ตัวบทไม่มีชื่อ — ประโยคแรก: སྤྱོད་འཇུག་གི་རྣམ་པར་བཤད་པ་བཞུགས་སོ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๐๕ · หน้า 315b
པ་འདི་འབྱུང་བའི་ཕྱིར་འདི་དག་ནི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས་པ་ཡིན་པས་དེ་དག་གི་དོན་དུ་བདག་གི་སེམས་ཉོན་མོངས་པའི་དབང་དུ་མི་གཏང་བར་བྱ་སྙམ་པ་དང་། བདག་དང་སེམས་ཅན་གྱི་དབང་དུ་བྱས་ཏེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ལ་གནས་ནས་བདག་ཏུ་མ་ཞེན་པར་སྒྱུ་མ་ལྟ་
བུའི་དབང་གིས་དགེ་བའི་ཆོས་ཀྱི་དམིགས་པ་ཡིད་ལ་གཟུང་བར་བྱ་བ་དང་། དལ་བ་འབྱོར་པ་ཤིན་ཏུ་རྙེད་པར་དཀའ་བ་ལས་དེ་ཐོབ་པའི་དུས་སུ་དེ་ཐོབ་པ་ཆུད་མི་ཟ་བར་བྱའོ་སྙམ་ནས་སེམས་བསྲུང་བ་སྟེ། ཡན་ལག་གི་དོན་ཡིན་ནོ། །ད་ནི་ལུས་ལ་ལྷག་པར་ཆགས་པའི་དབང་གིས་བསྲུང་བར་མི་བྱ་བར་
བསྟན་པ། བྱ་རྒོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་བསྟན་ཏེ། ལུས་ལྷག་པར་ཆགས་པའི་ཚུལ་གྱིས་མ་བསྲུངས་ན་དེའི་ཚེ། ལུས་ནི་མི་དགའ་བར་འགྱུར་སྙམ་པའི་དོགས་པ་བསུས་ནས་དུར་ཁྲོད་ལ་སོགས་པར་བྱ་རྒོད་ལ་སོགས་པས་གནོད་པ་ཇི་སྙེད་བྱས་ཀྱང་ལུས་ཁྱོད་མི་དགའ་བ་མི་བྱེད་ན།
ད་ལྟ་ཅིའི་ཕྱིར་མ་བསྲུངས་པས་མི་དགའ་བ་བྱེད་ཅིང་ཁ་ད་སྟེ་ཁ་ཟིན་བྱས་སུ་རེ་སྟེ་རེ་བར་མི་རིགས་སོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཡིན་དུ་ཟིན་ཀྱང་ཡིད་ཀྱིས་ལུས་དེ་ལྷག་པར་ཆགས་པའི་སྒོ་ནས་སྲུང་བར་བྱེད་དོ་ཞེ་ན། ལུས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་མ་བསྲུངས་ན་ཡིད་དག་ལ་གནོད་དོ་ཞེ་ན།
ཁྱོད་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་བདག་ལ་བརྟེན་ཏེ་དགོས་སོ་ཞེ་ན། རྨོངས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་གཙང་བ་ཡིན་པའི་ཕྱིར་རྟེན་དུ་གཟུང་རིན་མི་ཆོག་སྙམ་བསམ་པའོ། །ཇི་ལྟར་མི་གཙང་བ་ཡིན་སྙམ་པ་ལ། ཐོག་མར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
འོན་ཏེ་བདག་གི་ལོངས་སྤྱོད་དུ་དགོས་སོ་ཞེ་ན། ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་ཏུ་ན་ཁྱོད་ཀྱིས་ལོངས་སྤྱོད་དུ་མི་རུང་བའི་ཕྱིར་བསྲུང་བ་མི་རིགས་ཏེ། གཉིས་སུ་ན་ཝ་ལ་སོགས་པས་ནི་ལོངས་སྤྱད་དུ་རུང་བའི་ཕྱིར་བསྲུང་བར་རིགས་སོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་བྱ་སྙམ་པ་
ལ་མི་འོ་ཅོག་གི་ལུས་འདི་ནི་འཕྲལ་གྱི་གོས་ལ་སོགས་པ་བྱིན་པའི་སྒོ་ནས་དགེ་བའི་ལས་ལ་བཀོལ་བར་བྱ་བ་ཉིད་དུ་མ་ཟད་ཀྱི་ལོངས་སྤྱོད་དུ་དགོས་སོ་ཞེས་བྱ་བའི་གོ་ནས་བསྲུང་བར་བྱ་བར་ནི་མི་རིགས་ཏེ། རྟག་ཏུ་ཁྱོད་ཀྱིས་ལོངས་སྤྱོད་དུ་མི་རུང་བའི་ཕྱིར། དཔེར་ན་བྲན་ལ་སོགས་པ་ལས་བྱེད་དུ་མི་
เล่ม ๑๐๕ · หน้า 316a
བཏུབ་པ་བཞིན་ནོ་སྙམ་ནས། འདི་ལྟར་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་ན་གོས་དང་ཟས་ལ་སོགས་པའི་ཡོ་བྱད་བྱིན་ཏེ། བྱང་ཆུབ་སེམས་དཔས་རང་གི་བྱ་བ་སེམས་ཅན་གྱི་དོན་དུ་གཞུག་པར་བྱའོ། །དེ་ལྟ་བུའི་དོན་མེད་པར་ཞེས་བྱ་བའི་སྒོ་ནས་སྦྱིན་པར་བྱ་
བ་མ་ཡིན་པས། འདི་ལ་གླ་རྔན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་ན་དེ་ལྟར་ཆུ་བོ་ལས་རྒལ་བའི་རྟེན་ཡིན་པས་གྲུའི་ཟག་ལྷན་ལ་སོགས་པ་བྱ་དགོས་པ་དེ་བཞིན་དུ། བདག་ཉིད་འཁོར་བ་ལས་རྒལ་ཏེ་སེམས་ཅན་གྱི་དོན་བྱེད་པའི་རྟེན་ཡིན་པའི་ཕྱིར་ལུས་འདི་ལ་རྟེན་ཡིད་བཞིན་གྱི་ནོར་བུར་འགྱུར་
བའི་དེ་བཞིན་གཤེགས་པའི་སྐུ་ཐོབ་པར་བྱ་བའི་དོན་དུ་བསྲུང་བར་བྱ་དགོས་སོ་ཞེས་བསྟན་པའི་ཕྱིར་འགྲོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་ཉོན་མོངས་པའི་དབང་དུ་མ་སོང་བར་ལྷན་ཅིག་རྗེས་སུ་སྤྱོད་པའི་ཤེས་བཞིན་གྱིས་རང་ཉིད་ལ་དབང་ཡོད་པར་བྱ་སྟེ། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་
ལ་བསླབ་པའི་དབང་དུ་བྱས་ནས། དེ་ལྟར་རང་དབང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་དང་གཞན་གྱི་དོན་གྱི་རྟེན་དུ་འགྱུར་བའི་ལོངས་སྤྱོད་བསྲུང་བའི་དབང་དུ་བྱས་ནས། ཁྲི་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཞི་བ་དང་དུལ་བ་ལ་གནས་པའི་དབང་དུ་བྱས་ནས་སྒོ་ཡང་ཞེས་བྱ་བ་
ལ་སོགས་པ་སྨོས་སོ། །དེ་ལ་ཕན་ཡོན་ཅི་ཞིག་ཡོད་སྙམ་པ་ལ། ཆུ་སྐྱར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལེགས་པར་བསླབས་པའི་གདམས་ངག་ལ་གུས་པ་སྐྱེད་པར་བསླབ་པའི་དབང་དུ་བྱས་ནས། གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་གྱི་ཡང་དག་པའི་ཡོན་ཏན་ལ་དགའ་
བ་སྐྱེད་པའི་དབང་དུ་བྱས་ནས། ལེགས་པར་སྨྲས་པ་ཞེས་བྱ་བ་སྨོས་སོ། །ཅི་གཞན་གྱི་ངོ་བོ་འབའ་ཞིག་བསྟོད་པར་བྱ་བའམ་ཞེ་ན་མ་ཡིན་ཏེ། ལྐོག་ན་ཞེས་བྱ་བ་སྨོས་སོ། །བདག་འབའ་ཞིག་གིས་བསྟོད་པར་བྱ་བའམ་ཞེ་ན། གཞན་གྱི་གཡམ་ཡང་བརྗོད་པར་བྱ་བ་ཡིན་པས། ཡོན་ཏན་བརྗོད་
ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་གཞན་གྱིས་བདག་གི་ཡོན་ཏན་བརྗོད་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། རང་གི་ཡོན་ཏན་ཞེས་བྱ་བ་ལ་སྨོས་ཏེ། དེས་ང་རྒྱལ་བསྐྱེད་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཞན་གྱི་ཡོན་ཏན་ལ་དགའ་བ་བསྐྱེད་པ་དེ་ཅིའི་ཕྱིར་ཞེ་ན། རྩོམ་པ་ཐམས་ཅད་ཅེས་
เล่ม ๑๐๕ · หน้า 316b
བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཕན་ཡོན་ཅི་ཡོད་ཅེ་ན། བདག་ལ་འདིར་གོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །སྨྲ་བ་དང་བལྟ་བའི་ཚུལ་བསྟན་པའི་དབང་དུ་བྱས་ནས་སྨྲ་ན་ཡིད་ཕེབས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་བའི་ལས་སྒྲུབ་པའི་ཚུལ་གྱིས་དབང་དུ་བྱས་ནས་མཁས་ཤིང་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཕྲལ་དུ་ཚེགས་དྲག་ཆུང་ཞིང་དགེ་བའི་འོངས་ཆེ་བར་ཤེས་ན། དེའི་ཚེ་མཁས་པ་ཞེས་བྱ་སྟེ། ཚེགས་ཆུང་བས་ནི་སྔ་མ་ལ་འགྱོད་པ་མེད་པར་འགྱུར་ཞིང་། ཕྱི་མ་སྒྱིད་ལུག་པར་མི་འགྱུར་ལ། འོངས་ཆེ་བས་ནི་མྱུར་དུ་ཚོགས་བསགས་པར་འགྱུར་བས། གང་གི་ཚེ་
ཇི་ལྟར་བྱས་ན་དེ་ལྟར་འགྱུར་སྙམ་པ་ལ། དགེ་བའི་རྩ་བ་ཅི་བྱེད་ཀྱང་དམ་པ་རྣམ་པ་དྲུག་གིས་ཟིན་པའི་ཚུལ་དུ་བྱས་ན། དེ་ལྟར་འགྱུར་ཏེ་ལས་སུ་བྱ་བ་ཆུང་བས་ནི་ཚེགས་ཆུང་བ་ཡིན་ལ། དམ་པ་དྲུག་གིས་ཟིན་པས་ནི་འོངས་ཆེ་བར་འགྱུར་རོ་སྙམ་དུ་བསམ་པའོ། །དགའ་དང་ལྡན་བྱས་ནས་ཞེས་བྱ་བས་ནི་
སྔར་བྱས་པ་ལ་རྗེས་སུ་ཡི་རང་བ་བསྐྱེད་ཅིང་ད་ལྟར་བྱས་པ་ལ་ནི་ཕན་ཡོན་མཐོང་བའི་སྒོ་ནས་དགའ་བ་སྐྱེད་པ་མ་འོངས་པ་ལ་ནི་སྔ་མས་ཆོག་པར་མི་འཛིན་ཏེ། ཁྱེད་འདོད་པའི་ཚུལ་གྱིས་དགའ་བ་དང་ལྡན་པར་བྱས་ནས། བདག་ཉིད་ཀྱིས་རྟག་ཏུ་བྱའི་གཞན་ལ་ལྟོས་པར་མི་བྱ་སྟེ། གཞན་གྱིས་བྱས་པ་དེ་བདག་གི་དོན་
དུ་མི་འགྱུར་བའི་ཕྱིར་རོ། །འོན་ཏེ་བདག་ཉིད་ཀྱིས་ཇི་ལྟར་སྤྱད་ཅེ་ན། སྦྱིན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱིན་པ་འབའ་ཞིག་ཙམ་གྱིས་ཆོག་པར་མི་གཟུང་གི །དེ་ལས་གོང་མར་གྱུར་པའི་ཕྱིར་ཚུལ་ཁྲིམས་ལ་སོགས་པ་ཡང་སྤྱད་ལ། དེ་བཞིན་དུ་སྦྱིན་པ་ཉིད་ལ་ཡང་གཏོང་བ་ཙམ་གྱིས་ཆོག་པར་མི་གཟུང་
གི །དེ་ལས་ཁྱད་ཞུགས་པར་གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བ་ལ་སོགས་པ་ལ་ཁྱད་ཞུགས་པར་སྤྱད་པར་བྱ་སྟེ། དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་གོང་ནས་གོང་དུ་འགྲོ་བ་དང་། ཚུལ་ཁྲིམས་ལྟ་བུ་ཉིད་ལ་ཡང་དགེ་བསྙེན་དང་། དགེ་བསྙེན་གྱི་སྡོམ་པ་ཞེས་བྱ་བ་ལ་སོགས་པ་ཁྱད་
ཞུགས་པར་བྱེད་པ་ཅི་རིགས་སུ་སྦྱར་རོ། །གལ་ཏེ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་གོང་ནས་གོང་དུ་སྤྱད་པར་བྱ་བ་ཡིན་ན། དེའི་ཚེ་ཇི་ལྟར་སྦྱིན་པའི་དུས་དག་ཏུ་ཚུལ་ཁྲིམས་བཏང་སྙོམས་གཞག་པར་གསུངས་ཞེས་བཤད་པ་དང་འགལ་ལོ་ཞེ་ན། ཆུང་ངུའི་ཕྱིར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོང་
เล่ม ๑๐๕ · หน้า 317a
འོག་གི་རིམ་པ་དེ་ལྟར་ཡིན་ཡང་འདི་ལྟར་རེ་ཞིག་སྲོག་གི་སྐྱབས་བྱེད་པའི་སྦྱིན་པ་ལྟ་བུ་འོག་མ་ཡིན་ཡང་ཆེ་ལ། དེའི་ཚེ་བརྫུན་དུ་སྨྲ་བ་སྤོང་བའི་ཚུལ་ཁྲིམས་དེ་ལྟ་བུ་གོང་མ་ཡིན་དུ་ཟིན་ཀྱང་ཆུང་བ་ཡིན་པ་དེའི་ཚེ་ནི། གོང་མ་ཡིན་པ་ཙམ་གྱིས་ཚུལ་ཁྲིམས་ཆུང་ངུ་དང་
དུ་བླང་བའི་ཕྱིར་མཆོག་མ་ཡིན་ཞེས་ཏེ། སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་ཆེ་བ་ཡིན་ན། མི་གཏོང་ཞེས་བྱ་བ་ཡལ་བར་དོར་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། འོག་མ་ཡིན་ཡང་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་ཆེ་བར་གྱུར་པའི་དུས་སུ་གོང་མ་ཡིན་ཡང་ཚུལ་ཁྲིམས་ཆུང་བ་དེ་བཏང་
སྙོམས་སུ་གཞག་གོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཆེ་ཆུང་དུ་འགྱུར་བ་མེད་པའི་ཚེ་ནི་འོག་མ་གཙོ་ཆེར་དང་དུ་བླང་བ་ཉིད་དུ་རིག་པར་བྱའོ། །འོ་ན་ཆེ་ཆུང་གཉིས་གང་གི་སྒོ་ནས་གཞག་ཅེ་ན། གཙོ་ཆེར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་གྱི་དོན་དེ་ནི་ཆེ་བ་ཡིན་པས་གཙོར་དེ་ཉིད་ལ་འབད་པར་བསྟན་
པར་བྱ་བའི་ཕྱིར། དེ་ལྟར་རིག་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་གཞན་དོན་གཙོ་ཆེར་བྱ་བ་ཡིན་པས། ཐུགས་རྗེ་མངའ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སྡོམ་པའི་ཚུལ་ཁྲིམས་ལ་འབད་པའི་ཁ་ན་མ་ཐོ་བ་སྤོང་བའི་དབང་དུ་བྱས་ནས། བཅོམ་ལྡན་འདས་ཀྱིས་ཉན་
ཐོས་ཀྱི་འདུལ་བ་ལས་དོན་ཉེ་བ་དང་བྱ་བ་ཉུང་བ་དང་། བྱེད་པ་ཉུང་བ་ལ་གཟིགས་ཏེ། ཆོས་གོས་ལྷག་པ་ལ་སོགས་པ་རྣམས་ཀྱང་བཅང་བར་མི་བྱའོ་ཞེས་བཀག་པ་རྣམས་ཀྱང་། ཐུགས་རྗེ་མངའ་བའི་དེ་བཞིན་གཤེགས་པ་དོན་རིང་པོ་གཞན་གྱི་དོན་དུ་འགྱུར་བ་ལ་གཟིགས་ནས། གཞན་གྱི་
དོན་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ལ་གནང་སྟེ། ཇི་སྐད་དུ་མདོ་ལས་དེ་ནི་ནོར་གྱི་ཕུང་པོ་རི་རབ་ཙམ་ཞིག་ཐོབ་ན་ཡང་ལེན་ཏོ་ཞེས་གསུངས་པ་ལྟ་བུའོ། །ཡང་རང་བཞིན་གྱི་ཁ་ན་མ་ཐོ་བའི་དབང་དུ་བྱས་ནས་དོན་ཉེ་བ་ཚེ་འདིའི་དོན་ལས་དགོངས་ཏེ། ཉན་ཐོས་ཀྱི་འདུལ་བ་ལས་བསྒྲལ་བའི་ཞིང་
དུ་གྱུར་པ་རྣམས་ཀྱི་སྲོག་གཅོད་པ་བཀག་པ་ཡང་དོན་རིང་བ་ཚེ་ཕྱི་མ་ལ་ངན་སོང་གསུམ་གྱི་སྡུག་བསྔལ་བསལ་བས་བསྐྱབ་པར་གཟིགས་ནས་གཞན་གྱི་དོན་གཙོ་ཆེར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ལ་གནང་སྟེ། ཇི་སྐད་དུ་འཕགས་པ་དཀོན་མཆོག་སྤྲིན་ལས། མཚམས་མེད་པ་བྱེད་པའི་མི་གསང་
เล่ม ๑๐๕ · หน้า 317b
བར་གནང་བ་ལྟ་བུའོ། །ད་ནི་དགེ་བའི་ཆོས་སྡུད་པ་དང་སེམས་ཅན་གྱི་དོན་བྱེད་པའི་དབང་དུ་བྱས་ནས་བསྟན་པའི་ཕྱིར། རྩ་བའི་ཚིག་འདི་གནང་བ་རྣམས་ཀྱང་དེ་ལ་བཀག་སྟེ་རིམ་པ་བཞིན་དུ་སྦྱར་ཏེ་གང་གི་ཚེ་དོན་ཉེ་བ་སློང་བ་པོ་རེ་རེའི་དོན་ལ་གཟིགས་ནས། གོས་འདོད་པ་ལ་གོས་དང་། བགོ་བ་འདོད་
པ་ལ་བགོ་བ་སྦྱིན་པ་ལ་སོགས་པ་གནང་བ་རྣམས་དོན་རིང་བ་གཞན་མང་པོ་དག་གི་དོན་དུ་འགྱུར་བ་ལ་གཟིགས་ནས། གཞན་མང་པོ་དག་གི་དོན་གཙོ་ཆེར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ལ་བཀག་སྟེ་ཇི་སྐད་དུ་འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་
བས་ཆོས་གོས་གསུམ་རྣམ་པ་ཐམས་ཅད་དུ་སྦྱིན་པར་མི་བྱའོ་ཞེས་གསུངས་པ་ལྟ་བུའོ། །འོ་ན་དེ་ལྟར་སློང་བ་པོ་དག་ལ་ལུས་ལ་སོགས་པ་གཏོང་བ་རྒྱུ་ཅིའི་ཕྱིར་བཀག་ཅེ་ན། དེ་ནི་ཚངས་པར་སྤྱོད་པའི་རྟེན་ཡིན་པའི་ཕྱིར་ཏེ། དེ་བཏང་ན་སེམས་ཅན་ཐམས་ཅད་ཀྱི་དོན་ཉམས་པར་འགྱུར་བས་སློང་
མོ་པ་འགའི་དོན་དུ་གཏང་བར་བྱ་བ་མ་ཡིན་པའི་ཕྱིར། དམ་པའི་ཆོས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་ཀྱི། ཆོས་བྱེད་པའི་རྟེན་དུ་གྱུར་པའི་ལོངས་སྤྱོད་ཀྱང་དེ་བཞིན་དུ་བལྟ་བར་བྱ་སྟེ། དེ་ཡང་བསླབ་པ་ཀུན་ལས་བཏུས་པ་ལས། ཚེ་འདི་ལ་ལོངས་སྤྱོད་
བསྲུང་བའི་ཕྱིར་གཏོང་བ་དགག་པ་ཇི་སྐད་བཤད་པ་བཞིན་ནོ། །གལ་ཏེ་དེ་ལ་ཕན་ཡོན་ཅི་ཡོད་སྙམ་པ་ལ། དེ་ལྟར་བྱས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ལ་བརྟེན་ནས་ཚོགས་ཡོངས་སུ་རྫོགས་པའི་རིམ་གྱིས་སངས་རྒྱས་ཐོབ་པར་འགྱུར་བས་སྙམ་དུ་བསམས་པའོ། །འོ་ན་ཐམས་
ཅད་མི་གཏོང་ངམ་ཞེ་ན། སྙིང་རྗེའི་བསམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྲིད་དུ་ལྷག་པའི་བསམ་པ་དག་པའི་སར་མ་ཆུད་ཀྱི་བར་དུ་ཞེས་བྱ་བའི་ཐ་ཚིག་སྟེ། གཏོང་བ་ལ་མ་གོམས་པས་གཏོང་མི་ནུས་པའི་ཕྱིར་རམ། ནུས་སུ་ཟིན་ཀྱང་ཚེ་སྔ་མའི་སྡིག་པའི་ལས་ཀྱི་སྟོབས་ཀྱིས་ནད་ལ་
སོགས་པའི་སྡུག་བསྔལ་འབྱུང་བའི་ཕྱིར་འགྱོད་པ་སྐྱེ་ཞིང་སྒྱིད་ལུག་པར་འགྱུར་བའི་ཕྱིར་རམ། ཆོས་ཐམས་ཅད་ལ་བདེ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པས་དུས་དེའི་ཚེ་བདེ་བའི་ཚོར་བ་མི་འབྱུང་བའི་ཕྱིར། ཕྱི་མ་ལ་བྱེད་འདོད་པའི་བསམ་པ་མི་འབྱུང་བའི་ཕྱིར་རམ། བདེན་པའི་སྟོབས་མ་གྲུབ་པས་སྲོག་དང་
เล่ม ๑๐๕ · หน้า 318a
ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་བའི་ཕྱིར་རོ་སྙམ་དུ་བསམ་པ་སྟེ། ལྷག་པའི་བསམ་པ་དག་པའི་སར་ཆུད་པ་ལ་ནི། ཉེས་པ་གོང་མ་རྣམས་ལས་བཟློག་པའི་ཕྱིར་དངོས་སུ་གཏོང་བར་བྱེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དེ་ལྟ་ཡིན་ན་རྣམ་པ་ཐམས་ཅད་དུ་མི་གཏོང་ངམ།
དེ་ལྟ་ཡིན་ན་ནི་དམ་བཅས་པ་དང་འགལ་བར་འགྱུར་རོ་ཞེ་ན། ཅི་ནས་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚེ་འདིར་དོན་ཆེན་པོ་སེམས་ཅན་གྱི་དོན་འགྲུབ་པའི་རྒྱུར་ལུས་འདི་ཉིད་སེམས་ཅན་རྣམས་ལ་བྲན་གྱི་ཚུལ་དུ་བཏང་སྟེ། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམ་པ་བཅུ་གཅིག་
ཇི་སྐད་དུ་བཤད་པ་ལྟ་བུའོ། །དེ་བཞིན་དུ་གཞན་དུ་སྟེ། ཚེ་ཕྱི་མར་ཡང་བདག་དང་གཞན་གྱི་རྒྱུད་ལ་དགེ་བའི་རྩ་བ་ཅི་རྩོམ་པ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྩོམ་པའི་ཕྱིར། བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་བྲན་གྱི་ཚུལ་དུ་གཏོང་བ་ཡིན་ལ། དེ་བཞིན་དུ་བདག་ཉིད་བྱང་
ཆུབ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་ཡང་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་ཐམས་ཅད་དུ་ཡིད་དང་ངག་གཏོང་སྟེ། ལེའུ་གཉིས་པར་ཇི་སྐད་བཤད་པ་བཞིན་ནོ། །ད་ནི་གང་ལ་བསླབ་པར་བྱ་བའི་ཡུལ་བསྡུས་ཏེ་བསྟན་པར་བྱ་བའི་ཕྱིར་རང་ངམ་གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་དབང་དུ་བྱས་པ་
སྟེ། སྡོམ་དང་དགེ་བའི་ཆོས་སྡུད་ཀྱིས་བསྡུས་པ་དང་། གཞན་གྱི་དབང་དུ་བྱས་པ་སྟེ། སེམས་ཅན་གྱི་དོན་བྱེད་པའི་བསྡུས་པའམ། གཞན་ཡང་སྤྱོད་ལམ་གྱི་གནས་སྐབས་གང་དུ་ལུས་ངག་ཡིད་གསུམ་གྱིས་ཅི་སྤྱོད་ཀྱང་། གང་ལ་བསླབ་པ་དང་། ཇི་ལྟར་བསླབ་པར་གསུངས་པ་སྟེ་ཇི་སྐད་དུ་
མདོ་དག་ལས། བྱང་ཆུབ་སེམས་དཔས་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱི་སྟེ། སྙིང་རྗེ་ཆེན་པོ་ལ་བསླབ་པར་བགྱིའོ་ཞེས་གསུངས་པ་དང་། ཡང་བྱང་ཆུབ་སེམས་དཔས་ནི་ཇི་ནས་ཀྱང་མཐོང་མ་ཐག་ཏུ་སེམས་ཅན་རྣམས་དགའ་བར་འགྱུར་བ་དེ་ལྟར་བསྒྲུབ་པར་བགྱིའོ་ཞེས་གསུངས་པ་དང་།
ཡང་བྱང་ཆུབ་སེམས་དཔས་ནི་རང་གི་སེམས་ཁོ་ན་ཤིན་ཏུ་བསྲུང་བར་བགྱིའོ་ཞེས་གསུངས་པ་དང་། སྤྱོད་ལམ་ཐམས་ཅད་དུ་ཇི་ལྟར་བསླབ་པ་སྟེ་སྤྱོད་ཡུལ་ཡོངས་སུ་དག་པ་ལས་ཇི་སྐད་གསུངས་པ་བཞིན་དུ་བསླབ་པར་བྱའོ། །འོ་ན་དེའི་ཚེ་རིག་པའི་གནས་རྣམ་པ་ལྔ་ལས་གང་དང་གང་ལ་ཇི་ལྟར་བསླབ་
เล่ม ๑๐๕ · หน้า 318b
ཅེ་ན། རིག་པའི་གནས་རྣམ་པ་ལྔ་པོ་མཐའ་དག་ལ་དམ་པ་དྲུག་གིས་ཟིན་པའི་ཚུལ་གྱིས་བསླབ་པར་བྱ་བ་ཡིན་པས། རྒྱལ་སྲས་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལས་བྱང་བར་མ་བྱས་ན། །འཕགས་མཆོག་གིས་ཀྱང་
ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །དེ་བས་གཞན་དག་ཚར་གཅད་རྗེས་སུ་གཟུང་ཕྱིར་དང་། །བདག་ཉིད་དུལ་བར་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་གསུངས་པ་ལྟ་བུའོ། །འོན་ཏེ་དེ་ལ་ཕན་ཡོན་ཅི་ཡོད་ཅེ་ན། དེ་ལྟར་གནས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་གནས་པའི་
ཞེས་བྱ་བ་ནི་དམ་པ་དྲུག་གིས་ཟིན་པའི་ཕྱིར་དེ་ཇི་ལྟ་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཆེན་པོ་ཐོབ་པར་བྱ་བའི་བསམ་པས་རིག་པའི་གནས་ལྔ་པོ་དེ་དག་ལ་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་སོ་སོའི་མི་མཐུན་པའི་ཕྱོགས་ཀྱི་དྲི་མས་མ་གོས་པར་སློབ་ཅིང་དགེ་བའི་རྩ་བ་དེ་ཡང་བྱང་
ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་ཕྱིར་ཏེ། དེ་ལྟར་གོ་རིམས་བཞིན་དུ་ཆེད་དུ་བྱ་བ་དང་། རྟེན་དང་དངོས་པོ་དང་། ཐབས་ལ་མཁས་པ་དང་། རྣམ་པར་དག་པ་དང་། ཡོངས་སུ་བསྔོ་བ་དམ་པས་ཡོངས་སུ་རིག་པར་བྱའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་བྱ་བ་ནི་མདོར་ན་སེམས་ཅན་གྱི་
དོན་ཡིན་པས་དངོས་སམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དངོས་སུ་དོན་དུ་འགྱུར་བ་ནི་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམ་པ་བཅུ་གཅིག་ཇི་སྐད་བཤད་པ་ལྟ་བུའོ། །བརྒྱུད་ནས་དོན་དུ་འགྱུར་བའི་བསམ་གཏན་དང་ཤེས་རབ་ཁ་ཅིག་ལྟ་བུའོ། །དངོས་དང་བརྒྱུད་པ་གཉི་
གས་དོན་དུ་འགྱུར་བ་ནི་སྦྱིན་པ་བྱིན་ཏེ། དགེ་བའི་རྩ་བ་ཅི་བྱས་པ་ཐམས་ཅད་ཡོངས་སུ་བསྔོ་བ་དམ་པས་ཟིན་པར་བྱ་བའི་ཕྱིར་སེམས་ཅན་ཁོ་ནའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཤེས་བཞིན་གྱིས་བརྟགས་ཏེ་བསླབ་པ་བསྲུང་བ་ཉིད་བདག་ཅག་གིས་རྒྱུ་གང་ལས་ཤེས་པར་བྱ་སྙམ་
ན་རྒྱུ་གཉིས་ལས་ཤེས་པར་བྱ་སྟེ། རྒྱུ་དང་པོ་ནི་རྟག་པར་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། མཁས་པ་དང་བཙུན་པའི་ཡོན་ཏན་གཉིས་དང་ལྡན་པ་ལས་ཤེས་པར་བྱའོ། །དགེ་བའི་བཤེས་གཉེན་ཇི་ལྟར་མི་གཏོང་ཞེ་ན། དཔལ་འབྱུང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱུ་གཉིས་པའི་དབང་
เล่ม ๑๐๕ · หน้า 319a
དུ་བྱས་ནས་བསྟན་བཅོས་འདིས་མདོ་སྡེ་ལས་ཞེས་བྱ་བར་བསྟན་པའི་ཕྱིར་འདི་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་འདི་དང་ཞེས་བྱ་བ་ནི་འདིར་བསླབ་པ་ཇི་ལྟར་བསྟན་པ་རྣམས་སོ། །གཞན་ཞེས་བྱ་བ་འདིར་མ་བཤད་པ་དེ་བཞིན་གཤེགས་པས་གསུངས་པ་རྣམས་སོ། །
དེ་དག་ཐམས་ཅད་ནི་མདོ་སྡེ་ལས་ཤེས་པར་བྱ་སྟེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་མདོ་སྡེ་རྣམས་ལ་བཀླག་པའི་གོ་རིམས་ཡོད་དམ་ཞེ་ན། ཐོག་མར་རྩ་བའི་ལྟུང་བ་རྣམས་ཤེས་པར་བྱ་བའི་ཕྱིར། ནམ་མཁའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་
རྗེས་ལ་བསླབ་པ་ཕྲ་བ་གཞན་དག་ཀྱང་ཤེས་པར་བྱ་བའི་ཕྱིར་འཕགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་དེའི་རྗེས་ལ་ཇི་ལྟར་གསུངས་ཤེ་ན་གང་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོ་སྡེ་གང་ལས་འདི་ནི་ལུས་ངག་གིས་སྤྱད་པར་མི་བྱའོ། །འདི་ནི་སེམས་ཀྱིས་བསྒོམ་པར་མི་བྱའོ་
ཞེས་མ་བཀག་པ་དེ་ཉིད་སྤྱད་ཀྱི། བཀག་པ་རྣམས་ནི་སྤྱད་པར་མི་བྱའོ། །འོན་ཏེ་བཀག་པ་ཐམས་ཅད་མི་སྤྱད་དམ་ཞེ་ན། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ནི་འདི་ལྟར་སྦྱར་ཏེ། འཇིག་རྟེན་སེམས་ནི་བསྲུང་བའི་ཕྱིར། །བསླབ་པ་མཐོང་ནས་ཡང་མི་སྤྱད། །ཅེས་བྱ་བ་
སྟེ་མདོ་སྡེ་ལས་གང་དང་གང་ལ་ཅི་དང་ཅི་དགོས་པ་དེ་སྦྱིན་པར་བྱའོ་ཞེས་གནང་དུ་ཟིན་ཀྱང་། དེ་བྱིན་པས་གཞན་མང་པོ་དག་གི་མི་མོས་པར་འགྱུར་བ་ལ་སོགས་པ་གཙོར་བྱ་བའི་བསླབ་པའི་གཞི་མཐོང་ནས་ལོངས་སྤྱད་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ལྷན་ཅིག་རྗེས་སུ་སྤྱད་པའི་ཤེས་བཞིན་
བསྲུང་བའི་མཚན་ཉིད་མཇུག་བསྡུ་བའི་ཕྱིར། ལུས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་ཉམས་སུ་བླང་བའི་གདམས་ངག་བསྟན་པའི་ཕྱིར། ལུས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྟན་བཅོས་ཀྱི་མིང་གི་དོན་ནི་སྔ་མ་བཞིན་ནོ། །ལེའུའི་མིང་གི་དོན་ནི་ཕྱོགས་གཅིག་
ལས་བསྟན་ཏོ། །ལེའུ་བཞི་པའི་བཤད་པ་རྫོགས་སོ།། །།དེ་ལྟར་སེམས་བསྐྱེད་ཅིང་སྡོམ་པས་བསྡམས་པ་ལ་བཟོད་པ་འབྱུང་བས། བསགས་པའི་དགེ་བ་ཆུད་མི་ཟ་བར་བྱ་བ་དང་། དགེ་བའི་ཆོས་ལ་བརྩོན་འགྲུས་བརྩམ་པར་བྱ་བའི་ལེའུ་ལྔ་པ་གསུངས་ཏེ། དེ་ལ་བསྐལ་
เล่ม ๑๐๕ · หน้า 319b
པ་སྟོང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ཞེ་སྡང་གི་ཉེས་དམིགས་དང་། བཟོད་པའི་ཕན་ཡོན་བསྟན་པའི་སྒོ་ནས་ཞེ་སྡང་སྤངས་ཏེ་བཟོད་པ་བསྒོམ་པ་མདོར་བསྟན་ཏོ། །ད་ནི་རྒྱས་པར་བཤད་པའི་དབང་དུ་བྱས་ནས་ཞེ་སྡང་གི་ཚེ་འདིའི་ཉེས་དམིགས་བསྟན་པའི་ཕྱིར། ཞེ་སྡང་ཟུག་
རྔུ་ལ་སོགས་པ་སྨོས་ཏེ་ཞི་བ་ནི་བཏང་སྙོམས་ཀྱི་ཚོར་བའོ། །དགའ་བ་ནི་ལུས་ཀྱིའོ། །བརྟེན་མེད་འགྱུར་ཞེས་བྱ་བ་ནི་ལུས་ཀྱི་སྤྱོད་པའི་ཐང་ཐུབ་མེད་པའོ། །ཉེས་དམིགས་གཞན་ཡང་གང་དག་ཅེས་བྱ་བ་ནི་བྲན་ལ་སོགས་པའོ། །དྲིན་སྦྱིན་ཞེས་པ་ནི་རྗེ་བོས་སོ། །དེ་ལ་ཞེས་བྱ་བ་ནི་རྗེ་བོ་ལའོ། །དེ་དག་ཅེས་
པ་ནི་བྲན་ལ་སོགས་པའོ། །སྡང་ལྡན་པ་ཞེས་བྱ་བ་ནི་ཞེ་སྡང་དང་ལྡན་པའི་དབང་གིས་སོ། །དེ་ཡིས་ཞེས་བྱ་བ་ནི་ཤིན་ཏུ་དྲིན་ཆེ་བའི་རྗེ་བོ་ལ་ཡང་རྒོལ་བར་བྱེད་པའི་རྒྱུས་སོ། །སྦྱིན་པས་སྡུད་དང་རྟེན་མི་བྱེད། །ཅེས་བྱ་བ་ནི། བྲན་གཏོང་ཕོད་ཆེ་ཡང་ཞེ་སྡང་ལྡན་པའི་དབང་གིས་སུ་ཡང་དེ་དང་འགྲོགས་པར་
མི་བྱེད་ཅེས་བྱ་བའི་དོན་ཏོ། །བདེ་གནས་པ་ཞེས་བྱ་བ་ནི་ཚེ་འདི་ལའོ། །དེ་ལ་སོགས་པ་ཞེས་བྱ་བ་ནི། ཚེ་འདི་ལ་གནོད་པར་མ་ཟད་ཀྱི་འདི་དང་ཕྱི་མ་གཉི་ག་དང་བདག་ལ་གནོད་པ་བྱེད་པར་མ་ཟད་ཀྱི། གཞན་དང་བདག་དང་གཞན་གཉི་ག་དང་། དངོས་སུ་གནོད་པ་བྱེད་པར་མ་ཟད་ཀྱི་
བརྒྱུད་པ་དང་དངོས་དང་བརྒྱུད་པ་གཉི་གའི་སྒོ་ནས་གནོད་པར་བྱེད་པས་སོ། །འོན་ཏེ་ཞེ་སྡང་སྤངས་པའི་ཕན་ཡོན་གང་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་འདི་དང་གཞན་དུ་བདེ། །ཞེས་བྱ་བ་ནི་ཚེ་འདི་དང་། ཕྱི་མ་དང་། གཉི་ག་དང་བདག་དང་གཞན་དང་གཉི་ག་དང་དངོས་
དང་བརྒྱུད་པ་དང་གཉི་གར་བདེ་བས་སོ། །འོན་ཏེ་ཞེ་སྡང་དེ་ཇི་ལྟར་སྤང་ཞེ་ན། ཟས་སྤངས་པའི་སྒོ་ནས་ཞེ་སྡང་སྤང་བར་བསྟན་པའི་ཕྱིར་མི་འདོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྩ་བ་དང་པོ་དེ་གཉིས་ཀྱིས་ཟས་དེའི་རྒྱུ་བསྟན་ཏོ། །གསུམ་པས་ནི་ངོ་བོ་ཉིད་བསྟན་ཏོ། །བཞི་
པས་ནི་བྱེད་པ་བསྟན་ཏོ། །ཚིགས་སུ་བཅད་པ་གཉིས་པས་ནི་ཟས་སྤང་བའི་སྒོ་ནས་སྤང་བའི་འཐད་པ་བསྟན་པའོ། །ཚིགས་སུ་བཅད་པ་གསུམ་པ་དང་བཞི་པས་ནི་ཟས་དེ་ཉིད་སྤང་བར་བྱ་བའི་རིགས་པ་བསྟན་ཏོ། །འོན་ཏེ་ཞེ་སྡང་གི་ཟས་དེ་ཇི་ལྟར་སྤང་ཞེ་ན། བཟོད་པ་རྣམ་པ་གསུམ་
เล่ม ๑๐๕ · หน้า 320a
གྱི་སྒོ་ནས་སྤང་བར་བྱ་བ་ཡིན་པས་དང་པོ་གནོད་པར་བྱེད་པ་ལ་ཇི་མི་སྙམ་པའི་སྒོ་ནས་ཡིད་མི་བདེ་བ་སྤང་བར་བསྟན་པའི་ཕྱིར། བདག་གམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་སེམས་ཅན་རྣམས་ཀྱི་འདོད་པའི་བྱེ་བྲག་བསྟན་ཏོ། །ཚིགས་སུ་
བཅད་པ་གཉིས་པའི་ཕྱེད་གོང་མས་ནི་འདོད་པ་དང་མི་མཐུན་པར་འབྱུང་བ་བསྟན་ཏོ། །ཕྱེད་གོང་མའི་རྩ་བ་དང་པོས་ནི་དེའི་གཉེན་པོ་བསྒོམ་པ་བསྟན་ཏོ། །རྩ་བ་གཉིས་པས་ནི་ཡིད་མི་བདེ་བ་སྤོངས་ཤིག་ཅེས་གདམས་པར་བསྟན་ཏོ། །དེ་ལ་སེམས་ཅན་རྣམས་ཀྱི་འདོད་པའི་བྱེ་བྲག་ནི་བཞི་སྟེ་བདག་
དང་བདག་གི་གཉེན་བཤེས་ལ་སོགས་པ་ལ། སྡུག་བསྔལ་བ་ལ་སོགས་པ་མི་འདོད་ཅིང་བདེ་བ་ལ་སོགས་པ་འདོད་པ་ཡིན་ལ། དགྲ་ལ་ནི་བདེ་བ་འབྱུང་བར་མི་འདོད་ཅིང་སྡུག་བསྔལ་འབྱུང་བར་འདོད་པའི་བསམ་པ་སྐྱེ་བས་དེའི་ཚེ་བདེ་བའི་རྒྱུ་ནི་དཀོན་ཞིང་སྡུག་བསྔལ་གྱི་རྒྱུ་ནི་ཤིན་ཏུ་མང་བའི་ཕྱིར་བདེ་
བས་ནི་ཕོངས་ལ། སྡུག་བསྔལ་མང་པོ་དང་ལྡན་པའི་དུས་སུ་སྡུག་བསྔལ་མེད་ན་ཁམས་གསུམ་ལ་སྐྱོ་བ་མི་སྐྱེ་ཞིང་ངེས་པར་འབྱུང་བ་མི་ཚོལ་བས་དེའི་ཕྱིར་སྡུག་བསྔལ་ནི་ཡོན་ཏན་ཅན་ཉིད་དུ་ཤེས་པར་བྱས་པའི་སྒོ་ནས་ཡིད་མི་བདེ་བ་སྤངས་ཏེ། ཐ་མལ་པའི་ངང་ལ་བརྟན་པར་གནོས་ཤིག་ཅེས་བྱ་བའི་
དོན་ཏོ། །འོན་ཏེ་གནོད་པ་དང་སྡུག་བསྔལ་བཟོད་པ་དེ་དག་གིས་མི་ཕོད་དོ་ཞེ་ན། དཀའ་བཟློག་ཅེས་བྱ་བ་ནི་མ་ཧ་དེ་བ་དང་ལྷ་མོ་ཨུ་མ་དེ་བ་སྟེ། ལྷའི་དཀའ་ཐུབ་ལས་ལོག་པ་ཡིན་པའི་ཕྱིར་ཏེ། དེ་ནི་འཇིག་རྟེན་པའི་ལོ་རྒྱུས་ལས་ཤེས་པར་བྱའོ། །དེ་བས་ན་དེ་ལ་དད་པའི་མི་མུ་སྟེགས་ཅན་དག་
གིས་ཀྱང་། མེ་ལྔ་བསྟེན་པ་ལ་སོགས་པ་སྡུག་བསྔལ་བཟོད་ན། བདག་གིས་ཇི་སྟེ་མི་བཟོད་ཅེས་བྱ་བའི་དོན་ཏོ། །འོན་ཏེ་དེ་ནི་ཤིན་ཏུ་དཀའོ་ཞེ་ན། གོམས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ད་ནི་སྡུག་བསྔལ་དང་དུ་ལེན་པ་ལ་བཟོད་པའི་དབང་དུ་བྱས་ནས། སྦྲུལ་དང་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། འཇིག་རྟེན་ན་དོན་མེད་པར་ཡང་སྦྲུལ་ལ་སོགས་པའི་གནོད་པ་བཟོད་ན། དོན་ཆེན་པོ་དང་བཅས་པའི་དམ་པའི་ཆོས་བསྒྲུབ་པའི་གནས་སྐབས་ཀྱི་ཚ་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བའི་ཚེ་ཡིད་མི་བདེ་བའི་བཟེ་རེ་མི་བྱ་སྟེ། ཞེ་སྡང་སྐྱེ་བའི་སྐྱོན་ཡོད་པའི་ཕྱིར་རོ། །འོ་ན་ཇི་ལྟར་
เล่ม ๑๐๕ · หน้า 320b
བྱ་སྙམ་པ་ལ། ལ་ལ་བདག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་བཟོད་པའི་ཕན་ཡོན་ཤེས་པར་བྱས་ལ། དེ་ལ་དགའ་བ་བསྐྱེད་པར་བྱ་བའི་མི་སྔ་མ་རྣམས་བཞིན་དུ་ཡིད་མི་བདེ་བ་བསྐྱེད་པར་མི་བྱའོ་ཞེས་པའི་དོན་ཏོ། །དེ་བས་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་དོ། །དེ་བས་
ན་ཐ་མལ་པའི་དགྲ་དག་ཁོ་ཉིད་རང་འཆི་བར་འགྱུར་བ་ཡིན་པས་དེ་གསོད་པ་ནི་དཔའ་བོ་མ་ཡིན་ཏེ། ཉོན་མོངས་པ་རྣམས་ནི་གཉེན་པོ་མ་བསྐྱེད་ཀྱི་བར་དུ་འབྲལ་བར་མི་འགྱུར་བའི་ཕྱིར། དེ་སྤོང་བར་བྱེད་པ་ནི་དཔའ་བོ་ཆེན་པོ་ཉིད་ཡིན་པས། དེ་བས་ན་འཐབ་མོ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
གཞན་ཡང་སྡུག་བསྔལ་གྱི་ཡོན་ཏན་ཤེས་པར་བྱ་བའི་སྒོ་ནས་ཡིད་མི་བདེ་བ་སྤང་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱོ་བས་ཞེས་བྱ་བའི་ཚིག་གསུམ་ནི་བདག་དང་གཞན་དང་གཉི་གའི་རྒྱུད་ལ་སྡུག་བསྔལ་ཡོད་པའི་ཡོན་ཏན་དེ་གོ་རིམས་བཞིན་དུ་སྦྱར་རོ། །ད་ནི་བདག་ཉིད་ལ་
གནོད་པ་བྱེད་པ་རྣམས་ལ་དོན་དམ་པའི་བདེན་པའི་དབང་དུ་བྱས་པའི་ཆོས་ཀྱི་མཚན་ཉིད་ལ་ངེས་པར་སེམས་པའི་བཟོད་པ་བསྒོམ་པའི་དབང་དུ་བྱས་ནས། མཁྲིས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ལ་ཡོད་པའི་མཁྲིས་པ་ལ་སོགས་པ་ཉིད་སྡུག་བསྔལ་གྱི་རྒྱུ་ཡིན་པའི་
ཕྱིར། དེ་ལ་ཁྲོ་བར་རིགས་ཀྱི་གནོད་པ་བྱེད་པ་རྣམས་ལ་ནི་ཁྲོ་བར་མི་རིགས་ཏེ་དེ་དག་གནོད་པ་བྱེད་པ་ནི་རང་བཞིན་གྱིས་གནོད་པ་བྱེད་པ་ནི་མ་ཡིན་གྱི། གློ་བུར་གྱི་རྐྱེན་ལས་བྱུང་བས་དོན་དམ་པར་རང་བཞིན་མེད་སྙམ་དུ་བསམས་པའོ། །ཇི་ལྟར་ན་གློར་བུར་གྱི་རྐྱེན་ལས་བྱུང་བ་ཡིན་ཞེ་ན། རྐྱེན་
ལས་བྱུང་བའི་མཚན་ཉིད་ནི་མདོར་བསྡུས་ན་རྣམ་པ་གསུམ་སྟེ། དང་པོ་ནུས་པའི་རྐྱེན་ལས་བྱུང་བ་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བདག་ལ་ནད་ལ་སོགས་པ་འབྱུང་བར་མི་འདོད་བཞིན་དུ་ཡང་དེ་སྐྱེད་པར་ནུས་པའི་རྐྱེན་ཚོགས་པའི་དབང་གིས་འབྱུང་བར་འགྱུར་བ་
བཞིན་དུ་དགྲ་བོ་དེ་དག་གིས་གནོད་པར་བྱ་བར་བདག་ཉིད་ཀྱང་མི་འདོད་དེ། དེ་བསྐྱེད་པར་ནུས་པའི་རྐྱེན་ཚོགས་པའི་དབང་གིས་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་གཉིས་པ་གཡོ་བ་མེད་པའི་རྐྱེན་ལས་འབྱུང་བ་བསྟན་པའི་ཕྱིར། ཁྲོ་བར་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
เล่ม ๑๐๕ · หน้า 321a
རྐྱེན་དེ་དག་ལ་ཡང་འབྲས་བུ་ཁྲོ་བར་བྱ་ཞིང་། གནོད་པའི་མཚན་ཉིད་སྐྱེ་བར་བྱའོ་ཞེས་བྱ་བའི་བློ་སྔོན་དུ་གཏོང་བའི་གཡོ་བ་མེད་ལ། འབྲས་བུ་དེ་དག་ལ་ཡང་བདག་ནི་རྒྱུ་རྐྱེན་འདི་དག་གིས་བསྐྱེད་པར་བྱ་བ་ཡིན་ནོ་ཞེས་བློ་སྔོན་དུ་མ་བཏང་ཡང་ནུས་པའི་རྐྱེན་དེ་དག་ཡོད་པ་
ཙམ་གྱིས་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅི་དེ་འབའ་ཞིག་ཏུ་ཟད་དམ་ཞེ་ན། མ་ཡིན་ཏེ་ལས་དང་ཉོན་མོངས་པ་མཐའ་དག་ཀྱང་ནུས་པའི་རྐྱེན་དང་གཡོ་བ་མེད་པའི་རྐྱེན་ལས་འབྱུང་བ་བསྟན་པའི་ཕྱིར། ཉེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་ནུས་
པའི་རྐྱེན་ལས་བྱུང་བ་བསྟན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཀྱང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉེས་པ་ནི་ཉེས་པར་བྱེད་པའི་རྒྱུ་ཡིན་པས་ཉེས་པ་སྟེ་འདོད་ཆགས་ལ་སོགས་པ་རྣམས་སོ། །སྡིག་པ་ནི་དེས་ཀུན་ནས་བསླང་བའི་སྲོག་
གཅོད་པ་ལ་སོགས་པ་མི་དགེ་བའི་ལས་རྣམས་སོ། །རྐྱེན་རྣམས་ཚོགས་ཞེས་བྱ་བ་ལ་སོགས་པས་ནི་གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་ཡོད་པས་འདི་འབྱུང་ཞེས་བྱ་བའི་དཀའ་རྒྱུ་དེ་དག་ཡོད་པ་ཙམ་གྱིས་འབྱུང་གི་བློ་སྔོན་དུ་གཏོང་བའི་གཡོ་
བ་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །ད་ནི་མི་རྟག་པའི་རྐྱེན་ལས་བྱུང་བ་བསྟན་པའི་ཕྱིར། གཙོ་བོར་བྱ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་སྙམ་དུ་དགྲ་བོ་ལ་སོགས་པ་དེ་དག་བདག་ལ་གནོད་པར་བྱེད་པ་ནི་བདག་ལ་སོགས་པའི་རྟག་པའི་དངོས་པོ་འགའ་ཞིག་གི་སྟོབས་ཀྱིས་ཡིན་
ནོ་ཞེ་ན་མ་ཡིན་ཏེ། ཁྱོད་ཀྱིས་ནི་དངོས་པོ་ཐམས་ཅད་ཀྱི་གཙོ་བོ་སྟེ་བྱེད་པ་པོ་ཉིད་དུ་གནས་པ་དེ་ལ་བདག་ཅེས་བྱ་བར་ཁས་བླངས་མོད་ཀྱི། དེ་ནི་མ་སྐྱེས་པས་མེད་པའི་ཕྱིར་རམ། ཡོད་དུ་ཟིན་ཀྱང་རྟག་པ་ཉིད་ཀྱི་དངོས་པོ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་རང་གིས་ཀྱང་མི་སྐྱེ་ལ་ལྷན་ཅིག་
བྱེད་པའི་རྐྱེན་ལ་ལྟོས་ཏེ་འབྲས་བུ་བསྐྱེད་པ་ཡང་མི་འཐད་པའི་ཕྱིར། བདག་ལ་སོགས་པ་ནི་མི་བསྐྱེད་ཀྱི་གཞན་མི་རྟག་པ་འགའ་ཞིག་གི་སྟོབས་འབྱུང་བ་ཡིན་ནོ་ཞེས་ཏེ་བསྡུས་པའི་དོན་ཏོ། །ཇི་ལྟར་བདག་ཅེས་བྱ་བ་མ་སྐྱེས་པས་མེད་ཅེ་ན། རེ་ཞིག་སྐྱེ་གནས་བདག་ཉིད་འདི་ལྟ་བུ་ཞིག་ཏུ་
เล่ม ๑๐๕ · หน้า 321b
འབྱུང་བར་མི་བྱའོ་ཞེས་བློ་སྔོན་དུ་བཏང་ནས་སྐྱེ་བའམ། ཡང་ན་ཡུལ་ལ་སོགས་པ་ཡོད་པ་ཙམ་གྱིས་སྐྱེ་ཞེས་བྱ་བ་གཉིས་སུ་བརྟག་གྲང་སྟེ། དེ་ལ་ཕྱོགས་དང་པོ་ནི་ཁྱེད་ཉིད་ཁས་མི་ལེན་པའི་ཕྱིར། དེ་ཉིད་བདག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་ཡིན་ན་ཡང་སྨོས་པ་ཅི་ཡོད་སྙམ་པ་ལ། མ་
སྐྱེས་པར་དེ་མེད་ན་ནི། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་མ་སྐྱེས་ན་མེད་པའི་ཕྱིར་དེ་འབྲས་བུ་བསྐྱེད་པ་ལྟ་ག་ལ་ནུས་སྙམ་དུ་བསམས་པའོ། །ད་ནི་ཕྱོགས་གཉིས་པའི་དབང་དུ་བྱས་ནས་དེའི་ཚེ་སྐྱེ་བར་འདོད་པ་ཞེས་སྨོས་ཏེ། གཞན་གྱིས་བསམས་པའི་བློ་སྔོན་དུ་བཏང་ནས་མ་སྐྱེས་ཀྱང་། ཡུལ་ལ་སོགས་
པའི་རྐྱེན་ཚོགས་པའི་ཚེ་སྐྱེ་བར་འདོད་དམ་སྙམ་ན། དེ་ལྟ་ཡིན་ན་ཡུལ་ནི་དུས་གསུམ་ཆར་དུ་ཡོད་པ་དེ་ལ་དམིགས་ཏེ་འབྱུང་བའི་བདག་ཀྱང་རྟག་ཏུ་གནས་པའི་ཕྱིར་དུས་ཐམས་ཅད་དུ་མི་འགལ་བས་ཡུལ་ལ་རྟག་ཏུ་ཞེས་པ་ལ་སོགས་པ་སྟེ། འོན་ཏེ་དེ་ནི་རྟག་པ་ཡིན་པའི་ཕྱིར་འདོད་པ་ཁོ་ནའོ་ཞེ་
ན་ཇི་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་རྟག་པ་ཉིད་ཀྱིས་ནུས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར། ནམ་མཁའ་བཞིན་དུ་འབྲས་བུ་མི་སྐྱེད་པར་ཤིན་ཏུ་ཡང་གསལ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དུ་ཟིན་ཀྱང་ལྷན་ཅིག་བྱེད་པའི་རྐྱེན་གཞན་ལ་ལྟོས་ཏེ། འབྲས་བུ་བསྐྱེད་དོ་ཞེ་ན། རྐྱེན་
རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་རྟག་པར་འགྱུར་བ་མེད་པའི་ཕྱིར་གྲོགས་ཅི་ཞིག་བྱར་ཡོད། དེ་བས་ན་ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་ཏེ་འབྲས་བུ་སྐྱེ་བར་ཡང་མི་འཐད་དོ། །ཇི་ལྟར་ན་བདག་དེ་ལ་འགྱུར་བ་མེད་ཅེ་ན། བྱེད་པའི་ཚེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་
བྱེད་པའི་རྐྱེན་དང་ཕྲད་པའི་ཚེ་ཡང་རྟག་པ་ཡིན་པའི་ཕྱིར། སྔོན་གྱི་མ་ཕྲད་པའི་ཚེ་ཡང་གནས་སྐབས་ཁོ་ན་བཞིན་ཡིན་ན། བྱེད་པས་བྱ་བ་ལྷན་ཅིག་བྱེད་པའི་རྐྱེན་གྱིས་བདག་དེ་ལ་སྔར་མི་ནུས་པ་ལས་ནུས་པའི་མཚན་ཉིད་ཀྱི་གྲོགས་ཅི་ཞིག་བྱ་སྟེ། ཅུང་ཟད་ཀྱང་མ་བྱས་སོ་ཞེས་བྱ་བའི་ཐ་ཚིག་
གོ། །དེས་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡོད་པར་གྲུབ་ན་ཡང་ཞེས་ཁས་བླངས་ནས་བཅད་དོ། །དེ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཉིད་ཀྱང་མ་གྲུབ་པར་བསྟན་པའི་ཕྱིར། དེའི་བྱེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་དེའི་ལྷན་ཅིག་བྱེད་པའི་རྐྱེན་ནི་འདི་ཡིན་ནོ་ཞེས་གཞག་པའི་རྒྱུ་མཚན་
เล่ม ๑๐๕ · หน้า 322a
བདག་དང་ལྷན་ཅིག་བྱེད་པའི་རྐྱེན་དུ་འདོད་པའི་དངོས་པོ་དེ་གཉིས་ལ་འབྲས་བུ་སྐྱེད་མི་ནུས་པ་ལས་ཕྱིས་ངེས་པའི་མཚན་ཉིད་དུ་ཕན་འདོགས་པར་འགྱུར་བའི་འབྲེལ་པ་ཅི་ཞིག་ཡོད་དེ་བདག་ནི་རྟག་པ་ཡིན་པའི་ཕྱིར་ཕན་གདགས་པར་བྱ་བ་མ་ཡིན་ལ་རྟག་པ་ཉིད་ཀྱིས་འགྱུར་བ་མེད་པའི་
ཕྱིར། ལྷན་ཅིག་བྱེད་པའི་རྐྱེན་ཡང་ཕན་འདོགས་པར་བྱེད་པ་མ་ཡིན་པས་དེ་ལྟར་ན་འབྲས་བུ་ཐམས་ཅད་ནི་རྒྱུ་རྐྱེན་གཞན་མི་རྟག་པའི་དབང་གིས་འབྲས་བུ་དེ་རང་ལ་དབང་མེད་པར་སྐྱེའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དགྲ་ལ་སོགས་པ་དེ་དག་གནོད་པ་དེ་དག་ནི་རྐྱེན་ལས་བྱུང་བ་སྟེ། རྟེན་འབྲེལ་ཡིན་
པའི་ཕྱིར་དོན་དམ་པར་རང་བཞིན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་དེ་ལྟར་ཤེས་པའི་ཕན་ཡོན་བསྟན་པའི་ཕྱིར། དེ་ལྟར་ཤེས་ན་ཞེས་བྱ་བ་ལ་སོགས་པ་གཉིས་གསུངས་སོ། །གལ་ཏེ་དེ་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ཏེ། བཟོད་པ་བསྒོམ་པ་ཉིད་མི་རིགས་སོ་སྙམ་པ་འདི་
སེམས་ཅན་ལ་བསྡོགས་ནས། གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སློབ་དཔོན་གྱིས་དེ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་རྫོབ་ཏུ་བཟོད་པ་བསྒོམ་པ་ལ་བརྟེན་ནས། སྡུག་བསྔལ་སྤོང་བའི་དགོས་པ་ཡོད་པའི་ཕྱིར། བཟོད་པ་བསྒོམ་པར་མི་འགལ་ལོ་སྙམ་དུ་བསམས་པའོ། །
དེ་བས་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་བསྟན་པའི་དོན་མཇུག་བསྡུ་བའོ། །གལ་ཏེ་རང་དགས་ཞེས་བྱ་བ་ལ་སོགས་པས་ནི་གལ་ཏེ་གཞན་དག་གནོད་པར་བྱེད་པ་དེ་རྐྱེན་ལ་མི་ལྟོས་པར་ཁས་ལེན་པའི་ངེས་པ་བསྟན་ཏོ། །ད་ནི་ལུས་ཀྱིས་བརྡེག་པ་ལ་སོགས་པའི་ཚུལ་གྱིས་གནོད་པ་བྱེད་
པ་དེ་དག་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་པའི་ཆོས་ཀྱི་མཚན་ཉིད་ལ་ངེས་པར་སེམས་པའི་བཟོད་པ་བསྒོམ་པར་བསྟན་པར་བྱ་བའི་ཕྱིར་བག་མེད་པས་ནི་བདག་ཅེས་བྱ་བའི་ཚིགས་སུ་བཅད་པ་བཞི་གསུངས་ཏེ། བསྡུས་པའི་དོན་ནི་ཀུན་རྫོབ་ཏུ་ཡང་ཉོན་མོངས་པའི་དབང་གིས་ཤིན་ཏུ་གཅེས་
པའི་བདག་ཉིད་ལ་ཡང་གནོད་པ་བྱེད་པ་དེ་དག་ཉོན་མོངས་པའི་དབང་གིས་གཞན་ལ་གནོད་པ་བྱེད་པ་མི་རིགས་པ་མེད་པ་ལས། དེ་དག་སྙིང་རྗེ་བར་རིགས་ཀྱི་ཁྲོ་བར་བྱ་བར་མི་རིགས་སོ་ཞེས་བྱ་བ་ཡིན་ནོ། །ད་ནི་གཞན་ལ་གནོད་པ་བྱེད་པ་སེམས་ཅན་རྣམས་ཀྱི་རང་བཞིན་ནི་རང་བཞིན་པ་ཉིད་ཀྱི་ཕྱིར་
เล่ม ๑๐๕ · หน้า 322b
ཁྲོ་བར་བྱ་བར་མི་རིགས་ལ། འོན་ཏེ་རང་བཞིན་མ་ཡིན་ན་ཡང་དེའི་རང་བཞིན་མ་ཡིན་པ་ཉིད་ཀྱི་ཕྱིར་ཁྲོ་བར་བྱ་བར་མི་རིགས་སོ་ཞེས་དཔེའི་སྒོ་ནས་བསྟན་པའི་ཕྱིར། གལ་ཏེ་གཞན་ལ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་སྨོས་སོ། །ཡང་གཅིག་ཏུ་ན་གཞན་གྱི་མཚོན་ལ་སོགས་པས་
ཉེས་ཀྱི་སེམས་ཅན་གྱིས་མ་ཉེས་པའི་ཕྱིར་དང་། གཉིས་སུ་ན་སེམས་ཅན་གྱིས་ཀྱང་མ་ཉེས་ཀྱི་དེའི་རྒྱུད་ལ་ཡོད་པའི་ཞེ་སྡང་གིས་ཉེས་པའི་ཕྱིར་དང་། གསུམ་དུ་ན་ཞེ་སྡང་གིས་ཀྱང་མ་ཉེས་ཀྱི་བདག་ཉིད་ཀྱི་ལས་ཀྱིས་ཉེས་པའི་ཕྱིར་སེམས་ཅན་ལ་ཁྲོ་བར་བྱར་མེད་དོ་ཞེས་བསྟན་པའི་ཕྱིར། དབྱུག་
པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གཉིས་སྨོས་སོ། །རྣམ་པ་གཅིག་ཏུ་ན་བདག་གིས་ནི་སྡུག་བསྔལ་འབྱུང་བའི་གཞིའི་ལུས་བཟུང་ལ་གཞན་གྱིས་ནི་སྡུག་བསྔལ་འབྱུང་བའི་རྐྱེན་མཚོན་ཕྱུང་བའི་ཕྱིར། བདག་ལ་ནད་ལ་སོགས་པའི་སྡུག་བསྔལ་འབྱུང་བ་ནི་བདག་ཅག་གཉི་གས་ཉེས་པས་
གཞན་འབའ་ཞིག་ལ་ཁྲོ་བར་བྱར་མེད་དོ་ཞེས་བསྟན་པའི་ཕྱིར། དེའི་མཚོན་དང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་སྨོས་སོ། །ཡང་རྣམ་པ་གཅིག་ཏུ་ན་བདག་གིས་ཚེ་སྔ་མའི་དུས་སུ་གཞན་ལ་གནོད་པ་བྱས་པའི་ལས་ཀྱི་དབང་གིས་བསྐུལ་ནས་ཚེ་འདིར་བདག་ལ་གནོད་པ་བྱས་
པའི་དབང་གིས་དེ་དག་སྐྱེ་བ་ཕྱི་མར་ངན་སོང་དུ་ལྟུང་བར་འགྱུར་བའི་ཕྱིར་བདག་ནི་དེ་དག་ལ་ཤིན་ཏུ་གནོད་པ་བྱེད་པ་ཡིན་ལ་བདག་ནི་དེ་དག་ལ་བརྟེན་ཏེ་བཟོད་པ་བསྒོམ་པ། ཟླ་བ་སྒྲོན་མའི་མདོ་ལས། བྱིས་པས་ཡང་དག་མ་ལགས་པས། །སྤྱོས་ཤིང་བརྒྱབ་པ་བཟོད་པར་བགྱི། །སྨོད་དང་འདྲེན་པ་
དང་དུ་བླང་། །བྱང་ཆུབ་སེམས་དཔའ་གཞན་དག་ལ། །བདག་གིས་གནོད་སེམས་བསྐྱེད་པ་དང་། །སྔོན་ཆད་བདག་གིས་སྡིག་པའི་ལས། །བགྱིས་པ་རྣམས་ནི་བྱང་བར་འགྱུར། །ཞེས་ཇི་སྐད་གསུངས་པའི་ཚུལ་གྱིས་སྔོན་ནས་བསགས་པའི་སྡིག་པ་བྱང་བར་བྱེད་པ་བཟོད་པ་ལས་
བྱུང་བའི་བསོད་ནམས་དཔག་ཏུ་མེད་པ་སྡུད་པར་བྱེད་པའི་ཕྱིར་དེ་དག་ནི་བདག་ལ་ཕན་འདོགས་པ་ཡིན་པས་དེ་དག་ལ་ཤིན་ཏུ་ཡང་ཁྲོ་བར་བྱ་བར་མི་རིགས་སོ་ཞེས་བསྟན་པའི་ཕྱིར། བདག་གི་ལས་ཀྱིས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གསུངས་སོ། །འོན་ཏེ་གནོད་པ་བྱེད་པ་དེ་
เล่ม ๑๐๕ · หน้า 323a
དག་ལ་བདག་གིས་བཟོད་པ་བསྒོམ་པའི་བསམ་པའི་ཡོན་ཏན་གྱིས་དགྲ་བོ་དེ་དག་ཀྱང་འགྱོད་པ་སྐྱེས་པའི་དབང་གིས་ཤད་ཀྱིས་སྦྱངས་པ་ལ་སོགས་པ་བྱས་ནས་ངན་སོང་དུ་ལྟུང་བར་མ་གྱུར་ན་དེའི་ཚེ་དགྲ་བོ་དེ་ལ་བདག་ཤིན་ཏུ་དྲིན་ཆེ་བ་ཡིན་ནོ་ཞེ་ན། དེའི་ཚེ་བདག་ཉིད་ངན་
སོང་དུ་སྐྱེ་བའི་རྒྱུ་མ་ལགས་པས་བདག་ཉིད་ཀྱིས་དོན་བྱས་པར་ཟད་ཀྱི། དེའི་ཚེ་ཡང་གཞན་ལ་ལྷག་པར་དྲིན་ཆེ་རྒྱུ་མེད་དོ་ཞེས་བསྟན་པའི་ཕྱིར། བདག་གི་བསམ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པའོ། །ཅིའི་ཕྱིར་ཞེ་ན། བདག་གིས་བཟོད་པ་མ་བསྒོམས་ན་དགྲ་བོ་དེ་དག་ཀྱང་ཤས་ཆེར་ཉོན་མོངས་པ་སྐྱེ་
བའི་ཕྱིར་དེ་དག་ཀྱང་ངན་སོང་དུ་ལྟུང་བར་འགྱུར་ཞིང་དེས་ན་གཞན་གྱི་ལུས་བསྲུང་བའི་སྤྱོད་པ་ཡང་ཉམས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། འོན་ཏེ་ལེན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་ངག་གི་མི་སྙན་པ་སྨྲ་བ་ལ་སོགས་པ་ལ་ཆོས་ཀྱི་མཚན་ཉིད་ལ་ངེས་པར་སེམས་པའི་བཟོད་པ་བསྒོམ་
པའི་དབང་དུ་བྱས་ནས་ཡང་ཡིད་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་ཐམས་ཅད་དུ་གང་གིས་ཀྱང་གནོད་པ་བྱ་བར་མི་ནུས་ལ། ལུས་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་དང་ཞེན་པས་བདག་ཏུ་གཟུང་བའི་ཕྱིར་དེ་ལ་བརྡེག་པ་ལ་སོགས་པས་གནོད་པ་བྱ་བར་ནུས་ཀྱི་མི་སྙན་པར་སྨྲ་བ་ལ་སོགས་པ་རྣམས་ཀྱི་
ནི་ལུས་ལ་ཡང་གནོད་པ་བྱ་བར་མི་ནུས་ན་གཟུགས་ཅན་མ་ཡིན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན་གང་ལ་ཡང་མི་གནོད་པས་ཤིན་ཏུ་ཡང་ཁྲོ་བར་མི་རིགས་སོ་ཞེས་བྱ་བ་བསྟན་པའི་ཕྱིར། ཡིད་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་སོ། །འོན་ཏེ་མི་སྙན་པར་སྨྲ་བ་
དེ་ནི་བདག་ལ་མི་དགའ་བ་ལ་མ་ཡིན་པའི་ཕྱིར་དེ་བདག་མི་འདོད་དེ་ཁྲོའོ་ཞེ་ན། གཞན་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་གཞན་དག་བདག་ལ་མི་དགའ་བ་དེས་ནི་བདག་གི་གྲགས་པ་མ་ཡིན་པ་བསྒྲགས་པས་བདག་གི་རྙེད་པ་ལ་སོགས་པའི་བར་ཆད་བྱེད་པའི་ཕྱིར་གཞན་དག་མི་
དགའ་བར་འདི་བདག་མི་འདོད་དོ་སྙམ་དུ་བསམས་ནས་རྙེད་པའི་བར་ཆད་ཅེས་པ་ལ་སོགས་པ་སྨོས་སོ། །སློབ་དཔོན་གྱིས་བདག་གི་རྙེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་བསྟན་ཏེ། སྡིག་པ་དང་བསྔོས་པའི་ནད་པ་འདི་འདོར་ལ། རྙེད་པ་བསྒྲུབ་པའི་དོན་དུ་གཞན་ལ་ཁྲོས་པ་ནི་
เล่ม ๑๐๕ · หน้า 323b
རྟག་པ་ནི་འབྲལ་བའི་ཕྱིར། གལ་ཏེ་སྡིག་པ་མི་སོགས་སུ་རུང་བ་དེ་རྙེད་པ་མེད་པའི་ཕྱིར། བདག་ཉིད་ཤི་བ་ནི་བླའི་སྡིག་པ་བསྡུས་པའི་རྙེད་པ་ལོག་པས་འཚོ་བའི་སྒོ་ནས་ཡུན་རིང་དུ་གནས་པ་ལས་ནི་མེད་དེ། ཅིའི་ཕྱིར་ཞེ་ན། དེ་ལྟར་གནས་ཀྱང་མཐར་འཆི་བར་འགྱུར་ལ། དེའི་རྗེས་ལ་ངན་སོང་དུ་
ལྟུང་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་རྙེད་པ་འདི་འདོར་བ་མ་ཡིན་ཏེ། ཤི་འཕོས་ཀྱང་མི་འབྲལ་བར་གནས་སོ་ཞེ་ན། རྨི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་ཞེ་ན། རྙེད་པ་མང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་གྱི་གལ་ཏེ་རྙེད་པས་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། གལ་ཏེ་སྡིག་པས་བསྒྲུབས་པའི་རྙེད་པས་གསོན་པར་འགྱུར་ཞིང་རྗེས་ལ་སྡིག་པ་ཟད་པར་བྱ་ཞིང་བསོད་ནམས་བསགས་པར་བྱ་བ་ཡིན་པས། དེས་ན་རྙེད་པའི་དོན་དུ་ཁྲོས་པ་ལ་འགལ་བ་མེད་དོ་ཞེ་ན། ལེན་དུ་རྙེད་པའི་དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་ན་སྡིག་
པས་བསྒྲུབས་པའི་རྙེད་པའི་སྒོ་ནས་གསོན་པར་བྱ་བའི་དོན་ཉིད་མི་འགྲུབ་སྟེ། སླར་ཞིང་སྡིག་པ་ནི་འཕེལ་ཞིང་བསོད་ནམས་ནི་ཉམས་པར་འགྱུར་ཏེ། ཇི་སྐད་དུ། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཡང་། །ཁོང་
ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གོང་དུ་བཤད་པ་ལྟ་བུའོ། །གལ་ཏེ་ཐ་མལ་པའི་ངང་ལ་གནས་པའི་སེམས་བསྟན་པ་ཉམས་པར་བྱེད་པས། རྒྱུ་དེའི་ཕྱིར་མི་སྙན་པར་སྨྲ་བ་ལ་ཁྲོའོ་ཞེ་ན། འོ་ན་ནི་སྔོན་ཆད་སྙན་པར་སྨྲ་བ་ལ། ཡིད་ཁྱོད་ཅི་ཕྱིར་མི་ཁྲོ་སྐྱེ་སྟེ་བརྟན་པ་ཉམས་པར་བྱེད་
པར་མཚུངས་སོ་སྙམ་དུ་བསམས་པའོ། །ད་ནི་སྙན་པར་སྨྲ་བ་དེ་ཇི་ལྟར་དད་པ་མེད་པའི་གང་ཟག་དགེ་བའི་ལས་ལ་མི་འཇུག་ཅིང་མི་དགེ་བའི་ལས་ལ་འཇུག་པར་བྱེད་པས་སྙིང་རྗེའི་གནས་ཡིན་པ་དེ་བཞིན་དུ། འདི་ཡང་སྙིང་རྗེའི་གནས་ཉིད་དུ་བསྟན་པའི་ཕྱིར། དད་པ་ཞེས་བྱ་བ་ལ་སོགས་
པ་སྨོས་སོ། །ད་ནི་དཀོན་མཆོག་ལ་གནོད་པ་བྱེད་པའི་དབང་དུ་བྱས་ནས། ཆོས་ཀྱི་མཚན་ཉིད་ལ་ངེས་པར་སེམས་པའི་བཟོད་པ་བསྟན་པའི་ཕྱིར། སྐུ་གཟུགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེ་སྡང་བསྐྱེད་པར་བྱ་བ་ནི་མ་ཡིན་ཏེ། བདག་ནི་ངན་སོང་དུ་ལྟུང་བར་འགྱུར་
เล่ม ๑๐๕ · หน้า 324a
བའི་ཕྱིར་དང་། དེས་སངས་རྒྱས་ལ་གནང་བར་མི་འགྱུར་བའི་ཕྱིར། འོན་ཀྱང་བདག་ཉིད་ལ་ཡང་ནུས་པ་དང་ལྡན་ཞིང་སྦྱོར་བ་དང་། གཞིའི་གནས་སྐབས་སུ་སྙིང་རྗེ་ལ་སོགས་པའི་བསམ་པའི་ཐབས་ལ་མཁས་པ་དང་ལྡན་པ་ལ་སྦྱོར་བའི་ཐབས་ལ་མཁས་པས་ཟིན་པའི་
བསྒྲུབ་པར་བྱ་བ་དེ་ཉིད་ཀྱི་ཡང་དོན་དུ་འགྱུར་ཞིང་གཞན་མང་པོ་དག་གི་མི་མོས་པ་སྐྱེ་བར་འགྱུར་ལ་ཐབས་གཞན་གྱིས་མི་བཟློགས་པར་ལས་དེ་བྱེད་པའི་ཕྱིར་ཚར་གཅད་པའི་ཞིང་དུ་འགྱུར་བ་ཡང་ཡིན་ན་ནི། དེའི་ཚེ་གདོན་མི་ཟ་བར་བྱ་དགོས་ཏེ། འདིར་སྡུག་བསྔལ་ཡང་ཕྱི་མ་ལ་ཕན་པར་འགྱུར་བར་བྱ་བའི་
ཕྱིར་དང་། གལ་ཏེ་མ་བྱས་ན་དེའི་ཚེ་ལྟུང་བར་འགྱུར་ཏེ། སྡོམ་པ་ཉི་ཤུ་པ་ལས་ཇི་སྐད་དུ། གཞན་གྱི་ཡིད་མི་བདེ་བ་སྲུང་བའི་ཕྱིར། །མ་བྱས་ན་ནི་ཉོན་མོངས་བཅས་ཀྱང་ཆོས་མི་བྱེད། །ཅེས་བྱ་བའི་ལྟུང་བར་འགྱུར་ལ་དེ་ལྟ་མ་ཡིན་ཏེ། ད་ནི་བླ་མ་དང་བཤེས་གཉེན་ལ་སོགས་ལ་གནོད་པ་བྱེད་
པ་རྣམས་ལ་དོན་དམ་པའི་བདེན་པའི་དབང་དུ་བྱས་པའི་ཆོས་ཀྱི་མཚན་ཉིད་ལ་ངེས་པར་སེམས་པའི་བཟོད་པ་བསྒོམ་པར་བསྟན་པ། བླ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སྔ་མ་བཞིན་ནོ། །ད་ནི་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ནས་བཟོད་པ་བསྒོམ་པ་བསྟན་པའི་ཕྱིར། ལུས་ཅན་རྣམས་ལ་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་གོང་དུ་དབྱུག་པ་ལ་སོགས་པ་དངོས་བཀོལ་ཏེ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་བཞིན་ནོ། །ད་ནི་གཉི་གས་ཉེས་པའི་ཕྱིར་གཞན་འབའ་ཞིག་ལ་ཁྲོར་མེད་དོ་བར་བསྟན་པའི་ཕྱིར། ལ་ལ་རྨོངས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་དེའི་མཚོན་དང་
བདག་གི་ལུས་ཞེས་སྔར་བཤད་པ་དང་མཚུངས་སོ། །བདག་གི་གཉེན་ལ་སོགས་པ་ཉིད་ཀྱི་ལས་ཀྱིས་ངེས་པར་གཞན་ལ་ཁྲོ་བ་བྱར་མེད་པར་བསྟན་པའི་ཕྱིར། གང་གིས་གཞན་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་གོང་དུ། བྱིས་པ་སྡུག་བསྔལ་མེད་འདོད་ཅིང་། །ཞེས་བྱ་བ་ལ་སོགས་པ་
ཇི་སྐད་བསྟན་པ་དང་མཚུངས་སོ། །ད་ནི་འཇུག་པའི་ཚུལ་གྱིས་ཐམས་ཅད་ཀྱང་ལས་ལ་རག་ལས་པའི་ཕྱིར་མ་འོངས་པའི་དུས་སུ་ཕན་ཚུན་དགེ་བའི་སེམས་སུ་འགྱུར་གྱི། དེ་ལས་གཞན་པའི་སེམས་སུ་མི་འགྱུར་བར་བྱ་བའི་ཕྱིར། ད་ལྟར་གྱི་དུས་སུ་བསོད་ནམས་ལ་འབད་པར་བྱའོ་ཞེས་བསྟན་
เล่ม ๑๐๕ · หน้า 324b
པར་བྱ་བའི་ཕྱིར། དེ་ལྟར་མཐོང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འཕགས་པ་བརྒྱད་སྟོང་པ་ལས་གང་གཱའི་ལྷ་མོའི་ལེའུའི་ནང་ནས་ཇི་སྐད་གསུངས་པ་དེ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཞེ་སྡང་གི་རྒྱུ་སྤངས་པའི་སྒོ་ནས་ཞེ་སྡང་སྤང་བར་བྱ་བར་བསྟན་པའི་ཕྱིར།
དཔེར་ན་ཁྱིམ་ཚིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་ལྷག་པར་ཆགས་པ་དེ་ལ་བདག་གིས་གནོད་པར་བྱས་པས་ཞེ་སྡང་འབྱུང་བའི་ཕྱིར། ཆགས་པ་ནི་ཞེ་སྡང་གི་རྒྱུ་ཡིན་ལ། བསྐལ་པ་སྟོང་དུ་བསགས་པའི་ཞེ་སྡང་བྱ་བ་ལ་སོགས་པ་གོང་དུ་བསྟན་པ་བཞིན་དུ་ཞེ་སྡང་སྐྱེས་པའི་དབང་གིས་བསོད་
ནམས་ཚིག་པར་དོགས་པའི་ཕྱིར། ཞེ་སྡང་སྤོང་བའི་དོན་དུ་དེའི་རྒྱུ་ལྷག་པར་ཆགས་པ་སྤང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དེ་སྤོང་བའི་གནས་སྐབས་ཀྱི་སྡུག་བསྔལ་བཟོད་པར་མི་ནུས་སོ་ཞེ་ན། སྡུག་བསྔལ་ཆེན་པོ་སྤང་བའི་ཕྱིར། དེ་སྤོང་བའི་ཐབས་སུ་གྱུར་པའི་སྡུག་བསྔལ་བཟོད་པར་བྱ་བ་ཡིན་
པས། ངན་སོང་གསུམ་གྱི་སྡུག་བསྔལ་གྱི་རྒྱུ་ཞེ་སྡང་སྤང་བའི་ཕྱིར། ཞེ་སྡང་གི་རྒྱུ་འདོད་ཆགས་སྤོང་བའི་གནས་སྐབས་ཀྱི་སྡུག་བསྔལ་ལ་བཟོད་པར་བྱ་བའི་སྒོ་ནས། ཞེ་སྡང་བཟློག་པར་བྱ་དགོས་སོ་ཞེས་བྱ་བའི་དོན་ཏོ། །ཡང་གང་གི་ཚེ་རེས་འགའ་བདག་དང་གཞན་
གྱི་རྒྱུད་ལ་མངོན་པར་མཐོ་བ་དང་། ངེས་པར་ལེགས་པར་སྒྲུབ་པའི་དོན་བྱེད་པར་ཡང་འཕྲལ་གྱི་འདོད་པའི་ཡོན་ཏན་ཙམ་བསྒྲུབ་པའི་དོན་དུ་མི་དགེ་བའི་ལས་བྱས་པའི་རྒྱུས་སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡང་བཟོད་པར་ནུས་ན། ལྷག་པར་ཆགས་པ་སྤང་བའི་
གནས་སྐབས་ཀྱི་སྡུག་བསྔལ་འདི་ནི་ཅི་སྟེ་བཟོད་པར་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན། དམྱལ་བ་ལ་སོགས་པའི་སྡུག་བསྔལ་དེ་ཙམ་དུ་གནོད་པ་ཡང་མ་ཡིན་པའི་ཕྱིར་ཏེ། ཇི་ལྟར་ཞེ་ན། དེ་ལ་བརྟེན་ནས་ཞེ་སྡང་ལ་སོགས་པ་སྤང་བའི་རིམ་གྱིས་གླགས་དང་། གཞན་གྱི་དོན་ཆེན་པོ་མངོན་
པར་མཐོ་བ་དང་། ངེས་པར་ལེགས་པ་ཡང་འགྲུབ་པའི་ཕྱིར། འགྲོ་བ་བདག་དང་གཞན་གྱི་དོན་ཆེན་པོ་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་རྒྱུར་གྱུར་པའི་ཞེ་སྡང་གི་རྒྱུ་ལྷག་པར་ཆགས་པ་སྤང་བའི་གནས་སྐབས་སུ་སྡུག་བསྔལ་དང་དུ་བླང་བ་འདི་ལ་ཕན་ཡོན་མཐོང་བའི་སྒོ་ནས་
เล่ม ๑๐๕ · หน้า 325a
དགའ་བ་བསྐྱེད་པར་རིགས་ཀྱི། སྒྱིད་ལུག་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཞེ་སྡང་གི་ཆར་གཏོགས་པ་ཕྲག་དོག་སྤོང་བའི་དབང་དུ་བྱས་ནས། གཞན་གྱི་ཡོན་ཏན་བརྗོད་པ་ཐོས་པའི་ཚེ་དེ་ལ་ཕྲག་དོག་སྤང་བའི་ཕྱིར། གཞན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
གལ་ཏེ་འགའ་ཞིག་གིས་གཞན་གྱི་ཡོན་ཏན་དང་ལྡན་པ་ལ་བསྟོད་པའི་རྒྱུས། བསྟོད་པའི་ཡུལ་དེའི་ཡིད་ལ་དགའ་བ་སྐྱེ་ན། དེའི་ཚེ་ཡིད་ཁྱོད་ཀྱིས་ཀྱང་ཕ་རོལ་པོ་དེ་ལ་བསྟོད་པའི་སྒོ་ནས་གཞན་གྱིས་བསྟོད་ཅིང་དགའ་བར་བྱས་པ་ལྟར། ཅིའི་ཕྱིར་དགའ་བར་མི་བྱེད་དེ། དགའ་བར་བྱ་བར་
རིགས་སོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དེ་ལྟར་ན་བྱས་ན་ཕན་ཡོན་ཅི་ཡོད་སྙམ་ན། ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ཡོན་ཏན་དང་ལྡན་པ་ཁྱོད་ཀྱི་ཡིད་དགའ་བ་དང་བདེ་བ་ནི་མ་འོངས་པའི་དུས་སུ་ཡང་བདག་ཉིད་ལ་གཞན་གྱིས་བསྟོད་པ་ལ་སོགས་པའི་རྒྱུས་ཡིད་དགའ་བའི་བདེ་བ་
འབྱུང་ལ། གཞན་ཡང་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་བཅུ་གཅིག་ལས་གཞན་གྱི་ཡོན་ཏན་བརྗོད་པས་དགའ་བར་བྱེད་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར། ཁ་ན་མ་ཐོ་བ་མེད་པ་ཡང་ཡིན་ཞིང་དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པས་ཀྱང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སོགས་པ་ལས། གཞན་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་ཞེས་ཡོན་ཏན་དང་ལྡན་པ་རྣམས་ལ་བྱ་བའི་ཆ་ཡིན་པར་གནང་བ་ཡིན་ནོ། །དེར་མ་ཟད་ཀྱི་གཞན་ལ་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་ཅིང་དགའ་བར་བྱེད་པ་འདི་ནི་
བསྡུ་བའི་དངོས་པོ་བཞི་ལས་སྙན་པར་སྨྲ་བ་ཞེས་བྱ་སྟེ། བདག་ཉིད་ལ་ཚེགས་ཆུང་བའི་སྒོ་ནས་གཞན་མོས་པར་བྱེད་པའི་ཕྱིར། གཞན་བསྡུ་བའི་མཆོག་ཀྱང་ཡིན་ཞེས་བཤད་དོ། །གལ་ཏེ་འདི་སྙམ་དུ་ཕ་རོལ་པོ་བསྟོད་པའི་ཡུལ་དེ་ལ་གཞན་གྱིས་བསྟོད་པས་དགའ་བར་བྱེད་པ་དེ་ལྟར་
བདག་གིས་ནི་བསྟོད་ཀྱང་དགའ་བ་མི་སྐྱེ་བའི་ཕྱིར། སྟོད་པར་མི་བྱེད་དོ། །སྙན་པའི་དོགས་པ་བསུས་ནས། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ནི་བདག་གིས་བསྟོད་དུ་ཟིན་ཀྱང་ཕ་རོལ་གྱིས་བསྟོད་པས་ཡུལ་དེའི་རྒྱུད་ལ་དགའ་བ་སྐྱེ་བ་དེ་ལྟར་བདེ་བ་སྐྱེ་བར་མི་འགྱུར་རོ་
เล่ม ๑๐๕ · หน้า 325b
ཞེས་གལ་ཏེ་ཡིད་ཁྱོད་བསྟོད་པའི་ཡུལ་དེའི་རྒྱུད་ལ་ཡིད་དགའ་བའི་བདེ་བ་འདི་སྐྱེ་བར་མི་འདོད་ན་དེའི་ཚེ་སྲོག་གཅོད་པ་སྤོང་བ་དང་། གླ་པ་ལ་གླ་རྔན་སྦྱིན་པ་ལ་སོགས་པའི་འབྲས་བུ་གང་ཞེ་ན། མཐོང་བ་སྟེ་འདིར་གླ་པས་ལས་བྱེད་པ་ལ་སོགས་པ་མ་མཐོང་བ་སྟེ། ཚེ་ཕྱི་མར་མཐོ་རིས་ཐོབ་པ་ལ་
སོགས་པ་ཡང་ཉམས་ཏེ་མི་འབྱུང་བར་ཐལ་བར་འགྱུར་བ་ཞིག་ན་དེའི་ཚེ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་ལ་བརྟེན་པའི་ཕྱིར། འབྲས་བུ་མཐོ་རིས་སུ་སྐྱེ་བ་ལ་སོགས་པ་གདོན་མི་ཟ་བར་འབྱུང་དུ་རུང་བ་བཞིན་དུ། གཞན་ལ་བསྟོད་པ་ཞེས་བྱ་བའི་རྒྱུ་དེ་བདག་གིས་བྱས་ན་ཡང་དེའི་ཚེ་དེའི་འབྲས་བུ་ཕ་
རོལ་པོ་དེའི་རྒྱུད་ལ་ཡིད་དགའ་བ་སྐྱེ་བར་འགྱུར་བས། ཕ་རོལ་པོ་དེ་ལ་གཞན་གྱིས་བསྟོད་པའི་ཚེ་བདག་གིས་ཀྱང་བསྟོད་པར་བྱའི། ཕྲག་དོག་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་གཞན་གྱིས་བདག་རང་གི་ཡོན་ཏན་བརྗོད་པའི་ཚེ། བདག་ལ་སྟོད་པར་བྱེད་པའི་གང་ཟག་གཞན་ལ་
བདག་ཡིད་དགའ་ཞིང་བདེ་བ་སྐྱེད་པར་འདོད་པར་བྱེད་ན། དེ་བཞིན་དུ་བདག་གིས་གཞན་གྱི་ཡོན་ཏན་བརྗོད་པའི་དུས་དེའི་ཚེ། ཕ་རོལ་པོ་དེ་བདག་རང་ལ་ཡིད་དགའ་ཞིང་བདེ་བ་སྐྱེ་བར་ཇི་སྟེ་མི་འདོད་པར་བྱེད་དེ། གདོན་མི་ཟ་བར་འདོད་པར་བྱ་དགོས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཕ་རོལ་པོ་ཡོན་ཏན་
དང་ལྡན་པ་ལ་སོགས་པ་མཐོང་བའི་ཚེ། དེ་ལ་ཕྲག་དོག་སྤོང་བར་བསྟན་པའི་སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་པའི་ཕྱིར། གང་གི་ཚེ་བདག་གིས་མ་བསྒྲུབས་པར་སེམས་ཅན་
ཉིད་ཀྱིས་བདེ་བ་ཕུན་སུམ་ཚོགས་པ་རྙེད་པ་དེའི་ཚེ། དེ་ལ་ཤིན་ཏུ་དགའ་བར་བྱ་བར་རིགས་ཀྱི་ཕྲག་དོག་མི་བྱའོ་ཞེས་བསྟན་ཏོ། །ད་ནི་ཞེ་སྡང་ལ་བརྟེན་པའི་ཆོས་རྣམ་པ་གཉིས་ལས། དང་པོ་དགྲ་ལ་སོགས་པའི་སྡུག་བསྔལ་བྱུང་བའི་ཚེ། དེ་ལ་རྗེས་སུ་ཡི་རང་བ་སྤང་བར་བསྟན་པའི་
ཕྱིར། གལ་ཏེ་དགྲ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱུང་བ་ཉིད་ཀྱིས་ཆོག་མོད་དེ་ལ་དགའ་བ་བསྐྱེད་མོད་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་ཉེས་པ་མ་བྱུང་བ་ལས་ཡིད་སྨོན་མི་བྱ་བར་བསྟན་པའི་ཕྱིར། ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཡིད་སྨོན་
เล่ม ๑๐๕ · หน้า 326a
བྱས་པའི་གཞིས་སྡུག་བསྔལ་དེ། ཕ་རོལ་པོ་ལ་གྲུབ་པའི་ཕྱིར་དེ་ལ་གདགས་པར་བྱེད་དོ་ཞེ་ན། ཁྱོད་ཀྱི་འདོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་གྲུབ་པ་ཉིད་ཀྱིས་ཆོག་མོད། དེ་ལ་དགའ་བར་བྱ་མི་དགོས་ཞེས་བྱ་བའི་དོན་ཏེ། །གལ་ཏེ་དེས་མཚུངས་
པར་འགྱུར་བའི་ཕྱིར་དེ་ལ་བདག་དགའ་བར་བྱེད་དོ་ཞེ་ན་མ་ཡིན་ཏེ། དེ་ལས་ཕུང་བ་གཞན་ཅི་ཡོད། །ཅེས་བྱ་བ་སྨོས་སོ། །ཇི་ལྟར་ཕུང་བར་འགྱུར་ཞེ་ན། ཉོན་མོངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པའི་ཉ་པས་བཏབ་པའི་མཆིལ་པ་སྟེ་ལྕགས་ཀྱུའོ། །དེས་ནི་བདག་གི་
སེམས་ཀྱི་རྒྱུད་གཞན་དུ་མི་འཆོར་བར་གཟུང་བ་ལ་ཤིན་ཏུ་མི་བཟད་པར་གཟེ་ཞིང་རྣོ་སྟེ། གང་ཞེ་ན། དགྲ་ལ་སོགས་པ་སྡུག་བསྔལ་བྱུང་ཟིན་པ་ལ་དགའ་བར་བྱེད་པ་དང་། མ་བྱུང་བ་ལ་ཡིད་སྨོན་བྱེད་པ་སྟེ། དེས་བཟུང་ན་བདག་ཚེ་ཕྱི་མའི་དུས་སུ་སེམས་ཅན་དམྱལ་བ་ལ་སོགས་པར་གདོན་
མི་ཟ་བར་འཚེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་བསྟོད་པ་ལ་སོགས་པ་ལ་ལྷག་པར་དགའ་བར་བྱ་བ་ཡིན་གྱི། གནོད་པ་བྱེད་པ་རྣམས་ནི་བདག་ལ་ཕན་འདོགས་པ་ཡིན་པའི་ཕྱིར། དེ་ལ་ནི་ཁྲོ་བར་མི་བྱ་བར་དགའ་བར་བྱའོ་ཞེས་བསྟན་པའི་ཕྱིར། བསྟོད་དང་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། དེ་ལ་དགའ་ཞིང་ཆགས་པར་བྱ་བའི་རྒྱུ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། དེས་བསོད་ནམས་ལ་སོགས་པར་མི་འགྱུར་བའི་ཕྱིར་རོ། །འོན་ཏེ་དེ་ལ་རང་དོན་ཞིག་ཡོད་དོ་སྙམ་ན་བདག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོན་ཏེ་དེས་ཡིད་བདེ་བར་འགྱུར་རོ་སྙམ་ན།
ཡིད་བདེ་བ་འབའ་ཞིག་ཅེས་བྱ་བ་སྨོས་ཏེ། རབ་ཏུ་བྱུང་ནས་ཀྱང་དགོས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་འཇིག་རྟེན་པ་དག་ནི་ཕྱུག་པོ་དང་དཔའ་བོ་ལ་སོགས་པ་ཡིན་པའི་གྲགས་པའི་དབང་གིས་བྱ་བ་སྣ་ཚོགས་བྱེད་མོད་ཀྱི། གྲགས་པ་ནི་ཚིག་གི་བདག་ཉིད་ཡིན་པས་དེ་ལ་ཆགས་
པར་བྱ་བའི་རྒྱུ་མེད་དོ་ཞེས་བསྟན་པའི་ཕྱིར། གྲགས་པའི་དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་འགྱུར་བའི་སྡུག་བསྔལ་གྱི་ངོ་བོ་ཉིད་ཡིན་པས་དེ་ལ་ཆགས་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། བྱེ་མའི་ཁང་བུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་འདི་སྙམ་དུ་
เล่ม ๑๐๕ · หน้า 326b
བསྟོད་པ་ལ་སོགས་པའི་ཚིག་ནི་བེམས་པོ་ཡིན་པའི་ཕྱིར་བདག་གི་ཡོན་ཏན་བརྗོད་པར་བྱ་བའི་བསམ་པ་མེད་པས། དེ་ཆགས་པར་བྱ་བ་མ་ཡིན་ནམ་སྟོད་པར་བྱེད་པའི་གང་ཟག་དེ་བདག་ལ་དགའ་བ་ཡིན་པའི་ཕྱིར་དེ་ལ་བདག་ཆགས་པར་བྱེད་དོ་སྙམ་ནས། རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །
སློབ་དཔོན་གྱིས་ལེན་དུ་གཞན་ནམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕ་རོལ་པོ་དེ་བདག་གམ་བདག་གི་གཉེན་བཤེས་ལ་སོགས་པ་དག་ལ་དགའ་བ་ལ་དགའ་བ་ཡིན་དུ་ཟིན་ཀྱང་དེ་ནི་ཕ་རོལ་པོ་དེ་ཉིད་ཀྱི་རང་བཞིན་པས་ཉམས་སུ་མྱོང་དུ་ཟད་ཀྱང་བདག་ལ་མི་ཕན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེས་
བདག་ལ་ཕན་ན་ནི་དེའི་ཚེ་གཞན་དག་ཀྱང་བདེ་བར་བྱ་བའི་ཕྱིར། བདག་གིས་ཀྱང་བསྟོད་ཅིང་དགའ་བར་བྱ་བར་རིགས་ན། དེ་ལྟར་ཅིའི་ཕྱིར་མི་བྱེད་དེ། དེ་ལྟར་ཡང་བྱ་དགོས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་བདེ་བ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་བདེ་ཞེས་བྱ་བ་ནི་བདག་
དགའ་བར་བྱ་བའི་དོན་དུ་བདག་ཀྱང་ཅི་སྟེ་མི་བདེ་སྟེ། ཅིའི་ཕྱིར་དག་པར་མི་བྱེད་ཅེས་བྱ་བའི་དོན་ཏོ། །དེ་བས་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་བཤད་པའི་ཚུལ་གྱིས་གཞན་དགའ་བ་དེ་ལ་ལྷག་པར་ཆགས་པར་བྱ་བའི་རྒྱུ་མེད་དོ་ཞེས་བསྟན་ཏོ། །ད་ནི་སྟོད་པར་བྱེད་པ་ལ་སོགས་པའི་ཉེས་དམིགས་
ཤེས་པར་བྱ་བའི་སྒོ་ནས་དེ་ལ་ཆགས་པ་སྤོང་བར་བསྟན་པའི་ཕྱིར། བསྟོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་གནོད་པ་བྱེད་པའི་ཕན་ཡོན་ཤེས་པར་བྱ་བའི་སྒོ་ནས་དེ་ལ་ཁྲོ་བར་མི་བྱ་བ་བསྟན་པའི་ཕྱིར། གང་དག་བདག་བཅིངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱིས་གནོད་པ་བྱས་པ་
ལ་བཟོད་པ་བྱས་པའི་རྒྱུས་བདག་གི་སྡིག་པ་བྱང་ཞིང་བསོད་ནམས་སྤེལ་བས་ངན་སོང་ལས་ཐར་བར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་བསོད་ནམས་ཀྱི་གེགས་བྱེད་པའི་ཕྱིར་དེ་ལ་ཁྲོ་བར་བྱེད་ཅེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསོད་ནམས་ཀྱི་རྒྱུ་འདི་དཀའ་
ཐུབ་ཡིན་ལ། དཀའ་ཐུབ་ཀྱི་མཆོག་ཏུ་གྱུར་པ་ནི་བཟོད་པ་ཡིན་ཞིང་དེའི་རྒྱུ་ནི་གནོད་པ་བྱེད་པ་རྣམས་ཡིན་ལ། གལ་ཏེ་བདག་ལ་གནོད་པར་བྱེད་པ་ཡོད་བཞིན་དུ་བཟོད་པ་སྒོམ་པར་མི་བྱེད་ན། དེའི་ཚེ་བདག་གིས་གེགས་བྱས་པ་ཡིན་གྱི་གནོད་པར་བྱེད་པ་རྣམས་ཀྱིས་གེགས་བྱས་པ་མ་ཡིན་ནོ་ཞེ་ན།
เล่ม ๑๐๕ · หน้า 327a
གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་རྒྱུ་ཡིན་པའི་ཕྱིར་གེགས་ཉིད་དུ་མི་འཐད་པའི་དཔེ་བསྟན་པའི་ཕྱིར། དུས་སུ་ཕྱིན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་བས་ན་བཟོད་པའི་རྒྱུ་ནི་རྙེད་པར་དཀའ་བ་ཡིན་པ་ལས་རེས་འགའ་རྙེད་པའི་ཚེ། དེའི་ཕན་
ཡོན་ཤེས་པར་བྱ་བའི་སྒོ་ནས་དེ་ལ་ཁྲོ་བར་མི་བྱའི་དགའ་བར་བྱ་བ་ཉིད་དུ་བསྟན་པའི་ཕྱིར། འཇིག་རྟེན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཟོད་པ་ལས་བྱུང་བའི་བསོད་ནམས་འདི་ནི་གནོད་པར་བྱེད་པ་འདི་ལ་བརྟེན་ཏེ་འགྲུབ་པས། དགེ་བའི་རྩ་བ་དེ་ཡང་དེ་ཉིད་ཀྱི་དོན་དུ་ཡོངས་སུ་བསྔོ་
བའི་ཚུལ་གྱིས་དེ་མཆོད་པར་བྱ་བ་ཉིད་དུ་བསྟན་པའི་ཕྱིར། འདི་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་དེ་ལྟར་རྒྱུ་ཡིན་དུ་ཟིན་ཀྱང་ཕན་གདགས་པའི་བསམ་པ་མེད་པས་མཆོད་པར་བྱ་བ་མ་ཡིན་ནོ་སྙམ་དུ་བསམ་ནས། གལ་ཏེ་བཟོད་པ་སྒྲུབ་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱུ་ཡིན་
ཡང་བསམ་པ་མེད་པ་ཙམ་གྱིས་མཆོད་པར་བྱ་བ་མ་ཡིན་པ་ནི། དེའི་ཚེ་དེ་ལ་མགོ་བསྒྲེ་བའི་ཕྱིར། འགྲུབ་པའི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕ་རོལ་པོས་མི་མཚུངས་པ་ཉིད་དུ་བསྟན་པའི་ཕྱིར། གལ་ཏེ་དགྲ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་གནོད་པར་བྱ་བའི་བསམ་
པ་དང་ལྡན་པས་བཟོད་པའི་རྒྱུ་ཉིད་ཡིན་གྱི། དེ་ལྟ་མ་ཡིན་ན་ནི་རྒྱུ་ཉིད་དུ་ཡང་མི་རུང་བའི་ཕན་གདགས་པའི་བསམ་པ་མེད་ཀྱང་མཆོད་པར་བྱ་བའི་གནས་ཡིན་པས་སྨན་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་སེམས་ཅན་རྣམས་ལ་བརྟེན་ནས་སྦྱིན་པ་དང་ཚུལ་ཁྲིམས་དང་
བཟོད་པ་ལ་སོགས་པའི་ཆོས་སྐྱེ་བས་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་སྙམ་པ་ལ། འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་དགེ་བའི་ཆོས་སྐྱེ་བའི་རྒྱུར་འདྲ་བས་རྒྱལ་བ་བཞིན་དུ་སེམས་ཅན་ལ་ཡང་མཆོད་པའི་གནས་ཡིན་པའི་ཕྱིར། སེམས་ཅན་
རྣམས་དང་ཞེས་བྱ་བ་སྨོས་སོ། །འོ་ན་རྣམ་པ་ཐམས་ཅད་དུ་འདྲའོ་ཞེ་ན། སངས་རྒྱས་ནི་གཞན་ལ་ཕན་གདགས་པའི་མཐུ་མངའ་ལ། སེམས་ཅན་ལ་ནི་དེ་ལྟ་མ་ཡིན་ཡང་། དགེ་བའི་ཆོས་སྐྱེ་བར་འདྲ་བའི་ཕྱིར། བསམ་པའི་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་
เล่ม ๑๐๕ · หน้า 327b
འབྲས་བུའི་སྒོ་ནས་ཇི་ལྟར་མཉམ་པ་ཡིན་སྙམ་པ་ལ་བྱམས་སེམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགེ་བའི་ལས་སྟོབས་དང་ལྡན་པ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ཡིན་ལ། དེ་ནི་གཉི་ག་ལས་ཀྱང་འགྲུབ་སྟེ། ཇི་ལྟར་སེམས་ཅན་ཡིན་ཡང་བྱམས་པའི་ཏིང་ངེ་འཛིན་ལས་ལངས་པ་ལ་
མཆོད་པ་བྱས་པ་ལྟ་བུ་སྟེ། ཇི་ལྟར་ཆོས་མངོན་པ་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། ཡོན་ནི་མཐོང་བའི་ཆོས་ལ་མྱོང་། །ཞེས་བཤད་པ་ལྟ་བུ་དང་། དེ་བཞིན་དུ་སངས་རྒྱས་ལ་མཆོད་པ་བྱས་པས་ཚེ་འདི་ཉིད་ལ་རྣམ་པར་
སྨིན་པ་ཕྱུག་པོ་ལ་སོགས་པའི་འབྲས་བུ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་མདོ་སྡེ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །འོན་ཏེ་དེ་བཞིན་གཤེགས་པ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར། མཆོད་པར་བྱ་བར་རིགས་ཀྱི་སེམས་ཅན་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ་ཞེ་ན། དེ་བཞིན་གཤེགས་པའི་
ཡོན་ཏན་རྣམས་ཀྱི་ནང་ནས་གང་ལ་བརྟེན་ཏེ་སངས་རྒྱས་ཀྱི་ཆོས་སྐྱེ་བ་ཞེས་བྱ་བའི་ཡོན་ཏན་ནི་སེམས་ཅན་རྣམས་ལའང་ཡོད་པའི་ཕྱིར། དེས་ན་མཆོད་པའི་གནས་ཡིན་པས་ཡོན་ཏན་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་སོགས་པ་ལ་
བརྟེན་ནས་སངས་རྒྱས་ཀྱི་ཆོས་སྐྱེ་བ་བཞིན་དུ་སེམས་ཅན་རྣམས་ལ་བརྟེན་ནས་ཀྱང་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་ཐམས་ཅད་ལ་ཤིན་ཏུ་ཕན་འདོགས་པར་མཛད་པའི་དེ་བཞིན་གཤེགས་པ་དེ་རྣམས་ལ་དྲིན་ལན་ལྡོན་པའི་ཐབས་དམ་པ་ཡིན་པའི་ཕྱིར་ཡང་སེམས་ཅན་རྣམས་མགུ་བར་བྱའོ་
ཞེས་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་ཇི་ཙམ་དུ་བདག་ལ་ཕན་འདོགས་པར་མཛད་ཅེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་སློབ་དཔོན་ཉིད་ཀྱིས་སེམས་ཅན་གྱིས་དོན་ལ་འབད་པར་བདག་ཉིད་ལ་གདམས་པའི་ཕྱིར་རེ་ཞིག་ཅེས་བྱ་
བ་ལ་སོགས་པ་སྨོས་སོ། །འོན་ཏེ་གང་དག་བདེ་བས་ཐུབ་པ་རྣམས་དགྱེས་པར་འགྱུར་ཞིང་། གང་ལ་གནོད་པ་བྱས་ན་ཐུབ་པའི་དབང་པོ་རྣམས་མི་དགྱེས་འབྱུང་བར་འགྱུར་བ་ཡིན་ཞེ་ན། དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
เล่ม ๑๐๕ · หน้า 328a
ད་ནི་བདག་གིས་སྔོན་ཆད་སེམས་ཅན་ལ་གནོད་པ་བྱས་པས་དེ་བཞིན་གཤེགས་པ་རྣམས་མི་དགྱེས་པར་འགྱུར་ཞིང་། སྡིག་པ་བཤགས་ཤིང་ཕྱིན་ཆད་མི་བྱེད་པར་བསྡམ་པར་བྱ་བའི་ཕྱིར། དེ་བས་བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འགུམས་ཀྱང་མི་བསྔོ་ཞེས་
བྱ་བ་ནི། སེམས་ཅན་དེ་དག་གིས་བདག་གི་སྲོག་བཅད་ཀྱང་དེ་བཞིན་གཤེགས་པ་རྣམས་མི་དགྱེས་པས་མི་བསྡོ་སྟེ། འོ་ན་ཇི་ལྟར་ཞེ་ན། བདག་གི་སྲོག་གཅོད་པ་ནི་བླའི། མི་དགྱེས་པ་ནི་མི་བགྱིའོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་མགུ་བར་འགྱུར་བ་དེ་ལྟར་
བྱ་ཞེ་ན། དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་ཉེས་དམིགས་ཅི་ཞིག་ཡོད་ནས་དེ་སྤང་བའི་ཕྱིར་སེམས་ཅན་རྣམས་མགུ་བ་དེ་ལྟར་ཞེ་ན། དཔེར་ན་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་སེམས་ཅན་རྣམས་མགུ་བར་བྱས་ན་ཕན་ཡོན་ཅི་ཞིག་ཡོད་ནས་དེ་ལྟར་བྱ་ཞེ་ན། སེམས་ཅན་
མགུ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྟན་བཅོས་ཀྱི་མིང་གི་དོན་ནི་སྔ་མ་བཞིན་ནོ། །བཟོད་པ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་ལྔ་པའོ།། །།ད་ནི་བཟོད་པ་དང་ལྡན་པ་ལ་བརྩོན་འགྲུས་འབྱུང་བས། དགེ་བའི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལེའུ་དྲུག་པ་
གསུངས་ཏེ། བརྩོན་འགྲུས་བརྩམས་པའི་ཕན་ཡོན་དང་མ་བརྩམས་པའི་ཉེས་དམིགས་བསྟན་པའི་སྒོ་ནས། བརྩོན་འགྲུས་བརྩམ་པར་བྱ་བ་བསྟན་པའི་ཕྱིར། དེ་ལྟར་བཟོད་པས་ཞེས་སྨོས་སོ། །ད་ནི་བརྩོན་འགྲུས་ཀྱི་ལེའུ་ལས་རྣམ་པར་གཞག་པ་བསྟན་པའི་ཕྱིར། སྒྱིད་ལུག་ཅེས་བྱ་
བ་ལ་སོགས་པ་སྨོས་ཏེ། དེ་ལ་རྩ་བ་དང་པོས་ནི་མི་མཐུན་པའི་ཕྱོགས་གཞོམ་པ་བསྟན་ཏོ། །རྩ་བ་གཉིས་པས་ནི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་བསྟན་ཏོ། །གསུམ་པས་ནི་གང་གི་དོན་དུ་བརྩམས་པ་བསྟན་ཏོ། །བཞི་པས་ནི་གང་ལ་བརྩམས་པ་བསྟན་ཏོ། །ད་ནི་དེའི་རྒྱས་པར་བཤད་པ་
བསྟན་པའི་ཕྱིར། དེ་ལ་སྒྱིད་ལུག་པའི་སྟོབས་གཞོམ་པའི་དབང་དུ་བྱས་ནས། བདག་གི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་བྱང་ཆུབ་ཐོབ་པར་བྱ་བ་ལ་ནི་ཤིན་ཏུ་གཅེས་པའི་རྐང་ལག་ལ་སོགས་པ་ཉིད་ཀྱང་བཏང་
เล่ม ๑๐๕ · หน้า 328b
དགོས་པའི་ཕྱིར་དེ་ནི་བདག་གིས་མི་ཕོད་དེ་འཇིགས་སོ་ཞེ་ན། གཅེས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཅེས་དང་མི་གཅེས་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་གཅེས་པར་བྱ་བ་མ་ཡིན་པ་ལ་གཅེས་སུ་གཟུང་བའི་ཕྱིར་འཇིགས་པར་ཟད་པས། འཇིགས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །
གཞན་ཡང་རེས་འགའ་མི་དགེ་བའི་ལས་ཀྱིས་ངན་སོང་དུ་སྐྱེས་པའི་དུས་སུ་དོན་མེད་པར་ཡང་ནས་ཡང་དུ་ལུས་དང་ཡན་ལག་ལ་སོགས་པ་གཏོང་བར་བྱེད་པ་ནི། བྱང་ཆུབ་ཆེན་པོ་བསྒྲུབ་པའི་དོན་དུ་གཏོང་བའི་སྡུག་བསྔལ་གྱིས་ཏེ་འཇིགས་ཞེས་གསུངས་པའི་ཕྱིར། བསྐལ་པ་བྱེ་བ་ཞེས་བྱ་
བ་ལ་སོགས་པ་གསུངས་སོ། །དེ་བས་ན་འཁོར་བའི་སྡུག་བསྔལ་ཆེན་པོ་བསལ་བའི་ཕྱིར་བྱང་ཆུབ་བསྒྲུབ་པའི་གནས་སྐབས་ཀྱི་ཡན་ལག་གཏོང་བ་ལ་སོགས་པའི་སྡུག་བསྔལ་གྱིས་འཇིགས་པར་མི་བྱའི། དེ་བཟོད་ཅིང་དང་དུ་བླང་བར་བྱའི་ཞེས་བསྟན་པར་བྱ་བའི་ཕྱིར། བདག་གི་བྱང་ཆུབ་ཅེས་
བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་འཁོར་བའི་སྡུག་བསྔལ་ཆེན་པོ་བསལ་བར་བྱ་བའི་ཕྱིར། ཐ་མལ་པའི་ཕྱིར་ནད་སེལ་བའི་སྡུག་བསྔལ་ལྟ་བུ་ཞིག་དང་དུ་བླང་བར་བྱ་དགོས་སམ་ཞེ་ན། མི་དགོས་པར་བསྟན་པའི་ཕྱིར། གསོ་དཔྱད་ཅེས་བྱ་བ་སྨོས་སོ། །འོ་ན་ཇི་ལྟ་བུས་གསོ་
བར་མཛད་ཅེ་ན། ཆོ་ག་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་དེའི་ཚེ་ཤ་ལ་སོགས་པ་ཡང་གཏང་བར་བྱ་བ་མ་ཡིན་ནམ། ཇི་ལྟར་ན་ཆོ་ག་འཇམ་པོ་ཡིན་ཞེ་ན། ཚོད་མ་ལ་སོགས་པ་གསུངས་ཏེ། བསྡུས་པའི་དོན་ནི་ལས་དང་པོ་པའི་སྐབས་སུ་ཤ་ལ་སོགས་པ་གཏང་བར་
བྱ་བ་མ་ཡིན་གྱི། ཚོད་མ་ལ་སོགས་པ་སྦྱིན་པ་ཙམ་དུ་ཟད་ལ་དེ་ནི་དགའ་བ་མེད་པའི་ཕྱིར་དང་། གང་གིས་ལྷག་པའི་བསམ་པ་དག་པའི་སར་ཆུད་པར་འགྱུར་བའི་དུས་སུ་ནི་གཏོང་བ་ལ་ཤིན་ཏུ་གོམས་པར་འགྱུར་བའི་ཕྱིར་དཀའ་བ་མེད་པས་ཆོ་ག་ཤིན་ཏུ་འཇམ་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
འོན་ཏེ་གོམས་པར་འགྱུར་བ་དེ་ལྟ་ཡིན་ན་ཡང་ཚ་བ་ལ་སོགས་པའི་སྡུག་བསྔལ་དང་ཡན་ལག་ལ་སོགས་པ་མ་ཚང་བའི་རྒྱུས་སེམས་ལ་མི་དགའ་བ་སྐྱེ་བའི་ཕྱིར་ཆོ་ག་ཤིན་ཏུ་འཇམ་པོ་མ་ཡིན་ནོ་ཞེ་ན། སྡིག་པ་སྤང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལུས་ལ་གནོད་པ་འབྱུང་བའི་རྒྱུ་
เล่ม ๑๐๕ · หน้า 329a
སྡིག་པ་སྤང་བའི་ཕྱིར་དང་། སེམས་ལ་གནོད་པ་བྱེད་པའི་ལོག་པར་རྟོག་པའི་གཉེན་པོ་རང་བཞིན་མེད་པ་ཉིད་དུ་མཁས་པའི་ཕྱིར། སྡུག་བསྔལ་དང་ཡིད་མི་བདེ་བ་མེད་ཀྱི་ཆོས་ཐམས་ཅད་ལ་བདེ་བར་འགྲོ་བའི་ཏིང་ངེ་འཛིན་གོམས་པར་བྱས་པའི་བསོད་ནམས་ཀྱི་ཡན་
ལག་ལ་བསོད་ནམས་བཅད་པ་ཉིད་ཀྱི་དུས་སུ་བདེ་བའི་ཚོར་བ་ཤ་སྟག་འབྱུང་བའི་ཕྱིར། ལུས་བདེ་བ་ཡིན་ཞིང་ལུས་ལ་སོགས་པ་གཏོང་བ་དེ་ཉིད་བྱང་ཆུབ་ཆེན་པོའི་རྒྱུ་ཉིད་ཡིན་པར་མཁས་པའི་ཕྱིར། བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་སྙམ་དུ་སེམས་དགའ་བ་སྐྱེ་བར་
འགྱུར་བས། དེ་ལྟ་བས་ན་ཆོ་ག་ཤིན་ཏུ་འཇམ་པོ་ཉིད་ཡིན་པའི་ཕྱིར། བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་སེམས་ཅན་རྣམས་ཀྱི་དོན་འཁོར་བར་གནས་ཤིང་བྱ་དཀའ་བའི་སྤྱོད་པ་ཇི་སྙེད་བྱེད་དུ་ཟིན་ཀྱང་དེས་སྐྱོ་ཞིང་སྒྱིད་ལུག་པར་མི་བྱའོ། །འོ་ན་ཅི་ཞེ་ན། ལེའུ་དང་པོར་ཇི་སྐད་བཤད་པའི་ཚུལ་
དུ་བྱང་ཆུབ་ཀྱི་སེམས་ཤིན་ཏུ་འཇམ་པོ་ཉིད་ཡིན་པའི་ཕྱིར། སྡིག་པ་ཐམས་ཅད་ཟད་པར་བྱེད་ཅིང་། བསོད་ནམས་དཔག་ཏུ་མེད་པ་འཚོགས་པས། འཕགས་པ་ཕུང་པོ་གསུམ་པ་ལས་ཇི་སྐད་གསུངས་པ་བཞིན་དུ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར།
མཆོག་ཏུ་སྤྲོ་བ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་དེ། བདེ་ནས་བདེ་བར་ཞེས་བྱ་བ་ནི་བདེ་འགྲོ་རྣམས་སུའོ། །སེམས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ཤེས་པའོ། །དེས་ནི་མི་ཞུམ་པའི་བརྩོན་འགྲུས་ཀྱི་སྒོ་ནས་སྒྱིད་ལུག་པའི་
སྟོབས་གཞོམ་པ་བསྟན་ཏོ། །དེ་བས་ན་སེམས་ཅན་གྱི་དོན་བསྒྲུབ་པ་བསྟན་པའི་ཕྱིར། གོ་ཆ་དང་། སྦྱོར་བ་དང་། མི་ལྡོག་པ་དང་། ཆོག་པར་མི་འཛིན་པའི་བརྩོན་འགྲུས་ཀྱི་སྒོ་ནས་སྙོམ་ལས་ཀྱི་སྟོབས་གཞོམ་པའི་ཕྱིར། སེམས་ཅན་དོན་ནི་ཞེས་བྱ་བ་ལ་སོགས་པ་རྐང་པ་གཉིས་
ཀྱིས་དཔུང་རྣམ་པ་བཞི་བསྐྱེད་པ་བསྟན་ཏེ། ཚིགས་སུ་བཅད་པ་སྡེབས་པའི་དབང་གིས་འདི་ལྟར་གསུངས་ཀྱང་། དོན་གྱི་དབང་གིས་འདི་ལྟར་སྦྱར་ཏེ། ཆོ་གའི་བརྩོན་འགྲུས་ཏེ་མོས་པའི་དཔུང་བསྐྱེད་པ་དང་། སྦྱོར་བ་སྟེ་རིགས་པའི་དཔུང་དང་། མི་ལྡོག་པ་སྟེ་བརྟན་པའི་དཔུང་དང་།
เล่ม ๑๐๕ · หน้า 329b
ཆོག་པར་མི་འཛིན་པ་སྟེ། དགའ་བའི་དཔུང་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྒྱས་པར་བཤད་པའི་དབང་དུ་བྱས་ནས། མོས་དཔུང་བསྐྱེད་པ་རྐང་པ་གཉིས་ཀྱིས་བསྟན་ཏེ། དགེ་བའི་ལས་དེ་མ་བྱས་པའི་ཉེས་དམིགས་འཁོར་བའི་སྡུག་བསྔལ་གྱི་འཇིགས་པ་དང་། དེ་བྱས་པའི་
ཕན་ཡོན་བདག་དང་གཞན་གྱི་དོན་ཡོངས་སུ་རྫོགས་པར་འགྱུར་བའི་ཕན་ཡོན་ལ་བསམས་པས། བདག་གིས་དགེ་བའི་ཆོས་བསྒྲུབ་པར་བྱའོ་སྙམ་དུ་སེམས་ལ་གོ་གོན་པའི་མོས་པའི་མཚན་ཉིད་ཀྱི་དཔུང་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་དེའི་འོག་ཏུ་སྦྱོར་བའི་བརྩོན་འགྲུས་ཀྱི་དབང་དུ་བྱས་ནས།
བྱ་བར་མི་རིགས་པ་ལས་ལྡོག་ཅིང་བྱ་བར་རིགས་པ་ལ་སྦྱོར་བས་རིགས་པའི་དཔུང་བསྐྱེད་པར་བསྟན་པའི་ཕྱིར། ཉམ་ང་ཆེ་ཐང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱ་བར་རིགས་པ་ནི་བདག་དང་གཞན་དུ་བརྗེ་བར་འགྱུར་བ་ཡིན་ལ་ལོག་པར་ནི་བྱ་བར་མི་རིགས་པ་ཡིན་ནོ། །དེ་ལྟར་བྱ་བར་རིགས་པ་
ལ་སྦྱོར་བའི་ཚེ་བརྩམས་པའི་འཕྲོ་མི་གཅོད་པས་མི་ལྡོག་པའི་བརྩོན་འགྲུས་ཏེ། བརྟེན་པའི་དཔུང་བསྐྱེད་པའི་དབང་དུ་བྱས་ནས་ཉོན་མོངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཉོན་མོངས་པའི་དབང་དུ་གྱུར་ན་བྱ་བར་རིགས་པ་ལས་ལྡོག་པར་འགྱུར་བའི་ཕྱིར། གང་དུ་ཉོན་མོངས་པ་སྐྱེ་བར་
འགྱུར་བའི་རྐྱེན་དང་ལྷན་ཅིག་གནས་པའི་དུས་ན་གཉེན་པོ་སྣ་ཚོགས་ཀྱིས་ཉོན་མོངས་པའི་དབང་དུ་མི་གཏོང་ཞིང་། བྱ་བར་རིགས་པའི་ལས་ལས་མི་ལྡོག་པར་བརྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ཉོན་མོངས་པ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་དོན་ཡིན་ཏེ། བདག་ཉིད་དགེ་བའི་ལས་ལ་ཞུགས་
པའི་ཚེ་བྱ་དཀའ་བའི་སྡུག་བསྔལ་ཇི་སྙེད་བྱུང་ཡང་གཉེན་པོ་སྣ་ཚོགས་ཀྱི་སྒོ་ནས་སྡུག་བསྔལ་དེ་དག་གིས་ཇི་མི་སྙམ་པར་བྱ་ཞིང་། ལས་དེ་ལ་མི་ལྡོག་པར་བརྟན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་བྱ་བར་རིགས་པའི་ལས་ཇི་སྙེད་བྱས་ཀྱང་། དེས་ཆོག་པར་མི་འཛིན་པར་ཡང་ནས་ཡང་དུ་བྱེད་
འདོད་པའི་དགའ་བའི་དཔུང་བསྐྱེད་པར་བསྟན་པའི་ཕྱིར། རྩེད་མོ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་དེ་ལྟར་བྱ་སྙམ་པ་ལ། བདེ་བའི་དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་འཇིག་རྟེན་དག་ན་ལས་གང་ཞིག་བྱས་པས་འདོད་པའི་བདེ་བ་འགྲུབ་པའི་ངེས་པ་མེད་པ་ལ་ཡང་འགྲུབ་
เล่ม ๑๐๕ · หน้า 330a
པར་སྲིད་པ་ཙམ་གྱི་སྒོ་ནས་ཀྱང་། ཡང་ནས་ཡང་དུ་བརྩོན་འགྲུས་རྩོམ་པར་བྱེད་ན། གདོན་མི་ཟ་བར་འདོད་པའི་བདེ་བ་འགྲུབ་པར་འགྱུར་བའི་ལས་ལ་ཡང་ནས་ཡང་དུ་བརྩོན་འགྲུས་བརྩམས་ན་འདོད་པའི་བདེ་བ་ཐོབ་པའི་ཕྱིར། ཡང་ནས་ཡང་དུ་བརྩོན་འགྲུས་བརྩམ་
པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ལས་སུ་བྱ་བ་འགའ་ཞིག་གིས་མ་འོངས་པའི་སྡུག་བསྔལ་དཔག་ཏུ་མེད་པ་སྐྱེད་ཀྱང་། འཕྲལ་གྱི་བདེ་བ་ཙམ་ལ་བལྟས་ནས་དེས་ངོམས་པར་མི་བྱེད། ཐམས་ཅད་ལ་ཕན་པ་དང་བདེ་བ་སྐྱེད་པར་བྱེད་པའི་དགེ་བའི་ལས་ཀྱིས་ལྷ་ཤིན་ཏུ་ཡང་ངོམས་པར་མི་བྱ་
སྟེ། ཡང་ནས་ཡང་དུ་བརྩོན་འགྲུས་བརྩམ་པར་བྱའོ་ཞེས་བསྟན་པའི་ཕྱིར། སྤུ་གྲི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་སྨིན་བདེ་ལ་ཞི་བ་ཡི། །ཞེས་བྱ་བ་ལ། བདེ་བ་ནི་ཚེ་འདིའོ། །ཞི་བ་ནི་ཚེ་ཕྱི་མའིའོ། །ཡང་ན་བདེ་བ་ནི་མཐོ་རིས་ཀྱིའོ། །ཞི་བ་ནི་ཐར་པའིའོ། །ཡང་ན་
བདེ་བ་ནི་ཚེ་ཕྱི་མའིའོ། །ཞི་བ་ནི་ཚེ་འདིའི་སྟེ། ཉོན་མོངས་པ་དང་ལས་དེ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཞི་བར་བྱེད་པའི་ཕྱིར་རོ། །ཡང་ན་བདེ་བ་ནི་གཞན་གྱི་དོན་ཏོ། །ཞི་བ་ནི་རང་གི་དོན་ཏོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་དོ། །འོ་ན་མི་དགེ་བའི་ལས་ལ་ཡང་ཆོག་
པར་མི་འཛིན་པར་དགའ་བའི་དཔུང་བསྐྱེད་པར་བྱའམ་ཞེ་ན། མ་ཡིན་ཏེ། མི་དགེ་བའི་ལས་ལ་ནི་ལྷན་ཅིག་རྗེས་སུ་སྤྱོད་པའི་ཤེས་བཞིན་གྱིས་བྱེད་པའི་མོད་ལ་ཚོར་བར་འགྱུར་ན་ཕྱིས་བྱེད་པར་འདོད་པའི་བསམ་པ་སྤང་བར་བྱའོ་ཞེས་བསྟན་པའི་ཕྱིར་རྗེས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
ད་ནི་མི་དགེ་བའི་ལས་ལ་མངོན་པར་དགའ་བའི་རྒྱུ་ཉོན་མོངས་པའི་མཚོན་བརྗེད་ངས་པ་དང་། ཤེས་བཞིན་མ་ཡིན་པའི་དབང་དུ་མི་གཏོང་ཞིང་དྲན་པ་དང་ཤེས་བཞིན་ལ་གནས་ཏེ། ཉོན་མོངས་པ་རྣམས་སྤང་བར་བྱའོ་ཞེས་བསྟན་པའི་ཕྱིར། འཐབ་རྙིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
དྲན་པ་ཉམས་པར་འགྱུར་ན་ཇི་ལྟར་བྱ་ཞེ་ན། གཡུལ་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དང་པོ་ཉིད་ནས་ཀྱང་མི་འཆོར་བར་བསྒྲུབ་པའི་ཕྱིར། ཡུངས་མར་ཞེས་བྱ་བ་སྨོས་ཏེ། དྲན་པ་ཞེས་བྱ་བ་ནི། མཚོན་པ་ཙམ་དུ་ཟད་ཀྱི་ཤེས་བཞིན་ལ་ཡང་རིག་པར་བྱའོ། །གལ་ཏེ་དེ་ལྟར་
เล่ม ๑๐๕ · หน้า 330b
འབད་ཀྱང་རེས་འགའ་ལྟུང་བ་བྱུང་ན་ཇི་ལྟར་བྱ་སྙམ་པ་ལ། ཉེས་པ་འབྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་བཤེས་ཕྲད་དང་ཞེས་བྱ་བ་ལ་སོགས་པའི་དོན་ནི། གལ་ཏེ་འདི་སྙམ་དུ་དགེ་བའི་བཤེས་གཉེན་དང་ཕྲད་པ་ལ་སོགས་པ་ལ་བརྟེན་ཏེ། དུས་ཐམས་ཅད་དུ་དྲན་པ་དང་མི་འབྲལ་
བར་བྱ་སྙམ་ན་དེའི་ཚེ་དེ་ལ་ཐབས་ཇི་ལྟར་བྱ་སྙམ་པ་ཡིན་ནོ། །དེས་ན་གདམས་ངག་མི་བརྗེད་པར་བྱ་ཞིང་བདག་ཉིད་ཀྱི་ལུས་སེམས་ཀྱི་སོ་གློད་དེ་ཧ་ཅང་ཡང་བསྒྲིམ་པ་མ་ཡིན་པར་བྱས་ལ། ལས་ལ་མ་ཞུགས་པའི་གོང་རོལ་ནས་བྱ་བ་ཐམས་ཅད་ཀྱི་ཐོག་མར་འགྲོ་བའི་བཤེས་བཞིན་ལ་གནས་པར་
བྱས་ན། དེའི་ཚེ་དུས་ཐམས་ཅད་དུ་མི་འབྲལ་བར་འགྱུར་རོ་ཞེས་བྱ་བའི་ཕྱིར། བག་ཡོད་གཏམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་མ་བྱས་ན་ཉེས་པ་ཅི་ཡོད་སྙམ་པ་ལ། ཇི་ལྟར་ཁྲག་ལ་ཞེས་བྱ་བ་སྨོས་སོ། །ད་ནི་དཔུང་རྣམ་པ་བཞི་ལ་གནས་ཏེ། སྙོམ་ལས་ཀྱི་སྟོབས་གཞོམ་པར་བྱ་བ་མཇུག་
བསྡུས་ཏེ་བསྟན་པའི་ཕྱིར། དེ་བས་པང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་མི་མཐུན་པའི་ཕྱོགས་གཞོམ་པར་བསྟན་ནས། ད་ནི་བརྩོན་འགྲུས་ཀྱི་ངོ་བོའི་དབང་དུ་བྱས་ནས། བདག་ཉིད་ལ་དགེ་བའི་ཆོས་ཡོངས་སུ་རྫོགས་པ་ནི། བརྩོན་འགྲུས་རྣམ་པ་ལྔའི་དབང་དུ་གྱུར་པས་འགྲུབ་པར་
འགྱུར་རོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་ཤིང་བལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མོས་པའི་དབང་དུ་གྱུར་པ་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་ཀྱི། དེ་བཞིན་དུ་མི་ཞུམ་པའི་དབང་དུ་གྱུར་པ་དང་། རིགས་པའི་དབང་དུ་གྱུར་པ་དང་། བརྟན་པའི་དབང་དུ་གྱུར་པ་དང་། དགའ་བའི་དབང་དུ་གྱུར་པས་
ཞེས་བྱ་བ་དེ་ལྟར་ཡང་ཤེས་པར་བྱའོ། །ད་ནི་གང་གི་དོན་དུ་བརྩོན་འགྲུས་བརྩམས་པའི་དབང་དུ་བྱས་ནས། འདི་སྙམ་དུ་ཉན་ཐོས་ལ་སོགས་པ་དག་ཀྱང་དེ་ལྟར་བརྩོན་འགྲུས་རྩོམ་པ་མ་ཡིན་ནམ། དེའི་ཚེ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་འདི་གང་གིས་ཁྱད་པར་དུ་འཕགས་སྙམ་པའི་སྒོ་
ནས་བསྡུས་ནས། དེ་དག་དེ་ལྟར་བརྩོན་འགྲུས་རྩོམ་མོད་ཀྱི། དེ་དག་ནི་བདག་གཅིག་པུ་དུལ་བར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་གྱི་བདག་དང་གཞན་མཉམ་པ་ཉིད་དུ་བྱ་བའི་དོན་དུ་བརྩོན་འགྲུས་རྩོམ་པ་མ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་བདག་དང་གཞན་མཉམ་པ་ཉིད་དུ་བྱ་བའི་དོན་དུ་
เล่ม ๑๐๕ · หน้า 331a
བརྩོན་འགྲུས་རྩོམ་པར་བྱེད་པས། དེ་ལྟར་ན་ཉན་ཐོས་ལ་སོགས་པའི་བརྩོན་འགྲུས་པས་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་དགོས་པའི་སྒོ་ནས། ཁྱད་པར་དུ་འཕགས་པར་བསྟན་པར་བྱའོ་སྙམ་དུ་སློབ་དཔོན་གྱི་ཐུགས་ལ་གཞག་ནས། ལག་པ་ལ་སོགས་ཞེས་བྱ་
བ་ལ་སོགས་པ་སྨོས་སོ། །འདིར་འགྲེལ་པ་བྱེད་པ་གཞན་དག་ན་རེ། བདག་དང་གཞན་དུ་མཉམ་པ་དང་། །ཞེས་བྱ་བ་དང་། བདག་དང་གཞན་དུ་བརྗེ་བ་ཞེས་བྱ་བ་འདི་ནི། སློབ་དཔོན་གྱིས་སྐབས་འདིར་བཤད་ཀྱང་། འདིར་ནི་བསམ་པ་དང་ཤེས་རབ་ཀྱིས་བསྡུས་པ་ཡིན་པའི་ཕྱིར་བཤད་
པའི་རིགས་པ་མ་ཡིན་པས། ལེའུ་འོག་མར་བཤད་པར་བྱའོ་ཞེས། སློབ་དཔོན་ལ་སྐྱོན་རྗོད་པར་བྱེད་པ་དེ་དག་གིས་ནི། སློབ་དཔོན་གྱི་དགོངས་པ་མ་ཤེས་པར་མཐོང་སྟེ། གལ་ཏེ་དོན་གཉིས་པོ་འདིར་མ་བཤད་ན། དུས་དེའི་རྒོལ་བ་དེ་ལ་ལན་ཇི་ལྟར་གདབ་ཅིང་། ཉན་ཐོས་ལ་
སོགས་པའི་བརྩོན་འགྲུས་ལས་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྒྱུ་གང་གིས་ཁྱད་པར་དུ་འཕགས་ཏེ་དེའི་ཁྱད་པར་མ་བསྟན་པ་ཉིད་དུ་འགྱུར་བས། གཞན་གྱི་བཤད་པ་དེ་ནི་ཤིན་ཏུ་རིགས་པ་མ་ཡིན་པའི་ཕྱིར་རྟོགས་པ་དང་ལྡན་པ་རྣམས་ཀྱིས། སློབ་དཔོན་ཉིད་ཀྱིས་འདིར་བཤད་པའི་
དགོངས་པ་བཙལ་བར་བྱའོ། །སློབ་དཔོན་གྱིས་དགོངས་པ་མི་ཚོལ་བར་སློབ་དཔོན་བློ་གྲོས་མི་ཟད་པས་འཕགས་པ་འཇམ་དཔལ་གྱི་དངོས་གྲུབ་བརྙེས་པའི་བཀའ་ལུང་ཁྱད་དུ་བསད་ནས། སོ་སོ་སྐྱེ་བོ་རང་དགར་སྨྲ་བ་རྣམས་ཀྱི་རྗེས་སུ་འབྲང་བར་བྱ་བ་ནི་ཤིན་ཏུ་རིགས་པ་མ་ཡིན་པས་དེ་ནི་
ཐག་བསྲིངས་ཏེ་སྤང་བར་བྱའོ། །དེ་བས་ན་སློབ་དཔོན་གྱི་དགོངས་པ་ནི་གོང་དུ་བཤད་པ་ལྟ་བུ་ཡིན་ནོ་སྙམ་དུ་སེམས་སོ། །ཅིའི་ཕྱིར་བདག་དང་གཞན་མཉམ་པ་ཉིད་དུ་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་ཞེ་ན། བདག་ཉིད་ལྟར་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་བཞིན་དུ་སེམས་ཅན་ཐམས་
ཅད་ཀྱང་དེ་བཞིན་ཏེ། དེ་བས་ན་བདག་ལ་ཇི་ལྟར་བདེ་བས་ཕན་གདགས་ཤིང་སྡུག་བསྔལ་ལས་བསྐྱབ་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་དེ་བཞིན་དུ་བྱ་དགོས་ཏེ། དཔེར་ན་ལུས་འདི་ཉིད་ལ་ལག་པ་ལ་སོགས་པ་ནང་ཚན་དུ་དབྱེ་བ་མང་ཡང་བདེ་བས་ཕན་གདགས་ཤིང་གནོད་པ་ལས་
เล่ม ๑๐๕ · หน้า 331b
བསྲུང་བ་ཐམས་ཅད་མཚུངས་པ་བཞིན་ནོ། །དེ་བས་ན་བདག་དང་གཞན་མཉམ་པ་ཉིད་དུ་བྱ་བའི་དོན་དུ་བརྩོན་འགྲུས་རྩོམ་ཞེས་བྱ་བ་ནི། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རབ་ཀྱི་མཐར་ཕྱིན་པར་བྱ་བའི་དོན་དུ་བརྩོན་འགྲུས་བརྩམ་པར་བྱ་བའི་དོན་ཡིན་ནོ། །འོན་ཏེ་གཞན་གྱི་སྡུག་བསྔལ་དེ་
བདག་ལ་མི་འབབ་པ་མ་ཡིན་ནམ། ཅིའི་ཕྱིར་མི་བཟོད་དེ། གསལ་བར་སྙམ་པ་ལ། དེ་ལྟ་ཡིན་མོད་ཀྱི་རང་གི་ཉམས་ཀྱིས་ཏེ། ཇི་ལྟ་ཞེ་ན། བདག་གི་སྡུག་བསྔལ་དེ་གཞན་ལ་མི་འབབ་ཀྱང་རང་གི་ལུས་ལ་ཆགས་པའི་ཕྱིར་ཏེ། མི་བཟོད་པའི་ཉམས་ཀྱིས་སོ། །དེ་བས་ན་བདག་གི་སྡུག་བསྔལ་
ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་དེ་ལྟར་ཉམས་གཅིག་པ་ཡིན་དུ་ཟིན་ཀྱང་ཕན་ཚུན་མི་གནོད་པ་ཉིད་ཀྱི་ཕྱིར་བསལ་བར་མི་རིགས་སོ་ཞེ་ན། སྡུག་བསྔལ་གྱི་ངོ་བོ་ཉིད་དུ་མཚུངས་པའི་ཕྱིར་ཏེ། དེ་བས་ན་བདག་གིས་གཞན་གྱི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་བདག་
བཞིན་དུ་གཞན་ལ་ཕན་པར་བྱ་ཞེ་ན། གཞན་དེ་ཡང་སེམས་ཅན་ཡིན་པའི་ཕྱིར་ཏེ། དེ་བས་ན་བདག་གི་གཞན་ལས་ཞེས་སྨོས་སོ། །ཡང་གཞན་གྱི་དོན་དུ་བསྟན་པར་བྱ་བའི་ཕྱིར། གང་གི་ཚེ་བདག་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་སྨོས་ཏེ། འདོད་པ་མཚུངས་
པའི་ཕྱིར་གཉི་ག་མཉམ་པ་ཉིད་དུ་བྱ་དགོས་ཞེས་བྱ་བའི་དོན་ཏོ། །གཞན་ཡང་གལ་ཏེ་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་རྒྱུད་ལ་ཡོད་པའི་སྡུག་བསྔལ་དེ་ནི་གཞན་ཉིད་ལ་གནོད་པ་ཡིན་པའི་ཕྱིར། གཞན་དེ་ཉིད་ཀྱིས་བསྲུང་བར་རིགས་ཀྱི་བདག་ལ་མི་གནོད་པའི་ཕྱིར་བདག་ལ་
བསྲུང་བར་མི་རིགས་སོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་ཚེ་ཕྱི་མ་ངན་སོང་དུ་སྐྱེ་བའི་སྡུག་བསྔལ་དེ་ཡང་ད་ལྟར་རང་གི་ལུས་འདི་ཉིད་ལ་མི་གནོད་པའི་ཕྱིར་ལུས་འདིས་སྦྱིན་པ་གཏོང་བ་ལ་སོགས་པའི་ཚུལ་གྱིས་བསྲུང་བར་མི་རིགས་སོ་སྙམ་ནས། བདག་གིས་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
ཡང་གང་གི་ཚེ་གཞན་གྱི་སྡུག་བསྔལ་དེ་ནི་གཞན་ཉིད་ཀྱིས་བསྲུང་བར་བྱ་བ་ཡིན་ནོ། །དེའི་ཚེ་རྐང་པའི་སྡུག་བསྔལ་ཡང་རྐང་པ་ཉིད་ཀྱིས་བསྲུང་བར་བྱའི། ལག་པས་བསྲུང་བར་མི་རིགས་སོ་སྙམ་དུ་བསམ་ནས། གང་ཚེ་གང་གི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་མ་འོངས་
เล่ม ๑๐๕ · หน้า 332a
པའི་སྡུག་བསྔལ་དང་། རྐང་པའི་སྡུག་བསྔལ་ཡང་གོ་རིམས་བཞིན་དུ། ཚེ་འདིའི་ལུས་དང་། ལག་པས་བསྲུང་བར་རིགས་ཏེ། རྒྱུད་དང་ཚོགས་གཅིག་པའི་ཕྱིར་ལ། གཞན་གྱི་སྡུག་བསྔལ་དེ་ནི་བདག་དང་རྒྱུད་དང་ཚོགས་པ་མི་གཅིག་པའི་ཕྱིར་རོ་ཞེ་ན། རྒྱུད་དང་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། དཔེར་ན་ཕྲེང་བ་དང་ཆུའི་རྒྱུད་ལ་རྒྱུན་ཅན་གྱི་དབང་པོ་དང་གཉིས་པ་དང་། ཆུ་རྒྱུན་སྔ་མ་ཕྱི་མ་ལ་སོགས་པ་སོ་སོ་ཐ་དད་པ་ཉིད་ཡིན་ལ། དེ་ལ་མ་གཏོགས་པའི་རྒྱུན་ཅན་ཞེས་བྱ་བ་གཅིག་པ་ནི་མེད་པ་བཞིན་དུ། ཚེ་ཕྱི་མ་ཡང་རྒྱུད་ནི་ཚེ་སྔ་ཕྱིའི་སྐྱེ་འཇིག་སོ་སོ་ཐ་དད་པ་
ཡིན་ལ། དེ་ལས་མ་གཏོགས་པའི་རྒྱུད་ཅེས་བྱ་བ་གཅིག་པ་ནི་ཅུང་ཟད་ཙམ་ཡང་མེད་དོ། །ཡང་དེ་བཞིན་དུ་ནགས་ཚལ་གྱི་ཚོགས་ཞེས་བྱ་བ་ཡང་། ཚོགས་པ་ཅན་ནི་དང་བ་དང་ཁ་ད་རེ་སོགས་པ་ཐ་དད་པ་ཡིན་ལ། དེ་ལས་མ་གཏོགས་པ་ཅན་ཞེས་བྱ་བ་གཅིག་པ་མེད་པ་བཞིན་དུ། ལུས་
ལ་ཡང་ཚོགས་པ་ཅན་ནི་ལག་པ་ལ་སོགས་པ་མཚན་ཉིད་མི་མཐུན་པའི་ཕྱིར་སོ་སོ་ཐ་དད་པ་ཡིན་ལ། དེ་ལས་མ་གཏོགས་པའི་ལུས་ཀྱི་ཚོགས་བྱ་བ་གཅིག་པ་ཉིད་དུ་གཞན་པ་ནི་ཅུང་ཟད་ཀྱང་མེད་དོ། །འོན་ཏེ་དེ་ལྟ་ཡིན་ན། ཚེ་སྔ་མ་ལ་སེམས་ཅན་གྱི་རྒྱུད་ཅེས་བྱ་བ་དང་ལག་པ་ལ་སོགས་པ་
ལུས་ཀྱི་ཚོགས་ཞེས་བྱ་བར་གཅིག་ཏུ་འཛིན་པར་བྱེད་ཅེ་ན། དེ་ནི་འཁྲུལ་པའི་དབང་གིས་གཅིག་ཏུ་འཛིན་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་ཡང་ཁས་བླངས་ནས་བརྗོད་པར་བྱ་སྟེ། ཇི་ལྟར་ལག་པ་ལ་སོགས་པ་ལུས་ཀྱི་ཡན་ལག་ཏུ་གཅིག་པའི་ཕྱིར་རྐང་པའི་དོན་ལག་པས་བྱེད་པ་
བཞིན་དུ། སེམས་ཅན་ཐམས་ཅད་ཀྱང་འགྲོ་བའི་ཡན་ལག་ཏུ་གཅིག་པའི་ཕྱིར་བདག་བཞིན་དུ་གཞན་གྱི་དོན་ཡང་བྱའོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་ལག་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་ཇི་ལྟར་སེམས་ཅན་ཐམས་ཅད་ལ་ཡང་བདག་བཞིན་དུ་གོམས་པར་བྱས་པའི་སྒོ་
ནས། གཞན་གྱི་དོན་བྱའོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་བདག་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་བདག་དང་སེམས་ཅན་ཐམས་ཅད་གཅིག་པ་ཉིད་དུ་གཟུང་བ་ལ་ཡོན་ཏན་ཅི་ཡོད་སྙམ་པ་ལ། དེ་ལྟར་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་ན་ཇི་ལྟར་ཞེས་བྱ་བས་ནི་
เล่ม ๑๐๕ · หน้า 332b
མཇུག་སྡུད་དོ། །བསྲུང་སེམས་ཞེས་བྱ་བ་ནི་སྡུག་བསྔལ་ལས་སོ། །སྙིང་རྗེའི་སེམས་ཞེས་བྱ་བ་ནི་གོང་མ་དང་ཟློས་པའི་ཕྱིར་ཡི་གེ་ནོར་བར་བརྩི་སྟེ། དེ་བས་ན་བྱང་ཆུབ་སེམས་ནི་གོམས་པར་བྱ་ཞེས་བྱ་བ་ཡིན་ནོ། །དེ་བས་ན་མགོན་པོ་ཞེས་བྱ་བ་ལ་སོགས་པ་ལ་རང་གི་མཚན་ཞེས་བྱ་བ་ནི།
གང་གིས་བདག་གི་མིང་ཐོས་པ་དེ་དག་ཀྱང་འཇིགས་པ་བརྒྱད་ལས་ཐར་བར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སོ། །བདག་དང་གཞན་མཉམ་པ་ཉིད་དུ་བྱ་བ་དེ་ནི་དཀའ་བའི་ཕྱིར་མི་ནུས་སོ་སྙམ་ན། གོམས་པར་གྱུར་ན་དཀའ་བ་མེད་པའི་ཕྱིར། དཀའ་ལས་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། གང་གི་མིང་ཞེས་བྱ་བ་ནི་འདྲེ་ལ་སོགས་པའོ། །དེ་ཉིད་མེད་ན་ཞེས་བྱ་བ་ནི་ཤིན་ཏུ་འདྲིས་པར་གྱུར་པའི་ཕྱིར་འདྲེ་ལ་སོགས་པ་དེ་ཉིད་མེད་ནའོ། །དེ་ལྟར་བདག་དང་གཞན་མཉམ་པ་ཉིད་དུ་བྱ་བར་འདོད་པ་དེ། ལས་གང་ཞིག་ལ་བརྩོན་འགྲུས་བརྩམ་པར་བྱ་ཞེ་ན། བདག་
གི་བདེ་བ་གཞན་ལ་བཏང་ཞིང་གཞན་གྱི་སྡུག་བསྔལ་བདག་གིས་དང་དུ་བླང་བའི་ཚུལ་གྱིས་བདག་དང་གཞན་བརྗེ་བར་བྱ་བ་ཉན་ཐོས་ལ་སོགས་པས་ཐོས་ན། སྐྲག་པར་འགྱུར་བའི་ཕྱིར་གསང་བར་བྱ་བ་དེ་ལ་བརྩོན་འགྲུས་བརྩམ་པར་བྱའོ་ཞེས་བསྟན་པའི་ཕྱིར། གང་ཞིག་བདག་དང་
ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ཙམ་གྱིས་བདག་དང་གཞན་དུ་བརྗེ་བ་ཞེས་བྱ་ཞེ་ན། གང་ཞིག་བདག་གི་བདེ་བ་ཟས་དང་སྐོམ་ལ་སོགས་པ་གཞན་ལ་བྱིན་ཞིང་། དེ་ཉིད་ཀྱི་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་བདག་གིས་དང་དུ་བླངས་པ་ལྟ་བུ་ཡང་ཡིན་མོད་ཀྱི། དེ་ཙམ་
འབའ་ཞིག་ལ་ནི་མི་བྱའམ། འོ་ན་ཅི་ཞེ་ན། གང་གི་ཚེ་སྡོམ་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས། སེམས་ཅན་ཐམས་ཅད་བདེ་བར་བྱའོ་ཞེས་བྱམས་པ་ཆེན་པོས་ཀུན་ནས་བསླང་ནས། གཞན་བདེ་བ་དང་ཕྲད་པར་བྱ་བའི་དོན་དུ་བདག་གི་ཁྱིམ་གྱི་བདེ་བ་ལ་སོགས་པ་ཡལ་བར་
འདོར་བར་བྱེད་པ་དེ་ཙམ་གྱིས་ན་བདེ་བ་གཞན་ལ་བཏང་ཞེས་བྱ་སྟེ། མདོར་ན་བདག་གི་བདེ་བ་གཞན་བདེ་བར་བྱ་བའི་ཕྱིར་བཏང་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་གཞན་གྱི་སྡུག་བསྔལ་བདག་གིས་དང་དུ་བླང་ཞེས་བྱ་བ་ཡང་གཞན་གྱི་སྡུག་བསྔལ་བསལ་བར་བྱ་བའི་སྙིང་རྗེ་ཆེན་
เล่ม ๑๐๕ · หน้า 333a
པོས་ཀུན་ནས་བསླང་ནས། རབ་ཏུ་བྱུང་བ་ལ་སོགས་པའི་དཀའ་ལས་དང་དུ་བླང་ཞེས་བྱ་བ་སྟེ། མདོར་ན་གཞན་གྱི་སྡུག་བསྔལ་བསལ་བར་བྱ་བའི་དོན་དུ་བདག་གིས་སྡུག་བསྔལ་ཉམས་སུ་བླང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་དགེ་བའི་ཆོས་གཞན་
དག་ལ་ཡང་ཅི་ཞིག་པར་བྱ་སྟེ། མདོར་ན་ཅི་ཙམ་དུ་གཞན་བདེ་བའི་ཕྱིར་བདག་གི་བདེ་བ་ལ་མི་ལྟ་བ་དེ་ནི། བདག་གི་བདེ་བ་གཞན་ལ་བཏང་བ་ཡིན་ལ། ཇི་ཙམ་དུ་གཞན་གྱི་སྡུག་བསྔལ་བསལ་བའི་ཕྱིར་བྱ་དཀའ་བ་ཇི་སྙེད་ཉམས་སུ་ལེན་པ་ནི་གཞན་གྱི་སྡུག་བསྔལ་བདག་གིས་དང་
དུ་བླངས་པ་ཞེས་བྱའོ། །ཡང་ཅིའི་ཕྱིར་བདག་གི་བདེ་བ་གཞན་ལ་གཏང་བར་བྱའི། བདག་ཉིད་ལ་ཕན་གདགས་པར་མི་བྱ་ཞེ་ན། བདག་གི་ལུས་ནི་ཚེ་འདི་དང་ཕྱི་མའི་འཇིགས་པ་བསྐྱེད་པའི་རྒྱུར་གྱུར་པའི་ཕྱིར། འདི་ལ་དགྲ་བཞིན་དུ་སྡང་བར་བྱའི། བདེ་བས་ཕན་གདགས་པར་བྱ་རིན་མི་
ཆོག་གོ་སྙམ་ནས། བདག་དང་ལུས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འཇིགས་པ་གནས་ཆུང་ངུ་ལ་ཡང་ཞེས་བྱ་བ་ནི་སྐྲག་པར་བྱ་རིན་མི་ཆོག་པ་ལ་ཡང་ངོ་། །ཇི་ལྟར་འཇིགས་པ་སྐྱེ་བའི་གནས་ཡིན་ཞེ་ན། རྒྱས་པར་བཤད་པའི་ཕྱིར། ལུས་གང་ཞེས་བྱ་བ་སྨོས་ཏེ། སུ་ཞིག་ཅེས་བྱ་བ་
ནི་གཉི་ག་ཡང་དགག་པའི་དགྲ་སྟེ། སུ་ཞིག་དེ་ལ་འདོད་ཅིང་བསྲུང་བ་དང་། མཆོད་པར་བྱེད་ཀྱི་སུ་ཡང་མི་འདོད་ཅེས་བྱ་བ་དང་། སུ་ཞིག་དགྲ་བཞིན་དུ་སྡང་བར་མི་བྱེད་ཅིང་དགྲ་བཞིན་དུ་བརྙས་པར་མི་བྱེད་དེ། ལུས་འདི་ལ་དགྲ་བཞིན་དུ་སྡང་ཞིང་བརྙས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །
བདག་གི་དོན་བྱས་ན་ཉེས་དམིགས་ཅི་ཡོད། གཞན་གྱི་དོན་བྱས་ན་ཕན་ཡོན་ཅི་ཞིག་ཡོད་ནས་རང་གི་དོན་ཡལ་བར་བོར་ཏེ་གཞན་གྱི་དོན་ལ་འབད་པར་བྱ་སྙམ་པ་ལ། གལ་ཏེ་བྱིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདྲེའི་ཚུལ་ཞེས་བྱ་བ་ནི་དམན་པའི་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །ལྷའི་
ཆོས་ཞེས་བྱ་བ་ནི་ཁྱད་པར་གྱི་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །བདག་ཕྱིར་ཞེས་བྱ་བ་ནི་བདེ་བར་བྱ་བའི་ཕྱིར་རོ། །གཞན་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གཞན་བདེ་བར་བྱ་བའི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ནི་བདག་མཐོ་བར་འདོད་ནས་བདག་ལ་སྟོད་པར་བྱེད་པའོ། །གཞན་ལ་སྤྲོ་བྱས་ན་ཞེས་
เล่ม ๑๐๕ · หน้า 333b
བྱ་བ་ནི། གཞན་ལ་སྤྲོ་བར་བྱ་བའི་ཕྱིར་གཞན་ལ་བསྟོད་པའོ། །ལྷག་མ་ནི་གོ་སླའོ། །མདོར་བསྡུས་ཏེ་བསྟན་པའི་ཕྱིར་འཇིག་རྟེན་ཞེས་བྱ་བ་སྨོས་སོ། །དེ་ལྟ་ཡིན་པར་ཅི་མངོན་སྙམ་པ་ལ། མང་དུ་བཤད་ལྟ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་དང་གཞན་དུ་མ་བརྗེས་
པའི་ཉེས་དམིགས་གཞན་བསྟན་པའི་ཕྱིར། བདག་བདེ་ཞེས་བྱ་བ་སྨོས་སོ། །འོ་ན་ཚེ་ཕྱི་མའི་དོན་འགྲུབ་བམ་སྙམ་པ་ལ། འཁོར་བ་ན་ཡང་ཞེས་སྨོས་སོ། །འོ་ན་ཚེ་འདིའི་དོན་འགྲུབ་བམ་སྙམ་པ་ལ་འཇིག་རྟེན་ཞེས་བྱ་བ་སྨོས་སོ། །བདག་དང་གཞན་དུ་བརྗེ་བར་མི་བྱ་བའི་སྒོ་ནས་དེ་སྤོང་དུ་
གཞུག་པར་བྱ་བའི་ཕྱིར། མཐོང་དང་ཞེས་བྱ་བ་སྨོས་ཏེ། མཐོང་བ་ཞེས་བྱ་བ་ནི་ཚེ་འདི་ལའོ། །མ་མཐོང་བ་ཞེས་བྱ་བ་ནི་ཚེ་ཕྱི་མ་ལའོ། །བདག་ཏུ་འཛིན་པ་ལས་གྱུར་ཞེས་བྱ་བ་ནི་བདག་ཏུ་ཆགས་པའི་དབང་གིས་བདག་གི་དོན་བྱེད་པའོ། །འདྲེ་ཆེན་ཞེས་པ་ཡང་དེ་ཉིད་དོ། །ད་ནི་
བདག་དང་གཞན་མཉམ་པ་ཉིད་དུ་བྱ་བའི་ཕྱིར། བདག་དང་གཞན་བརྗེ་བར་བྱའོ་ཞེས་མཇུག་བསྡུས་ཏེ་བསྟན་པའི་ཕྱིར་དེ་ལྟར་ཞེས་བྱ་བ་སྨོས་ཏེ། གནོད་པ་དང་སྡུག་བསྔལ་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ཡང་ཤེས་པར་བྱའོ། །
གནོད་པ་ནི་ཚེ་འདིའོ། །སྡུག་བསྔལ་ནི་ཚེ་ཕྱི་མའོ། །ཡང་ན་གནོད་པ་ནི་ཡིད་ཀྱིའོ། །སྡུག་བསྔལ་ནི་ལུས་ཀྱིའོ། །དེ་ལྟར་བདག་དང་གཞན་དུ་བརྗེ་བར་བྱ་བ་ཉིད་དུ་སློབ་དཔོན་ཉིད་ཀྱི་ཐུགས་དང་གཞན་གྱི་རྒྱུད་བྱེ་བྲག་མ་ཕྱེ་བར་སྤྱིར་བསྟན་ཏོ། །འགྲེལ་པ་བྱེད་པ་ཁ་ཅིག་ན་རེ་ལུང་གིས་
བསྟན་པ་ཟེར་མོད་ཀྱི། དེ་ནི་མི་རིགས་ཏེ། ལུང་གང་ཡང་ཁུངས་སུ་མ་དྲངས་པའི་ཕྱིར་རོ། །འོན་ཏེ་ལུང་གི་དོན་བསྟན་པ་ཡིན་ནོ་ཞེ་ན། འོ་ན་ནི་དེའི་ཚེ་འདི་འབའ་ཞིག་ལུང་གིས་བསྟན་པ་ཞེས་བྱ་བར་མི་རིགས་ཏེ། གཞུང་མཐའ་དག་གིས་ཀྱང་ལུང་གི་དོན་བསྟན་པའི་ཕྱིར་རོ། །དེ་ལྟ་བས་
ན་བདག་དང་གཞན་གྱི་རྒྱུད་ལ་བྱེ་བྲག་ཕྱེ་བ་མེད་པར་བདག་དང་གཞན་གྱི་བརྗེ་བར་བྱ་བ་ཉིད་དུ་སྤྱིར་གདགས་པ་བསྟན་པ་ཞེས་བྱའོ། །ད་ནི་སློབ་དཔོན་གྱིས་བྱེ་བྲག་ཏུ་བདག་ཉིད་ཀྱིས་ཡིད་ལ་བདག་དང་གཞན་དུ་བརྗེ་བར་བྱའོ་ཞེས་གདམས་པ་བསྟན་པའི་ཕྱིར། བདག་ནི་ཞེས་བྱ་བ་སྨོས་
เล่ม ๑๐๕ · หน้า 334a
ཏེ། བདག་ནི་དབང་བ་ཡིན་པའི་ཕྱིར། གཞན་གྱི་དོན་བྱ་བ་ལས་རང་གི་དོན་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་དབང་བ་དེ་ཉིད་གང་ཡིན་དོན་ཇི་ལྟ་བུ་ཞིག་བྱ་སྙམ་པ་ལ། གོ་རིམས་བཞིན་དུ་གཞན་དབང་བ་དེ་ནི་བདག་ཉིད་ཀྱི་ཕུང་པོ་དང་མིག་ལ་སོགས་པ་ཡིན་ལ། དོན་
ནི་དེ་ལ་ཕན་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གཞན་དབང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་རང་གི་དོན་བྱ་བ་ལ་ཉེས་ཅི་ཡོད་ཅེ་ན། ཡིད་ཁྱོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་གཞན་གྱི་དོན་བྱ་བ་ལ་ཕན་ཡོན་ཅི་ཡོད་ཅེ་ན། དེ་ལྟས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
ལས་འདི་ཞེས་བྱ་བ་ནི་གཞན་གྱི་དོན་བྱེད་པའོ། །ཕུན་སུམ་བདེ་བ་མིན་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཕུན་སུམ་ཚོགས་པའི་བདེ་བ་ཐོབ་པ་ལས་མ་གཏོགས་པའི་ཁམས་གསུམ་གྱི་འཁོར་བའི་སྡུག་བསྔལ་འདི་འདྲ་བའི་གནས་སྐབས་སུ་རེ་མི་འགྱུར་བ་ཞིག་ན་ཞེས་བྱ་བའི་དོན་ཏོ། །ད་ནི་རང་
ཉིད་ལ་བདག་ཏུ་བཟུང་ནས་དོན་བྱེད་པ་བྱེད་བཞིན་དུ་གཞན་གྱི་དོན་ཡང་གྱིས་ཤིག་ཅེས་གདམས་པའི་ཕྱིར། དེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དག་གིས་ཞེས་བྱ་བ་ནི་ཕ་མ་ལ་སོགས་པའོ། །གཞན་གྱི་དོན་ཇི་ལྟར་བྱ་སྙམ་པ་ལ། གཞན་གྱི་རྟོག་ཅེས་བྱ་བ་སྨོས་ཏེ།
གཞན་གྱི་རྒྱུད་ལ་བདེ་བ་གང་གིས་ཕོངས་པ་དང་། སྡུག་བསྔལ་གང་དང་ལྡན་པ་དེ་ཉིད་བརྟགས་ནས་གཞན་གྱི་སྡུག་བསྔལ་བསལ་ཞིང་བདེ་བ་བསྒྲུབ་པའི་ཕྱིར། བདག་གི་བདེ་བ་ལ་མི་ལྟ་བར་བོར་ནས། གཞན་ལ་ཕན་པ་བྱེད་པའི་སྡུག་བསྔལ་དང་དུ་བླང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་
ཡང་ཇི་ལྟར་བྱ་སྙམ་པ་ལ། བདག་སྐྱིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་ནས་ཀྱང་བདག་ལ་ཕྲག་དོག་བྱས་པའི་སྒོ་ནས་ཏེ། ཇི་ལྟ་ཞེ་ན། གཞན་སྐྱིད་པར་བྱ་བའི་དོན་དུ། བདག་སྐྱིད་པ་ཡལ་བར་བོར་ཏེ། གཞན་ལ་བཏང་བར་བྱ་བའམ། བདག་གི་མཐོ་བ་བཏང་སྟེ། གཞན་
དག་མཐོ་བར་བྱ་བའི་ཕྱིར་གཞན་ལ་བསྟོད་པར་བྱ་བའམ། བདག་གིས་གཞན་ལ་ཕན་པ་བྱེད་པ་ཡལ་བར་བོར་ཏེ། གཞན་ལ་སྦྱིན་ཞིང་གཏོང་དུ་གཞུག་པའི་སྒོ་ནས་ཏེ། ཇི་ལྟར་མདོ་ལས། དེ་ལས་ཡོ་བྱད་དག་ལོང་ལ་སྦྱིན་པ་བྱིན་ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟར་ན་བདག་སྐྱིད་
เล่ม ๑๐๕ · หน้า 334b
ཅེས་བྱ་བ་ནི་ཡོ་བྱད་ཀྱི་སྒོ་ནས་སོ། །བདག་མཐོ་བྱ་བ་ནི་ཡོན་ཏན་གྱི་སྒོ་ནས་སོ། །བདག་གི་ཕན་བྱེད་ཅེས་བྱ་བ་ནི་ཕན་འདོགས་པའི་སྒོ་ནས་སོ། །ཡང་ན་བདག་སྐྱིད་ཅེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་བདག་ཉིད་སྡོམ་པ་གསུམ་ལ་གནས་པ་དེ་བཞིན་དུ་གཞན་དག་ཀྱང་སྡོམ་པ་ལ་དགོད་པའི་
དབང་དུ་བྱས་ཏེ། བདག་སྐྱིད་གཞན་ནི་མི་སྐྱིད་ལ། །ཞེས་བྱ་བ་ནི་བདག་ནི་སྡོམ་པའི་ཚུལ་ཁྲིམས་ལ་གནས་པའི་སྒོ་ནས་སེམས་བདེ་བ་ལ་རེག་པར་གནས་པའི་ཚུལ་གྱིས་སྐྱིད་ལ། གཞན་ནི་མི་སྐྱིད་པ་ཇི་སྟེ་སྙམ་ནས་གཞན་དེ་དག་ལ་འགོད་པ་དང་། བདག་མཐོ་གཞན་ནི་དམའ་བ་དང་། །ཞེས་
བྱ་བ་ནི། བདག་ནི་དགེ་བའི་ཆོས་སྡུད་པའི་ཡོན་ཏན་གྱིས་བརྒྱན་པའི་སྒོ་ནས་མཐོ་ལ། གཞན་ནི་དེ་ལྟ་མ་ཡིན་པ་ཇི་སྟེ་སྙམ་ནས་གཞན་དག་ཀྱང་དེ་ལ་འགོད་པ་དང་། བདག་ནི་ཕན་བྱེད་གཞན་མིན་ཞེས་བྱ་བ་ནི། བདག་ནི་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཀྱི་སྒོ་ནས་
གཞན་ལ་ཕན་པར་བྱེད་ལ། གཞན་ནི་དེ་ལྟ་མ་ཡིན་པ་ཇི་སྟེ་སྙམ་ནས་གཞན་དག་ཀྱང་དེ་དགོད་པའི་ཚུལ་གྱིས་བདག་ཉིད་འབའ་ཞིག་དེ་ལྟར་གནས་པ་ལ། བདག་ལ་ཕྲག་དོག་ཅིས་མི་བྱེད་དེ། གཞན་དག་ཀྱང་དེ་ལ་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་གཞན་ལ་ཕན་
གདགས་པའི་དོན་དུ་བདག་གི་བདེ་བ་ལ་མི་ལྟ་ཞིང་དེ་ཡལ་བར་བོར་བའི་སྒོ་ནས་བདག་བདེ་བ་ལ་དང་བྲལ་གྱིས་ཏེ། གཞན་གྱི་སྡུག་བསྔལ་བསལ་བའི་དོན་དུ་བདག་གིས་དཀའ་བ་སྤྱད་པའི་སྒོ་ནས་བདག་ལ་སྦྱོར་ཞེས་བྱའོ། །ཡང་སྤྱོད་ལམ་ཐམས་ཅད་དུ་བདག་དང་གཞན་བརྗེ་བར་མི་
བྱེད་པའི་ཉེས་པ་བསལ་ཕྱིར་ལྷན་ཅིག་རྗེས་སུ་སྤྱོད་པའི་ཤེས་བཞིན་གྱིས་བརྟག་པར་བྱ་བ་ཡིན་པས་ན། རེས་འགའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་ནས་ཀྱང་གཞན་གྱི་ཉེས་པ་བདག་གིས་དང་དུ་བླང་བར་བྱ་བ་ཡིན་པས། གཞན་གྱི་ཉེས་པ་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། གཞན་གྱིས་ཉེས་པ་བྱས་ཀྱང་བདག་གིས་ཉེས་པ་ལྟར་བྱའོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་གཞན་གྱི་ཉེས་པ་བཞིན་དུ་རང་གི་ཉེས་པ་ཡང་བཅབ་པར་བྱའམ་ཞེན་མ་ཡིན་ཏེ། བདག་གི་ཉེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་མཐོ་བ་བསལ་ནས། གཞན་མཐོ་
เล่ม ๑๐๕ · หน้า 335a
བར་བྱ་བའི་ཕྱིར། གཞན་གྱི་གྲགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་ནས་ཀྱང་གཞན་མཐོ་ཞིང་བདག་དམའ་བར་བྱ་བའི་ཕྱིར། བདག་ནི་བྲན་གྱི་ཞེས་བྱ་བ་ལ་སོགས་པ་དྲུག་གསུངས་ཏེ། མདོར་ན་ཐ་མལ་པའི་སྤྱོད་ལམ་ཐམས་ཅད་ཀྱང་། སྤྱོད་
ཡུལ་ཡོངས་སུ་དག་པའི་མདོ་ལས་གསུངས་པའི་ཚུལ་དུ་གཞན་གྱི་དོན་དུ་བསྔོ་ཞིང་བྱེད་ན་སྡོམ་པ་གསུམ་གྱིས་བསྡུས་པའི་དགེ་བའི་ལས་ལ་ལྟ་ཅི་སྨོས་ཏེ། དེ་བས་གྲལ་གྱི་ཐ་མ་ལྟར། །དོན་རྣམས་ཀུན་ལ་བཀོལ་བར་གྱིས། །ཞེས་བྱ་བ་དངོས་སུ་གཞན་གྱི་བང་ཆེན་ལ་སོགས་པ་ཞེས་
བྱེད་པ་ལྟ་བུ་མ་ཡིན་ཏེ། མི་ནུས་པའི་ཕྱིར་དང་། དེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མི་འགྱུར་བའི་ཕྱིར་རོ། །འདི་ནི་སྐྱོན་ཅན་ཞེས་བྱ་བ་ནི་བདག་གི་ཡོན་ཏན་གཞན་ལ་བསྒྲགས་པར་གྱུར་ན་དྲེགས་པ་དང་ང་རྒྱལ་སྐྱེ་བའི་སྐྱོན་འབྱུང་བས་བསྒྲགས་པར་མི་བྱ་སྟེ། བཅབ་པར་བྱའོ་
ཞེས་བྱ་བའི་དོན་ཏོ། །ད་ནི་མདོར་བསྡུས་ནས་སྔོན་གྱི་དུས་སུ་བདག་བདེ་བར་བྱ་བའི་དོན་དུ། གཞན་ལ་གནོད་པ་བྱས་པ་དེ་ད་ཕྱིན་ཆད་ནི་དེའི་ལན་གྱི་ཚུལ་དུ་གཞན་པ་བྱ་བ་དེ། བདག་གིས་དང་དུ་བླང་བར་བྱའོ་ཞེས། མདོར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་རྣམས་
ཀྱི་དོན་དུ་དགེ་བའི་རྩ་བ་དེ་དང་། དེ་དག་འགྲུབ་པར་བྱེད་པའི་སྡུག་བསྔལ་དང་དུ་བླང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་བསྟན་ཏེ། གཉའ་བོ་དྲག་པོ་གཉའ་ཕུད་པའི་ཚུལ་དུའམ། གླེགས་བམ་ཁ་ཅིག་ལས་གཉའ་ཐག་ཅེས་འབྱུང་
སྟེ། དེའི་ཚེ་གཉའ་ཐག་འགྱུར་བའི་ཚུལ་དུ་ཞེས་བྱ་བའི་དོན་ཏོ། །ཚུལ་དེ་བཞིན་དུ་བདག་གི་སེམས་དེ་ཡང་རང་གི་དོན་བྱེད་པའི་ལས་ལ་ཤེད་སྐྱེད་པར་མི་བྱའོ། །འོན་ཀྱང་བག་སར་བཞིན་དུ་ངོ་ཚ་ཤེས་པ་དང་། འཇིགས་པ་སྟེ་ཁྲེལ་ཡོད་པ་གཉིས་ཀྱི་གཉའ་བའམ་གཉའ་ཐག་
གིས་བསྡམས་ཏེ་གཞག་གོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མ་བྱས་པའི་ཉེས་དམིགས་ཀྱི་དབང་དུ་བྱས་ནས། འོན་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་འདས་པའི་དུས་སུ་རང་གི་དོན་བྱས་པར་གྱུར་ཀྱང་ཕྱིན་ཆད་དུ་རང་གི་དོན་མི་བྱའི་གཞན་གྱི་དོན་ལ་འབད་པར་བྱ་
เล่ม ๑๐๕ · หน้า 335b
བའི་རང་གི་དོན་བྱས་པའི་ཉེས་དམིགས་དང་། གཞན་གྱི་དོན་བྱས་པའི་ཕན་ཡོན་གྱི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། ཁྱོད་ཀྱིས་ཁོ་བོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞི་སྨོས་ཏེ། ཁྱོད་ཀྱི་རྩ་ཡང་ཀུན་ཤེས་བྱ་བ་ནི་རྒྱུ་སྟེ། ངན་སོང་དུ་སྐྱེ་བའི་རྒྱུ་རང་གི་དོན་བྱེད་པར་འདོད་པ་བཅོམ་པ་
དང་། ངན་སོང་དུ་འགྲོ་བའི་ཐབས་མེད་དོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །ད་ནི་བདག་དང་གཞན་དུ་བརྗེ་བར་བྱ་བའི་དོན་ཉིད་དང་། དེའི་ཕན་ཡོན་བསྟན་པའི་སྒོ་ནས་མཇུག་བསྡུ་བའི་ཕྱིར། དེ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གི་བདེ་བ་ཡལ་བར་བོར་ཏེ།
གཞན་དག་བདེ་བར་བྱས་ཤིང་གཞན་གྱི་སྡུག་བསྔལ་བསལ་བའི་དོན་དུ་བདག་གི་སྡུག་བསྔལ་དང་དུ་བླངས་ན་དུས་དེའི་ཚེ་བདག་དང་གཞན་གྱི་དོན་འགྲུབ་པའི་ཕྱིར། བདག་དང་གཞན་དུ་འགྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བསྟན་བཅོས་ཀྱི་མིང་གི་དོན་ནི་སྔ་མ་བཞིན་ནོ། །བརྩོན་
འགྲུས་བསྟན་པ་ཞེས་བྱ་བ་སྟེ་ལེའུ་དྲུག་པའི་བཤད་པ་རྫོགས་སོ།། །།བརྩོན་འགྲུས་དང་ལྡན་པ་ལ་བསམ་གཏན་འབྱུང་ཞིང་། སེམས་མཉམ་པར་གཞག་པ་ལས་ཉོན་མོངས་པའི་གཉེན་པོ་ལྷག་མཐོང་འབྱུང་བས། ལྷག་མཐོང་བསྐྱེད་པར་བྱ་བའི་ཕྱིར།
དེའི་རྒྱུ་བསམ་གཏན་བསྐྱེད་པའི་དོན་དུ། ཞི་གནས་ཞེས་བྱ་བ་ལ་སོགས་པ་ལེའུ་བདུན་པ་གསུངས་ཏེ། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཞེས་བྱ་བས་ནི་གང་གི་དོན་དུ་ཞི་གནས་བཙལ་བ་བསྟན་ཏོ། །ལྷག་མས་ནི་
ཇི་ལྟར་བཙལ་བ་བསྟན་ཏེ། ཞི་གནས་ཀྱི་ཚོགས་ལ་གནས་པར་བྱ་བ་དང་། ཚོགས་ལ་གནས་པ་དེས་མཉམ་པར་གཞག་པའི་གནས་སྐབས་སུ་ཇི་ལྟར་བཙལ་བར་བྱ་བ་དང་གཉིས་ཀྱིས་བསྟན་ཏེ། སྔ་མ་ཞི་གནས་ཀྱི་ཚོགས་ལ་གནས་པར་བྱ་བ་ལ། འཇིག་རྟེན་ལ་ཆགས་པ་སྤང་
པ་དང་དགོན་པར་གནས་པར་བྱ་བ་གཉིས་ལས། དེ་ལ། དང་པོའི་དབང་དུ་བྱས་ནས་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་བྱ་བས་ནི་མདོར་བསྟན་ཏེ། འཇིག་རྟེན་ལ་ཆགས་པ་ནི་དགོན་པར་གནས་པ་ལ་སོགས་པས་མི་འགྲུབ་པས་ཞི་གནས་ཐོབ་པར་
เล่ม ๑๐๕ · หน้า 336a
མི་འགྱུར་ལ། དེ་ལས་བཟློག་པས་ནི་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་ཉིད་རྒྱས་པར་བཤད་པའི་དབང་དུ་བྱས་ནས། གཉེན་འདུན་ལ་སོགས་པ་ལ་ཆགས་པ་སྤང་བ་དང་། འཇིག་རྟེན་གྱི་ཆོས་བརྒྱད་ལ་ཆགས་པ་སྤང་བ་གཉིས་ལས་རེ་ཞིག་དང་
པོའི་དབང་དུ་བྱས་ནས། མི་རྟག་པ་ཡིན་པའི་ཕྱིར། ཆགས་པར་བྱེད་པ་མི་རིགས་ལ། གཉེན་ལ་སོགས་པ་ཡང་མི་རྟག་པ་ཡིན་པའི་ཕྱིར་ཆགས་པར་བྱ་བར་མི་རིགས་ཏེ། མྱུར་དུ་འབྲལ་བར་འགྱུར་རོ་སྙམ་དུ་བསམ་པའོ། །ད་ནི་གཉེན་ལ་སོགས་པ་ལ་ལྷག་པར་ཆགས་པའི་ཉེས་
དམིགས་བསྟན་པའི་སྒོ་ནས། དེ་ལ་ལྷག་པར་ཆགས་པ་སྤང་བའི་ཕྱིར། དེས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ལྷག་པར་ཆགས་པའི་རྒྱུ་སྡུག་པ་སྟེ་ཡིད་དུ་འོང་བའི་དངོས་པོ་མཐོ་རིས་དང་ཐར་པ་ཐོབ་པར་མི་འགྱུར་རོ་ཞེས་བསྟན་པའི་དོན་ཏོ། །གཞན་ཡང་གཉེན་ལ་སོགས་
པ་དེ་མཐོང་བའི་ཚེ་ན་ནི་མཐོང་ན་ཅི་རུང་དུ་སྙམ་ནས་ཡིད་དགའ་བར་མི་འགྱུར་ཞིང་། དེའི་དབང་གིས་ཡིད་ཀྱང་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པར་མི་འགྱུར་ལ། འོ་ན་མཐོང་ན་ཕན་ནམ་ཞེ་ན། མཐོང་ཡང་ངོམས་པར་མི་འགྱུར་བས། སྔ་མ་བཞིན་དེ་སྔར་མ་ཕྲད་པའི་གནས་སྐབས་
བཞིན་དུ་ད་རུང་ཡང་མ་བྲལ་ན་ནི་ཅི་མ་རུང་སྙམ་པའི་སྲེད་པས་གདུང་བར་འགྱུར་རོ། །ཉེས་དམིགས་གཞན་བསྟན་པའི་ཕྱིར། སེམས་ཅན་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་ནས་སྒྲིབ་ཅེས་བྱ་བ་ནི་དེའི་རྐྱེན་གྱིས་འཁོར་བའི་སྡུག་བསྔལ་ལ་མི་སེམས་པའི་ཕྱིར་རོ། །
ཐ་མར་ཞེས་བྱ་བ་ནི་འཆི་བའི་དུས་སུ་འགྱོད་པར་འགྱུར་བའི་ཕྱིར་རོ། །དོན་མེད་ཅེས་བྱ་བ་ནི་དགེ་བ་མ་བརྩམས་པའི་ཕྱིར་རོ། །འཇིག་པར་འགྱུར་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་མི་འཐོབ་པའི་ཕྱིར་རོ། །སྐལ་བ་མཉམ་སྦྱོང་ན་ཞེས་བྱ་བ་ནི་མི་དགེ་བའི་ལས་ཀྱི་རྗེས་སུ་འཇུག་
པའི་ཕྱིར་རོ། །དགའ་བའི་གནས་ལ་ཞེས་བྱ་བ་ནི་དགའ་བར་བྱེད་པའི་གནས་སོ། །གཞན་ཡང་བྱིས་པ་རྣམས་ཀྱི་མཚན་ཉིད་བསྟན་པའི་ཕྱིར། ཕན་པར་སྨྲས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་ལས་ཞེས་བྱ་བ་ནི་དགེ་བའི་ལས་སོ། །བཟློག་ཅེས་བྱ་བ་ནི་ཕ་རོལ་པོ་
เล่ม ๑๐๕ · หน้า 336b
དེ་དག་གོ། །ལྷག་མ་ནི་གོ་སླའོ། །རེས་འགའ་ཕྲད་པའི་ཚེ་ཇི་ལྟར་བྱ་སྙམ་པ་ལ། ཕྲད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཀྱི་དོན་ཙམ་ཞེས་བྱ་བ་ནི། གདམས་ངག་འཚོ་བའི་རྐྱེན་ཙམ་མོ། །ཀུན་ལ་ཞེས་བྱ་བ་ནི་སྦྱིན་བདག་ལ་སོགས་པ་ལའོ། །ད་ནི་གཉིས་པ་
འཇིག་རྟེན་པའི་ཆོས་བརྒྱད་ལ་ཆགས་པ་སྤང་བའི་དབང་དུ་བྱས་ནས། དེའི་ཉེས་དམིགས་བསྟན་པར་བྱ་བའི་ཕྱིར། བདག་ནི་རྙེད་མང་བཀུར་སྟི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོ་ན་ཇི་ལྟར་སྤང་བར་བྱ་ཞེ་ན། འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྟག་པ་ཡིན་ནོ་ཞེས་
བྱ་བའི་ཐ་ཚིག་སྟེ། དེ་བས་ན་དེ་དག་དང་རྟག་ཏུ་འགྲོགས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྟོད་པ་དང་སྨོད་པ་ལ་དགའ་བ་དང་མི་དགའ་བ་སྤོང་བའི་ཕྱིར། བདག་ལ་སྨོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་ཐམས་ཅད་བདག་ལ་སྟོད་པའམ་སྨོད་པར་
བྱེད་པ་ནི་མ་ཡིན་གྱི། ཁ་ཅིག་དེ་ལྟར་བྱེད་པ་ཙམ་གྱིས་དགའ་བའམ། མི་དགའ་བར་བྱ་རིན་ཆེན་མི་ཆོག་གོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དེ་ལྟར་ཡིན་སྙམ་པ་ལ་སེམས་ཅན་ཞེས་བྱ་བ་སྨོས་ཏེ། མོས་པ་སྣ་ཚོགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་རྙེད་པ་
ཞེས་བྱ་བ་ལ་སོགས་པས་ནི་དེ་དག་དང་འགྲོགས་པ་སྤང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཞི་གནས་ཀྱི་ཚོགས་ལས་གཉིས་པ་དགོན་པར་བྱ་བའི་དབང་དུ་བྱས་ནས་དགོན་པར་གནས་པའི་ཕན་ཡོན་བསྟན་པ་ལ། དང་པོ་གྲོགས་ཀྱི་དབང་དུ་བྱས་པའི་ཕན་ཡོན་གྱི་དབང་དུ་
བྱས་ནས། ནགས་ཞེས་བྱ་བ་སྨོས་སོ། །ལུས་དང་ལོངས་སྤྱོད་ལ་ལྷག་པར་ཆགས་པ་མི་སྐྱེ་བའི་ཕན་ཡོན་གྱི་དབང་དུ་བྱས་ནས། ཕུག་གམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱབ་ཏུ་མི་ལྟ་ཞིང་ཞེས་བྱ་བ་ནི་འཕྲོག་པ་དང་། བསད་པའི་འཇིགས་པ་མེད་པའི་ཕྱིར་རོ། །
ནགས་ཚོལ་བའི་ཞེན་པ་དང་། སྤོང་མི་ནུས་པའི་ཞེན་པ་མེད་པའི་ཕན་ཡོན་བསྟན་པའི་ཕྱིར། ས་ཕྱོགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལོངས་སྤྱོད་ཕྲོགས་ཀྱིས་དོགས་པ་དང་། ལུས་ཀྱི་མི་མཛེས་པའི་གནས་གཞན་གྱིས་མཐོང་བར་དོགས་པའི་འཇིགས་པ་མེད་པའི་ཕན་ཡོན་
เล่ม ๑๐๕ · หน้า 337a
བསྟན་པའི་ཕྱིར། ལྷུང་བཟེད་ལ་སོགས་པ་སྨོས་སོ། །ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་བསྒོམ་པར་འགྱུར་བའི་སྒོ་ནས། ལུས་ལ་རྟག་པ་དང་གཙང་བ་ཉིད་དུ་མངོན་པར་ཞེན་པའི་ཉོན་མོངས་པ་སྤོང་བའི་གཉེན་པོར་གྱུར་པ་བསྐྱེད་པ་
བསྟན་པར་བྱ་བའི་ཕྱིར་དུར་ཁྲོད་ཅེས་བྱ་བ་སྨོས་སོ། །ཚིགས་སུ་བཅད་པ་དང་པོས་ནི་གཞན་ཤི་བའི་ལུས་མཐོང་བ་སྤྱིའི་དབང་དུ་བྱས་ནས་སྟོན་ཏོ། །གཉིས་པས་ནི་ཤི་ནས་ཞག་བདུན་ལོན་པའི་དབང་དུ་བྱས་ནས་སྟོན་ཏོ། །ལུས་འདི་གཅིག་པུ་ཞེས་བྱ་བ་ལ་སོགས་པས་ནི་དགོན་པར་
གནས་པའི་ཚེ་གཉེན་འདུན་ལ་སོགས་པ་དང་བྲལ་བའི་རྒྱུས་ཡིད་མི་བདེ་བ་སྤང་བའི་ཕྱིར་གཉེན་པོ་ཇི་ལྟར་བསྒོམ་པ་བསྟན་ཏོ། །རྐྱེན་གང་ཞེས་བྱ་བ་ལ་སོགས་པས་ནི་གཉེན་པོ་ལ་སོགས་པ་དང་བྲལ་བར་མི་ཕོད་པའི་གཉེན་པོ་བསྒོམ་པ་བསྟན་ཏོ། །ལུས་འདི་ཞེས་བྱ་བ་ལ་སོགས་
པས་ནི་དགོན་པར་གནས་པའི་ཚེ་གཉེན་ལ་སོགས་པ་དང་ལྷན་ཅིག་མི་འགྲོགས་པའི་ཕན་ཡོན་བསྟན་ཏོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་ཕན་ཡོན་བརྟག་པའི་སྒོ་ནས་དགོན་པར་གནས་པར་བྱ་བར་གདམས་པ་བསྟན་ཏོ། །ད་ནི་ཚོགས་ལ་གནས་པ་དེས་མཉམ་པར་འཇོག་པའི་སྐབས་སུ་
ཇི་ལྟར་བཙལ་བར་བྱ་བའི་དབང་དུ་བྱས་ནས་བསམ་པ་གཞན་གྱི་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་པ་གཞན་ནི་ཞེས་པ་ནི་བསམ་གཏན་གྱི་སྒྲིབ་པ་ལྔའོ། །བདག་ལ་སེམས་པས་ཞེས་བྱ་བས་ནི་བདག་ཅིའི་ཕྱིར་དགོན་པར་འོངས་ཞེས་བྱ་བསམས་ནས་བདག་ནི་སྒྲིབ་པ་སྤང་བའི་དོན་དུ་
འོངས་སོ། །མཉམ་པར་གཞག་ཕྱིར་ཞེས་བྱ་བ་ནི་རྒོད་པའི་མཚན་ཉིད་ཀྱི་མཐོ་བ་དང་། བྱིང་བའི་མཚན་ཉིད་ཀྱི་དམའ་བ་སྤང་བའི་སྒོ་ནས་སོ། །དུལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་ལས་སོ། །ད་ནི་བསམ་གཏན་གྱི་སྒྲིབ་པ་ལྔ་ལས་འདོད་པའི་རྣམ་པར་རྟོག་པ་སྤང་བའི་
ཉེས་དམིགས་བསྟན་པའི་སྒོ་ནས། དེ་སྤང་བར་བྱ་བ་མདོར་བསྟན་པའི་ཕྱིར། འཇིག་རྟེན་འདི་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་ཉིད་རྒྱས་པར་བཤད་པའི་ཕྱིར། དེ་ལ་དང་པོར་འདོད་ལྡན་ངན་པ་ཞེས་བྱ་བ་ནས་རྒས་ན་འདོད་པས་ཅི་ཞིག་བྱ་བའི་བར་གྱིས་ཚེ་འདིའི་ཉེས་དམིགས་བསྟན་
เล่ม ๑๐๕ · หน้า 337b
ཏེ། ཚིག་གི་དོན་ནི་གོ་སླའོ། །ད་ནི་ཚེ་འདི་དང་ཕྱི་མའི་ཉེས་དམིགས་བསྡུས་ཏེ་བསྟན་པའི་སྒོ་ནས་དེ་སྒྲུབ་པའི་དོན་དུ། དལ་འབྱོར་ཆུད་ཟོས་པར་བྱས་པའམ། དེ་ཆུད་ཟ་བར་མི་བྱ་བ་གདམས་པ་ཟུར་གྱིས་བསྟན་པའི་ཕྱིར། འདོད་ལྡན་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་
འདོད་པ་ལ་ཞེན་པ་སྤངས་ཏེ་དེ་བས་ཤིན་ཏུ་ཚེགས་ཆུང་བར་བྱ་བའི་ཕྱིར། ཐར་པ་ཐོབ་པར་བྱ་བའི་དོན་ལ་འབད་པར་བྱའོ་ཞེས་བྱ་བ་བསྟན་པའི་ཕྱིར། འདོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་འདོད་པ་ལ་མངོན་པར་ཞེན་པ་ཇི་ཙམ་དུ་ཉེས་དམིགས་ཆེ་བས་དེ་སྤང་བར་བྱ་ཞེ་ན།
དེའི་དཔེ་མེད་པར་བསྟན་པའི་ཕྱིར། འདོད་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །དེ་དག་གིས་ནི་ཚེ་འདིའི་སྲོག་འཕྲོག་པར་བྱེད་པ་ཙམ་དུ་ཟད་ཀྱི། ཚེ་ཕྱི་མར་དམྱལ་བ་ལ་སོགས་པར་ལྟུང་བར་བྱེད་མི་ནུས་པའི་ཕྱིར་རོ་སྙམ་དུ་བསམ་པའོ། །དེ་ལྟར་ཕྱི་རོལ་གྱི་ཡོ་བྱད་ལ་འདོད་
པའི་རྣམ་པར་རྟོག་པ་སྤང་བར་བསྟན་ནས། ད་ནི་ནང་སེམས་ཅན་ལ་འདོད་པའི་རྣམ་པར་རྟོག་པ་སྤང་བར་བསྟན་པའི་ཕྱིར། འདོད་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རེག་བྱ་ཤིན་ཏུ་འཇམ་པ་ཤིང་ལ་སོགས་པར་ཡང་ཉལ་པོ་བྱ་བར་མི་རུང་ཞེས་བསམས་ནས། དེ་ལ་ཆགས་པར་
མི་བྱེད་ན། དེའི་ཚེ་སེམས་ལ་ཡང་རེག་བྱའི་སྒོ་ནས་ཅིའི་ཕྱིར་ཆགས་པར་བྱེད་དེ། ཆགས་པར་བྱར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་གོས་ཀྱི་སྒོ་ནས་ཆགས་པར་བྱར་མི་རིགས་པར་བསྟན་པའི་ཕྱིར། གང་ལ་གཡོགས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔ་མ་ལས་ངན་པར་
གྱུར་པ་མེད་པར་གྱུར་པའི་ཕྱིར་རོ་སྙམ་པའི་བསམ་པའོ། །ཅིའི་ཕྱིར་འདོད་པར་བྱེད་ཅེས་བྱ་བ་ནི་བླ་ལྷག་ཏུ་བཟང་བར་གྱུར་པ་མེད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །ད་ནི་མི་གཙང་བ་ཡིན་པའི་ཕྱིར། ཆགས་པར་བྱ་བར་མི་རིགས་པར་བསྟན་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། ཡན་ལག་གི་དོན་ནི་གོ་སླའོ། །ད་ནི་དྲིའི་སྒོ་ནས་ཆགས་པར་མི་རིགས་པར་བསྟན་པའི་ཕྱིར། ལུས་ལ་བསྐུས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པའོ། །ད་ནི་རྨུགས་པ་དང་གཉིད་སྤང་བའི་ཕྱིར། བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བག་ཡོད་གཏམ་
เล่ม ๑๐๕ · หน้า 338a
ནི་ཞེས་བྱ་བ་རྨུགས་པ་དང་གཉིད་ཀྱི་གཉེན་པོར་ཏིང་ངེ་འཛིན་གྱི་ཕན་ཡོན་དང་། དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པ་ལ་སོགས་པའོ། །འོན་ཏེ་བསམ་གཏན་གྱི་སྒྲིབ་པ་ལྔ་ཡོད་པ་མ་ཡིན་ནམ། འདིར་འདོད་པ་ལ་འདུན་པ་དང་། གཉིད་སྤང་བ་འབའ་
ཞིག་བཤད་ཀྱི་གཞན་དག་ཅིའི་ཕྱིར་མ་བཤད་ཅེ་ན། རྒོད་པ་སྤང་བ་ནི་འདོད་པ་ལ་འདུན་པ་སྤང་བའི་ཐབས་ཇི་སྐད་བསྟན་པ་ཉིད་ཀྱིས་འགྲུབ་པའི་ཕྱིར་དང་། འགྱོད་པ་སྤང་བ་ནི་ལེའུ་གཉིས་པར་སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་ཇི་སྐད་བཤད་པ་བཞིན་དུ་ཡང་དག་པར་བླངས་པས་སྡོམ་པ་
ལེགས་པར་མགོན་ནས་སམ་སྙམ་པའི་འགྱོད་པ་ཡང་མི་འབྱུང་ལ། ལེའུ་གསུམ་པ་དང་བཞི་པར་སྡོམ་པ་བསྲུང་བའི་ཐབས་ཇི་སྐད་བཤད་པ་བཞིན་དུ་བསྲུང་བའི་ཕྱིར། ལེགས་པར་མ་བཤགས་སམ་སྙམ་པའི་འགྱོད་པ་ཡང་མི་འབྱུང་ཞིང་རེས་འགའ་ལྟུང་བ་འབྱུང་ཡང་ལེའུ་གཉིས་པར་
སྡུག་པ་རྣམ་པར་སྦྱོང་བའི་ཐབས་ཇི་སྐད་བཤད་པ་དང་། ལེའུ་གསུམ་པར་ཉེས་པ་བྱུང་བ་རེ་རེ་ཞིང་། བྱང་བ་ལ་སོགས་པ་ཇི་སྐད་བཤད་པ་བཞིན་དུ། སྡིག་པ་རྣམ་པར་སྦྱང་བའི་ཕྱིར་ལྟུང་བ་བྱུང་བ་ལེགས་པར་མ་བཤགས་སམ་སྙམ་པའི་འགྱོད་པ་ཡང་མི་འབྱུང་བའི་ཕྱིར་དང་། གནོད་
སེམས་སྤང་བ་ནི་ལེའུ་ལྔ་པ་ལས་བཤད་ཟིན་པའི་ཕྱིར་དང་། ཐེ་ཚོམ་སྤང་བ་ནི་ལེའུ་བརྒྱད་པ་ལས་སྟོན་པར་འགྱུར་བའི་ཕྱིར་འདིར་མ་བཤད་དོ། །ད་ནི་བསམ་གཏན་གྱི་སྒྲིབ་པ་མ་སྤངས་པའི་ཉེས་དམིགས་བསྟན་པའི་སྒོ་ནས། སྒྲིབ་པ་གཉིས་སྤང་བའི་དོན་དུ་བསམ་གཏན་གྱི་སྒྲིབ་པ་ལྔ་
སྤངས་ཏེ། སེམས་མཉམ་པར་གཞག་པར་བྱ་བར་གདམས་པའི་ཕྱིར། རྒྱལ་སྲས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྟན་བཅོས་ཀྱི་མིང་གདགས་པ་ནི་སྔ་མ་བཞིན་ནོ། །བསམ་གཏན་བསྟན་པ་ཞེས་བྱ་བ་སྟེ། ལེའུ་བདུན་པའི་བཤད་པ་རྫོགས་སོ།། །།
ད་ནི་སེམས་མཉམ་པར་གཞག་པའི་གང་ཟག་དེས་གོ་འཕང་ཁྱད་པར་ཅན་ཐོབ་པར་བྱ་བའི་དོན་དུ། ཤེས་རབ་བསྐྱེད་པར་བྱ་བའི་ཕྱིར་ལེའུ་བརྒྱད་པ་གསུངས་ཏེ། དེ་ལ་གང་ལ་བརྟེན་ཏེ་བསྐྱེད་པར་བྱ་ཞེ་ན། བསམ་གཏན་གྱི་ལེའུར་ཞི་གནས་ཀྱི་ཚོགས་ག་ལ་གནས་ཏེ། ཞི་གནས་
เล่ม ๑๐๕ · หน้า 338b
བསྒོམ་པར་བྱ་བ་ཉིད་དུ་བསྡོགས་པ་འདི་དག་ཐམས་ཅད་ཀྱང་གང་གི་དོན་དུ་བསྡོགས་ཤེ་ན། བདག་དང་གཞན་གྱི་རྒྱུད་ལ་ཤེས་རབ་སྐྱེད་པའི་དོན་དུ་བསྡོགས་ཏེ། གང་དུ་བསམ་གཏན་བསྟན་པའི་ལེའུར། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་
འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་ཞེས། དེ་སྐད་དུ་བསྡོགས་པ་དེ་བས་ན་བདག་དང་གཞན་གྱི་རྒྱུད་ལ་མྱ་ངན་ལས་འདས་པ་དང་བདེ་བ་འདོད་པས། དེ་ཐོབ་པར་བྱ་བའི་དོན་དུ་ཤེས་རབ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མྱ་ངན་ལས་འདས་པ་ཞེས་བྱ་
བ་ནི་བདག་གི་དོན་ཏོ། །བདེ་བ་ནི་གཞན་གྱི་དོན་ཏོ། །ཡང་ན་མྱ་ངན་ལས་འདས་པ་ནི་སྤངས་པའོ། །བདེ་བ་ནི་ཡེ་ཤེས་སོ། །མྱ་ངན་ལས་འདས་པ་ནི་ངེས་པར་ལེགས་པའོ། །བདེ་བ་ནི་མངོན་པར་མཐོ་བའོ། །དེ་ལྟར་བསམ་གཏན་ལྡན་པ་དེས་མྱ་ངན་ལས་འདས་པ་དང་བདེ་བ་ཐོབ་པར་བྱ་
བའི་དོན་དུ་ཤེས་རབ་གང་བསྐྱེད་པར་བྱ་སྙམ་པ་ལ། དོན་དམ་པ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་ཡུལ་བདེན་པ་གཉིས་ལ་དམིགས་པའི་ཤེས་རབ་དེ་བསྐྱེད་པར་བྱའོ་ཞེས་བསྟན་ཏེ། བཤད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པས་སོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །
དེ་དག་གི་སོ་སོའི་མཚན་ཉིད་ཇི་ལྟ་བུ་ཡིན་སྙམ་པ་ལ་དོན་དམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་བློའི་སྤྱོད་ཡུལ་མིན། །ཞེས་བྱ་བ་ལ། བློ་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་ཀྱི། སྒྲའི་ཡུལ་མ་ཡིན་པ་ཡང་ཤེས་པར་བྱ་སྟེ། ཇི་སྐད་དུ་མདོ་ལས་དོན་དམ་པའི་བདེན་པ་ནི་གང་ལ་སེམས་
རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་འབྱུང་བ་དང་། ཡང་ལྷའི་བུ་དོན་དམ་པར་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་ཡང་དག་པར་འདས་ཏེ། མ་སྐྱེས་པ་མ་འགགས་པ་བརྗོད་པ་དང་བྲལ་བ་ཤེས་པ་དང་། ཤེས་པར་བྱ་བ་དང་བྲལ་བའི་ཕྱིར་རོ་
ཞེས་གསུངས་པའི་ཕྱིར་རོ། །འོན་ཏེ་དོན་དམ་པ་ཇི་ལྟར་བློའི་སྤྱོད་ཡུལ་མ་ཡིན་སྙམ་པ་ལ། དོན་དམ་པར་ནི་རིག་པ་ཇི་ལྟ་བ་བཞིན་དུ་ཡིན་ལ། རིག་པས་དཔྱད་ན་དངོས་པོ་གང་ཡང་མ་གྲུབ་སྟེ། ཇི་སྐད་དུ་མདོ་ལས། བློ་ཡིས་རྣམ་པར་གཞིགས་ན་ནི། །གཞན་དབང་མེད་
เล่ม ๑๐๕ · หน้า 339a
ཅིང་བརྟག་པའང་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། གང་ཅི་བརྗོད་པ་ཐམས་ཅད་ནི། །ངོ་བོ་ཉིད་ཀྱིས་སྟོང་རིག་བྱ། །སྟོང་པ་ཞེས་བྱ་དེ་ཡང་སྟོང་། །འདི་ལྟར་མི་སྟོང་ཡོད་མ་ཡིན། །ཞེས་གསུངས་པ་
དང་། བདེན་པ་གཉིས་ལས། དེ་ཉིད་ཕྱིར་ན་དེ་སྟོང་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་པས་གང་ལྟར་ཡང་མ་གྲུབ་པའི་ཕྱིར། རིག་པས་དཔྱད་ན་བློ་དང་སྒྲས་ཇི་ལྟར་ཡུལ་དུ་བྱར་མེད་དོ། །ཡང་ན་དོན་དམ་པ་ཞེས་བྱ་བ་ནི། གཞན་གྱི་དབང་གི་མཚན་ཉིད་ལ། སྒྲོ་བཏགས་
པའི་སྤྲོས་པ་རྣམ་པར་ཆད་པ་ཙམ་དུ་ཟད་པས། དེ་ལ་ནི་བློ་དང་སྒྲས་ཇི་ལྟར་ཡང་ཡུལ་དུ་བྱར་མེད་ན། དགག་པ་ཙམ་ནི་ཅི་ཡང་མ་ཡིན་པའི་ཕྱིར་རོ། དེ་ལས་བཟློག་པ། བློ་དང་སྒྲ་ནི་ཀུན་རྫོབ་ཡིན། །ཞེས་བྱ་བ་ནི་འཕགས་པའི་བདེན་པ་གཉིས་བསྟན་པ་ལས། ཇི་སྐད་དུ་ལྷའི་བུ་
གལ་ཏེ། དོན་དམ་པར་ནི་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་ངོ་བོར་གྱུར་ན་ནི། དེ་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོའོ། །དེ་ཀུན་རྫོབ་ཀྱི་བདེན་པ་ཉིད་ཁོ་ནར་འགྱུར་རོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་
ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡུལ་ལས་ཀྱང་ཡང་དག་པར་འདས་པ་ཡིན་ནོ་ཞེས་གསུངས་པ་དང་། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་ཀྱང་། དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཇི་སྙེད་འཇིག་རྟེན་གྱི་ཐ་སྙད་གདགས་པ་དང་། ཡི་གེ་དང་
སྐད་དང་བརྡས་བསྟན་པ་དག་གོ་ཞེས་བྱ་བ་ཇི་སྐད་གསུངས་པ་ལྟ་བུ་སྟེ། ཀུན་རྫོབ་ནི་ཇི་ལྟར་སྣང་བཞིན་ཡིན་པའི་ཕྱིར་རོ་སྙམ་དུ་བསམ་པའོ། །ཞིབ་ཏུ་ནི་དབུ་མའི་བསྟན་བཅོས་གཞན་དག་ལས་ཀྱང་ཤེས་པར་བྱ་བ་ཡིན་པའི་ཕྱིར། འདིར་རྒྱ་མ་བསྐྱེད་དོ། །ད་ནི་དངོས་པོ་བདག་
ཉིད་ལ་ལོག་པར་རྟོག་པ་བསལ་བའི་སྒོ་ནས་དངོས་པོའི་བདག་ཉིད་དཔྱད་པར་བྱ་བར་མདོར་བསྟན་པའི་ཕྱིར་དེ་ལ་ཞེས་བྱ་བ་སྨོས་ཏེ། དངོས་པོའི་བདག་ཉིད་བསྟན་མ་ཐག་པ་དེ་ལ་རྣལ་འབྱོར་པ་དང་། ཕལ་པ་དང་མཐུན་པས་ཕལ་པ་སྟེ། མདོ་སྡེ་པ་ལ་སོགས་པ་འཇིག་རྟེན་པ་
เล่ม ๑๐๕ · หน้า 339b
རྣམ་པ་གཉིས་ཀྱི་གོ་རིམས་བཞིན་དུ། གཉིས་མེད་པའི་ཚུལ་དང་། གཉིས་ཀྱི་ཚུལ་དུ་མཐོང་སྟེ། དེ་ལ་རྣལ་འབྱོར་སྤྱོད་པས་འཇིག་རྟེན་ཕལ་པའི་འདོད་པ་སུན་འབྱིན་པར་བྱེད་ཅིང་འཇིག་རྟེན་ཕལ་པ་ལས་གོང་མར་གྱུར་པ་འབྱོར་པའི་འདོད་པ་དེ་ནི། དེ་ལས་གོང་མར་གྱུར་པ་དབུ་མ་པའི་
ལྟ་བའི་ཁྱད་པར་གྱིས་སུན་འབྱིན་པར་བྱེད་པས་དེའི་ཕྱིར་མཚན་ཉིད་ལ་དཔྱད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་རེ་ཞིག་དེ་ཉིད་རྒྱས་པར་བཤད་པའི་དབང་དུ་བྱས་ནས་འོན་ཏེ་འཇིག་རྟེན་ཕལ་པའི་འདོད་པ་ནི། གང་དེ་ལྟར་རྣལ་འབྱོར་སྤྱོད་པ་པས་ནི་ཇི་ལྟར་སུན་འབྱིན་པར་བྱེད་ཅེ་ན།
འཇིག་རྟེན་ཕལ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་ཕལ་པ་མདོ་སྡེ་པ་ལ་སོགས་སོ། །དངོས་མཐོང་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ། །ཡང་དག་ཉིད་དུའང་ཞེས་བྱ་བ་ནི་ཇི་ལྟར་སྣང་བ་བཞིན་དུ་ཕྱི་རོལ་གྱི་དོན་ཉིད་དུ་ཡང་དག་པར་རོ། །སྒྱུ་མ་བཞིན་དུ་ཞེས་བྱ་བ་
ནི་དེ་ལྟར་སྣང་བར་རོ། །ཇི་ལྟར་རྩོད་ཅེ་ན། གཟུགས་ལ་སོགས་ཞེས་བྱ་བ་སྨོས་ཏེ། འདི་སྐད་བསྟན་ཏེ། གཟུགས་ལ་སོགས་པ་ནི་སྤྲོས་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་མངོན་སུམ་ཉིད་དུ་འཁྲུལ་ནས་དེ་སྣང་བའི་ཚད་མས་འགྲུབ་པ་མ་ཡིན་ཏེ། དེ་གྲུབ་པར་བྱེད་པའི་
རིགས་པ་མེད་པའི་ཕྱིར་དང་། གཅིག་དང་དུ་མ་ལ་སོགས་པའི་ཚད་མས་གནོད་པའི་ཕྱིར། དཔེར་ན་མི་གཙང་བ་ལ་གཙང་བར་འཛིན་པ་བཞིན་ནོ་ཞེས་བསྟན་པ་ཡིན་ནོ། །འོན་ཏེ་དེ་ལྟར་ན་འཕགས་པ་དོན་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་ལས། གཟུགས་གང་ཞེ་ན། གཟུགས་
གང་ཡིན་པ་ཅིའང་རུང་སྟེ། དེ་དག་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་གསུངས་པའི་ལུང་དང་འགལ་ལོ་ཞེ་ན། འཇིག་རྟེན་གཟུད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་འདུལ་བར་འགྱུར་བའི་སྐྱེ་བོ་དག་གཟུད་པར་བྱ་བའི་ཆེད་དུ་བསྟན་པ་ཡིན་གྱི་
དངོས་སུ་ཡོད་པའི་ཕྱིར་བསྟན་པ་ནི་མ་ཡིན་ཏེ། དེས་ན་འགལ་བ་མེད་དོ་ཞེས་བསྟན་ཏོ། །ཅི་དེ་ལྟ་བུའི་དཔེ་མཐོང་ངམ་ཞེ་ན། སྒྱུ་མ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། རབ་འབྱོར་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་
เล่ม ๑๐๕ · หน้า 340a
པ་ཤིན་ཏུ་ཞི་བ་ཞེས་བྱ་བས་ལུང་བསྟན་པར་བྱ་བའི་སེམས་ཅན་འགའ་ཡང་མ་གཟིགས་ནས་སྤྲུལ་པ་ཞིག་སྤྲུལ་ཏེ། མྱ་ངན་ལས་འདས་སོ། །དེ་ནས་སྤྲུལ་པ་དེས་སངས་རྒྱས་ཀྱི་བྱ་བ་བྱས་ཏེ། བྱང་ཆུབ་སེམས་དཔའ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། ཡོངས་
སུ་མྱ་ངན་ལས་འདས་པར་གྱུར་ཏོ་ཞེས་གསུངས་པའི་ཚུལ་གྱིས། གདུལ་བྱའི་རྒྱུད་ལ་བསོད་ནམས་བསྐྱེད་པའི་ཕྱིར་རོ། །སྤྲུལ་པ་སྒྱུ་མ་ལྟ་བུ་བསྟན་པ་བཞིན་ནོ། །དེ་ལྟར་འཇིག་རྟེན་ཕལ་པའི་འདོད་པ་རྣལ་འབྱོར་སྤྱོད་པས་ཇི་ལྟར་སུན་འབྱིན་པའི་ཚུལ་བསྟན་ནས། ད་ནི་རྣལ་འབྱོར་སྤྱོད་
པའི་འདོད་པ་དབུ་མ་པས་ཇི་ལྟར་སུན་འབྱིན་པ་བསྟན་པའི་ཕྱིར། གལ་ཏེ་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། གལ་ཏེ་སེམས་ཅན་འདི་དག་ཀྱང་དོན་དམ་པར་རང་བཞིན་མེད་པ་ཡིན་ན། སྒྱུ་མ་བཞིན་དུ་ཤི་བའི་རྗེས་ལ་ཡང་། མི་སྐྱེ་བར་ཐལ་བར་འགྱུར་བ་ཞིག་ན་དེ་ལྟ་མ་
ཡིན་ཏེ། སྐྱེ་བའི་ཕྱིར་དོན་དམ་པར་ཡོད་དོ་ཞེ་ན། ཐམས་ཅད་ཀུན་རྫོབ་ཡིན་པས་ཀུན་རྫོབ་ཐམས་ཅད་འཁོར་བ་ཡིན་པའི་ངེས་པ་མེད་པའི་ཕྱིར་རྐྱེན་རྣམས་རྒྱུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་གཉེན་པོ་ཡེ་ཤེས་མ་སྐྱེས་པས་རྒྱུ་ལས་དང་ཉོན་མོངས་པ་མ་ལོག་པའི་ཚེ་ནི་འབྲས་བུ་སྡུག་བསྔལ་གྱི་ཕུང་
པོ་མི་ལྡོག་སྟེ། འཁོར་བར་འགྱུར་བ་དེའི་ཀུན་རྫོབ་དེ་ནི་འཁོར་བ་ཡང་ཡིན་ལ་གང་གི་ཚེ་གཉེན་པོ་སྐྱེས་པར་མི་མཐུན་པའི་ཕྱོགས་ལས་དང་ཉོན་མོངས་པ་འགགས་ཏེ་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་མི་འབྱུང་སྟེ། མི་འཁོར་བར་འགྱུར་བ་དེའི་ཚེ་ནི། སྐྱེ་འགག་གི་མཚན་ཉིད་ཀུན་རྫོབ་ཡིན་
ཡང་འཁོར་བ་མ་ཡིན་པས་ངེས་པ་མེད་པའི་ཞེས་བྱ་བའི་དོན་ཏོ། །ཡང་རྣལ་འབྱོར་པ་དག་ན་རེ། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་ཁྱོད་ཀྱིས་གོང་དུ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་དང་སྒྲ་ནི་ཀུན་རྫོབ་ཡིན། །ཞེས་སྨྲས་པས་དོན་དམ་པ་སེམས་ཉིད་ཀྱང་ངོ་བོ་
མེད་པ་ཉིད་ཡིན་ལ། ཡུལ་ནི་ཇི་ལྟར་སྣང་བ་བཞིན་དུ་ཡོད་དོ་ཞེས་ཁས་བླངས་པ་ཡིན་ནོ། །དེ་ནི་དམ་བཅས་པ་ལ་ཕན་ཚུན་འགལ་བའི་སྐྱོན་ཆགས་ཏེ། ཇི་ལྟར་ཞེ་ན། གང་གི་ཚེ་ཤེས་པ་ཉིད་ཀྱང་དོན་དམ་པར་མེད་པ་ཡིན་ན་ནི། ཡུལ་སྒྱུ་མ་ལྟ་བུ་དེ་ཤེས་པ་གང་ལ་སྣང་ནས་ཇི་ལྟར་
เล่ม ๑๐๕ · หน้า 340b
སྣང་བ་ཉིད་དུ་ཡོད། འོན་ཏེ་ཡུལ་ཇི་ལྟར་སྣང་བ་བཞིན་དུ་ཡོད་ན་ནི་དེའི་ཚེ་དེ་གང་ལ་སྣང་བའི་ཤེས་པ་ཉིད་ཀྱང་ཡོད་པས་ཤེས་པ་དོན་དམ་པ་ཉིད་དུ་མི་འཐད་དོ་ཞེ་ན་ཉེས་པ་འདི་ནི་ཁྱོད་ལ་ཡང་མཚུངས་སོ་སྙམ་ནས། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་རྣལ་འབྱོར་སྤྱོད་པ་དག་ཆོས་ཐམས་
ཅད་སེམས་ཙམ་ཉིད་དུ་ཁས་ལེན་པ་དེའི་ཚེ། ཡུལ་སྒྱུ་མ་ཙམ་ཡང་མེད་པའི་ཕྱིར། ཤེས་པ་དོན་དམ་པར་ཡོད་པར་ཡང་མི་འཐད་པ་ལ་ཡང་གང་གི་ཚེ་ཤེས་པ་དོན་དམ་པར་ཡོད་པ་ཡིན་ན་ནི། དེའི་ཚེ་ཡུལ་སྒྱུ་མ་ཙམ་ཡང་མེད་པ་མི་འཐད་དེ། ཤེས་པ་ནི་ཤེས་བྱ་ལ་ལྟོས་པ་ཡིན་པའི་ཕྱིར་
ཁྱེད་ལ་དེ་ཡང་ངེས་པ་ཉིད་དུ་བསྟན་པའི་ཕྱིར། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་སྒྱུ་མའི་སྐྱེས་བུ་ཡང་། རྐྱེན་ཚོགས་པའི་དབང་གིས་དོན་དམ་པར་མེད་ཀྱང་སྔ་མ་འགགས་པའི་རྗེས་ལ་ཡང་སྐྱེ་བ་དེ་བཞིན་དུ་འདིར་ཡང་དེ་དང་འདྲ་བས་སྐྱེ་བའི་ཕྱིར་ཡང་དག་པར་ཡོད་ཅེས་བྱ་བ་
དེ་ནི་མ་ངེས་པའི་དོན་ཏོ་སྙམ་དུ་བསམ་པ་ཉིད་དོ། །འོ་ན་དེ་ལྟར་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་ན། དེའི་ཚེ་ལོ་བརྒྱའམ་སྟོང་ལ་སོགས་པར་ཡུན་རིང་དུ་གནས་པར་མི་རུང་བ་ཞིག་ན། ད་ལྟར་ནི་སེམས་ཅན་ཞེས་བྱ་བའི་དངོས་པོ་ནི་ཡུན་རིང་དུ་གནས་པ་ཉིད་ཀྱི་ཕྱིར་དོན་དམ་པར་ཡོད་དོ་ཞེ་ན། དེ་ཡང་
མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར་རྒྱུན་རིང་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེས་འགའ་སྒྱུ་མའི་སྐྱེས་བུ་ལ་ཡང་སྨན་དང་སྔགས་ལ་སོགས་པའི་སྟོབས་ཀྱིས་ཡུན་རིང་དུ་གནས་པ་སྲིད་པའི་ཕྱིར་དེས་ན་ཡུན་རིང་དུ་གནས་པ་ཉིད་ཀྱི་ཕྱིར་དོན་དམ་པར་ཡོད་ཅེས་བྱ་བ་དེ་ཡང་མ་
ཉེས་པའི་སྐྱོན་ཆགས་པ་ཉིད་དོ་སྙམ་དུ་བསམས་པའོ། །འོན་ཏེ་དེ་ལྟར་རང་བཞིན་མེད་པ་ཉིད་ཡིན་ན་སྒྱུ་མའི་སྐྱེས་བུ་བཞིན་དུ་སྲོག་བཅད་པས་སྡིག་མི་འབྱུང་བ་ལ་ཐལ་བར་འགྱུར་བ་ཞིག་ན། སེམས་ཅན་ཞེས་བྱ་བའི་དངོས་པོ་འདི་ནི་སྲོག་བཅད་པ་ལས་སྡིག་འབྱུང་བའི་ཕྱིར་དོན་དམ་པར་
ཡོད་དོ་ཞེ་ན། དེ་ཡང་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར། སྒྱུ་མའི་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་སྡིག་པ་འབྱུང་བའི་ཕྱིར། དོན་དམ་པར་ཡོད་པ་ནི་མ་ངེས་ཀྱི། འོ་ན་ཅི་ཞེ་ན་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་སྲོག་ཡོད་པའི་ཕྱིར་དེ་བསད་པ་དང་མ་
เล่ม ๑๐๕ · หน้า 341a
བསད་པའི་རྒྱུས་ཅི་རིགས་པར་ཕན་གནོད་འབྱུང་བ་ཡིན་པས། དེ་བས་ན་དེ་བསད་པའི་རྒྱུས་སྡིག་པ་འབྱུང་བ་ཡིན་ཞེས་བསམས་པའོ། །འོ་ན་དེ་ལྟར་སེམས་ཅན་རྣམས་སེམས་ཡོད་པའི་ཕྱིར་དོན་དམ་པར་ཡོད་པ་ཡིན་གྱི། གལ་ཏེ་དོན་དམ་པར་མེད་པ་ཉིད་ཡིན་ན་ནི།
སེམས་ཉིད་ཀྱང་འབྱུང་དུ་མི་རུང་སྟེ། དཔེར་ན་སྒྱུ་མའི་སྐྱེས་བུ་བཞིན་ནོ་ཞེ་ན། དོན་དམ་པར་མེད་ཀྱང་རྐྱེན་ཚོགས་པའི་དབང་གིས་ཀུན་རྫོབ་ཏུ་སེམས་འབྱུང་བར་མི་འགལ་ཏེ། དཔེར་ན་སྒྱུ་མ་དེ་ཉིད་དོན་དམ་པར་མེད་ཀྱང་རྐྱེན་ཚོགས་པའི་དབང་གིས་རྟ་དང་གླང་པོ་ལ་སོགས་པ་འབྲས་
བུ་མི་འདྲ་བ་སྣ་ཚོགས་པ་འབྱུང་བ་ལྟ་བུ་ཡིན་པས། དེ་བས་ན་ཁྱོད་ཀྱི་སེམས་ཅན་དང་ལྡན་པར་འབྱུང་བའི་ཕྱིར། དོན་དམ་པར་ཡོད་ཅེས་བྱ་བ་དེ་ཡང་མ་ངེས་པ་ཉིད་དོ་སྙམ་དུ་བསམས་ནས། སྔགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་བསྟན་ཏེ། སྒྱུ་མའི་རྒྱུ་
རྐྱེན་སྔགས་ལ་སོགས་པ་ལ་ནུས་པ་མེད་པའི་ཕྱིར་སེམས་དང་མི་ལྡན་པ་འབྱུང་བ་ཡིན་གྱི། དོན་དམ་པར་མེད་པའི་ཕྱིར་ནི་མ་ཡིན་ལ། སེམས་ཅན་རྣམས་ལ་ནི་རྒྱུ་རྐྱེན་ལ་ནུས་པ་ཡོད་པས། སེམས་དང་ལྡན་པར་འབྱུང་བ་ཡིན་གྱི། དོན་དམ་པར་ཡོད་པའི་ཕྱིར་ནི་འབྱུང་བ་མ་ཡིན་ཏེ། དེ་བས་ན་
མ་ངེས་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་སེམས་ཅན་རྣམས་ལ་དོན་དམ་པར་མེད་ཀྱང་སེམས་འབྱུང་ན་ནི། དེའི་ཚེ་ཁྱད་པར་མེད་པ་དེ་བཞིན་དུ་སྒྱུ་མ་ལ་ཡང་ཅིའི་ཕྱིར་མི་འབྱུང་ཞེ་ན། རྒྱུ་རྐྱེན་གྱི་ནུས་པ་མི་འདྲ་བའི་ཕྱིར་ཏེ། དེ་བས་ན་སྣ་ཚོགས་རྐྱེན་ལས་ཞེས་བྱ་བ་ལ་སྨོས་ཏེ། གལ་ཏེ་
རྒྱུ་རྐྱེན་གཅིག་གིས་འབྲས་བུ་མཐའ་དག་སྐྱེད་ནུས་པ་ཡིན་ན་ནི། དེའི་ཚེ་སྒྱུ་མ་ལ་ཡང་སེམས་འབྱུང་བར་འགྱུར་བ་ཞིག་ན། དེ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོང་ལུགས་ཀྱི་དོན་དམ་པ་ནི་མྱ་ངན་ལས་འདས་པ་ཡིན་
ཞིང་བཟློག་ནས་ཀུན་རྫོབ་ནི་འཁོར་བ་ཉིད་མ་ཡིན་ནམ། གང་གི་ཚེ་ཁྱེད་དབུ་མ་པས་ཇི་སྐད་བཤད་པ་ལྟར་དོན་དམ་པར་ནི་སྐྱེ་འགག་ཐམས་ཅད་དང་བྲལ་བ་ཡིན་ཞིང་བཟློག་ནས། སྐྱེ་འགག་གི་མཚན་ཉིད་ཐམས་ཅད་ནི་ཀུན་རྫོབ་ཡིན་པར་གྲུབ་པ་དེ་ལྟ་ན་ནི། དེའི་ཚེ་སངས་རྒྱས་ཀྱང་གཉེན་པོ་སྐྱེ་བ་
เล่ม ๑๐๕ · หน้า 341b
དང་མི་མཐུན་པའི་ཕྱོགས་འགགས་པའི་མཚན་ཉིད་ཀྱི་ཀུན་རྫོབ་ཡིན་པས་འཁོར་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར། བྱང་ཆུབ་ཀྱི་སྤྱོད་པ་དོན་མེད་པར་འགྱུར་རོ་ཞེས་པ། ངེས་པ་མེད་དེ་སྐྱེ་འགག་ཕན་ཚུན་འགལ་ཞིང་སྐྱོན་འདི་འབྱུང་བ་ཡིན་གྱི། གང་གི་ཚེ་ཁོ་བོ་ལ་ནི་ཤེས་པ་དོན་དམ་
པར་མེད་ཀྱང་སྒྱུ་མ་ཙམ་དུ་གནས་པ་དེ་ལ། ཡུལ་སྒྱུ་མ་དེ་ལྟ་བུ་སྣང་བའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱི་ཕན་ཚུན་འགལ་བའི་ཉེས་པ་དེ་ཉིད་ལས་མ་གྲོལ་བ་ཉིད་དུ་བསྒྲུབ་པའི་ཕྱིར། གང་ཚེ་སེམས་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཡུལ་དང་
སེམས་གཉི་ག་སྒྱུ་མ་ཉིད་དུ་ཁས་ལེན་ན་ནི། གཉི་ག་ཡང་དོན་དམ་པར་རང་བཞིན་མེད་པའི་ཕྱིར། གང་ཞིག་གང་ལ་སྣང་སྟེ། དེ་ལྟ་བས་ན་ཡུལ་ཇི་ལྟར་སྣང་བ་བཞིན་དུ་ཡོད་པ་ཤིན་ཏུ་ཡང་མི་འཐད་པས། ཕན་ཚུན་འགལ་བའི་ཉེས་པ་སོ་ན་གནས་ལ། ཁོ་བོ་ཅག་ནི་ཡུལ་སྒྱུ་མ་
ཙམ་འདི་མེད་ཀྱང་རང་རིག་པའི་སྒོ་ནས་ཤེས་པ་ཉིད་དུ་ཁས་ལེན་པས་དམ་བཅས་པ་ཕན་ཚུན་འགལ་བའི་ཉེས་པ་མི་མཚུངས་སོ་ཞེ་ན། སློབ་དཔོན་གྱིས་ཉེས་པ་དེ་ཉིད་སོ་ན་གནས་པར་སྒྲུབ་པའི་ཕྱིར། རལ་གྲི་སོ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རལ་གྲིའི་སོ་དེ་ཉིད་ལ་
གཅད་པར་བྱ་བ་དང་གཅོད་པར་བྱེད་པ་གཉིས་མེད་པའི་ཕྱིར། རང་གིས་རང་མི་གཅོད་པ་བཞིན་དུ་ཤེས་པའི་ངོ་བོ་ཉིད་དེ་ཡང་རིག་བྱ་དང་རིག་བྱེད་གཉིས་མེད་པའི་ཕྱིར། རང་གིས་རང་རིག་པ་མི་འཐད་དེ། དེ་བས་ན་ཡུལ་ཁས་མི་ལེན་པའི་ཕྱིར། ཤེས་པ་དོན་དམ་པར་ཡོད་པ་ཉིད་དུ་མི་འཐད་པའི་
ཉེས་པ་སོ་ན་གནས་ལ། གང་གི་ཚེ་སྒྱུ་མ་ལྟ་བུ་ཞེས་བྱ་བ་འདིས་ནི་རི་བོང་གི་རྭ་བཞིན་དུ་ཐམས་ཅད་དུ་མེད་པའི་དོན་ནི་མ་ཡིན་གྱི། སྣང་དུ་ཟིན་ཀྱང་དོན་དམ་པར་མེད་པའི་དོན་ཡིན་པས། དེ་བས་ན་ཡུལ་དང་ཤེས་པར་གཉི་ག་དོན་དམ་པར་མེད་ཀྱང་སྣང་ཚོད་ཙམ་དུ་ཡོད་པ་ཡིན་པའི་ཕྱིར་
ཡུལ་སྒྱུ་མ་ལྟ་བུ་དེ་ལ་ཇི་ལྟ་བ་བཞིན་དུ་ཡོད་པས། ཉེས་པ་སོ་ན་གནས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་གཞན་གྱིས་ཞེས་པ་གཅིག་པོ་དེ་ལ་རིག་བྱ་དང་རིག་བྱེད་གཉིས་ཀྱི་བདག་ཉིད་མ་གྲུབ་ཀྱང་། རང་རིག་པ་ཉིད་དུ་གཞུང་གཟུགས་པའི་ཕྱིར། གལ་ཏེ་མར་མེ་ཞེས་
เล่ม ๑๐๕ · หน้า 342a
བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མར་མེ་རང་གི་ངོ་བོ་ལ་རང་གསལ་བར་བྱ་བ་དང་། གསལ་བར་བྱེད་པ་གཉིས་མ་གྲུབ་ཀྱང་། གསལ་བར་བྱེད་པའི་རྐྱེན་ཉི་མ་ལ་སོགས་པ་གཞན་ལ་མི་ལྟོས་པར་གསལ་བའི་རང་བཞིན་ཡིན་པའི་ཕྱིར་རང་གིས་རང་གསལ་བར་བྱེད་པ་དེ་
བཞིན་དུ། ཤེས་པ་གསལ་བར་ཡང་རིག་པར་བྱ་བ་དང་། རིག་པར་བྱེད་པ་གཉིས་མེད་ཀྱང་། རིག་བྱེད་གཞན་ལ་མི་ལྟོས་པར་རིག་པའི་རང་བཞིན་ཡིན་པའི་ཚུལ་གྱིས་རང་རིག་པ་ཡིན་པའི་ཕྱིར། ཡུལ་སྒྱུ་མ་ཙམ་མེད་དུ་ཟིན་ཀྱང་ཤེས་པ་དོན་དམ་པར་ཡོད་པ་འགལ་བ་མེད་དོ་ཞེ་ན།
སློབ་དཔོན་གྱིས་དཔེ་ཉིད་མ་གྲུབ་པའི་སྒོ་ནས། དེ་མི་འཐད་པར་སྒྲུབ་པའི་ཕྱིར། མར་མེ་གསལ་བར་བྱེད་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མར་མེ་དེ་གསལ་བའི་རང་བཞིན་དུ་ཁས་ལེན་ན་ནི། དེའི་ཚེ་རང་གིས་གསལ་བར་བྱེད་པ་ཤིན་ཏུ་ཡང་མི་འཐད་དེ། ཅིའི་ཕྱིར་
ཞེ་ན། རང་གིས་རང་གསལ་བར་བྱ་མི་དགོས་པའི་ཕྱིར་ཏེ། ཇི་ལྟར་ཞེ་ན། གསལ་བའི་རང་བཞིན་ཡིན་པའི་ཕྱིར་མུན་པས་བསྒྲིབས་པའི་མཚན་ཉིད་ཀྱི་མི་གསལ་བ་མེད་པ་ལ། དེ་ཉིད་ཀྱི་ཕྱིར་རང་གིས་རང་གསལ་བར་བྱ་མི་དགོས་པས། རང་གིས་རང་གསལ་བར་བྱེད་པ་མ་ཡིན་པ་
བཞིན་དུ། འདིར་ཤེས་པ་ཡང་རིག་པའི་རང་བཞིན་ཡིན་པའི་ཕྱིར། མ་རིག་པའི་ཆ་ཤས་མེད་ལ། དེ་ཉིད་ཀྱི་ཕྱིར་རང་གིས་རང་རིག་པར་བྱ་མི་དགོས་པས་རང་གིས་རང་རིག་པར་བྱེད་པ་མ་ཡིན་ཏེ། དེ་བས་ན་རིག་པའི་རང་བཞིན་ཡིན་པའི་ཕྱིར་ཤེས་པ་རང་གིས་རང་རིག་པར་བྱེད་དོ་ཞེས་
བྱ་བ་ནི་ཁྱོད་ཀྱི་གཏན་ཚིགས་འདི་ལ་འགལ་བའི་སྐྱོན་ཆགས་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། གསལ་བར་བྱེད་པ་མ་ཡིན་ཞེས་བྱ་བ་ནི། རང་གིས་རང་གསལ་བར་བྱེད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གསལ་བར་བྱ་མི་དགོས་པའི་ཕྱིར་རོ། །དེ་
ཉིད་ཅིའི་ཕྱིར་ཞེ་ན། འདི་ལྟར་མུན་གྱིས་བསྒྲིབས་པའི་མཚན་ཉིད་ཀྱིས་མི་གསལ་བ་མེད་པའི་ཕྱིར་ཏེ། དེ་གསལ་བའི་རང་བཞིན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྔོན་པོ་དག་ནི་མཐུན་པའི་དཔེ་སྟེ། དེ་བཞིན་དུ་བཻ་ཌཱུརྱ་བཞིན་ནོ། །ཤེལ་ལྟ་བུ་ཞེས་བྱ་བ་ནི་སྔོན་པོ་དེ་ཉིད་ཀྱི་མི་མཐུན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด