྣམས་ཡིན་ལ། བསམ་པ་འདི་འདོད་པ་ཡིན་ཏེ། ཉེ་བར་མཁོ་བའི་སྒོ་ནས་རྫོགས་པར་མ་བྱས་པའོ། །འཇིགས་པ་ལ་ནི་དགྲ་ལ་སོགས་པའི་འཇིགས་པས་འཁྲུགས་པ་རྣམས་ལ་མ་འཇིགས་ཤིག་ཅེས་མི་
འཇིགས་པ་མ་བྱིན་པའོ། །ཉམ་ཐག་ནི་ལུས་དང་ཡིད་ཀྱི་སྡུག་བསྔལ་གྱིས་གདུངས་པ་ཡིན་ལ། དེ་བསལ་ནས་བདེ་བར་བྱས་པ་ཡང་མ་ཡིན་ནོ། །སྐྱེས་བུ་དམ་པའི་ཆོས་འདི་དག་ཐམས་ཅད་དང་བྲལ་བའི་ཕྱིར་བདག་མའི་མངལ་གྱི་ཞེས་པ་ལ་སོགས་པ་གསུངས་ཏེ་
เล่ม ๑๐๕ · หน้า 143b
གོ་སླའོ། །ཁྱེད་རྣམས་ཀྱི་གནས་སྐབས་ངན་པ་འདི་ཡང་ཅིའི་ཕྱིར་ཐོབ་ཅེ་ན། ཆོས་ལ་འདུན་དང་ཞེས་པ་ལ་སོགས་པ་གསུངས་ཏེ། ཆོས་ལ་འདུན་པ་དང་བྲལ་བའི་སྔར་གྱི་སྐྱེ་བར་བསགས་པ་ཉིད་ཀྱིས་བདག་ལ་ད་ལྟའི་སྐྱེ་བ་འདི་ལ་ཡང་རྒུད་པ་འདི་འདྲ་བ་འབྱུང་བར་འགྱུར་ཏེ། ནུས་པ་
ཐམས་ཅད་དང་བྲལ་བའི་རང་བཞིན་སྔར་བརྗོད་པ་རྣམས་ཐོབ་པར་གྱུར་པར་འདི་ལྟར་ཤེས་པར་བྱས་ནས་སུ་ཞིག་ཆོས་ལ་འདུན་པ་གཏོང་བར་བྱེད་དེ་ཡོངས་སུ་གཏོང་བར་བྱེད་ཅིང་མཁས་པས་ཅིའི་ཕྱིར་ལེན་པར་མི་བྱེད་ཅེས་པའི་ཐ་ཚིག་གོ། །ཡང་ཅིའི་ཕྱིར་དགེ་བ་དོན་དུ་གཉེར་བ་རྣམས་ཀྱིས་
འདུན་པ་བསྐྱེད་པ་ལ་འབད་པར་བྱེད་ཅེས་དགོངས་ནས། གང་། འདུན་པ་སྡུག་བསྔལ་འཇིགས་པས་སྐྱེད། །ཅེས་པ་ལ་སོགས་པ་གསུངས་པ་དེ་བསལ་བར་བྱ་བར་འདོད་ནས། དགེ་བའི་ཕྱོགས་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། རྒུད་པ་བསལ་བ་འབའ་ཞིག་གི་དོན་དུ་ནི་མ་ཡིན་
ཏེ། དཀར་པོའི་ཆོས་བསགས་པའི་དོན་དུ་ཡང་འདུན་པ་བསྐྱེད་པ་ལ་འབད་པར་བྱའོ་ཞེས་པ་ནི་འང་གི་སྒྲའི་དོན་ཏོ། །ཐམས་ཅད་ཀྱི་ཞེས་པ་ནི་འགའ་ཞིག་མ་ཡིན་པའོ། །རྩ་བ་འདུན་པ་ནི་རྒྱུ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། རང་གིས་བཏགས་ནས་བརྗོད་པ་ནི་མ་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཡང་ནི་འདུན་པའི་ཡང་ངོ་། །རྩ་བ་རྟག་ཏུ་ནི་དུས་ཐམས་ཅད་དུའོ། །རྣམ་སྨིན་འབྲས་བུ་བསྒོམས་པས་ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་འཇིག་རྟེན་ཕ་རོལ་ཏུ་འདོད་པ་དང་མི་འདོད་པ་འཐོབ་པའི་མཚན་ཉིད་ཡིན་ལ། དེ་
བསྒོམ་པ་ནི་ཡང་ནས་ཡང་དུ་མངོན་དུ་བྱེད་པའོ། །དེ་ལ་ལས་མི་དགེ་བའི་རྣམ་པར་སྨིན་པའི་འབྲས་བུ་བསྟན་པའི་ཕྱིར། སྡུག་བསྔལ་ཞེས་པ་ལ་སོགས་པ་གསུངས་ཏེ། ལུས་དང་ངག་དང་ཡིད་ཇི་སྲིད་པ་རྣམས་ཀྱིས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་པ་རྣམ་པ་དུ་མའི་
འཇིགས་པ་འདི་ལྟར་བཅིང་ཞིང་འཁྱིག་པ་དང་བརྡེག་པ་ལ་སོགས་པ་རྣམས་དང་། ཡིད་ཀྱིས་ཚོལ་བའི་རྙེད་པའི་བར་ཆད་འདོད་པའི་གེགས་བྱེད་པ་ཡང་སྡིག་པ་བྱེད་པ་རྣམས་ཉིད་ལས་སྐྱེད་ཅིང་འབྱུང་བར་འགྱུར་རོ། །ལེགས་སྤྱད་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བསྟན་
เล่ม ๑๐๕ · หน้า 144a
པའི་ཕྱིར་དང་། ཡིད་ལ་བསམ་པའི་ཞེས་པ་ལ་སོགས་པ་གསུངས་ཏེ། འདོད་པ་ལ་སྨོན་པའི་རྣམ་པར་རྟོག་པ་ནི་ཡིད་ལ་བསམས་པ་ཡིན་ལ། གང་འཇིག་རྟེན་ན་ཡིད་ཀྱི་རྒྱལ་སྲིད་ཅེས་རབ་ཏུ་གྲགས་པ་བཞིན་ནོ། །དགེ་བ་བྱས་པ་ནི་བསོད་ནམས་བྱས་པ་ཡིན་ལ།
གང་དང་གང་དུ་ཞེས་པ་ནི་ཟློས་པ་ཡིན་ཏེ། འགའ་ཞིག་ཁོ་ནར་མ་ཡིན་ནོ། །འགྲོ་བ་ནི་བསྐྱོད་པའོ། །འབྲས་བུ་རིན་གྱིས་ཞེས་པ་ནི་མངོན་པར་འདོད་པའི་འབྲས་བུ་སྟོན་པར་བྱེད་པ་ཉིད་རིན་ཆེན་བཞིན་དུ་རིན་ཏེ། དེས་མཆོད་པ་ཡིན་ནོ། །ཡང་མི་དགེ་བའི་འབྲས་བུ་བསྟན་པའི་ཕྱིར། སྡིག་
པ་ཞེས་པ་ལ་སོགས་པ་གསུངས་ཏེ། བདེ་བ་འདོད་པ་ནི་བདེ་བ་དོན་དུ་གཉེར་བའོ། །སྡུག་བསྔལ་མཚོན་གྱིས་ཞེས་པ་ནི་བྱེད་པས་ཏེ། སྡུག་བསྔལ་ཉིད་མཚོན་བཞིན་དུ་དེའི་འདོད་པ་གཅོད་པར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པའི་དགེ་བའི་ལས་
ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཐུན་མོང་མ་ཡིན་པ། རྒྱ་ཆེ་བ་ཞེས་པ་ལ་སོགས་པ་གསུངས་ཏེ། རབ་ཏུ་དགའ་བའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་མི་འདོད་བཞིན་དུ་མའི་མངལ་དུ་སྐྱེ་བ་མ་ཡིན་ཏེ། འོན་ཀྱང་བདེ་བ་ཅན་དུ་སྣ་ཚོགས་པའི་འདབ་མ་ཅན་གྱི་པདྨའི་ནང་དུ་སྐྱེ་
བར་འགྱུར་རོ། །དེ་རྣམས་ཀྱི་བདེ་བའི་འབྱོར་པ་དུ་མ་སྟོན་པར་བྱེད་དེ་རྒྱ་ཆེ་བ་ནི་ཤིན་ཏུ་ཡངས་པ་ཡིན་ལ། དྲི་ཞིམ་པ་ནི་ཡིད་དུ་འོང་བའི་དྲི་ཡིན་ཏེ། བསིལ་བ་ནི་བདེ་བའི་རེག་བྱ་ཡིན་ཞིང་དེ་རྣམས་ཀྱང་པདྨས་ཏེ་འདམ་སྐྱེས་ཡིན་ནོ། །དེ་དག་གི་སྙིང་པོ་ནི་ཡང་པདྨའི་སྙིང་པོའི་བྱེ་བྲག་ཡིན་ནོ། །
དེ་རྣམས་ལ་གནས་པ་ནི་བཞུགས་པ་ཡིན་ལ། ཤེས་རབ་དང་ཐབས་དང་སྙིང་རྗེ་ཆེན་པོ་ལས་བྱུང་བའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཡན་ལག་བསྡུས་པས་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་བདེ་གཤེགས་ཀྱི་སྲས་སུ་དགེ་བས་འགྱུར་རོ་ཞེས་འབྲེལ་ཏོ། །པདྨའི་སྙིང་པོ་རྣམས་སུ་ཡང་ཅི་
ལྟར་རྒྱས་པར་འགྱུར་ཞེ་ན། རྒྱལ་བའི་གསུང་སྙན་ཞེས་པ་ལ་སོགས་པ་གསུངས་ཏེ། སྙན་པ་ནི་དབྱངས་ཀྱི་ཡན་ལག་ཐམས་ཅད་དང་ལྡན་པས་མཆོག་ཏུ་ཡིད་བདེ་བར་བྱེད་པ་རྣམས་ཀྱིས་སོ། །རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཟས་ཏེ། ཞལ་ཟས་ཀྱིས་མདངས་
เล่ม ๑๐๕ · หน้า 144b
འཕེལ་བར་བྱས་པའི་ལུས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཇི་ལྟར་སྐྱེས་ཤེ་ན། ཐུབ་འོད་ཅེས་པ་ལ་སོགས་པ་གསུངས་ཏེ། ཡོངས་སུ་སྨིན་པའི་དུས་སུ་མཁྱེན་ནས་ཐུབ་འོད་དེ་དེ་བཞིན་གཤེགས་པའི་འོད་ཟེར་རྣམས་ཀྱིས་རྒྱས་ཤིང་ཁ་ཕྱེ་བར་བྱས་པ་ཡང་ཡིན་ལ་དེ་ནི་
པདྨ་འང་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལས་བྱུང་བ་ནི་སྐྱེས་པ་ཡིན་ལ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ལུས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུར་གྱུར་པའི་བདེ་གཤེགས་ཀྱི་སྲས་བྱང་ཆུབ་སེམས་དཔའི་རྒྱུད་དུ་སྟེ། བདེ་གཤེགས་སྤྱན་སྔར་བདེ་བ་ཅན་དུ་བཅོམ་
ལྡན་འདས་འོད་དཔག་མེད་ཀྱི་སྤྱན་སྔར་གཅིག་ཏུ་དཀར་བའི་དགེ་བའི་ལས་རྣམས་ཀྱིས་འབྱུང་ཞིང་སྐྱེ་བར་འགྱུར་རོ། །དེ་ལྟར་འདི་ནི་མའི་མངལ་དུ་སྐྱེ་བར་འགྱུར་བ་རྣམས་ལ་ཁྱད་པར་འདི་ལས་བཟློག་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བསྟན་པར་འགྱུར་ཏེ། འདི་ལྟར་
ཡང་དེ་ན་དོག་པ་དང་། དྲི་ང་བ་དང་། ཕོ་བའི་མེ་དྲོད་ཀྱིས་ཚ་བ་དང་། ཕ་དང་མའི་མི་གཙང་བ་ནུར་ནུར་པོ་ལས་ཡང་དག་པར་བྱུང་ཞིང་སྐྱེས་པ་དང་། མས་ཟོས་པ་དང་འཐུངས་པ་སྐྱུགས་པ་དང་འདྲ་བས་བསྐྱེད་པ་དང་། མངལ་གྱི་དྲི་མས་གོས་པ་དང་། ཡོངས་སུ་སྨིན་པའི་དུས་ན་
བརྒྱ་ལ་སྲོག་མགྲིན་པར་ཕྱིན་པ་དང་། བཅར་ལ་མནན་པ་བཞིན་དུ་བཙའ་བའི་དུས་ན་ཡང་ཡིན་ཏེ་ཕལ་ཆེར་མིར་སྐྱེས་པའི་འདྲེན་པའི་ལས་ཀྱི་རྣམ་པར་སྨིན་པ་བཤད་པ་ཡིན་ནོ། །གཅིག་ཏུ་གནག་པའི་ལས་ཀྱི་རྣམ་པར་སྨིན་པ་གཤིན་རྗེའི་སྐྱེས་བུ་ཞེས་པ་ལ་སོགས་པ་གསུངས་ཏེ། གཤིན་
རྗེའི་སྐྱེས་བུ་ཞེས་པ་ནི་དུས་ཀྱི་ཕོ་ཉ་བས་ཏེ་བཤུས་པ་ནི་འབར་བའི་ཐོ་བ་ལ་སོགས་པའི་མཚོན་རྣམས་ཀྱིས་རྣམ་པར་ཕྲལ་བའོ། །མ་ལུས་པ་ནི་མཐའ་དག་ཡིན་ལ་པགས་པ་ནི་ཤུན་ལྤགས་སམ་ནུས་པ་སྟེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རབ་ཏུ་ཉམ་ཐག་པར་གྱུར་པ་ནི་ཤིན་ཏུ་
འབར་བའི་ལྕགས་ཀྱི་ས་གཞིར་ལྟུང་ངོ་། །སླར་ཡང་ཅི་ལྟ་བུར་གྱུར་པ་ཞེ་ན། རབ་ཏུ་ཚ་བའི་མེས་ཞུ་བར་གྱུར་པའི་ཟངས་གང་ཡིན་པ་དེས་ལུས་རྣམས་ལ་བླུགས་པ་སྟེ་བཀྲུས་པའོ། །དེ་ནས་ཡང་པགས་པ་མ་ལུས་པར་བཤུས་པ་ལ་འབར་བའི་རལ་གྲི་རྣམས་དང་། མདུང་ཐུང་སྟེ་
เล่ม ๑๐๕ · หน้า 145a
མཚོན་ཆའི་ཁྱད་པར་རྣམས་ཀྱིས་དེ་རྣམས་ལ་བསྣུན་པ་ཡིན་ཏེ་རྣམ་པ་དུ་མའི་མཚོན་གྱིས་སོ། །ལྷགས་ཤིང་ནི་རྣམ་པར་བཅད་པ་དག་ཡིན་ཏེ་ཤའི་དུམ་བུ་ནི་མཐའ་དག་ཡིན་ལ་གང་གི་ཚེ་དེ་ལྟར་གྱུར་པ་ན་ཤིན་ཏུ་འབར་བའི་རང་བཞིན་གྱི་ས་གཞི་རྣམས་སུ་
ལྷུང་བར་འགྱུར་བའོ། །མི་དགེ་བ་ནི་དགེ་བ་མ་ཡིན་པའི་ལས་རྣམས་ཀྱིས་སོ། །མང་པོས་ཞེས་པ་ནི་ལན་མང་པོར་ཡིན་ཏེ། དུས་རིང་པོར་དེའི་འབྲས་བུ་ཟད་པའི་ཕྱིར་རོ། །དེ་ལྟར་དགེ་བ་དང་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པའི་འབྲས་བུ་བསྟན་ནས། འདུན་པའི་སྟོབས་ཉེ་བར་བསྡུ་
བའི་ཕྱིར་དེ་བས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ལྟར་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འཇམ་པ་དང་རྩུབ་པ་ཡིན་པ་དེའི་ཕྱིར་འདི་ལྟར་ཡོངས་སུ་བསམས་ནས་མི་དགེ་བའི་ལས་སྤངས་ནས་དགེ་བ་ལ་འདུན་པ་ཉིད་ལ་གུས་པར་བྱའོ། །ད་ནི་
བརྟན་པའི་སྟོབས་བསྟན་པར་བཞེད་ནས་རྡོ་རྗེ་རྒྱལ་མཚན་ཞེས་གསུངས་ཏེ། རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་གསུངས་པའི་ཆོ་ག་ཡང་ང་རྒྱལ་ཏེ་བསྒྲུབ་པར་བྱ་བའི་དོན་བརྩམས་ནས་བསྒོམ་པར་བྱའོ། །ཡང་ན། བརྩམས་ནས་བསྒོམ་པར་བྱ། ཞེས་པ་ནི་བརྟན་པར་ཡང་དག་པར་
བརྩམས་ནས་བསྒོམ་པར་བྱ་སྟེ། སེམས་ལ་བརྟན་པར་བྱ་བ་ཡིན་ལ་སྦྱོར་བ་དམན་པས་ནི་མ་ཡིན་ནོ། །རྩོམ་པའི་རིམ་པ་ཉིད་བསླབ་པར་བཞེད་ནས། དང་པོར་ཞེས་པ་ལ་སོགས་པ་གསུངས་ཏེ། དང་པོར་སྟེ་སྔ་མ་ཉིད་དུ་མངོན་པར་འདོད་པའི་དོན་བསྒྲུབ་པའི་ཆེད་དུ་འབྱོར་པ་སྟེ་
རྒྱུ་མཐའ་དག་གོ། །བརྟགས་ལ་དེའི་སྟོབས་དང་ལྡན་པ་དང་སྟོབས་དང་མི་ལྡན་པ་རྣམ་པར་དཔྱད་ནས་སྟོབས་དང་ལྡན་ན་བརྩམས་པའམ། སྟོབས་དང་མི་ལྡན་ན་བརྩམ་པར་མི་བྱའོ། །འདི་ལྟར་བརྟགས་པ་ལ་དགོས་པ་ཅི་ཡོད་ཅེ་ན། མ་བརྩམས་པ་ནི་མཆོག་ཡིན་གྱི། །ཞེས་
གསུངས་ཏེ། མི་ནུས་ན་དང་པོ་ཉིད་དུ་བརྩམས་ནས་བཟློག་པར་མི་བྱའོ། །ཅི་སྟེ་འདི་ལྟར་གང་གིས་ཅི་ཞིག་མི་འདོད་ནས་སྟོན་ཅེ་ན། སྐྱེ་བ་གཞན་དུ་ཡང་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་བྱེད་པ་ནི་སྐྱེ་བ་གཞན་ལ་དེ་གོམས་པ་སྟེ། བརྩམས་ཤིང་ལྡོག་པ་ཞེས་
เล่ม ๑๐๕ · หน้า 145b
བྱ་བ་ཡིན་ལ། དམ་བཅས་ཤིང་ཡང་མི་བྱེད་པའི་སྡིག་དེ་ལས་སྡུག་བསྔལ་འཕེལ་བར་འགྱུར་རོ། །གཞན་ནི་གང་ཞིག་སྤངས་ནས་དེ་བརྩམས་པ་ཡིན་ལ་དམན་པ་ནི་དེ་ཆུད་ཟོས་པའོ། །འབྲས་བུའི་དུས་ཀྱང་དམན་པ་ནི་བརྩམས་པ་ཡོངས་སུ་སྤངས་པའི་འབྲས་བུའི་དུས་ཏེ། འདིའི་འབྲས་
བུ་དེའི་དུས་ན་གང་འབྲས་བུ་གཞན་བྱ་བ་དེ་ཆུད་ཟོས་པ་ཞེས་པའི་དོན་ཏོ། །དེ་ཡང་ནི་གང་བརྩམས་ནས་ཡོངས་སུ་དོར་བ་དེ་ཡང་མ་བསྒྲུབས་ཏེ་འགྲུབ་པར་མ་བྱས་པའོ། །དེ་ལྟར་ཉེས་པ་རྣམ་པ་ལྔ་ཡིན་ལ་དེས་ན་འདོད་པ་མ་ཡིན་ནོ་ཞེས་དགོངས་པ་ཡིན་ནོ། །འོ་ན་ང་རྒྱལ་འདི་ཐམས་
ཅད་དུ་བྱ་བ་མ་ཡིན་ནམ་ཞེ་ན། གསུམ་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། གསུམ་པོ་གང་དག་ལ་ཞེ་ན། དེ་ནི་ལས་དང་ཉེ་བའི་ཉོན་མོངས་ནུས་ཞེས་གསུངས་ཏེ། དེ་ལ་ཉེ་བའི་ཉོན་མོངས་པ་ནི་དངོས་པོ་ཕྲན་ཚེགས་ཀྱི་མིང་ཅན་ཏེ། ཁྲོ་བ་དང་། འཁོན་དུ་འཛིན་པ་དང་།
འཆང་བ་དང་། འཚིག་པ་ལ་སོགས་པ་ལྔ་བཅུ་རྩ་བདུན་ནམ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཉིད་ཉེ་བའི་ཉོན་མོངས་པ་རྣམས་སུ་བརྗོད་དོ། །དེ་ལ་ལས་ཀྱི་ང་རྒྱལ་བཤད་པར་འདོད་ནས། བདག་ཉིད་གཅིག་པུས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་
ཅུང་ཟད་སེམས་ཅན་རྣམས་ཀྱི་ཁ་ན་མ་ཐོ་བ་མེད་པའི་ལས་བྱ་བར་གྱུར་པ་དེ་ཐམས་ཅད་བདག་ཉིད་གཅིག་པུས་བྱ་སྟེ། གཞན་ལ་སྐབས་དབྱེ་བར་མི་བྱའོ་ཞེས་པའི་དོན་ཏོ། །འདི་ཉིད་བསྟན་པའི་ཕྱིར་ཉོན་མོངས་ཞེས་པ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པས་དབང་དུ་
བྱས་པ་ནི་སྐྱེ་བོའི་ཚོགས་འདི་ཐམས་ཅད་ཡིན་ཏེ། གང་དུ་ཡང་རང་གི་དོན་བསྒྲུབ་པ་ལ་ནུས་པ་དང་ལྡན་པར་མི་འགྱུར་རོ། །གང་རྣམ་པ་བདེ་བ་ཐམས་ཅད་བསྐྱེད་པར་བྱ་བའི་ཕྱིར་བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་སྐྱེ་
བོ་འདི་དག་འདི་ལྟ་བུའི་ཁུར་བསྐུར་བ་ལ་བདག་ལ་ནུས་པ་མེད་པ་མ་ཡིན་ནོ། དེའི་ཕྱིར་བདག་ཉིད་ཀྱིས་འདི་ཐམས་ཅད་བྱའོ། །དམན་པའི་ལས་ལ་ཡང་ལྡོག་པར་མི་བྱའོ་ཞེས་པ། གཞན་དག་དམན་པའི་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། དམན་པ་ནི་ཤིན་ཏུ་
เล่ม ๑๐๕ · หน้า 146a
སྨད་པ་ཡིན་ཏེ། འཇིག་རྟེན་ན་ཁུར་ཁུར་བ་ལ་སོགས་པའོ། །བདག་ཀྱང་སེམས་ཅན་ཐམས་ཅད་ཀྱི་བྲན་དུ་གྱུར་ནས་ཡང་འདུག་སྟེ་ཡོད་ཀྱང་ངོ་། །བདག་གི་བྱ་བ་ཅི་ལྟར་གཞན་གྱིས་བྱེད་དེ་བདག་ཉིད་ཀྱིས་བྱ་བར་འོས་སོ་ཞེས་པའི་དོན་ཏོ། །འོ་ན་ལས་དེ་དག་གིས་
རྗེས་སུ་མཐུན་པ་ཉིད་དོ་ཞེས་པའི་སེམས་ཁེངས་པ་བཟློག་པར་འདོད་ནས། འདི་ལ་ང་རྒྱལ་གྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་ནི་དེའི་བུ་ཡིན་ལ་ལས་འདི་ནི་ཤིན་ཏུ་དམན་པ་ཡིན་སྟེ་དེ་བདག་གིས་བྱ་བར་རིགས་པ་མ་ཡིན་ནོ་ཞེས་ནས་གལ་ཏེ་ང་རྒྱལ་གྱིས་མི་བྱེད་ན་དེའི་
ཚེ་བདག་གི་ང་རྒྱལ་བརླག་ན་བླ་སྟེ། ང་རྒྱལ་དོན་ཆེན་པོ་ཉམས་པར་བྱེད་པ་འདིས་བདག་ལ་ཅི་ཞིག་བྱ། དམན་པའི་ལས་ལ་འཇུག་པར་མི་བྱའོ་ཞེས་པའི་དོན་ཏོ། དེ་ལྟར་ལས་རྣམས་ལ་ང་རྒྱལ་བཤད་ནས། ཉེ་བའི་ཉོན་མོངས་པ་རྣམས་ལ་ང་རྒྱལ་བསྟན་པར་འདོད་ནས།
སྦྲུལ་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཉེ་བའི་ཉོན་མོངས་པ་རྣམས་ལ་ང་རྒྱལ་བཅོམ་པས་བདག་གི་སེམས་ཞན་པར་འགྱུར་ཏེ། དེའི་ཚེ་ཕོངས་པ་སྟེ་ལྟུང་བས་གནོད་པར་བྱེད་དེ། གནོད་པར་བྱེད་ཅིང་ལྟུང་བ་དང་བཅས་པར་བྱེད་དོ་ཞེས་པའི་དོན་ཏོ། །ཆུང་ངུ་ཡང་
ནི་ཉེ་བའི་ཉོན་མོངས་པས་བསྐྱོད་པའི་སྤྱོད་པས་ཞེན་པའོ། །ཅི་ལྟ་བུས་ཤེ་ན། ཤི་བ་སྟེ་སྲོག་དོར་བ་ཡིན་ལ། དེ་ལྟ་བུའི་སྦྲུལ་རྙེད་པར་གྱུར་པ་ན་དཔེར་ན་ནམ་མཁའ་ལྡིང་ལྟ་བུར་སྤྱོད་དོ། །ཡང་ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། ཞུམ་བྱས་ཞེས་པ་ལ་སོགས་པ་གསུངས་ཏེ།
སེམས་ཀྱི་དཔངས་མཐོ་བ་བོར་ཏེ་ཞུམ་པར་བྱས་པས་ལུས་དང་སེམས་ཀྱིས་འཇུག་པ་དམན་པ་ན་ལེ་ལོས་བཅོམ་པ་དང་། བརྗེད་ངས་པ་ན་ལྟུང་བ་བླ་སྟེ། རྙེད་སླ་ཞིང་འབྱུང་བར་འགྱུར་བ་ཉིད་དེ་ལྟུང་བ་ཆུང་ངུས་ཀྱང་གཞོམ་པར་བྱ་བ་ཡིན་པའི་ཕྱིར་རོ། །མ་ཞུམ་པ་ནི་
སེམས་དེ་སྐྱེས་པས་སླར་ཡང་སྤྲོ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་སྟེ། དཔྱོད་པ་དང་ལྡན་པ་ནི་དྲན་པ་དང་ཤེས་བཞིན་དག་གིས་ཉེ་བའི་ཉོན་མོངས་པ་ལ་སྐབས་སྟེར་བར་མི་བྱེད་དོ། །ཆེན་པོ་ཡིས་ཀྱང་ཐུབ་པར་དཀའ་སྟེ་རྒྱལ་བར་མི་འགྱུར་རོ། །དེ་བས་ཞེས་པ་ལ་
เล่ม ๑๐๕ · หน้า 146b
སོགས་པས་བརྟེན་པའི་སྟོབས་ལ་བརྟེན་པའི་མཇུག་བསྡུ་བ་སྟོན་ཏེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་སེམས་ནི་བརྟན་པ་ཡིན་ཏེ། ང་རྒྱལ་གྱི་གོ་ཆ་བགོས་པས་སོ། །ལྟུང་བ་ཉིད་ཉམས་པར་བྱེད་པ་སྟེ། གཞོམ་པར་བྱའོ། །རྣམ་པ་ཐམས་ཅད་དུ་དེའི་རྗེས་སུ་འཇུག་པ་བཀག་
པས་དེའི་རྒྱུད་དྲུངས་དབྱུང་བར་བྱ་སྟེ། གཞན་དུ་ལྟུང་བའི་དབང་དུ་གྱུར་པར་ཕོངས་པས་འཇོམས་པར་འགྱུར་རོ། །ཁམས་གསུམ་ལས་རྒྱལ་བར་རྩོམ་པ་ལ་བཞད་གད་དེ། ཁྲེལ་གད་ཀྱི་གནས་སུ་འགྱུར་རོ། །དེ་ཇི་ལྟ་བུར་གྱུར་པ་ཡིན་ཞེ་ན། བདག་གིས་ཞེས་པ་ལ་སོགས་པ་གསུངས་
ཏེ། ཅིའི་ཕྱིར་ཞེ་ན། གང་ལས་རྒྱལ་བ་ཉིད་ནི་བཅོམ་ལྡན་འདས་ཏེ། སེང་གེ་ནི་བདུད་ཀྱི་རི་དགས་ཐམས་ཅད་དག་གིས་གཞོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱི་སྲས་བདག་ཀྱང་ཅི་ལྟར་གཞན་གྱིས་ཕམ་པ་ཞེས་བྱ་བ་འཐོབ་པར་བྱེད། དེ་ལྟར་ཡིད་ལ་བྱས་ནས་
བདག་གིས་ང་རྒྱལ་འདི་ལ་གནས་པར་བྱ་སྟེ། དཔེར་ན་སེང་གེའི་ཕྲུ་གུ་མི་འཇིགས་པ་ཐོབ་ནས་རི་དགས་གཞན་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ་ཉིད་ཀྱིས་ནགས་སུ་སྤྱོད་པར་བྱེད་པ་དེ་བཞིན་དུ་བདག་ཀྱང་བརྟན་པར་གནས་པར་བྱའོ་ཞེས་པའི་དོན་ཏོ། །གལ་ཏེ་དེ་ལྟར་ན་དེའི་ཚེ་
གང་ཡང་དགྲ་ལ་སོགས་པ་ལས་རྒྱལ་བའི་ང་རྒྱལ་ཅན་ང་རྒྱལ་ཡོད་པ་དེ་རྣམས་ཀྱང་བསྔགས་པར་བྱ་བར་ཅིའི་ཕྱིར་མི་འགྱུར་ཞེ་ན། གྲོང་ངམ་ཞེས་པ་ལ་སོགས་པ་གསུངས་ཏེ། ང་རྒྱལ་གྱིས་བཅོམ་པ་ནི་ང་རྒྱལ་གྱིས་ཟིལ་གྱིས་མནན་པ་སྟེ། ཉོན་མོངས་པའི་སྡུག་བསྔལ་
ཅན་དེ་རྣམས་ཀྱང་ང་རྒྱལ་ཅན་དུ་འགྱུར་བ་མ་ཡིན་པ་ཉིད་དོ། །ང་རྒྱལ་ཅན་དགྲའི་དབང་མི་འགྲོ །ཞེས་པ་ནི་འདི་འགྲོ་བ་མ་ཡིན་ཏེ། དགྲའི་སྐྱེ་བོའི་རྗེས་སུ་འཇུག་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་དག་རྣམས་འདོད་པའི་ང་རྒྱལ་ཅན་དེ་རྣམས་ང་རྒྱལ་དགྲའི་དབང་དུ་གྱུར་པ་
ཡིན་ཏེ་དེའི་དབང་དུ་བྱས་ནས་འཇུག་པ་ཡིན་ནོ། །འདི་ཉིད་ཚིགས་སུ་བཅད་པ་གཉིས་ཀྱིས་བསྒྲུབ་པར་འདོད་ནས། ང་རྒྱལ་གྱིས་ནི་ཞེས་པ་ལ་སོགས་པ་གསུངས་པ། ང་རྒྱལ་བདུན་པོ་རྣམས་ལས་གང་ཡང་རུང་བའི་ང་རྒྱལ་གྱིས་ངན་སོང་དུ་ཁྲིད་པ་ནི་དམྱལ་བ་ལ་སོགས་པ་རྣམས་
เล่ม ๑๐๕ · หน้า 147a
སུ་ཁྲིད་པའོ། །དེ་རྣམས་བརྒྱ་ལ་མིའི་དངོས་པོ་ཐོབ་པར་གྱུར་པ་དེའི་ཚེ་དེར་ཡང་རྒྱུ་མཐུན་པའི་འབྲས་བུ་དགའ་སྟོན་བཅོམ་པ་ནི་དགའ་བ་མེད་པ་འགྱུར་བ་ཡིན་ཏེ། དམན་ཞིང་ཞན་པའི་ཡིད་དུ་འགྱུར་རོ་ཞེས་པའི་དོན་ཏོ། །གཞན་གྱི་ཁམ་ཟ་བ་ནི་ཟས་མེད་
པའི་ཕྱིར་ཏེ། གཞན་གྱིས་བྱིན་པའི་སློང་མོའི་ཟས་ཟ་བའོ། །བྲན་ནི་གཞན་དབང་དུ་གྱུར་པའི་ཁོལ་པོའོ། །གླེན་པ་ནི་སྤྱོད་པ་ཐམས་ཅད་ཀྱིས་སྟོང་པའོ། །མི་སྡུག་པ་ནི་ལུས་མི་མཛེས་པ་དང་མི་དགའ་བ་སྐྱེད་པའོ། །ཉམ་ཆུང་བ་ནི་ལུས་རྗུད་པ་དང་སྟོབས་མེད་པའོ། །ཐམས་
ཅད་དུ་ཐམས་ཅད་ལ་གནོད་པ་མ་བྱས་ཀྱང་ལུས་དང་ངག་གིས་བརྙས་པ་ཐོབ་པར་འགྱུར་རོ། །གང་གིས་འདི་ལྟར་ཡིན་ཞེ་ན། ང་རྒྱལ་གྱིས་ཁེངས་དཀའ་ཐུབ་ཅན། །ཞེས་ཏེ་ང་རྒྱལ་གྱིས་ཁེངས་པ་ནི་ཞུམ་པ་མ་ཡིན་པའོ། །དཀའ་ཐུབ་ཅན་ནི་ཉོན་མོངས་པ་སྟེ། དེ་ཡང་ནི་དེ་ལྟར་གྱུར་
པ་ཡང་གལ་ཏེ་ང་རྒྱལ་ཅན་གྱི་ནང་དུ་གཏོགས་ན་ཇི་ལྟར་དམན་པ་སྟེ་བཀྲེན་པ་ཡིན་ལ་སྙིང་རྗེའི་གནས་ཡིན་ནོ་ཞེས་པའི་དོན་ཏོ། །སླར་ཡང་གཞན་ཅི་ལྟ་བུ་ཞིག་ཏུ་འགྱུར་སྨྲོས་ཞེས་པ་ནི་བརྗོད་ཅིག་ཅེས་རྒོལ་བ་པོ་ལ་བོད་པའོ། །གལ་ཏེ་རྣམ་པ་དེ་ལྟ་བུ་ང་རྒྱལ་ཅན་དུ་མི་བརྗོད་ན་འོ་
ན་དེ་དག་ཇི་ལྟ་བུར་གྱུར་པ་ཡིན་ཞེ་ན། གང་ཞིག་ང་རྒྱལ་ཞེས་པ་ལ་སོགས་པ་གསུངས་སྟེ། གང་ཞིག་ང་རྒྱལ་གྱི་དགྲ་ལས་རྒྱལ་བར་ཏེ་རྒྱལ་བར་འགྱུར་བ་དེ་ཉིད་ང་རྒྱལ་ཅན་དུ་བརྗོད་དོ། །གང་ཞིག་ནི་བྱང་ཆུབ་སེམས་དཔའ་སྟེ། བདེ་བ་ཡང་ཡིན་ལ་སྟོབས་དང་ལྡན་
པའང་ཡིན་ཞིང་ང་རྒྱལ་གྱི་དགྲ་བཅོམ་སྟེ་བསལ་ནས་འདོད་བཞིན་ཏེ་ཅི་བདེར་འདོད་པར་སྐྱེའོ། །འཇིག་རྟེན་པ་ལས་ནི་ལྷ་དང་བཅས་པ་ལས་སོ། །རྒྱལ་བའི་འབྲས་བུ་སངས་རྒྱས་ཀྱི་གནས་སྐབས་གསལ་བར་བྱེད་དོ། །འདི་ལྟ་བུའི་ང་རྒྱལ་དེ་དགྲ་ལས་རྒྱལ་བ་དེ་འདི་ལྟ་བུ་བདག་
ཅག་རྣམས་ལ་མཐོང་ངོ་ཞེས་པའི་དོན་ཏོ། །དེ་ཉིད་ནི་རྣམ་པར་རྒྱལ་བ་ཡིན་ཏེ་རྒྱལ་བ་ཐོབ་པ་དང་། དེ་ཉིད་དཔའ་བོ་ཡིན་ཏེ་གཟི་བརྗིད་དང་ལྡན་པ་ཡིན་ནོ། །ཚིག་གཉིས་པོ་འདི་ནི་ཇི་ལྟར་རིགས་པར་བྱའོ། །དེ་ལྟར་ཉེ་བའི་ཉོན་མོངས་པ་རྣམས་ལ་ང་རྒྱལ་བཤད་ནས།
เล่ม ๑๐๕ · หน้า 147b
ནུས་པའི་ང་རྒྱལ་ཉོན་མོངས་ཞེས་པ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པའི་ཕྱོགས་ནི་སྡེ་ཚན་ཡིན་ལ་དེའི་ཁྲོད་ན་གནས་པ་ནི་རྣམ་པ་སྟོང་འགྱུར་དུ་བསྲན་བཙུགས་ཏེ་ཤིན་ཏུ་ཡང་བརྟན་པའི་སྟོབས་ལ་བརྟེན་ནས་སོ། །ཅི་ལྟ་བུར་གྱུར་པ་ཞེ་ན། ཉོན་མོངས་ཚོགས་ཀྱིས་ཞེས་ཏེ།
ཉོན་མོངས་པའི་ཚོགས་ཀྱིས་ཚུགས་པར་དཀའ་བ་ནི་མི་ཚུགས་པ་སྟེ། ཅི་ལྟར་ཡང་ང་རྒྱལ་བར་མི་འགྱུར་བར་རོ་ཞེས་པའི་དོན་ཏོ། །ཅི་ལྟ་བུར་གྱུར་པ་ཞེ་ན། རི་དགས་ཚོགས་ཀྱིས་སེང་གེ་བཞིན། །ཞེས་ཏེ་ཇི་ལྟར་རི་དགས་ཀྱི་རྒྱལ་པོ་སེང་གེ་རི་དགས་འཁྲུགས་པའི་དབུས་ན་གཟི་བརྗིད་ཆེན་
པོ་ཅན་སྟོབས་དང་ལྡན་པར་གྱུར་པས་ནགས་སུ་གནས་པ་ན་རི་དགས་ཐམས་ཅད་རྣམ་པར་གནོན་ལ། དེ་དག་གིས་ནི་དེ་ལ་གནོད་པ་མ་ཡིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཚུགས་པར་དཀའ་བར་འགྱུར་བར་རོ། །འདི་དང་རྒྱུ་མཚན་གཞན་ཡང་གཟུང་བར་བྱའོ་ཞེ་
ན། ཉམ་ང་ཆེ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། ཆེ་དང་སྟེ་ཤིན་ཏུ་ཕུལ་དུ་བྱུང་བ་ཡང་ངོ་། །ཉམ་ང་བ་སྟེ་སྡུག་བསྔལ་ཡོད་ཀྱང་ངོ་། །རོ་ནི་མངར་བ་ལ་སོགས་པ་ལྕེའི་དབང་པོའི་ཡུལ་ཡིན་ཡང་མིག་གིས་མི་མཐོང་སྟེ་མི་རྟོགས་ལ་ཡུལ་དུ་མི་བྱེད་དོ་ཞེས་པའི་དོན་ཏོ། །
དེའི་ཡུལ་གཟུགས་ཡིན་པའི་ཕྱིར་ཡུལ་རོ་ལ་འཇུག་པ་མ་ཡིན་ནོ་ཞེས་དགོངས་པ་ཡིན་ནོ། །དེ་ལྟར་བརྗོད་པའི་རོ་དང་མིག་གི་ཚུལ་གྱིས་ཉམ་ང་བྱུང་གྱུར་ཀྱང་། ཉོན་མོངས་དབང་དུ་མི་འགྱུར་བར་རོ། །དེ་ལྟར་བརྗོད་པའི་རིམ་པས་བསྟན་པའི་སྟོབས་བཤད་ནས། དགའ་
བའི་སྟོབས་བསྟན་པའི་ཕྱིར་རྩེད་མོའི་ཞེས་པ་ལ་སོགས་པ་གསུངས་ཏེ། ལས་ནི་ཚོགས་ཀྱི་རྒྱུ་མཚན་བསམ་གཏན་དང་ཀློག་པ་ལ་སོགས་པའི་མཚན་ཉིད་ཡིན་ལ། གང་གྱུར་པ་ནི་རིམ་གྱིས་བྱེད་པ་ལ་སྦྱོར་བས་ཐོབ་པར་གྱུར་པའོ། །ལས་དེ་ཉིད་ལ་ཞེན་པར་བྱ་སྟེ།
བྱ་བ་དེའི་རོ་ལ་ཞུགས་པའི་སེམས་ཀྱིས་སོ། །ལས་དེ་དགའ་བར་བྱ་བ་ནི་དེ་ལ་ཤིན་ཏུ་འཇུག་པར་འདོད་པའོ། །མི་ངོམས་པ་ནི་ཡང་ནས་ཡང་དུ་འདོད་པ་དང་ལྡན་པའོ། །ཅི་དང་འདྲ་བར་ཞེ་ན། རྩེད་མོའི་འབྲས་བུ་བདེ་བ་འདོད་པ་ལྟར་ཏེ། རྒྱན་པོ་ལ་སོགས་པ་
เล่ม ๑๐๕ · หน้า 148a
རྩེད་མོའི་འབྲས་བུ་གང་ཡིན་པའི་བདེ་བ་དེ་ལ་འདོད་པ་བཞིན་དུའོ། །རྣམ་པར་དཔྱད་པ་འདིས་ཀྱང་ལས་ལ་དགའ་བ་བསྐྱེད་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། བདེ་བའི་དོན་དུ་ཞེས་པ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱིས་ཀྱང་ལས་ཀྱི་འབྲས་
བུའི་བདེ་བ་ཐོབ་པར་འདོད་པས་བྱེད་དེ། གཞན་དུ་ན་དེ་ལ་འཇུག་པར་མི་འགྱུར་ཏེ། དེ་ལྟར་ན་ཡང་འདི་ལྟར་སེམས་རབ་ཏུ་ཞུགས་པ་ཡང་ལས་འགའ་ཞིག་གིས་མངོན་པར་འདོད་པའི་འབྲས་བུར་འགྱུར་ཞིང་། འགའ་ཞིག་གི་ཡང་འབྲས་བུ་མེད་པར་འགྱུར་ཏེ། འབྲས་བུ་མེད་པར་རྩོམ་
པ་ཡང་སྲིད་པའི་ཕྱིར་ལ། དེ་ལྟར་ན་ཡང་སྐྱེ་བོས་ལས་བརྩམས་པ་ལས་ཡང་འབྲས་བུ་སྲིད་པའི་ཕྱིར་ལྡོག་པར་འགྱུར་བ་མ་ཡིན་པ་ཉིད་དོ། །གང་གིས་ཏེ་ཡང་ལས་ཉིད་བདེ་བར་གྱུར་པ་དེའི་ཕྱིས་ཀྱི་བདེ་བ་གཞན་འདོད་པ་དེས་ལས་མི་བྱེད་དེ་ལས་དང་བྲལ་ན་ནམ་ཞིག་བདེ་བར་
འགྱུར་ཏེ། བརྒྱ་ལམ་ན་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་ཡང་བསམས་ནས་ལས་ལ་མངོན་པར་ཞེན་པར་བྱའོ་ཞེས་སྤུ་གྲི་ཞེས་པ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིས་འཁོར་བར་ཏེ། འཁོར་བ་ན་ཡང་དང་ཡང་དུ་མྱོང་བས་མི་
ངོམས་ཏེ་ཚིམ་པ་མ་ཡིན་ནོ། །ཇི་ལྟ་བུར་གྱུར་པས་ཤེ་ན། སྤུ་གྲིའི་སོར་ཆགས་སྦྲང་རྩི་ལྟའི། །ཞེས་ཏེ། སྤུ་གྲིའི་སོ་ལ་སྦྲང་རྩི་སྟེ་གང་སྦྲང་རྩིའི་རོ་གང་གི་ཚེ་མྱང་བ་ན་སེར་སྣའི་དབང་དུ་གྱུར་པས་ཕྱིས་ལྕེ་ཆོད་པའི་སྡུག་བསྔལ་སྐྱེ་བར་འགྱུར་བ་དེས་མཚོན་པ་དེ་ལྟ་བུ་ནི་དཔེ་སྟེ། གང་དག་
གིས་འདྲ་བ་དེས་སོ། །རེ་ཞིག་ཙམ་གྱི་བདེ་བ་ཡང་ཡོངས་སུ་གྱུར་པའི་སྡུག་བསྔལ་གྱིས་ན་སེམས་ཅན་དེ་རྣམས་ལ་སྡུག་བསྔལ་དྲག་པོར་འགྱུར་རོ་ཞེས་དགོངས་པའོ། །བདུད་རྩི་དང་འདྲ་བའི་བསོད་ནམས་དེ་རྣམས་ཉིད་ཀྱིས་ཇི་ལྟར་ངོམས་པར་འགྱུར། ཁྱད་པར་ཇི་ལྟ་བུས་ཤེ་ན།
རྣམ་པར་སྨིན་པ་བདེ་བ་སྟེ་མངོན་པར་མཐོ་བའི་བདེ་བའི་འབྲས་བུའི་རྒྱུ་ཉིད་ཀྱིས་ཡོངས་སུ་གྱུར་པས་བདེ་བའི་རོ་ཡིན་པའི་ཕྱིར་མཆོག་ཏུ་བདེ་བསྐྱེད་པར་བྱེད་པ་རྣམས་ཀྱིས་སོ། །ཞི་བ་ནི་དགེ་བར་བྱེད་པ་དག་ཡིན་ཏེ། ངེས་པར་ལེགས་པ་སྐྱེད་པར་བྱེད་པས་སྐྱེ་ཤི་མེད་པའི་
เล่ม ๑๐๕ · หน้า 148b
འབྲས་བུ་འབྱིན་པར་བྱེད་པའི་ཕྱིར་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པས་སོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བསོད་ནམས་བདུད་རྩིས་ཞེས་པ་ནི་འདིར་འདི་གཏན་ཚིགས་ཀྱི་ཚིག་ཡིན་ནོ། །དེ་ལྟས་ཞེས་པས་མཇུག་སྡུད་པས་ལས་ལ་མངོན་པར་དགའ་བ་བསྟན་པར་བྱ་བའི་ཆེད་
དུ་གསུངས་པ་ཡིན་ཏེ། ལས་བརྩམས་པ་དེ་མཐར་ཕྱིན་ན་ཡང་སྟེ་ཟིན་པའི་དུས་ན་ཡང་འཇུག་པར་བྱེད་དེ། དེ་ལ་མངོན་པར་ཞེན་པའི་རོ་ལ་ཞུགས་པ་ཉིད་ན་གཏོང་བར་བྱེད་དོ། ཅི་ལྟ་བུར་ཞེ་ན། ཇི་ལྟར་སོས་ཀའི་དུས་ན་ཉི་མ་ཕྱེད་དུ་གྱུར་པའི་ཚེ་ཀུན་ཏུ་ཆུ་མ་རྙེད་ཅིང་ཉི་མ་ཤིན་ཏུ་ཚ་བས་
གདུངས་པའི་གླང་པོ་ཆེ་མཆོག་ཏུ་མངོན་པར་ཞེན་པའི་རོ་དང་ལྡན་པས་ཤིན་ཏུ་ཡང་སིམ་པར་བྱེད་པའི་ཆུ་བསིལ་བས་ཡོངས་སུ་གང་བའི་མཚོ་བྲན་དང་ཕྲད་པ་ན་དང་པོ་ཉིད་དུ་ནུབ་པར་བྱེད་པ་དེ་བཞིན་དུའོ་ཞེས་པ་ནི་སྤྱིའི་དོན་ཏོ། །གང་གིས་མཚོ་དང་ཕྲད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་ཕྱི་ནས་
ལས་འཛིན་པ་ཡིན་ནོ། །དང་པོར་ཞེས་པ་དང་མཇུག་ཅེས་པ་ནི་འབྲེལ་ཏོ། །དགའ་བའི་སྟོབས་བཤད་ནས། ད་ནི་དོར་བའི་སྟོབས་སྟོན་པར་འདོད་ནས། སྟོབས་ཟད་ཅེས་པ་ལ་སོགས་པ་གསུངས་ཏེ། བསམས་པའི་ལས་རྫོགས་པར་བྱ་བ་ལ་བདག་ཉིད་ནུས་པ་ཟད་པར་རིག་
བྱས་ནས། ནུས་པ་མེད་པར་གྱུར་པ་ན་སླར་ཡང་བྱའོ་ཞེས་པའི་བསམ་པས་དུས་རེ་ཞིག་ཏུ་སྤང་ཞིང་དོར་བར་བྱ་སྟེ། དེ་སྲིད་དུ་འདིར་རྣམ་པར་གཡེང་བར་འགྱུར་བ་ནི་མ་ཡིན་ལ། གཞན་དུ་ན་དེ་ལྟར་གྱུར་ཀྱང་དེ་མ་དོར་ན་མི་འདོད་པ་དང་ཕྲད་པ་ཉིད་དུ་འགྱུར་རོ། །གང་གི་ཚེ་བརྩམས་པའི་
ལས་དེ་ལེགས་པར་རྫོགས་པར་གྱུར་པ་དེའི་ཚེའང་དོར་བར་བྱ་སྟེ། གཞན་དུ་ན་ཞེན་པས་དེ་ལ་ཞུགས་ནས་སླར་ཡང་བྱ་བ་ལ་རྣམ་པར་གཡེང་བར་འགྱུར་རོ། །དེ་ལྟ་བས་ན་ཕྱི་ཕྱིར་ཁྱད་པར་འདོད་པས་སྤང་སྟེ་དོར་བར་བྱའོ། །འདི་ནི་གང་སྔར། དང་པོར་འབྱོར་པ་བརྟག་བྱ་སྟེ། །ཞེས་
པ་ལ་སོགས་པ་གསུངས་པ་སྤྱིར་བསྟན་པ་དེའི་དམིགས་ཀྱིས་བསལ་བ་བསྟན་པ་ཡིན་ནོ། །དེ་ལྟར་ནང་གི་ཁྱད་པར་བསྟན་པས་སྟོབས་ཀྱི་ཚོགས་དེ་རྣམ་པ་ཐམས་ཅད་དུ་བརྗོད་ནས། དང་པོ་མདོར་བསྟན་པས་རྟོགས་པར་བྱས་ཀྱང་ཡང་འདུན་པ་ལ་སོགས་པའི་ཚོགས་ཀྱི་
เล่ม ๑๐๕ · หน้า 149a
ནང་དུ་བརྗོད་པའི་འབད་པ་བསྟན་པའི་ཕྱིར། ཉོན་མོངས་མཚོན་ཞེས་པ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་རྣམས་ཀྱི་མཚོན་ནི་གནོད་པ་བྱེད་པ་ཡིན་ལ། གཟུང་བ་ནི་བཟློག་པ་སྟེ། ཇི་ལྟར་དེ་དག་གི་མཚོན་གྱིས་ཕོག་པར་མི་འགྱུར་བར་རོ་ཞེས་པའི་དོན་ཏོ། །
སླར་ཉོན་མོངས་པ་རྣམས་ནི་མཚོན་གྱིས་གདབ་པར་བྱ་སྟེ། འཇེབས་པར་ནི་ཤིན་ཏུ་བསྣུན་པས་ཏེ་ཇི་ལྟར་སླར་སྐབས་རྙེད་པར་མི་འགྱུར་བར་རོ། །འདིར་དཔེ་བསྟན་པ་ནི་གཡུལ་ངོར་རལ་ཁ་ཞེས་པ་སྟེ་དཔེར་ན་བསླབས་པ་སྟེ་མཚོན་ཆའི་རིགས་པ་ལ་མཁས་པ་དང་ལྡན་པའི་དགྲ་དང་ལྷན་
ཅིག་ཏུ་ཤིན་ཏུ་བརྩོན་པས་རལ་གྲིའི་གཡུལ་ངོར་དེ་ལ་རྡེག་པར་བྱེད་དེ། དེ་ནི་ཇི་ལྟར་མི་ཕོག་པར་གྱུར་པ་དེ་ལྟར་རོ། །དེ་ལ་ཞེས་པ་ལ་སོགས་པས་འབད་པ་ལ་བསླབ་པར་བྱ་བ་གསུངས་ཏེ། དེ་ལ་ནི་རལ་གྲིའི་གཅོད་པ་ལའོ། །དཔེར་ན་རལ་གྲི་ལག་པ་ནས་བརྒྱ་ལ་ལྷུང་བར་གྱུར་ན་དགྲས་
བདག་ལ་གླགས་འདི་རྙེད་པར་མ་གྱུར་ཅིག་ཅེས་པས་མྱུར་དུ་སྟེ་རིངས་པ་ཉིད་དུ་ལེན་ཅིང་འཛིན་ཏེ་དུས་ལ་སྡོད་པ་ནི་མ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །དེ་བཞིན་དུ་ནི་དེ་དང་འདྲ་བར་ཏེ། ཉོན་མོངས་པའི་དགྲ་ལས་རྣམ་པར་རྒྱལ་བའི་དབང་དུ་བྱས་ཏེ་རལ་གྲི་བཞིན་དུ་བརྗེད་ངས་པ་མེད་པར་དྲན་པ་མ་
ཉམས་པར་བཟུང་བར་བྱས་ཤིང་མངོན་དུ་བྱའོ། །དམྱལ་བ་དག་ནི་ངུ་འབོད་ལ་སོགས་པ་ཡིན་ལ་དྲན་པ་བརྗེད་པར་གྱུར་པས་ན་དེའི་སྡུག་བསྔལ་ལ་བརྟན་པ་ཉིད་དུ་ཡིད་ལ་བྱའོ། །ཅི་སྟེ་གང་གིས་ན་དེ་ལ་བཏང་སྙོམས་སུ་མི་བྱེད་དེ་ཉོན་མོངས་པ་ཕྲ་བ་ཀུན་ཏུ་སྤྱོད་པས་ཀྱང་ཉམས་པ་ཅུང་ཟད་
ཀྱང་མེད་དོ་ཞེ་ན། ཇི་ལྟར་ཁྲག་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། ཉེས་པ་རྡུལ་ཙམ་ལ་ཡང་སྐབས་དབྱེ་བར་མི་བྱ་ལ། གཞན་དུ་ན་དེ་ཙམ་ལ་ཡང་སེམས་ལ་རྗེས་སུ་ཞུགས་ན་དེ་འཕེལ་བ་དགག་པར་མི་ནུས་པའི་ཕྱིར་རོ། །དཔེར་ན་ལུས་ཀྱི་རྨ་ཆུང་ངུ་ལ་ཡང་ཁྲག་དང་
ལྷན་ཅིག་པའི་དུག་བཞིན་དུ་རྡུལ་གྱི་ཚད་ཙམ་གྱིས་ཉོན་མོངས་པ་ཆུང་ངུས་འཇོམས་པ་བཟློག་པ་ལ་འབད་པར་བྱའོ། །ཡང་ཇི་ལྟར་འབད་པ་ལ་བརྟེན་པར་བྱ་བར་ཉུངས་མར་ཞེས་པ་ལ་སོགས་པ་གསུངས་ཏེ། དཔེར་ན་སྐྱེས་བུ་འགའ་ཞིག་ལ་རྒྱལ་པོ་གཏུམ་པོའི་བཀས་མར་ནག་
เล่ม ๑๐๕ · หน้า 149b
གིས་ཡོངས་སུ་བཀང་བའི་སྣོད་བསྐུར་ནས་འབྲེད་པའི་སར་འགྲོར་བཅུག་པ་ན་ལག་ན་རལ་གྲི་ཐོགས་པའི་རྒྱལ་པོའི་མིས་མར་ནག་ཐིགས་པ་ཙམ་གྱི་ས་བོ་ན་ཡང་ད་ལྟ་ཉིད་དུ་ཁྱོད་ཀྱི་སྲོག་གཅོད་པར་བྱའོ་ཞེས་སྨྲ་བས་ལྟ་ཞིང་འགྲོ་བ་ན་འདིར་གལ་ཏེ་བདག་ཉམས་པར་གྱུར་ན་དེའི་ཚེ་ངེས་པར་འདིས་
གསོད་པར་འགྱུར་ཞེས་ནས་འཆི་བས་འཇིགས་ཏེ་འབད་པར་འགྱུར་བ་དེ་བཞིན་དུ་བརྟུལ་ཞུགས་ཅན་སྡོམ་པ་འཛིན་པས་རང་བཞིན་ལས་ཉམས་པས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་གྱིས་འཇིགས་ནས་དེ་སྐབས་མི་དབྱེ་བའི་ཆེད་དུ་འབད་པར་བྱ་སྟེ་ལྷུར་བྱེད་པ་དང་ལྡན་པར་བྱའོ། །
བརྗོད་ཟིན་པ་མཇུག་སྡུད་པ། དེ་བས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་པང་དུ་སྟེ་ཕང་པར་འོང་བ་ཡིན་ལ། སྦྲུལ་ནི་སྦྲུལ་དུག་ཅན་ཡིན་ཏེ། རིངས་པ་ཉིད་དུ་བདག་ལ་དུག་གིས་གཟུང་བར་མ་གྱུར་ཅིག་ཅེས་ནས། ལྡང་བ་དེ་བཞིན་གཉིད་དང་
སྙོམ་འོངས་ན་སྟེ་གཉིད་དང་རྨུགས་པ་འོངས་ནས་བཟློག་པར་བྱ་བ་ནི་དེའི་གཉེན་པོ་མི་རྟག་པ་ལ་སོགས་པ་བསྒོམས་པས་ཕྱིར་བཅོས་པར་བྱའོ། །ཡང་དེ་ལྟར་འབད་པ་དང་ལྡན་ཡང་བརྒྱ་ལ་ཉམས་པར་གྱུར་ན་དབང་པོ་ཉམས་པའི་ཚུལ་གྱིས་ཉམས་པར་གྱུར་ན་དེའི་ཚེ་ཕྱིར་བཅོས་པ་བྱས་
ནས་འབད་པར་བྱའོ་ཞེས་བསྟན་པའི་ཕྱིར། ཉེས་པ་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲན་པ་ཉམས་པ་ན་རེ་རེ་སྟེ་སོ་སོར་བརྒྱ་ལ་ཉོན་མོངས་པའི་རྗེས་སུ་འཇུག་པའི་གླགས་རྙེད་ན། ཕྱིར་བཅོས་པའི་བསམ་པས་ཡིད་ལ་གདུང་བར་བྱས་ནས་བསམ་པར་བྱ་ཞིང་ཀྱེ་མ་ཤིན་ཏུ་
དཀའ་སྟེ་ཤེས་བཞིན་དུ་གླགས་རྙེད་པས་རྣམ་པ་གང་གིས་འདིར་དེ་ཕྱིར་བཅོས་པར་བྱ་སྟེ་ཡང་འདི་ཕྱིས་མི་འབྱུང་བར་དེ་ལྟར་བསྟན་པར་རྩོམ་པ་བླངས་ནས་གནས་པར་བྱ་སྟེ། སླར་ལྷོད་པར་འགྱུར་བར་མི་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་དབེན་པ་འདོད་པ་རྣམས་ཀྱིས་
དགག་པ་ལ་ཡང་སྣང་བ་ཕྲད་པ་ཞེས་པ་ལ་སོགས་པ་གསུངས་ཏེ། མཁན་པོ་དང་སློབ་དཔོན་ནམ་དེ་ལས་གཞན་པ་ཚངས་པར་སྤྱོད་པ་རྣམས་དང་མང་དུ་ཐོས་པ་དང་། སྡེ་སྣོད་གསུམ་རིག་པ་འགྱོད་པ་སེལ་བ་ལ་མཁས་པ་རྣམས་དང་ལྷན་ཅིག་ཏུ་ཕྲད་ནས་བསྒྲུབ་པར་བྱ་ཞེས་འདོད་ཅིང་སྨོན་པར་
เล่ม ๑๐๕ · หน้า 150a
བྱ་སྟེ། དེ་ལ་བརྟེན་པ་ཉིད་ཀྱིས་གནས་པར་བྱའོ་ཞེས་དགོངས་སོ། །ལས་ཐོབ་པ་ལ་ཞེས་པ་ནི་དེ་ལ་གདམས་པ་དང་རྗེས་སུ་བསྟན་པའི་མཚན་ཉིད་དང་། ལྟུང་བ་ལས་ལྡང་བའི་ཆེད་དུ་དེས་ཆད་པའི་ལས་བྱིན་པ་བསྒྲུབ་པར་འདོད་པར་བྱའོ། །རྒྱུ་འདིས་དེ་དག་
འཇུག་པ་བསྲུང་བའི་བསམ་པས་སོ། །འདི་ཉིད་བསྟན་པའི་ཕྱིར། ཇི་ལྟར་ཞེས་གསུངས་ཏེ། ཐབས་གང་གིས་ཞེས་པའོ། །གནས་སྐབས་འདི་དག་ལ་ནི་ཉོན་མོངས་པ་འཇུག་པའི་གནས་སྐབས་ལའོ། །དྲན་པ་གོམས་པར་འགྱུར་བ་ནི་འབད་པ་མེད་པ་ཉིད་ལ་བརྟེན་ནས་བདག་
ལ་བརྗེད་པ་མེད་པར་འགྱུར་བའོ་ཞེས་པ་ནི་བསམས་པ་འདིས་སོ། །འདིར་འདི་ནི་བསྡུས་པའི་དོན་ཏེ། དགེ་བའི་བཤེས་གཉེན་དང་ཉེ་བ་ན་དེའི་གདམས་ངག་དང་རྗེས་སུ་བསྟན་པ་དང་། དེའི་སྤྱོད་པ་མཐོང་བས་ཀྱང་རྟག་ཏུ་དྲན་པ་དང་ཤེས་བཞིན་གྱིས་གནས་པས་ཉོན་མོངས་པ་འཇུག་
པའི་སྐབས་མི་རྙེད་དོ། །དེའི་ཕྱིར་འདི་ལ་འགལ་བ་མེད་པ་ཉིད་ཀྱིས་སྤྲོ་བ་འཕེལ་བར་བྱའོ་ཞེས་སོ། །གང་དགེ་བའི་བཤེས་གཉེན་རྟག་པར་ཡང་སྲོག་གི་ཕྱིར་མི་གཏོང་ངོ་ཞེས་གསུངས་པ་དང་། དེ་བཞིན་དུ་མཁན་པོས་རྗེས་སུ་བསྟན་པ་དང་། བླ་མ་དང་ནི་འགྲོགས་པ་ལས། །འཇིགས་
པས་སྐལ་ལྡན་གུས་བྱེད་ལ། །དྲན་པ་ཤིན་ཏུ་སྐྱེ་བར་འགྱུར། །ཞེས་སོ། །འབད་པ་བསྟན་ནས། ད་ནི་བདག་ཉིད་དབང་དུ་བྱ་བ་བསྟན་པར་འདོད་ནས། བག་ཡོད་ཅེས་པ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱི་མཚན་ཉིད་ལས་ཐམས་ཅད་རྒྱས་པར་དེ་
བཞིན་བྱ་སྟེ། སྤྲོ་བ་གོམས་པར་བྱས་པས་དབང་དུ་བྱའོ་ཞེས་པའི་དོན་ཏོ། །ཇི་ལྟར་ལས་བྱུང་སྔོན་རོལ་ནས། །ཞེས་པ་ནི་རྩོམ་པ་ལས་སྔོན་རོལ་ཏེ་སྔ་མ་བཞིན་ཉིད་དུ་རྟོགས་ཤིང་དབང་དུ་གྱུར་པས་དེའི་ལམ་རྟོགས་བཞིན་དུ་ལས་ལ་འཇུག་པར་བྱའོ། །བརྗོད་པའི་དོན་དཔེའི་སྒོ་ནས་
གསལ་བར་བྱ་བའི་ཕྱིར། ཇི་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། ཤིང་བལ་ནི་རས་བལ་ལ་སོགས་པ་ལས་བྱུང་བའོ། །ཇི་ལྟར་རླུང་འགྲོ་བ་དང་འོང་བས་དབང་དུ་བྱས་ཏེ་དེ་ལ་རག་ལས་པ་དེ་བཞིན་དུ་དེ་ཉིད་སྤྲོ་བའི་དབང་དུ་གྱུར་པས་ཏེ་བརྩོན་འགྲུས་ཀྱི་དབང་དུ་གྱུར་པས་སོ། །འདི་
เล่ม ๑๐๕ · หน้า 150b
ལྟར་གོམས་པའི་དབང་དུ་གྱུར་པས་རྫུ་འཕྲུལ་ཡང་སྟེ། ནམ་མཁའ་ལ་འགྲོ་བ་ལ་སོགས་པ་ཐོབ་པར་འགྱུར་རོ། །བདག་དང་གཞན་དུ་མཉམ་པ་དང་བདག་དང་གཞན་དུ་བརྗེ་བ་གཉིས་ཀར་ཡང་མཁོ་བ་བསམ་གཏན་གྱི་ལེའུར་འཆད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་
པའི་དཀའ་འགྲེལ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་བྱས་པ་ལས་བརྩོན་འགྲུས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ལྟར་བཟོད་པའི་རྗེས་ལ་བརྩོན་འགྲུས་བརྗོད་ནས། དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་གཞག་ལ་བརྩོན་བྱ་ཞིང་། །མི་སྡུག་ལ་སོགས་
བསྒོམ་པར་བྱ། །ཞེས་གསུངས་པ། དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི། །ཞེས་པ་ལ་སོགས་པས་རྟོགས་པར་བྱ་བར་འདོད་ནས་འཇུག་པར་བྱེད་དེ། དེ་ལྟར་བརྗོད་པའི་གཉེན་པོ་བསྟན་པ་ལ་སོགས་པས་མི་མཐུན་པའི་ཕྱོགས་རྩད་ནས་བཏོན་པས་བརྩོན་འགྲུས་སྤེལ་བར་བྱས་ནས་ལྷུན་
གྱིས་གྲུབ་པར་འཇུག་པས་བསྟན་པར་བྱ་ཞིང་ཏིང་ངེ་འཛིན་ཏེ། མཉམ་པར་གཞག་པ་ལ་ཡིད་དེ་སེམས་རྩེ་གཅིག་ཏུ་གཞག་པར་བྱ་སྟེ། དེ་ལ་གཞག་པར་བྱ་ཞིང་བསྡད་པར་བྱའོ་ཞེས་པའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། རྣམ་པར་གཡེང་བའི་ཞེས་སྨོས་སོ། །ནི་ཞེས་པ་ནི་གཏན་ཚིགས་ཡིན་ལ་
གང་གི་ཕྱིར་མི་སྟེ་སྐྱེས་བུས་ཏིང་ངེ་འཛིན་མེད་པར་རྣམ་པར་གཡེང་བའི་སེམས་ཏེ་མཉམ་པར་མ་བཞག་པ་ཉེ་བར་སྤྱོད་པས་བརྩོན་འགྲུས་དང་ལྡན་ཡང་སྲིན་པོ་ལྟ་བུའི་ཉོན་མོངས་པ་རྣམས་ཀྱི་མཆེ་བའི་ཕྲག་ན་སྟེ། དབུས་ན་གནས་ལ་དེས་ཁམ་དུ་བྱས་ནས་ཡོད་པའོ། །དེ་ལྟ་བས་ན་དེ་ལ་རེ་ཞིག་
ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་གཡེང་བ་སྤང་བར་འདོད་ནས་གཞི་འཆའ་བ། ལུས་དང་སེམས་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། ལུས་དབེན་པ་ནི་སྐྱེ་བོ་དང་འགྲོགས་པ་སྤངས་པ་ཡིན་ལ། སེམས་དབེན་པ་ནི་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པ་ཉིད་དེ།
དེ་ལྟར་ལུས་དང་སེམས་དག་གི་རྣམ་པར་མི་དབེན་པ་ལ་ཞེན་པ་མེད་པ་ཉིད་ཀྱིས་རྣམ་པར་གཡེང་བ་སྟེ། དེ་དག་གི་གཟེངས་བསྟོད་པ་ཉིད་ལ་དམིགས་པ་ཉིད་ཀྱིས་རབ་ཏུ་གནས་པ་ཞེས་བྱ་བའི་དོན་ཏོ། །མི་འབྱུང་བ་སྟེ་མི་སྐྱེ་བའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་དང་པོར་འཇིག་རྟེན་ཏེ།
เล่ม ๑๐๕ · หน้า 151a
རང་གི་གཉེན་དང་བཤེས་ལ་སོགས་པའི་མཚན་ཉིད་སྤང་བར་བྱ་སྟེ་དོར་བར་བྱའོ། །རྣམ་པར་རྟོག་པ་ནི་སེམས་རྣམ་པར་གཡེང་བའི་རྒྱུ་ཡིན་ཏེ། ཡོངས་སུ་དོར་ཞིང་ཡོངས་སུ་སྤང་བར་བྱའོ། །དེ་ལ་འཇིག་རྟེན་མི་སྤང་བའི་རྒྱུ་རེ་ཞིག་དགག་པར་འདོད་ནས།
རྙེད་དང་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་དང་བདག་གི་བའི་འཛིན་པས་ཡོངས་སུ་འཇུག་པའི་མངོན་པར་ཞེན་པ་ནི་ཆགས་པ་སྟེ། དེའི་ཕྱིར་འཇིག་རྟེན་མི་སྤོང་ལ། རྙེད་པ་ལ་སོགས་པ་ལ་སྲེད་པས་ཀྱང་ངོ་། །སོགས་པའི་སྒྲས་ནི་བཀུར་སྟི་དང་། སྙན་པ་དང་། ཚིགས་སུ་བཅད་
པ་ལ་སོགས་པ་ཡོངས་སུ་བཟུང་སྟེ། དེ་རྣམས་ལ་སྲེད་པས་ཏེ་རབ་ཏུ་འདོད་པས་སོ། །ངད་གི་སྒྲས་ནི་འཇིག་རྟེན་མི་སྤོང་ཞེས་པས་རྙེད་པ་ལ་སོགས་པ་ལའང་སྡུད་དོ། །གང་གི་ཕྱིར་འདིའི་རྒྱུ་མི་སྤོང་བ་དེ་བས་ནའོ། །འདི་དག་སྟེ་ཆགས་པ་དང་རྙེད་པ་ལ་སོགས་པ་ལའམ། འཇིག་རྟེན་ནའང་
སྤོང་བ་ན་རྒྱུ་མཚན་དུ་གྱུར་པའོ། །འཆད་པར་འགྱུར་བ་འདི་ལྟར་བརྟག་པར་བྱ་ཞིང་བསམ་པར་བྱའོ། །དེ་ཉིད་ཞི་གནས་ཞེས་པ་ལ་སོགས་པ་གསུངས་པ་ལ། ཞི་གནས་ནི་སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ཡིན་ལ། དེ་དང་རབ་ཏུ་ལྡན་པ་ཞེས་པ་སྟོན་ཏོ། །འདིར་ཡང་
རབ་ཏུ་སྦྱར་རོ། །ཡང་ན་གཏན་ཚིགས་ཀྱི་དོན་ལ་གསུམ་པ་ཡིན་ཏེ། ཞི་གནས་ཀྱི་རྒྱུས་ལྷག་མཐོང་དང་ལྡན་པའམ་ལྷན་ཅིག་པའི་དོན་ཡིན་ཏེ། ཞི་གནས་དང་ལྷན་ཅིག་ཏུ་ལྷག་མཐོང་དང་ལྡན་པའོ་ཞེས་སོ། །ལྷག་མཐོང་ནི་ཇི་ལྟ་བུར་གྱུར་པའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་རང་
བཞིན་གྱི་ཤེས་རབ་ཡིན་ལ། དེ་དང་ལྡན་པ་ནི་ཟུང་དུ་འཇུག་པས་ཞུགས་པའི་ལམ་གྱི་སྦྱོར་བས་ཉོན་མོངས་པ་འཇོམས་ཤིང་སྤོང་བར་བྱེད་དེ་ཞེས་ཤེས་པར་བྱ་སྟེ་གོ་བར་བྱས་ནས་སོ། །ཉོན་མོངས་པ་ལས་གྲོལ་བར་འདོད་པས་ཞི་གནས་ཐོག་མར་ཏེ་དང་པོར་བཙལ་བྱ་སྟེ་ཉེ་བར་
བྱ་ཞིང་བསྐྱེད་པར་བྱའོ་ཞེས་པའི་ཐ་ཚིག་གོ། །དེའི་རྗེས་ལ་ནི་ལྷག་མཐོང་སྟེ་མཉམ་པར་གཞག་པས་ཇི་ལྟ་བུར་གྱུར་པ་ཤེས་པ་ཉིད་དུ་སྟེ། གང་བརྗོད་པ། མཉམ་གཞག་ཡང་དག་ཅི་བཞིན་དུ། །ཤེས་པར་འགྱུར་ཞེས་ཐུབ་པས་གསུངས། །ཕྱི་རོལ་གཡོ་བ་བཟློག་པ་ཡིས། །
เล่ม ๑๐๕ · หน้า 151b
སེམས་ནི་ཞི་ལས་གཡོ་མི་འགྱུར། །དེ་ཡང་ནི་ཞི་གནས་སོ། །འཇིག་རྟེན་ནི་འཇིག་རྟེན་ཡུལ་དུ་བྱས་པ་ལའོ། །ལྟོས་པ་མེད་པ་ནི་མངོན་པར་དགའ་བ་སྤངས་པ་སྟེ། དེ་ཉིད་ཀྱིས་འགྲུབ་སྟེ་གཞན་གྱིས་མ་ཡིན་ནོ་ཞེས་པའི་དོན་ཏོ། །མངོན་པར་དགའ་ཞིང་ལྟོས་པ་མེད་པ་ཉིད་
འཆད་པར་འགྱུར་བའི་གཞུང་རྒྱས་པར་བསྟེན་པར་འདོད་ནས། མི་རྟག་ཅེས་པ་ལ་སོགས་པ་གསུངས་ཏེ། སེམས་དང་ལྡན་པ་སུ་ཞིག་རང་ཉིད་མི་རྟག་པ་སྟེ་བུ་ལ་སོགས་པ་མི་རྟག་པ་རྣམས་ལ་ཆགས་པར་འགྱུར་བར་ཇི་ལྟར་རྒྱུ་གང་གིས་ཏེ་རྒྱུ་མཚན་གང་གིས་རིགས་ཤིང་རུང་བར་འགྱུར་
སྟོང་ཕྲག་ནི་སྐྱེ་བ་དུ་མ་ཡིན་ཏེ། མཐར་ཐུག་པ་མེད་པའི་འཁོར་བར་འཁོར་བ་ན་བརྒྱ་ལ་ཞིག་ན་ཡང་སྡུག་པ་མཐོང་བ་མ་ཡིན་ནོ། །གཞན་ཡང་དགའ་བར་བྱེད་པས་ན་སྡུག་པར་བརྗོད་ལ། དེ་ཡང་འདི་ན་མེད་དོ་ཞེས་སོ། །མ་མཐོང་ན་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་དེ་
རེ་ཞིག་དེ་མཐོང་བ་དེའི་ཚེ་དགའ་བར་འདིར་མི་འགྱུར་ཏེ། ཡིད་མི་བདེ་བ་དེ་ཉིད་ཀྱིས་ཏིང་ངེ་འཛིན་ལ་འཇོག་པར་མི་འགྱུར་ཏེ་མི་གནས་པ་ཉིད་དུ་འགྱུར་ལ། དེ་ལ་དམིགས་པ་ལ་ནུས་པ་མེད་པ་ཡིན་ཏེ། སེམས་རྣམ་པར་འཁྲུག་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །འོན་ཏེ་གལ་ཏེ་ཡང་སྡུག་པ་མཐོང་
བ་འདིར་འགྱུར་བ་དེ་ལྟར་ན་མཐོང་ཡང་ངོམས་པར་མི་འགྱུར་ཏེ་སླར་ཡང་ལྷག་པར་སྲེད་པས་གདུངས་པར་འགྱུར་ལ། དེ་མཐོང་བར་འདོད་པས་སྔར་བཞིན་དུ་སྟེ། མ་མཐོང་བ་དང་འདྲ་བར་གདུང་བར་འགྱུར་རོ། །གཞན་ཡང་དོན་ཉམས་པ་ཐམས་ཅད་ཀྱི་རྒྱུ་སྡུག་པ་དང་ཕྲད་པ་ཡིན་ནོ་ཞེས་བསྟན་པའི་
ཕྱིར། ཡང་དག་གྱུར་པ་ཞེས་པ་ལ་སོགས་པ་གསུངས་ཏེ་སྡུག་པ་དང་ཕྲད་པར་འདོད་པས་ཡང་དག་པར་གྱུར་པ་སྟེ་མ་ནོར་བའི་ཡོན་ཏན་དང་སྐྱོན་མི་མཐོང་སྟེ་མི་ཤེས་སོ། །ཞེན་པ་དེ་ཉིད་ཀྱིས་སྐྱོ་ལ་འཇིག་རྟེན་ཉམས་པར་འགྱུར་རོ། །དེ་ཉིད་དང་ཕྲད་པར་འདོད་པས་སྲེག་པར་འགྱུར་ཏེ་མྱ་ངན་
དེ་ཡིས་ཏེ། ཡུད་ཙམ་ཡང་རྒྱུན་མ་ཆད་པར་གྱུར་པས་སོ། །མྱ་ངན་དེས་ནི་ཞེས་པ་ནི་ཡིད་གདུང་བར་གྱུར་པ་དེ་ཉིད་ཀྱིས་སྲེག་པར་བྱེད་དོ། །ཡོངས་སུ་གདུང་བར་བྱེད་དོ། །སྡུག་དང་ཕྲད་པར་འདོད་པ་ནི་སྡུག་པ་དང་ཕྲད་ཅིང་སྦྱོར་བའོ། །དེ་ལ་འདོད་པས་ཏེ་སྲེད་པ་རྒྱུར་གྱུར་པས་སླར་ཡང་།
เล่ม ๑๐๕ · หน้า 152a
ཡང་ནས་ཡང་དུ་ལྷག་ཅིང་ལྷག་པར་ཚོར་བར་བྱེད་པས་སོ། །དེ་དང་ཕྲད་པས་ནི་དོན་མེད་པའི་རྒྱུ་ཉིད་དེ་ཞེས་དེ་ལ་སེམས་པ་ཞེས་པ་ལ་སོགས་པ་འདིས་ཀྱང་སྟོན་པར་བྱེད་དེ། དེ་ལ་ནི་སྡུག་པ་ཡིན་ལ། ཡང་ན་ཕྲད་པ་དེ་ལའོ། །སེམས་ཀྱིས་དེའི་ཡོན་ཏན་ལ་
རྟག་ཏུ་སེམས་པས་སོ། །ཅི་ལྟར་ཡང་བདག་སྡུག་པ་འདི་དང་ཕྲད་པ་རྒྱུན་ཆད་པར་མ་གྱུར་ཞེས་པའམ། དེ་ལ་སེམས་ཞུགས་པས་སོ། །དོན་མེད་པ་ཉིད་ནི་ཚེའི་འདུ་བྱེད་སྐད་ཅིག་རེ་རེ་ལ་ཟད་པར་འགྱུར་བ་སྟེ། དགེ་བའི་ལས་ཅུང་ཟད་ཙམ་ལ་ཡང་ཡང་དག་པར་སྦྱར་བ་མ་ཡིན་ནོ་ཞེས་
དགོངས་ལ། གང་གི་དོན་དུ་ཚེ་ཟད་པར་བྱས་པ་མ་ཡིན་ནོ་ཞེས་སོ། །དེ་ལྟར་ན་ཡང་མཛའ་བཤེས་བརྟན་པ་ཡིན་ནོ་ཞེ་ན། རྟག་པ་མེད་པའི་ཞེས་པ་ལ་སོགས་པ་གསུངས་ཏེ། ངེས་པར་འཇིག་པར་འགྱུར་བས་མི་གནས་པའི་ཕྱིར་མི་རྟག་པའི་མཛའ་བཤེས་ཀྱི་རྒྱུས་ཆོས་འཇིག་པས་ཏེ་
ཡོངས་སུ་ཉམས་པར་འགྱུར་བ་ཡིན་ལ། རྟག་པ་ནི་དུས་རིང་པོའི་གནས་སྐབས་སུ་ཚོགས་སུ་གྱུར་པའི་ཕྱིར་དང་། འབྲས་བུ་ཆེན་པོ་ཉམས་པ་མེད་པའི་ཕྱིར་རོ། །དེ་ལྟར་གྱུར་ན་ཡང་འགའ་ཞིག་དང་འགྲོགས་པ་ལས་ངེས་པར་ཕན་པ་དང་བདེ་བའི་རྒྱུ་མཚན་ཐོབ་པར་གྱུར་ན་དེ་ཅིའི་ཕྱིར་
རྣམ་པ་ཐམས་ཅད་དུ་འགོག་པར་བྱེད་ཅེ་ན། འདིར་བྱིས་པ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་དང་འགྲོགས་པ་ལས་དོན་མེད་པ་མ་གཏོགས་པར་འདོད་པ་མཆོག་ཅུང་ཟད་ཀྱང་ཐོབ་པར་མི་འགྱུར་ཏེ། དེ་ལྟར་ཡང་བྱིས་པ་སོ་སོའི་སྐྱེ་བོ་དང་ལྷན་ཅིག་སྐལ་བ་མཉམ་པར་སྤྱོད་པ་སྟེ། སྤྱོད་
པ་མཚུངས་པས་ངན་འགྲོར་ངེས་པ་ཉིད་དུ་འགྲོ་བར་འགྱུར་ཏེ། དེ་དང་འདྲ་བའི་ལས་སྤྱད་པའི་ཕྱིར་དང་། འཕགས་པའི་ཆོས་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་ལ། འོན་ཏེ་འཕགས་པའི་ཆོས་ཀྱི་རྗེས་སུ་ཞུགས་པ་ནི་དེ་དང་མི་འདྲ་བའི་ལས་བྱེད་པར་འགྱུར་བ་དེའི་ཚེ་སྐལ་བ་མི་མཉམ་པ་
སྟེ་མཉམ་པོར་སྤྱོད་པའི་བྱིས་པ་མི་འདོད་དེ་སྡང་བས་ན་བྱིས་པ་ཞེས་པ་དང་འབྲེལ་ཏོ། །འདིར་བྱེད་པ་པོ་ལ་གསུམ་པ་ཡིན་ཏེ། དེ་ལྟར་ན་འཇིག་རྟེན་གཉི་ག་ལ་གནོད་པའི་ཕྱིར་རོ། བྱིས་པ་དང་འགྲོགས་པས་ཅི་ཞིག་འཐོབ་སྟེ། ཕན་པ་དང་བདེ་བའི་རྒྱུ་དེ། ལྷག་པ་ཅུང་ཟད་ཀྱང་མེད་
เล่ม ๑๐๕ · หน้า 152b
དོ་ཞེས་པའི་དོན་ཏོ། །རྗེས་སུ་མཐུན་པ་སྤྱད་ཀྱང་བདག་གིས་བྱ་བར་མི་ནུས་སོ་ཞེས་སྐད་ཅིག་ཅེས་པ་ལ་སོགས་པ་གསུངས་ཏེ། གང་གི་དགོས་པ་ཅུང་ཟད་ལ་བརྟེན་ནས་སྐད་ཅིག་ཙམ་གྱིས་མཛའ་བར་འགྱུར་ཏེ་གྲོགས་སུ་འགྱུར་རོ། །རྒྱུ་མཚན་ཅུང་ཟད་ཙམ་ལ་དམིགས་ནས་སྐད་ཅིག་
ཙམ་ཉིད་ཀྱིས་དེ་ཉིད་དགྲ་སྟེ་མི་མཐུན་པར་འགྱུར་ཏེ། ལོག་པར་སེམས་པའི་ཕྱིར་རོ། །དེ་རྣམས་ལ་ངེས་པར་རྒྱུ་མཚན་ཡོད་པ་ཡང་མ་ཡིན་ནོ། །གང་ཞིག་བརྒྱ་ལ་སེམས་དགའ་བའི་གནས་ཏེ་དགའ་བའི་ཁྱད་པར་ལ་བཟློག་པའི་དབང་གིས་ཁྲོ་བར་བྱེད་དོ། །སོ་སོའི་སྐྱེ་བོ་འཕགས་པ་
མ་ཡིན་པ་མགུ་བར་དཀའ་བ་ཡིན་ཏེ། སྡུག་བསྔལ་དང་བཅས་པས་མགུ་བར་ནུས་པས་སོ། །བྱིས་པའི་ཆོས་གཞན་ཡང་སྤང་བའི་དོན་དུ་ཕན་པ་ཞེས་པ་ལ་སོགས་པ་སྟོན་པར་མཛད་དོ། འདི་ནི་བྱ་བ་ཡིན་ལ་འདི་ནི་བྱ་བ་མ་ཡིན་ནོ་ཞེས་བརྗོད་ཅིང་སྨྲས་པ་ན་ཁྲོ་བར་འགྱུར་ཏེ་ཞེ་སྡང་བར་འགྱུར་རོ། །
ཡང་ཕན་པ་དང་མི་ཕན་པ་བརྗོད་པ་འཛིན་པར་མི་འགྱུར་ཏེ། སླར་ཡང་བདག་ཕན་པ་ལས་ཟློག་པར་བྱེད་ལ། ཁྱོད་གཅིག་པུ་ངལ་བའི་འབྲས་བུ་འདི་ཉམས་སུ་བླངས་ནས་ཅི་བྱ་ཞེས་བདག་དེ་ལ་ཞུགས་པ་དེ་ལ་དེས་ཟློག་པར་བྱེད་དོ། །གལ་ཏེ་བྱིས་པ་དེ་རྣམས་ཀྱི་ཚིག་མ་མཉན་ན་ཞེས་
པ་ནི་ལྷག་མའོ། །གལ་ཏེ་དེའི་ཚིག་ལ་བརྙས་ནས་རང་གི་ཕན་པ་ལ་འཇུག་པར་བྱས་པ་དེའི་ཚེ་ཁྲོ་བར་བྱེད་དེ། བདག་གིས་ཚིག་ལས་འདི་མ་ལོག་གོ་ཞེས་པས་སོ། །དེ་ལ་ཕན་པ་མ་ཡིན་པ་བྱེད་པ་ཡིན་ནོ་ཞེས་ལས་དེས་བསྐུལ་བས་ངན་འགྲོར་འགྲོ་བར་འགྱུར་རོ། །བྱིས་པའི་ཆོས་
གཞན་འདི་ལ་ཡང་སྐྱོ་བར་བྱའོ་ཞེས་བསྟན་པའི་ཕྱིར་ཕྲག་དོག་ཅེས་པ་ལ་སོགས་པ་གསུངས་ཏེ། བདག་ལས་ཁྱད་པར་མཆོག་ཏུ་གྱུར་པའི་རིགས་དང་རིག་པ་དང་ནོར་ལ་སོགས་པ་དང་ལྡན་པ་ལ་ཕྲག་དོག་སྟེ། གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་སྐྱེ་བར་འགྱུར་བའོ། །དོན་
གྱིས་ན་དེ་རྣམས་དང་བདག་མཉམ་ཞིང་མཚུངས་པ་ལ་འགྲན་པས་རྩོད་དོ། །བདག་པས་དམན་པ་སྟེ་ཞན་པ་ལ་མངོན་པའི་ང་རྒྱལ་ཏེ་ངན་མཆོག་ཡིན་ནོ་ཞེས་མངོན་པའི་ང་རྒྱལ་བའི་ཕྱིར་རོ། །བསྟོད་པས་དྲེགས་པ་ནི་བདེན་པ་དང་བདེན་པ་མ་ཡིན་པའི་ཡོན་ཏན་བརྗོད་པ་ན་བདག་ཆེན་པོ་
เล่ม ๑๐๕ · หน้า 153a
ཡིན་ནོ་ཞེས་སྒྲོ་འདོགས་པས་དགོད་པར་བྱེད་དོ། །མི་སྙན་བརྗོད་པ་སྟེ་བདག་གི་ཉེས་པ་བསྒྲགས་པ་ཐོས་པ་ལས་ཏེ་དོན་གྱིས་ན་མི་སྙན་པ་བརྗོད་པ་ལས་ཁོང་ཁྲོ་བ་སྟེ་ཞེ་སྡང་སྐྱེའོ། །དེ་ལྟར་ན་ནམ་ཞིག་སྟེ་དུས་འགའ་ཞིག་ན་བྱིས་པ་ལས་ཕན་པར་འགྱུར་བ་ནམ་ཡང་མ་
ཡིན་ནོ་ཞེས་པའི་དོན་ཏོ། །འདིས་ཀྱང་བྱིས་པ་རྣམས་ཡོངས་སུ་སྤངས་ནས་གནས་པར་བྱའོ་ཞེས་བསྟན་པའི་ཕྱིར། བྱིས་ལས་བྱིས་པ་ལན་ཞེས་པ་ལ་སོགས་པ་གསུངས་ཏེ། བྱིས་པ་གཅིག་ལ་བྱིས་པ་གཞན་ལས་འདི་ལྟ་བུ་ལ་སོགས་པའི་མི་དགེ་བ་སྟེ་དགེ་བ་མ་ཡིན་པ་ངེས་པར་སྐྱེ་
བར་འགྱུར་རོ། །ཅི་ལྟ་བུར་ཞེ་ན། བདག་ལ་བསྟོད་པས་དེ་ཐོས་པ་དང་ཤེས་པ་ལ་སོགས་པས་མཆོག་ཏུ་བསྔགས་པའོ། །ཐོས་པ་ལ་སོགས་པ་སྦ་བའི་དོན་དུ་གཞན་ལ་སྨོད་པ་སྟེ་ཉེས་པ་སྒྲོགས་པའོ། །འཁོར་བར་དགའ་བ་ནི་མངོན་པར་དགའ་བ་ཡིན་ཏེ། དེའི་གཏམ་
ནི་དེ་ལ་བསྔགས་པ་སྟེ། འདོད་པའི་ཡོན་ཏན་རྣམས་ལ་ཡང་དག་པར་བསྟོད་པའི་ཕྱིར་ཏེ། འདི་ལྟ་བུ་ལ་སོགས་པའི་རྣམ་པ་དེ་ལྟར་རོ། །དེ་ལྟར་དེ་དང་ཞེས་པ་ནི་གཞན་དང་ཡིན་པ་སྟེ། དེ་དང་འབྲེལ་པ་དེ་བཞིན་གཉིས་པ་དང་འགྲོགས་པས་སོ། །མི་དགེ་བ་ཅུང་ཟད་དུ་ངེས་པར་
གྱུར་ཏོ། །གང་གིས་དེ་ལྟར་ཡིན་པའི་རྒྱུ་དེས་ན་ཕུང་བར་འགྱུར་བ་སྟེ་མི་དགེ་བ་འབྱུང་བར་འགྱུར་ཏེ། བྱིས་པ་འདི་དང་འགྲོགས་པ་ལ་ཐོབ་པར་འགྱུར་རོ། །དེའི་ཕྱིར་འཕགས་པའི་ཆོས་ལ་རྗེས་སུ་བསླབ་པའི་དོན་དུ་གཅིག་པུ་སྟེ་བྱིས་པ་དང་འགྲོགས་པ་དང་བྲལ་བས་གཉིས་པ་མེད་པར་
རྒྱུ་བར་བྱའོ། །དེ་དང་བྲལ་བས་བདེ་བ་སྟེ་བྱ་བ་འདི་ནི་བྱ་བའི་ཁྱད་པར་ཡིན་ནོ། །ཅི་ལྟར་ཞེ་ན། དེས་ན་ཡིད་ནི་སྦྱོར་བས་ཞེས་ཏེ། དེ་དང་འགྲོགས་པ་སྤངས་པའི་ཕྱིར་ཏེ་དེས་བྱས་པའི་ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ། །སྔ་མ་ལ་འདི་ནི་གཏན་ཚིགས་ཀྱི་ཚིག་ཡིན་ནོ། །
ཡང་ན་བདེ་བ་ནི་ལུས་ཀྱི་ཡིན་ལ། ཉོན་མོངས་མེད་ཡིད་ཀྱིས་ཞེས་པ་ནི་ཡིད་ལས་བྱུང་བ་ཡིན་ནོ། །དེའི་ཕྱིར་བྱིས་པའི་སྐྱེ་བོ་དང་འགྲོགས་པས་སྡུག་བསྔལ་བ་སྤོང་བར་འདོད་པས་དེ་དང་འགྲོགས་པར་མི་བྱའོ་ཞེས་བསྟན་པའི་ཕྱིར་བྱིས་ལས་ཞེས་པ་ལ་སོགས་པ་གསུངས་ཏེ།
เล่ม ๑๐๕ · หน้า 153b
བྱིས་ལས་ཏེ་ཐམས་ཅད་དུ་ཤིན་ཏུ་ཐག་རིང་སར་བྱོལ་བར་བྱ་སྟེ་འབྲོས་པར་བྱ་ཞིང་ཇི་ལྟར་དེ་དང་བརྒྱ་ལ་ཡང་ཕྲད་པར་མི་འགྱུར་བར་བྱའོ་ཞེས་པའི་དོན་ཏོ། །འོན་ཏེ་བརྒྱ་ལ་སྟེ་དབང་ཐང་གིས་ཕྲད་པ་དེའི་ཚེ་ཕྲད་ཅིང་ཚོགས་པ་ན་བསྟེན་པར་བྱ་སྟེ་དགའ་བས་ཏེ། དགའ་བའི་རྣམ་པའི་ཉེ་བར་སྤྱོད་
པས་བསྟེན་པར་བྱའོ། །སྟེན་པ་ན་ཡང་འདྲིས་ཆེན་ཉིད་དུ་མི་འགྱུར་བར་ཏེ། བསྙེན་བཀུར་རེ་བའི་བསམ་པས་མ་ཡིན་པའོ། །ཡང་ན་འདྲིས་ཆེན་ནི་རྗེས་སུ་ཆགས་པ་མ་ཡིན་གྱི་འོན་ཀྱང་ཆགས་སྡང་དང་བྲལ་བས་ཐ་མལ་པ་བཞིན་དུ་སྟེ། དམ་པའི་སྤྱོད་པ་གཟུ་བོ་ལྟ་བུར་རོ། །སྐྱེ་
བོ་བཟང་པོ་དང་ལྷན་ཅིག་སྤྱོད་པ་འདིས་ཀྱང་བསླབ་པར་བཞེད་ནས། ཆོས་ཀྱི་དོན་ཙམ་ཞེས་པ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་ཆེད་འདི་ནི་ཆོས་དོན་ཏེ། དེ་ཉིད་འབའ་ཞིག་ཙམ་ནི་དེ་ཙམ་མོ། །དེ་བླངས་ནས་ནི་བཟུང་ནས་ཏེ་སྙིང་པོ་བླང་བར་བྱས་ནས་ཞེས་པའི་དོན་ཏོ། །བུང་བ་
བཞིན་དུ་ནི་སྦྲང་རྩི་བྱེད་བཞིན་དུ་སྟེ། མེ་ཏོག་ལས་སྦྲང་རྩི་ལེན་པ་བཞིན་དུའོ། །ཡང་ན་ཆོས་ཉིད་ཀྱི་དོན་ནི་དགོས་པ་སྟེ། འདི་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་ཡིན་ནོ་ཞེས་ཚིག་བསྡུའོ། །བྱིས་པ་དང་འགྲོགས་པ་ལ་རྒྱབ་ཀྱིས་ཕྱོགས་ཏེ། སྔོན་མེད་བཞིན་དུ་
སྟེ་ཟླ་བ་གསར་པ་དང་འདྲ་བར་གནས་སྐབས་ཀུན་ཏུའམ་ཡུལ་ཀུན་ཏུ་གནས་པར་བྱའོ། །འདྲིས་པ་མེད་པ་ནི་ངོ་ཤེས་པ་མེད་པ་སྟེ། གནས་པར་བྱ་ནི་དེར་རེ་དང་བྲལ་བར་ཞེས་པའི་དོན་ཏོ། །དེ་ལྟར་ན་སྡུག་པ་དང་འགྲོགས་པའི་རྒྱུ་ཆགས་པ་བསལ་ནས། ད་ནི་རྙེད་པ་ལ་སོགས་
པ་ལ་སྲེད་པ་འཇིག་རྟེན་མི་གཏོང་བའི་རྒྱུ་སྤོང་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། བདག་ནི་རྙེད་པ་མང་ཞེས་པ་ལ་སོགས་པ་གསུངས་ཏེ། འདིའི་རྙེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཆོས་གོས་དང་བསོད་སྙོམས་ལ་སོགས་པའི་རྙེད་པ་དང་ལྡན་པས་བདག་རྙེད་པ་ཅན་
དང་བཀུར་སྟི་བྱས་པའང་ཡིན་ཏེ་སྐྱེ་བོས་མཆོད་པ་ཡིན་ནོ། །བདག་ལ་དགའ་བ་ནི་འདོད་པ་ཡིན་ལ་མང་པོ་ཡང་དུ་མ་ཡིན་ཏེ། སྐྱེ་བོ་མང་པོས་འདོད་པ་ཞེས་པའི་དོན་ཏོ་ཞེས་པ་ནི་དེ་ལྟར་སེམས་པ་ན་འདི་ལྟར་ས་སྟེང་སྟེ་མི་ཡིན་ལ། ཤི་བའི་འོག་ཏུ་འཇིགས་པ་སྐྱེའོ། །ཅི་ལྟ་བུར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด